དཔལ་ཆེན་རྡོ་རྗེ་ཕུར་པའི་སྒྲུབ་རྟེན་གྱི་གནད་དང་། མངོན་སྤྱོད་གཟེར་ཁའི་བཅས་ཀྱི་རིམ་པ་རྣམ་པར་གསལ་བ་ཐོས་ཆུང་ཡིད་ཀྱི་བཅུད་འཛིན།
དཔལ་ཆེན་རྡོ་རྗེ་ཕུར་པའི་སྒྲུབ་རྟེན་གྱི་གནད་དང་། མངོན་སྤྱོད་གཟེར་ཁའི་བཅས་ཀྱི་རིམ་པ་རྣམ་པར་གསལ་བ་ཐོས་ཆུང་ཡིད་ཀྱི་བཅུད་འཛིན་ཅེས་བྱ་བ་བཞུགས་སོ། །
སྲིད་པ་ཡེ་ཤེས་ཁྲོ་བོར་གྲུབ་པ་ལ། །སྤང་བླང་རྩོལ་སྒྲུབ་མེད་ཀྱང་ཀུན་རྫོབ་ཏུ། །རྫས་དང་ཡོ་བྱད་ཐབས་མང་སྟོན་མཛད་པ། །བླ་མ་ཐོད་ཕྲེང་རྩལ་དེས་བདག་སྐྱོངས་མཛོད། །སྤྲོས་མེད་ལ་ཡང་ཕུར་པའི་རྫས་གཅིག་དགོས། །སྤྲོས་བཅས་ཤིན་ཏུ་སྤྲོས་ པ་མང་དགོས ་ཀྱང་། །ཕལ་ཆེར་རང་བཟོས་ལོག་པར་འཕྱན་གྱུར་པས། །ཚད་ལྡན་གཞུང་གི་དགོངས་དོན་རྣམ་གསལ་བྱ། དེའང་ཐུགས་ཀྱི་ཕུར་གཅིག་ཡང་གསང་སྤུ་གྲིའི་ཆོས་སྡེ་ཕུར་པའི་སྤྱི་སྡོམ་ཇོ་མོའི་ཞུས་ལེན་ཏུ་མན་ངག་གི་སྡོམ་བཅུ་གཅིག་པའི་སྐབས། འདི་སྐད་དུ། རྫས་ཀྱི་གནད་དམ་པ་མེད་དུ་མི་རུང་བ་ནི། དཀྱིལ་འཁོར། ལྷ་ཕུར། གཏོར་ཚོགས། བྱུག་བདུག་རྡེག་གསུམ། རྔ་དང་དུར་ཁྲོད་ཀྱི་རྫས། ལིངྒ་འབྲུབ་ཁུང་རྣམས་མེད་
དུ་མི་རུང་བས་ཚང་བར་གཅེས་སོ། །ཞེས་དོན་ཚན་དྲུག་ཏུ་གསུངས་པའི་དང་པོ་དཀྱིལ་འཁོར་ལ་གསུམ། དེའང་ལུགས་འདིའི་ཐུན་མོང་མ་ཡིན་པའི་དཀྱིལ་འཁོར་གསུམ་ནི་འདིར་འཆད་བྱ་མ་ཡིན་ལ། རྣལ་འབྱོར་ཆེན་པོ་སྤྱི་སྐད་ལྟར་ན་རང་བཞིན་གྱི་གནས་ན་བཞུགས་ཤིང་རྒྱུན་མཐའི་བྱང་ཆུབ་སེམས་དཔའ་སོགས་ལ་སྣང་དུ་རུང་བ་རང་བཞིན་གྱི་དཀྱིལ་འཁོར། སྒྲུབ་པ་པོའི་བློས་བསྒོམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར། གཟུགས་བརྙན་གྱི་དཀྱིལ་འཁོར་དང་གསུམ། ཕྱི་མ་ལ་གཉིས་ལས། དངོས་ནི་ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་ལྷ་དང་ལྷ་མོར་ཡིན་པ་ལ་ཡིན་པར་ཤེས་པ་ཡིན་ལ། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི་འབུར་དུ་གཏོད་པ། ལུགས་སུ་བླུགས་པ། རི་མོར་བྲིས་པ་རྣམས་ལ་བཤད་པས། རབ་
གནས་དང་ལྡན་པའི་དཔལ་ཆེན་གཙོ་འཁོར་གྱི་སྐུ་བརྙན། བློས་སློང་དཀྱིལ་འཁོར་སོགས་འཛོམ་ན་མཆོག་ཡིན་ལ། མ་འཛོམ་ན་དམ་ཚིག་གི་བྲིས་སྐུ་མཚན་ཉིད་ལྡན་པ་དང་། རྡུལ་ཚོན་རས་བྲིས་ཚོམ་བུ་སྟེ་འབྱོར་པ་དང་དབང་པོའི་རིམ་པར་བསྟུན་པའི་བསྙེན་སྒྲུབ་ལས་སྦྱོར་གྱི་དཀྱིལ་འཁོར་དུ་ངེས་པར་ དགོས་ཏེ་དེའང་ཞུས་ལེན་ལས། ཕུར་པ ་སྒྲུབ་རྟེན་དཀྱིལ་འཁོར་གྱི་མན་ངག་ནི། ཚོམ་བུའི་མཎྜལ་དུ་སྟ་གོན་རིམ་པར་བྱ། ཚོམ་བུ་འཁོར་དང་བཅས་ཏེ་བྱང་ཆུབ་སྒྲུབ་པའི་དོན་ནོ༔ །འཁོར་ལོ་རྩིབས་བརྒྱད་སྐུའི་དཀྱིལ་འཁོར་དུ་བསྙེན་པ་བྱ༔ ལྷ་དང་དམ་ཅན་འཁོར་བའི་གནད་དོ༔ པདྨ་འདབ་བརྒྱད་གསུང་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ཆོས་ལ་དབང་བའི་གནད་དོ༔ །རིན་ཆེན་ཟུར་བརྒྱད་ཐུགས་ཀྱི་དཀྱིལ་འཁོར་དུ་བསྙེན་སྒྲུབ་སྦགས་ཏེ་བྱ་བ༔ ལྷ་དང་ཐུགས་མི་གཉིས་ཤིང་དངོས་གྲུབ་ཡོན་ཏན་ཕུན་སུམ་ཚོགས་པའི་གནད་དོ༔ །ཨེ་ཟླ་གམ་ཁྲམ་ཉེར་གཅིག་པ་ཕྲིན་ལས་ཀྱི་དཀྱིལ་འཁོར་དུ་སྒྲུབ་ཆེན་ལས་སྦྱོར་སྦགས་ཏེ༔ ལྷ་དང་དམ་ཅན་གནད་ལ་དབབ་ཅིང་ལས་ལ་གཟུད་པ་ལྷ་དང་དམ་ཅན་གྱི་སྟོབས་དང་དངོས་གྲུབ་བདག་ལ་རྫོགས་པའི་གནད་དོ༔ མཱ་ར་ཡ་བསད་པའི་དཀྱིལ་འཁོར་འབྲུབ་ཁུང་དུ་སྔགས་དྲུག་གིས་གདབ་པའི་ལས་བྱ༔བརྣག་པ་མཐར་ཕྱིན་པའི་གནད་དོ༔ །ཞེས་གསུངས་ཏེ་ཚོམ་བུའང་རྒྱ་
གར་བས་མེ་ཏོག་གསར་པས་མཛད་ཅིང་། དེའང་མངོན་སྤྱོད་གཙོ་བོར་བྱེད་ན་དུག་དང་ཚེར་མ་ཅན་གྱི་མེ་ཏོག་སྔོན་པོ་དང་ནག་པོ་དགོས་ལ། བོད་ཀྱིས་འབྲུ་ལ་བྱེད་པའི་ཚེ་མཆོག་སྒྲུབ་ལ་ནས་འབྲས་གྲོ་སོགས་དྲི་བཟང་གིས་སྦགས་ པ་དང་། མངོན་སྤྱོད་ལ་བྲ་སྲན་འབྲུ་ནག་དུག་ཁྲག་གིས་གཤེར་དགོས ་པའི་ཁྱད་པར་ཡོད། བསྙེན་པའི་སྐབས། རྩ་རྒྱུད་ལས། །མི་འགྱུར་གྲུ་གསུམ་ཨེ་ཡི་གནས། །ཟླ་གམ་དམར་པོ་དབང་གི་ཚུལ། །སྟོང་ཉིད་རྡོ་རྗེའི་བྲག་གིས་གཏམས། །ཕྱི་རོལ་འཁོར་ལོ་སེར་པོ་ནི། །རྩིབས་བརྒྱད་མུ་ཁྱུད་ཐོད་པར་ལྡན། །དེ་ནི་བསྙེན་པའི་དཀྱིལ་འཁོར་ཡིན། །ཞེས་པས་ཐོད་པ་གླིང་བཞི་པའི་ནང་ཨེ་མཐིང་ནག་གི་ངོས་གསུམ་ཟླ་གམ་དམར་པོ། །དེ་རྒྱབ་འཁོར་ལོ་སེར་པོ་རྩིབས་བརྒྱད་པ་བྲིས། འབྲུ་ནག་ཁྲག་གིས་གཤེར་བས་གང་བའི་ནང་དུ་སྦོམ་ཕུར་རམ། །མེད་ན་གཙོ་ཕུར་ཨེ་ལ་གཟུག །དེའང་ཐོག་མར་ཁྲུས་ཀྱིས་གྲིབ་བསངས། གསར་པ་ཡིན་ན་བྱིན་རླབས་རང་གཞུང་ལྟར་བྱ། བྱུག་བདུག་བྲབ་གསུམ་བྱས་ནས་དར་མཐིང་ནག་གི་ཅོད་པན་གདགས། དར་མཐིང་གིས་ཞལ་ཁེབས་རྒྱབ་ལ། སྟེགས་བུའི་དབུམ་སུ་ཁྲག་གིས་ཟུར་གསུམ་རྩེ་མོ་ལྷོར་བསྟན་པ་ཞིག་བྲིས་པའི་སྟེང་དུ་མཉྫིའི་ཁར་བཞག་ལ་གཟུངས་ཐག་བཏགས་པའི་སྣེ་ལས་ཐམས་ཅད་པའི་ཕུར་པ་ལ་བརྟོད་པ་རོད་ཕུར་དང་ཐུགས་ཀྱི་ཉིང་ཁུ་སོགས་
ལས་བཤད། སྒྲུབ་པའི་སྐབས། བཀའ་གཏེར་རྣམས་ལ་ལྷ་གྲངས་མང་ཉུང་ཁྱད་པར་སོགས་ཀྱིས་འདྲ་མིན་ཅུང་ཟད་འབྱུང་ཡང་། སྨིན་གླིང་གཏེར་ཆེན་གྱིས་མཛད་པའི་སྤུ་གྲིའི་སྒྲུབ་ཁོག་དངོས་གྲུབ་འདོད་འཇོར། ཐོག་མར་ཤར་ནུབ་ཚངས་ཐིག་གདབ། །ལྷོ་བྱང་མཚམས་བཞིར་བྱ་རྗེས་བཙལ། །དེ་སྟེང་ཚངས་ཐིག་གཉིས་པ་དང་། །ཟུར་ཐིག་གཉིས་གདབ་གྲྭ་བཞིར་བཅད། །ཚངས་པའི་ཐིག་གི་གཡས་གཡོན་དུ། །ཆ་ཆེན་དགུ་དགུ་བཅོ་བརྒྱད་དང་། །ཆ་ཆུང་ཚངས་ངོས་དང་པོ་ཉིད། །ཕྱེད་བཏབ་ཕྱེད་བསིལ་གཉིས་པ་བཞིར། །གསུམ་མཐར་ཆ་ཕྲན་གཅིག་བཏབ་བཞི། །དོར་རྗེས་ལྔ་པའི་མཐའ་བསིལ་དབུས། །བཞག་ལ་དྲུག་ཕྱེད་ཕྱི་མ་བསིལ། །བདུན་པ་བཞིར་བགོ་བརྒྱད་དབུས་དོར། །གསུམ་པའི་ཆ་ཕྲན་ནང་ཟླུམ་པོར། །གཅིག་ཕྱེད་ཕྱེད་དྲུག་གཅིག་བསྐོར་དབུས། །གྲུ་གསུམ་དེ་རྣམས་རིམ་པ་བཞིན། །ཐོད་ཕྲེང་རིན་ཆེན་ཆ་བརྒྱད་པ། །མུ་ཁྱུད་མེ་རི་ནང་ཁྱམས་རྩིག །ཁྱམས་རྩིག་འདོད་སྣམ་ཕ་གུ་མུན། །མདའ་ཡབ་པུ་ཤུ་རྟ་བབས་དང་། །བདག་ཁོང་གདུགས་ཀྱི་གནས་སུ་འགྱུར། །སྒོ་ངོས་ཐིག་དྲུག་ཕྱི་ནང་སྒོ། །སྒོ་འཁྱུད་འགྲམ་ལོགས་མུན་ཀ་བ། །པུ་ཤུའི་ཟུར་ནས་ཆ་ཕྲན་གཉིས། །བཞི་གཉིས་གཅིག་བཞི་པད་དུར་ཁྲོད། །དམ་ཅན་རྡོ་རྗེ་མེ་རིའི་གནས། །མཐོང་བརྒྱུད་གནད་ཀྱིས་ཤེས་པར་བྱའོ། །ཞེས་དང་། ཚོན་
ལ་དབུས་ཀྱི་གྲུ་གསུམ་མཐིང་ནག །ཟླ་གམ་དམར་པོ། །ཐོད་ཕྲེང་དཀར་པོ། །རིན་ཆེན་ཆ་བརྒྱད་མཐིང་། མུ་སྐོར་སེར་པོ། མུ་མཆན་དམར་པོ། །ཁྱུད་སྐོར་མི་རི་ལྔ་ལྡན། ནང་ཁྱམས་དམར་སྨུག་རྩིགས་པ་དཀར་དམར་སྔོ་བ། སྒོ་ཁྱམས་ཕྱོགས་མཚོན། རྩིག་པ་ནང་ནས་མཐིང་དཀར་སེར་དམར་ལྗང་བ། །འདོད་སྣམ་དམར་པོ། །ཕ་གུ་སེར་པོ། །མུན་པ་ནག་པོར་དྲ་ཕྱེད། མདའ་ཡབ་སྔོན་པོ། པུ་ཤུ་དཀར་པོ། །རྟ་བབས་མཛེས་ཚོན། ཀ་བ་དང་སྣ་ཚོགས་རྡོ་རྗེའི་རྭ་རྣམས་ཕྱོགས་མདོག །མུན་པ་དང་གླང་རྒྱབ་ནག་པོར་སྒོ་རྒྱན་བདུན་གྱིས་སྤྲས་པ། ཆོས་འཁོར་དང་རི་དྭགས་སེར་པོ། །ཕྱི་ཁྱམས་ལྗང་གུ། པད་འདབ་སྣ་ཚོགས། དམ་ཅན་གྱི་གནས་ཁྲག་མཚོ། །དུར་ཁྲོད་ནག་པོར་རི་མོ་སྣ་ཚོགས་བཀྲ་བ། རྡོ་རྭ་སེར་གཞི་ནག་པོ། །མེ་རི་སྣ་ལྔ་ཚྭ་ཚྭ་འཕྲོ་བ་བྲིའོ། །ཞེས་འབྱུང་བ་འདིས་བཀའ་གཏེར་ཕལ་མོ་ཆེར་འགྲེ་ཆོག་པར་སྣང་ཞིང་། ནང་གི་ལྷ་གནས་ནི་སངས་གླིང་ཕུར་པ་ཐུགས་ཀྱི་ཉིང་ཁུ་ལས། ཨེ་དང་ཟླ་གམ་གྱི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཞི་སྲས་མཆོག་རིགས་བཞིའི་གནས། དེ་རྒྱབ་རྩིབས་བརྒྱད་ཁྲོ་བཅུའི་གནས་འབྲི་བར་བཤད་པ་དང་། རང་གླིང་ཕུར་པ་ཡང་གསང་བླ་མེད་ནང་སྒྲུབ་སྐབས། ཁྲོ་བཅུའི་རྒྱབ་ཏུ་དམ་ཅན་གྱི་གནས་རྩིབས་བཅུ་གཉིས་འབྲི་བར་བཤད་ པ་སོགས་འདྲ་མིན་མང་བས་སོ་སོ་ལྟར་ཤེས་དགོས ་ཤིང་། ཁྲོ་བཅུའི་
གནས་ཀྱང་ས་ཕུར་རོང་ཕུར་རོག་ཕུར་སོགས་ལ་བྱེ་བྲག་མ་ཕྱེས་བར་རྩིབས་བརྒྱད་དམ། རྩིབས་བཅུར་བཤད་ཀྱང་། རྒྱུད་ལས། རྒྱ་མདུད་ལྟ་བུའི་ནག་པོ་ལ། །མཐིང་ནག་གྲུ་གསུམ་འབར་བ་དགུ། །ངེས་པར་སྒྲུབ་པའི་དཀྱིལ་འཁོར་རོ། །ཞེས་པའི་དོན་འགྲེལ་བ་འབུམ་ནག་ལས་ཀྱང་གསལ་བར་བཤད་པའི་རྒྱ་མདུད་དགུ་པ་ནི། གོང་སྨོས་རིན་ཆེན་ཟུར་བརྒྱད་དང་དོན་གཅིག་ཅིང་དེའང་འཁོར་ལོའི་རྩིབས་ཀྱི་བྱེ་བྲག་སྟེ། རྩིབས་རྣོབ་མཚོན་ཆ་འཁོར་ལོ། །སྦོམ་པ་རྒྱ་མདུད་ལྡེགས་པ། ཟླུམ་པ་པདྨ་འདབ་བརྒྱད་དུ་འགྱུར་བས་སོ། །ལུགས་འདིར་རིན་ཆེན་ཟུར་བརྒྱད་རེ་རེའི་སྟེང་གྲུ་གསུམ་རེ་རེ། དབུས་བཅས་དགུ་དགོས་པར་བསྟན་ཅིང་བཀའ་མ་འགའ་རེ་ལས་ཀྱང་དེ་ལྟར་འབྱུང་བ་ཡོད་ན་ལེགས་པར་སེམས། སྒྲུབ་པའི་དཀྱིལ་འཁོར་ལུགས་གཞན་ལས་ཀྱང་རིན་ཆེན་ཟུར་བརྒྱད་ཕྱོགས་འདི་འབྲེལ་ཆགས་པར་སྣང་སྟེ་རྒྱུད་དང་གྲུབ་པའི་མན་ངག་ཟུང་དུ་འབྲེལ་བས་སོ། །མངོན་སྤྱོད་ཕྲིན་ལས་སྐབས། རྒྱུད་ལས། གྲུ་གསུམ་ཉི་ཤུ་རྩ་གཅིག་པ། །དྲག་པོ་བསད་པའི་དཀྱིལ་འཁོར་ཡིན། །ཞེས་པས་ཨེ་ཁྲོམ་དུག་ནས་བསྒྱུར་ དགོས་ཏེ། དེའང་རྒྱུད་ཀྱི་དགོངས་པ ་ལྟར་ས་ལུགས་ལ་འཁོར་ལོའི་མལ་དུ་གྲུ་གསུམ་མཐིང་ནག་རྩེ་ཕྱིར་བསྟན་བཅུ་དང་ནང་བསྟན་བཅུ། དབུས་ཀྱི་གཅིག་བཅས་ཉེར་གཅིག་ཏུ་མཛད་ཅིང་། བིདྱོཏྟ་མ་ལས། མཁའ་དབྱིངས་བཅུ་དྲུག་ཨེ་ཡིས་མཐའ་བསྐོར་ཏེ། །ཞེས་གསུངས་པའི་རྗེས་སུ་
འབྲངས་ཏེ་སྣ་ནམ་ལུགས་འཛིན་པ་རྣམས། ཕྱོགས་མཚམས་བརྒྱད་དུ་རྩེ་ཕྱིར་བསྟན་དང་། དེ་དག་གི་དཔལ་ཁ་བརྒྱད་ལ་སོགས་ཕྱིར་བསྟན་ཏེ་ཨེ་ཀ་དམར་ནག་བཅུ་དྲུག་གི་ཚུལ་དུ་བཞེངས་པར་མཛད་དོ། །གཏེར་མ་རྣམས་ལའང་དངོས་བསྟན་གྱི་ཚིག་ཟིན་ཡོད་ན་དེ་ལྟར་ དགོས་ལ། མེད་ན་སྔ་མའི་རྗེས་སུ་འབྲངས་ན་ཁྲོ་བཅུའི་ཕུར་པ ་འགོད་པའི་ཚེ་ལག་ལེན་བདེ་ཞིང་གང་ལྟར་སྒྲུབ་ པ་དང་འབྲེལ་བའི་ལས་སྦྱོར་ཡིན་ཕྱིན་ཆད་དཀྱིལ་འཁོར་ཞལ་ནི་ངེས་པར་བསྒྱུར་དགོས ་སོ། །དབང་གི་དཀྱིལ་འཁོར་ནི། རྒྱུད་ལས། རྩིབས་བརྒྱད་ཟླ་གམ་ལྟ་བུ་ནི། །དབང་གི་དཀྱིལ་འཁོར་ཡིན་པར་བཤད། །ཅེས་པས་རྩིབས་ཀྱི་གནས་ཟླ་གམ་མམ་པདྨའི་དབྱིབས་ཅན་བྱ་དགོས་ལ་གཙོ་བོར་དབང་བསྐུར་བ་དང་། དངོས་གྲུབ་བླང་བའི་སྐབས་ཞལ་བསྒྱུར་གྲུབ་ནའང་འབྲེལ་ཆགས་སོ། །དཀྱིལ་འཁོར་གྱི་སྟེགས་བུའི་འོག་ཏུ་ཁྲུ་གསུམ་བརྐོས་པའམ་རང་བཞིན་ཏུ་སྦས་ཀྱང་རུང་སྟེ། མི་རྟ་ཁྱི་བྱ་བ་ལང་གི་རུས་པ་ལྔ་གཞུག་པས་སའི་རོ་ལྔ་ལ་སོགས་པའི་ཉེས་པས་མི་གོས་ཤིང་མ་མོ་མཁའ་འགྲོ་རྣམས་ཀྱིས་དུར་ཁྲོད་ཀྱི་གཞལ་ཡས་ཁང་དུ་མཐོང་བར་འགྱུར་ལ། ཡང་ན་ཐོད་ཚལ་ལ་འཁོར་ལོ་རྩིབས་བརྒྱད་བྲིས་ཏེ་བཞག་པས་ཀྱང་དེ་བཞིན་ནོ། །བྷནྡྷ་མཚན་ལྡན་ནང་དུ་རིན་ཆེན་ལྔ། འབྲུ་ལྔ། སྨན་ལྔ། དྲི་ལྔ་བཅུག་པ་བཞག་པས་ཕྱི་རིན་པོ་ཆེ་ལ་ནང་བནྡྷ་འབར་བའི་གཞལ་ཡས་ཁང་དུ་མཐོང་ཞིང་ནད་མི་
འབྱུང་། ལོངས་སྤྱོད་ཆེ། གྲགས་པ་ཐོབ་པ་ལ་སོགས་པའི་རྟེན་འབྲེལ་ཡོད་པར་བཤད་དོ། །རྡུལ་ཚོན་རུས་པའི་ཚོན་ལ་བྲི་བར་བཤད་ཀྱང་མི་འབྱོར་བས་ཚོན་གྱི་ནང་དུ་རུས་ཆེན་ཕྱེ་མ་བསྲེ་བ་དང་། རས་བྲིས་ལའང་ཁྲག་དང་རུས་ཕྱེ་བསྲེ་བ་གལ་ཆེ་སྟེ་དུར་ཁྲོད་ཀྱི་ཚོན་ཞེས་བྱ་བའི་དོན་ཡིན་ནོ། །དོན་གཉིས་པ་ཕུར་པ་ལ་བཞི། རིག་པ་ཡེ་ཤེས་ཀྱི་ཕུར་པ། ཐུགས་རྗེ་སྤྲུལ་པའི་ཕུར་པ། བྱང་ཆུབ་སེམས་ཀྱི་ཕུར་པ། མཚན་མ་རྫས་ཀྱི་ཕུར་པ་རྣམས་སུ་རྒྱུད་ལས་གསུངས་ཤིང་། དེ་རེ་རེའང་དོན་ཚན་བཅུ་བཅུས་གནད་ཀྱི་ཁོག་བཀྲོལ། མན་ངག་སྒྲུབ་ཐབས་ཀྱི་ཉམས་ལེན་ལག་ཁྲིད་དུ་བསྟན་པར་མཛད་དོ། །དེ་ལ་དང་པོ་ནི། བློ་ཡངས་ལ་རྒྱ་ཆེ་བ་ནམ་མཁའ་ལྟ་བུའི་གང་ཟག་གིས། རིག་པའི་ཡེ་ཤེས་དྲི་མ་མེད་པའི་ཕུར་པ་ཆོས་དབྱིངས་སྤྲོས་བྲལ་གྱི་ཡུལ་ལ། སོར་བཞག་རྩིས་གདབ་དང་བྲལ་བའི་ཐབས་ཀྱིས་དབྱིངས་ཡེ་གཉིས་མེད་ཆུ་དང་འོ་མ་འདྲེས་པའི་ཚུལ་དུ་གདབ་པས། རྣམ་པར་རྟོག་པས་འཁོར་བར་འཁྱམས་པའི་སྐྱོན་ལས་གྲོལ་ཏེ་མཚན་རྟོག་ཆོས་ཉིད་དུ་གྲོལ་བའི་གདེངས་ཚད་དང་ལྡན་པས་འབྲས་བུ་ཆོས་སྐུ་འཐོབ་པའོ། །གཉིས་པ་ནི། བློ་བརྟན་ཅིང་མི་འགྱུར་བ་རི་བོ་ལྟ་བུའི་གང་ཟག་གིས། ཐུགས་རྗེ་ལྷ་སྐུ་ཕྱག་རྒྱར་སྤྲུལ་པའི་ཕུར་པ་སྣོད་བཅུད་ཐ་མལ་དུ་བཟུང་བའི་ཡུལ་ལ། ལྷ་དང་གཞལ་ཡས་སུ་ཤེས་པའི་ཐབས་ཀྱིས་སྣང་ལ་རང་བཞིན་མེད་པ་མེ་ལོང་གཟུགས་
བརྙན་གྱི་ཚུལ་དུ་གདབ་པས། ལྷ་སྣང་རང་རྒྱུད་པས་རུ་དྲར་གོལ་བའི་སྐྱོན་ལས་གྲོལ་ཏེ། འཁྲུལ་སྣང་ལྷར་ཤར་བའི་གདེངས་ཚད་དང་ལྡན་པས་འབྲས་བུ་སྤྲུལ་སྐུ་ཐོབ་པའོ། །གསུམ་པ་ནི། བློ་ཆགས་པ་དང་བཅས་པ་བྱ་ཀ་ལནྟ་ཀ་ལྟ་བུའི་གང་ཟག་གིས། བྱིན་གྱིས་བརླབས་པའི་རྡོ་རྗེ་དགའ་བ་བཅུ་དྲུག་གི་ཐིག་ལེ་བུམ་པའི་དབང་བསྐུར་རྫོགས་པའི་ཕུར་པ། རང་བྱུང་གི་ཆོས་འབྱུང་ཡིག་འབྲུ་དང་བཅས་པའི་པདྨའི་ཡུལ་ལ། འདུ་ཤེས་སུམ་ལྡན་གྱི་ཐབས་ཀྱིས་འཁྲུལ་འཁོར་རླུང་གི་གནད་ལས་ཐིག་འཕོ་མེད་ཆུ་སྲིན་གྱི་གྲེ་བར་རིན་པོ་ཆེ་ཚུད་པའི་ཚུལ་དུ་གདབ་པས། ཆགས་པ་རང་རྒྱུད་པས་མངལ་གྱི་སྲིན་བུར་སྐྱེ་བའི་སྐྱོན་ལས་གྲོལ་ཏེ་རྟོག་ཚོགས་ལྷན་སྐྱེས་བདེ་ཆེན་ཏུ་ཤར་བའི་གདེངས་ཚད་ལྡན་པས་འབྲས་བུ་ལོངས་སྐུ་ཐོབ་པའོ། །བཞི་པ་ནི། རྒྱུད་བཟང་ལ་གཏུམ་པ་ཙནྡན་ལྟ་བུའི་གང་ཟག་གིས། བྱུག་བདུག་ཚར་པ། བྱིན་རླབས་བྱས་པ། རི་རབ་ལས་བརྗིད་པ་སྟེ་ཁྱད་པར་གསུམ་ལྡན་གྱི་སྲས་མཆོག་ཕུར་པ་བསྒྲལ་པའི་ཞིང་བཅུ་ཚང་བའི་ཡུལ་ལ། གབ་པའི་སྔགས་དྲུག་སྔོན་ཏུ་འགྲོ་བས་གསལ་བ་གསུམ་དང་ཚེ་ཁྲུས་ཀྱི་དགོངས་པའི་ཐབས་ཀྱིས་ཐོགས་པ་མེད་པར་འབྱིན་པ། ནོར་བུ་མིག་ཡངས་ལ་རྟ་རྔ་བརྒྱུས་པའི་ཚུལ་གྱིས་གདབ་པས། བསྟན་པ་དང་བསྟན་འཛིན་དབུ་འཕང་དམའ་བའི་སྐྱོན་ལས་གྲོལ་ཏེ། དགྲ་བགེགས་ཐལ་བར་རློག་པའི་
གདེངས་ཚད་དང་ལྡན་པས་འབྲས་བུ་སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་བྱང་ཆུབ་སྒྲུབ་པའི་བར་ཆད་སེལ་བའོ། །སྤྱིར་ཕུར་བུའི་མཚན་ཉིད་དུ་ཞི་རྒྱས་དབང་དྲག་ཚང་དགོས་པར་གསུངས་པའང་དེ་དག་རེ་རེ་བཞིན་ཏུ་ཚང་བ་ཡིན་ཏེ་རྒྱས་པར་ནི་མ་སྤྲོས་སོ། །དེ་ལས་སྐབས་འདིར་ཉེ་བར་མཁོ་བའི་མཚན་མ་རྫས་ཀྱི་ཕུར་པ་བྱེ་བྲག་ཏུ་བཤད་པ་ལ་འགྲེལ་པ་འབུམ་ནག་ལས་དོན་དྲུག་ཏུ་གསུངས་ཀྱང་འདིར་གོ་སླ་བའི་དབང་དུ་བྱས་ནས་ཕུར་པའི་རྣམ་གྲངས། ཚད། དབྱིབས། ཇི་ལྟར་འདུ་བྱ་བ། བྱིན་བརླབས། རྣམ་དག །བྱེད་ལས། གང་དུ་གདབ་པ། དགོས་པ ་བཅས་དོན་བཅུ་ཡིས་འཆད་པའི་དང་པོ་རྒྱུ་ལའང་། སྤྱིར་གསང་རྒྱུད་ལས། དངུལ་ལམ་དཀར་པོའི་ཤིང་རྣམས་ནི། །ཞི་བ་ལས་ཀྱི་ཕུར་པའི་རྒྱུ། །གསེར་རམ་སེར་པོའི་ཤིང་རྣམས་ནི། །ཡོན་ཏན་རྒྱས་པའི་ཕུར་པའི་རྒྱུ། །ཟངས་སམ་དམར་པོའི་ཤིང་རྣམས་ནི། །གསུང་མཆོག་དབང་གི་ཕུར་པའི་རྒྱུ། །ལྕགས་སམ་ནག་པོའི་ཤིང་རྣམས་ནི། །དྲག་པོའི་ལས་ཀྱི་ཕུར་པའི་རྒྱུ། །ཞེས་དང་། ཕུར་བུ་མྱང་འདས་ཀྱི་རྒྱུད་ལས། །གཞན་ཡང་ཤེར་ཤིང་སྦ་མཆོག་རྐང་། གདུག་པ་ཅན་དང་བཀྲ་མི་ཤིས། ཁྱོ་དགུ་ཤི་བའི་ཡུག་སའི་འཕོང་། །དེ་ལ་དག་པོའི་ཕུར་བུ་བྱའོ། །སྐྱེད་པ་དབྱར་བསྲི་ཤིང་དང་། །སྐྲི་ཤིང་ལ་སོགས་ཤིང་བུ་ལ། །དེ་ལ་རྒྱས་པའི་ཕུར་བུ་བྱ། །འཁར་བ་ལྗོན་དམར་སེར་ལྡེང་དང་། །མཛོ་
མོ་གླ་དཀར་ཚེར་མ་ཅན། །དེ་ལ་དབང་གི་ཕུར་པ་བྱ། །ཙནྡན་དཀར་པོ་ཤུག་པ་འཇག །གླ་བ་ལྟར་བུའི་ཤིང་རྣམས་ལ། །དེ་བཞི་པའི་ཕུར་པ་བྱའོ། །ཞེས་བཤད་ པ་ལྟར་ལས་སོ་སོ་ལ་རྒྱུ་སོ་སོར་དགོས ་ཤིང་། བྱེ་བྲག་ཏུ་ཨོ་རྒྱན་ཆེན་པོས། སྒྲུབ་ཕུར་རྣམས་ལྕགས་སྣ་ལྔའམ་སེང་ལྡང་་ལྟ་བུ་ལའོ་ཞེས་གསུངས་པའི་ལྕགས་སྣ་ལྔ་ནི། །མྱང་འདས་ཀྱི་རྒྱུད་ལས་གནམ་ལྕགས་ས་ལྕགས་ཁྲོ་ཆུ་གསུམ། མི་རྟ་བསད་པའི་མཚོན་ཆ་བཞི། །ཕལ་པའི་ལྕགས་དང་ལྔ་ལ་བྱ། །ཞེས་འབྱུང་བས། གནམ་ལྕགས་ནི་ཐོག་ལྕགས། ས་ལྕགས་ནི་སྨོས་ལྕགས་བྱང་མ། ཁྲོ་ལྕགས་ནི་དངོས་གྲི་མདུང་སོགས་མི་རྟ་བསད་པའི་ལྕགས། ཕལ་པའི་ལྕགས་ལྷ་ཁང་རྙིང་པའི་སྒོ་གཟེར་བཅས་ལྔ་ལ་བསྡུ་བར་བཞེད། ཐུགས་རྗེ་ཁྲོས་པ་རྩ་རྒྱུད་ཀྱི་བཤད་པ་ལས། གྲི་ལྕགས། ཐོག་ལྕགས། ཁབ་ལེན། སྒོ་ལྕགས། ཁབ་ཀྱི་ལྕགས་དང་ལྔར་བཤད་ཅིང་། །ལྕགས་དེ་དག་ཚོལ་མཁན་ཀྱང་རྒྱུད་དེ་ལས། །དགེ་སློང་ཤན་པ་དགེ་བསྙེན་དང་། རྣལ་འབྱོར་རིག་སྔགས་འཆང་དང་ནི། །ལྷ་བཟོས་བླངས་པ་མཆོག་ཡིན་ནོ། །ཞེས་དང་། རྡུང་མཁན་ནི། ཞེ་གནག་ཁྲིམས་གཙང་སྡོམ་ལྡན་པ། །དབང་ཐོབ་དད་པ་ལྡན་པས་བརྡུང་། །ཞེས་འབྱུང་ངོ་། །གལ་ཏེ་སྒྲུབ་ཕུར་ཤིང་ལ་བྱེད་ན། རྡོ་རྗེ་རིགས་ཀྱི་མཚན་མ་དང་ལྡན་པའི་ཆུ་འགྲམ་དང་བྲག་རི་ལས་སྐྱེས་པའི་དུག་དང་ཚེར་མ་ཅན་ཤིང་།
བཙལ་ལ། ཡུལ་བདག་དང་ཤིང་གི་ལྷ་ལ་གཏོར་མ་སྦྱིན། །ཤིང་སློང་ཞིང་བར་ཆད་མི་བྱེད་པའི་བཀའ་བསྒོ། །ཨོཾ་སྭ་བྷཱ་ཝ་ཤུངྡྷ་ཨ་དྷེ་བ་ཤཱནྟི༚་ཀུ་རུ་སྭཱ་ཧཱ། ཞེས་བཟླ། དེ་ནས་ཞི་བའི་ཕུར་པ་བྱེད་ན་ཞི་བའི་བསམ་པས། ཨོཾ་བཛྲ་ཀཱི་ལི་ཡ་སརྦ་ཏ་ཐཱ་ག་ཏ་ཤཱི༚ནྟ་ཀུ་རུ་སྭཱ་ཧཱ། རྒྱས་ལ་སོགས་ལ་དེས་འགྲེས་ཏེ། པུཥྚི༚་གུ་རུ། བ་ཤཾ་ཀུ་རུ། མར་ཡ་ཕཊ་ཕཊ། ཅེས་སྦྱར། དེ་ནས་རང་ཉིད་དཔལ་རྟ་མགྲིན་དུ་བསམས་ལ། ཨོཾ་བཛྲ་གྲོ་དྷ་ཧ་ཡ་གྲྀ་བ་བཛྲ་ཤཀྟི་མཱུ་ལ་ཙྪིནྡ་ཀཱི་ལ་ཡ་ཕཊ། ཅེས་བརྗོད་ཅིང་ཤར་ནས་བརྩམས་ཏེ་ཕྱོགས་བཅུར་བརྒྱབ་ཅིང་བཅད་ལ་རིན་པོ་ཆེའི་སྣོད་དུ་བཞག །ཡི་གེ་བརྒྱད་པ་བརྗོད། དྲི་ཆབ་ཀྱིས་བསངས་གཏོར་བྱ། དངོས་པོའི་ངོ་བོ་སྟོང་ཉིད་དུ་བསམས་ལ། ཨོཾ་སྭ་བྷཱ་ཝ་བི་ཤུངྡྷོ྅ཧཾ། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་ལས་མཐུན་པའམ། དངོས་གྲུབ་ཐམས་ཅད་འབྱུང་བའི་ཤིང་དུ་མོས་ལ་དུམ་བུར་བསིལ་ཏེ། དབུས་ཀྱི་ཆ་ལ་གཙོ་བོ། རྩེ་མོ་དང་རྩ་བ་སྟེང་འོག་གི་ཁྲོ་བོ་སོགས་རིགས་པས་བརྟགས། གཞན་ཡང་རྩེ་མོ་ཞིབ། དེ་འོག་རྒྱས་བ། དེ་འོག་དབང་། རྩ་བ་མངོན་སྤྱོད་ཀྱི་ཕུར་ པ་འགྲུབ་པའང་བཤད་དོ། །ལྕགས་སོགས་ཕུར་བའི་རྒྱུ་གཞན་ལའང་ཆོ་ག་དེ་ལྟར་བྱ་དགོས ་པའང་གསུངས་སོ། །གཞན་ཡང་ལས་ཕུར་གྱི་བྱེ་བྲག་སྦས་གསང་མདུང་རྩེའི་རྒྱུད་ལས། །དགྲ་བགེགས་དབང་དུ་བསྡུ་བའི་ཕྱིར། །ནག་པོའི་རིགས་ཀྱིས་བྱ་བར་ཤིས། །མནན་པའི་
ཕུར་པ་སྐྱེར་ཕུར་བསྡགས། །འདྲེན་ཅིང་འགུགས་པར་མཆོག་ཕུར་བསྡགས། གདབ་པའི་ཕུར་པ་ལྕགས་ཕུར་ཏེ། །དཔུང་དང་བྲལ་བར་བྱ་ཕུར་བསྡགས། །ཞེས་གསུངས་ཏེ་དེའང་དྲག་པོའི་རིགས་ཀྱི་ཤིང་སྐྱེར་བའི་རྩ་བ་ས་འོག་ནས་བརྐོས་པ། སྐྱེས་དར་མའི་རྗེ་དར་སྦོམ་པོ་མ་ཡིན་ པ་ཐུར་མ་ཙམ། ལྕགས་སྣ་ལྔ། བྱ་རྒོད་ཀྱི་གཤོག་པའི་དང་རུ་རྣམས་ལ་བྱ་དགོས ་ཤིང་། འབུམ་ནག་ཏུའང་ངན་སྔགས་དྲུག་ལ་ཕུར་པའི་དབྱེ་བ་དྲུག་སོགས་ཀྱང་བཤད་དོ། །གཉིས་པ་རྣམ་གྲངས་ནི། ཕྲིན་ལས་འཁོར་ལོའི་རྒྱུད་ལས། ཡོན་ཏན་གྱི་ཕུར་བུ་བདུན་ཞེས། བསྐྲད་པ་མཚམས་ཀྱི་ཕུར་པ་དང་། །བཀོད་པ་ལྷ་ཡི་ཕུར་པ་དང་། །མངགས་པ་ཕོ་ཉའི་ཕུར་པ་དང་། དབང་དུ་སྡུད་པའི་ཕུར་པ་དང་། གདབ་པ་ཕྲིན་ལས་ཀྱི་ཕུར་པ་དང་། འཛིན་ཅིང་མི་གཏོང་བའི་ཕུར་པ་དང་། གནས་སྲུང་བའི་ཕུར་པའོ། །ཞེས་འབྱུང་བའི་དང་པོ་ནི། ཁྲོ་བཅུའི་མཚམས་གཅོད་ལ་འདེབས་པར་བྱ་སྟེ་གྲངས་བཅུ་ལ་སོགས་པའོ། །གཉིས་པ་ནི། ཁ་གཅིག་ཏུ་སྒྲུབ་ཕུར་ཞེས་གསུངས་པ་དང་དོན་གཅིག་ཅིང་། བཀའ་མ་ཕལ་ཆེར་དུ་ལྷ་ཕུར་ལྔ་བཅུ་ང་གཅིག་ཏུ་བཤད་ཅིང་། གཏེར་པའི་ཕྱོགས་ལ་ལྷ་གྲངས་མང་ཉུང་མི་འདྲ་བས་མདོར་ན་རྩ་བའི་ལྷ་གྲངས་དང་བསྟུན་དགོས་ཤིང་། སྐབས་འདིའི་གཙོ་ཕུར་ལ་འགྱིང་ཕུར་དང་། བསྙེན་པའི་སྐབས་ལྷ་ཕུར་རྣམས་ཕྱོགས་གཅིག་སྦོམ་ནས་ཐོད་པ་ལ་
སོགས་པར་འགོད་པ་ལ་སྦོམ་ཕུར་ཡང་ཟེར་རོ། །གསུམ་པ་ནི། གོང་སྨོས་ལྷ་ཕུར་གྱི་བྱེ་བྲག་ཟ་གསོད་ཀྱི་ཕུར་པ་དང་། སྒོ་མ་བཞིའི་ཕུར་པ་ལ་ངོས་འཛིན་པའང་ཡོད་ཅིང་། ཕལ་ཆེར་དབང་སྡུད་ངང་མནན་པ་དང་ངན་སྔགས་དྲུག་སོགས་འཕྲལ་འཕྲལ་ལས་ལ་སྦྱོར་ དགོས་པའི་ཕུར་པ ་རྣམས་ཡིན་ཏེ་གྲངས་སྐབས་དང་སྦྱར། བཞི་པ་ནི་དམ་ཅན་གནད་འབེབས་ཀྱི་ཕུར་པ་རྣམས་སོ། །ལྔ་པ་ནི་གདབ་ཁའི་ལས་ལ་འདེབས་པར་བྱ་བ་རྣམས་ཏེ་རྒྱས་པར་བརྒྱ་རྩ་བརྒྱད། དེ་ནས་རིམ་པ་བཞིན་བསྡུས་ཏེ། ཉེར་གཅིག །བཅུ་བདུན། བཅོ་ལྔ། བཅུ་གཅིག །བདུན། གསུམ། གཅིག་རྣམས་སུ་གསུངས་ཏེ་ས་ལུགས་ལ་བཅུ་བདུན་མར་མཛད་ཅིང་། རྒྱུན་གྱི་ཚོགས་བསྒྲལ་ལྟ་བུར་སྲས་མཆོག་གཅིག་པུ་ལས་མི་དགོས་པས་མཚོན། བཀའ་གཏེར་སོ་སོའི་གདབ་ཁའི་ཚིག་ཟིན་གྱི་གྲངས་དང་བསྟུན་ དགོས་སོ། །དྲུག་པ ་ནི་བསྙན་ཕུར་ཏེ། འདིའང་སྲས་མཆོག་དང་ཐ་དད་དུ་ཕྱེ་བའི་ལུགས་དང་། གཅིག་ཏུ་འདོད་ པ་གཉིས་ལས་སྔ་མ་ལྟར་ན་གཙོ་ཕུར་ལ་ངོས་འཛིན་དགོས ་པས་གྲངས་གཅིག་ཏུ་ཟད། ཕྱི་མ་ལྟར་ན་ཉེར་གཅིག །ལྔ། བཞི། གཅིག་སོགས་སུ་འགྱུར་རོ། །བདུན་པ་ནི། རང་འདུག་པའི་ཚེ་སྔས་སུ་བཏབ་ཅིང་། འགྲོ་བའི་ཚེ་སྐེད་ལ་གཟེར་བའམ། ཡང་ན་སྔས་སུ་གཟུག་པར་བྱ་སྟེ་གྲངས་གཅིག་གམ། གཞན་བསྲུངས་ན་བསྲུང་བྱའི་གྲངས་དང་མཉམ་པའོ། །ཡང་
ན། འབུམ་ནག་ལས། རྒྱལ་ཐབས་སྤྱི་བླུགས་ཀྱི་ཕུར་པ། བསྙེན་ཕུར། བཀོད་པ་རྫས་ཀྱི་ཕུར་པ། ཕྲིན་ལས་མི་བཟད་པའི་ཕུར་པ་བཞི་བཤད་པའི་དང་པོ་ནི། དངོས་གྲུབ་ཀྱི་རྟགས་སུ་ཐོབ་པ་སྟེ་དར་དཀར་དམར་མཐིང་གསུམ་གྱིས་དྲིལ་ལ་དངོས་གྲུབ་བླང་། གཉིས་པ་ནི། གཙོ་ཕུར་རམ་སྦོམ་ཕུར་ཏེ་སྔར་སྨོས་པ་དང་མཚུངས། གསུམ་པ་ནི། ལྷ་ཕུར་རྣམས་ཏེ་སྒྲུབ་པའི་སྐབས་སོ་སོར་བཀྲམ་སྟེ་བཀོད་པ་བྱ། བཞི་པ་ལ་ལྔ་སྟེ། གནས་སྲུང་གི་ཕུར་པ་ནི་རྣལ་འབྱོར་པ་སྐུ་འཆག་ཙ་ན་སྔས་སུ་བཙུགས་ཏེ་བཟླས་པ་བཅོལ། སྲུང་ཕུར་ལས་ཁྲོ་བཅུའི་ཕུར་པ་སྒྲུབ་ཁང་གི་ཕྱོགས་བཅུར་གདབ་ཅིང་སྒོ་བྱང་ཕུར་པ་སྒོའི་ཡ་ཐེམ་ལ་གདགས། མནན་ཕུར་ནི་མནན་པའི་སྟེང་དུ་གདབ། ཟོར་ཕུར་ནི་མདའ་ལ་གཞུག་པར་བཤད་ཀྱང་ད་ལྟའི་ཕྱག་ལེན་ཀོད་ཟོར་དུ་གཟུག་སྟེ་འདི་དང་ཟློག་ཕུར་དོན་གཅིག །མགྱོགས་ཕུར་གར་ དགོས་ངེས་པ ་མེད་པས་མང་དུ་བྱ་གསུངས། སྤྱིར་སྒྲུབ་ཕུར་བརྒྱ་རྩ་བརྒྱད། ལྷ་ཕུར་ལྔ་བཅུ་ང་གཅིག །གདབ་ཕུར་ཉི་ཤུ་རྩ་གཅིག །མགྱོགས་ཕུར་བརྒྱད་ཅུ་ཐམ་པ། ཕུར་པ་སིལ་བུ་ལ་གྲངས་མེད། ཟློག་ཕུར་བཅུ་གཉིས་བཅས་གསག་པར་བཤད་དེ་བཀའ་མའི་རིགས་འདིའི་རྗེས་སུ་འབྲང་དགོས་པས་ལག་ཏུ་ལེན་བྱ་ལྷ་ཕུར་ང་གཅིག་རྩ་བའི་ལྷ་གྲངས། གདབ་ཕུར་ཉེར་གཅིག་ཁྲོ་བཅུ་སྒོ་མ་བཞི་མི་བཟད་པའི་ཕུར་པ་དྲུག་སྲས་མཆོག་
བཛྲ་འདུས་པ་བཅས་ཡིན་ཀྱང་དེང་སང་མི་བཟད་པའི་ཕུར་པ་དྲུག་ཕལ་ཆེར་ནས་མི་འཛོམ་པས་ཕྱག་ལེན་མི་བྱེད་ཅིང་ཁྲ་ཐབས་ལ་ཕུར་པ་གཉིས་བསྣན་པས་བཅུ་བདུན་མའི་ཕྱོགས་ལྟར། ཕུར་སྲུང་བདག་ཤྭ་ས་གསུམ་གྱི་གྲངས་སྐྱེར་བའི་ཟློག་ཕུར་བཅུ་གཉིས་བཅས་ངེས་པར་ དགོས་སོ། །གཏེར་མའི་ཕྱོགས་སུ་སྤུ་གྲིའི་ཕུར་པའི་སྤྱི་སྡོམ་ལས་གསུངས་པ ་ལྟར་གཙོ་བོ་ཁྲོ་བཅུ་བཅས་ཀྱི་ཡུམ་རྣམས་སྐུ་དང་གྲིབ་མའི་ཚུལ་དུ་འདུ་འབྲལ་མེད་པས་གཅིག་ཏུ་བསྡུས་ནས་བསྙེན་པའི་སྐབས་རྩ་བའི་ལྷ་གྲངས་ཙམ་སྦོམ་པས་ཆོག་ཅིང་། སྒྲུབ་ཆེན་སྐབས་གཙོ་འཁོར་ཚང་མ་སོ་སོར་བཀྲམ་དགོས་པས་དེ་ལ་མཚོན་ན། གཙོ་བོ་གཅིག །ཁྲོ་བོ་ལ་བཅུ། ཕྲ་ཐབས་ལ་ཉི་ཤུ། སྒོ་མ་བཞི། སྲས་མཆོག་ཆོས་དབང་སྤུ་གྲི་ལྟར་ན་བདུན་གསུམ་ཉེར་གཅིག །བྱང་གཏེར་ཕུར་པ་རྒྱས་པ་ཆེ་མཆོག་ལྟར་ན་སྐུ་གསུང་ཐུགས་གསུམ། །འབྲིང་བསྡུས་གཉིས་ལ་གཅིག །སངས་གླིང་ལུགས་ལ་ལྔ། རང་གླིང་ལུགས་ལ་བཞིའམ་ཉེར་གཅིག་སོགས་རང་གཞུང་ལྟར་དང་། །སྒོ་མ་བཞི། དམ་ཅན་བཅུ་གཉིས། དབང་ཕྱུག་ལ་རྩད་ཕུར་ཉེར་བརྒྱད་བཅས་དཀྱིལ་འཁོར་གྱི་ལྷ་ཕུར་རྣམས་དང་། གདབ་ཕུར་རྒྱས་པའི་ཕྱོགས་ལ་སྲས་མཆོག་ཡཀྵ་ཀྲོ་དྷ་གཅིག །ཁྲོ་བོ་བཅུ། ཁྲོ་མོ་བཅུ། ཟ་གསོད་ཉི་ཤུ། སྒོམ་བཞི་སོ་སོར་བཤད་པ་དང་། བསྡུས་པའི་ཕྱོགས་ལ་སྲས་མཆོག །ཁྲོ་བོ་རྣམས་ལ་གཅིག །ཟ་གསོད་ལ་གཉིས། སྒོ་མ་
གཅིག་བཅས་ལྔའི་ཕྱོགས་འདི་བཟུང་དགོས་ཤིང་། དེའང་མ་འཇོམ་ན་སྲས་མཆོག །ཁྲོ་བོ་ཡབ་ཡུམ་ཟ་གསོད་ཕྱོགས་བསྡོམས། སྒོ་མ་བཅས་གསུམ་བྱའོ། །སྲས་མཆོག་ནི་འབུམ་ནག་ལས་རབ་བརྒྱ་རྩ་གཅིག །འབྲི་བ་ཉེར་གཅིག །ཐ་མ་ལྔ། ཡང་ཐ་བཛྲ་འདུས་པ་གཅིག་ཏུ་བཤད་ཅིང་གང་བ་ལས་ལ་འཇུག་པའི་སྲས་མཆོག་ནི་གཅིག་ཡིན་ལ། གང་ལྟར་རྡོ་རྗེ་ཕུར་པའི་རྒྱུད་དོན་ཐུན་མོང་མ་ཡིན་པའི་དཀྱིལ་འཁོར་གསུམ་གྱི་ཕུར་པ་རྫས་ཀྱི་དཀྱིལ་འཁོར་གྱི་གཙོ་བོར་བྱ་ དགོས་པ ་ནི་འདི་ཉིད་ཡིན་པས་ཕུར་པ་མཁན་པོ་ཡིན་ཕྱིན་ཆད་སྲས་མཆོག་རྒྱས་བསྡུས་གང་རུང་མེད་དུ་མི་རུང་ཞིང་ཆོ་གའི་སྐབས་བྱིན་རླབས་དང་རྫས་དཀྱིལ་བསྐྱེད་ཆོག་ཆེད་དུ་མི་རུང་ངོ་། །བཀའ་གཏེར་གཉིས་ཀར་རྟ་བྲོ་སོགས་ཀྱི་སྐབས་གསོར་བདེ་བའི་ཕྲིན་ལས་བཞིའི་ཕུར་པ་བཞི་རྒྱུ་སོགས་ཚད་ལྡན་སོ་སོར་འགྲུབ་ན་མཆོག་ཡིན་ནོ། །གསུམ་པ་ཚད་ནི། བཀའ་མའི་ཕྱོགས་སུ་ཀརྨ་ལས་ཀྱི་རྒྱུད་ལས། སོར་བཞི་སོར་བརྒྱད་སོར་བཅུ་གཉིས། །སོར་ནི་བཅོ་བརྒྱད་དག་ཏུ་བྱ། །ཞེས་གསུངས་པ་སོགས་ཀྱི་དོན་འབུམ་ནག་ལས། གཙོ་ཕུར་སོར་བཅོ་བརྒྱད། ཁྲོ་བཅུ་སོར་བཅུ་གཉིས། ཁྲོ་མོ་སོར་བཅུ། མགོ་བརྙན་སོར་བརྒྱད། སྒོ་མ། ཕུར་སྲུང་། ཟློག་ཕུར་སོགས་སོར་བཞི་པར་བྱ་བར་བཤད། སྣ་ནམ་བཤད་འབུམ་རྡོ་རྗེ་དོན་གསལ་ལས། གཞན་ནས་ཚད་མ་ངེས་པར་འདོད་ཀྱང་འདིར་ལྟེ་བ་ཡན་ཆད་
སོར་བཞི། དབལ་སོར་བཞི་སྟེ་བརྒྱད་པ་ཁོ་ནར་ངེས་ཞེས་ཀྱང་བཤད་དོ། །གཏེར་མའི་ཕྱོགས་སུ། །ཇོ་མོའི་ཞུས་ལེན་ལས། ཚད་ནི་གཙོ་ཕུར་སོར་བཅོ་བརྒྱད༔ གིང་ཕུར་སོར་བཅུ་གཉིས་སམ་ཡང་ན་བཅུ་དྲུག༔ མགྱོགས་ཕུར་སོར་བཅུ་གཉིས༔ གདབ་ཕུར་སོར་བརྒྱད་པ༔ ཕྲིན་ལས་བཞི་ལའང་མཐེབ་སོར་བརྒྱད་པ༔ མངགས་ཕུར་སོར་བརྒྱད༔ སྲུང་ཕུར་སོར་བཅུ་དྲུག་པ༔ ཟློག་ཕུར་སོར་བཞི་པ། ཐུན་ཕུར་སོར་གསུམ་པར་སྤྱི་རྒྱུད་དུ་གསུངས་པ་དང་། བི་ཏོ་ལས༔ རྟེན་ཕུར་འདོམ་གང་ཁྲུ་མཐོ་གང་༔ གདབ་ཕུར་ཕྱག་མཚན་ཅི་བདེར་བྱ༔ ཞེས་ཀྱང་གསུངས་སོ༔ ཞེས་སོ༔ འདིར་གིང་ཕུར་ཞེས་པ་ནི་ཁྲོ་བཅུའི་ཕུར་པ་ཡིན་ལ་ད་ལྟའི་ཕྱག་ལེན་སྨིན་གླིང་གཏེར་ཆེན་གྱིས། གཙོ་ཕུར་སོར་བཅུ་དྲུག །ཁྲོ་བོ་སོར་བཅུ་གཉིས། ཟ་གསོད་མཐོ་རེ། སྲས་མཆོག་མར་བཅད་སོར་བརྒྱད་པ་བྱ་བར་གསུངས། དེ་དག་ཀྱང་ཐུགས་རྗེ་ཁྲོས་པའི་བཤད་རྒྱུད་ལས། སོར་བརྒྱད་པ་ལྟར་ན། རྒྱ་མདུད་གོང་འོག་སོར་རེ་རེ། ཆང་བཟུང་སོར་དོ། །ཆུ་སྲིན་ཁ་སོར་གང་། དབལ་སོར་གསུམ། སོར་བཅུ་གཉིས་པ་ལ་ཁྲོ་ཞལ་ལམ་རྒྱ་མདུད་གཉིས་སོར་ཕྱེད་དོ་རེ། ཆང་བཟུང་གསུམ། ཆུ་སྲིན་གཅིག །དབལ་སོར་ལྔ། བཅུ་དྲུག་པ་ལ། སོར་གཉིས་དབུ། སྐུ་སྟོད་བཞི། ལྟེ་བ་གཉིས། མཚན་མ་གཉིས། སོར་དྲུག་དབལ་དུ་བྱ་བར་གསུང་ཞིང་འདིར་
མཚན་མ་དང་ཆུ་སྲིན་ཁ་གཅིག་ལ། བཅོ་བརྒྱད་སོགས་གཞན་ལ་དེ་དག་གིས་རིགས་འགྲེ་སྟེ་མདོར་ན་ཕྱེད་ཆ་སྟོད་དང་ཕྱེད་ཆ་དབལ་དུ་བྱ་བར་བཤད་དོ། །བཞི་པ་དབྱིབས་ནི། ཐུགས་རྗེ་ཁྲོས་པ་རྩ་རྒྱུད་ལས། མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། །སྐེད་པ་རྒྱ་མདུད་གཞལ་ཡས་ཁང་། །བཅུམ་གཞོག་ལ་ནི་སོར་བཅུ་གཉིས། །བསྙེན་པའི་ཕུར་པ་དེ་བཞིན་བྱ། །ཞེས་དང་། །འཇིག་རྟེན་སྣང་བྱེད་ཀྱི་རྒྱུད་ལས། མཐེབ་གང་རྒྱ་མདུད་དག་ཏུ་བྱ། །སོར་བཞི་བཅུ་ལ་གཞོགས་འོག་མ་ཡང་། །གོང་མ་བཞིན་ཏུ་ཤེས་པར་བྱ། །དབལ་ནི་ཆུ་སྲིན་ཁ་ནས་ཕྱུང་། །ཚིག་བཞི་ཀུན་ལ་སྦྲུལ་གྱིས་བརྒྱན། །ཅེས་སོགས་རྒྱུད་རྣམས་ལས་མགྲིན་གཅིག་ཏུ་རྒྱ་མདུད་གོང་འོག །བཅུ་མ་གཞོགས། །དབལ་བཅས་བསྟན་ཅིང་ཆུ་སྲིན་ཁ་དང་སྦྲུལ་ཆུན་ཡོན་མེད་ཅི་རིགས་སྣང་སྟེ། སྣ་ནམ་བཤད་འབུམ་དུ། གཞན་གྱིས་ཆུ་སྲིན་བ་སོགས་འདོད་ལ་འདིར་ནི་རྒྱན་མེད་ཡིན་པར་དམིགས་གསལ་དུ་བསྟན་པས་མཚོན་ནོ། །ཀརྨ་ལས་ཀྱི་རྒྱུད་ལས། མགོ་བོ་རྒྱ་མདུད་རི་རབ་བརྗིད། །སྐེད་པ་རྒྱ་མདུད་སྨད་ཟུར་དྲུག །རྩེ་མོ་ཟླུམ་པོ་གྲུ་བཞི་དང་། །ཟླ་གམ་དང་ནི་ཟུར་གསུམ་རྩེ། །ཞེས་གསུངས་པ་ལ་བརྟེན། རྒྱ་མདུད་གོང་མ་རི་རབ་ཀྱི་གཟུགས་སུ་འཆོས་པ་ཁ་གཅིག་ཡོད་འདུག་ཀྱང་དོན་མ་ཡིན་ཏེ། ཀརྨ་གུ་རུའི་རྒྱུད་ལས། མགོ་སོར་གཅིག་ལ་རྒྱ་མདུད། སྐེད་སོར་གཅིག་ལ་རྒྱ་མདུད། སྟོད་ཟུར་
བརྒྱད། སྨད་ཟུར་གསུམ་པ། རི་རབ་ལྟར་བརྗིད་པར་འདུག་པ་ནི་གཟུགས་ཕུན་སུམ་ཚོགས་པ་ཞེས་བཤད་དོ། །ཞེས་པས་རི་རབ་ལྟར་བརྟན་ཅིང་བརྗིད་པ་ལ་རི་རབ་ཕུར་བུ་ཞེས་སོགས་གསུངས་པར་གོ་དགོས། དེ་ལྟ་བུའི་ཕུར་པ་འདི་ནི་ཕྱི་སྲིད་པ་ཕུར་བུ། ནང་རྡོ་རྗེའི་ལུས་ཀྱི་ཕུར་བུ། གཞན་དཀྱིལ་འཁོར་བསྒོམ་པའི་གནས་སོགས་རྒྱུད་ལུང་མན་ངག་ཀུན་དང་གུང་མཐུན་པར་མཚོན་དོན་འགྲིགས་ཤིང་། ལྷ་ཞལ་ཕྱུང་བ་ནི་གཏེར་མའི་ཕྱོགས་ལས་གསལ་བར་བཤད་པས་རྩ་བའི་རྒྱུད་པིདྱོཏྟ་མ་སོགས་ལས་གསུངས་པར་མངོན། དེས་ནད་ལྟའི་ཕྱག་ལེན་ཏུ། གཙོ་ཕུར་ལ་རབ་ཞལ་གསུམ་ཕྱག་དྲུག་རྒྱན་ཕྱག་མཚན་གཤོག་པ་བཅས་པའི་སྨད་ཕུར་ཞབས་ཅན། འབྲིང་ཞལ་གསུམ་གྱིས་མཚན་པའི་ཕུར་རྐྱང་། ཐ་མ་ཁྲོ་ཞལ་གཅིག་པ། ཁྲོ་བཅུ་ལ་ཁྲོ་ཞལ་གསུམ་མམ་རེ་རེ། ཟ་གསོད་སྒོ་མ་རྣམས་ལ་སོ་སོའི་མགོ་བརྙན་ཅན་དུ་བྱ། དེའང་རྒྱ་མདུད་གོང་མའི་སྟེང་དུ་ལྟ་ཞལ་བྱེད་པའི་བཟོ་རྒྱུན་སྣང་ཡང་དེ་ལྟ་ན་ཞལ་ཉིད་རྒྱ་མདུད་ཀྱི་ཏོག་ཏུ་འགྱུར་བས་ཏོག་བཟོ་བ་ནི་མཛེས་ཆོས་ཙམ་ལས་མཚོན་དོན་མེད་པས་མགོའི་ཏོག་སྐབས་འདིར་མི་འབྲེལ་བས་རྒྱ་མདུད་གོང་མའི་ཚབ་ཏུ་ཞལ་བྱས་ན་ལེགས་པར་སེམས་སོ། །ལས་བཞིའི་ཕུར་པ་རྩེ་མོ་རྡོ་རྗེ། རིན་པོ་ཆེ། པདྨ། རྒྱ་གྲམ། སྨད་ཀྱི་ཕུར་ཞབས་ཟླུམ་པོ། གྲུ་བཞི། ཟླ་གམ། ཟུར་གསུམ་ཅན་ཏུ་བྱ་དགོས་ཏེ། རྒྱུད་
མྱང་འདས་སོགས་ལས་གསལ་བར་གསུངས་ཤིང་གོང་སྨོས་ལུང་གིས་ཀྱང་ཤེས་ལ། ཁ་དོག་ཀྱང་སོ་སོའི་ལས་མདོག་ཏུ་བྱ་བར་གསུངས། ལྷ་ཞལ་རྣམས་ནི་རང་གི་སྐུ་མདོག་ལྟར་བྱ་དགོས་སྦོམ་བོའི་སྐྱོན་སྦིས་སྦིས་པོ་མ་ཡིན་པ། ཕྲ་བའི་སྐྱོན་ཐུར་མ་ལྟ་བུ་མ་ཡིན་པ། གྲོགས་རྐེད་ཀྱི་སྐྱོན། ཁ་ཅིག་སྦོམ་ཞིང་ཁ་ཅིག་ཕྲ་ཆེ་བ་མ་ཡིན་པ། གཙོ་བོ་དང་ཁྲོ་བཅུ་བརྗིད་ཆགས་པ་རྒྱལ་པོ་གདན་ལ་བཞུགས་པ་འདྲ་བ། མགྱོགས་ཕུར་སོགས་གསོར་འཕང་བདེ་བ་སྐྱེས་པ་དམག་ལ་ཆས་པ་འདྲ་བ་བྱ། ལྷ་ཞལ་དང་མགོ་བརྙན་སོ་སོར་བྱེད་ཚེ་རྒྱས་པའི་ཕྱོགས་ལེགས་པར་འགྱུར་ལ། མ་འགྲུབ་ན་ཐམས་ཅད་རྒྱ་མདུད་ཅན་བྱས་ན་གོང་སྨོས་རྒྱུད་ལུང་གི་དགོངས་པ་འཁྲུལ་བྲལ་ཡིན་མོད། མགོ་བརྙན་གྱི་ཚབ་ཏུ་ལྷ་ཞལ་བྱེད་པ་སོགས་ནི་གང་གི་འང་གོ་མི་ཆོད་པར་འགྱུར་བས་སྤང་བར་བྱའོ། །ལྔ་པ་ཇི་ལྟར་འདུ་བྱ་བ་ནི། །འཇིག་རྟེན་སྣང་བྱེད་ཀྱི་རྒྱུད་ལས། མཁས་པར་བསླབས་པའི་བཟོ་མཁན་ནི། །ཤེས་རབ་རྣམ་པ་དུ་མར་སྦྱངས། །ཕྲིན་ལས་རྣམ་བཞིའི་སྔགས་བཟླས་ཤིང་། །ཕྱོགས་བཞིར་རྒྱས་པར་གཞོག་པར་བྱ། །གྲི་ཁ་ལྷོ་བྱང་ཤར་ནུབ་བསྟན། །ཅེས་ལས་བཞིའི་ཕུར་པར་ཁ་ཞི་བ་ལ་ཤར་སོགས་ལས་མཐུན་ཏུ་ཕྱོགས་ཤིང་རང་སྔགས་སོ་སོ་བཟླ་ཞིང་། གྲིའི་ཁའང་ཕྱོགས་སོ་སོར་བསྟན་པར་བཤད་ལ། སྔགས་
བཞི་ནི་གསར་འགྱུར་རྩ་ག་ཐུགས་རྒྱུད་ལས་འབྱུང་བ་དེ་ཡིན་ལ། རྒྱུད་འདི་ལས་གཞན་ཡང་རྒྱུད་ཕྱི་ནང་གསང་བ་དང་། ལས་བཞིའི་ཚད་སོ་སོ་སོགས་ཁྱད་པར་འགའ་ཞིག་བསྟན་ཏོ། །བྱེ་བྲག་ཏུ། རྒྱུད་སྔ་མ་ལས། ཁ་ནི་འཛབ་དང་མི་འབྲལ་བས། །ཞེས་པས་ལྷ་ཕུར་སོགས་བཟོ་བའི་ཚེ་ཀཱི་ལ་ཡའི་སྔགས་ཟློ་བཞིན་པས། ཕལ་ཆེར་མངོན་སྤྱོད་ཀྱི་ལས་གཙོ་ཆེ་བས་ཁ་ལྷོར་ཕྱོགས་ལ། དབང་དུ་སྡུད་པའི་ཕྱིར་གྲི་སོ་རང་ལ་སྟན་པའམ། ཚར་གཅོད་པའི་དོན་དུ་ཕྱིར་བསྟན་ལ་གཞོག །ལྕགས་ལ་བྱེད་ཀྱང་དེས་འགྲེ། མྱང་འདས་ཀྱི་རྒྱུད་ལས། རྩ་བའི་ཕྱོགས་སུ་རྒྱ་མདུད་བྱ། །རྩེ་མོའི་ཕྱོགས་སུ་ཕྲིན་ལས་བཞི། །སོ་སོ་རང་གི་གཞུང་བཞིན་གཞོག །ཅེས་དང་། ལས་རྒྱུད་ལས། ཤིང་གི་རྩ་བ་རྒྱ་མདུད་དེ། །རྩེ་མོའི་ངོས་སུ་སོ་སོའི་དབལ། །ཞེས་སོགས་དང་། ཀརྨ་གུ་རུའི་རྒྱུད་ལས། མགོ་མཇུག་མ་ནོར་བར་བྱས་ལ། རྩ་བའི་ངོས་སུ་མགོ་བྱ། །ཞེས་སོགས་ཡང་ཡང་གསལ་བར་གསུངས་པ་ལྟར་ཤིང་གི་རྩ་བ་ལ་ཕུར་པའི་མགོ་བྱ་བ་ལུགས་འདིའི་ཁྱད་ཆོས་རྟེན་འབྲེལ་གྱི་ཆེ་བ་ཡིན་པས་གལ་ཏེ་དེ་ལས་ལྡོག་ན་གདབ་ཡུལ་ལ་མི་ཐེབས་པ་དང་རང་ལ་ལྡོག་པ་སོགས་ཀྱི་ཉེས་པ་འབྱུང་ངོ་། །དྲུག་པ་བྱིན་གྱིས་བརླབ་པ་ལ་སྤྱི་དང་ཁྱད་པར་གཉིས་ཀྱི་དང་པོ་ནི། ཡེ་ཤེས་རྩེ་མོའི་རྒྱུད་ལས། སྟེང་དུ་རྒྱ་མདུད་དབུས་གནས་སུ། །སངས་རྒྱས་གདུང་མཆོག་གཞག་
པར་བྱ། །དབུས་སམ་གནས་ཀྱི་རྒྱ་མདུད་ལ། །རཏྣ་བཞག་པར་བྱ་བ་སྟེ། །ཡེ་ཤེས་རྩེ་མོར་མཁས་པ་ཡིས། །ལུག་རུས་འཇིགས་པ་གཞག་པར་བྱ། །ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ཡིས། །སྟེང་གི་དབུས་གནས་བྱིན་གྱིས་བརླབས། །དཀོན་མཆོག་གསུམ་གྱི་གསང་སྔགས་ཀྱིས། །དབུས་ཀྱི་གནས་སུ་བྱིན་གྱིས་བརླབས། །རྡོ་རྗེ་ཁྲོ་བོ་དུ་མའི་སྔགས། །རྩེ་མོའི་དབུས་གནས་བྱིན་གྱིས་བརླབས། །ཞེས་འབྱུང་ལ། གཏེར་ཁ་རྣམས་སུ་ཕུར་པའི་མགུལ་དུ་སངས་རྒྱས་ཀྱི་རིང་བསྲེལ། སོ་སོའི་སྙིང་པོའི་ཤོག་དྲིལ། ཐུན་རྫས་ཐུམ་པོ་བཏགས་པར་གསུངས་པའང་འདིའི་དགོངས་པར་སྣང་ལ། ཕུར་པ་ཐུགས་ཀྱི་སྙིང་ཁུའི་ཡང་ཟབ་གདམས་པའི་སྐབས། བསྙེན་ཕུར་མགུལ་དུ་ཡུངས་ཀར་འབྲུ་སྟོང་ཕྲག་གུ་གུལ་གྱི་ཆུས་ངར་བླུད་ཅིང་དར་མཐིང་ནག་ལ་གཏུམས་པ་དང་། གསང་སྔགས་གྲི་ཁྲག་དང་སེང་ལྡེང་གི་ཁུ་བས་ཤོག་བུར་བྲིས་པ་གདགས་གསུངས། དེས་ན་ཕྱག་ལེན་ཏུ་ཕུར་རྙིང་ལྟ་བུར་དེ་རྣམས་མགུལ་ཏུ་བཏགས་ཤིང་། ཆེད་བཟོས་རིགས་ལ་ཕུར་པའི་ནང་ཁོངས་སུ་གོང་སྨོས་རྒྱུད་ཀྱི་ལུང་ལྟར་རམ། །བསྡུ་ན་རྒྱ་མདུད་གོང་མའི་ནང་དུ་རིང་བསྲེལ་དང་། མཐིང་ཤོག་ལ་གསེར་གྱིས་བྲིས་པའི་སོ་སོའི་རང་སྔགས་གཞུག །མགུལ་པར་དར་ནག་གི་ཁུད་དུ་ཐུན་རྫས་སམ། ཁྱད་པར་ཡུངས་ཀར་གུ་གུལ་ཆུས་བྲན་པ་གཏུམས་ལ་བཏགས། འདི་ནི་གལ་ཤིན་ཏུ་ཆེ་སྟེ། རྩ་རྒྱུད་རྡོ་རྗེ་
ཁྲོས་པ་ལས། བསྙེན་ཕུར་ལ་ཡང་རྣམ་པ་གཉིས། །ཡུངས་ཀར་དང་ནི་ཕུར་བུ་དངོས། །ཞེས་ཕུར་པའི་བྱེ་བྲག་ཏུ་གསུངས་པའི་ཕྱིར་རོ། །གཞན་ཡང་རྒྱུད་དེ་ལས། མཐིང་ནག་དར་གྱི་ཅོད་པན་གདག །ཅེས་པས་ཐམས་ཅད་ལ་དར་མཐིང་ནག་གི་ཅོད་པན་ནམ། ད་ལྟའི་སྤྲོས་བཅས་གཙོར་བྱེད་པ་རྣམས་ཀྱིས་གཙོ་བོ་ལ་དར་སྣ་ལྔ། གཞན་ལ་རང་མདོག་གི་ཅོད་པན་སོགས་བྱེད་དོ། །དབལ་ཟུར་ལ་རྫས་དགུས་ངར་བླུད་དེ་དགུ་ནི །ར་ཁྱི་ཕག་གསུམ་གྱི་ཁྲག་གསུམ། བཙན་དུག་ར་དུག་སྤྱང་དུག་དུག་སྣ་གསུམ། ལྕགས་ཟངས་རྦ་རྡོ་ཕྱེ་གསུམ་མམ། ཡང་ན་ཕྱེ་གསུམ་ཚབ་ཏུ་གུ་གུལ་ཉུངས་ཀར་ཚིལ་ཆེན་ཏེ་རྫས་སྣ་གསུམ། བསྡོམས་པས་རྫས་དགུའོ། །བཞུགས་གནས་ཀྱང་རུ་སྦལ་གྱི་ཁོག་པའམ་ལྕགས་ཟངས་སོགས་སམ་དྲག་པོའི་ས་ལ་བཅོས་པ་འི་གྲུ་གསུམ་མཐིང་ནག་ཨེ་དགུ་བསྣོལ་བྱས་པའི་སྟེང་དུ་བམ་རོའི་གཟུགས་བྱས་པའི་སྙིང་གར་གཟུག་པ་རྒྱས་པའི་ལུགས་དང་། དགུ་བསྣོལ་དང་བམ་རོ་མེད་པའི་ཨེ་རྐྱང་གཉིས་སུ་སྔགས་འཆང་རྣམས་ཀྱིས་མཛད་ཀྱིན་སྣང་། ལས་བཞིའི་ཕུར་བུར་སྟེགས་དང་ཅོད་པན་རང་མདོག །རྩང་ཕུར་རྣམས་ཀྱི་རྩེ་མོར་ཤ་དང་ལིངྒ་གཟེར་ཞིང་ཐོད་སྐམ་གྱི་སྟེགས་ལ་བཀོད་པར་གསུངས། ཁྱད་པར་གྱི་བྱིན་རླབས་ནི་གཞན་ཏུ་ཤེས་པར་བྱའོ། །དེ་ལྟ་བུ་ཚད་དང་ལྡན་པར་བསྒྲུབས་པའི་ཕུར་བུ་དེ་དག་བཞུགས་ཚུལ་ཀྱང་། རྒྱུད་ཡེ་ཤེས་རྩེ་མོ་
ལས། །བསྒྲུབ་པ་འབད་པས་མི་བྱེད་ཀྱང་། །དབྱིབས་དང་མཐུན་པའི་སྣོད་དག་ཏུ། །གཙང་མའི་གནས་སུ་བཞུགས་ནས་ཀྱང་། །དགབ་དང་བདུག་དང་སྐོར་བ་ཡིན། །མཆོད་དང་གདུགས་ཀྱི་ཆོ་ག་བྱ། །ཞེས་གསུངས་ པ་ལྟར་དགོས ་ལ། དེའང་བཞུགས་ཁང་དྲག་པོའི་བཀོད་པ་ཕུལ་བྱུང་དང་ལྡན་པའི་སྒྲོམ་ལ་སོགས་པར། །དར་མཐིང་ནག་གིས་དགབ་ཅིང་གུ་གུལ་དང་ཚིལ་ཆེན་གྱིས་བདུགས་ལ་མཆོད་པ་དང་བཅས་ཏེ་བཞུགས་སུ་གསོལ་ལོ། །བདུན་པ་མཚོན་དོན་ནི། །རྒྱས་པ་སྨོས་སུ་མི་ལོངས་པས། །མདོར་བསྡུས་རྒྱུད་མྱང་འདས་ལས། ཁམས་གསུམ་ཡེ་ནས་ཕུར་པའི་ངང་། །སྲིད་གསུམ་ཡེ་ནས་རྣམ་དག་ཅིང་། །ཕུར་བུ་ཡེ་ནས་མྱང་འདས་ཀྱང་། །བདེན་པ་གཉིས་ཀྱི་ཆ་ལ་གདགས། །ཞེས་གསུངས་པ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་རྡོ་རྗེ་ཕུར་པར་མ་གྱུར་པ་གཅིག་ཀྱང་མ་མཆིས་པས་དོན་གྱི་ཕུར་པ་མཚོན་བྱེད་ཀུན་རྫོབ་བརྡའི་ཕུར་པ་འདིས་སྐུ་གསུམ་མཚོན་ཏེ། དེ་ལས། དབུ་ཡི་རྒྱ་མདུད་ཆོས་ཀྱི་སྐུ། །གཉིས་པ་ལོངས་སྤྱོད་རྫོགས་པ་སྟེ། །རྩེ་མོ་སྤྲུལ་པའི་སྐུ་ཡིན་ནོ། །ཞེས་དང་། །དཀྱིལ་འཁོར་ཡོངས་རྫོགས་ཀྱང་མཚོན་ཏེ། །དབུ་དང་རྩེ་ནི་ཡབ་ཡུམ་གཉིས། །རྡོ་རྗེ་གཞོན་ནུ་བཞུགས་པའི་གནས། །དོན་ལ་གཞལ་ཡས་ཁང་མཚོན་བྱའི་རྟགས། །རྒྱབ་མདུན་གཉིས་སུ་བསྟན་པ་ཡང་། །
ཐབས་དང་ཤེས་རབ་གཉིས་མེད་པའི། །དབྱིངས་དང་ཡེ་ཤེས་ཆེ་བའི་རྟགས། །རྩེ་མོ་དྲག་པོའི་ཟུར་གསུམ་ནི། །ཡེ་ཤེས་རྩེ་གཅིག་དྲག་པོར་བཤད། །ཅེས་དང་། བཤད་རྒྱུད་ལས། རྒྱ་མདུད་གོང་མ་ཧཱུྃ་མཛོད། བཅུམ་གཞོགས་བརྒྱད་ཁྲོ་བོ་བརྒྱད་ཟ་གསོད་བཅུ་དྲུག་བཅས། རྒྱ་མདུད་འོག་མ་སྟོབས་པོ་ཆེ། དེའི་ལོགས་བཞི་སྒོ་མ་བཞི་སོགས་མཚོན་ཚུལ་རྒྱས་པར་གསུངས། འཁོར་འདས་གཉིས་ཀ་རྫོགས་ཚུལ་རྒྱུད་ལས། དཔལ་ནི་ངན་སོང་འཁོར་བའི་གནས་བཅུ་རྫོགས། །རྒྱ་མདུད་འོག་མ་འདོད་ཁམས་གནས་ཀྱི་རིས། །བཅུམ་གཞོགས་སྨད་ལ་གཟུགས་ཁམས་གནས་བཅུ་བདུན། །སྟོད་ལ་གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷ། །རྒྱ་མདུད་བདེ་གཤེགས་གཞལ་ཡས་ཁང་། །དཀྱིལ་འཁོར་ཆེན་པོར་རང་བཞིན་གནས། །ཞེས་གསུངས་ལ། སོར་ཚད་རྣམས་ཀྱི་དོན་ཀྱང་། །གསང་རྒྱུད་ལས། སོར་བཞི་འབྱུང་བ་བཞི་ཡི་ཚད། །སོར་བརྒྱད་རྣམ་ཤེས་བརྒྱད་ཀྱི་ཚད། །བཅུ་གཉིས་སྐྱེ་མཆེད་བཅུ་གཉིས་ཚད། །བཅོ་བརྒྱད་ཚད་དུ་བསྟན་པ་ནི། ཁམས་ནི་བཅོ་བརྒྱད་འཇོམས་པ་ཡིན། །ཞེས་སོགས་གསུངས་པ་ལྟར་རོ། །བརྒྱད་པ་བྱེད་ལས་ནི། སྤྱིར་ཨོ་རྒྱན་ཆེན་པོས། ཕུར་པའི་ལས་ནི་མགོ་བོ་རྒྱ་མདུད་དུག་ལྔ་འཇོམས༔ སྐུ་སྟོད་ཁྲོ་བོས་ཐ་མལ་གྱིས་རྟོག་པ་འཇོམས༔ སྐུ་སྨད་ཟུར་བརྒྱད་རྣམ་ཤེས་ཚོགས་བརྒྱད་ཀྱི་རྟོག་པ་སྦྱོང་༔ ཆུ་སྲིན་ཁ་
ནས་ཟུར་དྲུག་སྦྲུལ་ཆུན་དབང་པོ་དྲུག་གིས་ལོངས་སྤྱོད་སྒྲུབ་ཅིང་ཐུགས་རྗེས་འཛིན་ཤེས་གཏོང་མི་ཤེས་ཀྱི་ལས་བྱེད། སྨད་ཟུར་གསུམ་གྱིས་དུག་གསུམ་ལས་བསྐྱེད་གདུག་པའི་དགྲ་བགེགས་སྒྲོལ་བའི་ལས་བྱེད་དོ༔ ཞེས་གསུངས་ཤིང་། ཀརྨ་ལས་རྒྱུད་ལས། ཡེ་ཤེས་ཐུགས་ཀྱི་ཕུར་པའདིས། །ཉོན་མོངས་དུག་ལྔ་རབ་རྒྱས་ཏེ། །ཞེན་པ་ཕྱིན་ཅི་ལོག་ལ་བརྟས། །གནོད་གདུག་སྡང་སེམས་ལྡན་པ་རྣམས་བསྒྲལ་ཏེ་མི་རྟོག་དོན་ལ་བཞག །ཅེས་ཕྱི་དགྲ་གདོན་བགེགས་རིགས། ནང་ཉོན་མོང་དུག་ལྔ། གསང་བ་གཟུང་འཛིན་གྱི་མཚན་རྟོག་རྣམས་བསྒྲལ་ནས་མི་རྟོག་དེ་བཞིན་ཉིད་ཡེ་ཤེས་ཁྲོ་བོ་འགྲུབ་པར་བྱེད་པ་ཕུར་པ་སྤྱིའི་ཕྱེད་ལས་དང་། བྱེ་བྲག་ཏུ། །གསང་རྒྱུད་ལས། ཙནྡན་དཀར་པོའི་ཕུར་པ་ཡིས། །ནད་རྣམས་མ་ལུས་ཞི་བར་བྱེད། །སྐྱེར་པའི་ཕུར་པ་ཟུར་བཞི་ཡིས། །ཚེ་དང་ལོངས་སྤྱོད་རྒྱས་པར་བྱེད། །སེང་ལྡེང་ཕུར་པ་ཟླ་གམ་གྱིས། །ཐམས་ཅད་དབང་དུ་སྡུད་པར་བྱེད། །བསེ་ཤིང་ཕུར་པས་རིགས་རྒྱས་བྱེད། །གསེར་གྱིས་བྱང་ཆུབ་སེམས་རྒྱས་བྱེད། །ཙནྡན་དམར་པོའི་ཕུར་པ་ཡིས། །བུ་མོ་དབང་དུ་སྡུད་པར་བྱེད། །མཛོ་མོས་བློན་པོ་དབང་དུ་སྡུད། །བསེ་ཤིང་དམར་རིགས་དབང་དུ་སྡུད། །ཟངས་ཀྱིས་རྒྱལ་པོ་དབང་དུ་སྡུད། །ཤིང་གིས་གདོན་རྣམས་དབང་དུ་སྡུད། །ཅེས་གསུངས་པ་དང་། སྐྱེར་ཕུར་གྱིས་མནན་
པའི་ལས་བྱེད་པ་སོགས་གོང་དུ་རྒྱུ་བའི་སྐབས་སུ་ལུང་དྲངས་པ་དང་། མི་བཟད་པའི་ཕུར་པ་དྲུག་གིས་ངན་སྔགས་ཀྱི་ལས་དྲུག་བྱེད་པ་སོགས་ཕུར་པའི་རྒྱུ་སོ་སོ་ལ་དེ་ལྟ་བུའི་ནུས་པའི་ས་བོན་རང་བཞིན་གྱིས་གནས་པ། སྔགས་དང་དམིགས་པའི་རྟེན་འབྲེལ་གྱི་སྟོབས་སུ་གྱུར་ཏེ་བྱ་བ་བྱེད་ལ། མཆོག་ཏུ་སྒྲུབ་པ་རྟགས་ཐོན་པའི་བསྙེན་ཕུར་གྱིས་ནི། །གདེངས་པ་ཙམ་གྱིས། །གདོན་བགེགས་འདུལ་བ་དང་། ཐོག་སེར་ཟློག་པ་དང་། ཆར་པ་དབབ་གཅོད་སོགས་པས་གང་བརྩམས་པ་ཐོགས་མེད་དུ་བྱེད་པར་གསུངས་སོ། །དགུ་པ་གདབ་པའི་ཡུལ། སྤྱིར་ཞི་བའི་ཕུར་པ་གདབ་པའི་ཡུལ་ནད་གདོན་འཇིགས་བརྒྱད། དེ་བཞིན་ཏུ། །རྒྱས་པའི་ཕུར་པ་ཚེ་བསོད་འབྱོར་དྲུག །དབང་གི་ཕུར་པ་སྲིད་གསུམ་སྐྱེ་འགྲོ། །དྲག་པོའི་ཕུར་པ་དགྲ་བགེགས་གདུག་པ་ཅན་ལ་གདབ་པར་གསུངས་ཤིང་། །བྱེ་བྲག་ཏུ་མངོན་སྤྱོད་དང་འབྲེལ་བའི་ཕུར་བུ་རྣམས་གདབ་པའི་ཡུལ་ནི། ལྷ་དང་དབྲལ་བའི་ཚེ་གནམ་གྱི་འཇུ་ཐག་བཅད་པའི་གནད་ཡིན་པས་སེང་ལྡེང་ཕུར་པ་སྤྱི་གཙུག་ཏུ་གདབ་གཟུགས་ལ་དབབ་པའི་ཚེ་སའི་རྟེན་ཕུར་ཕྱུང་བའི་གནད་ཡིན་པས་བྱ་ཕུར་རྐང་མཐིལ་དུ་གདབ། བྱད་དུ་གཞུག་པའི་ཚེ་སྐྱེ་བ་དགུ་བརྒྱུད་བཅད་པའི་གནད་ཡིན་པས་མཆོག་ཕུར་གསང་གནས་སུ་གདབ། །སྨྱོར་གཞུག་པའི་ཚེ་སྨྲ་བ་དག་གི་གནད་ཡིན་པས་ཙནྡན་ཕུར་པ་ལྕེའི་དཀྱིལ་དུ་གདབ། རྡུལ་དུ་བརླག་པའི་ཚེ་
སེམས་ཀྱི་དཔྱིས་ཕྱིན་པའི་གནད་ཡིན་པས་ལྕགས་ཕུར་སྙིང་གར་གདབ། ཞལ་དུ་བསྟབས་པའི་ཚེ་སྐྱེ་བའི་ས་བོན་གཞོམ་པའི་གནད་ཡིན་པས་སྐྱེར་ཕུར་ལྟེ་བར་གདབ། །ཚེ་ཁྲུས་ཀྱི་དགོངས་པ་བྱེད་པའི་ཚེ་ཀུན་གཞི་གནས་པའི་གནད་ཡིན་པས་སྲས་མཆོག་ཕུར་བུ་སྙིང་དཀར་ནག་མཚམས་སུ་གདབ། །གདབ་པའི་ལས་ཀྱི་སྐབས་རྒྱུད་རྣམས་ལས་འདེབས་བྱེད་ཀྱི་ཕུར་བུ་དང་གདབ་པའི་ཡུལ་མི་འདྲ་བ་མང་དུ་གསུངས་ཀྱང་། བཀའ་མའི་སྐབས་སུ། །སློབ་དཔོན་རྣམ་གསུམ་གྱི་དགོངས་འདུས་འབུམ་ནག་ལས་གསུངས་པ་འདི་གཙོ་བོར་བྱ་དགོས། ཧཱུྃ་ཀ་རའི་ཕུར་པ་མི་ཚངས་སྤྱོད་ཀྱི་གནད་ཡིན་པས་སྤྱི་བོར་གདབ། རྣམ་རྒྱལ་ཕུར་པ་མ་བྱིན་ལེན་གྱི་གནད་མིག་གཉིས་ལ་གདབ། དེ་བཞིན་དུ། དབྱུག་སྔོན་ཅན་ལོག་ལྟའི་གནད་སྣ། གཤིན་རྗེ་གཤེད་སྲོག་རྩའི་གནད་སྣ། །མི་གཡོ་བ་རྫུན་སྨྲའི་གནད་ལྕེ། །རྟ་མགྲིན་ངག་འཁྱལ་གནད་ལྕེ། འདོད་རྒྱལ་ཕྲ་མའི་གནད་གསང་བ། འཁྱིལ་བ་ཚིག་རྩུབ་གནད་དཔུང་པ་གཡོན། །སུམ་རྒྱལ་བརྣབ་སེམས་གནད་དཔུང་པ་གཡས། །སྟོབས་ཆེན་གནོད་སེམས་གནད་རྐང་མཐིལ་དུ་གདབ། །འདིར་ཕུར་པ་ཉེར་གཅིག་པའི་ཕྱོགས་ཡིན་པས་ཡུམ་དང་ཁྲ་ཐབས་མ་བཤད་པས། འདེབས་ཚེ་ཡུམ་རྣམས་ཡབ་ལྟར་དང་ཁྲ་ཐབས་རྣམས་དེའི་གཡས་གཡོན་ཏུ་གདབ། སྒོ་མ་བཞིའི་ཕུར་པའི་གདབ་པའི་ཡུལ་ལུས་ཀྱི་མཚོ་བཞི་སྟེ། དེའང་
ལྕགས་ཀྱུ་མ་གློ་སྙིང་དབུགས་ཀྱི་མཚོ། ཞགས་པ་མ་མཆིན་པ་ཁྲག་གི་མཚོ། །ལྕགས་སྒྲོག་མ་མཁལ་མ་ཤའི་མཚོ། །དྲིལ་བུ་མ་ཀླད་པ་བྱང་སེམས་ཀྱི་མཚོ་ལ་གདབ་བོ། །མི་བཟད་པའི་ཕུར་པ་དྲུག་གདབ་ཚུལ་དེང་སང་ཕྱག་ལེན་མི་མཛད་པས་མ་བྲིས། །གཏེར་མའི་ཕྱོགས་སུའང་རྒྱས་བསྡུས་དང་ཟུར་འདྲ་མིན་མང་དུ་འབྱུང་ཡང་རྩ་བའི་རྒྱུད་ཀྱི་དགོངས་པ་ཡིན་པས་ངོ་བོ་གཅིག་པ་ཁོ་ན་ཡིན་ཀྱང་། ཕྱག་ལེན་མཁན་པོ་ཕལ་ཆེར་གཞུང་དོན་ཇི་བཞིན་མ་རྟོགས་པས་རང་བཟོའི་དོན་མ་ཡིན་པར་འཕྱན་པ་སྟེ། །དེས་ན་རྒྱུད་དོན་གཟིགས་པའི་རིག་འཛིན་ཆེན་པོ་རྣམས་ཀྱི་ཕྱག་བཞེས་སུ་འབྱུང་བ་ལྟར་ན། ཧཱུྃ་མཛད་ཕུར་པ་སྒོ་ལྔའི་རྟེན་སྤྱི་བོར་གདབ། །དེ་བཞིན་ཏུ། །རྣམ་རྒྱལ་ཚེ་རྟེན་དཔྲལ་བར། གཤིན་རྗེ་གཤེད་གཏི་མུག་རྟེན་ལྟེ་བ། རྟ་མགྲིན་འདོད་ཆགས་རྟེན་མགྲིན་པར། འཁྱིལ་བ་ཀུན་གཞིའི་རྣམ་ཤེས་སྙིང་གར། །དབྱུག་སྔོན་ང་རྒྱལ་རྟེན་དཔུང་གཡོན། །མི་གཡོ་ཕྲག་དོག་རྟེན་དཔྱི་གཡོན། །འདོད་རྒྱལ་སེར་སྣའི་རྟེན་དཔྱི་གཡས། །སུམ་རྒྱལ་ཞེ་སྡང་དཔུང་གཡས། སྟོབས་ཆེན་སྐྱེ་རྒྱུའི་རྟེན་གསང་བར་ཏེ་ཁྲོ་བོ་བཅུ་རྣམ་ཤེས་ཀྱི་རྟེན་བརྒྱད་ཞར་བྱུང་གཉིས་དང་བཅས་ལ་གདབ། སྙེམས་མའི་ཕུར་བུ་སྲིད་པ་ཆགས་པའི་རྟེན་ལྟེ་བར། སྡེར་མོ་རྣམ་ཤེས་རྟེན་སྙིང་ག །དུར་ཁྲོད་དང་གཏུན་ཁུང་རྒ་ཤིའི་རྟེན་དཔུང་པ་གཡས་གཡོན། གཏུམ་མོ་དང་མདའ་སྙེམས་ཕུང་པོ་ཆགས་ཐོགས་རྟེན་དབྱི་
མིག་གཡས་གཡོན། རླུང་འབྱིན་ཉིད་མཚམས་སྦྱོར་བའི་རྟེན་གསང་གནས། གསོད་བྱེད་ཕུང་པོ་བླང་དོར་རྟེན་དཔྲལ་བར་ཏེ་ཡུམ་བརྒྱད་ལུས་ཀྱི་རྟེན་བརྒྱད་དུ་གདབ། སྒྲ་འབྱིན་དགེ་བའི་རྟོག་པ་འཇོམས་ཤིང་མཐོ་རིས་སུ་སྐྱེ་བའི་མཐའ་གཅོད་པའི་ཕྱིར་སྤྱི་བོར། །སྐྱོད་བྱེད་མི་དགེ་བའི་རྟོག་པ་འཇོམས་ཤིང་ངན་སོང་དུ་སྐྱེ་བའི་མཐའ་གཅོད་པའི་ཕྱིར་རྐང་མཐིལ་དུ་གདབ། སྒོ་མ་བཞི་ནི་ཐུགས་ཀྱི་ཉིང་ཁུ་སོགས་ལས་མཚོ་བཞིར་གདབ་པར་གསུངས་ཤིང་། །ཡང་གསང་བླ་མེད་སོགས་སུ་ཡན་ལག་བཞིར་གདབ་པར་གསུངས། སྒྲུབ་ཆེན་ལྟ་བུར་ཕུར་གདབ་རྒྱས་པའི་ཕྱོགས་ལ། །དམ་ཅན་བཅུ་གཉིས་ལྷུ་ཚིག་བཅུ་གཉིས། དབང་ཕྱུག་རྣམས་མཐིལ་བཞི་ལ་གདབ་པ་སོགས་བཤད་དོ། །གདབ་ལས་ཀྱི་བྱ་བའི་གཙོ་བོ་སྲས་མཆོག་དང་། འཁོར་གདབ་ཕུར་རྣམས་ཀྱིས་བྱེད་པ་ཡིན་ལ། བསྙེན་ཕུར་ནི་ནམ་ཡང་གདབ་ལས་ལ་འཇུག་པར་མ་ཡིན་ཏེ། རྩ་རྒྱུད་ལས། ཁྲག་འཐུང་གཙོ་བོ་ཡབ་ཡུམ་གཉིས། །ཕྲིན་ལས་ཀུན་གྱི་མཛད་པ་ནི། །གདབ་པའི་ལས་ལ་མི་འཇུག་པར། །རྒྱལ་པོ་ཆེན་པོའི་ཚུལ་དུ་གནས། ཞེས་པ་ལྟར་བདག་རྩ་བའི་ལྷ་དང་དབྱེར་མེད་དུ་ལྟ་ དགོས་པ ་ཡིན་ལ། འབུམ་ནག་ཏུའང་འདི་སྐད་དུ། རྒྱུད་ལས། གཙོ་བོའི་ཕུར་པ་བླངས་ནས་ནི། །བདག་ཉིད་སྲུང་བའི་ཚེ་ཕུར་བྱ། །ཞེས་གསུངས་པས། །
གཙོ་བོའི་ཕུར་པ་བདག་ཉིད་ཀྱི་སྲོག་ལྟ་བུ་ཡིན་པས་བྱིན་རླབས་དང་མཆོད་བསྟོད་བྱས་ཀྱིན་བཞུགས་སུ་གསོལ། ཞེས་འབྱུང་ངོ་། །གདབ་པའི་ལས་དེ་དག་ཀྱང་ཞེ་སྡང་གིས་ཀུན་ནས་བསླང་སྟེ་སྡང་བའི་ཡུལ་ལ་མཚོན་འདེབས་པ་ལྟ་བུ་མ་ཡིན་པར། ངོ་བོ་སྙིང་རྗེ། རྣམ་པ་ཞེ་སྡང་། བྱེད་པ་ཐུགས་རྗེ་དང་ཡེ་ཤེས་ཀྱི་ངོ་བོས། ཡུལ་སེམས་ཅན་དེའི་མ་རིག་པ་དང་ཉོན་མོངས་པ་ལ་བཏབ་པས། ལས་སྒྲིབ་དག་ནས་འཁོར་བའི་སྡུག་བསྔལ་ལས་སྒྲོལ་བ་སྟེ། ལས་རྒྱུད་ལས། སྙིང་རྗེས་ཟིན་པའི་ཞེ་སྡང་གིས། །ཉོན་མོངས་གནས་སུ་དག་བྱས་བསྒྲལ། །ཞེས་སོ། །བཅུ་པ་ དགོས་པ ་ནི། སྤྱིར་སྒྲུབ་ལུགས་བརྒྱད་པོ་གང་སྒྲུབ་ཀྱང་རྒྱས་བསྡུས་ཙམ་ལས་རང་རང་གི་དམ་ཚིག་གི་རྟེན་སྒྲུབ་པའི་རྫས་ཐུན་མོང་མ་ཡིན་པ་ནི་མེད་དུ་མི་རུང་བ་བཀའ་བརྒྱད་སྤྱི་བྱེ་བྲག་གི་རྒྱུད་ལུང་རྣམས་ནས་ཆེ་ཐང་དུ་གསུངས་ལ། བྱེ་བྲག་མྱང་འདས་ལས། རྟོགས་པའི་དོན་ལ་གཉིས་མེད་ཀྱང་། །མ་རྟོགས་བསྒྲལ་བའི་དོན་ཆེད་དུ། །བཀའ་ལས་བྱུང་བའི་རྒྱུ་དག་ལ། །ཚུལ་དང་ལྡན་ཞིང་ལེགས་པར་བྱ། །རང་དགར་བྱས་ན་བཀའ་ལས་ཉམས། །རྙེད་བཙན་བྱས་ན་བྱིན་རླབས་ཆུང་། །ངན་དགུར་ཤོམ་ན་རྟོག་པར་འགྱུར། །ཚོགས་པར་གསོག་ན་གཞུང་དང་མཐུན། །བཀའ་བཞིན་བྱས་ན་བྱིན་རླབས་ཆེ། །ཞེས་དང་། གསང་རྒྱུད་ལས། བཤད་པའི་དམ་རྫས་མི་འཆང་བ། །འདི་ཡང་དམ་
ཚིག་ཉམས་པ་ཡིན། །ཞེས་དམ་ཚིག་ཉམས་པའི་རྒྱུ་བཞིའི་ཡ་གྱལ་གཅིག་དམ་ཚིག་གི་རྫས་མི་འཆང་བ་ལ་གསུངས་པ་སོགས་ཀྱིས་ནུས་ པ་དང་སྦྱར་ནས་ཇི་ཙམ་འཚོགས་པར་བྱ་དགོས ་ལ། ཆག་ཚད་རབ་གནས་བྱིན་རླབས་དང་ལྡན་པའི་ཕུར་པ་དེ་ཉིད་བཞུགས་པའི་ས་ཕྱོགས་ཀྱང་མཆོད་རྟེན་གྱི་རང་བཞིན་ཏུ་འགྱུར་ཏེ། ཡེ་ཤེས་རྩེ་མོའི་རྒྱུད་ལས། བསྐལ་པ་ཇི་སྲིད་སྟོངས་ན་ཡང་། །ས་དང་ནམ་མཁའ་ཕྱོགས་ཀུན་ཀྱང་། །མཆོད་རྟེན་ཆེན་པོ་ཁོ་ནར་ངེས། །འདི་ལ་རྣམ་པར་དཔྱད་མི་དགོས། །གང་གིས་བསྒྲུབ་པ་མ་སོང་ཡང་། །དེ་ལ་འབད་ པ་མི་དགོས ་པར། །འབྲས་བུ་གྱ་ནོམས་ཕུན་སུམ་ཚོགས། །ཞེས་དང་། བཤད་རྒྱུད་ལས། །སེར་བ་གཅོད་ཅིང་འབེབས་པ་དང་། །ཆར་པ་བཅད་འབེབས་ལས་རྣམས་ཀུན། །ཕུར་པ་འདི་ཡིས་འགྲུབ་པར་འགྱུར། །སྲོག་ཆགས་འབྲུ་ལ་གནོད་པ་ཡང་། །ཕུར་པ་འདི་ཡིས་གནོད་པ་འཇོམས། །ནད་དང་གདོན་གྱིས་གནོད་པ་ཡང་། །ཕུར་པ་འདི་ཡིས་སྲུང་བར་བྱེད། །ཚེ་ཐུང་བ་ཡང་ཚེ་རིང་འགྱུར། །མེ་སྟག་སེངྒེའི་འཇིགས་པ་དང་། །སྦྲུལ་གདུག་གླང་ཆེན་སྨྱོན་པ་དང་། །དྲེད་མོ་མེ་དང་ཆུར་བཅས་རྣམས། །ཕུར་པ་འདི་ཡིས་འཇིགས་པ་སེལ། །མཛེ་ཡི་ནད་འཇོམས་ཀླུ་དུག་སེལ། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་དང་། དེའང་ཆག་ཚད་ལྡན་པས་རྟགས་མྱུར་རོ། །ཞེས་པས་ཕུར་པ་ཚད་དང་ལྡན་པ་
ལ་འདིས་མཚོན་ཏེ་ དགོས་པ ་དང་ཕན་ཡོན་ཚད་མེད་པར་གསུངས་སོ། །གསུམ་པ་མཆོད་པ་དང་ཚོགས་ཀྱི་ཡོ་བྱད་ནི། །མཆོད་པ་ལ་ཕྱི་ནང་གསང་བའི་དབྱེ་བས་རིགས་མང་ཡང་སྐབས་འདིར་མེད་དུ་མི་རུང་བ་མཆོད་པའི་གཙོ་བོ་ནི་སྨན་རཀ་གཏོར་གསུམ་ཡིན་ཏེ། དེ་ལ་གཏོར་མའི་རྣམ་བཞག་དང་ཕྱག་ལེན་རྒྱས་ པ་ནི་གཞན་ཏུ་ཤེས་དགོས ་ལ། འདིར་སྒྲུབ་གཏོར། མཆོད་གཏོར། རྒྱུན་གཏོར། ལས་གཏོར་བཞི་ལས། སྒྲུབ་གཏོར་ནི་འབུམ་ནག་ལས། མིའི་རྗེ་ངར་བརླ་དང་བཅས་པའི་རྐང་མཐིལ་གྱེན་བསྟན་གྱི་ཁྲིའུའི་ཁར། མིའི་རྩིབས་ཁོག་གམ། །ལྕེ་སྦྱང་གི་ཁོག་པར་ཤ་ཁྲག་སྙིང་སྣ་ལས་བྱས་པའི་དཔལ་ཆེན་པོའི་གཏོར་མ་ཚིལ་ཆེན་གྱི་སྤྲིན་ཁེབས་དང་རྨ་བྱའི་གདུགས་ཕུབ་པའི་གཡས་སུ་གཏར་གཏོར། །རྒྱབ་ཏུ་མཆོད་གཏོར་གསུམ་བཞག་པར་བཤད་ཀྱང་། ད་ལྟའི་ཕྱག་ལེན་ལྟར་ན། ཕོ་ཐོད་མཚན་ལྡན་ཏུ་དཔལ་གཏོར་ཆེ་བ་གཅིག་ལ་རང་འདྲ་བཅུས་བསྐོར་བའི་རྩེར་སྐུ་རྟེན་བཙུགས་ཤིང་དར་ནག་གི་གུར་ཕུབ། མན་ངག་ཏུ་མཆོག་དང་ལས་སྒྲུབ་དབྱེ་བས་མཐིང་ཤོག་ལ་གསེར་བྲིས་སམ། རོ་རས་ལ་གྲི་ཁྲག་ལྟ་བུས། རྩ་སྔགས་མཐར། དཔལ་ཆེན་པོ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བདག་སྒྲུབ་པ་པོའི་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་འབྱོར་བ་དང་ཚེ་འདི་ཉིད་ལ་མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་ཐོབ་པར་མཛད་དུ་གསོལ། །ཞེས་བྲིས་པ་ཤ་ལྔ་བདུད་
བདུད་རྩི་ལྔ་དང་དར་མཐིང་གིས་ཐུམ་ལྟ་བུ་མཆོག་ལས་དབྱེ་བས་གཞུག་སྟེ་དཀྱིལ་འཁོར་དབུས་སུ་མཉྫུ་སོགས་ལ་བཀོད་པ་ནི་སྙིང་པོའི་གཏའ་གཏོར་ཞེས་ལྡར་བསྐྱེད་ན་ཇི་སྲིད་པར་མི་གཤེགས་པ་དང་། ལས་དེ་འགྲུབ་ཀྱི་བར་གཏར་བཟུང་ནས་ལས་གྲུབ་དུས་གཏོང་བའི་གཏལ་གཏོར་ཙམ་བོ་སྟེ་དབྱེ་བ་གཉིས་ཡོད། །འདི་ལ་ཆོས་གླིང་གཏེར་མ་ཐུགས་ཀྱི་ཐིག་ལེའི་ལུགས་སོགས་ལ་འཁོར་ལོ་རྩིབས་བཅུའི་གདན་བྱེད་པ་དང་། ས་ལུགས་འཁོར་བཞི་ལས་མེད་ པ་སོགས་བཀའ་གཏེར་སོ་སོའི་ཕྱག་རྒྱུན་ལྟར་དགོས ་ལ། །དབྱིབས་དེ་དང་འདྲ་བ་ལ་འཁོར་གྱི་ཚབ་ཏུ་ཐེབས་ཀྱུ་ཡོད་མེད་གང་རུང་དང་སྐུ་རྟེན་ནང་གཞུག་སོགས་མེད་པ་ནི་མཆོད་གཏོར་གསུམ་གྱི་ཡ་གྱལ་དེ་ཡིན་ལ། རྒྱུན་གཏོར་ནི་ཉིན་བཞིན་བཏང་ དགོས་པའི་རིགས་དང་། ལས་བཅོལ་བའི་གཏོར་མ་ནི་ཟློག་པ ་དང་ཟོར་གྱི་གཏོར་མ་དང་། གློ་བུར་ངེས་མེད་དུ་གཏོང་བ་རྣམས་སོ། །འདིའང་གནས་གཅིག་ཏུ་རྩེ་གཅིག་སྒྲུབ་པའི་དབང་དུ་བྱས་ཀྱི། གསང་སྔགས་རྙིང་མའི་ཁྱད་ཆོས་གཏོར་མ་ལ་ཤེས་པ་གསུམ་མམ་དྲུག་ལྡན་ཞེས་གཏོར་མ་གཅིག་ལ་སྒྲུབ་དུས་ལྷར་ཤེས་པ། མཆོད་དུས་རྫས་སུ་ཤེས་པ་གྲུབ་ནས་དངོས་གྲུབ་ཏུ་ཤེས་པ་སྟེ་ནོར་བུ་གཅིག་ཉིད་དར་གྱི་མདོག་མང་པོར་སྣང་བ་ལྟར་བསམ་པའི་རང་གཟུགས་སུ་སྣ་ཚོགས་སུ་འགྱུར་བས་སྒྲུབ་མཆོད་གཏོར་ཟློག་སོགས་ཞག་དུས་ཀྱི་གྲངས་བཅད་ཅན་རྣམས་ལ་མཆོད་སྒྲུབ་
གཏོར་མ་གཅིག་ཁོ་ནས་འཐུས་པར་མཛད་དོ། །དེ་ལ་གཡས་དཀར་གཡོན་དམར་དབུས་མཐིང་གསུམ་གྱིས་རིམ་བཞིན་སྨན་རཀ་གཏོར་མ་བྱིན་གྱིས་བརླབས་པས་གཡས་གཡོན་དབུས་གསུམ་དུ་བཤམ། གཙང་ཕུད་ལ་རྩ་བརྒྱད་སྟོང་སྦྱར་བཏབ་པའི་བདུད་རྩི་མ་ནིང་ཐོད་པར་བཤམ། འབྲུ་སྣ་ལ་དབའ་ཟན་དྲུག་དང་བཅས་བའི་གཏོར་མ་ཕོ་ཐོད་དུ་བཤམ། རཀྟ་སོ་ལྔའམ་མ་རྙེད་ན་སིནྡྷུར་བཏབ་པའི་ཁྲག་གཙང་མ་མོ་ཐོད་དུ་བཤམ་ དགོས་ཤིང་། ཁྲག་གི་མཆོད་ཡོན་ལ་སོགས་པ ་ནི་སྤྱི་ལྟར་རོ། །གཞན་ཡང་། རྒྱུད་ལས། སྤྱང་ཁུ་འཕར་བ་ཝ་དང་ཁྱི། །ཤྭ་ན་མ་ཡི་རྫས་སུ་བཞག །མར་ཁུ་ཞག་དང་འོ་མ་ཁྲག །བསེ་མོ་བཞི་ཡི་རྫས་སུ་བཞག །མདའ་དར་སྟག་རས་གཟིག་རས་རྣམས། །སྐྱེས་བུ་གིང་གི་རྫས་སུ་བཞག །ལུག་ནག་བྱ་ནག་རྟ་ནག་ནལ་བུའི་ཤ །རེ་མ་ཏིའི་རྫས་སུ་བཞག །དབལ་ཆེན་རྗེ་ཡི་འགྱིང་གཏོར་གཅིག །དབུས་སུ་ཁྲིའུའི་སྟེང་དུ་བཞག །ཛ་གད་རཀྟས་མཐའ་ནས་བསྐོར། །ཞེས་གསུངས་པ་ལྟར་ཤྭ་ནའི་རྫས་ཤར་ལྷོ། །བསེ་མོ་ལྷོ་ནུབ། གིང་ནུབ་བྱང་། རེ་བ་ཏི་བྱང་ཤར་དུ་བཞག་སྟེ་རྫས་ཡོད་ན་དམ་ཅན་རང་ཤུགས་སུ་འདུ་ཞིང་རང་བབ་ཏུ་ལས་བྱེད་དོ། །ཚོགས་ཀྱི་ཡོ་བྱད་ནི། རྒྱུད་མྱང་འདས་ལས། ཛ་གད་ཚེ་དང་ཚིམས་བྱེད་གསུམ། །ཀུན་ཏུ་རྒྱུ་དང་གལ་ཕྱི་ལྔ། ཀ་ཏ་རི་ལ་ཟླ་ཚེས་བདུན། །ཟླ་ཁྲོམ་ཟླ་རྒྱས་མངར་གསུམ་རྫས། །
བསྒྲུབ་པ་ཚོགས་ཀྱི་རྫས་སུ་བསགས། ཞེས་པ་ལྟར་འདུ་བྱའོ། །བཞི་པ་བྱུག་བདུག་བརྡེག་གསུམ་ནི། རྒྱུད་ལས། ཁྲོས་པའི་རྒྱལ་པོ་བསྐུལ་བའི་ཕྱིར། །ཉུངས་ནག་བྱིན་བརླབས་ཁྲོ་ཆུང་བསྐྱེད། །ཕུར་པ་དར་རྣམས་བསྐྱེད་པའི་ཕྱིར། །ལྕེ་སོག་ནག་པོའི་དུ་བས་བདུག །གདུག་པ་བརླག་པར་བྱ་བའི་ཕྱིར། །ར་ཁྱི་ཕག་པའི་ཁྲག་གིས་བྱུག །ཅེས་གསུངས་པ་ལྟར་ཡུངས་ཀར་ནག །གུ་གུལ་ནག་པོ། །ར་ཁྱི་ཕག་གསུམ་ཁྲག་བཅས་ཐོད་པའམ་ཟངས་ལྕགས་ཀྱི་སྣོད་དུ་ཉེ་བར་བསྡོགས་ལ་ཕུར་བུ་བྱིན་གྱིས་རློབ་པའི་ཚེ་བྱུག་བདུག་བྲབ་གསུམ་བྱའོ། །ལྔ་པ་རྔ་དང་དུར་ཁྲོད་ཀྱི་རྫས་ལས། རྔའི་མཚན་ཉིད་དབྱེ་བ་སོགས་ནི་རྒྱས་པར་མ་སྨོས་ལ། མདོར་བསྡུས་ཐོད་པའི་རྡེའུ་ཆུང་དང་། སིང་ལྡིང་སོགས་དྲག་པོའི་ཤིང་ལས་བཟོས་ཤིང་། ཞིང་ཆེན་སོགས་ཀྱིས་གཡོགས་ནས་ནད་ངོས་སུ་སྙིང་པོ་དང་འབོད་བསྐུལ་གྱི་སྔགས་བྲིས་པའི་རྔ་ཆེན་དང་དུར་ཁྲོད་ཀྱི་ཡོ་བྱད། དངོས་སམ་གཟུགས་བརྙན་ཏུ་བཅོས་པའི་ཞིང་ཆེན་གྱི་བླ་བྲེ། ཞིང་ཆུང་གི་ཟ་ར་ཚགས། །ཙིཏྟའི་ཕོད་ཏོང་། །བྷནྡྷ་སྐམ་རློན་གྱི་ཚར་ཚར། རྒྱུ་རློན་བརྒྱངས་པའི་དྲ་ཕྱེད། ཀེང་རུས་དང་སྟག་གཟིག་གི་རྒྱལ་མཚན་ནང་ཁྲོལ་གྱི་འཕྱང་འཕྲུལ། །སྦྲུལ་ནག་གི་ཆུན་པོ། །མི་ལྤགས་དང་དར་ནག་གི་གཡབ་མོ། །ཤ་རུས་ཐང་མར་
བརྡལ་བར་བྱས་ཏེ། དེ་རྣམས་ལ་ དགོས་པ ་ཅི་ཡོད་ན་ཧེ་རུ་ཀའི་ཕོ་བྲང་དུར་ཁྲོད་ཀྱི་གཞལ་ཡས་ཁང་དུ་མཐོང་ནས་མ་མོ་མཁའ་འགྲོ་རང་བཞིན་གྱིས་འདུ་ཞིང་། ལོག་འདྲེན་འབྱུང་པོས་ཉེ་མི་ནུས་ལ། རྣལ་འབྱོར་པ་ལ་ཏིང་ངེ་འཛིན་སྒྲུབ་པའི་རྐྱེན་བྱེད་པ་དང་། མྱང་འདས་ཀྱི་རྒྱུད་ལས། བཀའ་བཞིན་བསྒྲུབས་ལ་གཞུང་བཞིན་བྱ། །གཞུང་ལས་འབྱུང་བ་དེ་བྱས་ན། །རབ་ཀྱིས་ཟླ་བ་གཅིག་གིས་འགྲུབ། །འབྲིང་གིས་ལོ་གཅིག་བར་གྱིས་འགྲུབ། །ཐ་མས་ལོ་གསུམ་ཚུན་ཆད་ཀྱིས། །གདོན་མི་ཟ་བར་འགྲུབ་པར་བཤད། །ཅེས་གསུངས་སོ། །དྲུག་པ་ལིངྒ་འབྲུབ་ཁུང་སོགས་ལས་ཐོག་མར། འབྲུབ་ཁུང་ནི། ཕུད་ཤུལ་གཡུལ་འཐབ་རོ་བསྲེག་གྲོག་མཁར་དམར་པོ་འདྲེ་འདུལ་རེ་ལྕག་པའི་ས་རྣམས་དང་། །དུག་ཁྲག་བོང་གཅིན་རྣམས་སྦྱར་ཏེ་ཕྲིན་ལས་རྣམ་བཞི་རྫོགས་པའི་ཚུལ་ལམ། རྒྱུད་འཇིག་རྟེན་སྣང་བྱེད་ལས། ཧོམ་ཁུང་འབྲུབ་ཁུང་ཁ་ཁྱེར་གསུམ་དང་ལྡན། ཁ་ལ་ཐོད་བ་ཚར་གསུམ་བཏང་། །བང་རིམ་ལ་ནི་རྡོ་རྗེ་སྟེ། ཕྱི་རོལ་མེ་རི་ཡང་དག་བཏང་། །ནང་དུ་འཁོར་ལོ་རྩིབས་བརྒྱད་ནི། །མུ་ཁྱུད་རྡོ་རྗེའི་རྭ་བར་ལྡན། །ལྟེ་བ་ལ་ནི་རཾ་དང་ཡཾ། །ཞེས་པ་ལྟར་རམ། །ཡང་ན་གྲུ་གསུམ་རྒྱ་དཔང་ཁྲུ་གང་བ། ཁ་ཁྱེར་སོར་བཞིའི་ཕྱེད་ཕྱིར་འཕྱངས་པའི་ཟུར་གསུམ་དུ་ཁྲོ་ཞལ། ལོགས་གསུམ་དུ་མདའ་གཞུས་མཚན་པ། ཁ་ཁྱེར་ལ་རྩང་དམར་སྲིན་མོ་
འགྲོས་སུ་བཙུག་ཅིང་། རྨེང་་གི་བང་རིམ་ལ་མཚོན་ཆ་ལྔས་བསྐོར། རོ་གཡམ་གྲུ་གསུམ་རྒྱ་གྲམ་བྲིས་པས་ཁ་གཅོད་བྱའོ། །རཱུ་བ་བཅའ་བ་ནི། རྒྱུད་ལས། ལིངྒ་དང་ནི་ཉ་བོ་གཉིས། །དམིགས་པ་གཅིག་སྟེ་རྒྱུ་མི་གཅིག །ལིངྒ་ཉ་བོའི་སྙིང་གར་གཞུག །ཅེས་པས་ཐོག་མར་ཉ་བོ་བཅའ་སྟེ། རྒྱུད་ལས་བཤད་པའི་རྒྱུ་དྲུག་ཕར་རྐན་ཚུར་རྐན་མི་བསྐྱོད་ཤུལ་ཏེ་ས་གཉིས། །གངས་ཀྱི་དུམ་བུ་རྣམ་སྣང་ཤུན་རས་ཏེ་དྲི་མ་གསུམ། དཔག་བསམ་གྱི་ལོ་མ་བཅས་གྲོག་མཁར་དང་ཕུང་ཤུལ་གྱི་ས་ལ་བསྲེས་ཏེ་རཱུ་པ་སྐྱེ་མཆེད་དོང་པའི་གནས་གང་འདོད་དུ། །དུག་ཁྲག་ཚད་ནད་གྲིར་བསད་པའི་ལས་དང་སྦྱར་ལ་དུག་ཁྲག་དྲོད་སྨན་གྲི་ཁྲག་བསྣན། བགེགས་ལ་བྱེད་ན། རི་རུལ་གྲོག་པོ་ཕུག་རྡུག་ལྷ་ཁང་དང་མཆོད་རྟེན་རྙིང་པ་འདྲེ་འཚུབས་པ་རྣམས་ཀྱི་སའམ། བགེགས་གང་ཡིན་དེའི་རྟེན་གྱི་ས་བོང་བུའི་གཅིན་གྱིས་སྦྲུས་ལ་རྐང་པ་ཕྱིར་བསྟན་པའི་གཟུགས་སམ། རྨི་ལམ་དུ་གང་གནོད་ཀྱི་གཟུགས་ལ་སོགས་པ་བྱ། དེའི་སྙིང་གང་ལིངྒ་བཅའ་སྟེ། དེ་ལ་གཉིས། །སྲོག་ལ་འཁོར་ལོ་བསྐོར་བ་དང་། སྲོག་ལ་ལིངྒ་བཅའ་བའི་ལུགས་སོ། །གཉིས་ཀའང་། འབྲི་མཁན་གིང་གི་ཏིང་ངེ་འཛིན་ཏུ་ཞུགས་ལ་ཤ་ཆེ་ན་ཁྲག་ཆེན་མུར། སྐྲ་སྤྱི་བོར་བཅིངས། ལག་གཡས་དཔུང་པ་མན་ཆད་ཁྲག་ཆེན་གྱིས་བྱུགས་ལ། བྲི་གཞི་ཕོ་མོ་གང་ཕྱེད་སོ་སོར་གྲིར་ཤིའི་བགས་
པའམ་རོ་རས་དེ་ཡི་སྙིང་ཁྲག་གི་སྣག་ཚ་མཆོག་ཕུར་གྱི་སྨྱུ་གུའམ། སྤྱི་ལ་དུག་ཤོག་ལ་དུག་ཁྲག་སྦྱར་བས་དུག་ཤིང་ཚེར་མ་ཅན་ནམ་མི་གསོད་པའི་མདས་སྨྱུ་གུ་བྱས་ཏེ། རྒྱལ་པོ་ལ་རྐྱང་ཁྲུ་གང་། བནྡེ་ལ་བསྐུམ་ཁྲུ་གང་། སྐྱེས་པ་ལ་མཐོ་གང་། བུད་མེད་ལ་མཛུབ་གང་། བྱིས་པར་མོར་བཞི། བགེགས་ལ་ཆག་གང་བའི་རང་གཟུགས་རིང་ཅིང་སྐྱེ་མཆེད་དོད་པ་བསོད་ནམས་དང་མཐུན་པའི་ཚད་ཅན་དུ་བྲི། དངོས་གཞི་གཏེར་ཁ་རྣམས་ནས་མི་འདྲ་བ་སོ་སོར་བཤད་ཀྱང་སྤྱི་ཙམ་དུ་འབུམ་ནག་གི་དངོས་བསྟན་ལྟར་ན། །དགྲ་སྲོག་སྤུ་གྲིའི་འཁོར་ལོ་ནི། །མུ་ཁྱུད་བཞི་པའི་ལྟེ་བ་ཤིན་ཏུ་ཡངས་བར་འཁོར་ལོ་རྩིབས་དྲུག་པར་ལག་གཉིས་མགོ་བོ་བཅས་རྩིབས་གསུམ་ལ་གཟུད། རྐང་གཉིས་གསང་བརྩིབས་གསུམ་ལ་གཟུད། ཐམས་ཅད་འདུས་པའི་སྔགས་སྤྱི་བོར་བྱི། ཧ་ས་དཔྲལ་བར། ཛྭ་ལ་ལྕེ། ཤི་ཏྲིན་ལག །ཨཱ་བེ་ལྟེ་བར། བི་ད་ཡ་འདོམས། ཏ་ཐཱ་བརླར། ཀ་ཏཾ་སྙིང་གར། མཱ་རཱ་སེ་ན་རྐང་པའི་བར། ཨ་ཛི་ཏེ་མཁལ་མ་གཡས་གཡོན། ཡན་ལག་སྙིང་ལག་ཐམས་ཅད་ལ་ཛྭ་ལ། མུ་ཁྱུད་ནང་མ་ལ་འབྲུ་དགུ། ཕྱི་མ་ལ་ཁྲོ་བཅུ། དེ་རྒྱབ་མ་བདུད་དམོད་མོ། དེ་རྒྱབ་ཨོཾ་ལཾ་ཧཱུྃ་ལྃ་གྱིས་བསྐོར། སྲོག་ལ་ལིངྒ་བཅའ་བ་ནི། གཟུགས་ཀྱི་དཔྲལ་བར་རུས། མགྲིན་པའམ་སྙིང་གར་མིང་དང་ནྀྲ་ཏྲི། བརླ་ལ་བླ་དྭགས། འདོམས་སུ་ཚ་བྲི། མཐིལ་བཞིར་ཛཿཧཱུྃ་བཾ་ཧོཿ ལྷ་དང་དབྲལ་བ་དབུལ་བར། །
གཟུགས་ལ་དབབ་པ་ལྟེ་བ། བྱད་དུ་གཞུག་བ་རྗེ་ངར་དང་ལག་ངར། སྨྱོ་རུ་གཞུག་པ་ལྕེ། རྡུལ་དུ་བརླག་པ་སྤྱི་བོ། །བསྟབ་པ་འདོམས་ཏེ་ངན་སྔགས་ཀྱི་རྒྱལ་པོ་དྲུག་དང་། མཐར་ཨོཾ་ལྃ་ཧཱུྃ་ལྃ་དང་། དེ་རྒྱབ་ཁྲོ་བཅུ། དེ་རྒྱབ་དམ་ཅན་སྡེ་བཞིའི་སྔགས་ཀྱིས་བསྐོར། ཡང་ན་གདོན་སྙིང་གར་གཞུག་པའི་ཕྱིར་དམ་ཅན་སྔགས་དང་མིང་སྤེལ་སྙིང་གར་བྱ། ཀི་ལ་ཡ་བཅུ་གཉིས་སྤྱི་བོ་ནས་སྐྱེས་པ་ལ་གཡས་དང་བུད་མེད་ལ་གཡོན་བསྐོར་དུ་བྱ་བར་བཤད་པས་ལུགས་གཉིས་ལྟོ་སྦྱར་ན་མན་ངག་ཏུ་འགྱུར་བ་འདྲའོ། །འབྲི་མཁན་གྱི་ཁ་རླངས་མི་བཏང་། ལག་རྗེན་གྱི་མི་འཇུ། སྣག་ཚ་སོགས་གསར་དུ་སྦྱར། ཕར་ཐེབས་ཚུར་ལ་མི་ལྡོག་པའི་གནད་གསུམ་སོགས་དྲག་སྔགས་སྤྱི་སྡོམ་གྱི་གནད་དང་། ལིང་ཁྲུས་རྒྱས་བསྡུས་གང་རུང་ཡིད་ཆེས་པ་གྲུབ་ནས། ལིངྒའི་ནྲྀྀ་མིག་ནས་དྲངས་པའམ་རྐེ་ལ་ཚོན་སྐུད་དཀར་དམར་ནག་གསུམ་བཏགས་ལ་ཤི་ལྟེ་བས་སོར་ལྟེབས་སྐབས་སྦྱར་བྱས་ལ་ཉ་བོའི་སྙིང་གར་གཞུག །བསྙེན་དུས་གན་རྒྱལ་མགོ་ཕྱིར་བསྟན། སྒྲུབ་དུས་ཁ་སྦུབ་ཚུར་བསྟན་པའི་ཚོན་སྐུད་སྣེ་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་ཕུར་ཕར་འདོགས། །དེའང་ལྷོ་ནུབ་སྲིན་པོ་གནས་པའི་སར་འབྲུབ་ཁུང་བཅའ། ཤར་ལྷོ་མེ་ལྷའི་སར་བསྲེག་རྫས་བཞག་ལ་ཧོམ་སྤར། ནུབ་བྱང་དུ་རླུང་ལྷའི་སར་དབྱེ་བའི་ལས་འཕང་བ་ཟོར་གྱི་བཅའ་ཀ་གསག །བྱང་ཤར་འབྱུང་པོའི་སར་བསྒྲལ་ལས་བྱ་བ་རྒྱུད་ལས་གསུངས། འབུམ་ནག་ལས། བསྲེག་རྫས་
ཤར་ལྷོ། མནན་རྫས་ལྷོ་ནུབ། ནོར་རྫས་ནུབ་བྱང་། ཐུན་རྫས་བྱང་ཤར་དུ་བཞག་པར་བཤད་དོ། །གབ་པའི་སྔགས་དྲུག་གི་རྫས་ནི། རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། རྫས་ནི་རྣམ་པ་དྲུག་ཡིན་ཏེ། །གུ་གུལ་ཚིལ་ཆེན་དྲི་ཆེན་གསུམ། །རྐང་དྲེག་གུ་གུལ་ར་ཡི་གཞོབ། །ལྷ་དང་ཕྲལ་བའི་རྫས་ཡིན་ནོ། །དབབ་ལ་ཉུངས་ཀར་རྒྱལ་པོ་དང་། །སྨད་དཀྲིས་རཀྟ་ཚང་བ་ཡིན། །ཚོན་སྣ་ལྔ་ཡིས་བྱང་དུ་གཞུག །སྨྱོ་བ་དུག་གི་ཆུ་ཡིན་ནོ། །རྡོ་རྗེ་ཐོ་བས་རྡུལ་དུ་བརླག །བསྟབ་པ་མེ་ཡི་དཀྱིལ་འཁོར་རོ། །ཞེས་གསུངས་ཤིང་། འབུམ་ནག་སོགས་ལས། དབྱེ་བའི་རྫས་གུ་གུལ་ནག་པོ། དམེ་ཡུག་མཛེ་བོ་སོགས་ཀྱི་ལྷམ་འབོག །ཡུག་སའི་ཞབས་མ། ཁྱི་ལུད་ཚིལ་ཆེན། །རྟ་བོང་གི་ལུད་རྣམས་དང་། གཏེར་མ་སོགས་ཕལ་ཆེར་ལས་བྱ་རོག་དང་འུག་པའི་དང་རུས་ཀྱང་བཤད་དོ། །འབེབ་པའི་རྫས། ཡུངས་ཀར་ནག །འཚེ། ཡུག་སའི་དོར་རྟ། བཅིང་བའི་རྫས་ཚོན་སྐུད་སྣ་ལྔ་དང་ཡུག་སའི་སྐྲ་སྐུད། སྨྱོ་བའི་རྫས་གླང་ཆེན་སྨྱོན་པ་སྟེ་ཐང་ཁྲོམ་ལྡེ་དགུ་དང་རློན་། ཐུན་རྣམས། རླག་པའི་རྫས་མིའི་རྗེ་དར་ཆུ་བ་རང་འཁྲུངས་རྡོ་རྗེའི་ཐོ་བར་བཤད་པ་ལྟར་རམ། གྲུ་སོག་ཐོ་བ་དང་དཔྱི་མིག་གཏུན་ཁུང་སྟེ་དེ་ལ་རབ་མི། ཐ་མ་དུད་འགྲོ་ལྟ་བུ་ལས་བྱུང་བ་དང་། བསྟབ་བའི་རྫས་ཚོགས་རྫས་དང་ལིང་རོ་ཧོཾ་གཟར་དུ་བཏེགས་པ་དང་། རོང་ལུགས་པས་སྐྱེར་པའི་ཧོམ་གྲུ་གསུམ་ཡང་བཤད་ཅིང་། དེ་དག་སོ་སོའི་ཕུར་བུ་ནི་
གོང་དུ་སྨོས་པ་ཉིད་དོ། །རྒྱུན་གྱི་རིམ་འགྲོ་ལྟ་བུར་ནི་དེ་ཙམ་མ་ཚོགས་ཀྱང་རུང་སྟེ། གབ་པ་འཁོར་ལོའི་རྒྱུད་ལས། དབྲལ་ལ་འདྲེ་གསོད་ཤིས་པར་བཤད། །དབབ་པ་ལ་ནི་ཉུངས་ཀར་རྒྱལ། །བཅིངས་ལ་ཚོན་སྣ་ལྔ་ཡིས་སོ། །སྨ་ལ་དུག་ཉིད་ཤིས་པར་བཤད། །རྡུལ་དུ་བརླག་ན་ཕྱག་མཚན་ནོ། །བསྟབ་ལ་ཧོཾ་གཟར་ཤིས་པར་བཤད། །ཅེས་གསུངས་པ་ལྟར་རོ། །སྐམ་ཐུན། ཡུངས་ཀར་ནག་ཏིལ་ཏེ་འབྲུ་གསུམ། སྐེ་ཚེ་ཤང་ཚེ་བྲག་ཚེ་སྟེ་ཚེ་གསུམ། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་སྟེ་ཕྱེ་གསུམ་རྣམས་དང་། རློན་ཐུན་བཙན་དུག་རྡ་དུ་ར་ལྒ་པི་ཕོ་གསུམ་སྔོ་ཚ་བ་གསུམ། །བཙན་དུག །ར་དུག །སྤྱང་དུག་རྣམས་བུད་མེད་ཀྱི་མངལ་ཁྲག་རིམས་ཀྱིས་ཤི་བའི་ཁྲག །བམ་གྱི་སྙིང་ཁྲག །མི་རྟའི་ཁྲག་སྣ་གཞན་དང་བཅས་བོང་དྲེལ་གྱི་སྦང་ཁུས་སྦོལ་ཏེ་རྭའམ་བསེ་ལྕགས་ཐོད་ངན་གྱི་སྣོད་དུ་བླུགས། གཞན་ཡང་གྲི་ལྕགས་ཀྱི་སྒྲོལ་གྱི་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུ་ལ་སོགས་པ་ཚགས་སུ་ཚུད་པར་བྱ། མནན་སྲེག་འཕང་གསུམ་རྫས་ཁྱད་པར་བ་མང་ཡང་འདིར་རྩ་བའི་སྒྲུབ་རྫས་གལ་པོ་ཆེའི་རིགས་ལས་རྒྱ་ཆེར་སྤྲོ་པ་མ་ལྕོགས་ལ། སྤྱི་བསྡོམས་སུ་མ་གསུངས་ཀྱང་འཛོམ་ན་གལ་ཆེ་བསྒྲུབ་པའི་གྲོགས་ཁྱིམ་པ་ཡིན་ན་རྡོ་རྗེ་རིགས་ཀྱི་མཚན་མ་དང་ཁྱད་པར་གྱི་རྟགས་རྫོགས་པའི་རིག་མ་དང་། །ཁྱིམ་པ་རབ་བྱུང་གཉིས་ཀའི་སྒྲུབ་པའི་གྲོགས། རྒྱུད་འཇིག་རྟེན་སྣང་ཕྱེད་ལས། སྒྲུབ་པའི་གྲོགས་པོ་བཙལ་བ་
ནི། །མགོ་བོ་རྒྱ་མདུད་འདུག་པ་ལ། སྐྲ་ནི་ཁམ་པ་བཙལ་བར་བུ། །རོ་སྟོད་ཟུར་བརྒྱད་འདུག་པ་ལ། །རོ་སྨད་ཟུར་གསུམ་འདུག་པ་བཙལ། །ཅེས་གསུངས་པའི་མཚན་ཉིད་དང་ལྡན་པ་རྙེད་ན་ལས་འགྲུབ་པའི་ཁྱད་པར་ཆེ་ཞིང་། དུས་སོགས་ལའང་དེ་དང་མཚུངས་པས་རྡོ་རྗེ་ཕུར་པ་ལ་ཡི་དམ་དུ་འཆའ་བར་འདོད་པ་དག་གིས་གཟུ་ལུམ་དང་རས་བོར་གྱི་དབང་དུ་མ་སོང་བ། རྒྱུད་དང་མན་ངག་ལས་ཐོས་བསམ་ནན་ཏན་གྱིས་གོམས་ཤིང་འདྲིས་པར་བྱ་ཡི། འདིར་ནི་ཕྱོགས་ཙམ་ལས་རྒྱས་པར་སྨོས་ཀྱིས་མ་ལོངས་སོ། །ཀྱེ་མ་ད་ནི་སྙིགས་མའི་མཐའ་ལ་ཐུག །ཟབ་མོའི་གནས་ལ་ཐོས་བསམ་བྱེད་པ་ཉུང་། །འཁྲུལ་མེད་གནས་ལུགས་སྒོམ་པ་དེ་བས་ཉུང་། །ཐོས་སྒོམ་ཕལ་ཆེར་གཞུང་དང་ཤིན་ཏུ་འགལ། །འབྱོར་ལྡན་དགེ་སྦྱོང་དཀོར་མཛོད་གནས་གཞིའི་བདག །ཕོར་ཁྲུད་སྣོད་ཀྱང་གསེར་དངུལ་ལས་འཆོས་ཤིང་། །བུན་སྐྱེད་རྙེད་འཚོལ་བརྩོན་ལ་འགྲུས་རྣམས་ཀྱང་། །ཚུལ་འདིར་དབུལ་པོ་བཞིན་ཏུ་སེམས་ཁོང་དོགས། །ཤ་ཆང་ཕྱིར་དུ་གཏོང་བོང་ལྡན་རྣམས་ཀྱང་། །དོན་ཆེན་ཕྱོགས་སུ་ཡི་དྭགས་ཁུ་ཚུར་བཞིན། །སྤྲོས་པ་སྙིང་པོར་བཟུང་བའི་ཆེན་པོ་རྣམས། །རྒྱལ་གསུང་བོར་ནས་སྒྱུ་མའི་རྒྱལ་སྲིད་སྐྱོང་། །དེས་ན་འདི་ལྟའི་ཟིན་ཐུན་གྱིས། །སུ་ལ་ཕན་པར་འགྱུར་དཀའ་ཡང་། །རང་བློའི་ངལ་བ་སེལ་བ་དང་། །ལྷག་བསམ་དཀར་བའི་རྒྱན་བྱེད་དོ། །དོན་གྱི་ཕུར་པ་ལྟ་ཞོག་གི། །མཚན་མའི་ཕུར་པའང་ཤེས་པ་
ཉུང་། །ཕུར་པ་མི་ཤེས་གཅིག་ཀྱང་མེད། །ཕུར་པ་ཤེས་པའང་གཅིག་ཀྱང་མེད། །ལ་ལ་རྟོག་བཟོའི་སྐྱོན་གྱིས་བསྒྲིབས། ཁ་གཅིག་མུན་པའི་གནས་སུ་འཁྱམས། །སྐལ་ངན་ལོག་ལྟའི་དྲི་མས་བཅིངས། །ཟ་འདོད་སྐྱིད་སྡུག་མེད་པར་འབྱམས། །བདག་གིས་ཇི་བཞིན་ཤེས་མིན་ཀྱང་། །བླ་མའི་དྲིན་དང་སྔོན་དགེའི་མཐུས། །རྒྱུད་ལུང་མན་ངག་དུ་མ་ལ། །མིག་ལྡན་རང་ནོར་བཞིན་འདྲིས་པས། །རྒྱ་མཚོ་ལས་ནི་ཆུ་ཐིགས་བཞིན། །རེག་ཟིག་ཕྲ་མོར་སྤེལ་བའི་དགེས། །བཀའ་གཏེར་རྡོ་རྗེ་ཕུར་པའི་ཆོས། །ས་ཆེན་ཁོངས་སུ་ཁྱབ་གྱུར་ཅིག །ཅེས་པའང་བསྟན་པ་དང་རང་གཞན་ལ་ཕན་འདོད་ཀྱིས་ཀུན་ནས་བསླངས་ཏེ་ལྟ་བ་དེ་གོ་སླའི་ཚུལ་དུ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།། །།