བརྒྱུད་པ་ཀུན་འདུས་ཀྱི་བླ་མ་མཆོད་པའི་ཚུལ་ཚོགས་ཀྱི་ཆོ་ག་དང་བཅས་མདོར་བྱས་པ་སྣ་ཚོགས་ནོར་བུའི་རྒྱལ་པོ།
འཇམ་མགོན་ཀོང་སྤྲུལ་རྒྱ་ཆེན་བཀའ་མཛོད། ཁ་ པར་བསྟོད་ཚོགས་འཕྲོས་བརྒྱུད་པ་ཀུན་འདུས་ཀྱི་བླ་མཆོད་ལྡེབ། ༨ བླ་མའི་རྣལ་འབྱོར་ཟུང་འཇུག་མཆོག་སྦྱོར་ལྡེབ། ༡༤ གསོལ་འདེབས་མོས་གུས་རབ་བྱེད་ལྡེབ། ༡༩ རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་སྐུ་བསྟོད་ལྡེབ། ༣༣ རིགས་གསུམ་བླ་མའི་རྣལ་འབྱོར་ལྡེབ། ༡༢ པ་ཆེན་ཤཱཀྱ་ཤྲཱིའི་གསོལ་འདེབས་སོགས་ལྡེབ། ༡༧ ཤངས་ཆོས་བླ་མཆོད་ལྡེབ། ༡༩ རྩ་གསུམ་གསོལ་འདེབས་སོགས་ལྡེབ། ༢༢ སི་ཏུ་པདྨ་ཉིན་བྱེད་གསོལ་འདེབས་སོགས་ལྡེབ། ༢༢ སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བླ་མཆོད་ལྡེབ། ༢༨ སྔ་འགྱུར་སྙིང་མའི་སྒྲུབ་ཐབས་སྐོར་ལ་སྔ་འགྱུར་སྙིང་མ་བཀའ་མ་འཁོན་ལུགས་ཡང་དག་སྒྲུབ་ཐབས་ལྡེབ། ༢༧ དཀྱིལ་ཆོག་དང་དབང་གི་ཆོ་ག་ལྡེབ། ༤༥ བསྙེན་ཡིག་ལྡེབ། ༡༢ བཅས་ཁ་པར་སྡོམ་ལྡེབ་གྲངས་ཉིས་བརྒྱ་བདུན་ཅུ་དོན་བརྒྱད་བཞུགས། །དགེའོ། །
བརྒྱུད་པ་ཀུན་འདུས་ཀྱི་བླ་མ་མཆོད་པའི་ཚུལ་ཚོགས་ཀྱི་ཆོ་ག་དང་བཅས་མདོར་བྱས་པ་སྣ་ཚོགས་ནོར་བུའི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་བཛྲ་དྷ་རཱ་ཡ། ལྷན་སྐྱེས་ཡེ་ཤེས་བཅུད་ཀྱིས་བལྟམས་པའི་སྐུ། །གྲུབ་པའི་གཟི་བྱིན་རབ་ཏུ་འབར་བ་ཅན། །རྡོ་རྗེ་ཅན་དངོས་དཔལ་ལྡན་བླ་མ་ལ། །བདག་སོགས་འགྲོ་ཀུན་དངོས་པོ་ཀུན་གྱིས་བཏུད། །དེ་བཞིན་ཉིད་ཀྱི་ངང་དུ་རོ་གཅིག་ཀྱང་། །ཐབས་ཀྱི་ཆོ་འཕྲུལ་སྣ་ཚོགས་ནོར་བུ་བཞིན། །རྣམ་འཕྲུལ་དུ་མས་གདུལ་བྱའི་རེ་སྐོང་རྣམས། །ལྷན་ཅིག་མཆོད་གསོལ་གདབ་པའི་རིམ་པ་བཤད། །དེའང་ཐུན་མོང་གི་ཐེག་པ་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་དགེ་བའི་བཤེས་གཉེན་ལ་བརྟེན་པས་དེ་ཉིད་བསྙེན་པ་ནི་ལམ་ཐམས་ཅད་ཀྱི་སྔོན་ཏུ་འགྲོ་བ་ནས་མཐར་དབྱུང་བའི་བར་དུ་གསུངས་ཤིང་། ཐུན་མིན་གསང་ཆེན་རྡོ་རྗེ་ཐེག་པའི་རྒྱུད་ལུང་མན་ངག་ཀུན་ཏུ་དཔལ་ལྡན་བླ་མ་ཉིད་རིགས་ཐམས་ཅད་ཀྱི་འཆར་གཞི་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོར་བཤད་ཅིང་དེ་ཉིད་མཆོད་པས་མ་ལུས་པའི་རྒྱལ་བ་སྲས་དང་བཅས་པ་མཆོད་པར་འགྱུར་བ་སོགས་མཐའ་ཡས་པའི་ལུང་དོན་ལ་བསྙེགས་ཏེ། སྐྱེས་བུ་དམ་
པ་རྣམས་ཀྱིས་ལམ་སྒྲུབ་པའི་གཙོ་བོ་བླ་མའི་རིམ་པ་ཕྱག་ལེན་དུ་བསྟར་བ་མཛད་པས་ན། ཚུལ་འདི་ནི་རྡོ་རྗེ་འཆང་གི་ཉེ་ལམ་བསྒྲུབ་བ་ལ་གཙོ་བོར་གྱུར་པའི་གསང་བ་ཟབ་མོ་ཡིན་པས་གཡར་དམ་དུ་འཆའ་བ་རིགས་ཤིང་། དེའང་ཕྱོགས་རེ་བ་དག་གིས་མཐའ་ཡས་པའི་གོ་འཕང་བསྒྲུབ་པར་མི་ནུས་པས། འདིར་རིས་སུ་མ་ཆད་བའི་ཡེ་ཤེས་སྤྱན་ལྡན་རྣམས་ཚོམ་བུ་གཅིག་ཏུ་མཆོད་ཅིང་གསོལ་བ་འདེབས་ནུས་པའི་ཆོས་ཀྱི་སྤྱན་རས་ཅན་གྱི་དབང་དུ་བྱས་ཏེ། རྟེན་དང་ཡོ་བྱད་ གཙང ་དག་རྒྱ་ཁྱོན་ནུས་པ་དང་འཚམས་པ་ལེགས་པར་བསྟར་ནས། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་བསམ་འོག་ཏུ་བཅུག་ལ་རྩེ་གཅིག་པའི་ཡིད་ཀྱིས། དཀོན་མཆོག་གསུམ་པོ་སྐུ་གསུང་ཐུགས་ཀྱི་ངང་། །རྩ་བ་གསུམ་པོ་ངོ་བོ་རང་བཞིན་རྩལ། །ཀུན་བྱེད་རྒྱལ་པོ་དཔལ་ལྡན་བླ་མ་ལ། །བདག་གཞན་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ཞེས་སྐྱབས་སུ་འགྲོ། །
འཁྲུལ་པའི་རྒྱ་མཚོར་བྱིང་བའི་ལུས་ཅན་ཀུན། །མྱུར་བདེའི་ལམ་ནས་གདོད་མའི་རྒྱལ་ས་རུ། །ཅིས་ཀྱང་བསྒྲལ་བསླད་བརྩོན་པའི་སྟོབས་ཆེན་པོས། །རྡོ་རྗེ་འཛིན་པའི་གོ་འཕང་མཆོག་བསྒྲུབ་བྱ། །ཞེས་སེམས་བསྐྱེད། བདག་ཉིད་ཐ་མལ་དུ་འདུ་ཤེས་པ་ནི་བྱིན་རླབས་འཇུག་པའི་སྣོད་དུ་བཟང་བ་མ་ཡིན་པས་མཁའ་འགྲོ་ཀུན་གྱི་དྲྭ་བ་སྡོམ་པར་གསལ་གདབ་པར་བྱ་སྟེ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་བདག་ཉིད་ཧེ་རུ་ཀ །འཁོར་ལོ་བདེ་མཆོག་ཨིནྡྲ་ནཱི་ལའི་མདོག །ཞལ་གཅིག་སྤྱན་གསུམ་ཁྲོ་ཞིང་ཆགས་པའི་ཉམས། །ཐོར་ཚུགས་ནོར་བུ་ཟླ་ཕྱེད་རྡོ་རྗེས་མཚན། །ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་འཕྱད། །སྟག་ལྤགས་ཤམ་གྲོལ་ཕྱག་རྒྱ་དྲུག་གིས་སྤྲས། །རྡོ་རྗེ་དྲིལ་འཛིན་ཕག་མོ་དམར་མོར་སྦྱོར། །གཡས་བརྐྱང་གཡོན་བསྐུམ་འཇིགས་དུས་པད་ཉིའི་སྟེང་། །ཡེ་ཤེས་མེ་འོད་འབར་བའི་ཀློང་དུ་རོལ། །མདུན་མཁར་བཀོད་པ་ཁྱད་འཕགས་ཞིང་གི་དབུས། །ཐར་པ་ཆེན་པོའི་ཕོ་བྲང་ཕྱོགས་ལྷུང་བྲལ། །རྒྱན་དང་མཆོད་པའི་བྱེ་བྲག་ལྷུན་རེ་འཐུག །འཕགས་ཚོགས་དགྱེས་རྒུས་རོལ་པའི་བསྟི་གནས་གྱུར། །དབུས་སུ་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །རིགས་ཀུན་ཁྱབ་བདག་བླ་མ་རྡོ་རྗེ་འཆང་། །མཐིང་སྔོན་རྡོར་དྲིལ་འཛིན་ཅིང་ལོངས་སྐུའི་ཆས། །འོད་ལྔའི་ཀློང་ན་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །འཁོར་དུ་ཏེ་ལོ་ནཱ་རོ་མར་མི་དྭགས། །
ཆེ་བཞི་ཆུང་བརྒྱད་གྲུབ་པའི་དབང་ཕྱུག་ཚོགས། །ཉམས་ལེན་བྱིན་རླབས་བརྒྱུད་པ་སྤྲིན་ལྟར་གཏིབས། །གཡས་ཕྱོགས་པད་ཟླར་དཔལ་ལྡན་འཕགས་པ་ཀླུ། །ཟབ་མོ་ལྟ་བ་བརྒྱུད་པའི་བླ་མས་བསྐོར། །གཡོན་ཕྱོགས་པད་ཟླར་འཕགས་མཆོག་ཐོགས་མེད་ཞབས། །རྒྱ་ཆེན་སྤྱོད་པ་བརྒྱུད་པའི་བླ་མས་བསྐོར། །རྒྱབ་ཕྱོགས་པད་ཟླར་གུ་རུ་པདྨ་འབྱུང་། །བརྒྱུད་གསུམ་རིག་འཛིན་གྲུབ་ཐོབ་རྒྱ་མཚོས་བསྐོར། །མདུན་གྱི་པད་ཟླར་མཉམ་མེད་ཇོ་བོ་རྗེ། །གཞུང་གདམས་མན་ངག་བརྒྱུད་པའི་བླ་མས་བསྐོར། །ཕྱོགས་དང་མཚམས་སུ་སངས་རྒྱས་བྱང་ཆུབ་སེམས། །ཡི་དམ་ལྷ་ཚོགས་དཔའ་བོ་རྣལ་འབྱོར་མ། །ཡེ་ཤེས་སྤྱན་ལྡན་ཆོས་སྐྱོང་སྲུང་མར་བཅས། །རྡོ་རྗེའི་སྐུ་ལ་བྱིན་རླབས་གཟི་བརྗིད་འབར། །དགྱེས་པའི་སྤྱན་རས་སྙིང་རྗེའི་འཛུམ་གྱིས་གཟིགས། །ཐུགས་རྗེས་མོས་པའི་བུ་ལ་རྩེ་གཅིག་དགོངས། །ཆོས་དབྱིངས་མཁའ་ལ་རང་གསལ་ཆེན་པོའི་ཚུལ། །མོས་པ་ནོར་བུའི་ས་གཞི་ གཙང ་མ་ལ། །དེ་འདུལ་སྣང་བརྙན་ཅི་ཡང་འཆར་བར་གྱུར། །ཞེས་རྟེན་ཚོགས་ཀྱི་ཞིང་གསལ་གདབ་ནས་མོས་གུས་ཀྱི་གདུང་ཤུགས་དང་བཅས་པས། ཨོཾ། ཆོས་དབྱིངས་ཀུན་ཁྱབ་བདེ་བ་ཆེན་པོའི་ངང་། །སྐྱེ་འགག་གནས་དང་འགྲོ་འོང་སྤྲོས་པ་བྲལ། །རྣམ་དག་ཞི་བའི་ཀློང་དུ་རོ་གཅིག་ཀྱང་། །གང་འདུལ་ཐུགས་
རྗེའི་སྣང་བརྙན་སོ་སོར་གསལ། །འགྲོ་བའི་མགོན་པོ་དཔལ་ལྡན་བླ་མ་རྣམས། །དམིགས་མེད་སྙིང་རྗེས་མོས་པའི་བུ་ལ་དགོངས། །བརྩེ་བའི་སྤྱན་གྱིས་གདུལ་བྱའི་ཡུལ་ལ་གཟིགས། །ཆོས་དབྱིངས་སྟུག་པོ་བཀོད་དང་དག་པའི་ཞིང་། །མཁའ་སྤྱོད་གནས་ནས་ཆོ་འཕྲུལ་ཆེན་པོས་གཤེགས། །སྨོན་ལམ་རྒྱ་མཚོའི་སྤྲིན་ཕུང་བཀོད་པའི་ཞིང་། །འཕགས་པའི་འབྱོར་པས་ཡོངས་སུ་གང་བའི་ཚལ། །བྱང་ཆུབ་ཕྱོགས་ཆོས་འོད་འབར་ཁང་བརྩེགས་ན། །ཆོས་སྟན་མངོན་པར་མཐོ་བ་བཟང་པོའི་ཁྲི། །རིན་ཆེན་ཟ་མ་ཏོག་གི་རང་བཞིན་གྱི། །རྟེན་ལ་རྒྱལ་བའི་བརྟེན་པ་ཟུང་འཇུག་མཛོད། །བདག་གཅིག་ཁོ་ན་ཞིང་རྡུལ་གྲངས་སྙེད་སྤྲུལ། །མཁའ་ཁྱབ་སེམས་ཅན་རེ་རེའང་དེ་བཞིན་ཏེ། །ཀུན་ཀྱང་སྙིང་པོའི་བར་དུ་བརྩོན་པའི་གོ། །མི་ལྷོད་ཆམ་གཅིག་བཟང་པོར་སྤྱོད་པར་གྱུར། །ལུས་ཀྱི་གནས་ལྔས་ལ་འདུད་ཕྱག་འཚལ། །ངག་གིས་བསྟོད་དབྱངས་ཡན་ལག་བརྒྱད་ལྡན་འབུལ། །ཡིད་ཀྱིས་རྣམ་ཐར་ཡོན་ཏན་རྗེས་སུ་དྲན། །སྒོ་གསུམ་སྐྱབས་གནས་ཁྱེད་ཀྱི་བྲན་ཏུ་མཆི། །རྒྱལ་དང་རྒྱལ་སྲས་ལམ་ཞུགས་དཔའ་རྣམས་ཀྱིས། །འདུན་དང་རྣམ་པར་ཐར་པའི་སྒོ་ཕྱེས་ནས། །ཏིང་འཛིན་སྤྲིན་གྱིས་ཕྱོགས་བཅུའི་འདྲེན་པ་རྣམས། །མཆོད་པ་གང་དེ་བདག་གིར་བཟུང་ནས་མཆོད། །མཆོད་པའི་ཡོ་
བྱད་བདག་གིར་མ་བཟུང་བ། །འཇིག་རྟེན་ཁམས་ན་རྒྱལ་བ་དགྱེས་བྱེད་དག །ཇི་སྙེད་ཀུན་ཀྱང་ལྷག་བའི་བློས་བླངས་ཏེ། །ཆོས་ཀྱི་རྒྱལ་པོ་སྲས་དང་བཅས་རྣམས་མཆོད། །དག་ཅིང་ གཙང ་མར་སྦྱར་བའི་ཡོ་བྱད་དང་། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་རྩ་སོགས། །ལྷག་པའི་བསམ་པས་རྣམ་པར་དག་བྱས་ཤིང་། །འདུན་པའི་སྟོབས་ཀྱིས་རྒྱ་ཆེར་སྤེལ་ཏེ་མཆོད། །སྐྱེས་མཆོག་ཁྱེད་ཀྱིས་རྗེས་སུ་གདམས་པའི་དོན། །བཤད་ཅིང་སྒྲུབ་དང་ཚུལ་བཞིན་བགྱིད་ལ་སོགས། །དོན་མཐུན་དོན་སྤྱོད་གཞན་ལ་ཡོངས་སུ་བསྐུལ། །བླ་མེད་སྲི་ཞུར་རེས་འཇོག་མེད་པས་མཆོད། །གཉིས་མེད་གཉིས་སུ་བཟུང་བས་ཐོག་མེད་ནས། །སྲིད་ལམ་དུབ་སྟེ་ཉམ་ངའི་ལས་བགྱིས་དང་། །བླ་མ་སངས་རྒྱས་བཀའ་གཞུང་ལས་འགལ་བའི། །ཉེས་བྱས་གནོང་འགྱོད་དྲག་པོས་བཤགས་ཤིང་བསྡམ། །གསང་གསུམ་ཡོན་ཏན་ཕྲིན་ལས་ངོ་བོ་དང་། །བྱིན་རླབས་སྟོབས་ཀྱིས་བསམ་ཡས་ལམ་སྟོན་པས། །ཕྱོགས་བཅུར་བཟང་པོ་སྤྱོད་པ་གང་བྱུང་བ། །ཀུན་ལ་བསམ་པ་ཐག་པས་ཡི་རང་ངོ་། །ཐེག་རིམ་སྣ་ཚོགས་བློ་དང་འཚམས་པར་ཡང་། །བགྲོད་གཅིག་ཁོ་ནར་གཞོལ་ཞིང་འབབས་པའི་གསུང་། །རྒྱ་ཆེ་བ་དང་ཟབ་མོའི་སྒྲར་བསྒྲགས་ཏེ། །མཁའ་དང་མཉམ་པའི་འགྲོ་བ་སྒྲོལ་མཛད་གསོལ། །
སྤྲོས་བྲལ་ཆོས་སྐུ་རྒྱུན་གྱིས་རྟག་པའི་ཐུགས། །མཁའ་ཁྱབ་ལོངས་སྐུ་གཞོམ་དུ་མེད་པའི་གསུངས། །གང་འདུལ་སྤྲུལ་སྐུ་མོས་པར་འཚམས་པའི་སྐུ། །སྒྲིབ་བྲལ་རྡོ་རྗེའི་ཕྱག་རྒྱར་རྟག་བཞུགས་མཛོད། །བགྱིས་དང་བསྐུལ་དང་རྗེས་སུ་ཡི་རང་སོགས། །དུས་གསུམ་རྣམ་དཀར་ས་བོན་གང་བཏབ་པ། །འགྲོ་ཀུན་དཔལ་ལྡན་བླ་མའི་གོ་འཕང་གི། །འབྲས་བུ་ཐོབ་ཕྱིར་བདེ་མཆོག་སྙིང་པོར་བསྔོ། །སང་དང་མི་སྣང་ཕྱེད་སྣང་སྲིད་པའི་ཁམས། །རྣམ་དག་གསང་བ་གསུམ་དང་རོ་གཅིག་པར། །རྡོ་རྗེ་བཞི་ཡི་ལྷུམས་སུ་བདག་འཇུག་ཅིང་། །གདོད་ནས་མི་ཕྱེད་གཅིག་པར་སྐྱབས་སུ་མཆི། །སུས་ཀྱང་མ་འཆིངས་གང་ཡང་འགྲོལ་མེད་པ། །རང་བཞིན་ཡོངས་ཤེས་ཡངས་པ་ཆེན་པོའི་སེམས། །རྡོ་རྗེ་སྙིང་པོར་འདའ་ཀས་སྦྲེལ་བ་ཡི། །ཤེས་རབ་ཆེན་པོའི་དམ་ཚིག་བཟུང་བར་བགྱི། །སྒྱུ་མའི་རང་བཞིན་ཅིར་ཡང་སྣང་བ་ལ། །སྒྱུ་མ་ཙམ་དུ་རབ་ཏུ་དགྲོལ་བ་ཡི། །བློ་ཐུགས་དུས་མཐའི་མེ་ལྟར་སྦར་ནས་སུ། །དཔལ་ལྡན་བླ་མའི་ཕྲིན་ལས་བསྒྲུབ་པར་བགྱི། །གཅིག་སྨིན་པས་ནི་ཐམས་ཅད་སྨིན་པ་དང་། །གཅིག་ཤེས་པས་ནི་ཀུན་གྲོལ་འགྱུར་བའི་ལམ། །སྐྱོ་དུབ་མེད་པར་བཤད་ཅིང་སྒྲུབ་པ་ཡིས། །འདྲེན་མཆོག་ཁྱེད་ཀྱི་དགོངས་པ་བསྐང་བར་བགྱི། །རྡོ་རྗེ་འཆང་ཆེན་ཏེ་ལོ་ནཱ་རོ་
དང་། །མར་པ་མི་ལ་དྭགས་པོ་དུས་གསུམ་མཁྱེན། །ཆེ་བཞི་ཆུང་བརྒྱད་བཀའ་བརྒྱུད་རིན་པོ་ཆེར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཇམ་དབྱངས་ཀླུ་སྒྲུབ་ཨཱརྻ་དེ་བ་དང་། །ས་ངོར་ཞ་ལུ་འཇིགས་བྲལ་ཡབ་སྲས་སོགས། །ཟབ་མོ་ལྟ་བ་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བྱམས་མགོན་ཐོགས་མེད་དབྱིགས་གཉེན་ཤཱནྟིཾ་པ། །མཻ་ཏྲི་གུཔྟ་ཀུན་མཁྱེན་ཡབ་སྲས་སོགས། །རྒྱ་ཆེན་སྤྱོད་བརྒྱུད་དཔལ་ལྡན་བླ་མ་ལ། །གསོལ་བ༴ སྣང་མཐའ་སྤྱན་རས་གཟིགས་དབང་པདྨ་འབྱུང་། །རྗེ་འབངས་ཉེར་ལྔ་གཏེར་སྟོན་བརྒྱ་རྩ་སོགས། །སྔ་འགྱུར་བཀའ་གཏེར་བརྒྱུད་པའི་རིག་འཛིན་ལ། །གསོལ་བ༴ དཔལ་ལྡན་ཨ་ཏི་ཤ་དང་ཁུ་རྔོག་འབྲོམ། །འཇམ་དཔལ་སྙིང་པོ་ཉེ་བའི་སྲས་བརྒྱད་སོགས། །ལྟ་ཆོས་བདུན་ལྡན་བཀའ་གདམས་བརྒྱུད་པ་ལ། །གསོལ་བ༴ དུས་གསུམ་གཤེགས་པའི་རྒྱལ་བ་སྲས་དང་བཅས། །ཡི་དམ་ཞི་ཁྲོ་དཔའ་བོ་རྣལ་འབྱོར་མ། །ཡེ་ཤེས་སྤྱན་ལྡན་ཆོས་སྐྱོང་སྲུང་མ་ལ། །གསོལ་བ༴ ཚོགས་ཀྱི་མཆོད་པ་མདོར་བསྡུས་སྤྲོན་པར་འདིར་ཇི་ལྟར་འོས་པའི་ཚོགས་རྫས་འདུ་བྱ། གཙོ་བོར་ཏིང་ངེ་འཛིན་ལ་རྣལ་འབྱོར་དུ་བྱ་བས་བསྒྲུབས་ཏེ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲིཿ ལན་གསུམ། །
ཐ་མལ་མཚན་རྟོག་དངོས་འཛིན་དྲི་མ་སྦྱང་། །ཅིར་སྣང་ཡེ་ཤེས་རོལ་པའི་བདུད་རྩིར་རྟོགས། །བདེ་ཆེན་རྡོ་རྗེའི་མཆོད་སྤྲིན་མཁའ་ཁྱབ་སྤར། །དགྱེས་སྐོང་རང་བྱུང་དམ་ཚིག་ཆེན་པོར་གྱུར། །བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནི། །སེམས་ཅན་དོན་དགོངས་བླ་མ་དཀོན་མཆོག་གསུམ། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་གནས་འདི་རུ། །དགྱེས་པར་དགོངས་ལ་ཚོགས་ཀྱི་མཆོད་པ་བཞེས། །བདེ་མཆོག་སྒྱུ་མའི་ལོངས་སྤྱོད་རྫོགས་གསལ་བས། །ལྷ་མིའི་དཔལ་འབྱོར་མཆོད་པར་འོས་པའི་དངོས། །དབང་ཤེས་རང་གྲོལ་དབྱིངས་སུ་ཚིམས་བྱེད་པ། །བདེ་སྟོང་རྡོ་རྗེའི་དམ་ཚིག་ཆེན་པོ་བཞེས། །སྟོང་པའི་མཁའ་ལ་གསལ་བའི་རྣལ་འབྱོར་མས། །གཟུང་འཛིན་ཕུང་པོ་བདག་མེད་རལ་གྲིས་གཏུབས། །རང་བྱུང་ཟག་མེད་བདུད་རྩིའི་རྒྱ་མཚོའི་བཅུད། །ཡེ་ཤེས་འོད་ཀྱི་སྦུ་གུས་དྲང་བར་མཛོད། །བཅུ་དྲུག་ལུས་ཅན་རེག་བྱ་རྡོ་རྗེ་མར། །འཁྱུད་དང་འཁྲིལ་དང་ཙུམྦ་ནས་བསྐྱེད་པའི། །
རྣམ་པར་ཉེད་སོགས་དགའ་བཞིའི་རིམ་ལས་སྐྱེས། །འཕོ་མེད་བདེ་ཆེན་རྡོ་རྗེས་དགྱེས་གྱུར་ཅིག །སྣང་སེམས་མི་དམིགས་གཉུག་མ་འོད་དུ་གསལ། །སྤྲོས་པ་ཀུན་བྲལ་ནམ་མཁའི་རྡོ་རྗེ་ཅན། །དངོས་ཀུན་རང་བཞིན་དངོས་མེད་ཕྱག་རྒྱ་ཆེ། །དགག་སྒྲུབ་གཉིས་མཉམ་འདུ་འབྲལ་མེད་པར་རོལ། །ཆོས་སྐུའི་རང་མདངས་མ་རྟོགས་ཁ་ཡན་པོ། །དམ་ཚིག་ལྡན་པའི་འབྱུང་པོ་ཇི་སྙེད་ཀྱང་། །དཔའ་བོའི་གར་གྱིས་བདུད་རྩིའི་ལྷག་མ་བཞེས། །ཆོས་བཞིན་སྤྱོད་པའི་བསམ་དོན་ཀུན་སྒྲུབས་ཤིག །ཅེས་ཕུལ་ནས་མཐར། སྐྱེས་མཆོག་མཉམ་མེད་ཡེ་ཤེས་སྤྱན་ལྡན་རྣམས། །ངོ་བོ་ཆོས་ཀྱི་དབྱིངས་སུ་དབྱེར་མེད་ཀྱང་། །ཐབས་ཚུལ་དུ་མས་རྒྱལ་བསྟན་སྐྱོང་མཛད་ཅིང་། །རྣམ་འཕྲུལ་མང་པོས་གདུལ་བྱ་ཐབས་ཀྱིས་འདུལ། །སྐལ་པར་མཉམ་པའི་གསང་བ་སྟོན་མཛད་ཅིང་། །བདག་གི་དབང་པོར་རྡོ་རྗེ་འཛིན་པར་སྣང་། །སྙིགས་མའི་འགྲོ་བ་སྒྲོལ་བའི་གཡར་དམ་ཅན། །ཐུགས་དམ་བསྐུལ་ལོ་དགོངས་པས་བཟུང་དུ་གསོལ། །བདག་གི་རྒྱུད་བཞི་སྨིན་ཅིང་སྒྲིབ་བཞི་དག །དབང་བཞི་ཐོབ་ཅིང་ལམ་བཞི་མྱུར་དུ་འབྱོངས། །བླ་མེད་སྐུ་བཞིའི་གོ་འཕང་འཐོབ་པ་ཡི། །རྡོ་རྗེ་ཡེ་ཤེས་དབང་ཆེན་བསྐུར་དུ་གསོལ། །
གསོལ་བཏབ་གདུང་བས་བསྐུལ་བས་ཐུགས་རྗེའི་ཤུགས། །མ་བཟོད་ཡེ་ཤེས་རོལ་པའི་འཁོར་ལོ་རྣམས། །གཅིག་ལ་གཅིག་ཐིམ་རིགས་རྣམས་བདག་པོར་འདུས། །ཁྱབ་བདག་བླ་མ་རྡོ་རྗེ་འཆང་ཆེན་པོའི། །དཔྲལ་བར་ཨོཾ་དཀར་སྐུ་ཡི་རྡོ་རྗེ་ལས། །ཟླ་བ་ཞུན་མ་ལྟ་བུའི་འོད་ཟེར་བྱུང་། །རང་གི་དཔྲལ་བར་ཐིམ་པས་ལུས་སྒྲིབ་དག །བུམ་དབང་ཐོབ་ནས་བསྐྱེད་རིམ་བསྒོམ་ལ་དབང་། །སྣང་སྟོང་སྤྲུལ་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །མགྲིན་པར་ཨཱཿདམར་གསུང་གི་རྡོ་རྗེ་ལས། །ཉི་མ་འཆར་ཁ་ལྟ་བུའི་འོད་ཟེར་བྱུང་། །རང་གི་མགྲིན་པར་ཐིམ་པས་ངག་སྒྲིབ་དག །གསང་དབང་ཐོབ་ནས་རང་བྱིན་བརླབ་ལ་དབང་། །གསལ་སྟོང་ལོངས་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །ཐུགས་ཀར་ཧཱུྃ་མཐིང་ཐུགས་ཀྱི་རྡོ་རྗེ་ལས། །སྟོན་གནམ་སྤྲིན་བྲལ་ལྟ་བུའི་འོད་ཟེར་བྱུང་། །རང་གི་སྙིང་གར་ཐིམ་པས་ཡིད་སྒྲིབ་དག །ཤེར་དབང་ཐོབ་ནས་ཕོ་ཉའི་ལམ་ལ་དབང་། །རིག་སྟོང་ཆོས་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །ལྟེ་བར་ཧོཿསེར་ཡེ་ཤེས་རྡོ་རྗེ་ལས། །གསེར་སྦྱངས་བཙོམ་ལྟ་བུའི་འོད་ཟེར་བྱུང་། །ལྟེ་བར་ཐིམ་པས་ཆ་སྙོམས་འཕོ་སྒྲིབ་དག །བཞི་པའི་དབང་ཐོབ་གནས་ལུགས་བསྒོམ་ལ་དབང་། །བདེ་སྟོང་ངོ་བོ་ཉིད་འགྲུབ་སྐལ་ལྡན་གྱུར། །སླར་
ཡང་རྡོ་རྗེའི་གསུང་གིས་གསང་བའི་གནས། །རྗེས་སུ་གདམས་པའི་བཀའ་དྲིན་སྩལ་བར་གྱུར། །གཞི་ནས་མ་བཅོས་ཡེ་ནས་ལྷུན་གྲུབ་ལ། །ཐ་མལ་རང་ལུགས་ཆེན་པོར་བཞག་པ་ན། །སྐྱེ་འཆི་མེད་པ་ནམ་མཁའི་ཀློང་ཡང་སུ། །འཕོ་འགྱུར་མེད་པ་ཆོས་སྐུའི་ལུས་མཐོང་གྱུར། །ཨ་ཧཾ་སྒྲས་བསྐུལ་བླ་མ་སྣང་ཡུལ་བཅས། །བདེ་ཆེན་བཟོད་མེད་འབར་བའི་ཐིག་ལེར་ཞུ། །རང་དང་རོ་མཉམ་ཆུ་ལ་ཆུ་བཞག་བཞིན། །སྒོ་གསུམ་བླ་མའི་གསང་བ་གསུམ་དང་འདྲེས། །མ་བཅོས་གཉུག་མ་ཆོས་སྐུ་གཅེར་མཐོང་གྱུར། །ཅེས་མོས་གུས་ཤུགས་ཀྱིས་དྲངས་ཤིང་བྱིན་རླབས་ཀྱི་རིམ་པ་ལས་སྐྱེས་པའི་དེ་ཁོ་ན་ཉིད་ཀྱི་སྒོ་ཆོས་ཉིད་ཀྱི་མིག་གིས་མཐོང་བ་ལ་ཅི་གནས་སུ་མཉམ་པར་བཞག་ཅིང་། རྗེས་ཐོབ་ཐུན་མཚམས་སུ། གཟུགས་སྣང་བླ་མ་སྤྲུལ་སྐུའི་རྣམ་པར་རོལ། །སྒྲ་གྲགས་ལོངས་སྐུ་གཞོམ་མེད་ཆོས་ཀྱི་དབྱངས། །རྟོག་ཚོགས་ཆོས་སྐུ་ལྷན་སྐྱེས་ཕྱག་རྒྱ་ཆེ། །གནས་སྐབས་རྣམ་བཞི་སྐུ་བཞི་ལྷུན་གྲུབ་དང་། །སྤྱོད་ལམ་ཆོས་ཉིད་སྒྱུ་མའི་རང་བཞིན་ནོ། །དགེ་འདིས་འགྲོ་ཀུན་བླ་མའི་ལམ་མཆོག་ཏུ། །བསྟེན་ཚུལ་རྣམ་དགུས་འཇུག་པ་མཐར་ཕྱིན་ཏེ། །གསང་གསུམ་དམ་ཚིག་མི་ཕྱེད་བདེ་བ་ཆེས། །མཁའ་འགྲོ་ཀུན་གྱི་དྲྭ་བ་སྡོམ་གྱུར་ཅིག །སྐྱེ་བ་ཀུན་ཏུ་
རྡོ་རྗེའི་རིགས་སུ་ངེས། །གཙུག་ཏུ་བླ་མའི་ཅོད་པན་མི་འབྲལ་ཞིང་། །སྒོ་གསུམ་ལྷ་སྔགས་དེ་བཞིན་ཉིད་ཀྱི་ངང་། །འཇིགས་མེད་ངག་གིས་གསང་སྔགས་སློག་པར་ཤོག །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་དང་། །ཅི་གསུང་ཚད་མར་སྒྲུབ་པའི་བརྟུལ་ཞུགས་ཀྱིས། །བླ་མའི་བྱིན་རླབས་རྒྱུད་ལ་རབ་ཞུགས་ནས། །ཚེ་གཅིག་རྡོ་རྗེ་འཆང་དངོས་འགྲུབ་གྱུར་ཅིག །ཅེས་སོགས་ཐུན་མོང་མ་ཡིན་པའི་སྨོན་ལམ་ཁྱད་པར་ཅན་གདབ་ཅིང་། །འཁོར་གསུམ་རྣམ་པར་མི་རྟོག་པའི་བསྔོ་བས་རྒྱས་གདབ་པར་བྱའོ། །སྤང་ཀློག་འབྱོར་པའི་སྐྱེད་ཚལ་དར་བར་ཡང་། །བླ་མའི་ལམ་འཛིན་ཨུ་དུམྦ་རའི་དཔལ། །སྐལ་བཟང་གང་ལ་དེ་ཉིད་བཞད་མཐོང་བ། །ཚེ་གཅིག་སངས་རྒྱས་འབྱུང་བའི་ལྟས་སུ་ཤེས། །སྣ་ཚོགས་ནོར་བུའི་རྒྱལ་པོ་བསྦུན་།།།པ་ལས། །རེ་བའི་དངོས་པོ་མཐའ་དག་འཇོ་བ་དེས། །སྲིད་པའི་དབུལ་བ་འཕྲོག་པའི་ལུས་ཅན་ཀུན། །མྱུར་བདེའི་ལམ་གྱི་འབྲས་བུ་མཐར་ཕྱིན་ཤོག །ཞེས་པའང་གངས་རིའི་ཕྲེད་བས་བསྐོར་བའི་ནོར་འཛིན་གྱི་ཁྱོན་ཡངས་པོར་ལུགས་གཉིས་ཀྱིས་དབང་དུ་སྒྱུར་བ་ལ་གནམ་བསྐོས་གོང་མ་ཆེན་མོའི་ལུང་གི་ཅོད་པ་མངོན་པར་མཐོ་བ་དང་ལྡན་པ། བྱང་སེམས་ཁྱིམ་པའི་ཚུལ་ཅན་ཞབས་པད་རིན་པོ་ཆེ་སྐྱི་སྟོད་ནས་ཀྱིས་ཆེད་དུ་བསྐུལ་བའི་བཞེད་སྐོང་དུ། ཐུབ་བསྟན་རིས་སུ་མ་ཆད་པ་ལ་ལོག་རྟོག་གི་སྣང་བས་མ་སྦགས་ཤིང་མོས་
པའི་དགེ་རྩ་རྣམ་པར་དཀར་བ་དང་ལྡན་པ། སྤོང་བའི་བརྟུལ་ཞུགས་ལ་མངོན་པར་དགའ་བ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། བློ་གྲོས་མཐའ་ཡས་པའི་སྡེས་བོད་ཡུལ་གཙུག་ལག་ཁང་ཐམས་ཅད་ཀྱི་འབྱུང་གནས་དཔལ་གཡོ་རུ་ཁྲ་འབྲུག་གི་གཞལ་མེད་ཁང་ཆེན་པོར་བྲིས་པ་དགེ་ལེགས་འཕེལ། ཤུབྷཾ།། །།