གདམས་ངག་མཛོད་པོད་བཅོ་བརྒྱད་པ།
ཁྲིད་བརྒྱའི་བརྒྱུད་འདེབས་བརྩོན་བདེ་བརྒྱུད་པའི་མཚན་སྡོམ་ཅུང་ཟད་གསལ་བར་བཀོད་པ།
ཁྲིད་བརྒྱའི་བརྒྱུད་འདེབས་བརྩོན་བདེ་བརྒྱུད་པའི་མཚན་སྡོམ་ཅུང་ཟད་གསལ་བར་བཀོད་པ་ཞེས་བྱ་བ་བཞུགས་སོ། །
ཨོཾ་སྭ་སྟི་སིདྡྷཾ། །ཁྲིད་བརྒྱའི་བརྒྱུད་པའི་གསོལ་འདེབས། །བརྗོད་བདེ་བརྒྱུད་པའི་མཚན་སྡོམ། །ཅུང་ཟད་གསལ་བར་བཀོད་པ་ཞེས་བྱ་བ། །བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེན་པ་བཞི་བྲལ་གྱི། ཤཱཀ་ཐུབ་འཇམ་དབྱངས་ས་ཆེན་ཀུན་དགའ་སྙིང༌། །བསོད་རྩེ་གྲགས་རྒྱལ་ས་སྐྱ་པཎྜིཏ། །ཆོས་འཕགས་དཀོན་མཆོག་དཔལ་དང་བྲག་ཕུག་པ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་ཞབས། །ཤར་ཆེན་ཡེ་རྒྱལ་ངོར་ཆེན་ཀུན་དགའ་བཟང༌། །རྒྱལ་ཚབ་ཀུན་དབང་ཀུན་དགའ་མཆོག་གྲུབ་རྗེ། །འདི་མན་ཁྲིད་བརྒྱ་ཐམས་ཅད་ཀྱི་བརྒྱུད་པའི་མཇུག་མཐུད་ལགས། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །སྒྲོལ་བའི་མགོན་པོ་རཏྣ་བཛྲི་ཎཱི། །རིན་ཆེན་རྒྱ་མཚོ་སྙིང་པོ་མཐའ་ཡས་པ། །ཀུན་བཟང་དབང་པོ་ཚེ་དབང་ནོར་བའི་དཔལ། །ཆོས་དབྱིངས་རང་གྲོལ་ཀུན་བཟང་ཆོས་འབྱོར་དང༌། །བློ་བཟང་མཐུ་སྟོབས་ཉི་མ་ཆོས་འཕེལ་བ། །བློ་གསལ་བསྟན་སྐྱོང་མཁྱེན་བརྩེའི་དབང་པོ་སོགས། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཚེ་འདི་ལ་ཞེན་ཁམས་གསུམ་འཁོར་བར་ཞེན། །བདག་དོན་ལ་ཞེན་ཕྱོགས་འཛིན་ལྟར་ཞེན་པའི། །
འཛིན་པ་ཀུན་ཕྲལ་ཟུང་འཇུག་དབུ་མའི་ལམ། །ཡང་དག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། ཐེག་ཆེན་བློ་སྦྱོང་གི །ཐུབ་དབང་བྱམས་ཆེན་ཐོགས་མེད་དབྱིག་གི་གཉེན། །འཕགས་གྲོལ་བཙུན་གྲོལ་གུ་ཎ་མི་ཏྲ་དང༌། །སེང་བཟང་གང་སྤེལ་ཀུ་སུ་ལུ་ཆེ་ཆུང༌། །གསེར་གླིང་ཆོས་གྲགས་དཔལ་ལྡན་ཨ་ཏི་ཤ། །འབྲོམ་སྟོན་པོ་ཏོ་ཤ་ར་ཡོན་ཏན་གྲགས། །འཆད་ཀ་ཡེ་རྡོར་སེ་སྐྱིལ་ཆོས་རྒྱལ་མཚན། །འོད་ཟེར་བླ་མ་ལྷ་སྡིངས་བྱང་ཆུབ་འབུམ། །ཀུན་དགའ་རྒྱལ་མཚན་ཡོན་དཔལ་བདེ་བ་དཔལ། །གྲགས་གཞོན་བསོད་གྲགས་རྒྱལ་སྲས་ཐོགས་མེད་ཞབས། །དཔལ་ལྡན་ཡེ་ཤེས་བཀའ་བཞི་སེང་རྒྱལ་མཚན། །དཔལ་ལྡན་བཟང་པོ་གནས་བརྟན་བསམ་འཕེན་པ། །རྭ་སྟོན་ཡོན་དཔལ་ཀུན་དགའ་མཆོག་གྲུབ་མཚན། །རྗེ་བཙུན་གྲོལ་མཆོག་སོགས་སྔར་ལྟར་སྦྱར་བ་འདི་ཕྱིན་ལ་འགྲེ། སྔོན་འགྲོ་རྟེན་ཆོས་དངོས་གཞི་བྱང་སེམས་གཉིས། །རབ་འབྱོངས་ལམ་བསྒྱུར་ཉམས་ལེན་ཆིག་སྒྲིལ་གྱིས། །བློ་སྦྱོང་ཚད་ཕེབས་བསླབ་བྱ་དམ་ཚིག་རྣམས། །སྲོག་ལས་གཅེས་པར་འཛིན་པར་བྱིན་གྱིས་རློབས། །
༈ རྟེན་འབྲེལ་སྙིང་པོའི། ཐུབ་ཆེན་བྱམས་མགོན་གསེར་གླིང་ཇོ་བོ་རྗེ། །འབྲོམ་སྟོན་རིན་ཆེན་གསལ་དང་ལྕགས་རི་བ། །ཆོས་ཀྱི་གཡུང་དྲུང་སྙི་ཕུ་གྱེར་སྒོམ་པ། །རྒྱ་སྒོམ་རི་པ་བྲག་རོམ་ཉན་ཆེན་པ། ཤེས་རབ་འབུམ་པ་རྒྱལ་སྲས་ཐོགས་མེད་བཟང༌། །འགྲོ་མགོན་དཔལ་ཡེ་བཀའ་བཞི་དཔལ་ལྡན་བཟང༌། །བསམ་འཕེན་ཡོན་དཔལ་ཀུན་དགའ་མཆོག་གྲུབ་ཞབས། སོགས། བླ་མའི་རྣལ་འབྱོར་གསོལ་འདེབས་ཉམས་ལེན་གྱིས། དམིགས་ཡུལ་བདུན་ལ་བྱམས་དང་སྙིང་རྗེའི་བློ། །བཅོས་མིན་རྒྱུད་ལ་སྐྱེ་ཞིང་ཅིར་སྣང་ཀུན། །རྟེན་འབྲེལ་སྒྱུ་འདྲར་འཆར་བར་བྱིན་གྱིས་རློབས། ༈ །སྐྱིད་སྡུག་ལམ་ཁྱེར་གྱི། རྗེ་བཙུན་སྒྲོལ་མ་པཎ་ཆེན་ཤཱཀྱ་ཤྲཱི། །ཁྲོ་ལོ་བྱམས་དཔལ་ལྷོ་བྲག་བྱང་ཆུབ་དཔལ། །བདེ་དཔལ་གྲགས་གཞོན་བསོད་གྲགས་རྒྱལ་སྲས་པ། །གཞོན་ནུ་བློ་གྲོས་གྲགས་པ་རྒྱལ་མཚན་དང༌། །དཀོན་མཆོག་རྒྱལ་མཚན་ཀུན་དགའ་མཆོག་གྲུབ་པ། །སོགས། སྐྱིད་སྡུག་གང་ཤར་བཟོ་མེད་ཆོས་ཀྱི་སྐུ། །མཚན་དཔེ་ལོངས་སྤྱོད་རྫོགས་སྐུ་རང་གི་སེམས། །ཕན་བདེས་འགྲོ་ཀུན་སྐྱོང་བ་སྤྲུལ་པའི་སྐུ། །སྐུ་གསུམ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །སུམ་པ་ལོ་ཙཱ་བའི་སྙན་བརྒྱུད་ཀྱི། ཕག་མོ་སྒྲོལ་མ་སུམ་པ་ལོ་ཙཱ་བ། །ས་པཎ་འཕགས་པ་ཞང་སྟོན་བྲག་ཕུག་པ། །ཆོས་རྗེ་བླ་མ་ཐོགས་མེད་བྱང་ཆུབ་རྩེ། །བཀའ་བཞི་དཔལ་ལྡན་བཟང་པོ་བསམ་འཕེན་པ། །རྭ་སྟོན་ཡོན་དཔལ་ཀུན་དགའ་མཆོག་གྲུབ་པ། །སོགས། གང་བྱུང་ཅིས་ཀྱང་ཆོག་པའི་བློ་བདེ་ངང༌། །སེམས་ཉིད་བཞག་སྡོད་ཕྱིན་ཆོག་ཉམས་ལེན་གནད། །རང་བློ་ཆོས་སོང་གི་ཡང་ཉམས་ང་མེད། །འཆི་མེད་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། ༈ །གཅོད་ཡུལ་གྱི། ཡུམ་ཆེན་ཤེས་ཕྱིན་བསྟན་གཙོ་སྨྲ་བའི་སེང༌། །རྗེ་བཙུན་སྒྲོལ་མ་སུ་ཁ་སིདྡྷི་དང༌། །ཨཱརྻ་དེ་བ་དམ་པ་སངས་རྒྱས་ཞབས། །བསོད་ནམས་བླ་མ་མ་ཅིག་ལབ་ཀྱི་སྒྲོན། །ཁུ་སྒོམ་ཆོས་སེང་དོལ་པ་ཟང་ཐལ་བ། །རྒྱ་ནག་གཅེར་བུ་སངས་
རྒྱས་རབ་སྟོན་དང༌། །སངས་རྒྱས་དགེ་སློང་མཁས་པ་རིན་ཆེན་འོད། །རྩད་ཚ་རས་པ་སྐྱེ་མེད་ཇོ་གདན་པ། །ཆོས་རིན་གངས་པ་རིན་ཆེན་དཔལ་བཟང་པོ། །རིན་ཆེན་གཞོན་ནུ་བསམ་གཏན་འོད་ཟེར་མཆོག །ནམ་འོད་ཤཱཀ་འོད་བདེ་ལེགས་རྒྱལ་མཚན་པ། །དབོན་སྲས་ཆོས་ལེགས་ཡིག་དྲུག་ཤེས་རབ་དཔལ། །སོགས། སྔོན་འགྲོས་རྒྱུད་སྦྱངས་དངོས་གཞི་ཉམས་ལེན་སྐབས། །བདུད་བཞི་སྟོང་ཉིད་དབྱིངས་སུ་རབ་ཆོད་ནས། །སྙེམས་བྲལ་གཟུང་འཛིན་གཡའ་ཡིས་མ་གོས་པའི། །སྐྱེ་མེད་ཆིག་ཆོད་རྟོགས་པར་བྱིན་གྱིས་རློབས། ༈ །སྙིང་པོ་དོན་གསུམ་གྱི། སྤྱན་གཟིགས་བློ་གྲོས་རིན་ཆེན་ཏེ་ལོ་པ། །རྙོགས་མེད་དཔལ་བ་མི་ཏྲ་ཛོ་ཀིའི་ཞབས། །ཁྲོ་ཕུ་ལོ་ཙཱ་བསོད་དབང་སེམས་དཔའ་ཆེ། །རིན་ཆེན་སེང་གེ་བུ་སྟོན་ཐུགས་སྲས་པ། །འཇམ་དབྱངས་གྲགས་རྒྱལ་འཁྲུལ་ཞིག་ཚུལ་རྒྱལ་མཚན། །མཁྱེན་རབ་ཆོས་རྗེ་ཀུན་དགའ་མཆོག་གྲུབ་པ། སོགས། ཚེ་འདིར་སྒོམ་པ་རྒྱུན་གྱི་རྣལ་འབྱོར་དང༌། །འཆི་ཁར་སྒོམ་པ་འཕོ་བའི་རྣལ་འབྱོར་དང༌། །བར་དོར་སྒོམ་པ་བསྲེ་འཕོའི་རྣལ་འབྱོར་ཏེ། །སྙིང་པོ་དོན་གསུམ་འབྱུང་བར་བྱིན་གྱིས་རློབས། ༈ །སེམས་ཉིད་ངལ་གསོའི། ཁ་སརྤ་ཎི་བློ་གྲོས་རིན་ཆེན་དང༌། ཏཻ་ལོ་རོལ་རྡོར་མི་ཏྲ་བྱམས་པ་དཔལ། །བླ་ཆེན་བསོད་དབང་སེམས་དཔའ་ཡང་རྩེ་བ། །རིན་ཆེན་གྲུབ་དང་རིན་ཆེན་རྣམ་པར་རྒྱལ། །གྲགས་པ་རྒྱལ་མཚན་ཚུལ་ཁྲིམས་རྒྱལ་མཚན་དང༌། །མཁྱེན་རབ་ཆོས་རྗེ་ཀུན་སྤངས་ཆོས་ཀྱི་ཉི། །སོགས། ཐོགས་མེད་ནས་འོད་ཤུགས་དྲག་དུབ་པའི་སེམས། །སྐད་ཅིག་དལ་བའི་སྐབས་མེད་རིག་པའི་རྒྱུན། །ཆད་པ་ངལ་གསོའི་ཏིང་འཛིན་ཉམས་ལེན་གྱིས། །གཉུག་མའི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། ༈ །སྐྱེས་བུ་གསུམ་གྱི་ལམ་རིམ། ཐུབ་དབང་བྱམས་པ་ཐོགས་མེད་དབྱིག་གི་གཉེན། །གྲོལ་སྡེ་རྣམ་གཉིས་སྣང་མཛད་སེང་གེ་བཟང༌། །
ཀུ་སུ་ལུ་གཉིས་གསེར་གླིང་ཇོ་བོ་རྗེ། །ལེགས་པའི་ཤེས་རབ་གྲོ་ལུང་བློ་གྲོས་འབྱུང༌། །མཁས་པ་གཙང་ནག་གཏུམ་སྟོན་བློ་གྲོས་གྲགས། །བདུད་རྩི་གྲགས་དང་ཞང་སྟོན་ཆོས་བླ་མ། །སངས་རྒྱས་སྒོམ་པ་མཆིམས་ཆེན་ནམ་མཁའ་གྲགས། །སྨོན་ལམ་ཚུལ་ཁྲིམས་ཟེའུ་བརྩོན་འགྲུས་གྲགས། །གྲགས་པ་ཤེས་རབ་མཆིམས་སྟོན་བློ་བཟང་གྲགས། །བྱང་ཆུབ་རྩེ་མོ་སེང་གེ་རྒྱལ་མཚན་དང༌། །དཔལ་ལྡན་བཟང་པོ་གནས་བརྟན་བསམ་འཕེན་པ། །ཡོན་ཏན་དཔལ་བ་ཀུན་དགའ་མཆོག་གྲུབ་ཞབས། །སོགས། སྐྱེས་བུ་ཆུང་ངུ་སྡིག་སྤོང་དགེ་སྒྲུབ་ལམ། །སྐྱེས་འབྲིང་བྱམས་དང་སྙིང་རྗེ་ཟུང་འབྲེལ་ལམ། །སྐྱེས་ཆེན་བྱང་ཆུབ་སེམས་གཉིས་མངོན་གྱུར་ཏེ། །འགྲོ་ཀུན་བདེ་ལ་འགོད་པར་བྱིན་གྱིས་རློབས། །བསྟན་རིམ་གྱི། ཐུབ་ཆེན་བྱམས་མགོན་ཐོགས་མེད་སྐུ་མཆེད་གཉིས། །གྲོལ་སྡེ་རྣམ་གཉིས་སྣང་མཛད་སེང་གེ་བཟང༌། །ཀུ་སུ་ལུ་གཉིས་གསེར་གླིང་ཇོ་བོ་རྗེ། །འབྲོམ་སྟོན་པོ་ཏོ་བ་དང་ཤ་ར་བ། །གཏུམ་སྟོན་གྲོ་སྟོན་ཞང་སྟོན་སངས་རྒྱས་སྒོམ། །མཆིམས་ཆེན་སྐྱོ་སྟོན་ཟེའུ་མཆེད་གཉིས་དང༌། །མཆིམས་སྟོན་བློ་གྲགས་གྲོ་སྟོན་ཀུན་རྒྱལ་མཚན། །གྲུབ་པ་ཤེས་རབ་དཔལ་ལྡན་དོན་ཀུན་གྲུབ། །རྭ་སྟོན་ཡོན་དཔལ་ཀུན་དགའ་མཆོག་གྲུབ་ཞབས། །སོགས། བསྟན་པའི་རྩ་བ་སྤོང་བདུན་ལེགས་བསྲུང་ཞིང༌། །བསྟན་པའི་སྙིང་པོ་སྨོན་འཇུག་སེམས་གཉིས་ཀྱི། །བསྟན་པའི་མཐར་ཐུག་སྟོང་ཉིད་སྙིང་རྗེ་ཡིས། །བསྟན་པ་འཁྲུལ་མེད་འཛིན་པར་བྱིན་གྱིས་རློབས། ༈ །སྲིད་ཞིའི་མཉམ་ཉིད་ཀྱི། ཐུབ་དབང་བྱམས་པ་གསེར་གླིང་ཇོ་བོ་རྗེ། །འབྲོམ་སྟོན་ཚུལ་ཁྲིམས་འབར་དང་བྱ་ཡུལ་བ། །མུས་སྨན་པ་དང་གྲོ་སྟོན་ཞང་སྟོན་པ། །སངས་རྒྱས་སྒོམ་པ་མཆིམས་ཆེན་སྐྱོ་སྟོན་རྗེ། །བཅོམ་ལྡན་རིག་རལ་གྲོ་སྟོན་ཀུན་རྒྱལ་མཚན། །སྤང་སྟོན་གྲུབ་ཤེ་གྲགས་སྟོན་དཔལ་ལྡན་གྲུབ། །རྭ་སྟོན་ཡོན་ཏན་ཀུན་དགའ་མཆོག་གྲུབ་པ། །སོགས། སྲིད་
དང་ཞི་བའི་མཐའ་གཉིས་རབ་བཏང་ནས། །མཐའ་བྲལ་ཙམ་དུ་འཛིན་པའི་བློ་ཡི་ཆ། །རྟག་ཆད་གཡང་ས་སྤངས་པའི་ཆོས་ཀྱི་དབྱིངས། །ཇི་བཞིན་དོན་དུ་འབྱུང་བར་བྱིན་གྱིས་རློབས། ༈ །དབུ་མ་ཆེན་པོའི། ཐུབ་ཆེན་འཇམ་དབྱངས་ཀླུ་སྒྲུབ་ཡབ་སྲས་གཉིས། །ཟླ་གྲགས་རིག་པའི་ཁུ་བྱུག་སེ་ཉ་བ། །ཟླ་རྒྱལ་རྫི་ལུང་གྲོ་སྟོན་བདུད་རྩི་གྲགས། །ཞང་སྟོན་ཆོས་བླ་སྒོམ་པ་སེང་གེ་སྐྱབས། །མཆིམས་ཆེན་སྨོན་ལམ་ཚུལ་ཁྲིམས་ཟེའུ་མཆེད། །བློ་གྲགས་ཀུན་རྒྱལ་གྲུབ་ཤེ་གྲགས་སྟོན་པ། །རྭ་སྟོན་ཡོན་ཏན་ཀུན་དགའ་མཆོག་གྲུབ་ཞབས། །སོགས། ཡོད་མེད་རྟག་ཆད་ཕྱོགས་སུ་འཛིན་པའི་ཆ། །རྡུལ་ཙམ་མི་དམིགས་དབུས་ལའང་མི་གནས་པ། །འཛིན་པ་ཀུན་བཏགས་ཡང་དག་ལྟ་བའི་དབྱིངས། །དབུ་མ་ཆེན་པོ་རྟོགས་པར་བྱིན་གྱིས་རློབས། ༈ །བཀའ་གདམས་ལྐོག་ཁྲིད་ཀྱི། ཐུབ་དབང་བྱམས་པ་གསེར་གླིང་ཨ་ཏི་ཤ། །འབྲོམ་སྟོན་པོ་ཏོ་ཤ་བོ་སྒང་བ་དང༌། །མུས་སྨན་གྲོ་མོ་ཆེས་ཆོས་བླ་མ། །སྒོམ་པ་སེང་སྐྱབས་མཆིམས་ཆེན་སྨོན་ཚུལ་པ། །བརྩོན་གྲགས་གྲགས་ཤེས་མཆིམས་སྟོན་གྲོ་སྟོན་རྗེ། །སྤང་སྟོན་གྲུབ་ཤེ་གྲགས་སྟོན་དཔལ་ལྡན་མཚན། །རྭ་སྟོན་ཡོན་ཏན་ཀུན་དགའ་མཆོག་གྲུབ་པ། །སོགས། རྟག་ཏུ་མ་ཐུལ་རང་རྒྱུད་གྱོང་པོ་འདི། །ཆེད་ཀར་འདུལ་བའི་གཉེན་པོ་ཐག་ཆོད་ཀྱིས། །ཀོ་སྐམ་ཆུ་ཡི་དཔེ་བཞིན་བདག་གི་རྒྱུད། །ལེགས་འབྱོངས་ལྐོག་ཁྲིད་མཐར་ཕྱིན་བྱིན་གྱིས་རློབས། །བཀའ་གདམས་ལྷ་བཞིའི་ཐུབ་པ་ལ། ཐུབ་པའི་དབང་པོ་དཔལ་ལྡན་ཨ་ཏི་ཤ། །དབང་ཕྱུག་རྒྱལ་མཚན་སྣེ་ཟུར་ཡེ་ཤེས་འབར། །རྡོ་རྗེ་སེང་གེ་ཞང་སྟོན་སེང་གེ་སྐྱབས། །མཆིམས་ཆེན་སྐྱོ་སྟོན་ཟེའུ་རྣམ་པ་གཉིས། །མཆིམས་སྟོན་གྲོ་སྟོན་སྤང་སྟོན་གྲགས་སྟོན་པ། །ཡོན་ཏན་དཔལ་བ་ཀུན་དགའ་མཆོག་གྲུབ་ཞབས། །སོགས། མཚན་དཔེ་རབ་འབར་གསེར་མདོག་རྒྱལ་བའི་སྐུ། །རང་སེམས་དེ་ལྟར་ཤར་ལ་བཟོ་མེད་པ། །ཕྲ་རགས་རྟོག་པའི་འཛིན་
པ་ཀུན་ཞི་ནས། །གཡོ་མེད་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། ༈ །མི་གཡོ་བའི། མི་གཡོ་མགོན་པོ་དཔལ་ལྡན་ཨ་ཏི་ཤ། །སོགས་གོང་བཞིན་ལ། ཁྲོ་རྒྱལ་ཀུན་འདུས་གཏུམ་པོའི་སྐུ་ཉིད་ལས། །ཡེ་ཤེས་མེ་ལྕེ་བརྒྱ་སྟོང་རབ་འཕྲོས་ཏེ། །བསྟན་དགྲ་གདོན་བགེགས་ལོག་པར་འདྲེན་པའི་ཚོགས། །རྒྱ་མཚོའི་ཕ་མཐར་སྐྲོད་པར་བྱིན་གྱིས་རློབས། ༈ །སྤྱན་རས་གཟིགས་ལ། །སྤྱན་རས་གཟིགས་དབང་དཔལ་ལྡན་ཨ་ཏི་ཤ། །སོགས་གོང་བཞིན་ལས། རང་ལུས་ཐུགས་རྗེ་ཆེན་པོའི་བ་སྤུའི་སྒོ། །དེ་སྙེད་ཐུགས་རྗེ་ཆེན་པོ་ཐུགས་ཀ་ནས། །ཐུགས་རྗེའི་འོད་དཀར་ཕྱོགས་བརྒྱར་སྤྲོས་པ་ཡི། །མཁའ་ཁྱབ་སྙིང་རྗེ་འབྱོངས་པར་བྱིན་གྱིས་རློབས། ༈ །སྒྲོལ་མ་ལ། རྗེ་བཙུན་སྒྲོལ་མ་དཔལ་ལྡན་ཨ་ཏི་ཤ། །སོགས་གོང་བཞིན་ལས། འཕགས་མའི་སྐུ་ལས་འོད་ཟེར་བྱེ་བའི་རྩེར། །འཇིགས་སྐྱོབས་འཕགས་མ་མཁའ་ཁྱབ་ལེགས་སྤྲོས་ཏེ། །འཕགས་མའི་ཐུགས་རྗེས་མ་གྱུར་སེམས་ཅན་རྣམས། །འཇིགས་པ་བརྒྱད་ལས་སྐྱོབས་པར་བྱིན་གྱིས་རློབས། ༈ །དཔེ་ཆོས་ཀྱི། ཐུབ་པ་འཇམ་དབྱངས་པོ་ཏོ་བྲག་དཀར་བ། །སློབ་དཔོན་འཕན་ཡུལ་ལྕེ་སྒོམ་རྫོགས་པ་ཆེ། །རྟ་ནག་སྨོན་མགོན་རིན་ཆེན་ཡེ་ཤེས་པ། །དཔལ་ཡེ་བཀའ་བཞི་བ་དང་དཔལ་ལྡན་བཟང༌། །བསམ་འཕན་རྭ་སྟོན་ཀུན་དགའ་མཆོག་གྲུབ་ཞབས། །སོགས། དཔེ་བསྟན་དོན་བཤད་དེ་གཉིས་ཟུང་འབྲེལ་གྱིས། །མི་ཤེས་མུན་པའི་དི་མ་དྲུངས་ཕྱུང་ནས། །སྐྱེས་བུ་གསུམ་གྱི་ལམ་རིམ་མཐའ་དག་ལ། །ངེས་ཤེས་གཏིང་ནས་འདྲོང་བར་བྱིན་གྱིས་རློབས། ༈ །སྙིང་གི་ཐིག་ལེའི། ཐུབ་དབང་སྒྲོལ་མ་ཇོ་བོ་འབྲོམ་སྟོན་རྔོག །མངའ་རིས་ཤེར་རྒྱལ་ཕུ་ཆུང་རིན་རྒྱལ་མཚན། །དར་མ་རྒྱལ་མཚན་རབ་དཀར་བྱང་བཟང་བ། །ནམ་མཁའ་རིན་ཆེན་གཞོན་ནུ་བློ་གྲོས་དང༌། །ལྷོ་པ་ཀུན་མཁྱེན་གྲ་ཕུ་པ་ཆེན་པོ། །སྒ་ལུང་བྱང་དཔལ་བསོད་ནམས་འོད་ཟེར་དང༌། །བསོད་རིན་ཆོས་གྲགས་མཁན་ཆེན་རཏྣའི་མཚན། །
ངག་དབང་གྲགས་པ་ཨ་བ་དྷཱུ་ཏི་པ། །སོགས། ལྷ་བཞི་ཆོས་གསུམ་ཉམས་ལེན་སྙིང་པོའི་བཅུད། །གདན་ཐོག་གཅིག་ཏུ་སྙིང་གི་ཐིག་ལེའི་ནང༌། །མཁའ་ཁྱབ་མ་འདྲེས་གསལ་བའི་ཏིང་འཛིན་གྱིས། །ཉམས་རྟོགས་གོང་དུ་འཕེལ་བར་བྱིན་གྱིས་རློབས། ༈ །བཀའ་བབ་དྲུག་གི། ཐུབ་དབང་བྱམས་ཆེན་དམ་པ་རྒྱ་གར་བ། །བྱང་སེམས་ཀུན་དགའ་སྭ་ཚབ་ཚུལ་ཁྲིམས་འབར། །རྒྱལ་བ་ཏེ་ནེ་ཞིག་པོ་ཉི་མ་སེང༌། །སྙེ་མོང་བསོད་དཔལ་རྒྱལ་སྲས་ཀུན་དགའ་མཆེད། །རི་ཁྲོད་དབང་ཕྱུག་ཚུལ་འཕགས་སངས་རྒྱས་དབོན། །བློ་གྲོས་རྒྱ་མཚོ་རོང་སྟོན་ཤེར་རྒྱམ་པ། །རྭ་སྟོན་ཡོན་དཔལ་མཁན་ཆེན་བསོད་ལྷུན་རྗེ། །སོགས། བཀའ་བབས་དྲུག་ལྡན་ཤེར་ཕྱིན་མདོ་ཡི་ལུགས། །ཉམས་ལེན་སྔགས་ཀྱི་ཚུལ་དང་གོ་མཐུན་པར། །ས་ལམ་སྤངས་རྟོགས་དུས་འདིར་བགྲོད་པ་ཡིས། །ཆོས་ཀྱི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། ༈ །ཞི་བྱེད་ཀྱི། ཐུབ་པའི་དབང་པོ་སྨྲ་བའི་སེང་གེ་དང༌། །དམ་པ་རྒྱ་གར་བྱང་སེམས་ཀུན་དགའི་ཞབས། །པ་ཚབ་སྒོམ་པ་རྒྱལ་བ་ཏེ་ནེ་དང༌། །ཞིག་པོ་ཉི་སེང་འཁྲུལ་ཞིག་དར་མ་སེང༌། །སྙེམ་དོ་ཡབ་སྲས་དཔལ་ཆེན་ཀུན་ལྷུན་པ། །ཆོས་རྒྱལ་ཤེར་བཟང་རོང་སྟོད་གུང་རུ་དང༌། །མཁྱེན་རབ་ཆོས་ཀྱི་རྗེ་དང་སྦྱང་ལུང་པ། །སོགས། བཀའ་ཐུབ་གསུམ་གྱི་ཉམས་ལེན་སྐྱ་བར་ནས། །ལམ་ལྔའི་རིམ་པ་ཇི་བཞིན་བསྒོམས་པའི་མཐུས། །ས་ལམ་སྤང་རྟོགས་མ་ལུས་མངོན་གྱུར་པའི། །ཞི་བྱེད་ལམ་མཆོག་འགྲུབ་པར་བྱིན་གྱིས་རློབས། ༈ །སྒོམ་རིམ་གྱི། ཐུབ་པའི་རམ་དབྱངས་ཞི་འཚོ་ཀ་མ་ལ། །དབས་གྲུམ་རྒྱལ་ཡེ་རྣམ་གཉིས་བྲུ་མཆོག་ཡེ། །སེ་བཙུན་དབང་གཞོན་མགར་ཚ་ཡོན་ཏན་དང༌། །ཁུ་སྔོན་བརྩོན་འགྲུས་རྭ་ཁྲི་བཟང་འབར་བ། །ལོ་སྟོན་ཆོས་གྲགས་བྲང་ཏི་དར་མ་སྙིང༌། །བརྩོན་འགྲུས་སེང་གེ་རྒྱང་རོ་ངར་མ་མགོན། །བརྩོན་རྒྱལ་ཤོང་ལོ་མང་མཁར་ལོ་ཙཱ་བ། །དབང་ལོ་བྱང་རྩེ་ཉ་དབོན་
ཀུན་དགའ་དཔལ། །གཡག་རོང་རྣམ་གཉིས་ཤེས་རབ་རྒྱ་མཚོ་དང༌། །ར་སྟོན་ཡོན་དཔལ་བསོད་ནམས་ལྷུན་གྲུབ་ཞབས། །སོགས། འཁོར་ལོ་གསུམ་གྱི་བསྟན་རིམ་རྣམ་པ་གསུམ། །སྒོམ་རིམ་གསུམ་གྱི་ཐོག་མཐའ་བར་གསུམ་དུ། །གང་ཟག་གསུམ་གྱིས་བགྲོད་ཚུལ་རྣམ་པ་གསུམ། །གསུམ་ཚན་ཇི་བཞིན་རྟོགས་པར་བྱིན་གྱིས་རློབས། ༈ །བྱམས་ཆོས་ལྔའི། ཐུབ་དབང་བྱམས་མགོན་ཐོགས་མེད་དབྱིག་གི་གཉེན། །བློ་གྲོས་བརྟན་པ་རིག་པའི་ཁུ་བྱུག་དང༌། །སློབ་དཔོན་མཆེ་བའི་སྡེ་དང་བཟང་པོའི་ཞབས། །དཱི་པཾ་ཀ་ར་གངྒཱ་བྷ་རའི་མཚན། །པུཎྱེ་ཤྲཱི་དང་ཁ་ཆེ་དགོན་པ་བ། །བྲམ་ཟེ་སཾ་གྷ་ཁ་ཆེ་ཛྙཱ་ན་ཤྲཱི། །བློ་ལྡན་ཤེས་རབ་བ་རེག་ལོ་ཙཱ་བ། །བ་རེག་སྟོན་སྐྱབས་སྐྱེས་བུ་ཡོན་ཏན་དགའ། །བཀྲ་ཤིས་རྡོ་རྗེ་གདོང་ཁྲི་འདུལ་བ་འཛིན། །ཉང་སྟོན་དཀོན་རྡོར་འཇམ་དབྱངས་དར་མ་འོད། །བག་སྟོན་གཞོན་ཚུལ་ཚུལ་རྒྱལ་སྤང་སྟོན་པ། །མཁས་མཆོག་གཡག་རོང་གཉིས་དང་དོན་ཡོད་དཔལ། །རྭ་སྟོན་ཡོན་ཏན་ཀུན་དགའ་མཆོག་གྲུབ་རྗེ། །སོགས། བྱམས་པའི་ཆོས་ལྔ་བྱམས་པའི་གསུང་བཞིན་དུ། །བྱམས་རྩེའི་བདག་ཉིད་བྱམས་པའི་ཐུགས་མངའ་ལས། །བྱང་ཆུབ་ཆེན་པོ་བྱང་སེམས་འཕགས་པའི་སྲོལ། །བྱམས་ཆོས་ལམ་རིམ་རྟོགས་པར་བྱིན་གྱིས་རློབས། ༈ །རང་སྟོང་གི། ཐུབ་ཆེན་འཇམ་དབྱངས་ཀླུ་སྒྲུབ་ཟླ་བ་གྲགས། །པ་ཚབ་ཉི་མ་གྲགས་དང་ཞང་ཐང་སག །དབང་ཕྱུག་གྲགས་པ་ཤེས་རབ་རྡོ་རྗེ་དང༌། །སློབ་དཔོན་སྟོན་ཚུལ་བ་དང་སུ་ཁ་དེ། །ཇོ་བཙུན་དབུ་ར་བ་དང་ཤེས་རབ་དཔལ། །དར་མ་ཤེས་རབ་ཤེས་རབ་རིན་ཆེན་དང༌། །བསོད་ནམས་སེང་གེ་ཕག་སྟོན་བསམ་གཏན་དབང༌། །བག་སྟོན་གཞོན་ཚུལ་དམར་སྟོན་བསམ་རྒྱལ་བ། །གཞོན་ནུ་རྒྱལ་མཚན་རོང་སྟོན་ཆེན་པོ་དང༌། །ཤཱཀྱ་མཆོག་ལྡན་པཎ་ཆེན་ཨ་མོ་གྷ། །སོགས། ཆོས་ཀུན་གདོད་ནས་ཡོད་མ་མྱོང་བ་དང༌། །ཕན་ཚུན་ལྟོས་པ་
འཇོག་པའི་རྟེན་འབྲེལ་གྱིས། །རྟག་དང་ཆད་པའི་མཐའ་གཉིས་རབ་སྤངས་ཏེ། །རང་སྟོང་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། ༈ །གཞན་སྟོང་ནི། ཐུབ་དབང་བྱམས་མགོན་རྒྱལ་སྲས་མཻ་ཏྲི་པ། །པཎ་ཆེན་དགའ་བ་གྲགས་དང་སཛྫ་ན། །རྔོག་ལོ་ཁ་བོ་ཆེ་དང་རྒྱ་དམར་བ། །གྲོ་ལུང་ཕ་དང་ཕྱ་བ་ཆོས་སེང་གེ །འདུལ་དཀར་འབྲེ་སྒུར་གདོང་ཁྲོད་དར་མ་འོད། །གྲུབ་པ་སེང་གེ་བག་སྟོན་ཚུལ་རྒྱལ་བ། །སྤང་སྟོན་གྲུབ་ཤེ་གཡག་རོང་རྣམ་པ་གཉིས། །པཎ་ཆེན་དོན་ཡོད་དཔལ་ལྡན་ཚུལ་ཁྲིམས་པ། །སོགས། གཟུང་འཛིན་གཉིས་སྣང་དྲི་མ་ཡེ་སྟོང་ཞིང༌། །ཆོས་ཉིད་རང་བཞིན་ནམ་ཡང་མི་སྟོང་བས། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །གཞན་སྟོང་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། ༈ །སྦས་དོན་གྱི། རྡོ་རྗེ་སེམས་དཔའ་རྡོ་རྗེ་རྣལ་འབྱོར་མ། །རྒྱ་བོད་རྣམ་མང་མཁས་གྲུབ་མ་ལུས་པའི། །ལུང་རྟོགས་བཅུད་འདུས་འཇིགས་བྲལ་གསང་བ་སྦྱིན། །ཤངས་པ་རས་ཆེན་བསོད་ནམས་མཆོག་གྱུར་དང༌། །ཟལ་མོ་བྲག་པ་གྲགས་པ་ཡེ་ཤེས་ཞབས། །སོགས། མདོ་དང་རྒྱུད་ཀྱི་ཉམས་ལེན་ཐམས་ཅད་པ། །ཆོས་རྒྱུན་ཏིང་འཛིན་གཅིག་ཏུ་ཉེར་དྲངས་ཏེ། །གསང་ཆེན་དེ་ཉིད་འདུས་པའི་ཆོས་ཀྱི་བཅུད། །ཟབ་གསང་ལྟ་བ་རྟོགས་པར་བྱིན་གྱིས་རློབས། ༈ །ཚེ་ཁྲིད་ཀྱི། འོད་སྣང་མཐའ་ཡས་གྲུབ་པའི་རྒྱལ་མོ་དང༌། །ཏེ་ཕུ་པ་དང་རས་ཆུང་རྡོ་རྗེ་གྲགས། །མི་ལ་དྭགས་པོ་ཕག་གྲུ་འབྲི་གུང་པ། །གྲགས་པ་འབྱུང་གནས་ཡང་དགོན་སྤྱན་སྔ་བ། །ཟུར་ཕུག་པ་དང་སྐྱེས་མཆོག་འབའ་ར་བ། །གཉན་རས་སྐྱབས་ཆེ་ཏྲེ་བོ་ཆོས་རྒྱ་མཚོ། །སོགས། སྔོན་འགྲོ་ཚེ་སྤེལ་འབྱུང་བཞི་འཁོར་འདས་ཀྱི། །བཅུད་བསྡུས་རང་ལུས་བུམ་པ་ཡོངས་གང་ནས། །དབང་བཞིའི་རིམ་པས་དགའ་བཞིའི་ལམ་རྙེད་ནས། །འཆི་མེད་རིག་འཛིན་འགྲུབ་པར་བྱིན་གྱིས་རློབས། ༈ །སྒྲོལ་དཀར་གྱི། ཚེ་
དཔག་མེད་མགོན་ཡིད་བཞིན་འཁོར་ལོའི་ཡུམ། ངག་དབང་གྲགས་པ་ཤྲདྡྷཱ་ཀ་ར། །གསེར་གླིང་པ་དང་ཇོ་བོ་བཤེས་གཉེན་འབྲོམ། །སྤྱན་སྔ་བྱ་ཡུལ་བ་དང་འཆད་ཀ་བ། །སྒྱེར་སྒོམ་གཞོན་གྲགས་སྒོམ་པ་སེང་གེ་སྐྱབས། །མཆིམས་ཆེན་ནམ་མཁའ་རྒྱང་རོ་བྱང་ཆུབ་འབུམ། །མཆིམས་སྟོན་བློ་གྲགས་གྲོ་སྟོན་ཀུན་དགའ་རྒྱལ། །སྤང་སྟོན་གྲུབ་པ་ཤེས་རབ་སྤྱང་ལུང་པ། །ཤཱཀྱ་མཆོག་ལྡན་གཞོན་ནུ་ཆོས་གྲུབ་མཚན། །སོགས། སྔོན་འགྲོ་ཚེ་སྲོག་སྤེལ་བའི་རླུང་སྦྱོར་གནད། །དངོས་གཞི་ཚེ་སྒྲུབ་ཏིང་འཛིན་རྩེ་གཅིག་དང༌། །རྗེས་སྤྱོད་འཆི་བདག་ལས་རྒྱལ་ཡིད་བདེ་ཡིས། །འཆི་མེད་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། ༈ །ཚེ་འཛིན་དཀར་པོའི། ཚེ་དཔག་མེད་པ་དེ་བ་ཌཱ་ཀི་ནཱི། །མི་ཏྲ་ཨཱ་ནནྡ་དང་བུདྡྷ་ཤྲཱི། །ཆག་ལོ་ཁུ་དབོན་གཞོན་ནུ་བྱང་ཆུབ་རྒྱལ། །ཉི་མ་རྒྱལ་བའི་མཚན་དང་བཟང་པོ་དཔལ། །ཡེ་ཤེས་དཔལ་བ་བློ་བཟང་དཔལ་འབྱོར་དང༌། །རིན་ཆེན་ཆོས་རྒྱལ་རིན་ཆེན་རྒྱལ་བའི་མཆོག །སོགས། སྔོན་འགྲོ་ལུས་ཟུངས་རྒྱས་བྱེད་བཅུད་ལེན་གནད། །དངོས་གཞི་དབབ་ལྡོག་དགྲམ་གསུམ་ཉམས་ལེན་གནད། རྗེས་སྤྱོད་མཚན་ལྡན་ཕྱག་རྒྱ་བརྟེན་པའི་གནད། །གནད་གསུམ་འཆི་མེད་འགྲུབ་པར་བྱིན་གྱིས་རློབས། ༈ །སྨར་ཁྲིད་རིགས་བཞི་ལས་དཔལ་མོ་ལུགས་ཀྱི། སྤྱན་རས་གཟིགས་དབང་དགེ་སློང་མ་དཔལ་མོ། །དཔལ་བཟང་ཏིང་འཛིན་བཟང་པོ་ཇོ་བོ་རྗེ། །ཡོལ་སྟོན་ཆོས་དབང་རོག་སྟོན་རྩིས་སྟོན་པ། །ཞང་སྟོན་སྦས་སྟོན་ཞིག་པོ་རྣལ་འབྱོར་པ། །སྐྱབས་སེ་སངས་རྒྱས་དབོན་པོ་འདུལ་འཛིན་ཆེ། །རཏྣ་པ་དང་བྱང་སེམས་བསོད་ནམས་གྲགས། །ཐོགས་མེད་རྒྱ་མ་བ་དང་ལོ་གྲགས་པ། །བྱང་སེམས་དཀོན་རྒྱལ་ཀུན་དགའ་མཆོག་གྲུབ་ཞབས། །སོགས། སྐྱབས་འགྲོ་སེམས་བསྐྱེད་ཟུང་སྦྱོར་སྔོན་འགྲོ་དང༌། །བསྐྱེད་རྫོགས་ཟུང་སྦྱོར་དངོས་གཞི་ཉམས་ལེན་སྲོག །རྗེས་སྤྱོད་ཆུ་བོ་རྒྱུན་གྱི་རྣལ་འབྱོར་གྱིས། །སྤྱན་རས་གཟིགས་དབང་འགྲུབ་པར་བྱིན་གྱིས་རློབས། ༈ །ཟླ་རྒྱལ་ལུགས་ཀྱི།
སྤྱན་རས་གཟིགས་དབང་བྱང་སེམས་ཟླ་རྒྱལ་མཚན། །ཞང་རིང་སྤྱི་ཚ་འོད་ཆེན་དབུ་དཀར་བ། །མྱ་ངན་མེད་དཔལ་རིན་ཆེན་འོད་ཀྱི་ཟེར། །ཞང་སྟོན་འབྲུག་སྒྲ་རྒྱལ་མཚན་གནུར་ཆོས་འཕགས། །རྒྱལ་སྲས་རྒྱ་མ་བ་དང་གྲགས་རྒྱལ་བ། །དཀོན་མཆོག་རྒྱལ་མཚན་ཀུན་དགའ་མཆོག་གྲུབ་རྗེ། །སོགས། གཤམ་གོང་དང་འདྲ། ༈ ཚེམ་བུ་ལུགས་ཀྱི། རྡོ་རྗེ་འཆང་ཆེན་ཡུམ་མཆོག་བདག་མེད་མ། །གྲུབ་ཆེན་ཚེམ་བུ་པ་དང་སྤྱི་ལྷས་པ། །བྲག་དམར་བ་དང་ལྷ་བཙུན་དགོན་གསེར་བ། །ཐུགས་རྗེ་བརྩོན་འགྲུས་ཆོས་རྗེ་ཤེས་རབ་འབུམ། །རྒྱལ་སྲས་རྒྱ་མ་བ་དང་ལོ་གྲགས་རྒྱལ། །དཀོན་མཆོག་རྒྱལ་མཚན་ཀུན་དགའ་མཆོག་གྲུབ་པ། །སོགས། གཤམ་གོང་ལྟར། ༈ སྐྱེར་སྒང་ལུགས་ཀྱི། སྤྱན་རས་གཟིགས་དབང་གྲུབ་ཆེན་རྭ་ཧུ་ལ། །དཱི་པཾ་ཀ་ར་ནག་ཚོ་ཚུལ་ཁྲིམས་རྒྱལ། །རོང་པ་ཤེར་རྒྱལ་ལྕེ་སྒོམ་ཤེར་རྡོར་པ། །སྐྱེར་སྒང་བ་དང་གཉན་སྟོན་རི་གོང་པ། །སངས་རྒྱས་སྟོན་པ་གཙང་མ་ཤངས་སྟོན་ཆེ། །ཁྱུང་པོ་ཚུལ་མགོན་རི་ཁྲོད་རས་ཆེན་པ། །ཤངས་དཀར་རིན་རྒྱལ་སངས་རྒྱས་དཔལ་བཟང་པོ། །ནམ་མཁའ་རྒྱལ་མཚན་རྒྱ་སྒོམ་ལེགས་རྒྱལ་ཞབས། །སོགས། གཤམ་གོང་བཞིན། ༈ བདེ་མཆོག་སྨར་ཁྲིད་ཀྱི། རྡོ་རྗེ་འཆང་ཆེན་རྡོ་རྗེ་ཕག་མོ་དང༌། །དགའ་རབ་རྡོ་རྗེ་རྡོ་རྗེ་གདན་པ་གཉིས། །བ་རི་ལོ་ཙཱ་ས་སྐྱའི་གོང་མ་ལྔ། །ཞང་དང་བྲག་ཕུག་དཔལ་ལྡན་བླ་མ་རྗེ། །རྒྱལ་སྲས་ཐོགས་མེད་བྱང་སེམས་རྭ་སྒྲེང་བ། །པཎ་ཆེན་ཤཱཀ་མཆོག་གཞོན་ནུ་ཆོས་གྲུབ་མཚན། །སོགས། །ཐུན་མོང་མ་ཡིན་སྐྱབས་འགྲོ་སེམས་བསྐྱེད་དང༌། །ལྷན་སྐྱེས་བསྐྱེད་རིམ་བདེ་སྟོང་རྫོགས་པའི་རིམ། །ཆུ་བོ་རྒྱུན་གྱི་རྣལ་འབྱོར་རྣམ་དྲུག་གིས། །རྡོ་རྗེ་འཆང་དབང་འགྲུབ་པར་བྱིན་གྱིས་རློབས། ༈ །ཀྱེ་རྡོར་སྨར་ཁྲིད་ཀྱི། རྡོ་རྗེ་འཆང་ཆེན་རྡོ་རྗེ་བདག་མེད་མ། །དགའ་རབ་རྡོ་རྗེ་སོགས། གཤམ་གོང་ལྟར་བརྗོད། ༈ ཕྱག་རྡོར་འབོར་ལོ་ཆེན་པོའི། རྡོ་རྗེ་འཆང་དབང་ཌཱ་ཀི་སེང་གདོང་མ། །ས་བ་རི་བ་ཛ་བ་རི་བ་དང༌། །
དེ་བ་པཱུརྞ་མགར་ལོ་ཆོས་བཟང་པོ། །རིན་ཆེན་དངོས་གྲུབ་དམར་སྟོན་ཆོས་རྒྱལ་མཚན། །ཤེས་རབ་རྡོ་རྗེ་ཐུབ་པ་ཤེས་རབ་དང༌། །བརྩོན་འགྲུས་སེང་གེ་ཆོས་རྒྱལ་ཆ་གན་པ། །འཛིན་པ་རིན་ཤེ་མ་ཏིས་བཟང་བ། །ངོར་ཆེན་བྲག་དཀར་བསོད་ནམས་རིན་ཆེན་དང༌། །སེམས་དཔའ་བསོད་རྒྱལ་བཀྲ་ཤིས་རྣམ་པར་རྒྱལ། །སོགས། སྲུང་བ་བཞི་ལྡན་བསྐྱེད་རིམ་རྣལ་འབྱོར་དང༌། །བྱིན་རླབས་བཞི་ལྡན་རྫོགས་རིམ་རྣལ་འབྱོར་ཏེ། །བསྐྱེད་རྫོགས་ཟུང་འཇུག་རིམ་གཉིས་རྣལ་འབྱོར་གྱིས། །རྡོ་རྗེ་འཆང་ཆེན་འགྲུབ་པར་བྱིན་གྱིས་རློབས། ། ༈ ཕྱག་རྡོར་གཏུམ་པའི། རྡོ་རྗེ་འཆང་ཆེན་ཕྱག་ན་རྡོ་རྗེ་དང༌། །ལས་ཀྱི་རྡོ་རྗེ་ཐང་ལོ་ཤིང་ལོ་པ། །ཀརྞ་རི་པ་ཝ་ལ་ཙཎྜ་དང༌། །རས་ཆུང་སུམ་པ་རིན་རྒྱལ་གླིང་རྗེ་རས། །རྫོང་རི་རི་བོ་སྒང་བ་དབུས་རི་བ། །གསང་བདག་གྲུབ་ཆེན་སྤྲུལ་སྐུ་ཇོ་གདན་པ། །གངས་ཁྲོད་པ་དང་མཁན་ཆེན་བྱང་ཆུབ་སེམས། །སངས་རྒྱས་བཟང་པོ་གནས་གསར་གཞོན་ནུ་གྲུབ། །ལྷུན་གྲུབ་རྡོ་རྗེ་རབ་གསལ་ཟླ་བ་མགོན། །སོགས། རང་ཤར་ལྷ་སྐུ་གསལ་བའི་བསྐྱེད་རིམ་དང༌། །ལྷ་སྣང་སྒྱུ་མར་ཤར་བ་རྫོགས་པའི་རིམ། །འགགས་མེད་ཧཱུྃ་སྒྲ་སྒྲོགས་པའི་རང་སྒྲ་ཡིས། །ཕྱག་རྡོར་གོ་འཕང་ཐོབ་པར་བྱིན་གྱིས་རློབས། ༈ །ཀུརྨ་པཱ་དའི། རྡོ་རྗེ་ཕག་མོ་གྲུབ་ཆེན་ཤ་བ་རི། །མངའ་བདག་མཻ་ཏྲི་པ་དང་འདྲེན་མཛད་དཔལ། སྟོབས་བཅུ་རྣམ་བཟོད་པཎ་ཆེན་ཤཱཀྱ་ཤྲཱི། །དཱ་ན་ཤཱི་ལ་ཆག་ལོ་གཞོན་ནུ་རྒྱལ། །ཤེས་རབ་དཔལ་དང་ལེགས་ལྡན་དཔལ་ཆེན་མཚན། །ཡེ་ཤེས་དཔལ་བ་བློ་བཟང་དཔལ་འབྱོར་དང༌། །རིན་ཆེན་ཆོས་རྒྱལ་ཀུན་སྤངས་རིན་པོ་ཆེ། །སོགས། ལྷར་སྣང་དབྱིབས་ལ་སྦྱངས་པའི་སྒྱུ་མའི་ཉམས། །ཇི་བཞིན་མཁའ་ལ་ཤར་བའི་སྒྱུ་མའི་འཕྲུལ། །དེ་བཞིན་ཆོས་ཀུན་སྒྱུ་མར་ལེགས་རྟོགས་ནས། །སྒྱུ་ལུས་ཏིང་འཛིན་འབྱོངས་པར་བྱིན་གྱིས་རློབས། ༈ །ཀུ་རུ་ཀུལླེའི། བཅོམ་ལྡན་བདག་མེད་མ་དང་བི་རཱུ་པ། །གྲུབ་ཆེན་ནག་པོ་པ་དང་བི་ལཱ་ས། །ཤཱི་ལ་ཙནྡྲ་
དཱ་ན་ཤཱི་ལ་དང༌། །ས་པཎ་འཕགས་པ་ཞང་དང་གྲག་ཕུག་པ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་དང༌། །ཤར་ཆེན་ཡེ་རྒྱམ་ངོར་ཆེན་ཀུན་དགའ་བཟང༌། །གུ་གེ་པཎ་ཆེན་བསོད་ནམས་ལྷུན་གྲུབ་ཞབས། །སོགས། རྩ་གསུམ་འདུས་པ་ཤིང་སྟགས་འཕྲུལ་གྱི་ཚུལ། །སྙིང་དབུས་ཡི་གེ་རིང་ཐུང་སྲོག་བསྡེབས་དང༌། །རླུང་སེམས་བུང་བའི་ཕོ་ཉའི་འཕུར་ལྡིང་གིས། །སྣང་སྲིད་དབང་དུ་འདུ་བར་བྱིན་གྱིས་རློབས། ༈ །སྦྱོར་དྲུག་གི། དང་པོའི་སངས་རྒྱས་ཆོས་ལོངས་སྤྲུལ་པའི་སྐུ། །ཆོས་རྒྱལ་བདུན་དང་རིགས་ལྡན་ཉི་ཤུ་ལྔ། །དུས་ཞབས་ཆེ་ཆུང་ཁ་ཆེ་ཟླ་བ་མགོན། །སྒོམ་པ་དཀོན་མཆོག་སྒྲོ་སྟོན་ཡུ་མོ་རྗེ། །ཆོས་ཀྱི་དབང་ཕྱུག་ཌཱ་ཀི་ཇོ་འབུམ་མ། །ནམ་འོད་སེ་མོ་ཆེ་བ་འཇམ་གསར་པ། །ཆོས་སྐུ་འོད་ཟེར་ཐུགས་རྗེ་བརྩོན་འགྲུས་དང༌། །རྒྱལ་བ་ཡེ་ཤེས་ཡོན་ཏན་རྒྱ་མཚོའི་སྡེ། །ཀུན་མཁྱེན་དོལ་པོ་ཕྱོགས་ལས་རྣམ་རྒྱལ་ཞབས། །ཉ་དབོན་ཀུན་དགའ་གྲུབ་ཆེན་ཀུན་བློ་བ། །འཇམ་དབྱངས་དཀོན་བཟང་ནམ་མཁའ་ཆོས་སྐྱོང་དང༌། །ནམ་མཁའ་དཔལ་བཟང་ལོ་ཆེན་རཏྣའི་མཚན། །ཐོག་མར་དགེ་བ་སོར་སྡུད་བསམ་གཏན་དང༌། །བར་དུ་དགེ་བ་སྲོག་རྩོལ་འཛིན་པ་དང༌། །ཐ་མར་དགེ་བ་རྗེས་དྲན་ཏིང་འཛིན་ཏེ། །སྦྱོར་དྲུག་ཉམས་སུ་ལོངས་པར་བྱིན་གྱིས་རློབས། ༈ །སྙན་བརྒྱུད་ཀྱི། དང་པོའི་སངས་རྒྱས་ཆོས་རྒྱལ་རིགས་གསུམ་མགོན། །མན་ལུང་གུ་རུ་ལོ་ཙཱ་གྲགས་རྒྱལ་བ། །ཀུན་དགའ་དོན་གྲུབ་བཀའ་བཅུ་གཞོན་ནུ་སེང༌། །ཧཱུྃ་ཆེན་ནམ་མཁའ་ཧཱུྃ་རྒྱལ་ལྷུན་རིན་བ། རིག་སྒོམ་སྦས་པའི་རྣལ་འབྱོར་འཆི་མེད་གྲུབ། །ཆོས་རྒྱལ་དཔལ་བཟང་མཁས་དབང་ལོ་ཙཱ་བ། །སོགས། གཅིག་ཤེས་ཀུན་གྲོལ་ཕྱག་རྒྱ་ཆེན་པོའི་ངང༌། །གཅིག་བརྗོད་ཀུན་ཁྱབ་སྐྱེ་མེད་ཨ་ཡི་གདིང༌། །གཅིག་བསྒོམས་མདུད་གྲོལ་གུད་ཆུང་སྤུན་ལྔའི་གནད། །ཆིག་ཆོད་བློ་བདེ་འགྲུབ་པར་བྱིན་གྱིས་རློབས། ༈ །རྡོ་རྗེ་གསུམ་གྱི་བསྙེན་
སྒྲུབ་ཀྱི། རྡོ་རྗེ་འཆང་ཆེན་རྡོ་རྗེ་ཕག་མོ་དང༌། །མཁས་གྲུབ་ཨོ་རྒྱན་པ་དང་བསོད་ནམས་འོད། །རྒྱལ་མཚན་དཔལ་བཟང་ནམ་མཁའ་སེང་གེ་དང༌། །འཁྲུལ་ཞིག་ཆོས་རྒྱལ་མོན་རས་ཟླ་རྒྱལ་མཚན། །མཁྱེན་རབ་ཆོས་ཀྱི་རྗེ་དང་སྤྱང་ལུང་པ། །སོགས། སྐུ་ཡི་བསྙེན་པ་ལུས་གནད་བྱེད་བཅིངས་དང༌། །གསུང་གི་སྒྲུབ་པ་རྡོར་བཟླས་སྲོག་རྩོལ་དང༌། །ཐུགས་ཀྱི་སྒྲུབ་ཆེན་དངས་མ་འཛག་མེད་འཆིང༌། །བསྙེན་སྒྲུབ་མཐར་ཕྱིན་རྟོགས་པར་བྱིན་གྱིས་རློབས། ༈ །ལམ་འབྲས་ཀྱི། རྡོ་རྗེ་འཆང་དང་བདག་མེད་བིར་ཝ་པ། །ནག་པོ་དང་ཌ་མ་རུ་པ་དང༌། །ཨ་བ་དྷཱུ་ཏི་ག་ཡ་དྷ་རའི་ཞབས། །འབྲོག་མི་ལོ་ཙཱ་སེ་སྟོན་ཀུན་རིག་དང༌། །ཞང་སྟོན་ཆོས་འབར་ས་སྐྱའི་གོང་མ་ལྔ། །དཀོན་མཆོག་དཔལ་དང་ན་བཟའ་བྲག་ཕུག་པ། །ཆོས་རྗེ་བླ་མ་དཔལ་ལྡན་ཚུལ་ཁྲིམས་རྗེ། །བུདྡྷ་ཤྲཱི་ངོར་ཆེན་ཀུན་དགའ་བཟང༌། །དཔལ་ལྡན་རྡོ་རྗེ་ཀུན་དགའ་མཆོག་གྲུབ་པ། །སོགས། མདོ་སྔགས་ལམ་གྱི་རིམ་པས་རྒྱུད་སྦྱངས་ནས། །རྒྱུ་ལམ་འབྲས་བུའི་ཏིང་འཛིན་ཉེ་ལམ་གྱིས། །དབང་བཞིའི་ཉམས་ལེན་ཐུན་བཞིར་གོམས་པའི་མཐུས། །སྐུ་བཞིའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། ༈ །བསམ་མི་ཁྱབ་ཀྱི། རྡོ་རྗེ་འཆང་ཆེན་ཡེ་ཤེས་མཁའ་འགྲོ་མ། །རྟ་མཆོག་བཱི་ཎ་ཨིནྡྲ་བྷཱུ་ཏིའི་ཞབས། །ལེགས་སྨིན་སྐེགས་རྡོར་གུནྡྷ་རི་པ་དང༌། །པདྨ་བཛྲ་དཔལ་ལྡན་ཆོས་ཀྱི་སྡེ། །བཟང་པོ་ཏོག་རྩེ་བ་དང་བྷུ་ཥ་ན། །དྷ་མ་ཀརྞ་དཔའ་བོ་རྡོ་རྗེ་བ། །འབྲོག་མི་ནས། སྔར་བཞིན། སེམས་ཉིད་གདོད་ནས་སྤྲོས་བྲལ་ནམ་མཁའི་དབྱིངས། །གཟུང་འཛིན་རྟོག་པའི་སྤྲིན་གྱིས་བསྒྲིབས་པ་རྣམས། །བསམ་མི་ཁྱབ་ལྔའི་ཉམས་ལེན་གྱིས་བསལ་ནས། །གཉིས་མེད་ཡེ་ཤེས་འཆར་བར་བྱིན་གྱིས་རློབས། ༈ །མཚོ་སྐྱེས་ཀྱི། རྡོ་རྗེ་འཆང་དང་ཙིནྟི་བི་ལཱ་སྱ། །ཡན་ལག་མེད་རྡོར་མཚོ་སྐྱེས་ཨིནྡ་རྗེ། །ལེགས་སྨིན་ནག་པོ་དཔལ་འཛིན་ག་ཡ་དྷ། །འབྲོག་མི་མན་སྔར་བཞིན། སྣོད་བཅུད་ཞེན་རྟོག་ཟབ་ཚུལ་དགུས་སྦྱངས་པས། །
ཅིར་སྣང་ལྷ་ཡི་འཁོར་ལོར་འཆར་བ་དང༌། །མར་མེའི་རྩེ་མོ་ལྟ་བུའི་ཉམས་ལེན་གྱིས། །ལྷན་སྐྱེས་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས། ༈ །ལྷན་ཅིག་སྐྱེས་གྲུབ། རྡོ་རྗེ་འཆང་དབང་བདག་མེད་ཌོམ་བྷི་པ། །ངོ་མཚར་རྡོ་རྗེ་ནགས་ཁྲོད་གརྦྷ་རི། །བསོད་སྙོམས་མི་ཐུབ་ཟླ་བ་དཔའ་རྡོ་རྗེ། །འབྲོག་མི་མན་སྔར་བཞིན། རྒྱུ་ཡི་ལྷན་སྐྱེས་སེམས་ཉིད་ཐོག་མཐའ་མེད། །ལམ་གྱི་ལྷན་སྐྱེས་དུག་གསུམ་རང་སར་དག །འབྲས་བུའི་ལྷན་སྐྱེས་རྣམ་ཐར་སྒོ་གསུམ་དང༌། །སྐུ་གསུམ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། ༈ །གཏུམ་མོ་ལམ་རྫོགས་ཀྱི། རྡོ་རྗེ་འཆང་དང་ཕག་མོ་དྲིལ་བུ་པ། །རུ་སྦལ་ཞབས་ཅན་འབར་འཛིན་ཀཧྞ་པ། །བྲམ་ཟེ་དཔལ་འཛིན་ག་ཡ་དྷ་ར་དང༌། །འབྲོག་མི་མན་སྔར་བཞིན། རྒྱུད་སྔགས་ཡེ་ཤེས་གསང་བའི་རིམ་པ་ཡི། །གོ་རིམ་ཇི་བཞིན་རིམ་བཞིའི་ཉམས་ལེན་དང༌། །མཐའ་བཞི་རྣམ་གྲོལ་ལྟ་བའི་ཏིང་འཛིན་གྱིས། །སྐུ་བཞི་མངོན་དུ་འགྱུར་བར་བྱིན་གྱིས་རློབས། ༈ །ཡོན་པོ་བསྲང་བ། རྡོ་རྗེ་འཆང་དང་དབང་ཕྱུག་ཨུ་ཙི་ཊ། །སྤྱོད་ནོར་དཔལ་འཛིན་ག་ཡ་དྷ་ར་དང༌། །འབྲོག་མི་མན་སྔར་བཞིན། རོ་རྐྱང་ཁུ་ཁྲག་ལྡང་འཇུག་རྒྱུ་བའི་རླུང༌། །ཨ་བ་དྷཱུ་ཏིར་འཕོ་མེད་བཅུག་བའི་མཐུས། །གཟུང་འཛིན་ཀུན་རྟོག་དྲི་མས་མ་གོས་པའི། །གནས་ལུགས་ཇི་བཞིན་རྟོགས་པར་བྱིན་གྱིས་རློབས། ༈ །སེམས་ཐག་གཅོད་པ། རྡོ་རྗེ་འཆང་ཆེན་ཕྱག་ན་རྡོ་རྗེ་དང༌། །ཀླུ་སྒྲུབ་འཕགས་པ་ལྷ་དང་ནག་པོ་པ། །ཟླ་གྲགས་དཔལ་འཛིན་དཔའ་བོ་རྡོ་རྗེ་དང༌། །འབྲོག་མི་མན་སྔར་བཞིན། སངས་རྒྱས་ཀུན་གྱི་ཐུགས་རྗེ་བྱང་ཆུབ་སེམས། །བདག་དང་ཕུང་པོ་རྣམ་རིག་ལ་སོགས་པའི། །རྟོག་པའི་དྲི་མའི་འཛིན་པས་མ་སྤག་པའི། །སྟོང་ཉིད་ཟབ་མོ་རྟོགས་པར་བྱིན་གྱིས་རློབས། ༈ །ཕྱག་རྒྱའི་ལམ་ཁྲིད་ཀྱི། རྡོར་འཆང་ཨིནྡྲ་ཚངས་ཞབས་བྲམ་ཟེ་མོ། །གྲུབ་རྡོར་ཨིནྡྲ་དབུ་མ་གོས་བྲལ་ཞབས། །ཛྙཱ་ན་ཤྲཱི་པདྨ་ཌོམྦི་
པ། །ཡན་ལག་མེད་རྡོར་བུང་པད་ལྕམ་ལེགས་སྨིན། །ཨིནྡྲ་རིན་ཆེན་རྡོ་རྗེ་ཤེས་རབ་གསང༌། །འབྲོག་མི་སོགས་སྔར་བཞིན། དངོས་ཀུན་ཁྱབ་བདག་མི་འགྱུར་བདེ་བ་ཆེ། །འདུས་བྱས་རྐྱེན་གྱིས་མི་འཇིག་རྡོ་རྗེའི་སྐུ། །ཉམས་ལེན་དགའ་བཞི་ཕོ་ཉའི་ཉེ་ལམ་མཆོག །ཕྱག་རྒྱའི་གནད་ཀྱིས་རྟོགས་པར་བྱིན་གྱིས་རློབས། ༈ །ཡི་གེ་མེད་པའི། སྒྲོལ་མ་ངག་གི་དབང་ཕྱུག་པཎྜི་ཏ། །དེ་ཝ་ཨཱ་ཀ་ར་དང་ཨ་མོ་གྷ། །འགྲོག་མི་སོགས་སྔར་བཞིན། མཐའ་གཉིས་མ་ལྷུང་བར་མའི་སེམས་ཉིད་ལ། །བྲན་པའི་ལྕགས་ཀྱུས་ཡང་ཡང་རབ་བཀུག་ནས། །གླང་ཆེན་ལོབ་འདྲའི་མ་བཅོས་ལྷུག་པའི་ངང༌། །གཉུག་མའི་སེམས་ཉིད་རྟོགས་པར་བྱིན་གྱིས་རློབས། ༈ །མདོ་རྒྱུད་བསྲེ་བའི། འཇམ་དབྱངས་ཤཱནྟི་པ་དང་བླ་ཆེན་འབྲོག །མངའ་རིས་གསལ་སྙིང་སྐྱི་ཆུ་དགྲ་ལྷ་འབར། །གོང་མ་རྣམ་གསུམ་ས་པཎ་ལུང་ཕུ་བ། །གཞོན་གྲུབ་བྱང་ཡེ་དཔལ་ལྡན་བླ་མ་དང༌། །དཔལ་ཚུལ་བུདྡྷ་ཤྲཱི་ངོར་ཆེན་པ། །དཔལ་ལྡན་རྡོ་རྗེ་ཀུན་དགའ་མཆོག་གྲུབ་པ། །སོགས། །མདོ་སྔགས་ཡོངས་ཀྱི་ཟབ་གནད་ཁོལ་ཕྱུང་བ། །སོ་སོ་རང་རིག་ཡེ་ཤེས་སྒྱུ་མའི་ངང༌། །ཤུགས་འབྱུང་ཐབས་ཀྱིས་སྒོམ་པའི་ཉམས་ལེན་གྱིས། །སྙིང་པོའི་རང་འགྲོས་རྟོག་པར་བྱིན་གྱིས་རློབས། ༈ །བར་ཆད་གསུམ་སེལ་གྱི། གསང་བདག་ཤེར་འབྱུང་བློ་གྲོས་བླ་ཆེན་འབྲོག །སེ་རོག་རྣམ་གཉིས་གཉོས་ཡེར་སྒོམ་སེང་དང༌། །གྲུབ་ཐོབ་ལྷ་འབར་ཁ་རག་སྒོམ་པ་དང༌། །ལུང་ཕུ་གཞོན་གྲུབ་བྱང་ཡེ་བསོད་རྒྱལ་དང༌། །དཔལ་ཚུལ་བུདྡྷ་ཤྲཱི་ངོར་ཆེན་པ། །དཔལ་ལྡན་རྡོ་རྗེ་ཀུན་དགའ་མཆོག་གྲུབ་ཞབས། །སོགས། རང་ལུས་ལྷར་ཤར་སྙིང་གའི་ས་བོན་ལས། །འོད་འཕྲོས་རྡོ་རྗེའི་གུར་ཁང་མེ་འོད་ཀྱི། །གཟི་འོད་རབ་འབར་ཧཱུྃ་གི་ངར་སྒྲ་ཡིས། །ཕྱི་རོལ་གདོན་བགེགས་འཇོམས་པར་བྱིན་གྱིས་རློབས། །གསང་བདག་རིན་ཆེན་རྡོ་རྗེ་བླ་ཆེན་འབྲོག །སེ་
རོག་སོགས། སྔར་བཞིན། ལུས་ནང་རྩ་ཉིད་རྡོ་རྗེའི་སྲོག་ཤིང་གི །སྟེང་འོག་ཉི་ཟླའི་ཐིག་ལེའི་འོད་འཕྲེང་ལས། །ཚ་གྲང་སྟོད་སྨད་ནད་ཀྱི་གཞི་རྩ་ཀུན། །མ་ལུས་རྩད་ནས་འཇོམས་པར་བྱིན་གྱིས་རློབས། །གསང་བདག་ཛྙཱ་ན་ཤྲཱི་བླ་ཆེན་འབྲོག །སེ་རོག་སོགས། སྔར་བཞིན་ལས། ཐོག་མཐའ་བར་གསུམ་ཐ་དང་འཛིན་པའི་བློ། །ཐོག་མ་ཐ་མའི་འཛིན་པ་ཡོངས་བཏང་ནས། །བར་མེད་ཆད་པ་མེད་པའི་ཉམས་ལེན་གྱིས། །ཏིང་འཛིན་ལམ་དུ་ལོངས་པར་བྱིན་གྱིས་རློབས། ༈ །ཕྱག་ཆེན་སྡུག་བསྔལ་གསུམ་སེལ་གྱི། སྤྱན་རས་གཟིགས་དབང་ནཱ་རོ་བླ་ཆེན་འབྲོག །མངའ་རིས་གསལ་སྙིང་མན་གོང་གི་མདོ་རྒྱུད་བསྲེ་བ་བཞིན་ལ། འགྲོ་ཀུན་སྡུག་བསྔལ་གསུམ་གྱིས་གཟིར་བའི་བློས། །གང་ཉིད་སྐུ་གསུམ་ཞལ་ངོར་ལེགས་བསྒྱུར་ནས། །ལུས་བདེ་སེམས་བདེ་ཡིད་བདེའི་རང་བབས་ཀྱིས། །སྡུག་བསྔལ་མ་ལུས་སེལ་བར་བྱིན་གྱིས་རློབས། ༈ །གཉུག་མ་དྲན་གསལ་གྱི། སྒྲོལ་མ་ངག་གི་དབང་ཕྱུག་བླ་ཆེན་འབྲོག །དཀོན་མཆོག་རྒྱལ་པོ་བླ་མ་ཤངས་པ་དང༌། །གོང་མ་རྣམ་བཞི་ལུང་ཕུ་གཞོན་ནུ་གྲུབ། །བྱང་ཤེ་བསོད་རྒྱལ་དཔལ་ཚུལ་བུདྡྷ་ཤྲཱི། །ངོར་ཆེན་དཔལ་རྡོར་ཀུན་དགའ་མཆོག་གྲུབ་པ། །སོགས། གཉུག་མའི་རང་ལུས་གདོད་ནས་གཞལ་མེད་ཁང༌། །འཁོར་ལོ་དྲུག་གི་ལྷ་ཚོགས་ལེགས་བཞུགས་ཤིང༌། །འབར་འཛག་བདེ་དྲོད་དགའ་བཞིའི་ཉེ་ལམ་གྱིས། །དབང་བཞིའི་གནད་མཆོག་རྟོགས་པར་བྱིན་གྱིས་རློབས། ༈ །དག་པ་རྣམ་གསུམ་གྱི། རྡོ་རྗེ་འཆང་དང་བདག་མེད་ཌོམ་བྷི་པ། །ངོ་མཚར་རྡོ་རྗེ་ནགས་ཁྲོད་གརྦྷ་རི། །བསོད་སྙོམས་མི་ཐུབ་ཟླ་བ་དཔའ་རྡོ་རྗེ། །འབྲོག་མི་སེ་ཞང་ས་སྐྱའི་གོང་མ་ལྔ། །དགའ་ལྡན་བྲག་ཕུག་པ་དང་གློ་གྲོས་བརྟན། །དཔལ་ལྡན་ཚུལ་ཁྲིམས་ཤར་བ་ངོར་ཆེན་རྗེ། །པཎ་ཆེན་གྲགས་རྒྱལ་མཁན་ཆེན་བསོད་ལྷུན་པ། །སོགས། དེ་བཞིན་ཉིད་ཀྱི་
དག་པས་ཡོངས་སྦྱངས་ཤིང༌། །རྣམ་པ་ལྷ་ཡི་དག་པར་ཡོངས་ཤར་ནས། །རང་རིག་དག་པའི་དེ་ཉིད་ལེགས་རྟོགས་ཏེ། །དག་པ་རྣམ་གསུམ་མཐར་ཕྱིན་བྱིན་གྱིས་རློབས། ༈ །རང་བྱིན་རླབས་ཀྱི། རྡོ་རྗེ་འཆང་དང་བདག་མེད་ཌོམྦི་པ། །ངོ་མཚར་རྡོ་རྗེ་ནགས་ཁྲོད་གརྦྷ་རི། །བསོད་སྙོམས་མི་ཐུབ་ཟླ་བ་དཔའ་རྡོ་རྗེ། །འབྲོག་མི་སེ་ཞང་ས་སྐྱའི་གོང་མ་བཞི། །ཚོགས་སྒོམ་གཉགས་སྟོན་སྙིང་པོ་རྒྱལ་བ་འབུམ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་པ། །བུདྡྷ་ཤྲཱི་དང་ངོར་ཆེན་ཀུན་དགའ་བཟང༌། །དཔལ་ལྡན་རྡོ་རྗེ་དཔལ་ལྡན་ཚུལ་ཁྲིམས་པ། །སོགས། རང་བྱིན་རླབས་པའི་ཉམས་ལེན་དམིགས་པའི་གནད། །ཉི་ཤུ་རྩ་དགུའི་རྣམ་གྲངས་དེ་ཉིད་ལ། །རེ་རེར་འཐེབ་སྦྱོར་སྒོམ་པའི་རྣལ་འབྱོར་གྱིས། །དཔེ་དོན་ཡེ་ཤེས་འཆར་བར་བྱིན་གྱིས་རློབས། ༈ །ལམ་སྦས་བཤད་ཀྱི། རྡོ་རྗེ་འཆང་དང་བདག་མེད་བིར་བ་པ། །གོང་མ་རྣམ་ལྔ་ཞང་དང་བྲག་ཕུག་པ། །ཆོས་རྗེ་བླ་མ་དཔལ་ཚུལ་བུདྡྷ་ཤྲཱི། །ངོར་ཆེན་དཔལ་རྡོར་ཀུན་དགའ་མཆོག་གྲུབ་པ། །སོགས། གློ་མཆིན་སྙིང་གསུམ་གནས་འགྱུར་གུར་ཁང་དབུས། །ཐུགས་ཀྱི་རྡོ་རྗེ་ཕོ་བྲང་རྣམ་ལྔ་དང༌། །རླུང་སྦྱོར་འཁྲུལ་འཁོར་ཐིག་ལེའི་གནད་འདོམས་ཀྱིས། །སྦས་བཤད་ཉམས་ལེན་འགྲུབ་པར་བྱིན་གྱིས་རློབས། ༈ །བརྡའ་དོན་གསལ་བའི། རྡོ་རྗེ་འཆང་དང་བི་རཱུ་ས་སྐྱ་པ། །གྲགས་པ་ས་པཎ་ལུང་ཕུ་གཞོན་ནུ་གྲུབ། །བྱང་ཆུབ་ཤེས་རབ་བསོད་ནམས་རྒྱལ་མཚན་རྗེ། །དཔལ་ལྡན་ཚུལ་ཁྲིམས་བུདྡྷ་ཤྲཱིའི་ཞབས། །ངོར་ཆེན་དཔལ་རྡོར་ཀུན་དགའ་མཆོག་གྲུབ་པ། །སོགས། བརྡའ་སྤྲོད་ངེས་ཤེས་རབ་སྟེར་བྱིན་རླབས་ཀྱིས། །སྒོ་ཕྱེ་རྒྱས་འབྲིང་བསྡུས་གསུམ་དམིགས་པའི་གནད། །གཉིས་ལས་གསུམ་འབྱུང་གདམས་པའི་ལྡེབ་སྒྱུར་གྱིས། །ལམ་འབྲས་གནད་མཆོག་རྟོགས་པར་བྱིན་གྱིས་རློབས། ༈ །གསང་འདུས་འཕགས་
ལུགས་རིམ་ལྔའི། རྡོ་རྗེ་འཆང་ཆེན་ཕྱག་ན་རྡོ་རྗེ་དང༌། །ཨིནྡྲ་བྷཱུ་ཏི་ཀླུ་ཡི་རྣལ་འབྱོར་མ། །བི་སུ་ཀ་ལྔ་སྒྲུབ་ཆེན་ས་ར་ཧ། །འཕགས་པ་ཀླུ་སྒྲུབ་ཨཱརྻ་དེ་བ་དང༌། །ཤཱཀྱ་བཤེས་གཉེན་ཀླུ་ཡི་བྱང་ཆུབ་པ། །ཟླ་བ་གྲགས་པ་སློབ་པའི་རྡོ་རྗེ་དང༌། །སྤྱོད་རྡོར་ས་འདྲེས་པ་དང་བརྩོན་འགྲུས་བཟང༌། །འགོས་ལོ་ཁུག་པ་མང་ར་སེ་རྒྱལ་བ། །ཡེ་སེང་ཉི་སེང་ཉི་ལྕམ་འཕགས་པ་ལྷ། །འཕགས་སྐྱབས་གཞོན་ནུ་འོད་དང་ཆོས་སྐུ་འོད། །འཕགས་འོད་རིན་ཆེན་གྲུབ་དང་ཁྱུང་ལྷས་པ། །ཤར་ཆེན་ཡེ་རྒྱལ་ངོར་ཆེན་ཀུན་དགའ་བཟང༌། །ཤཱཀྱ་མཆོག་ལྡན་རབ་གསལ་ཟླ་བ་མགོན། །སོགས། ལུས་དབེན་མཐར་ཕྱིན་འཇའ་ལུས་རྡོ་རྗེའི་སྐུ། །ངག་དབེན་མཐར་ཕྱིན་འབྲུ་གསུམ་རྡོ་རྗེའི་གསུང༌། །སེམས་དབེན་མཐར་ཕྱིན་འོད་གསལ་ཟུང་འཇུག་ཐུགས། །རིམ་ལྔའི་ལམ་མཆོག་འགྲུབ་པར་བྱིན་གྱིས་རློབས། ༈ །འདུས་པ་ཞབས་ལུགས་གྲོལ་བའི་ཐིག་ལེའི། འཇམ་དབྱངས་སངས་རྒྱས་ཡེ་ཤེས་མར་མེ་མཛད། །དཔལ་བདེ་དྲི་མེད་སྦས་པ་རིན་ཆེན་གཟུངས། །བན་དེ་བ་དང་གཉན་ལོ་དར་མ་གྲགས། །ཆོས་ཀྱི་རྒྱལ་མཚན་རྗེ་བཙུན་གོང་མ་ལྔ། །ཨ་གཉན་དམ་པ་ཀུན་བསོད་བཀྲ་ཤིས་དཔལ། །རྡོ་རྗེ་དཔལ་དང་གྲགས་ཆེན་གངས་ཁྲོད་པ། །ས་བཟང་འཕགས་པ་ངོར་ཆེན་རྒྱལ་ཚབ་རྗེ། །པཎ་ཆེན་བྲག་དམར་རབ་གསལ་ཟླ་བ་མགོན། །སོགས། སྙིང་ཁའི་མི་ཤིགས་ཐིག་ལེའི་འོད་ཕྲེང་གིས། །མ་རིག་མུན་པའི་བག་ཆགས་དྲུངས་ཕྱུང་སྟེ། །གང་བློ་འཇམ་པའི་རྡོ་རྗེ་གསལ་མཐོང་ནས། །དབྱིངས་རིག་གཉིས་མེད་རྟོགས་པར་བྱིན་གྱིས་རློབས། ༈ །གཤེད་དམར་སྤྲོས་མེད་ཀྱི། འཇམ་དཔལ་གཤིན་རྗེའི་གཤེད་དང་ཌོམྦི་པ། །བི་རཱུ་པ་དང་དཔལ་འཛིན་བློ་གྲོས་བཟང༌། །ད་རྦན་ཤེས་རབ་རིན་ཆེན་ཡབ་སྲས་ཟུང༌། །ལོ་ཙཱ་མཆོག་ལྡན་གློ་བོ་ལོ་ཙཱ་བ། །བག་
སྟོན་ཚུལ་རྒྱལ་གྲུབ་པ་ཤེས་རབ་དང༌། །ཤེས་རྒྱལ་རྭ་སྟོན་ཀུན་དགའ་མཆོག་གྲུབ་བ། །སོགས། གུས་སྦྱོར་བླ་མའི་མོས་གུས་འོད་གསལ་དང༌། །སེམས་བསྐྱེད་ཐབས་དྲུག་བར་ཆད་ཀུན་བསལ་ནས། །འཛིན་པ་ཀུན་བྲལ་སྟོང་གསལ་ནམ་མཁའི་དབྱིངས། །ཤིན་ཏུ་སྤྲོས་མེད་འགྲུབ་པར་བྱིན་གྱིས་རློབས། ༈ །རྣལ་འབྱོར་བཞི་རིམ་གྱི། འཇམ་དཔལ་གཤིན་རྗེའི་གཤེད་སོགས་གོང་ལྟར་ལ། གཤམ། རང་བྱིན་བརླབས་པ་རང་ལུས་ལྷ་ཡི་སྐུ། །རང་ངག་རང་བྱུང་གཞོམ་མེད་རྡོ་རྗེའི་སྒྲ། །རང་སེམས་བཟོ་མེད་རང་བབས་ཕྱག་རྒྱ་ཆེ། །རྣལ་འབྱོར་བཞི་རིམ་འགྲུབ་པར་བྱིན་གྱིས་རློབས། ༈ །འཇིགས་བྱེད་ར་རྩེ་སེམས་འཛིན་གྱི། རྡོ་རྗེ་འཇིགས་བྱེད་ཡེ་ཤེས་མཁའ་འགྲོ་མ། །ལ་ལི་ཏ་དང་འཇམ་དཔལ་བཤེས་གཉེན་ཞབས། །དོན་ཡོད་རྡོ་རྗེ་ཆེ་ཆུང་སྐྱོ་འོད་འབྱུང༌། །སྐྱོ་སྟོན་སྐུ་མཆོད་ཁམས་པ་རིན་ཆེན་བསྟན། །གཉན་སྟོན་འོད་སྲུངས་ཆོས་རྒྱལ་རིན་ཤེ་བ། །ཐུགས་རྗེ་རིན་ཆེན་རིན་རྒྱལ་ཆ་གན་པ། །གྲགས་ཆེན་གངས་ཁྲོད་མ་ཏི་ས་བཟང་རྗེ། །ངོར་ཆེན་གྲགས་པ་རྒྱལ་མཚན་བསོད་ལྷུན་མཆོག །སོགས། རྭ་རྩེ་སེམས་འཛིན་རང་ཤར་ལྷ་སྙེམས་ཀྱིས། །འཇིགས་བྲལ་མཚན་མོ་རྒྱུ་བ་གོམས་བྱས་ནས། །བདེ་བའི་རྒྱུན་བསྟེན་མཚན་མ་གྱེན་སྒྲེང་གི །རྫོགས་རིམ་མངོན་དུ་འགྱུར་བ་བྱིན་གྱིས་རློབས། ༈ །བདེ་མཆོག་ཡབ་ཀྱི་དབུ་མའི། རྡོ་རྗེ་འཆང་ཆེན་ཕྱག་རྡོར་ས་ར་ཧ། །ཀླུ་སྒྲུབ་ཤ་བ་རི་དང་ལཱུ་ཡི་པ། །དཱ་རི་ཀ་པ་ཨཱནྡྷར་ཏཻ་ལོ་པ། །ནཱ་རོ་ཕམ་མཐིང་མལ་ལོ་བློ་གྲོས་གྲགས། །གོང་མ་རྣམས་ལྔ་ཞང་སྟོན་བྲག་ཕུག་པ། །ཆོས་རྗེ་བླ་མ་དཔལ་ལྡན་ཚུལ་ཁྲིམས་དང༌། །ཤར་པ་ཡེ་རྒྱལ་ངོར་ཆེན་ཀུན་དགའ་བཟང༌། །གུ་གེ་པཎ་ཆེན་བསོད་ནམས་ལྷུན་གྲུབ་པ། །སོགས། ཐུན་མོང་ཁྱད་པར་དཔེ་ཡིས་བརྡ་སྦྱར་ནས། །ལས་རླུང་མ་ལུས་དབུ་མའི་ལམ་ཆེན་དུ། །ཕྱག་ཆེན་ཕོ་ཉའི་ཉེ་ལམ་ལ་
བརྟེན་ནས། །འཇའ་ལུས་མངོན་སུམ་འགྲུབ་པར་བྱིན་གྱིས་རློབས། ༈ །ལུས་གྱི་དབུ་མའི། རྡོ་རྗེ་འཆང་ཆེན་ཕག་མོ་ནཱ་རོ་པ། །འཇིགས་མེད་གྲགས་པ་ངག་དབང་ཕམ་མཐིང་མཆེད། །ཀློག་སྐྱ་ཤེས་རབ་བརྩེགས་དང་མལ་ལོ་ཙཱ། །གོང་མ་རྣམ་ལྔ་ཕྱིན་སྔར་ལྟར་ལ་བཤམས། དབང་བཞིའི་དོན་ལྡན་བསྐྱེད་རིམ་བདེ་བའི་སྐུ། །དགའ་བཞིའི་ལམ་སྟོན་ཆགས་བྲལ་ཕོ་ཉའི་ལམ། །སྟོང་ཆེན་ཡིག་ལྔ་ཐིག་ལེའི་ཡིག་དྲུག་གི །ཨེ་ཝཾ་ཟུང་སྦྱོར་འགྲུབ་པར་བྱིན་གྱིས་རློབས། ༈ །དྲིལ་བུ་རིམ་ལྔའི། རྡོ་རྗེ་འཆང་ཆེན་ཕག་མོ་དྲིལ་བུ་པ། །རུས་སྦལ་ཞབས་དང་ཛཱ་ལནྡྷ་ར་པ། །སྤྱོད་འཆང་དབང་པོ་གུ་ཧྱ་རྣམ་པར་རྒྱལ། །ཏཻ་ལོ་ནཱ་རོ་ཕམ་མཐིང་མལ་ལོ་ཙཱ། །ས་ཆེན་བསོད་རྩེ་གྲགས་རྒྱལ་པཎྜི་ཏ། །བརྩོན་འགྲུས་རྡོ་རྗེ་ཡང་རྩེ་རིན་ཆེན་སེང༌། །བཀྲ་ཤིས་བཟང་པོ་ཁྱུང་ལྷས་ཤར་པ་དང༌། །ངོར་ཆེན་གུ་གེ་པཎ་ཆེན་བསོད་ལྷུན་མཆོག །སོགས། བྱིན་རླབས་སྒོ་ཕྱེ་རིམ་ལྔ་ལམ་གྱི་ཁྲིད། །བདག་བྱིན་རླབས་སོགས་ཕྲ་ཐིག་གནད་སྦྱོར་གྱིས། །ཡུལ་སེམས་བདེ་བ་ཆེན་པོར་ལེགས་སྦྱངས་ནས། །བསམ་མི་ཁྱབ་གནས་འགྲུབ་པར་བྱིན་གྱིས་རློབས། །ནག་པོ་རིམ་བཞིའི། ས་པཎ་ཡན་སྔ་མ་ལྟར་ལ། ཆོས་རྒྱལ་འཕགས་པ་ཞང་སྟོན་བྲག་ཕུག་པ། །བློ་གྲོས་བརྟན་པ་དཔལ་ཚུལ་ཤར་པ་རྗེ། །ངོར་ཆེན་གུ་གེ་པཎ་ཆེན་གློ་བོ་མཁན། །སོགས། རྒྱུད་རིམ་ལེགས་སྦྱངས་སྔགས་རིམ་བསྒོམས་པའི་མཐུས། །ཉམས་རྟོགས་ཡེ་ཤེས་རིམ་པའི་འཆར་སྒོ་དང༌། །གསང་བ་རླུང་གི་གནད་འཐེམས་དེ་ཉིད་ཀྱིས། །འབྲས་བུའི་ལམ་རིམ་འགྲུབ་པར་བྱིན་གྱིས་རློབས། །བདེ་མཆོག་དཀར་པོའི། འཁོར་ལོ་བདེ་མཆོག་རྡོ་རྗེ་རྣལ་འབྱོར་མ། །ཤཱཀྱ་ཤྲཱི་དང་ས་སྐྱ་པཎྜི་ཏ། །གཡག་སྡེ་ལོ་ཙཱ་སངས་རྒྱས་ཡེ་ཤེས་དང༌། །མཁན་ཆེན་བསོད་གྲགས་གྲགས་པ་ཚུལ་ཁྲིམས་པ། །བྱང་སེམས་བྱ་སྡེང་ས་བཟང་འཕགས་
པ་མཆོག །ཀུན་དགའ་བཟང་པོ་བསོད་ནམས་དབང་ཕྱུག་དང༌། །དྲུང་བཙུན་དཔལ་རྒྱལ་སངས་རྒྱས་རིན་ཆེན་ཞབས། །སོགས། གསལ་སྟོང་འཛིན་མེད་བསྐྱེད་རིམ་རྣལ་འབྱོར་དང༌། །བདེ་སྟོང་འཛིན་མེད་ཐིག་ལེའི་རྣལ་འབྱོར་དང༌། །རིགས་སྟོང་འཛིན་མེད་དོན་དམ་རྣལ་འབྱོར་གྱིས། །ཟུང་འཇུག་ལྷན་སྐྱེས་རྟོགས་པར་བྱིན་གྱིས་རློབས། ༈ །རྡོ་རྗེའི་གདན་བཞིའི། རྡོ་རྗེ་འཆང་དབང་ཆུ་ཤིང་སྙེ་མ་ཅན། །མར་པ་ཆོས་བློ་རྔོག་སྟོན་ཆོས་རྡོར་བ། །ཞེ་སྡང་རྡོ་རྗེ་རྒྱ་ཚ་ར་མོ་དང༌། རྔོག་ཚ་ཆོས་སྐུ་དང་ནི་དཀོན་མཆོག་དཔལ། །དྲན་སྟོན་མཐའ་བྲལ་ཤེས་རབ་བཟང་པོ་དང༌། །མན་ལུང་གུ་རུ་ཀུན་མཁྱེན་རྣམ་པ་གཉིས། །ཚུལ་ཁྲིམས་མགོན་པོ་རྡོག་སྟོན་བྱང་ཆུབ་དཔལ། །བཀྲ་ཤིས་དཔལ་གྲུབ་བོ་དྷི་ཤྲཱིའི་མཚན། །བྱང་ཆུབ་གྲགས་པ་བློ་གྲོས་དཔལ་བཟང་པོ། །སོགས། མཆན་ཁུང་སྦྱོར་བ་བ་ནུའི་བསམ་གཏན་དང༌། །ཆུ་ཤིང་སྙེ་མ་བ་གླང་རྨིག་རྗེས་སོགས། །ཡི་གེ་བཅུ་གསུམ་བསྒོམ་པའི་ཏིང་འཛིན་གྱིས། །རྣལ་འབྱོར་ནམ་མཁའ་འགྲུབ་པར་བྱིན་གྱིས་རློབས། ༈ །མ་ཧཱ་མཱ་ཡའི། རྡོ་རྗེ་འཆང་ཆེན་ཡེ་ཤེས་མཁའ་འགྲོ་མ། །ཀུ་ཀུ་རི་པ་མར་པ་ལོ་ཙཱ་བ། །ཆོས་སྐུ་རྡོ་རྗེ་མདོ་སྡེ་ཀུན་དགའ་དང༌། །གཟི་བརྗིད་རིན་ཆེན་བཟང་པོ་ཆོས་རྒྱལ་པ། །དོན་གྲུབ་དཔལ་དང་རྔོག་སྟོན་བྱང་ཆུབ་དཔལ། །བཀྲ་ཤིས་དཔལ་ཕྱིན་སྔར་བཞིན་ལ། གཤམ། རྨོངས་པས་གྲོལ་བའི་བསྐྱེད་རིམ་ཐབས་མཁས་དང༌། །དམན་པ་དབྱིབས་དང་ཟབ་པ་སྔགས་ཀྱི་ལམ། །མཐར་ཐུག་ཆོས་ཀྱི་ཕྱག་རྒྱ་ཆེན་པོའི་དང༌། རྣལ་འབྱོར་རྣམ་གསུམ་འགྲུབ་པར་བྱིན་གྱིས་རློབས། ༈ །བོང་བུའི་ཕྲ་ཐིག་གི། འཁོར་ལོ་བདེ་མཆོག་རྡོ་རྗེ་ཕག་མོ་དང༌། །སྐལ་ལྡན་བྱང་ཆུབ་འཚོ་བའི་བྱང་ཆུབ་ཆེ། །མ་ཧཱ་པོ་དྷི་བསམ་གཏན་འོད་ཟེར་པ། །གུ་གེ་གྲགས་རྒྱལ་མཁན་ཆེན་བསོད་ལྷུན་ཞབས། །སོགས། སྙིང་དབུས་ཐིག་ལེའི་སྣང་
བའི་མེ་ལོང་ལས། །སྒོ་ལྔའི་རྣམ་ཤེས་ཡུལ་སྣང་ཇི་སྙེད་ཀུན། །དེར་འཛིན་མེད་པའི་ཕྲ་ཐིག་རྣལ་འབྱོར་གྱིས། །ཆོས་སྐུ་མཁའ་འདྲ་འཆར་བར་བྱིན་གྱིས་རློབས། ༈ །ཕག་མོའི་སྒོམ་དྲུག་གི །རྡོ་རྗེ་རྣལ་འབྱོར་མ་དང་ལྕམ་ལེགས་སྨིན། །བི་རཱུ་པ་དང་ཨ་བ་དྷཱུ་ཏི་པ། །ལྡོང་ངར་རྒྱལ་པ་བྱིན་དང་སངས་རྒྱས་བྱིན། །ཧ་དུ་དཀར་པོ་དཔྱལ་ལོ་ཀུན་རྡོར་པ། །ཀུན་གྲགས་ཆོས་བཟང་རོང་པ་རྒྭ་ལོ་དང༌། །ཤེར་སེང་བག་སྟོན་ཚུལ་རྒྱལ་དཔལ་ཚུལ་བ། །སངས་རྒྱས་དཔལ་དང་ངོར་ཆེན་ཀུན་དགའི་ཞབས། །གུ་གེ་པཎ་ཆེན་བསོད་ནམས་ལྷུན་གྲུབ་པ། །སོགས། སྒོམ་པ་བསྐྱེད་རིམ་ལྷ་ཡི་གསལ་སྣང་དང༌། །བཟླས་བརྗོད་སྔགས་ཀྱི་དམིགས་སྦྱོར་ཉམས་ལེན་གནད། །སེམས་ཉིད་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང༌། །སྒོམ་དྲུག་མཐར་ཕྱིན་འགྱུར་བར་བྱིན་གྱིས་རློབས། ༈ །ནཱ་རོ་ཆོས་དྲུག་གི །རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་པ། །མར་པ་མི་ལ་དྭགས་པོ་དུས་གསུམ་མཁྱེན། །རས་ཆེན་སྤོམ་བྲག་གྲུབ་ཆེན་ཀརྨ་པ། །གཉན་རས་རང་བྱུང་མགོན་པོ་རྒྱལ་མཚན་པ། །རོལ་རྡོར་མཁའ་སྤྱོད་དབང་པོ་དེ་བཞིན་གཤེགས། །སོག་དབོན་རིག་རལ་མཐོང་བ་དོན་ལྡན་ཞབས། །འཇམ་དཔལ་བཟང་པོ་ཆོས་གྲགས་རྒྱ་མཚོ་དང༌། །སྐྱབས་ཆེ་རྟོགས་ལྡན་ཏྲེ་ཧོ་ཆོས་རྒྱ་མཚོ། །སོགས། །གཏུམ་མོའི་བདེ་དྲོད་སྒྱུ་ལུས་ཇི་བཞིན་རྟོགས། །རྨི་ལམ་འོད་གསལ་འཕོ་བ་བར་དོ་འབྱོངས། །ཆོས་དྲུག་ལམ་གྱི་མྱོང་རྟོགས་མཐར་ཕྱིན་ཏེ། །རྡོ་རྗེ་འཆང་དངོས་འགྲུབ་པར་བྱིན་གྱིས་རློབས། ༈ །ནི་གུས་ཆོས་དྲུག་གི །རྡོ་རྗེ་འཆང་ཆེན་མཁའ་འགྲོ་ནི་གུ་མ། །ཁྱུང་པོ་རྣལ་འབྱོར་རྨོག་ལྕོག་སྐྱེར་སྒང་པ། །གཉན་སྟོན་སངས་རྒྱས་སྟོན་པ་ཤངས་སྟོན་རྗེ། །ཁྱུང་པོ་ཚུལ་མགོན་རི་ཁྲོད་རས་ཆེན་པ། །ཤངས་དཀར་རིན་རྒྱལ་སྐུང་ལུང་སངས་རྒྱས་དཔལ། །ནམ་
མཁའ་རྒྱལ་མཚན་རྒྱ་སྒོམ་ལེགས་རྒྱལ་མཚན། །སོགས། གཏུམ་མོའི་བདེ་དྲོད་སྒྱུ་མའི་རང་ཉམས་དང༌། །རྨི་ལམ་ལེགས་ཟིན་རྩོལ་མེད་འོད་གསལ་འཆར། །འཕོ་མེད་ལེགས་རྟོགས་བར་དོ་དང་པོ་ལ། །རང་སེམས་ཆོས་སྐུ་འཆར་བར་བྱིན་གྱིས་རློབས། ༈ །ཕྱག་ཆེན་གྭའུ་མའི། བརྒྱུད་འདེབས་དེ་ཉིད་ལས། སྔོན་འགྲོ་རང་བབས་རྣམ་གསུམ་གནད་ལ་དབབ། །དངོས་གཞི་སྐྱོན་བཞི་ལས་གྲོལ་ཉམས་ལེན་གྱིས། །མཐར་ཐུག་སྐུ་བཞི་རང་ཤར་ལྷུན་གྱིས་གྲུབ། །ཕྱག་ཆེན་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། ༈ །ལམ་ཁྱེར་རྣམ་གསུམ་གྱི། བརྒྱུད་འདེབས་དེ་ཉིད་ལས། སྤྱོད་ལམ་ཀུན་ཏུ་སྣང་བ་སྣ་ཚོགས་ཀུན། །བླ་མ་ཡི་དམ་སྒྱུ་མ་ལམ་ཁྱེར་ནས། །སེམས་ཉིད་འོད་གསལ་འཛིན་མེད་གནད་ཀྱིས་ནི། །མཚན་རྟོག་རང་སར་གྲོལ་བར་བྱིན་གྱིས་རློབས། ༈ །འཆི་མེད་ཀྱི། བརྒྱུད་འདེབས་དེ་ཉིད་ལས། བློས་བྱས་སྩོལ་པའི་དྲི་མ་ཀུན་སྤངས་ཤིང༌། །ཐ་མལ་འཛིན་པའི་ཞེན་པ་རང་དག་ནས། །སྣང་ལ་རང་བཞིན་མེད་པ་ལྷ་ཡི་སྐུ། །རང་སེམས་འཆི་མེད་རྟོགས་པར་བྱིན་གྱིས་རློབས། །སུ་ཁ་ཆོས་དྲུག་གི །བཅོམ་ལྡན་རྡོ་རྗེ་འཆང་དང་བདག་མེད་མ། །བིརཱུ་པ་དང་སུ་ཁ་སིདྡྷིའི་ཞབས། །ཁྱུང་པོ་རྣལ་འབྱོར་རྨོག་ལྕོག་སྐྱེར་སྒང་པ། །ཆོས་ཀྱི་ཤེས་རབ་བརྩོན་འགྲུས་སེང་གེའི་ཞབས། །ཤངས་སྟོན་རིག་རྡོར་ཞུ་སྟོན་ཚུལ་ཁྲིམས་མགོན། །ཆོས་དཔལ་བཟང་པོ་ཚུལ་ཁྲིམས་རྒྱལ་མཚན་དང༌། །མཁྱེན་རབ་ཆོས་རྗེ་གཞོན་ནུ་མཆོག་གྲུབ་པ། །སོགས། གཏུམ་མོའི་བཞི་བཟུང་སྒྱུ་ལུས་ལེགས་འབྱོངས་ཤིང༌། །རྨི་ལམ་དབང་འབྱོར་འོད་གསལ་མངོན་གྱུར་ནས། །འཕོ་པ་བར་དོ་ཆོས་དྲུག་ཉམས་ལེན་གྱིས། །མཐར་ཐུག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། ༈ །ལྟེ་བ་སྤྲུལ་འཁོར་གྱི། བཅོམ་ལྡན་རྡོ་རྗེ་འཆང་དང་བདག་མེད་མ། །སུ་ཁ་སིདྡྷི་ཨཱརྻ་དེ་བ་དང༌། །ཁྱུང་པོ་རྨོག་ལྕོགས་སྐྱེར་སྒང་གཉན་སྟོན་པ། །
སངས་རྒྱས་སྟོན་པ་གཙང་མ་ཤངས་སྟོན་ཞབས། །ཚུལ་ཁྲིམས་མགོན་པོ་རི་ཁྲོད་རས་ཆེན་པ། །ཤངས་དཀར་རིན་རྒྱལ་སངས་རྒྱས་དཔལ་བཟང་པོ། །ནམ་མཁའ་རྒྱལ་མཚན་རྒྱ་སྒོམ་ལེགས་རྒྱལ་བ། །སོགས། ལྟེ་བ་སྤྲུལ་འཁོར་རང་ལུས་རྟེན་གྱི་ཞིང༌། །རྩ་རླུང་ཐིག་ལེའི་ཉམས་ལེན་སོས་ཆར་གྱིས། །ཟག་མེད་བདེ་ཆེན་འབྲས་བུ་ཡོངས་སྨིན་ནས། །དངོས་གྲུབ་རྣམ་གསུམ་འགྲུབ་པར་བྱིན་གྱིས་རློབས། ༈ །ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང༌། །མར་པ་མི་ལ་དྭགས་པོ་ཕག་གྲུ་རྗེ། །གླིང་རས་རྒྱ་རས་རྒོད་ཚང་ཡང་དགོན་པ། །སྤྱན་སྔ་ཟུར་ཕུག་པ་དང་ཤེས་རབ་འབུམ། །རྒྱལ་སྲས་ཐོགས་མེད་བཟང་པོ་གཉན་རས་དང༌། །རྒྱལ་དབང་རྗེ་དང་ངག་དབང་ཆོས་ཀྱི་རྒྱལ། །སོགས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་འོད། །སྣང་སེམས་དབྱེར་མེད་བདེ་སྟོང་ལྷན་ཅིག་སྐྱེས། །ལྷན་སྐྱེས་རང་ངོ་ཤེས་པར་བྱིན་གྱིས་རློབས། ༈ །ལྔ་ལྡན་གྱི། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང༌། །མར་པ་མི་ལ་དྭགས་པོ་ཕག་གྲུ་པ། །འཇིག་རྟེན་གསུམ་མགོན་བསོད་གྲགས་རྡོ་རྗེ་གྲགས། །ཐོག་ལ་མཚམས་བཅད་བཅུ་གཉིས་ཉེར་བརྒྱད་པ། །སྨན་པ་སྒོམ་ཆེན་ལ་ཕྱི་འདུལ་བ་འཛིན། །ངག་དབང་གྲགས་པ་ཤཱཀ་མཆོག་སྤྱང་ལུང་པ། །སོགས། དོན་དམ་བྱང་སེམས་རང་ཞལ་ལྷ་ཡི་སྐུ། །མོས་གུས་ཕྱག་ཆེན་ངང་ནས་ཡོད་པའི་དགེ །སྔོ་བྱེད་ལྔ་ལྡན་འབྲེལ་བའི་ཉམས་ལེན་རྣམས། །དགོངས་གཅིག་ཇི་བཞིན་རྟོགས་པར་བྱིན་གྱིས་རློབས། ༈ །ཡི་གེ་བཞི་པའི། རྡོ་རྗེ་འཆང་ཆེན་རྡོ་རྗེ་སྙིང་པོ་དང༌། །ཏཻ་ལོ་ནཱ་རོ་མར་པ་མི་ལ་རྗེ། །དྭགས་པོ་ཕག་གྲུ་སྒྱེར་ཞིག་གཞོན་ནུ་འོད། །ཆོས་སྐུ་འོད་ཟེར་ཐུགས་རྗེ་བརྩོན་འགྲུས་བ་ཞབས། །རྒྱལ་བ་ཡེ་ཤེས་བློ་གྲོས་བཟང་པོ་དང༌། །སྨན་སྒོམ་ལ་ཕྱི་འདུལ་འཛིན་ངག་དབང་གྲགས། །ཟི་ལུང་པཎ་ཆེན་གཞོན་ནུ་མཆོག་གྲུབ་པ། །སོགས། །དང་པོ་སེམས་
ཀྱི་གཞི་རྩ་ལེགས་བཅད་ཅིང༌། །བར་དུ་བཞག་ཐབས་གོལ་སའི་གཡང་བསྲུངས་ནས། །ཐ་མར་སེམས་ཀྱི་ལམ་ཁྱེར་གནད་འདྲིལ་གྱིས། །གནས་ལུགས་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས། ༈ །སྐུ་གསུམ་ངོ་སྤྲོད་ཀྱི། རྡོ་རྗེ་འཆང་ཆེན་བློ་གྲོས་རིན་ཆེན་དང༌། །ཤ་བ་རི་པ་མེ་ཏྲི་ཏེ་ཕུ་པ། །ཀརྨ་པཀྵི་ཨོ་རྒྱན་རང་བྱུང་ཞབས། །གཡུང་སྟོན་རོལ་པའི་རྡོ་རྗེ་མཁའ་སྤྱོད་དབང༌། །དེ་བཞིན་གཤེགས་པ་སོག་དབོན་རིག་རལ་རྗེ། །མཐོང་བ་དོན་ལྡན་བན་སྒར་འཇམ་དཔལ་བཟང༌། །ཆོས་གྲགས་རྒྱ་མཚོ་ཀརྨ་ཕྲིན་ལས་པ། །སོགས། པུལླ་ཧ་རི་སྟེང་འོག་བར་གསུམ་དུ། །ཅིར་སྣང་སྐུ་གསུམ་ཉིད་དུ་ངོ་སྤྲོད་པའི། །གནད་དོན་ཇི་བཞིན་རྟོགས་པའི་གདིང་ཐོབ་ནས། །རང་གཞན་བདེ་ལ་འགོད་པར་བྱིན་གྱིས་རློབས། ༈ །རླུང་སེམས་དབྱེར་མེད་ཀྱི། རྡོ་རྗེ་འཆང་ཆེན་ཕག་མོ་ནཱ་རོ་པ། །མར་པ་མི་ལ་དྭགས་པོ་དུས་གསུམ་མཁྱེན། །འགྲོ་མགོན་རས་ཆེན་རྒྱལ་སྲས་སྤོམ་བྲག་པ། །ཀརྨ་པཀྵི་གཉན་རས་རང་བྱུང་ཞབས། །མགོན་པོ་རྒྱལ་མཚན་རོལ་པའི་རྡོ་རྗེ་དང༌། །ཡེ་ཤེས་དཔལ་བ་མཚུར་ཕུ་འཇམ་དབྱངས་ཆེ། །སྐྱབས་ཆེ་རྟོགས་ལྡན་ཏྲེ་བོ་ཆོས་རྒྱ་མཚོ། །སོགས། བསྐྱེད་རིམ་ཟབ་ཁྱད་ལྷན་ཅིག་སྐྱེས་པ་དང༌། །རྫོགས་རིམ་ཟབ་ཁྱད་རླུང་སེམས་དབྱེར་མེད་གནད། །ཉམས་ལེན་ཐབ་ཁྱད་བསྐྱེད་རྫོགས་མྱུར་བདེ་ཡིས། །གདམས་པའི་ཟབ་ཁྱད་འགྲུབ་པར་བྱིན་གྱིས་རློབས། ༈ །ཆོས་དྲུག་སུས་མཁར་མའི། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང༌། །མར་པ་མདོ་སྡེ་གུ་རུ་ཆོས་དབང་ཕྱུག །རིན་ཆེན་དབང་རྒྱལ་རུ་མཚམས་སྒོམ་པ་ཆེ། །སྐྱིད་ཕུག་འོལ་སྒོམ་བྱང་གླིང་སངས་རྒྱས་དབོན། །རིན་ཆེན་གཅུད་དང་བཀའ་བཞི་རིན་རྒྱལ་བ། །མཁན་ཆེན་སེང་གེ་དཔལ་དང་རྔོག་བྱང་དཔལ། །བཀྲ་ཤིས་དཔལ་གྲུབ་བྱང་ཆུབ་དཔལ་བ་དང༌། །བྱང་ཆུབ་གྲགས་པ་བློ་གྲོས་དཔལ་བཟང་པོ། །སོགས། གསུང་མཆོག་བདུད་རྩི་གཏད་རྒྱ་སྨོན་ལམ་མཐུས། །
ཉམས་ལེན་གེགས་མེད་ཇི་བཞིན་མཐར་སོན་ནས། །མར་པ་ཡབ་སྲས་དགོངས་དོན་རྨད་བྱུང་བ། །སྐལ་བཟང་ངེས་ཤེས་འདྲོངས་པར་བྱིན་གྱིས་རློབས། ༈ །རྔོག་པའི་བསྲེ་འཕོའི། རྡོ་རྗེ་འཆང་ཆེན་ཀླུ་སྒྲུབ་འཕགས་པ་ལྷ། །ཏཻ་ལོ་ནཱ་རོ་མར་པ་རྔོག་ཆོས་རྡོར། །ཞེ་སྡང་རྡོ་རྗེ་ཀུན་དགའ་གཟི་བརྗིད་གྲགས། །རིན་བཟང་ཆོས་ཀྱི་རྒྱལ་མཚན་དོན་གྲུབ་དཔལ། །བྱང་དཔལ་བཀྲ་ཤིས་དཔལ་གྲུབ་བོ་དྷི་ཤྲཱི། །བྱང་ཆུབ་གྲགས་པ་བློ་གྲོས་དཔལ་བཟང་པོ། །སོགས། གཏུམ་མོ་འདོད་ཆགས་སྒྱུ་ལུས་ཆགས་སྡང་དང༌། །གཏི་མུག་འོད་གསལ་ལམ་དུ་འཚམས་སྦྱོར་ནས། །དུག་གསུམ་བསྲེ་འཕོའི་གསང་སྔགས་ཉམས་ལེན་གྱིས། །གསེར་འགྱུར་རྩི་སྨན་འགྲུབ་པར་བྱིན་གྱིས་རློབས། ༈ །སྙན་གྱི་ཤོག་དྲིལ་བཞིའི། རྡོ་རྗེ་འཆང་ཆེན་ཌཱ་ཀི་རུས་རྒྱན་ཅན། །པེན་དྷ་པ་དང་མར་པ་མཚུར་དབང་དེ། །གཉགས་སྒོམ་དམར་པོ་མདུང་རྩེ་ཉི་མ་ལུང༌། །མགར་རས་རྩེ་གང་སྙེ་མདོ་གཡུང་སྟོན་པ། །བླ་ཆེན་བསོད་བཟང་ཚུལ་ཁྲིམས་མགོན་པོ་དང༌། །བསོད་ནམས་རྒྱལ་མཚན་གཉགས་ཕུ་སེང་དཔལ་བ། །བྱང་དཔལ་བཀྲ་ཤིས་དཔལ་གྲུབ་བོ་དྷི་ཤྲཱི། །བྱང་ཆུབ་གྲགས་པ་བློ་གྲོས་དཔལ་བཟང་པོ། །སོགས། གདན་བཞི་མཱ་ཡཱ་གསང་འདུས་དགྱེས་རྡོར་བཞིའི། །རྒྱུད་དོན་ཁོལ་བྱུང་སྙན་གྱི་ཤོག་དྲིལ་ལྟར། །དམ་ཚིག་ལྡན་ལས་བརྩོན་པས་བསྒོམས་པའི་མཐུས། །ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། ༈ །རས་ཆུང་སྙན་བརྒྱུད་ཀྱི། རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མ། །ཏཻ་ལོ་ནཱ་རོ་མར་པ་མི་ལ་རྗེ། །རས་ཆུང་རྡོར་གྲགས་ཁྱུང་ཚང་ཡེ་ཤེས་བླ། །མ་གཅིག་ཨང་ཙོ་ཞང་ལོ་བྱང་ཆུབ་འོད། །འགྲོ་མགོན་དྷ་ར་བྱང་སེམས་བསོད་རྒྱལ་མཚན། །ཀུན་ལྡན་རས་པ་གཟི་བརྗིད་རྒྱལ་མཚན་དང༌། །རིན་ཆེན་རྒྱ་མཚོ་སློབ་དཔོན་ཆོས་གྲགས་པ། །བྱང་ཆུབ་བཟང་
པོ་རབ་འབྱོར་སེང་གེ་དང༌། །ཆོས་གྲུབ་སེང་གེ་ལོ་ཙཱ་རིན་ཆེན་བཟང༌། །སོགས། སྟེང་སྒོ་རྣམ་པར་གྲོལ་བའི་ཆོས་དྲུག་དང༌། །འོག་སྒོ་བདེ་ཆེན་མཁའ་འགྲོ་གསང་བའི་ལམ། །སྐལ་བཟང་རྨད་དུ་བྱུང་བའི་ལམ་སྲོལ་གྱིས། །གསང་སྔགས་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ལུས་མེད་མཁའ་འགྲོའི་ཆོས་སྐོར་ཀྱི། རྡོ་རྗེ་འཆང་ཆེན་ལུས་མེད་མཁའ་འགྲོ་མ། །ཏཻ་ལོ་ནཱ་རོ་དྲི་མེད་བཤེས་གཉེན་ཞབས། །རས་ཆུང་རྡོར་གྲགས་མན་སྔར་ལྟར་ལ་གཤམ། །བུ་གཅིག་རས་ཆུང་དཀའ་བའི་ཁུར་བླངས་ནས། །ལུས་མེད་ལྷག་ལྔས་བླ་མའི་དགོངས་ཚིམས་ལྟར། །མ་བུ་ཟུང་འབྲེལ་གསང་སྔགས་གདམས་པའི་མཛོད། །ནམ་ཡང་ཉམས་པ་མེད་པར་བྱིན་གྱིས་རློབས། ༈ །ཞང་ཚལ་པའི་ཁྲིད་སྐོར་གྱི། རྡོ་རྗེ་འཆང་ནས་ཁྱད་པར་བརྒྱུད་པའི་སྲོལ། །ཡིན་ངེས་རྣམ་བཞི་དྭགས་པོ་སྒོམ་ཚུལ་དང༌། །དཔལ་ཆེན་རྒ་ལོ་མལ་སྟོན་ཡེར་པ་བ། །དངུལ་ཆུ་བཻ་རོ་ཚལ་པ་བརྩོན་འགྲུས་གྲགས། །ཤཱཀྱ་ཡེ་ཤེས་སངས་རྒྱས་གཞོན་ནུ་ཆེ། །སངས་རྒྱས་སྙིང་པོ་གསེར་སྟེང་སངས་རིན་པ། །ཤཱཀྱ་འབུམ་པ་ཤཱཀྱ་བསོད་ནམས་དང༌། །ཆོས་བཟང་གྲགས་སྟོན་བསོད་ནམས་གྲུབ་གྲགས་པ། །རྟོགས་ལྡན་ལྷུན་བདེ་ངག་དབང་སྤྲུལ་པའི་སྐུ། །སོགས། ཞང་གི་ཟབ་རྒྱའི་རྟོགས་པ་སེང་གེའི་སྒྲས། །སྐལ་མེད་ཝ་སྐྱེས་ཚོགས་རྣམས་འདར་བྱེད་པའི། །ངོ་མཚར་གསང་བ་ཆེན་པོའི་ཆོས་ཚུལ་ལ། །ཐེ་ཚོམ་འཁུ་འཁྲིགས་མེད་པར་བྱིན་གྱིས་རློབས། ༈ །རྒྭ་ལོའི་སྦྱོར་དྲུག་སྐོར་གྱི། དུས་ཀྱི་འཁོར་ལོ་ཙཱ་མི་སངས་རྒྱས་གྲགས། །ཨ་བྷ་ཡ་དང་དཔལ་ཆེན་རྒྭ་ལོ་ཙཱ། །བླ་མ་ཞང་དང་རོ་སྙོམས་ལྷུན་གྲུབ་པ། །ཡང་དགོན་སྤྱན་སྔ་བ་དང་ཟུར་ཕུག་པ། །རྒྱལ་མཚན་དཔལ་བཟང་འཇམ་དབྱངས་ཆོས་ཀྱི་རྗེ། །ཀུན་དར་རས་མ་གྲགས་པ་དཔལ་འབྱོར་དང༌། །རིན་ཆེན་ཆོས་དར་པཎ་ཆེན་ཨ་མོ་གྷ། །སོགས། སྦྱོར་དྲུག་རིན་ཆེན་
བཙན་ཐབས་ཕྲ་མིག་ཅན། །མཆོག་གྲུབ་ལམ་གྱི་གཞུང་ལམ་བསྟེན་པ་དང༌། །ལུས་ཀྱི་གཏུམ་མོ་ཞག་བདུན་མེ་འོད་ཀྱིས། །ཞུ་བདེ་རྩ་རླུང་འབྱོངས་པར་བྱིན་གྱིས་རློབས། ༈ །འཕགས་གྲུ་ཐེལ་སྐོར་གྱི། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་པ། །མར་པ་མི་ལ་དྭགས་པོ་རྡོ་རྗེ་རྒྱལ། །འཇིག་རྟེན་གསུམ་མགོན་སྤྱན་སྔ་གྲགས་པ་འབྱུང༌། །རིན་རྡོར་གྲགས་རྒྱལ་རིན་ཆེན་རྒྱལ་མཚན་དང༌། །གྲགས་པ་གཞོན་ནུ་བསོད་ནམས་རྒྱལ་མཚན་པ། །སྦྱང་ལུང་པཎ་ཆེན་གཞོན་ནུ་ཆོས་གྲུབ་ཞབས། །སོགས། ཕག་མོའི་བརྡ་དབང་འཕྲུལ་གྱི་ལྡེ་མིག་གིས། །གསང་ཆེན་གདམས་པའི་མཛོད་སྒོ་ལེགས་ཕྱེ་ནས། །ཆོས་དྲུག་ཕྱག་ཆེན་ཉམས་ལེན་ནོར་བུའི་ཏོག །སྒྲུབ་པའི་རྒྱལ་མཚན་འཛིན་པར་བྱིན་གྱིས་རློབས། ༈ །འབྲི་གུང་སྐོར། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང༌། །མར་པ་མི་ལ་དྭགས་པོ་ཕག་གྲུ་པ། །འཇིག་རྟེན་མགོན་པོ་དབོན་པོ་བསོད་ནམས་གྲགས། །རྡོར་གྲགས་ཐོག་ཁ་བ་དང་མཚམས་བཅད་པ། །བཅུ་གཉིས་པ་དང་ཉེར་བརྒྱད་ཆོས་ཀྱི་རྒྱལ། །སྨན་སྒོམ་པ་དང་ལ་ཕྱི་འདུལ་འཛིན་པ། །ངག་དབང་ཆོས་རྒྱལ་སྟག་ལུང་སྤྲུལ་པའི་སྐུ། །སོགས། སངས་རྒྱས་ཐམས་ཅད་དགོངས་པ་གཅིག་གྱུར་ལ། །དྲང་ངེས་རྟོག་གེའི་རླུང་གིས་མི་གཡོ་བར། །བཅུ་ཆོས་གདམས་པའི་གཟེར་བུ་ལེགས་བཏབ་ནས། །གཅིག་ཤེས་ཀུན་གྲོལ་རྟོགས་པར་བྱིན་གྱིས་རློབས། ༈ །སྟག་ལུང་སྐོར། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང༌། །མར་པ་མི་ལ་དྭགས་པོ་ཕག་གྲུ་པ། །ཐང་པ་བཀྲ་ཤིས་དཔལ་དང་སྐུ་ཡལ་བ། །སངས་རྒྱས་ཡར་བྱོན་བཀྲ་ཤིས་བླ་མ་དང༌། །སངས་རྒྱས་དཔལ་བ་རཏྣ་ཀ་ར་དང༌། །རཏྣ་གུ་རུ་ཀུན་སྤངས་བཀྲ་ཤིས་བརྩེགས། །བྱང་ཆུབ་རྒྱ་མཚོ་ངག་དབང་གྲགས་པའི་དཔལ། །རྣམ་རྒྱལ་གྲགས་པ་སྟག་ལུང་སྤྲུལ་པའི་སྐུ། །སོགས། ཡིད་བཞིན་ནོར་བུ་
གོང་མས་ཕྱེ་པའི་སྲོལ། །བཀྲ་ཤིས་དཔལ་རབ་བརྩེགས་པའི་འོད་དཀར་ཕྲེང༌། །སླར་ཡང་ཡིད་བཞིན་ནོར་མཆོག་ཇི་བཞིན་དུ། །འཁྲུལ་མེད་ལམ་ལ་འཇུག་པར་བྱིན་གྱིས་རློབས། ༈ །བར་འབྲུག་སྐོར། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང༌། །མར་པ་མི་ལ་དྭགས་པོ་ཕག་གྲུ་རྗེ། །ཏེ་ཕུ་པ་དང་རས་ཆུང་རྡོ་རྗེ་གྲགས། །རྒྱལ་བ་ལོ་དང་སུམ་པ་གླིང་རྗེ་རས། །སངས་རྒྱས་རབས་བདུན་དཔོན་རས་དར་མ་སོང༌། །གཞོན་ནུ་སེང་གེ་ཉི་མ་སེང་གེ་དང༌། །ཤེར་སེང་སྤོས་སྐྱ་རིན་ཆེན་སེང་གེ་པ། །སེང་གེ་རྒྱལ་པོ་འཇམ་དབྱངས་ཀུན་སེང་དང༌། །རྡོ་རྗེ་རིན་ཆེན་འཇམ་དབྱངས་བློ་གྲོས་སེང༌། །མཁྱེན་བརྩེ་རྟོགས་ལྡན་ནམ་མཁའི་རྣལ་འབྱོར་པ། །རྒྱལ་དབང་ཤཱཀ་འཕེལ་ངག་དབང་ཆོས་ཀྱི་རྒྱལ། །སོགས། སྐུ་གསུམ་བླ་སྒྲུབ་མོས་གུས་བང་མཛོད་ནས། །རྟེན་འབྲེལ་ཕྲ་རྒྱས་འདོད་དགུའི་གཏེར་ཕྱུང་སྟེ། །ཆོག་ཤེས་རོ་སྙོམ་ལྡན་པའི་སྦྱིན་པ་ཡིས། །སྒྲུབ་བརྒྱུད་དབུལ་བ་སེལ་བར་བྱིན་གྱིས་རློབས། ༈ །སྨད་འབྲུག་སྐོར་གྱི། རྡོ་རྗེ་འཆང་ཆེན་ཏཻ་ལོ་ན་རོ་དང༌། །མར་པ་མི་ལ་དྭགས་པོ་ཕག་གྲུའི་ཞབས། །གླིང་རས་རྒྱ་རས་ལོ་རས་དར་མ་དབང༌། །དགའ་ལྡན་པ་དང་བསོད་དར་འགིར་ཕུ་པ། །འོད་ཟེར་རྒྱ་མཚོ་སངས་རྒྱས་རས་པ་དང༌། །སྐྱེས་མཆོག་སྨོན་ལམ་པ་དང་གཡམ་སྐྱིལ་བ། །བློ་གྲོས་ཆོས་རྒྱལ་ངག་དབང་སྤྲུལ་པའི་སྐུ། །སོགས། ཚེ་འདི་བློས་བཏང་ཞེན་མེད་རྣལ་འབྱོར་པ། །ཐུབ་པ་ལྔ་ལྡན་གདམས་པའི་སྲོག་བཟུང་ནས། །གཉན་ཁྲོད་མི་མེད་ལུང་སྟོང་གནས་རྣམས་སུ། །འཆི་ཆོས་ལམ་དུ་ལོངས་པར་བྱིན་གྱིས་རློབས། ༈ །སྟོང་འབྲུག་སྐོར་གྱི། བཀའ་བཞི་བརྒྱུད་པའི་བཅུད་འདུས་ཏཻ་ལོ་པ། །ནཱ་རོ་ཏཱ་པ་མར་བ་མི་ལ་དང༌། །དྭགས་པོ་ཕག་གྲུ་གླིང་རས་རྒྱ་རས་རྗེ། །ཀོ་བྲག་རྒོད་ཚངས་པ་ཎ་འབྲི་གུང་དབོན། །རིན་ཆེན་རྣམ་བཞིའི་ཐུགས་སྲས་ཡང་དགོན་པ། །སྤྱན་སྔ་ཟུར་ཕུག་པ་དང་འབའ་ང་བ། །སྨོན་ལམ་པ་དང་
སླེ་ཆུང་བསོད་དཔལ་བཟང༌། །ཡར་རྒྱབ་ཀུན་སྤངས་བསོད་ནམས་རྒྱལ་མཆོག་པ། །སོགས། དགོས་འདོད་ཀུན་འབྱུང་རྡོ་རྗེ་ལུས་ཀྱི་གནད། །བར་དོ་འཕྲང་སྒྲོལ་རི་ཆོས་སྐོར་གསུམ་པོ། །རེ་རེའང་རྣམ་གྲངས་དུ་མར་ཕྱེ་པ་ཡིས། །གདམས་པའི་གཏེར་ཁ་ཕྱེད་པར་བྱིན་གྱིས་རློབས། ༈ །མགོན་པོ་ཕྱག་བཞི་པའི་རྐེད་ཆིངས་སྐོར་གྱི། རྡོ་རྗེ་འཆང་དབང་ཀླུ་སྒྲུབ་འཕགས་པ་ལྷ། །རྟ་དབྱངས་རྡོ་རྗེ་གདན་པ་ཙཱ་མི་དང༌། །དཔལ་ཆེན་རྒྭ་ལོ་ཨ་སེང་རྡོ་རྗེ་རྒྱལ། །རྒྱལ་བ་རིན་ཆེན་འོལ་ཁ་བླ་མ་དང༌། །དགེ་སློང་རིན་རྒྱལ་སློབ་དཔོན་རྡོར་རིན་པ། །མགོན་གཞོན་སེང་གེ་རྒྱལ་མཚན་དབོན་རྒྱལ་མཆོག །གྲགས་པ་བློ་གྲོས་ངག་དབང་གྲགས་པ་དང༌། །ཚུལ་ཁྲིམས་མཆོག་གྲུབ་སྟག་ལུང་སྤྲུལ་པའི་སྐུ། །སོགས། རང་ལུས་འཁོར་ལོ་ལྔ་ཡི་ཕོ་བྲང་དུ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས། །མགོན་ལྔ་སྒྲུབ་དང་སྒོམ་བཟླས་ཆུང་སྦྱོར་མཐུས། །ལས་བཞི་བདེ་བླག་འགྲུབ་པར་བྱིན་གྱིས་རློབས། ༈ །གུར་གྱི་ནང་ཁྲིད་ཀྱི། རྡོ་རྗེ་འཆང་ཆེན་བྲམ་ཟེ་མཆོག་སྲེད་དང༌། །ནོར་བུ་གླིང་པ་ཤྲདྡྷཱ་ཀ་ར། ལོ་ཆེན་རིན་བཟང་བྲག་སྟེང་མལ་ལོ་ཙཱ། །ས་ཆེན་ཀུན་སྙིང་ཡར་སྒོམ་སེ་བོ་དང༌། །རྒྱལ་ཚ་ལུང་མང་མཁས་པ་ཡོན་ཏན་ཁྲི། །སེང་གེ་བཟང་པོ་སེང་གེ་རྒྱལ་མཚན་པ། །བསོད་ནམས་རྒྱལ་མཆོག་བདག་ཆེན་ནམ་མཁའ་རྒྱལ། །བློ་གྲོས་རྒྱལ་མཚན་སློབ་དཔོན་དཔལ་རྒྱལ་བ། །སངས་རྒྱས་རིན་ཆེན་ལྷ་མཆོག་སེང་གེའི་ཞབས། །སོགས། སྤྲུལ་པའི་འཁོར་ལོར་ཨ་ཐུང་སྐྱེ་མེད་ལས། །ཨེ་ཀ་ཛཱ་ཊི་འོད་ཞུ་ཐིག་ཕྲན་རྣམས། །མ་མགོན་བསྒྱུར་སོགས་ནང་གི་ཉམས་ལེན་གྱི། །རྩ་ཐིག་ལས་སུ་རུང་བར་བྱིན་གྱིས་རློབས། ༈ །དོ་ཉའི་སྐོར་གྱི། རྡོ་རྗེ་འཆང་དབང་བདེ་བའི་མགོན་པོའི་ཞབས། །ས་ར་ཧ་དང་ཀླུ་སྒྲུབ་ཤ་བ་རི། །མངའ་བདག་མེ་ཏྲི་རྒྱ་གར་ཕྱག་ན་པ། །ཇོ་གདན་
མངའ་རིས་པ་དང་དྲག་ཤུལ་བ། །པར་ཕུ་བ་དང་གྱེར་སྒོམ་ཞིག་པོ་ཆེ། །སངས་རྒྱས་དབོན་དང་བྲག་འབུར་གཞོན་རིན་པ། །དཀོན་མཆོག་རྡོ་རྗེ་ཆོས་སྒོ་དཔལ་ཤེས་རབ། །རྫ་ཁོལ་གྲུབ་ཆེན་སྐྱེས་མཆོག་སྨོན་ལམ་པ། །ངག་དབང་གྲགས་པ་ཨ་མོ་གྷ་སིདྡྷི། །སོགས། རྒྱལ་དོ་བཙུན་དོ་དམངས་དོ་རྣམ་གསུམ་ནང༌། །ཤེས་བྱའི་ཡུལ་དང་གྲུབ་མཐའ་རྣམ་མང་པོ། །ཐ་དང་རྟོགས་ངོའི་རྗེས་དཔག་སོ་སོ་པ། །དུ་མ་རོ་གཅིག་རྟོགས་པར་བྱིན་གྱིས་རློབས། ༈ །གྲུབ་བརྒྱའི་སྐོར་གྱི། རྡོ་རྗེ་འཆང་ཆེན་གྲུབ་ཐོབ་བརྒྱད་ཅུ་བཞི། །མཁའ་འགྲོ་ཀོ་ཀ་ལི་དང་དྷརྨ་ཝཾ། །དཔའ་བོ་འོད་གསལ་པཎ་ཆེན་ཀ་མ་ལ། །ཚ་པ་རི་པ་མི་འཇིགས་སྦྱིན་པའི་དཔལ། །སྨོན་གྲུབ་ཤེས་རབ་རིན་ཆེན་ཡབ་སྲས་དང༌། །རཏྣ་གུ་རུ་གྲུབ་ཐོབ་ཧཱུྃ་འབར་བ། །རྒན་ལྷས་བྱང་དཔལ་སྟག་སྟེན་གཞོན་ནུ་དར། །བག་སྟོན་གཞོན་ཚུལ་ཤེས་རབ་རྡོ་རྗེ་དང༌། །གཉལ་བ་བདེ་ལེགས་འཕགས་མཆོག་བསོད་ནམས་དར། །རྒྱལ་མཚན་འོད་ཟེར་བཀའ་འགྱུར་ཤཱཀྱ་བཟང༌། །སྨྱུག་ལ་པཎ་ཆེན་ཏྲཻ་བོ་ཆོས་རྒྱ་མཚོ། །སོགས། རྟོགས་ཤིང་གྲོལ་བའི་གྲུབ་ཐོབ་ཕ་བརྒྱད་ཅུ། །དེ་སྲིད་བཞི་དང་བཅས་པ་བརྒྱད་ཅུ་བཞི། །ཉམས་སྐྱུགས་བདུད་རྩིའི་ཉིད་ཁུ་ལེགས་འཐུངས་ནས། །གྲུབ་ཐོབ་གོ་འཕང་ཐོབ་པར་བྱིན་གྱིས་རློབས། ༈ །པདྨ་ལམ་རིམ་གྱི། ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས། །སྤྲུལ་སྐུ་པད་འབྱུང་གཉགས་ལོ་ཡེ་ཤེས་གཞོན། །གནུབས་ཆེན་སངས་རྒྱས་ཡེ་ཤེས་ཡོན་རྒྱམ་པ། །ཉང་སྟོན་ཡེ་འབྱུང་ཟུར་ཆེན་ཤཱཀྱ་འབྱུང༌། །ཟུར་ཆུང་ཤེས་རབ་གྲགས་དང་ཤཱཀྱ་བཟང༌། །ཤཱཀྱ་སེང་གེ་ཙཀ་ཚ་ཤཱཀ་རྡོར་བ། །གཉོས་ནག་རྒྱལ་མཚན་འབན་རིགས་རྒྱལ་ཁམས་པ། །ཤཱཀྱ་དཔལ་བ་སངས་རྒྱས་སེང་གེ་དང༌། །ཀུན་དགའ་རིན་ཆེན་རིན་ཆེན་རྒྱལ་མཚན་དང༌། །དཀོན་མཆོག་བཟང་པོ་ཟུར་ཧཾ་ཤཱཀ་འབྱུང་ཞབས། །
ཤཱཀྱ་དཔལ་བཟང་བཤེས་གཉེན་ཁམས་གྲགས་རྒྱན། །སེ་སྟོན་ཆེན་པོ་རས་ཆེན་ནམ་རྒྱན་པ། །བདེ་ལེགས་པ་དང་ཀུན་དགའ་མཆོག་གྲུབ་པ། །སོགས། པད་གསུང་རྡོ་རྗེའི་ཚིག་འབྲེལ་ལག་ཁྲིད་ཀྱིས། །ལེགས་བསྐྱངས་སེམས་ཉིད་གཅེར་སྟོན་ལམ་གྱི་གནད། །རྒས་པོ་འཁར་བཙུགས་རྒན་མོ་འཛུབ་བཙུགས་དཔེས། །ལས་ཅན་ཐར་ལམ་ཟིན་པར་བྱིན་གྱིས་རློབས། ༈ །རྒྱལ་པོ་བཀའ་འབུམ་གྱི། ཆོས་སྐུ་མཐའ་ཡས་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་སྲོང་བཙན་སྒམ་པོ་པདྨ་འབྱུང༌། །ཁྲི་སྲོང་ལྡེའུ་བཙུན་གྲུབ་ཐོབ་དངོས་གྲུབ་ཞབས། །མངའ་བདག་ཉང་རལ་མི་བསྐྱོད་རྡོ་རྗེ་དང༌། །ཤཱཀྱ་བཟང་པོ་ལྷ་རྗེ་དགེ་བ་འབུམ། །ལྕམ་མོ་ཡེ་ཤེས་མཆོག་དང་ཆུ་སྒོམ་པ། །མཐའ་བཞི་བྱ་བྲལ་ཚུལ་ཆེན་བསོད་ནམས་སེང༌། །བཀྲ་ཤིས་རྒྱལ་མཚན་ཆུ་རག་བློ་གྲོས་རྒྱལ། །འཕགས་མཆོག་ནོར་བཟང་ཧོར་གྱི་བཀའ་བཞི་པ། །དཔལ་ལེགས་པ་དང་བཀའ་བཅུ་བྱང་ཆུབ་དཔལ། །བློ་གྲོས་རིན་ཆེན་ཡིག་དྲུག་ཤེས་རབ་དཔལ། །སོགས། སྐུ་ཁྲིད་བསྐྱེད་རིམ་ཡུངས་འབྲུ་ལྟ་བུར་འཕོ། །གསུང་ཁྲིད་བཟླས་པ་ཡིག་འབྲུ་ལྟ་བུར་འཕོ། །ཐུགས་ཁྲིད་འོད་གསལ་མར་མེ་ལྟར་འཕོས་ནས། །སྡིག་ཆེན་གནས་ནས་འདྲོངས་པར་བྱིན་གྱིས་རློབས། ༈ །ནོར་བུ་མཐོང་གྲོལ་གྱི། ཀུན་བཟང་རྡོ་རྗེ་འཆང་དང་ས་ར་ཧ། །ཤ་བ་རི་པ་མི་ཏྲ་ཛོ་ཀི་དང༌། །པད་འབྱུང་གྲུབ་ཆེན་ཡབ་བཞི་ཡུམ་བཞིར་བཅས། །གཏེར་འབྱེད་གྲམ་པ་ཀུན་དགའ་བཟང་པོའི་མཚན། །འཁྲུལ་ཞིག་ཀུན་དར་མ་དང་རྔོག་སྟོན་ཆེ། །གྲགས་པ་དཔལ་འབྱོར་ནོར་བུ་རིན་ཆེན་པ། །སོགས། མ་བཞི་དེ་བུ་བཅུ་བདུན་ལྡེ་བསྒྱུར་གྱིས། །ཕྱག་རྫོགས་ཆུ་བོ་གཉིས་འདུས་གདམས་པའི་འཕྲང༌། །རྟག་ཆད་གཡང་ས་རྟགས་བཅུ་འཛིན་མེད་བློས། །ཀ་དག་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། ༈ །སེམས་ཁྲིད་ཡིད་བཞིན་ནོར་བུའི། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང༌། །མར་
པ་མི་ལ་མཉམ་མེད་སྒམ་པོ་པ། །སྐྱེས་བུ་ཡེ་རྡོར་འགྲོ་མགོན་དུང་ཚོར་ས། །སྣེའུ་རས་པ་ཆོས་དབྱིངས་དབང་ཕྱུག་དང༌། །མགོན་པོ་རྒྱལ་མཚན་འཁྲུལ་ཞིག་ཚུལ་རྒྱན་པ། །མཁྱེན་རབ་ཆོས་རྗེ་གཞོན་ནུ་མཆོག་གྲུབ་མཆོག །སོགས། སེམས་ཉིད་རིས་མེད་གར་འགྲོ་རྟོལ་མེད་འདི། །ཉམས་ལེན་གདམས་ངག་གཞུང་ལམ་ལ་ཁྲིད་ནས། །མ་བཅོས་གཏན་ཡུལ་ཡིད་བཞིན་ནོར་བུའི་གླིང༌། །གདོད་མའི་རང་ཞལ་མཐོང་བར་བྱིན་གྱིས་རློབས། །དེ་ལྟར་ཟབ་ཁྲིད་བརྒྱ་དང་བརྒྱད་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས། བརྗོད་བདེ་བརྒྱུད་པའི་མཚན་སྡོམ་ཞེས་པ་འདིའང༌། ནམ་གྲངས་མང་བའི་སྟོབས་ཀྱིས་རེ་རེ་ནས་བརྗོད་ན། འབྲི་བརྗོད་འཛིན་སྦྱང་དཀའ་ཚེགས་ཆེ་བ་ལ་བསམ། བསྐལ་བཟང་རྒྱན་ཕྲེང་གི་དཔེ་ལྟར་ཚིགས་འདོམས་གང་ཆེ་རང་གནད་ཀྱི་སྙིང་པོར་བཟུང་ནས་བྲིས་ལ། བླ་མ་རྣམས་ཀྱི་མཚན་གྱི་ཟུར་རྣམས་མ་རྟོགས་དོགས་ནས་མཆན་བུས་ལེགས་པར་བཀྲོལ་ཞིང་གསལ་བར་བྱས། གོང་འོག་ཟློས་དགོས་པ་རྣམས་དམིགས་སུ་ཕྱེ་སྟེ་འབད་པ་ཆེན་པོས་ཡི་གེར་འབྲི་པའི་བསམ་སྒོམ་ཙམ་རྒྱུན་དུ་ཡིད་ཡུལ་དུ་གནས་ཀྱང༌། ལུས་ཀྱི་རྣམ་གཡེང་ལ་ལེ་ལོར་སྤྱོད་པའི་དབང་གིས། ལག་ཐོག་ ཏུ་མི་ལོངས་པའི་བཏང་སྙོམས་ཀྱིས་གནས་པའི་སྐབས་སུ་བུ་དམ་ཚིག་ཅན་རྣམ་གྲོལ་སེང་གེ་དཔལ་བཟང ་པོས་ཉིན་རེ་བཞིན་ཡང༌། ཡང་ཡང་ནན་གྱིས་བསྐུལ་བའི་བྱེད་པོས་མཚམས་སྦྱར་ཏེ། །གྲོལ་མཆོག་གི་བློ་གྲོས་ཀྱི་རྒྱ་མཚོ་ལས་ཉེ་བར་ཕྱུང་བའོ། །ཆོས་རྣམས་ལུང་ཅན་བླ་མ་ལ་ལྟོས་ཞེས། །རང་བློས་གཟུ་ལུམས་སྤྱོད་པའི་གནས་མེད་ཚུལ། །ཐུབ་གསུང་སྙིང་ལ་བཞག་ནས་དེ་དེའི་ཚད། །འབད་པས་བདག་གིས་དལ་འབྱོར་དོན་ཡོད་གྱུར། །གང་ལས་བརྒྱུད་དང་དེ་ཡི་ཆོས་ཀྱི་ལུས། །མཚན་སྤེལ་གསོལ་བཏབ་ཞབས་ཀྱི་གསལ་བགྱིས་ཏེ། །བརྗོད་བཀའ་ཕྲ་བའི་ཆ་ནས་བསྐྲུན་པའི་ཚུལ། །དཀའ་བ་དང་ལེན་བཟོད་པའི་གོ་ཆའོ། །ཟབ་ཁྲིད་རེས་ཀྱང་རང་བཞིན་ཕན་པའི་ལམ། །མ་ནོར་མ་འདྲེས་ཕན་ཚུན་མ་འཛིངས་པའི། །ཡིད་དཔྱོད་རྟོག་བློས་མ་སྦགས་བླ་མའི་གསུངས། །ཇི་བཞིན་མཆིས་ལ་སྙིང་ནས་དར་བར་བྱོས། །དེ་ལྟར་ལེགས་སྤྱོད་ལུས་ངག་དགེ་བའི་ཤུགས། །ཡིད་དང་
རྗེས་འབྲེལ་བདག་གིས་གར་བསགས་མཐུས། །ཆོས་ལ་བརྟེན་པའི་ལས་སྒྲིབ་ཀུན་སྦྱངས་ནས། །ཀུན་གྱིས་སངས་རྒྱས་ཐོབ་པའི་རྒྱུར་བསྔོའོ། །སྨྲ་བའི་དབང་ཕྱུག་སྨྲ་མཁས་འཇམ་པའི་དབྱངས། །དབྱངས་ཅན་ངག་གིས་དབྱངས་སྙན་སྡིག་བྲལ་ཚིག །ཚིག་འབྲུ་རབ་མཛེས་ཚིག་བརྗོད་མཁས་པའི་ངག །ངག་དབང་སྒོ་འཕར་ངག་ལྡན་བཀྲ་ཤིས་ཤོག །ཡི་གེ་པ་ནི་ཀུན་དགའ་ལེགས་རྒྱལ་གྱིས་སོ། །དེ་ལྟར་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས་མཛད་པའི་བརྒྱུད་འདེབས་ཉིད་རྩ་ཐོ་བསྙེལ་གསོས་ལྟ་བུའི་ཚིག་སྣ་བསྡུས་ཆེས་པས་འཛིན་གློག་མི་བདེ་བ་དང༌། །མཆན་བུ་མང་ཞིག་ཕལ་ཆེར་དཔེར་ན་རྒྱུན་འབྱམས་སུ་སོང་བས་གཞུང་ཉིད་ཀྱང་གང་ཡིན་མེད་པའི་སྐྱོན་དུ་འགྱུར་བ་མ་ཟད་འབྲི་དུས་ཤིན་ཏུ་དཀའ་བར་སྣང་ཞིང༌། མཚན་རྐྱང་ཙམ་བསྡེབས་པ་ལ་ཡིག་ཚོགས་ཧ་ཅང་ཆེ་བ་མི་འདུག་པས། བརྒྱུད་པའི་མཚན་ངོ་མི་འཕྲོད་པའི་རིགས་རྣམས་རྩ་གཞུང་ཉིད་སོར་བཞག །མཆན་ཐམས་ཅད་དཀྱུས་སུ་བཙུད། དགོས་པ་མི་ཆེ་བའི་མཚན་ཚར་གྲངས་ཅན་འདུག་པ་རྣམས་དོར་ནས་བརྒྱུད་པའི་ཁ་སྐོང་བཅས་རྩིས་མེད་ཀྱི་རྣལ་འབྱོར་སྤྱོད་པ་བློ་གྲོས་མཐའ་ཡས་ཀྱིས་བཀླགས་ཆོག་ཏུ་བསྡེབས་པ་འགལ་འཁྲུལ་ཉེས་པ་གང་མཆིས་བླ་མ་རྒྱལ་བ་སྲས་བཅས་ལ་མཐོལ་ཞིང་བཤགས་པ་དང༌། དགེ་བས་ཟབ་ཁྲིད་བརྒྱ་རྩའི་རྒྱུན་བཟང་སྲིད་མཐའི་བར་དུ་མི་ནུབ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །།དགེ་ལེགས་འཕེལ།།