དཔལ་ཆེན་པོ་རྡོ་རྗེ་ཕུར་པའི་ལས་བཞིའི་སྦྱིན་སྲེག་ཕྲིན་ལས་གཟི་བརྗིད་དཔལ་འབར།
དཔལ་ཆེན་པོ་རྡོ་རྗེ་ཕུར་པའི་ལས་བཞིའི་སྦྱིན་སྲེག་ཕྲིན་ལས་གཟི་བརྗིད་དཔལ་འབར་ཞེས་བྱ་བ་བཞུགས་སོ། །
གཏུམ་ཆེན་དུས་མཐུའི་མེ་ལྕེ་འབུམ་འབར་བས། །ཉོན་མོངས་བདུད་སྡེའི་ཚང་ཚིང་ཡུད་ཀྱིས་ཟ། །བླ་མ་ཁྲག་འཐུང་རྗེ་བཙུན་ཡེ་ཤེས་མེ། །སྙིང་གི་མུན་པ་བསྲེག་ཕྱིར་བསྟན་པར་བགྱི། །མེ་ནི་ལྷ་ཡི་ཞལ་ཡིན་ཏེ། །ཕྲིན་ལས་མ་ལུས་མེ་ཡིས་བྱེད། །དེས་ན་སྲེག་བླུགས་ཕྲིན་ལས་འདིར། །ལས་སྒྲུབ་འདོད་རྣམས་བརྩོན་པར་རིགས། །དེའང་རྩ་བ་རྡོ་རྗེ་ཁྲོས་པ་ལས། །རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། ཞེས་པའི་བསྟན་དོན་བཀའ་གཏེར་སྤྱི་ཁྱབ་ཏུ་དྲག་བའི་ལས་སྒྲུབ་གཙོ་ཆེ་བར་དགོངས་ནས་དྲག་པོའི་སྦྱིན་སྲེག་ཙམ་བཤད་ཅིང་། དེའང་བཀའ་མའི་རིགས་སྨོས་མ་དགོས། །གཏེར་མའི་ཕྱོགས་ཁུངས་ལྡན་གྱི་ཕུར་སྐོར་རྣམས་ནས་ཀྱང་རྒྱུད་ལུང་གི་རྗེས་སུ་འབྲངས་པའི་སྲེག་བླུགས་བྱ་ཚུལ་ཁོ་ནར་གསུངས་ཀྱང་། རེ་ཞིག་འདིར་ནི་འབུམ་ནག་ཏུ་ལས་བཞིའི་སྦྱིན་སྲེག་རྒྱས་པར་བཤད་པའི་ལུགས་བཞིན་སྔགས་འཆང་རྒྱ་གར་བ་སོགས་མཁོན་གྱི་རིག་འཛིན་རིམ་པར་བྱོན་པའི་ཕྱག་བཞེས་ལྟར་འཆད་པ་ལ་ལྔ། ཞིབ། རྒྱས་པ། དབང་། དྲག་པོའི་སྦྱིན་སྲེག །དེ་དག་གི་རྗེས་ཆོག་གོ། །དང་པོ་ལ་གཉིས། སྦྱོར་བ། དངོས་གཞིའོ། །དང་པོ་ནི། སྒྲུབ་གནས་
རྙིང་པར་མི་དགོས་ལ། གཞན་ཏུ་སློབ་དཔོན་རྡོར་དྲིལ་དང་བཅས། རང་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་སྐུར་གྱུར། ལག་གཡས་རྡོ་རྗེ་དང་བཅས་ས་ལ་རེག་སྟེ་ཀཱི་ལ་ཡ་བརྒྱ་ཙམ་བཟླ། སྣང་རིག་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་དུ་མཉམ་པར་མོས་ལ། །སྭ་བྷཱ་བའི་སྔགས་བརྗོད་དེ་ཀུན་རྫོབ་དང་དོན་དམ་པའི་སྦྱོང་བ་མདོར་བསྡུས་པ་སྟེ། །འདི་ནི་རྒྱས་པ་སོགས་ལའང་སྤྱིར་འགྲོའོ། །ཐབ་ཁུང་རྩིགས་ཐབས་ནི་ལག་ལེན་ཏུ་མི་འགྲུབ་པ་ཤས་ཆེ་བས་མ་སྨོས་ལ། བྲིས་ཐབ་ནི། སྟེགས་བུ་རྒྱར་ཁྲུ་གང་། དཔང་དུ་རྐང་གང་ཙམ་པ་བྱུང་དང་ཙནྡན་དཀར་པོས་བྱུགས་ཤིང་གཞི་དཀར་པོ་བྱས་པར་ཐིག་ཆེན་བརྒྱད་བཏབ། དབུས་ནས་མཐོ་གང་ཟླུམ་པོར་བསྐོར་བ་ཐབ་དངོས་དང་། དེ་རྒྱབ་སོར་བཞི་པ་ཁྱེར། དེ་རྒྱབ་སོར་བཞི་མུ་རན། གཉིས་ཀ་ཟླུམ་པོ། ཐབ་གྱི་སྙིང་པོར་འཁོར་ལོ་རྩིབས་བཅུ་པ། རྩིབས་བཅུའི་དབུས་སུ་འཇམ་མགོན་ཀུན་བློས་ལས་བཞི་ཀར་གྲུ་གསུམ་མཐིང་ནག་རེ་བྲི་བར་བཤད། དབུས་དང་རྩིབས་བཅུ་ལ་ཕུར་པ་རེ་རེ། རྩིབས་ཀྱི་ཕུར་རྩེ་ནང་དུ་བསྟན། བསྡུ་ན་ཚོན་སྲུངས་ལྷ་མདོག་གམ་
འབྲུ་ཚོམ་བཅུ་ཙམ་བཀོད། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ། ཕྱིའི་གྲུ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བཞི། ཐམས་ཅད་ཁ་དོག་དཀར་པོ་བྱས་པའི་ཁ་ཁྱེར་གྱི་སྟེང་ནས། བ་ལུ་སོགས་འོ་མ་ཅན་གྱི་ཤིང་གི་རྩེ་མོའམ་ཆའམ་སྲོག་ཆགས་མེད་པའི་ལྕི་བསྐམ་པོའི་བུད་ཤིང་ཟླུམ་པོར་བརྩིགས་པའི་ནང་གི་ཤར་ལྷོའི་ཆར་མེ་ཚང་ངམ། ཏིང་པོ་ཟླུམ་པོ་བཞག །འགྲུབ་ན་ཐབ་ཀྱི་རྒྱབ་ཕྱོགས་སུ་ཐང་སྐུ་སོགས་རྟེན་བཀྲམ་པའི་མདུན་ཏུ་སྨན་རཀ་གཏོར་གསུམ། མཆོད་པའི་ཡོ་བྱད་ཅི་འབྱོར་བཤམ། མཆོད་རྫས་བསྲེག་རྫས་སྟེགས་སོ་སོར་བྱ་དགོས་པ་ཡིན་ཀྱང་མི་འཛོམ་པའམ་སྟབས་བདེའི་ཁྱད་རྒྱུན་གྱི་ལག་ལེན་ཏུ་སློབ་དཔོན་གྱི་གཡོན་ཐབ་ཀྱི་གཡས་སུ། །སྟེགས་བུ་རིམ་པ་གཉིས་པའི་དང་པོར་དཔལ་ཆེན་པོའི་གཏོར་མ་གཙོ་འཁོར་ལྔའམ། ཡང་ན་གཙོ་བོ་ལ་ཐེབ་ཀྱུ་བཞིས་བརྒྱན་པའི་གཡས་གཡོན་ཏུ་སྨན་རཀ །གཏོར་ཆོག་ཚང་མ་བྱེད་ན་དེ་དག་གི་གཏོར་འབུལ། མེ་ལྷའི་གཏོར་མ། དཔལ་ཆེན་པོ་མ་གཏོགས་པ་གཞན་གཏོར་མ་ཐམས་ཅད་ཟླུམ་པོ་ཤ་སྟག །རིམ་པ་གཉིས་པར་ཆུ་གཉིས་ཉེར་སྤྱོད་ཚར་གཉིས་སམ། གཅིག་པ་གསོ་བའི་ཆས་དང་བཅས་པ། སློབ་དཔོན་གྱི་གཡས་ཐབ་ཀྱི་གཡོན་ཏུ་བུད་ཤིང་གི་རྒྱུད་ལས་ཡམ་ཤིང་བྱ་སྟེ། གསང་རྒྱུད་ལས་གསུངས་པའི་ཚད་དང་། །ད་ལྟའི་ཕྱག་བཞེས་མི་མཐུན་ཀྱང་སྔ་མ་ལྟར་ན་སློབ་དཔོན་གྱི་མཛུབ་གང་བ། རྩ་རྩེ་མར་དང་སྦྲང་རྩིས་བྱུགས་པ། མངར་གསུམ་བསྲེས་པའི་མར་ཁུ། ཏིལ། ཟས་མཆོག །སོ་བ། འབྲས། ནས། གྲོ། སྲན་མ། དུར་རྦ་དང་ཀུ་ཤ་རྩེ་མོ་མ་ཉམས་པ་བཅས་མེ་ལྷ་ལ་ཚོ་གཅིག་དང་། སྲེག་ལྷ་ལ་ཇི་ཙམ་འབུལ་བའི་གྲངས་
ཚང་བ་དང་ངེས་ཚོ་གཅིག་བཅས་ཕྲེང་བ་གཉིས་བཤམ། སློབ་དཔོན་གོས་རྒྱན་དཀར་པོ་ཞི་བའི་བསམ་པས་རྡོ་རྗེ་སྐྱིལ་ཀྲུང་གིས་སྟན་དཀར་པོ་ལ་ཁ་ཤར་དུ་ཕྱོགས་ཏེ་མེ་ཐབ་དང་ཞལ་སྤྲོད་དུ་བཞུགས་པའི་མདུན་ཏུ་རྡོར་དྲིལ། ཌཱ་མ་རུ། ནང་མཆོད། འཐོར་ནས། དགང་བླུགས་ཁ་སྦྱར་བ་རྡོར་དྲིལ་གྱི་བར་དུ་བཞག །མེ་ཐབ་དང་སློབ་དཔོན་གྱི་བར་དུ་མེ་ཡོལ་སློབ་དཔོན་གྱི་རྐེད་པར་སླེབ་པའི་ཚད་ལ་གངས་རི་ཆུ་རི་བྲིས་པས་བཅད། གཞན་ཡང་དུང་ཞལ་གྱི་ཆུ་འཐོར་གཡབ་དང་བཅས་པ་ཀུ་ཤའི་ཆུན་པོ་བརྒྱད་ལ་སོགས་པའང་ཕྱོགས་གང་བདེར་བཞག །མཆོད་སྟེགས་ཆ་སོགས་མཆོད་རྫས་བསྲེག་རྫས་གཏོར་མ་ཐམས་ཅད་ཁ་དོག་དཀར་པོ་ཁོ་ན་དང་། །སྣོད་ཀྱང་དངུལ་ལམ་དུང་སོགས་དཀར་པོ་བྱ། འབྱོར་ན་དགང་བླུགས་དང་སྣོད་ཀྱི་དབྱིབས། མར་ཁུའི་རྒྱུ་སོགས་ལས་བཞི་སོ་སོར་བྱ་དགོས་པས་དེ་དག་གཞན་ཏུ་ཤེས་པར་བྱ། དུས་ཀྱང་འགྲུབ་ཏུ་རུང་ན་ཞི་བ་ལ་དབྱར་ཟླ་ར་བའི་ནམ་ལངས་སམ། རབ་བཞིའམ། གཞན་ལའང་ནམ་ལངས་སུ་བརྩམས་པར་བཤད་དོ། །གཉིས་པ་ནི། སྒྲུབ་མཆོད་ལྟ་བུ་དང་འབྲེལ་བའི་བདག་མདུན་བསྒྲུབས་ཟིན་པ་ཡིན་ན་སྐབས་སུ་བབས་པའི་ཚེ། བསངས་ཆུ་སྒྲུབ་པ་ནས་འཇུག་པར་བྱ་ཞིང་། །འདི་ཉིད་སྒེར་དུ་བྱ་བའི་ཚེ། བདག་བསྐྱེད་བཟླས་པ་རྫོགས་ཀྱི་བར་ལས་གཞུང་ལྟར་ཚང་པར་བཏང་། སྐབས་འདིར་མེ་དངོས་སུ་མི་སྦར་ཡང་ཏིང་ངེ་འཛིན་གྱིས་སྦར་བ་མོས་གསུང་། དུང་ཞལ་གྱི་དྲི་ བཟང་ཆུ ་ལ་རྡོ་རྗེ་རྩེ་མོས་ནང་མཆོད་འཐོར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལཱི་ཧཱུྃ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ཀྱིས་བསང་། སྭ་བྷཱ་བས་སྦྱང་
སྟོང་པའི་ངང་ལས་ཤཾ་ལས་བྱུང་བའི་དུང་ཕོར་མཚན་ཉིད་དང་ལྡན་པའི་ནང་དུ་ཧཱུྃ་ལས་བྱུང་བའི་བསངས་ཆུ་དྭངས་ཤིང་ཐོགས་པ་མེད་པ་ཐབ་དང་ཡོ་བྱད་ཐམས་ཅད་ཀྱི་འབགས་པ་དང་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་གྱུར། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་སོགས་འཁྱིལ་བའི་སྔགས་ཉེར་གཅིག་བརྗོད་པས་བྱིན་གྱིས་བརླབས། དེ་ནས་འཐོན་ཡབ་ཀྱི་ཀུ་ཤའི་རྩེས་ཆུ་དེ་ཉིད་ནས་བླངས་ཏེ་མཆོད་རྫས་དང་སྲེག་རྫས་ཐམས་ཅད་ལ་འཐོར་ཞིང་སྔར་གྱི་སྔགས་ཀྱིས་བསང་། །སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ལས་བྱུང་བའི་ལྷ་རྫས་ཀྱི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་དཔལ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་དང་། བསྲེག་རྫས་རྣམས་ཀྱང་གཙང་ཞིང་ཡིད་དུ་འོང་བ་ཞི་བའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་བཛྲ་ཨ་ཧ་ར་ལི་ཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནི་ཝི་དྱེ་ཨཱཿཧཱུྃ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། ཨོཾ་བཛྲ་ཨུ་ཏ་ཕ་ལ་ཡ་ཧཱུྃ། ཨོཾ་བཛྲ་བིད་པཱུ་ར་ཡ་ཧཱུྃ་ཕཊ། ཀྱིས་མཆོད་རྫས་རྣམས་སོ་སོའི་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབ། དེ་ནས་མཆོད་ཡོན་གྱི་ཕྱག་རྒྱ་ཁོ་ན་བྱ་ཞིང་། ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་ཡམ་ཤིང་དང་། ཨོཾ་ཤྲཱི་སཱ་ཧཱས་མར། ཨོཾ་ཛྲི༚་སྭཱ་ཧཱས་འབྲུ། ཨོཾ་ཨོཾ་སྭཱ་
ཧཱས་རྫས་ཐམས་ཅད་བཀྲུ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་རྫས་ཐམས་ཅད་སྦྱང་། བསང་ཆུ་ཐབ་ཏུ་འཐོར་ལ། བསང་སྦྱང་། སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་བྱུང་བའི་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ་རྒྱར་ཁྲུ་གང་ཟབས་སུ་ཁྲུ་ཕྱེད་ཁ་ཁྱེར་དང་མུ་རན་ལ་རྡོ་རྗེས་མཚན་ཞིང་། ཕྱི་རོལ་སྟེགས་བུ་ཁྲུ་བཞི་པའི་གྲ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་དྭངས་ཤིང་ཐོགས་པ་མེད་པ་བུད་ཤིང་བརྩིགས་པ་དང་བཅས་པར་གྱུར། དེ་ནས་འཇིག་རྟེན་པའི་མེ་ལྷ་བསྐྱེད་ཅིང་སྲེག་བླུགས་འབུལ་བ་ནི། དེའི་དབུས་སུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་སྟེང་དུ་རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། འདུས་གཅིག་ཏུ་གྱུར་པ་ལས་མེ་ལྷ་སྐུ་མདོག་དམར་པོ་འོད་ཟེར་དཀར་པོ་འཕྲོ་ཞིང་འདུ་བ་ར་སྐྱེས་དཀར་པོ་ལ་ཞོན་པ་ཞལ་གཅིག་ཕྱག་གཉིས་གཡས་བགྲང་ཕྲེང་དང་གཡོན་སྤྱི་བླུགས་དཀར་པོ་འཛིན་པ་གསུས་ཁྱིམ་ཆེ་བ་རལ་པའི་ཐོར་ཚུགས་དང་སྨ་རའི་ཨག་ཚོམ་ཅན་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་ཨོཾ་བཛྲ་ས་མཱ་ཛཿས་ཞེས་དང་ལག་པ་གཉིས་ཀྱི་མཐེ་བོང་གུང་མོའི་རྩ་བར་བཞག་མཛུབ་མོ་གུང་མོའི་རྒྱབ་ནས་བཀབ་པ་དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡབ་ཅིང་། ཨོཾ། ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ།
མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛཿསརྦ་ཀཱརྨ་པྲ་སཱ་དྷ་ཀ་མ་ཧཱ་བྷཱུ་ཏ་དེ་ཝ་རྀ་ཥི་དྭི་ཛ་སྟཾྭ། ཨ་གྲྀ་ཧི་ཏྭ། སརྦ་སརྟྭ་རྠ་ཀྲྀ་ཏོ་ཨཱ་ཧཱུ་ཏི་ཨ་སྨིནྶནྣི་ཧི་ཏོ་བྷ་བ་པདྨ་ཀ་མ་ལ་ཡ་སྟཾྭ། ཞེས་པས་སྤྱན་དྲངས་ཤིང་གདན་ཕུལ། ཨོཾ་ཨགྣ་ཡེས་ཕ་རི་ཝར་ཨརྒྷཾ། ནས། ཤབྡ་ཨཱཿཧཱུྃ་ཞེས་མཆོད། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་བསྟན་ལ། ཨོཾ་བཛྲ་ཨཱ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ་སརྦ་དུཥྚཾ་བྷ་སྨིན་ཀུ་རུ་ཧཱུྃ་ཕཊ་དྲྀ་ཤྱ་ཧོཿཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭྃ། ཞེས་པས་དམ་ལ་བཞག །ཛཿཧཱུྃ་བྃ་ཧོཿ ཞེས་པས་དམ་ཡེ་གཉིས་མེད་དུ་བྱས། སླར་ཡང་རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཐལ་མོ་སྦྱར་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན། ཞེས་དབང་བསྐུར་རྒྱས་གདབ་བྱ། ཀུ་ཤའི་ཆུན་པོ་བརྒྱད་བསང་སྦྱང་། སྟོང་པའི་ངང་
ལས་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩབ་དང་རྩེ་མོ་མ་ཉམས་པ་འབགས་པ་དང་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་གྱུར། ཞེས་བརྗོད་ཅིང་སློབ་དཔོན་གྱིས་ཐལ་མོའི་བར་དུ་བཟུང་ལ། ཨོཾ། ཀུ་ཤ་འདི་ནི་བཟང་ཞིང་དགེ། །ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །ཚངས་པ་ཡི་ནི་དག་བྱེད་ཡིན། །འདིས་བདག་ཅག་གི་བགེགས་དང་མི་མཐུན་པའི་ཕྱོགས་ཞི་ཞིང་ལས་ཀྱི་དངོས་གྲུབ་ཀྱང་སྩལ་ཏུ་གསོལ། །ཞེས་བརྗོད་ཅིང་ལས་ཀྱི་རྡོ་རྗེ་ལ་སྤྲད་ལ། ཨོཾ་བཛྲ་སཏྭ་ཨཱཿ ཞེས་བརྗོད་ཅིང་གཡས་བསྐོར་གྱིས་ཕྱོགས་མཚམས་བརྒྱད་དུ་བཀྲམ། སྦྱིན་སྲེག་གི་གཞུང་རྣམས་སུ་གོང་དུ་འཇིག་རྟེན་པའི་མེ་ལྷ་མ་བསྐྱེད་པར་མེ་སྦར་བར་བཤད་ཀྱང་། ཕྱག་ལེན་ལ་སྐབས་འདིར་མཛད་པས། ཚད་ལྡན་ད་དུ་སྦར་བའི་མེ་སྒྲོན་སློབ་དཔོན་གྱི་ཐལ་མོའི་བར་དུ་བཟུང་ལ། ཀཱི་ལ་ཡ་བརྗོད་ཅིང་ཐབ་ལ་གཡས་བསྐོར་ལན་གསུམ་བྱས་ལ། ཨོཾ་བཛྲ་ཛྭ་ལ་རཾ། ཞེས་བརྗོད་ཅིང་ཐབ་ནང་གི་ཏིང་ལོ་སྦར་ལ་མེ་གསོ། །སྔགས་དེ་བརྗོད་ལ་དགང་བླུགས་ཁ་སྦྱར་བས་མར་ལན་གསུམ་འབུལ། དེ་ནས་བྱོན་ཟན་འབུལ་བ་ནི། མེ་ལྷའི་ལྕེ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་དང་། དགང་བླུགས་ཀྱི་ཁ་ལ་རཾ་གྱིས་མཚན་པ། ཞེས་བརྗོད་ཅིང་བསམས་ལ་ལག་པ་གཡས་ཁུ་ཚུར་བཅང་བ་ལས་མཛུབ་མོ་དང་ཐེ་བོང་སྦྲེང་བས་བླུགས་གཟར་བཟུང་བ་ཁ་ཕུབ་ཏུ་བརྐྱངས། གཡོན་ཕྱག་རྒྱ་དེ་ཉིད་ཁ་གྱེན་དུ་བསྟན་པས་དགང་གཟར་བཟུང་ལ་གཡོན་པའི་མཛུབ་མོ་གཡས་པའི་ལག་མཐིལ་གྱི་འོག་ཏུ་བཞག་པ་བྱང་
ཆུབ་མཆོག་གི་ཕྱག་རྒྱ་དང་བཅས། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན་གྱིས་མར་ཕུལ་ལ་མཐར། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བ་ཧ་ན་ཡ་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉམས་ཆག་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱི༚ནྟ་ཀུ་རུ་སྭཱ་ཧཱ། ཞེས་སམ། བྱད་གདོན་ལྟ་བུ་དམིགས་བསལ་ཞི་བྱེད་ཡིན་ན་དེ་དང་དེ་སྦྱར་ཞིང་། བསྙེན་པའི་ཁ་སྐོང་སྐབས། སྡིག་སྒྲིབ་ཉམས་ཆག་གསང་སྔགས་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཅེས་སྦྱར་བ་གཞན་ལའང་འགྲེ། མཐར་དགང་བླུགས་ཁ་སྦྱར་བ་ཐབ་ལ་གཡས་སུ་ལན་གསུམ་བསྐོར། དེ་ནས་སོ་སོའི་ཕྱག་རྒྱ་བཅས་ལ། ཨོཾ་ཨགྣ་ཡེ་ས་བ་རི་ཝ་ར་ཨརྒྷཾ་ཨཱཿཧཱུྃ། མཚན་སྔགས་སྦྱར་བ། པ་དྱཾ་ནས། ཤ་བྡ་རོལ་ཆེན་གྱི་བར་གྱིས་མཆོད། མཐེབ་སྲིན་གྱིས་ནང་མཆོད་གཏོར་ལ། ཨོཾ་ཨགྣ་ཡེས་པ་རི་ཝཱར་ཨོཾ་ཨཱཿཧཱུྃ། རྡོ་རྗེ་དྲིལ་བུ་འཛིན་པས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །སྐབས་འདིར་མེ་པྲ་བརྟག་པ་གཞན་དང་མཐུན་ལ། ངན་རྟགས་བྱུང་ན་འཁྱིལ་བའི་སྔགས་བརྗོད་ཅིང་བསངས་ཆུ་འཐོར། དེ་ནས་བསྲེག་རྫས་འབུལ་བ་ནི་ཐོག་མར་ཡམ་ཤིང་བྱང་ཆུབ་ཀྱི་ཤིང་དུ་མོས་ཏེ། ཨོཾ་བོ་དྷི་བྲཾཀྵཱ་ཡ་སྭཱ་ཧཱ། ཞེས་ལན་བདུན་གྱིས་ཕུལ་བའི་མཐར། ཨོཾ་བོ་དྷི་བྲཾཀྵཱ་ཡ་བདག་དང་སེམས་ཅན་སོགས་འདོད་གསོལ་སྔར་ལྟར་བརྗོད་མེ་ལྷའི་བསྲེག་རྫས་རྣམས་རིམ་
པར་ཕུལ་ལ་རྗེས་ཆོག་སྐབས་དགོས་པས་ལྷག་མ་རེ་བཞག་གོ། །གྲངས་བཟུང་དང་འདོད་གསོལ་དེས་འགྲེས་ཏེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ་ས་མར་དང་། ཨོཾ་སརྦ་པ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ་ས་ཏིལ། ཨོཾ་སརྦ་པཾ་བ་དེ་སྭཱ་ཧཱས་ཟས་མཆོག །ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱས་སོག་ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱས་འབྲས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱས་ནས། ཨོཾ་བཛྲ་གྷ་སྨྲ་ར་ཡེ་སྭཱ་ཧཱས་གྲོ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱས་སྲན་མ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱས་དུརྦ། ཨོཾ་ཨ་པྲ་ཏི་ཧ་ཏབཛྲཱ་ཡ་སྭཱ་ཧཱ་ས་ཀུ་ཤ་རྣམས་ཕུལ་ལ། གོང་ལྟར་སྡེ་ཚན་རེ་རེའི་མཐར་སྤེལ་ཚིག་སྦྱར་རོ། །ཐབ་ནང་དུ་བསང་ཆུ་ནས་ཅུང་ཟད་གཏོར་ལ། ཨོཾ་པྲོཀྵ་ནཾ་ཨཉྩ་མ་ན་མ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བས་བསང་གཏོར་དང་ཞལ་བསིལ་ཕུལ། མར་དགང་བླུགས་གང་ཐབ་ནང་དུ་ཕུལ་ལ། ཨོཾ་བཛྲ་ཛྭ་ལ་རཾ། ཞེས་བརྗོད་པས་སྔར་གྱི་མེ་ལྷ་དེ་ཉིད་མེ་འབར་བའི་རྣམ་པར་གྱུར་པར་བསམ་ཞིང་། མེ་ལྷ་འབར་བའི་རྣམ་པར་གྱུར། ཞེས་སོ། །འདས་པའི་མེ་ལྷ་མཆོད་པ་ནི། བུད་ཤིང་ཁ་གསོ། །གལ་ཏེ་མཆོད་རྫས་དང་བསྲེག་རྫས་རིམ་པ་གཉིས་བཤམ་པ་མ་འཛོམ་ན་སྐབས་འདིར་ཁ་གསོས་ལ། བསངས་སྦྱང་། ཧཱུྃ། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །སོགས་ལས་གཞུང་ལྟར་ལ་བསྒོམ་པར་བྱ། ནམ་མཁའི་ཧཱུྃ་ལས་སྤྲོས་པའི་སོགས་དང་། །ནམ་མཁར་གནས་པའི་ཧཱུྃ་ཡིག་དེ། །ཞེས་བསྒྱུར། བདག་ཉིད༴ དང་རང་གི༴ ཞེས་པའི་ཚིག་རྣམས་དོར་ཏེ་དཀྱིལ་འཁོར་ཡོངས་རྫོགས་བསྐྱེད་པའི་མཇུག་གི། དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཅེས་པའི་བར་བཏང་། ལྷ་ཚོགས་ཐམས་ཅད་སྐུ་མདོག་དཀར་
ཤས་ཆེ་བ་ཞི་འཛུམ་ཅན་འོད་ཟེར་དཀར་པོ་འཕྲོ་བས་བདག་གཞན་གྱི་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཞི་བར་མཛད་པར་མོས། སྐབས་འདིར་སྒྲུབ་མཆོད་དང་འབྲེལ་ན་ཚོམ་བུ་སྤྱན་འདྲེན་དགོས་པ་ནི་སྤྱི་དང་མཐུན། དེ་ནས། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། རང་བཞིན་གྱི་གནས་སོགས་ནས། ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ་པར་གཞུང་ལྟར། དེ་ནས་བྱོན་ཟན་འབུལ་བ་ནི། གོང་སྨོས་བྱང་ཆུབ་ཕྱག་རྒྱས་དགང་བླུགས་བཟུང་ལ། ཀཱི་ལ་ཡ་ལན་གསུམ་གྱིས་སྔགས་པའི་མང་དགང་བྱུགས་བདུན། ཨགྣའི་སྔགས་སྤེལ་ཚིག་དང་བཅས་པ་གསུམ་གྱིས་འབུལ། སྨན་རཀ་གཏོར་གསུམ་བྱིན་རླབས་ལ་ལས་གཞུང་ལྟར་དང་། མཆོད་རྫས་བསྲེག་རྫས་བྱིན་རླབས་གོང་སྨྲོས་ལྟར་བྱ། ལས་གཞུང་གི། ཨོཾ། སངས་རྒྱས་ཀུན་དང་སོགས་སྨན་རཀ་གཏོར་གསུམ་འབུལ་བ་ནས་མཐར་ཆགས་སུ་བཏང་བ་ལས། བསྒྲལ་མཆོད་ལེའུ་དང་པོ། ཛཿདམ་ཚིག་ཆེན་པོ་ཙམ་གྱིས་འཐུས་བས། ཧཱུྃ་ཀ་ར་ཧཱུྃ་ཨ། ཞེས་གྲུབ་ནས། ཧཱུྃ། ཧེ་རུ་ཀ་ཡི་གནས་བཅུ་སོགས་ནས་བསྟོད་པ་རྫོགས་ཀྱི་བར་བརྐང་། དེ་ནས་བསྲེག་རྫས་འབུལ་བ་ནི། གོ་རིམ་མེ་ལྷའི་སྐབས་ལྟར། སྔགས་རྣམས་ཀཱི་ལ་ཡ་འབའ་ཞིག་གིས་འབུལ། འབུལ་ཡུལ་ཀྱང་། ཡཾ་ཤིང་ནི་མེ་འོད་འབར་བ་ལ། ཞུ་བའི་རྫས་རྣམས་ནི་ལྷ་ཐམས་ཅད་ཀྱི་ཞལ་དུ། གོང་བུའི་རྫས་རྣམས་ནི་ཕྱག་ཏུ། ཀུ་ཤའི་དབུའི་གཙུག་ཏོར་ལ་ཕུལ་བར་བསམ་མོ། །དེ་ལ་བསྙེན་པའི་སྐབས་སུ་བསྙེན་ཚད་འབུམ་གྲངས་ཀྱི་བཅུ་ཆའི་སྦྱིན་སྲེག་གི་གྲངས་འཛིན་དགེས་བས། དེ་
ཡང་སྡིག་པ་ཞི་བ་དང་གསང་སྔགས་ལྷག་ཆད་ཀྱི་ཉེས་པ་གསོ་བའི་ཕྱིར་ཏིལ་ལ་མ་ཡུངས་ཀར་གང་རུང་ལ་བཅུ་ཆའི་གྲངས་འཛིན་ཅིང་། སྟོང་ར་ཅན་ལ་སོགས་པའི་མཐར་གྲངས་འཛིན་གྱི་ཏིལ་ཡུངས་གང་རུང་ཐབ་ནང་དུ་ཐོག་མར་ཕུལ། དེ་ནས་ཡམ་ཤིང་ནས་ཀུ་ཤའི་བར་གྱི་རྫས་རྣམས་ཀཱི་ལ་ཡ་སྤེལ་ཚིག་དང་བཅས་པས་ཚར་བཅུ་གཅིག་ཕུལ། སླར་ཡང་སྔར་བཞིན་ཏིལ་ཡུངས་ལ་གྲངས་བཟུང་དེ་འདྲ་བ་ལན་བཅུ་གཅིག་ཕུལ་བའི་མཐའ་མར་བྱོན་ཟན་གྱི་སྐབས་ལྟར་མར་དེ་གང་བླུགས་བདུན་སྤེལ་ཚིག་དང་བཅས་པ་ལན་གསུམ་འབུལ། དེ་ནས་ཕྱི་ནང་གིས་མཆོད་ལ་བསྟོད་པ་མདོར་བསྡུས་ཀྱི་རྗེས་སུ་གཏོར་ཆོག་ལ་འཇུག །ཡང་རང་དང་གཞན་གྱི་དོན་དུ་བར་ཆད་ལ་སོགས་པ་ཞི་བའི་ཕྱིར་འཕྲལ་ལ་སྦྱིན་སྲེག་བརྩམས་པ་རྣམས་ལ་ནི་བསྙེན་པའི་བཅུ་ཆ་ལྟ་བུའི་གྲངས་འཛིན་ཐུབ་ན་རབ་དང་། དེ་མིན་ཀྱང་དེ་ལྟར་ཕྱག་ལེན་ལ་མཛད་པ་ལྟར་ཀཱི་ལ་ཡ་ཁོ་ནས་ཐོག་མར་ཡམ་ཤིང་རྐྱང་པ་བརྒྱ་རྩ་ཕུལ་བའི་མཐར་སྤེལ་ཚིག་དང་བཅས་པ་འབུལ། འདི་ལ་ཐོག་མ་གཅིག་གཉིས་ཤིག་དང་མཚམས་མཚམས་སུ་རེ་གཉིས་མ་གཏོགས་དངོས་སུ་མི་འབུལ་ཞིང་སྟངས་ཀ་བྱས་ལ་ཕྱོགས་གཅིག་ཏུ་བསགས་ཤིང་རིམ་གྱིས་མེ་ཁ་གསོ། །དེ་ནས་མར་ནས་བཟུང་སྟེ་ཀུ་ཤའི་བར་རྫས་སོ་སོ་ནས་བརྒྱ་རྩ་རེ་ཕུལ་ཞིང་མཐར་སྤེལ་ཚིག་སྦྱར། དེ་ཐམས་ཅད་ཕུལ་བའི་རྗེས་སུ་མར་དགང་བླུགས་བདུན་སྤེལ་ཚིག་དང་བཅས་པ་ལན་གསུམ་འབུལ། སྦྱིན་བདག་ལྟ་བུ་དངོས་སུ་ཉེ་སྐོར་ན་ཡོད་ན། དེའི་མཐེ་བོང་དང་བླུགས་གཟར་ལྷན་ཅིག་ཏུ་བཟུང་ལ་
གང་བའི་སྦྱིན་སྲེག་བདུན་གསུམ་ཉི་ཤུ་རྩ་གཅིག་འབུལ་ཞིང་། སྤེལ་ཚིག་ཀྱང་སྦྱིན་པའི་བདག་པོའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་དང་། སྐྱེ་བ་འདིར་ཡང་ལན་ཆགས་ཤིང་ཤ་འཁོན་ཏུ་གཉེར་བའི་མི་དང་མི་མ་ཡིན་གྱི་གདུག་རྩུབ་ཀྱིས་ཚེ་དང་སྲོག་ལ་རྒོལ་བ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཤིནྟི༚་ཀུ་རུ་སྭཱ་ཧཱ། ཞེས་བརྗོད། དེ་ནས་སྒེག་ཕྲེང་སོགས་དང་མཆོད་ཡོན་སོགས་ཀྱི་མཆོད། སྨན་རཀ་གཏོར་གསུམ་ཤློ་ཀ་རེའམ་སྔགས་ཙམ་གྱིས་མཆོད་པ་ནང་མཆོད། བསྟོད་པ་མདོར་བསྡུས་བཅས་བྱ། གཏོར་ཆོག་རྒྱས་པར་སྤྲོ་ན་སྤྱི་ལྟར་སྐབས་འདིར་བྱ། མི་སྤྲོ་ནའང་དཀར་བདུད་ཕུར་སྲུང་རྣམས་ལ་གཏོར་འབུལ་ངེས་པར་འགྲུབ་ན་ལེགས། གང་ལྟར་ཚོགས་རྫས་བཤམས་ལ་ལས་གཞུང་ལྟར་ཚོགས་བྱིན་རླབས་ནས་རིམ་པར་བཏང་སྟེ་ཚོགས་ལ་རོལ་རྗེས་གཏོར་འཕུལ་རྒྱས་པ་བྱེད་སྐབས་ཆོས་སྐྱོང་སྤྱི་བསྟབ་བྱ། ལྷག་ཆོག་རྒྱས་པ་འགྲུབ་དཀའ་བས་གཏོར་བཟློག་ཏུ་གསལ་བའི་བསྡུས་པ་དང་བརྟན་མ་སྐྱོང་། དེ་ནས་རྗེས་ཆོག་བྱས་པས་འགྲུབ་བོ། ༈ །གཉིས་པ་རྒྱས་པའི་སྦྱིན་སྲེག་ནི། བཤམ་དང་ཡོ་བྱད། ཆོག་གཞུང་སྤྱི་ཐམས་ཅད་ཞི་བའི་སྦྱིན་སྲེག་ཁོ་ན་ཁ་བསྒྱུར་བས་འགྲུབ་ཅིང་། དེ་ལ་མེ་ཐབ་གྲུ་བཞི་སེར་པོ་བ་བྱུང་དང་གུར་གུམ་སོགས་ཀྱིས་བྱུག །ཐབ་ཁ་ཁྱེར་མུ་རན་བཅས་གྲུ་བཞི་ཁོ་ནར་བྱས་པའི་ཁ་ཁྱེར་ལ་ནོར་བུའི་ཕྲེང་བས་བསྐོར། བུད་ཤིང་དང་ཡམ་ཤིང་འབྲས་བུ་ཅན་ནམ། མར་ཁུ་རང་ལྡན་པའི་ཤིང་། ཚད་ཁྲུ་གང་བ། བསྲེག་རྫས་ཀྱི་གོ་རིམ། དཱུརྦ། སྲན་མ། འབྲས། ནས། གྲོ། སོ་བ།
ཏིལ། ཀུ་ཤ་རིམ་པར་བསྒྲིག །མཆོད་སྟེགས་ཆས་རྒྱན་མཆོད་རྫས་སྲེག་རྫས་གཏོར་མ་དང་བཤམ་བའི་སྣོད་ཐམས་ཅད་དབྱིབས་གྲུ་བཞི་མདོག་སེར་པོ། བལྟས་ལ། དུས་སྟོན་ཟླ་ར་བའམ་གང་ཡང་རུང་བའི་ཐོ་རངས་སམ་ཉིན་གུང་བརྩམས་པར་བཤད་དོ། །བྱིན་རླབས་སྐབས། བསྲེག་རྫས་གཙང་ཞིང་སྣུམ་བག་དང་ལྡན་པ་ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་རྒྱས་པའི་ནུས་པ་དང་ལྡན་པར་གྱུར། ཞེས་སྒྱུར། ཐབ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྒྱས་པའི་ཐབ་ཁུང་གྲུ་བཞི་རྒྱར་ཁྲུ་དོ་ཟབས་སུ་ཁྲུ་གང་ཁ་ཁྱེར་རྃ་མུ་རན་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་བ། ཕྱི་རོལ་སྟེགས་བུ་གྲུ་བཞི་པའི་གྲ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པས། སོགས་སྔར་ལྟར་ལ། ལུགས་འདིར་ལས་བཞི་ཀར་མེ་ལྷ་སྐུ་མདོག་དངོས་དམར་པོ་ཁོ་ན་མཛད། མདོག་གཞན། དཀར་པོ་གར་ཡོད་དུ་སེར་པོ་ཞེས་བསྒྱུར། རྒྱས་གདབ་སྐབས། ཆུའི་ལྷག་མ་ཡར་ལུད་པ་ལས། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། དགང་བླུགས་རིན་པོ་ཆེའི་ཕྱག་རྒྱས་བཟུང་སྟེ་དེའང་ལག་པ་གཉིས་ཁུ་ཚུར་བཅང་བ་ལས་མཐེ་བོང་དང་མཛུབ་མོ་རྩེ་སྦྱར་བའི་བར་ནས་དགང་བླུགས་བཟུང་བའོ། །སྤེལ་ཚིག་ནི། བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དཔལ་འབྱོར་འཁོར་དང་ལོངས་སྤྱོད་ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛོད་ཅིག །པིུ༚ཥྚ་ཀུ་རུ་ཨོཾ་སྭཱ་ཧཱ། ཞེས་སྦྱང་། བསྲེག་རྫས་ཀྱི་སྔགས་
རྣམས་བཤམ་པའི་གོ་རིམ་ལྟར་བྱ་དགོས། སྲེག་ལྷའི་སྐབས། ལྷ་ཚོགས་ཐམས་ཅད་སོ་སོའི་སྐུ་མདོག་ལས་ཅུང་ཟད་སེར་བ་འགྱིང་བག་དང་བཅས་ཤིང་འོད་ཟེར་སེར་པོ་སྤྲོ་བསྡུའི་སྒོ་ནས་བདག་དང་གཞན་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་འཕེལ་ཞིང་རྒྱས་པའི་ལས་མཛད་པར་བསམ། བསྲེག་རྫས་སྤྱིར་གྲངས་བརྒྱ་རྩ་བརྒྱད་དོ། །གཞན་སྡང་དང་ཁྱད་པར་མེད་དོ། ༈ །གསུམ་པ་དབང་གི་སྦྱིན་སྲེག་ནི། མེ་ཐབ་ཟླ་གམ་དམར་པོ་སིནྡྷུ་ར་དང་ཙནྡན་དམར་པོས་བྱུགས། དབྱིབས་ཟླ་གམ་ཁ་ཁྱེར་ལ་ལྕགས་ཀྱུ་ཁ་ཕྱིར་བསྟན་དང་ཞགས་པས་བསྐོར། ཤིང་དང་ཡམ་ཤིང་འབྲས་བུ་དམར་པོ་རོ་མངར་སྐྱུར་དང་ལྡན་པ་ཚད་མཐོ་གང་བྱ། བསྲེག་རྫས་ཟས་མཆོག །ཏིལ། སོ་བ། ནས། གྲོ། སྲན་མ། དཱུ་བ། ཀུ་ཤ་རིམ་པར་བཤམ། མཆོད་སྟེགས་རྒྱན་ཆས་མཆོད་རྫས་བསྲེག་རྫས་གཏོར་མ་དང་བཤམ་པའི་སྣོད་ཐམས་ཅད་དབྱིབས་ཟླ་གམ། ཁ་དོག་དམར་པོ། སློབ་དཔོན་གོས་རྒྱན་དམར་པོ་དབང་སྡུད་ཀྱི་བསམ་པས་པདྨའི་སྐྱིལ་ཀྲུང་གིས་གདན་དམར་པོར་ཁ་ནུབ་ཏུ་ཕྱོགས་པས་འཁོད། དུས་དཔྱིད་ཟླ་ར་བའམ་གང་ཡང་རུང་བའི་ཉི་མྱུར་ལ་བརྩམ་མོ། །བྱིན་རླབས་སྐབས། བསྲེག་རྫས་རྣམས་གཙང་ཞིང་ཡིད་དུ་འོང་བ་དམར་ཞིང་སྣུམ་པ་འོད་ཟེར་དམར་པོ་འཕྲོ་བས་སྣོད་བཅུད་ཐམས་ཅད་དབང་དུ་འདུ་བའི་ནུས་པ་དང་ལྡན་པར་གྱུར། ཞེས་བསྒྱུར། ཐབ་བསང་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་དབང་གི་ཐབ་ཁུང་དམར་པོ་ཟླ་གམ་རྒྱར་གྲུ་གང་ཟབས་སུ་ཁྲུ་ཕྱེད་མུ་རན་ལ་ལྕགས་ཀྱུ་ཞགས་པའི་ཕྲེང་བས་མཚན་པ། ཕྱི་རོལ་
སྟེགས་བུ་གྲུ་བཞི་པའི་གྲ་བ་ཞིར་ཟླ་ཕྱེད་རྡོ་རྗེས་བརྒྱན་པ་སོགས་སྔར་བཞིན། ཁ་དོག་དཀར་པོའི་མལ་དུ། དམར་པོ། ཞེས་དང་། རྒྱས་གདབ་སྐབས། །ཡར་ལུད་པ་ལས། འོད་དཔག་མེད་ཀྱིས་དབུ་བརྒྱན་པདྨའི་ཕྱག་རྒྱ་ནི། ལག་པ་གཉིས་ཀྱི་མཐེ་ཆུང་སྲིན་ལག་འཛུབ་མོ་རྣམས། མཐེ་བོང་དང་སྦྱར་གུང་མོ་སྒྲེང་བའི་བར་ནས་དགང་བླུགས་བཟུང་། སྤེལ་ཚིག་ནི། ཁམས་གསུམ་གྱི་ལྷ་འདྲེ་མི་གསུམ་ཁྱད་པར་མཁས་གྲུབ་རྒྱལ་བློན་བསྟན་ལ་གནོད་པའི་དགྲ་བགེགས་རླུང་སེམས་སྣང་བ་ཐམས་ཅད་བ་ཤཾ་ཀུ་རུ་ཧོཿསྭཱ་ཧཱ། ཞེས་སྦྱར། སྲེག་སྔགས་ཀྱང་གོ་རིམ་བཤམ་པའི་སྐབས་ལྟར་འདོན་བསྔོ། །སྲེག་ལྷ་རྣམས། རང་རང་གི་སྐུ་མདོག་ལས་ཅུང་ཟད་དམར་བ་ཆགས་པའི་ཉམས་ཅན་ཤིན་ཏུ་འཛུམ་པ་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོ་བར་བསྒོམ། བསྲེག་རྫས་སྤྱི་གྲངས་ལྔ་བཅུའོ། །གཞན་ཞི་བའི་སྐབས་ལྟར་རོ། ༈ །བཞི་པ་དྲག་པོའི་སྦྱིན་སྲེག་ནི། སྐབས་དོན་ཁྱད་པར་ཅན་གྱིས་བྲིས་ཏེ། མེ་ཐབ་གྲུ་གསུམ་མཐིང་ནག་རོ་སོལ་མི་རུས་དུག་ཁྲག་གིས་བྱུག །ཁ་ཁྱེར་གྱི་ཕྱོགས་གསུམ་མཚམས་གསུམ་དུ་མདའ་གཞུ་ཕྱིར་འགེངས་པ་གསུམ། དེ་དག་གི་མཚམས་མཚམས་སུ་རྡོ་རྗེ་རྭ་གདེབས་པ་རེ་རེ་བྲི། ཐབ་ཀྱི་ནང་གི་ཟུར་གསུམ་ལ་ཁྲོ་ཞལ་ནང་དུ་བསྟན་པ་གསུམ་བྲི། ཕྱི་རོལ་སྟེགས་བུ་གྲུ་བཞི་པའི་གྲ་བཞིར་ཟླ་ཕྱེད་རྡོ་རྗེ་རྭ་གདེངས་པ། དེའི་བར་ཁྱམས་སུ་གློ་སྙིང་རྒྱུ་ཞགས་བཀྲམ་པ་འབྲི། བུད་ཤིང་དང་ཡམ་ཤིང་ནི་དུག་ཤིང་དང་ཚེར་མ་ཅན་སོར་བཅུ་གཉིས་ཀྱི་ཚད་ཅན་རྩ་རྩེར་དུག་ཁྲག་སོལ་བས་བྱུགས་པ། རང་གི་གཡོན་ཐབ་ཀྱི་གཡས་སུ་བསྲེག་རྫས་མི་ཐོད་དམ་
ལྕགས་ལ་སོགས་པའི་སྣོད་དུ་ཤ་སྣ། ཁྲག་སྣ། དུག་སྣ། སྐེ་ཚེ། ཤང་ཚེ། ཡུད་དཀར་ནག་ལ་སོགས་པ་དྲག་པོའི་རྫས་སྣ་གང་འཛོམ་ཕྱོགས་གཅིག་ཏུ་བསགས་པ་དང་། གོ་རིམ་བཞིན་དུ་སྤྱིར་བཏང་གི་རྫས་སོ་བ། སྲན་མ། ཏིལ། ནས། འབྲས། གྲོ། ཟས་མཆོག །དཱུ་རྦ། ཀུ་ཤ་རྣམས་དང་། ལྕགས་ལ་སོགས་པའི་སྣོད་དུ་མར་ཁུ་ཚ་བ་གསུམ་གྱིས་ཁ་བསྒྱུར་བ། ཁྱད་པར་ལྕགས་སྣོད་དུ་དགྲ་དམིགས་བསལ་ཡོད་ན་ལིང་ག་ཞལ་ཤེས་ལྟར་དང་། མེད་ན་བག་ཟན་ལ་ལིངྒ་རྣམ་ཤེས་ཚོགས་བརྒྱད་མཚོན་བྱེད་སོར་བརྒྱད་དམ། །རྟེན་འབྲེལ་བཅུ་གཉིས་མཚོན་བྱེད་སོར་བཅུ་གཉིས་དུ་བྱས་པའི་སྙིང་གར་དུག་ཤོག་ལ་དུག་ཁྲག་གིས། །གྷ་ནྲྀྀ་ཏྲི་ཛཿམར་ཡ་རྦད། གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་རྦད། ཧ་ཧ་མཱ་ར་ཡ་རྦད། ཅེས་བྲིས་པ་བཅུག་ལྕགས་སྣོད་དུ་རེ་བས་ཁ་བཅད་དེ། ལྕགས་ཀྱི་རྡོ་རྗེས་མནན་ལ་བཞག་གོ། །རང་གི་གཡས་ཐབ་ཀྱི་གཡོན་ཏུ་གཏོར་མཆོད་སྤྱི་དང་། ཁྱད་པར་ཁྲག་གི་མཆོད་ཡོན། དབང་པོའི་མེ་ཏོག་སོགས་དྲག་མཆོད་ཚིག་རིས་དང་མཐུན་པ་བཀོད། གདབ་ལས་ཀྱི་ཆས་སོགས་འདུ་བྱ། མཆོད་སྲེག་ཆས་རྒྱན་མཆོད་རྫས་སྲེག་རྫས་གཏོར་མ་དང་བཤམ་པའི་སྣོད་ཐམས་ཅད་དབྱིབས་གྲུ་གསུམ། ཁ་དོག་ནག་པོ་འབའ་ཞིག་བྱ། སློབ་དཔོན་ཞྭ་ཕོད་སོགས་ཆས་ནག་པོ་ཁྲོ་ཞིང་གཏུམ་པས་ཙོག་པུར་ཞིང་ལྤགས་སམ་སྟན་ནག་པོར་ཁ་ལྷོ་ཕྱོགས་ལ་དུས་དགུན་ཟླ་ར་བའམ་གང་ཡང་རུང་བའི་སྲོད་ལ་བརྩམ་པར་བྱའོ། །ཐོག་མར་གཏོར་ཟློག་ལྟར་གནས་ཡོ་བྱིན་རླབས་བྱས་ལ་བདག་བསྐྱེད་བཟླས་པ་གྲུབ་ཀྱི་བར་བཏང་། །ཞི་བའི་སྐབས་ལྟར་བསང་ཆུ་བྲན་བརླབ། རྫས་རྣམས་བསངས་སྦྱང་། །སྟོང་པའི་ངང་
ལས་ཨ་ལས་བནྡྷ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བར་དགྲ་བགེགས་བསྒྲལ་བའི་ཁྲག་གི་ཨརྒྷཾ། དབང་པོ་ལྔའི་མེ་ཏོག །ཚིལ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་སྒྲོན་མེ། མཁྲིས་པའི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས། རྐང་གླིང་ཐོད་རྔ་ལ་སོགས་པ་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་དང་བསྲེག་རྫས་རྣམས་མེ་འབར་བའི་རང་བཞིན་ཅན་འུར་འུར་སོག་སོག་ཐོག་ཐོག་གི་སྒྲ་སྒྲོགས་པ། གདུག་པ་ཅན་ཐམས་ཅད་སྐད་ཅིག་ལ་འཇོམས་པའི་ནུས་པ་དང་ལྡན་པར་གྱུར། །ཞེས་བརྗོད་ཅིང་བསམས་ལ། ཨོཾ་བཛྲ་ཨ་ཧ་ར་ལི་ནས། ཀུ་རུ་ཀུ་རུ་སྭཱ་ཧཱའི་བར་བརྗོད་པས་བྱིན་གྱིས་བརླབ། ཐབ་ཁུང་བསང་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་ཚ་ཞིང་བརྩུབ་པའི་སྟེང་དུ་ཧཱུྃ་ལས་བྱུང་བའི་དྲག་པོའི་ཐབ་ཁུང་ནག་པོ་གྲུ་གསུམ་པ་རྒྱར་སོར་ཉི་ཤུ་དབངས་སུ་སོར་བཅུ་ཁ་ཁྱེར་དང་མུ་རན་ལ་མདའ་གཞུ་རྡོ་རྗེ་རྭ་གདེངས་པ་སོགས་དྲག་པོའི་མཚོན་ཆ་དུ་མས་སྤྲས་པ། ནང་གི་ཟུར་གསུམ་ནས་ཟ་བྱེད་འབར་བའི་ཞལ་གནམ་ས་ལྟ་བུ་གདངས་པ། ཕྱི་རོལ་སྟེགས་བུ་གྲུ་བཞི་པའི་གྲ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་ཤིན་ཏུ་ཚ་ཞིང་རྩུབ་པའི་བུད་ཤིང་བརྩིགས་པ་དང་བཅས་པར་གྱུར། དེའི་དབུས་སུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ལས་བགྲང་ཕྲེང་རཾ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་
ལས་མེ་ལྷ་རབ་ཏུ་ཁྲོས་པའི་གཟུགས་ཅན་ར་སྐྱེས་ཁམ་པའི་སྟེང་ན་བརྐྱང་བསྐུམ་ཁྲོ་འཁྲུག་རྔམ་པའི་རོལ་པས་བཞུགས་པ། ལུས་པོ་མེའི་རང་བཞིན་དམར་པོ་ལས་རབ་ཏུ་ཚ་བའི་མེའི་འོད་ཟེར་འཕྲོ་བ་ཞལ་གྱི་དཀྱིལ་འཁོར་དམར་ནག་ཁྲོ་གཉེར་དཔྲལ་བར་བསྡུས་ཤིང་ཨཾ་རྩིགས་བསྡམས་པ། སྤྱན་གསུམ་གློག་ལྟར་འཁྱུག་ཅིང་སྨྲ་ར་དང་ཨག་ཆོམ་མེ་ལྟར་འབར་བ་རལ་བའི་ཐོར་ཚུགས་ཅན། ཕྱག་གཡས་རྩེ་གསུམ་འབར་བ་ནམ་མཁའ་ལ་འཕྱར་ཞིང་། གཡོན་བགྲང་ཕྲེང་ནག་པོ་བརླ་སྟེང་དུ་འཛིན་པ། དྲང་སྲོང་གདུག་པའི་ཚོགས་ཀྱིས་བསྐོར་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མ་ཛཿཞེས་བརྗོད་ཅིང་སྔར་ཞི་བའི་སྐབས་སུ་བཤད་པའི་དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡབ་ཅིང་། ཧཱུྃ། འགྲོ་བའི་དོན་དུ་ཐུགས་རྗེའི་སྐུ་སྤྲུལ་པ། །མེ་ལྷའི་རྒྱལ་པོ་ཉོན་མོངས་སྲེག་པའི་མཆོག །འགལ་བྱེད་བསྲེག་ཕྱིར་གནས་འདིར་སྤྱན་འདྲེན་ན། །འབར་བའི་ནང་དུ་ཞུགས་ནས་བརྟན་པར་བཞུགས། །དམ་ཉམས་དགྲ་བགེགས་འཁོར་བཅས་བརླག་པའི་ཕྱིར། །ཡར་གྱི་བདུན་བརྒྱུད་ཡར་ལ་བསྙོགས་ལ་ཆོད། །ཕ་དང་མེས་པོ་ཡང་མེས་ཐམས་ཅད་སྲེགས། །མར་གྱི་བདུན་བརྒྱུད་རྩད་ནས་ཆོད་ལ་ཤོག །
བུ་དང་ཚ་བོ་ཡང་ཚ་ཐམས་ཅད་སོགས། །འགལ་བྱེད་ཐལ་བར་བརླག་ཕྱིར་སྤྱན་འདྲེན་ན། །གློག་ལྟར་མྱུར་བའི་ཐུགས་རྗེས་གཤེགས་སུ་གསོལ། །ཨོཾ་བཛྲ་ཀྲོ་དྷ་ཨགྣ་ཡེ་ཧཱུྃ། ཏ་ཀ་ཛ་ཛཿཞེས་པས་སྤྱན་དྲངས། པདྨ་ཀ་མ་ལ་ཡ་སྟཾྭ། ཞེས་པས་གདན་ཕུལ། ཨོཾ་ཨགྣ་ཡ་ས་པ་རི་ཝཱར་སྔོན་དུ་འགྲོ་བས། ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ལ། དྲྀ་ཤྱ་ཧོ་ཛཿཧཱུྃ་བཾ་ཧོཿས་མ་ཡ་སྟཾྭ། གྱིས་དམ་ལ་བཞག །ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་བྱས་སླར་ཡང་རང་གི་སྙིང་ག་ནས་འོད་འཕྲོས་པས་དབང་གི་ལྷ་ཁྲོ་བོ་རིགས་ལྔ་བཛྲ་ས་མཱ་ཛཿ ཞེས་པས་དག་ལྷ་སྤྱན་དྲངས། ཐབས་ཀྱི་སྤྱོད་པས་སེམས་ཅན་དོན། །ནས། དབང་དང་བྱིན་རླབས་འདིར་སྩོལ་ཅིག །གི་བར་གྱིས་གསོལ་བ་བཏབ། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་སོགས་ནས། ཀརྨ་ཀྲོ་དྷཱི་ཤྭ་རཱི་་ཨཱཿ ཞེས་དབང་བསྐུར་བས། སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་ཀརྨ་ཧེ་རུ་ཀས་དབུ་བརྒྱན། གཞན་ཞི་བའི་སྐབས་ལྟར་ལས། དགང་བླུགས་ལག་མཐིལ་དུ་མཐེ་བོང་བཀུག་སྲིན་ལག་དང་གུང་མོ་དེའི་སྟེང་ནས་བཀབ། མཐེའུ་ཆུང་མཛུབ་མོ་གཉིས་སྒྲེང་བ་ཁྲོ་བོའི་སྡིགས་མཛུབ་ཀྱིས་བཟུང་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན་གྱི་མཐར། ཨོཾ་ཨགྣ་ཡེ་སྤྱིར་བསྟན་པ་དང་བསྟན་པ་འཛིན་པའི་གང་ཟག་རྣམས་དང་ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་དཔོན་སློབ་རྒྱུ་སྦྱོར་ཡོན་བདག་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་
བསམ་སྦྱོར་ཕྱིན་ཅི་ལོག་ཏུ་བྱེད་པའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་མྱུར་བ་ཉིད་དུ་ཚར་གཅོད་པར་མཛད་དུ་གསོལ། ད་ཧ་ད་ཧ། པ་ཙ་པ་ཙ། མཱ་ར་ཡ་མཱ་ར་ཡ། ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་ལན་གསུམ་མཐར་སྤེལ་ཚིག་དང་བཅས་པས་འབུལ། དེ་ནས་མཆོད་བསྟོད་ཞི་རྒྱས་ཀྱི་སྐབས་ལྟར་བྱ་བའམ། ཡང་ན་བསྟོད་པ་འདི་བཞི་བྱ་སྟེ། ཧཱུྃ། བྱིན་ཟ་ཆེན་པོ་འབར་བའི་ཀློང་དཀྱིལ་དུ། །རྒྱགས་ཤང་དྲེགས་རྒོད་འགྱིང་བའི་ཁྲིར། །ཤིན་ཏུ་མི་བཟང་འབར་བའི་སྐུ་ཅན་ནི། །དྲང་སྲོང་ཚུལ་འཛིན་དགྲ་བགེགས་འཇོམས་ལ་བསྟོད། །ཅེས་བརྗོད། དེ་ནས་བསྲེག་རྫས་ནི། ཐོག་མར་ཡམ་ཤིང་། ཨོཾ་རུ་དྲ་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་བསྒྱུར་གྲངས་དང་སྤེལ་ཚིག་སྔ་མ་རྣམས་ཀྱིས་འགྲེ། བསྲེག་རྫས་སོ་སོ་བ་རྣམས་ཞི་བ་ལྟར་འབུལ་ཞིང་དེ་དག་སོ་སོར་ཤ་ཁྲག་ཐུན་རྫས་སོགས་གོང་སྨོས་དྲག་རྫས་རྣམས་བསྲེ་དགོས་སོ། །སྲེག་ལྷའི་་སྐབས། ཐབ་བསང་སྦྱང་། བསྐྱེད་ཆོག་གཏོར་ཟློག་སྐབས་ལྟར་ལ། སྤྱན་འདྲེན་ཚིག །བཛྲ་ས་མཱ་ཛཿའི་རྗེས་སུ་དབྱངས་དང་དྲག་རོལ་བཅས་འདི་སྐད་དོ། །ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནམ། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །རབ་འཇིགས་མཐིང་ནག་འཇིགས་པའི་རྒྱན་དང་ལྡན། །མཐིང་ནག་རལ་པ་བསྐལ་པའི་མེ་ལྟར་འབར། །བརྗིད་པའི་སྟོབས་ཀྱིས་དྲེགས་པ་ཟིལ་གྱིས་གནོན། །འཁོར་ལོ་རྒྱས་འདེབས་ཡུམ་
གྱི་སྐུ་ལ་རོལ། །མེ་ཕུང་འབར་བའི་གདན་ལ་སྤྱན་འདྲེན་ན། །འགལ་བྱེད་བསྲེག་ཕྱིར་གནས་འདིར་གཤེགས་སུ་གསོལ། །འགལ་བྱེད་དགྲ་བགེགས་གཏན་ནས་བསྲེག་པའི་ཕྱིར། །ཡར་གྱི་བདུན་བརྒྱུད་ཡར་ལ་སྙོགས་ལ་ཆོད། །ཕ་དང་མེས་པོ་ཡང་མེས་ཐམས་ཅད་སྲེགས། །མར་གྱི་བདུན་བརྒྱུད་རྩད་ནས་ཆོད་ལ་ཤོག །བུ་དང་ཚ་བོ་ཡང་ཚ་ཐམས་ཅད་སྲེགས། །ཧཱུྃ། སྟེང་གི་ཁྲོ་བོ་ཆེན་པོ་ཡབ་ཡུམ་ནི། །ཧཱུྃ་ཆེན་ཀཱ་ར་རྡོ་རྗེ་སྒྲ་འབྱིན་བཅས། །ཕག་དང་སྨིག་བུའི་འཁོར་ཚོགས་ཐམས་ཅད་ཀྱང་། །དྲག་པོ་འབར་བའི་དབྱིངས་ནས་སྤྱན་འདྲེན་ན། །མེ་ཕུང་འབར་བའི་གདན་ལ་གཤེགས་སུ་གསོལ། །འགལ་བྱེད་དགྲ་བགེགས། སོགས་ཚིག་རྐང་བཞི་སྔ་མས་རིགས་འགྲེའོ། །ཤར་ཕྱོགས་ཁྲོ་བོ་ཆེན་པོ་ཡབ་ཡུམ་ནི། །རྣམ་པར་རྒྱལ་བ་རྡོ་རྗེ་སྒེག་མོར་བཅས། །སྟག་དང་བྱ་རྒོད༴ །དྲག་པོ་འབར་བའི༴ །མེ་ཕུང་འབར་བའི་གདན་ལ༴ །འགལ་བྱེད་དགྲ་བགེགས་སོགས། མེ་མཚམས་ཁྲོ་བོ་ཆེན་པོ་ཡབ་ཡུམ་ནི། །དབྱུག་པ་སྔོན་པོ་རྡོ་རྗེར་སྡེར་མོར་བཅས། །གཡག་དང་བྱ་རོག་འཁོར། །དྲག་པོ་འབར༴ །མེ་ཕུང་འབར༴ །འགལ་བྱེད་དགྲ་བགེགས༴ སོགས། ལྷོ་ཕྱོགས་ཁྲོ་བོ་ཆེན་པོ་ཡབ་ཡུམ་ནི། །གཤིན་རྗེའི་གཤེད་པོ་རྡོ་རྗེ་དུར་ཁྲོད་བཅས། །ཤ་བ་འུག་པའི་འཁོར་
ཚོགས༴ །དྲག་པོ་འབར༴ །མེ་དཔུང་འབར༴ །འགལ་བྱེད་དགྲ་བགེགས༴ སོགས། ལྷོ་ནུབ་ཁྲོ་བོ་ཆེན་པོ་ཡབ་ཡུམ་ནི། །མི་གཡོ་མགོན་པོ་རྡོ་རྗེ་གཏུན་ཁུང་བཅས། །གཟིག་དང་ཁྭ་ཏའི་འཁོར་ཚོགས། །དྲག་པོ་འབར༴ །མེ་ཕུང་འབར༴ །འགལ་བྱེད་དགྲ་བགེགས༴ སོགས། ནུབ་ཕྱོགས་ཁྲོ་བོ་ཆེན་པོ་ཡབ་ཡུམ་ནི། །དཔལ་ཆེན་རྟ་མགྲིན་རྡོ་རྗེ་གཏུམ་མོར་བཅས། །བྱི་ལ་ཕུ་ཤུད་འཁོར༴ །དྲག་པོ་འབར༴ །མེ་ཕུང་འབར༴ །འགལ་བྱེད་དགྲ་བགེགས༴ སོགས། ནུབ་བྱང་ཁྲོ་བོ་ཆེན་པོ་ཡབ་ཡུམ་ནི། །གཞན་གྱིས་མི་ཐུབ་རྡོ་རྗེ་མདའ་སྙེམས་བཅས། །རི་ཁྱི་ཁྲ་ཡི་འཁོར༴ །དྲག་པོ་འབར༴ །མེ་ཕུང་འབར༴ །འགལ་བྱེད་དགྲ་བགེགས་སོགས༴ །བྱང་ཕྱོགས་ཁྲོ་བོ་ཆེན་པོ་ཡབ་ཡུམ་ནི། །བདུད་རྩི་འཁྱིལ་པ་རྡོ་རྗེ་རླུང་འབྱིན་བཅས། །སེངྒེ་ཕ་ཝང་འཁོར༴ །དྲག་པོ་འབར༴ །མེ་ཕུང་འབར༴ །འགལ་བྱེད་དགྲ་བགེགས་སོགས༴ །བྱང་ཤར་ཁྲོ་བོ་ཆེན་པོ་ཡབ་ཡུམ་ནི། ཁམས་གསུམ་རྣམ་རྒྱལ་རྡོ་རྗེ་གསོད་བྱེད་བཅས། །དྲེང་དང་སྲེ་མོང་འཁོར༴ །དྲག་པོ་འབར༴ །མེ་ཕུང་འབར༴ །འགལ་བྱེད༴ སོགས། འོག་ཕྱོགས་ཁྲོ་བོ་ཆེན་པོ་ཡབ་ཡུམ་ནི། །འཇིགས་རུང་སྟོབས་ཆེན་རྡོ་རྗེ་རིག་བྱེད་བཅས། །དོམ་དང་བྱི་བའི་འཁོར་ཚོགས༴ །དྲག་པོ་འབར༴ །མེ་ཕུང་འབར༴ །འགལ་བྱེད་དགྲ་སོགས༴
ཧཱུྃ། དགུག་འདྲེན་འཆིང་སྡོམ་མཛད་པའི་འཕྲུལ་མོ་ཆེ། །པུ་ཤུད་བྱ་རོག་སྲིན་བྱ་ཁྲ་མགོ་ཅན། །དྲེགས་བྱེད་འཁོར་ཚོགས་བཅས་པ་ཐམས་ཅད༴ །དྲག་པོ་འབར༴ །མེ་ཕུང་འབར་པའི༴ །འགལ་བྱེད་དགྲ་བགེགས་སོགས༴ །དུག་ལྔའི་ཉོན་མོངས་རྣམ་དག་རང་བཞིན་ཅན། །སྲས་མཆོག་བཛྲ་ཀཱི་ལ་རྣམ་པ་ལྔ། །དྲེགས་བྱེད་འཁོར་ཚོགས༴ །དྲག་པོ་འབར༴ །མེ་ཕུང་འབར༴ །འགལ་བྱེད༴ །དགྲ་བགེགས་སོགས༴ །རྡོ་རྗེ་ཕུར་པའི་སྲུང་མར་ཞལ་བཞེས་པའི། །བདག་ཉིད་ཆེན་མོ་ཤྭ་ན་ས་བདག་མ། །དྲེགས་བྱེད་འཁོར་ཚོགས༴ །དྲག་པོ་འབར༴ །མེ་ཕུང་འབར༴ །འགལ་བྱེད་དགྲ་བགེགས་སོགས༴ །ཕྱི་རབས་རྣལ་འབྱོར་སྒྲུབ་པོའི་གྲོགས་བྱེད་ཅེས། །གཞན་གྱིས་མ་བཅོལ་ཉིད་ཀྱིས་ཞལ་འཆེས་མ། །རིག་འཛིན་མ་སངས་གནས་བདག་སྲུང་མར་བཅས། །དྲེགས་བྱེད་འཁོར་ཚོགས༴ །དྲག་པོ་འབར༴ །མེ་ཕུང་འབར༴ འགལ་བྱེད་དགྲ་བགེགས་སོགས༴ །ཁྲག་འཐུང་མ་བདུན་ཕྲ་མེན་མ་ཚོགས་རྣམས། །ཕུར་པའི་སྲུང་མ་ཕྱོགས་བཞིའི་མ་མོ་བཞི། །དབང་ཕྱུག་ཡིད་འཕྲོག་འཇུག་སྲེད་ནུ་མ་ཅན། །ཕོ་ཉའི་ཚོགས་རྣམས་ཁྱུང་གི་ཁྲ་ཐོགས་མ། །ལ་ལ་ཤིན་ཏུ་མི་གདུག་སྲིན་མོའི་ཚུལ། །ལ་ལ་རབ་ཏུ་མཛེས་པའི་འོད་ལྡན་མ། །ལ་ལ་ནམ་མཁའི་མཐའ་ལྟར་ཁྱབ་པར་གནས། །མ་
ཚོགས་དཔལ་གྱི་དམ་ལ་བཏགས་སོ་འཚལ། །འཁོར་བཅས་འབར་བའི་དབྱིངས་ནས་སྤྱན་འདྲེན་ན། །མེ་ཕུང་འབར་བའི་གདན་ལ་གཤེགས་སུ་གསོལ། །འགལ་བྱེད་དགྲ་བགེགས་གཏན་ནས་བརླག་པའི་ཕྱིར། །ཡར་གྱི་བདུན་བརྒྱུད་ཡར་ལ་སྙོགས་ལ་ཆོད། །ཐ་དང་་མེས་པོ་ཡང་མེས་ཐམས་ཅད་སྲེགས། །མར་གྱི་བདུན་བརྒྱུད་རྩད་ནས་ཆོད་ལ་ཤོག །བུ་དང་ཚ་བོ་ཡང་ཚ་ཐམས་ཅད་སྲེགས། །མདོར་ན་རྡོ་རྗེ་ཕུར་བའི་ལྷ་ཚོགས་རྣམས། །མ་ཐོགས་རིངས་བའི་ཚུལ་གྱིས་འདིར་བྱོན་ལ། །བསྟན་ལ་གནོད་བྱེད་དམ་ཉམས་དགྲ་བགེགས་ཚོགས། །ལོ་ཟླ་ཡུན་རིང་བཞག་པའི་ལོངས་མེད་པས། །ཞག་དང་ཟ་མའི་དུས་ལ་རྟགས་སྟོན་ལ། །ཐམས་ཅད་གཏན་ནས་བརླག་ཕྱིར་གཤེགས་སུ་གསོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་བརྗོད། བསྡུ་ན། འགལ་བྱེད་དགྲ་བགེགས་སོགས་ཁྲོ་བཅུའི་མཇུག་ཏུ་གཅིག །བཀའ་སྲུང་ཡོངས་རྫོགས་མཇུག་ཏུ་གཅིག་ཙམ་སྦྱར། །དམིགས་པ་ནི་རྡོ་རྗེ་ཕུར་པའི་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་ཐམས་ཅད་ཕྱོགས་མཚམས་སྟེང་འོག་ཀུན་ནས་གླང་ཆེན་སྨྱོན་པ་དམག་ལ་ཆས་པ་ལྟར་ཁྲོ་འཁྲུགས་རྔམས་བས་ཞལ་གནམ་ས་ལྟ་བུ་གདངས་ནས་འཕྱོངས་ཤིང་ལྡིང་ཞིང་འུར་སྒྲ་དང་བཅས་པས་མདུན་གྱི་ནམ་མཁར་བྱོན་པར་བསམ། སྲིད་གསུམ་གདུག་བ་སོགས་ཞི་བ་ལྟར་ལ། ལྷ་
ཐམས་ཅད་རང་རང་གི་སྐུ་མདོག་ལས་ཅུང་ཟད་མཐིང་ནག་ཏུ་གྱུར་ཅིང་མེ་སྟག་འཕྲོ་བ་རབ་ཏུ་ཁྲོས་པའི་གདངས་མིག་ཕྱོགས་བཅུ་ཀུན་ཏུ་བགྲད་ཅིང་ཞལ་ནས་ཧ་ཧ་ཧཱུྃ་ཕཊ་ཀྱི་ང་རོ་འཁྲུག་ལྟར་སྒྲོགས་པ་དང་ཞབས་ས་གཞི་ལ་བརྡབས་པས་དབང་ཆེན་གྱི་བར་དུ་གཡོ་ཞིང་། །ནམ་མཁའ་ལས་ཀྱང་གློག་དང་མེ་དཔུང་འབྲུག་གི་སྒྲ་ལྟ་བུ་ཤིན་ཏུ་ཡང་བར་སྒྲོག་པར་བསམ་མོ། །དེ་ནས་བྱོན་ཟན་འབུལ་བ་ནི། ཀཱི་ལ་ཡ་ས་སྔགས་པའི་མར་དགང་བླུགས་བདུན་གསུམ་ཉི་ཤུ་རྩ་གཅིག་གི་མཐར་སྤེལ་ཚིག་དང་བཅས་པ་ཁྲོ་བོའི་སྡིག་མཛུབ་ཀྱིས་ཐབ་ནང་དུ་བླུགས་ཤིང་ཐབ་ཀྱི་ཁ་ལ་གཡོན་བསྐོར་དུ་བསྐོར་རོ། །སླར་ཡང་མཆོད་རྫས་བསྲེག་རྫས་བྱིན་རླབས་ནས་བསྟོད་པའི་བར་ཞི་བའི་སྐབས་ལྟར་ལ། སྨན་མཆོད་སྐབས། ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཞེས་པའི་མལ་དུ། ཐུགས་དམ་རྗེས་དགོངས་དྲག་པོའི་ཕྲིན་ལས་མཛོད། ཅེས་སྦྱར། དེ་ནས་བསྲེག་རྫས་གོ་རིམ་སོགས་མེ་ལྷའི་སྐབས་ལྟར་དང་། ཀཱི་ལ་ཡ་ཁོ་ནས་སྤྱིར་གྲངས་སུ་ཁ་སྐོང་དང་བཅས་པའི་དྲུག་ཅུ་རེ་བཞི་རེ་སྤེལ་ཚིག་བཅས་འབུལ། དེ་ནས་ཁྱད་པར་གྱི་རྫས་འབུལ་བ་ནི། ལིངྒའི་ཁེབས་བསལ་ལ་སློབ་དཔོན་གྱི་མདུན་ཏུ་བཞག །གཏོར་ཟློག་ལྟར་བསང་སྦྱང་། འགྲུབ་ཁུང་དང་ལིངྒ་བསྐྱེད། འགུགས་གཞུག་ལན་གསུམ། པཉྩ་སྐནྡྷཾ་སོགས་ཀྱིས་ལྷ་དང་དབྱེ། རྔ་རོལ་བཅས། ཧཱུྃ་བྷྱོ་། བརྒྱུད་གསུམ་བླ་མ་སོགས་ཀྱིས་དབང་གཟུག །ཛཿ དམ་ཚིག་ཆེན་པོ་སོགས་ཀུན་གཞི་རྩད་གཅད་དེ་བསྒྲལ་བ་ནས་བཻ་ཌཱུ་སྔོན་པོ་སོགས་ཀྱིས་ཞལ་བསྟབ་བྱ་བ་ཡན་གདབ་པའི་ལས་ཚང་བ་བཏང་། གོང་སྨོས་དྲག་པོའི་བསྲེག་
རྫས་རྣམས་ལིང་རོ་དང་བསྲེས་པ་ཐོད་པའི་སྣོད་དུ་བཞག །ལག་གཡས་གཡོན་གཉིས་ཀ་བྱ་ཁྱུང་གི་རྒྱ་རིམ་པར་བསྟན་ཏེ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་མམ་བདུན་གྱིས་བྱིན་བརླབ། མ་དག་པའི་དྲི་མ་སྦྱང་། ཐོད་སྣོད་ཡངས་ཤིང་རྒྱ་ཆེ་བར་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི། རྣམ་པ་དྲག་པོའི་མཆོད་རྫས་བསམ་གྱིས་མི་ཁྱབ་པར་གྱུར་པ་བསམས་ལ་སློབ་དཔོན་གྱི་ལག་པ་གཡས་པར་བཟུང་། གཡོན་པས་ཁྲོ་བོའི་སྡིགས་མཛུབ་ཁ་ཕྱིར་བསྟན། གཞན་རྣམས་ཐལ་མོ་སྦྱར་ལ། དགྲ་བགེགས་རྣམས་ནི་ཐམས་ཅད་དག །བསད་ཅིང་བསྒྲལ་བ་ལས་བྱུང་བའི། །ཤ་དང་རུས་པའི་ཕུང་པོ་སྤུངས། །ཁྲག་དང་ཞག་གི་རྒྱ་མཚོར་སྐྱིལ། །དོན་སྙིང་ནང་ཁྲོལ་ལང་ལོང་སྤུངས། །དྲག་པོའི་མཐུན་རྫས་འབར་བའི་ཚོགས། །བྷནྡྷ་འབར་བའི་སྣོད་ཡངས་པར། །ཟད་མི་ཤེས་པར་བྱིན་བརླབས་འདི། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །ཁྲོ་བཅུ་ཡབ་ཡུམ་མཆེ་གཤོག་ཚོགས། །སྒོ་མ་སྲས་མཆོག་ཕུར་པའི་ལྷ། །དབང་ཕྱུག་ཉེར་བརྒྱད་དམ་ཅན་མ། །བཅུ་གཉིས་རྣམས་དང་འཕྲོག་བྱེད་ཚོགས། །འཁོར་དང་བཅས་པ་ཐམས་ཅད་ལ། །དང་བའི་སེམས་དང་ལྡན་པ་ཡི། །དྲག་པོ་འབར་བའི་ཧོམ་ཁུང་དུ། །ཡེ་ཤེས་ལྔ་ཡི་མེ་སྦར་ཏེ། །གཟུང་འཛིན་དགྲ་བགེགས་བསྒྲལ་ཕྱིར་དུ། །དྲུག་ཅུ་རྩ་བཞིའི་གྲངས་དང་བཅས། །རྔམ་པའི་སྟབས་ཀྱིས་འབུལ་ལགས་ན། །བདག་ཅག་དཔོན་སློབ་འཁོར་
བཅས་ལ། །གནོད་འཚེ་བྱེད་པའི་དགྲ་བགེགས་ནི། །སྡེ་དང་དཔུང་བཅས་ཐམས་ཅད་ཀུན། །རྡུལ་ཕྲན་བཞིན་ཏུ་བརླག་པར་མཛོད། །ཅེས་བརྗོད་ཅིང་མཆོད་གཡོག་པ་ལ་གྲངས་འཛིན་ཏུ་བཅུག་ལ། ཀཱི་ལ་ཡ་ལོ་ནས་དྲུག་ཅུ་རྩ་བཞི་ཕུལ་བའི་མཐར། གོང་གི་སྤེལ་ཚིག་དང་བཅས་པས་ཕུལ། །དེ་ནས་མར་ཁུས་གང་བའི་སྦྱིན་སྲེག་ལན་བདུན་གྱི་མཐར་སྤེལ་ཚིག་དང་བཅས་པས་ཕུལ་ལ་དགང་བླུགས་ཐབ་ལ་གཡོན་སྐོར་དུ་བསྐོར་བ་སོགས་མེ་ལྷའི་བསྲེག་རྫས་འབུལ་བའི་སྐབས་སུ་བཤད་པ་ལྟར་བྱའོ། །དེ་ནས་ཕྱི་ནང་མཆོད་པ་བསྟོད་པ་བཅས་ཞི་བའི་སྐབས་ལྟར་གྲུབ་པའི་རྗེས་སུ་ཕྲིན་ལས་བཅོལ་བ་ནི། ཐལ་མོ་སྦྱར་ལ། ཧོཿདུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་མཐུ་སྟོབས་མ་ལུས་པ་གཅིག་ཏུ་བསྡུས་པའི་བདག་ཉིད། འཁོར་འདས་ཐམས་ཅད་ཀྱི་སྤྱི་དཔལ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་བདུད་འདུལ་ཁྲོ་བཅུ་ཁྲ་ཐབས་ཟ་གསོད་སྒོ་མ་དང་བཅས་པ་རྣམས་ལ་ཕྲིན་ལས་སུ་གསོལ་བ་ནི། རྣལ་འབྱོར་བདག་དང་། །སྦྱིན་པའི་བདག་གམ། རྒྱུ་སྦྱོང་བ་འཁོར་དང་བཅས་པའི་སྔོན་གྱི་ལས་འཕྲལ་གྱི་རྐྱེན་ཕ་རོལ་གྱིས་རྦོད་གཏོང་བྱད་སྟེམས་མནན་གཏད་བསྲེགས་འཕང་བྱས་པ། །ལྷ་འདྲེའི་ཐ་ཁ་གཏད་པ། །གནོད་པའི་དབལ་ཟུག་པ། །བྱད་ཀྱིས་ཁྲམ་ལ་བཏབ་པ་ཐམས་ཅད་དགྲལ་སྒྱུར་ཅིག། ཞི་བ་དང་། རྒྱས་པ་དང་། འགུགས་པ་དང་། དྲག་པོའི་ལས་ཐམས་ཅད་ལ་མཐུ་དང་།
ལྡན་པར་མཛོད་ཅིག །ཁྱད་པར་དུ་བསྒྲལ་བའི་ཞིང་དུ་གྱུར་པ་དགྲ་བགེགས་གཟུགས་བརྙན་ལིངྒ་ལ་བྲིས་ཤིང་། མིང་བྱང་གི་དཀྱུས་སུ་བཀོད་པ་འདི་རྣམས་ལོ་དང་ཟླ་བར་མ་བཞག །ཞག་དང་ཟ་མར་མ་བཞག་པར་མྱུར་བ་ཉིད་དུ་ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་ཏུ་བརླག་པའི་ཕྲིན་ལས་མཛོད་ཅིག །གནོད་བྱེད་ཨ་མུ་ཀ་ཤ་ཏྲཱུཾ་མཱ་ར་ཡ་ཕཊ་ཕཊ་ཕཊ། ཅེས་བརྗོད་ཅིང་ཐལ་མོ་ལན་གསུམ་བརྡབ། དེ་ནས་གཏོར་ཆོག་མན་ཆད་ཞི་བའི་སྐབས་སུ་སྨོས་པ་ཁོ་ན་དང་འདྲ་བ་ལས་འོན་ཀྱང་ཚོགས་མཆོད་སྐབས་བསྒྲལ་མཆོད་མི་དགོས་ཤིང་། ལྷག་ཆོག་དང་བསྐུལ་རྒྱས་པར་བྱ་བ་ནི་ཁྱད་པར་རོ། ༈ །ལྔ་པ་ལས་བཞི་ཀའི་རྗེས་ཀྱི་ཆོ་ག་ནི། སོ་སོའི་ཁྱད་པར་ཁ་བསྒྱུར་ལས་སྤྱི་ཁོག་འདྲ། །དང་པོ་དངོས་གྲུབ་བླང་བ་ནི། ཐལ་མོ་སྦྱར་ལ། ཡེ་ཤེས་ལྔ་ལྡན་སོགས་བརྗོད། ཧེ་རུ་ཀའི་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པ་རག །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿཡེ་ཤེས་པ་གཤེགས། དམ་ཚིག་ལ་རང་ལ་ཐིམ། ཞེས་བརྗོད་ཅིང་བསམ་ལ་ལག་པ་གཡོན་པའི་མཐེབ་སྲིན་གྱིས་ཐབ་ཀྱི་ཐལ་བ་ནས་བླངས་ལ་དཔྲལ་བར་རེག །ཐབ་ཁུང་དུ་མར་དགང་བླུགས་གང་བླུགས་ལ། ཨོཾ་བཛྲ་ཛཱ་ལ་རཾ། ཞེས་བརྗོད་པས། མེ་ལྷ་ཞལ་ཕྱག་གི་རྣམ་པ་
ཅན་དུ་གྱུར། ཞེས་བརྗོད་ཅིང་བསམས་ལ། སྔར་བསྲེག་རྫས་ཀྱི་སྐབས་སུ་བཤད་པ་ལྷར་རྫས་རྣམས་སོ་སོའི་སྔགས་སྤེལ་ཚིག་དང་བཅས་པ་བདུན་རེ་ཕུལ་བའི་མཐར། མར་གྱིས་གང་བའི་སྦྱིན་སྲེག་ལན་བདུན་ཕུལ། །མཆོད་བསྟོད། གཏོར་མ་ལས་བཞི་སོ་སོ་དང་མཐུན་པ་ནང་མཆོད་ཆུ་ཆང་བྲན། ཞི་རྒྱས་དབང་གསུམ་ལ་བསང་སྦྱང་། །སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། དྲག་པོ་ལ་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དགྲ་བགེགས་ཀྱི་ཤ་ཁྲག་ལས་གྲུབ་པའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། གསུམ། ལག་གཡོན་མཉམ་བཞག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་བཅས། ཨོཾ་ཨགྣེ་ཡེས་པ་རི་ཝཱ་ར་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཱཾ་ཨཱདྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་གཏོར་མ་ཕུལ། མཚན་སྔགས་སྔོན་འགྲོའི་ཕྱི་མཆོད་ནང་མཆོད་གོང་བཞིན། བསྟོད་པ་ནི། འཇིག་རྟེན་དབང་ཕྱུག་ཚངས་དབང་སོགས་ཀྱི་རྗེས་སུ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འགྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུར་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོང་བསྲེག་པའི་ཤེས་
རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པའི་ཐེག་པ་ཆིབས། །རིག་སྔགས་གསུང་གི་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གྷུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་སིམ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད། འདོད་དོན་ཞུ་བ་ནི་དྲིལ་བུ་སུམ་རྡུང་དུ་དཀྲོལ་ལ། དྲང་སྲོང་ཆེན་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་གྱིིས་འདོད་དོན་ཞུ། །དྲག་པོ་ལ་འདིར་དྲག་པོའི་འདོད་གསོལ་སྦྱར། གཤེགས་སུ་གསོལ་བ་ནི། བསང་གཏོར་དང་ཞབས་བསིལ་ཕུལ་ལ། ཨོཾ་བྲོཀྵ་ཾ་ཨཉྩ་མ་ནཾ་པ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། སྔར་གྱི་སྤྱན་འདྲེན་གྱི་ཕྱག་རྒྱ་རྣ་བ་གཉིས་ཀྱི་དྲུང་ནས་ཕྱིར་བསྐྱེད་ལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབ་ཀྱིས་གཤེགས། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་ཡ་ཧི་གཙྪ་མེ་ལྷ་རང་བཞིན་གྱི་གནས་སུ་གཤེགས། །དམ་ཚིག་པ་རང་ལ་ཐིམ། ཞེས་བརྗོད་ཅིང་བསམ། ལྷག་ཆད་བསྐོང་བ་ནི། ཨོཾ་བཛྲ་ས་ཏྭ་སོགས་ཡི་གེ་བརྒྱ་པ་ལན་བདུན་བརྗོད་པས་ལྷག་ཆད་ཁ་བསྐང་། གེ་ཆ་བགོ་བ་ནི། ཨོཾ་ཤྲཱི་
བཛྲ་ཀུ་མཱ་ར་སོགས་བརྗོད། །བསྔོ་བ་སྨོན་ལམ་བཀྲ་ཤིས་རྒྱས་པར་བརྗོད་ལ་མཐའ་རྒྱས་སུ་བྱ་ཞིང་། མེ་རོ་ཞི་རྒྱས་དབང་གསུམ་ལ་ལོངས་སྐབས་ཡོད་ན་མི་བསྒྲལ་བར་བཞག །ལོངས་སྐབས་མེད་ན་འོ་མ་དང་སྤོས་ཆུས་མནལ། དྲག་པོའི་མེ་རོ་འཕྲལ་དར་དུག་ཁྲག་གི་ཆུས་བསང་ལ་ཐལ་བ་རྣམས་ལས་མཐུན་གྱི་སྦྱོར་བ་དང་། །གཞན་ཡང་ཕྱག་ལེན་ཟབ་གནད་ཕྲ་མོ་རྣམས་ནི་གསང་བ་སྤྱི་ལྟར་ཤེས་པར་བྱའོ། །རྣོ་ལྡན་བྱིན་ཟས་དངོས་པོའི་ཚང་ཚིང་བསྲེག །སྟོབས་བཅུའི་གཟི་ཡིས་བདུད་སྔ་ཐལ་བར་མཛད། །རིག་པའི་ཉི་མས་ཉོན་མོངས་མུན་ཁང་འཇོམས། །ཆོས་ཉིད་མཐུ་ལས་དངོས་པོའི་སྟོབས་སུ་གྱུར། །དེ་ཕྱིར་ལེགས་བྱས་ཉི་གཞོན་སྟོང་འབར་བས། །སྙིང་པོའི་བསྟན་ལ་འཁུ་བའི་འབྱུང་བྱའི་མིག །ཟུམ་ནས་བསྟན་དང་བསྟན་འཛིན་དགའ་བའི་ཚལ། །དབྱར་གྱི་དཔལ་མོའི་བཞིན་རས་ལྟར་རྒྱས་ཤོག །ཅེས་པའང་དད་དམ་གྱི་བློ་ཅན་ཛཾ་ཐང་བླ་མ་ལྔས་ཆེད་དུ་བསྐུལ་ངོར། གྲུབ་པའི་འཁོར་ལོས་བསྒྱུར་བ་སྔགས་འཆང་རྒྱ་གར་བ་དང་། ས་ལོ་ཆེན་པོ། །འཇམ་མགོན་ཨ་མེས་ཞབས་རྣམས་ཀྱི་དགོངས་པ་བསྡུས་པ་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱི་ཡིག་ཆའི་དོན་མ་འཁྲུལ་བར་གོ་བདེར་བསྡུས་པ་སྟེ། རྗེ་བཙུན་ཐམས་ཅད་མཁྱེན་པའི་གསུང་རབ་ཀྱི་ཞབས་འདེགས་སུ་དམིགས་ནས་གང་དེའི་རིང་ལུགས་པ། །ཀུན་མཁྱེན་ཏཱའི་སི་ཏུའི་བཀའ་འབངས་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་ངེས་དོན་སྙིང་པོའི་རིང་ལུགས་ཕྱོགས་རྒྱར་རྒྱས་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།