དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕྲིན་ལས་ཀྱི་སྒོ་ནས། དགྲ་དུར་ཕུང་གསུམ་མནན་པའི་མན་ངག་རྡོ་རྗེ་ཐོག་བརྩེགས།
དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕྲིན་ལས་ཀྱི་སྒོ་ནས། དགྲ་དུར་ཕུང་གསུམ་མནན་པའི་མན་ངག་རྡོ་རྗེ་ཐོག་བརྩེགས་ཞེས་བྱ་བ་བཞུགས་སོ། །
བླ་མ་དང་དཔལ་ཆེན་པོ་སྟོབས་བཅུའི་བརྗིད་ལྡན་ལ་ཕྱག་འཚལ་ལོ། །མཐུ་ཆེན་བདུད་འདུལ་ཁྲོ་རྒྱལ་ཁྲོས་པའི་ཞབས། །བདུད་བགེགས་དམ་སྲིའི་སྤྱི་བོར་རྟག་བབས་པས། །མི་སྲུན་སེམས་ཀྱི་འབྲས་བུ་ས་འོག་ཏུ། །བྱིང་ནས་ལྡངས་མེད་ཕྲིན་ལས་མཛད་དེ་རྒྱལ། །འདི་འདྲའི་རིགས་ལ་གྲོང་སྔགས་པའི། །ཡིག་ནག་ཁུར་པོ་ལྕི་མོད་ཀྱང་། །གཞུང་འདིར་ཇི་བཞིན་སྦྱོར་དཀའ་བས། །སྔར་ཡོད་གབ་སྤྲད་ཙམ་དུ་བསྡེབ། དེའང་ཁྲོ་བཅུའི་སྒོས་རྒྱུད་ཀྱི་ནང་ཚན་ཁྲོ་བོ་སྟོབས་པོ་ཆེའི་རྒྱུད་ལེའུ་བཞི་པ་ནས་སྲིའི་བྱུང་ཁུངས། རྣམ་གྲངས། གནོན་ཚུལ་སོགས་རྒྱས་པར་གསུངས་པ་ལྟར་ཨོ་རྒྱན་ཆེན་པོས་མན་ངག་ཏུ་བསྡེབས་པ་བྱང་གཏེར་ཕུར་པའི་སྲི་གནོན་འདི་ཐམས་ཅད་ཀྱི་རྩ་བ་ཡིན་ཅིང་། །བཀའ་མ་རྣམས་ནས་ཕྲིན་ལས་ཀྱི་མཇུག་སྡུད་དུ་མནན་སྲེག་འཕང་གསུམ་མདོར་བསྡུས་ཙམ་ལས་མི་འབྱུང་སྟབས། ས་ཕུར་དུའང་མནན་པའི་གསལ་ཀ་མི་བཞུགས་པས་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་བྱང་གཏེར་ཕུར་པ་དྲག་སྔགས་ཀྱི་སྲི་གནོན་སྦྱོར་བར་མཛད་ཀྱང་། མནན་པའི་ལག་ལེན་འགལ་ཞིག་དང་རྩ་བའི་འགུགས་སྔགས་ཙམ་ལས་འདོན་བྱ་སོགས་མ་སྦྱར་བ་བསྐྱེད་བཟླས་གཙོ་ཆེ་
བས་དེ་ཙམ་གྱིས་འགྲུབ་པར་དགོངས་པར་མངོན་པས་དེའང་ལེགས་མོད་ཀྱི། ལུགས་དེའི་ཕྱག་ལེན་སྦྱོར་ཕྱིན་འདོན་བྱ་སོགས་རགས་པ་ཙམ་མ་སྦྱར་ཀ་མེད་ལྟ་བུར་མཐོང་བས། འདིར་རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་ཀྱིས་བྱང་གཏེར་ཕུར་པའི་སྲི་ཆུང་བཅུ་གསུམ་མནན་ཐབས་རྩ་བར་བཟུང་། །བཀའ་བརྒྱད་ཀྱི་ཐོད་པ་ལ་བརྟེན་ནས་མནན་པའི་གཟེར་ཁ་དང་། །ནག་རྩིས་འབྱུང་བ་རིན་ཆེན་ཀུན་འདུས་ཀྱི་མན་ངག་ལྷན་ཐབས་སུ་སྦྱར་བའི་ལེགས་བཤད་ཁྱད་པར་ཅན་མཛད་པའི་གཞུང་དེ། གཏེར་དཔོན་ཨོ་རྒྱན་ལྷུན་གྲུབ་དང་། རིག་འཛིན་ཐུགས་ཀྱི་རྡོ་རྗེ་སོ་སོས་རང་གླིང་དང་ཆོས་གླིང་གི་ཕུར་པ་སོ་སོར་ཁ་བསྒྱུར་མཛད་འདུག་པ། དེ་དག་ལས་རྩ་བའི་དགོངས་པའི་ཕྱོགས་སུ་གྱུར་པའི་ཕྱག་ལེན་མ་འཁྲུལ་བ་རྣམས་ས་ཕུར་དང་སྦྱར་ཏེ་འཆད་པ་ལ་དོན་གསུམ། སྦྱོར་བ་བཅས་ཀྱི་རིམ་པ། དངོས་གཞི་སྒྲུབ་པའི་རིམ་པ། མཐའ་སྡུད་མནན་པའི་རིམ་པའོ། །དང་པོ་ནི་དུས་ལྕགས་ཁམས་ཀྱི་ལོ་ཟླ་ཉི་ཁྱིམ། ཕུང་གསུམ་བདུད་ཉི་སོགས་ལེགས་ཤིང་། །དགྲ་སྲི་ལྟ་བུར་དམིགས་བྱའི་ལོ་ཟླ་ཞག་དུས་ཀྱི་བཞི་གཤེད་བདུན་ཟུར་སོགས་ཀེག་དང་བསྟུན་དགོས་ལ། ཁྱད་པར་རྣལ་འབྱོར་པ་ཞེ་སྡང་གི་སེམས་དང་ལྡན་པའི་དུས་
མངོན་སྤྱོད་ཀྱི་ལས་གནམ་ལྕགས་ཀྱི་ཐོག་ལྟར་མྱུར་བར་གསུངས་པས་དེ་ལྟ་བུ་ལ། དྲག་པོའི་གནས་སུ་གོང་གཏོར་མཆོད་བཤམ་སོགས་ལེགས་པར་བྱས་པའི་མདུན་ཏུ། འདི་ཉིད་ཀྱི་བཅའ་གཞི་སྲིད་པ་བྱེ་མ་དང་། ཕུང་ཤུལ་དུར་ཁྲོད་ཀྱི་ས་རྣམས་བསྲེས་པའི་སྟེགས་བུ་གྲུ་བཞི་པ། དབུས་སུ་ཧོམ་ཁུང་ཕྱི་རོལ་དུར་སོལ་གྱིས་ནག་པོ་དང་། ནང་དུ་ཁྲག་གིས་དམར་པོར་བྱུགས། སེ་སྐྱེར་འོམ་བུའི་རྩང་དམར་ནག་སྤེལ་བ་སྲིན་མོ་འགྲོས་ཀྱིས་ཁ་ཁྱེར་རམ་ཕྱི་ནས་བཙུག་རོག་ཡམ་གྱིས་ཁ་བཅད་དམ་པོ་ལ་ཐུན་ཁུང་ཡོད་པ་བྱ། །གཡས་སུ་མདའ། གཡོན་དུ་མདུང་། རྒྱབ་ཏུ་ཐོ་བ་ལ་སོགས་མཚོན་ཆ་སྣ་ཚོགས་སོ་ནང་བསྟན་སྟབས་སུ་གཡས་སྐོར་གྱིས་བཤམས། དེ་ཙམ་སྤྲོས་པས་མ་ལྕོགས་ན་དུར་རྡོ་གསུམ་གྱི་ཁར་ལྕགས་སྣོད་དྲི་མ་མེད་པར་ལིངྒ་བཀོད་ཀྱང་རུང་ཞིང་། གྲུ་གསུམ་ལྕགས་སྣོད་གང་ཡིན་ཀྱང་མཐའ་སྐོར་དུ། ར་ཁྱི་ཕག་གསུམ་གྱི་གཟུགས། སྔོན་དུ་སྲི་ཆང་། འབྲང་རྒྱས་སམ། སྦང་ཟན་གྱི་ཆང་བུ། སྲི་ཡོས། རྒྱབ་ཏུ་འགལ་བ་ཁ་ནག་ར་སོག་ལ་ཏྲི་བྲིས་པ། བ་ར་རྟ་གསུམ་གྱི་འོ་མ་གོ་ཁའི་ཐལ་བ་དང་སྦྱར་བ། ཚྭ་བུལ་ཏོག་བ་ཚྭ་རྣམས། མནན་ཐོད་དྲིལ་ཆས་ཕུད་རེའམ། ཡུག་སའི་ཤ་གོས། ཚོན་སྐུད་ལྔ། རོ་གཡམ་རྡོ་རྗེ་རྒྱ་གྲམ་བྲིས་པ། རང་འཐག་གི་ཡ་ཁེབས་ལ་རི་རབ་གླིང་བཞི་བྲིས་པ་རྣམས་བཤམས། ཐུན་རྫས་ཟངས་ལྕགས་མཁར་སྒོང་ཕྱེ་མ། དུར་རྡོ་རི་གཟར་གྱི་རྦབ་རྡོ། །མི་བསད་པའི་རྡོ། །ཡུངས་དཀར་ནག །རྐེ་ཚེ། ཤང་ཚེ། དུག་རིགས། མ་ཚེ། གཅན་གཟན་གྱི་མཆེ་སྡེར་སོགས་སྐམ་ཐུན་ཕོན་ཆེ་བ་བསགས། །མནན་ཐོད་ལ་ཕོ་སྲི་ལ་གཡག་རོག་པོའི་ཐོད་པ། མོ་སྲིལ་ཁྱི་མོ་ནག་
མོའི་ཐོད་པ། ཆུང་སྲི་སྲི་མོང་གི་ཐོད་པའམ། ཡང་ན་ཁྱི་གུ་ཕག་གུ་མིག་མ་བྱེ་བའི་ཐོད་པ། དུར་སྲི་ཝ་ཡི་ཐོད་པའམ། ཡང་ན་ཕྱི་བ་དང་། གྲུམ་ཐོད་ཀྱང་རུང་། བཙན་སྲི་ཉ་མོ་སྲམ་དང་དུང་དཀར་གང་རིག་གི་ཐོད་པ། དགྲ་སྲི་སྤྱང་ཀིའི་ཐོད་པ། དམ་སྲི་ཁྱི་ར་ཕག་གསུམ་ཐོད་པ་གང་རྙེད། ཀླུ་སྲི་ཁྱུང་གི་ཐོད་པ་གསུངས་ཀྱང་མི་འཛོམ་པས་འོལ་མི་ཐོད་པ། གྲི་སྲི་དགྲ་བོ་གྲི་བོ་མཛེ་ཅན་གང་རིགས་ཐོད་པ། གོད་སྲི་འཕར་སྤྱང་ཐོད་པ། །ལྷ་སྲི་ཁྱུང་རྒོད་གླག་གསུམ་ཐོད་པ། ཕུང་སྲི་རྔ་མོང་གི་ཐོད་པར་གནོན་དགོས། ཡང་ན་རྒྱུད་ཀྱི་དགོངས་པ་ཕུར་པ་དྲག་སྔགས་ལས་བཤད་པ་ལྟར་ན། རྒྱལ་པོའི་ཕུང་སྲི་མོན་བོད་ཧོར་གསུམ་གྱི་ཐོད་པར་གནོན། བློན་པོའི་ཕུང་སྲི་སྤྲིའུ་ནེ་ཙོ་རི་བོང་གི་ཐོད་པར། ཡུལ་མིའི་ཕུང་སྲི་མཛོ་ཏོལ་སྤྲེའུའི་ཐོད་པར། དགྲ་སྲི་གཡག་དང་རྟ་ཐོད། དམེ་སྲི་འཕར་སྤྱང་གི་ཐོད་པ། སྒོས་སྲི་ཕ་ཁུ་སྲི་ཅན་དུ་ངོས་འཛིན་ཡང་ཐོད་པའི་གསལ་ལ་མེད་པས་ཁྱི་ཐོད། མ་བུ་བྱུར་སྲི་ཁྱི་ཕག་རྔ་མོང་གི་ཐོད་པ། ཆུང་སྲི་ཁྱི་གུ་ཕག་གུ་བྱི་བ་སྲེ་མོང་གི་ཐོད་པ། དུར་སྲི་ཝ་དང་གྲུམ་ཐོད། །རྣལ་འབྱོར་པའི་དམ་སྲི་ར་ཁྱི་ཕག་གསུམ་རབ་ཆད་ཐོད་པ། གོད་སྲི་སྤྲེའུ་ར་ལུག་གི་བེའུའི་ཐོད་པ། གཡལ་མོ་གོད་སྲི་འཕར་བ་རྔ་མོང་གསལ་ཐོད། སྡང་བའི་སྲི་འཕར་བའི་ཐོད་པར་གནོན་པར་བཤད། མེད་ཐབས་མེད་པའི་ཐོད་གསུམ་ནི། ར་ཁྱི་ཕག་གསུམ་མགོ་ཡིན་ལ། གཞུང་ལྟར་མ་འཛོམ་ན་ཀུན་ལ་སྤྱི་འགྲོས་ནི་ཁྱི་ཐོད་ཁོ་ནས་ཆོག་གོ། །ཐོད་པ་གང་ཡིན་ཡང་། །སྤྱི་གཙུག་ནས་མར། རྒན་པའི་རྒན་སྲི་ནན། གཞོན་པའི་གཞོན་སྲི་ནན། བྱ་བ་བྲི། འགྲམ་པ་གཡས་ལ། ཕོ་སྲི་ནན། བྱ་བ་བྲི། འགྲམ་པ་གཡོན་ལ། མོ་སྲི་ནན། བྱ་བ་
བྲི། བྱང་གཏེར་ལས་དམ་སྲི་ཐམས་ཅད་ཀྱི་སྙིང་པོ་ཐོད་པ་ལ་བྲིས་ནས་བཟླས་སོ་གསུངས་པས། ཨོཾ་སརྦ་ཛ་ཏྲི་ནི་ཧཱུྃ་ཛཿན་ཏྲི་སུ་ཏྲི་ནི་ཧཱུྃ་ཛཿཤ་ན་ཏྲི་ནི་ཧཱུྃ་ཛཿཀ་ཏྲི་ནི་དནྟྲི་ནི་ཀུཾ་ཀུཾ་ཛཿཛཿཧཱུྃ། ཞེས་པའང་དཔྲལ་བར་ཕྲེད་དུ་བྲི། དེ་ནས་ལིངྒ་འབྲི་བ་ལ་རྒྱས་བསྡུས་དང་ཕྱག་ལེན་སྣ་ཚོགས་མཛད་ཀྱང་། མི་གཟུགས་ཁོ་ནས་འདྲེ་ལིང་སོ་སོར་མི་འགྱུར་ལ། བྱ་མགོ་ཅན་ལྟ་བུས་དམ་སྲི་སྤྱི་ལིང་ལས་དགྲ་ལིང་སོགས་སུ་མི་འགྱུར་བས་སོ་སོར་ཁ་བསྒྱུར་བའི་ཕྱོགས་འདི་རྒྱུད་དོན་དང་འབྱོར་ལ། རྒྱུད་ནས་གཙོ་བོར་དགྲ་སོག་སྤུ་གྲིའི་འཁོར་ལོ་འབྲི་བར་གསུངས་པ་ཉིད་གཏེར་མ་ཕལ་ཆེར་ནས་ཀྱང་མན་ངག་གིས་གསལ་བར་མཛད་པས་དེ་ལྟར་ན། འཁོར་ལོ་རྩིབས་དྲུག་མུ་ཁྱུད་གསུམ་བསྐོར་བའི་ལྟེ་བ་ལ་མིང་རུས། ཕྱི་རིམ་རྩིབས་དྲུག་ལ་བགེགས་ཀྱི་གཟུགས་ཚང་བར་བྲི། ཤར་རྩིབས་ལ་མགོ། །ཤར་ལྷོར་ལག་པ་གཡོན། ལྷོ་ནུབ་རྐང་པ་གཡོན། ནུབ་ཏུ་མཚན་མ། བྱང་དུ་རྐང་པ་གཡས། བྱང་ཤར་དུ་ལག་པ་རྣམས་རྩིབས་ནང་དུ་ཚུད་པར་བྱ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སྙིང་ཁྲག་ཤད་ཛཿཨ་ཙི་ཏེ། ཨཱ་བ་ར་ཙི་ཏེ། མགོ་ལ་བྲི། མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ། སྙིང་རྩལ་ཡམ་ཡམ། ཐིབ་ཐིབ། ལག་པ་གཡས་ལ་བྲི། ཙིཏྟ་སྲོག་ལ་དུང་དུང་། སྲོག་ལ་ཡཾ་ཡཾ། ཛཿཡེ་བཾ་ཛ་ཡེ། མྱགས་མྱགས་སོད་སོད། ཙ་ཀྲ་སེ་ནཱ་གཏུབས། ལག་པ་གཡོན་ལ་བྲི། །སྙིང་ལ་ཕྲིལ་ཕྲིལ། སྲོག་ལ་མྱགས་མྱགས། ཀ་ཏཾ་ཀ་ཡ། སྙིང་རྩེ་ལ་ཡཾ་ཡཾ། སྙིང་ཁ་རག་དུན་བྲི། རྐང་པ་གཡས་ལ་བྲི། མམ་པ་ཤཾ་ཀུ་རུ། དྷ་དྷི་མ་མ་ཀརྨ། ཨི་དན་ཤི་ཏྲཾ་མ་ཏཾ་ཉ་ཀ་ར་ཡ། མ་ར་ས་ནི་པྲ་མ་དྷ་ནི་ཡེ་ཧཱུྃ་ཕཊ། རྐང་པ་གཡོན་ལ་བྲི། སོ་སོའི་
མགོ་བརྙན་འོག་ཏུ་གསལ་བ་ལྟར་ལ་གང་གནོད་བསྒྱུར། ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོཿ སྙིང་ཁར་ཛ་ཁ་སྤྲོད་ཀྱི་བར་དུ་དགྲ་ལ་ནྲྀྀ། སྲི་བཅུ་གསུམ་སྤྱི་ལ་ཏྲི། སྟེང་དུ་ནན། འོག་ཏུ་ཁུག །གསང་གནས་སུ་ཕཊ། རྐང་མཐིལ་གཉིས་ལ་ཡཾ། རྣ་བར་འོན། མིག་ལ་ལོང་། ཁ་ལ་དུང་དུང་བྱ་བ་བྲི། སྙིང་ཁའི་ཧྲི་ཡི་སྟེང་ནས་བརྩམས་ཏེ། མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ་དམ་སྲི་ཛཿཛཿ སོགས་དང་། ཨོཾ་སརྦ་ན་ཏྲི་ནི་ཧཱུྃ་ཛཿསོགས་གཞུང་ནས་འབྱུང་བའི་འགུགས་སྔགས་གཉིས་སྤྲེལ་མགོ་ཕྱིར་བསྟན་སྔགས་མཇུག་ནང་དུ་བཙུད་པ་བྲི། མུ་ཁྱུད་ཕྱི་མར་མ་རཀྨོ་ཡཀྨོ། ནས། སྟམྦྷ་ཡ་ནན། ཞེས་བྲི། ཕྱི་ལ་ཛ་ཁྲོམ་གྱིས་བསྐོར། མགོ་བརྙན་བསྒྱུར་ལུགས་ནི། ཕོ་སྲི་གཡག་གི་མགོ། །མོ་སྲི་ཁྱི་མོ་ནག་མོའི་མགོ། །དགྲ་སྲི་སྤྱང་ཀའི་མགོ། །དུར་སྲི་ཝ། ཆུང་སྲི་ཁྱི་གུ། གོད་སྲི་འཕར་སྤྱང་། ཕུང་སྲི་རྔ་མོང་། ཆུང་སྲི་སྲེ་མོང་། བདུད་སྲི་ཁྱུང་མགོ། །བཙན་སྲི་འུག་པ། རྒྱལ་སྲི་བྱ་ཕོ། གྲི་སྲི་ཤ་མགོ། །དམ་སྲི་ཕག །ཀླུ་སྲི་སྦྲུལ། དགྲ་སྲི་གཡག །བྱེས་སྲི་རྟ། གོད་སྲི་སྤྱང་ཀིའ་འཕར་བ་གང་རིགས་མགོ་བརྙན་དུ་བསྒྱུར་ནས་བྲི་གྲུབ་པ་དང་། ལིང་ཁྲུས་སྤྱི་འགྲོ་ལྟར་ནན་ཏུ་བྱ། ས་ཕྱོགས་དབེན་པར་རྩེ་ཚེ་ཟད་དམ། ལྷ་དབྱེའི་རྫས་རྣམས་ཀྱིས་ལིངྒ་བདུག་ཅིང་རང་ལ་མ་ཕོག་པར་བྱ། འགྲུབ་ན་ལྷ་སྔགས་རྣམས་ལ་དྲི་སྨན་རིན་པོ་ཆེ། དྲག་སྔགས་ལ་དུག་ཁྲག །གནོད་བྱེད་ཀྱི་མིང་ལ་དེ་སྟེང་རྫས་ངན་གྱིས་བྱུགས་ནས་དྲག་སྔགས་སྤྱི་སྡོམ་གྱི་གནད་རྣམས་ཀྱང་ཉམས་སུ་བསྟར། དཀྱུས་ལ་དེ་དག་མ་གྲུབ་ཀྱང་འགལ་བ་མེད། དེ་ནས་ལིངྒ་བྲུབ་ཁུང་དུ་མགོ་རང་ལ་ཕྱོགས་པར་བཏིང་
བའི་སྲོག་ཡིག་ལ་ཚོན་སྐུད་ཐུན་ལམ་ནས་དྲངས་ཏེ་གཏོར་མ་ལ་བཏགས། ཁ་ཆོད་སྲུབ་གསེང་མེད་པའི་སྟེང་ཤིང་གི་ཨེ་ཁྲོམ་ལ་བསྟན་པའི་གོང་ནོན་གྱིས་གཏོར་མ་ཕུར་གཟུགས་གཙོ་འཁོར་བཅུ་གཅིག་ཁྲག་དང་ནག་རྩིས་བྱུགས་པ་ལ། ཚེ་ཡུངས་རྩང་དམར་ཤ་དུམ་དར་གྱི་འཕུར་ལྡི་ལ་སོགས་པས་བརྒྱན་ལ། ཤིང་གི་ཨེ་ཁྲོམ་ལ་བརྟེན་པའི་ཕུང་རེའམ། སྣམ་རས་ཀྱིས་གུར་ཕུབ་ལ་ཉི་ཟེར་དང་མར་མེའི་མདངས་མི་ཕོག་ཅིང་། བདུད་རྩིའི་ཟེགས་མ་ཡང་མི་ཕོག་པར་བྱས་ལ་སྟེགས་བུའི་མདུན་དུ་དྲག་པོའི་ཉེར་སྤྱོད་ལྔ་བཤམ། གཞན་ཡང་འོག་ཏུ་དགོས་པའི་མཆོད་གཏོར་ཚང་བར་གསག་གོ། །གཉིས་པ་དངོས་གཞི་ལ་གསུམ། དང་པོ་འགུགས་པའི་ལས། བར་དུ་བསད་པའི་ལས། ཐ་མ་མནན་པའི་ལས་སོ། །དང་པོ་ནི། ཉིན་རེ་ཐུན་གསུམ་མམ་བཞི་གང་རུང་རེ་བྱ་བའི་འདོན་ཡོན་ཆ་ཐུན་དང་པོར་ཚིག་བདུན་གསོལ་འདེབས་ནས། བཟླས་པ་འཁོར་བཅས་བརྒྱུད་འདེབས་ཡན་གཏོར་ཟློག་ལྟར་གྲུབ་ནས། གཏོར་ཆོག་བསྡུས་ཙམ་བྱ། དེ་ནས་དབྱངས་རོལ་བཅས་ཐུགས་དམ་བསྐུལ་བ་ནི་རིག་འཛིན་བསྐུལ་བ་ཙམ་མམ། ཡང་ན། ཧཱུྃ། བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔། ཞེ་སྡང་བདུད་འདུལ་ཁྲོ་རྒྱལ་དབྱིངས་ནས་བཞེངས༔འཁོར་ལོ་རྒྱས་འདེབས་ཟ་བྱེད་ཡུམ་དང་སྦྱོར༔སྲས་མཆོག་དཔལ་གྱི་ཕུར་བུའི་དབྱིངས་སུ་རྫོགས༔ དཔལ་ཆེན་ཡབ་ཡུམ་ཐུགས་དམ་དབྱིངས་ནས་བསྐུལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་སྒྲུབ་པར་མཛོད༔ ཧཱུྃ། དཔལ་ཆེན་སྐུ་ལས་སྤྲུལ་པའི་འཁོར་ཚོགས་ནི༔ ༔
བདུད་འདུལ་ཁྲོ་བཅུ་ཡབ་ཡུམ་ཕྲ་ཐབས་བཅས༔ མ་ལུས་དཔལ་ཆེན་སྐུ་ཡི་གནས་སུ་རྫོགས༔ སྟེང་འོག་ཕྱོགས་བཅུའི་དགྲ་བགེགས་འགུག་ཅིང་སྒྲོལ༔ ཐུགས་དམ་བསྐུལ་ལོ་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ། སྟེང་གི་ཕྱོགས་ནས་སྲི་ངན་འགུགས་ཤིང་སྒྲོལ༔ ཧཱུྃ་མཛད་སྒྲ་འབྱིན་ཕག་དང་སྨིན་བུའི་མགོ༔ ཡང་སྦྲུལ་མགོ་བརྙན་མང་པོའི་ཚོགས་དང་བཅས༔ སྟེང་གི་ཕྱོགས་ནས་སྲི་ངན་འདིར་ཁུག་ཅིག༔ བསྒྲལ་ཞིང་མནན་པའི་ཕྲིན་ལས་དུས་ལ་བབ༔ ཤར་གྱི་ཕྱོགས་ནས་སྲི་ངན༴ རྣམ་རྒྱལ་སྙེམས་མ་སྟག་དང་བྱ་རྒོད་མགོ༔ ཡང་སྤྲུལ༴ ཤར་གྱི་ཕྱོགས་ནས༴ བསྒྲལ་ཞིང་༴ ཤར་ལྷོ་མཚམས༴ དབྱུག་སྔོན་སྡེར་མོ་གཡག་དང་བྱ་རོག་མགོ༔ ཡང་སྤྲུལ༴ ཤར་ལྷོ་མཚམས༴ བསྒྲལ་ཞིང་༴ ལྷོ་ཡི་ཕྱོགས༴ གཤིན་རྗེ་དུར་ཁྲོད་ཤ་བ་འུག་པའི་མགོ༔ ཡང་སྤྲུལ༴ ལྷོ་ཡི་ཕྱོགས༴ བསྒྲལ་ཞིང༴ ལྷོ་ནུབ་མཚམས་ཀྱི༴ མི་གཡོག་ཏུན་ཁུང་གཟིག་དང་ཁྭ་ཏའི་མགོ༔ ཡང་སྤྲུལ༴ ལྷོ་ནུབ་མཚམས༴ བསྒྲལ་ཞིང་༴ ནུབ་ཀྱི་ཕྱོགས་ཀྱི༴ རྟ་མགྲིན་གཏུམ་མོ་བྱི་ལ་པུ་ཤུད་མགོ༔ ཡང་སྤྲུལ༴ ནུབ་ཀྱི༴ བསྒྲལ་ཞིང་༴ ནུབ་བྱང་མཚམས༴ འདོད་རྒྱལ་མདའ་སྙེམས་སྤྱང་ཀི་ཁྲ་ཡི་མགོ༔ ཡང་སྤྲུལ༴ ནུབ་བྱང་༴ བསྒྲལ་ཞིང་༴ བྱང་གི་ཕྱོགས༴ བདུད་རྩི་
རླུང་འབྱིན་སེངྒེ་ཕ་ཝཾ་མགོ༔ ཡང་སྤྲུལ༴ བྱང་གི་ཕྱོགས༴ བསྒྲལ་ཞིང་༴ བྱང་ཤར་མཚམས༴ ཁམས་སུམ་གསོད་བྱེད་དྲེད་དང་སྲེ་མོང་མགོ༔ ཡང་སྤྲུལ༴ བྱང་ཤར༴ བསྒྲལ་ཞིང་༴ འོག་གི་ཕྱོགས༴ སྟོབས་ཆེན་བསོད་བྱེད་དོམ་དང་བྱི་ལིའི་མགོ༔ ཡང་སྤྲུལ༴ འོག་གི་ཕྱོགས་ནས༴ བསྒྲལ་ཅིང་མནན་པའི་ཕྲིན་ལས་དུས་ལ་བབ༔ ཧཱུྃ། ཚད་མེད་བཞི་ལྡན་ཕྲིན་ལས་རྣམ་བཞི་བསྒྲུབ༔ པུ་ཤུད་སྐྱ་ཀ་སྲིན་བྱ་ཁྲ་མགོ་བཞི༔ འགུགས་འཆིངས་སྡོམ་མྱོས་མཛད་པའི་དུས་ལ་བབ༔ གནོད་བྱེད་དགྲ་བགེགས་ཁུག་ལ་མྱུར་དུ་སྒྲོལ༔ བྷྱོ༔ དཀྱིལ་འཁོར་མུ་རན་དབང་ཕྱུག་ཉི་ཤུ་བརྒྱད༔ གིང་ཆེན་བཅོ་བརྒྱད་གིང་ཕྲན་འབུམ་སྡེ་སོགས༔ ཕུར་སྲུང་བཀའ་སྡོད་དམ་ཅན་རྒྱ་མཚོ་སོགས༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ཕྲིན་ལས་བཞི༔ རང་རང་དམ་བཅས་བཞིན་ཏུ་སྒྲུབས་པར་མཛོད༔ ཅེས་དབང་བསྐུལ། གསེར་སྐྱེམས་ནི། ཧཱུྃ། རྒྱལ་བ་དགོངས་པའི་བརྒྱུད་པ་སོགས་དང་། ཕུར་ཁ་བསྒྱུར་བ་བཅས་བྱས། དེ་ནས་མཉེས་པའི་དབང་གཟུག་ལ། བརྒྱུད་གསུམ་བླ་མ་སོགས་བརྗོད། འདིར་རྒྱས་པར་སྤྲོ་ན་སྲི་རབས་ཚང་བར་སྦྱར། དེ་ནས་གྲུབ་ཁུང་བསྐྱེད་པ་དང་། འགུགས་གཞུག་གཏོར་ཟློག་ལྟར་ལ། གནོད་ཅིང་འཚེ་བར་བྱེད་པའི་དགྲ་སྲི་དུར་སྲི་ཕུང་སྲི་ལ་སོགས་པ་ལོག་པར་འདྲེན་པའི། ལྟ་བུ་སྐབས་སྦྱར་བས་བསྒྱུར་བ་ལན་གསུམ། ཧཱུྃ། བཅོམ་ལྡན་
དཔལ་ཆེན་ཧེ་རུ་ཀ༔ནས། བཛྲ་ཨཾ་ཀུ་ཤ་ཛཿཛཿའི་བར་གྱིས་ཀྱང་བཀུག་ལ་སྔགས་འདི་བཟླའོ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ། མ་རཀྨོ་ཡཀྨོ་ཀཱ་ལ་རུ་པ་དམ་སྲི་ཛཿཛཿ སྙིང་རྩ་ལ་ཡཾ་ཡཾ། དམ་སྲི་ཛཿཛཿ སྲོག་རྩ་ལ་ཡཾ་ཡཾ། སྙིང་རྩ་ལ་ཕྲིལ་ཕྲིལ་དམ་སྲི་ཛཿཛཿ སྲོག་ལ་ཆུཾ་ཆུཾ། ཙིཏྟ་སྲོག་ལ་ཏུང་ཏུང་། སྙིང་ཁྲག་ཤད་ཛཿདམ་སྲི་ཛཿཛཿཐུམ་རི་ལི་ལི། སྙིང་རྩེགས་རྩེགས། འུར་འུར་ཤིག་ཤིག །འགུལ་འགུལ་མྱགས་མྱགས་དམ་སྲི་ཛཿཛཿ སོད་སོད་དྷ་ཏི་མ་མ་ཀརྨ་ཤྲི་ཀྲཾ་ཀ་ར་ཡེ། མཱ་ར་སེ་ནི་པྲ་མརྡྷ་ནི་ཡེ་ཧཱུྃ། དམ་སྲི་ཛཿཛཿཁུག་འདིར་དམ་སྲི་དང་། གཞན་ཏུ་སྲིང་ན་ཟེར་བ་ལ་སོགས་པའི་མལ་དུ་དགྲ་དུར་ཕུར་གསུམ་སོགས་གང་ཡིན་པ་ཁ་བསྒྱུར། སླར་ཡང་ཕོ་ཉ་བསྐུལ་ཏེ། ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས། །ཕྱག་བརྙེན་ཆེན་པོའི༴ །ཤྭ་ན་མུ་ཁའི༴ །བདག་ཉིད་ཆེན་པོའི༴ །ས་བདག་ཆེན་པོའི༴ །ཐོགས་མེད་སྤྲུལ་པའི་འོད་ཟེར་གྱིས༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ སྲི་མནན་བྱེད་ན། ལྕི་བ་སེར་ཀའི་དུད་པ། ར་ཤ་ར་ཚིལ་མི་རྐང་རྟ་རྐང་བསྲེགས་པའི་གསུར་དང་བཅས། བདེན་པས་འགུགས་པ་ནི། ན་མོ། རྩ་བརྒྱུད་བླ་མ་དཀོན་མཆོག་གསུམ། །རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ། །མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས། །མ་ལུས་བཀའ་ཡི་བདེན་པ་དང་། །ཆོས་ཉིད་རྣམ་དག་རྒྱུ་འབྲས་ཟབ། །ཕྱག་རྒྱ་ལྷ་སྔགས་ཏིང་
འཛིན་མཐུས། །བསྟན་འགྲོར་གནོད་བྱེད་དགྲ་བོ་དང་། དམ་སྲི་འབྱུང་པོ་གདོན་གྱི་རིགས། །ཁྱད་པར་བདུད་པོ་ཐོད་ཕྲེང་དང་། །མ་བདུད་གར་དབང་གཉིས་འཚོགས་བུ། །རྒྱལ་བློན་ཡུལ་ཁམས་ཕུང་བའི་སྲི། །དམ་སྲི་དགྲ་སྲི་གོད་སྲི་དང་། །དགོས་སྲི་ཆུང་སྲི་དུར་གྱི་སྲི། །གཡལ་མོའི་གོད་སྲི་སྟོང་པའི་སྲི། །ཆེ་ཆུང་ཞང་ཚ་རྗེ་ཁོལ་སྲི། །མ་བུ་ཕུ་ནུ་ལྕམ་དྲལ་སྲི། །ཡོད་མེད་སྲི་སོགས་སྲི་ངན་གྱི། །བླ་སྲོག་རྣམ་ཤེས་རྟེན་འདི་ལ། །ཁུག་ཆིངས་སྡོམས་མྱོས་ལྷ་དང་དབྱེ། །དབྱེར་མེད་ངོ་བོ་གཅིག་ཏུ་གྱུར། མནན་གཟེར་ལྟར། ཆེ་སྲི་ཆུང་སྲི། དགྲ་སྲི། གོང་སྲི། ཕུང་སྲི། དུར་སྲི། མེ་སྲི། ཆུ་སྲི། མཚོན་སྲི། དམ་སྲི་ལ་སོགས་པའི་རིགས་ཐམས་ཅད་སྐད་ཅིག་ལ་ཛཿཛཿ ཞེས་དང་། ཧཱུྃ། ནམ་མཁའི་དབྱིངས་སུ་སྲི་བྲོས་ན། །ཁྱུང་གི་མགོ་ཅན་ཁྱོད་སོང་ལ༔ ནམ་མཁའི་དཀྱིལ་ནས་སྲི་ཁུག་ཅིག༔ རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ༔ གང་དཀར་རྩེ་ལ་སྲི༴ སེངྒེའི་མགོ༴ གངས་དཀར་རྩེ་ནས༴ རྣམ་ཤེས༴ གཡའ་སྤང་མཚམས་སུ་སྲི༴ གཡག་གི་མགོ༴ གཡའ་སྤང་མཚམས་ནས༴ རྣམ་ཤེས༴ གོང་སུམ་དག་ཏུ་སྲི༴ །སྤྱང་ཀིའི་མགོ༴ །གང་སུམ་དག་ནས༴ །རྣམ་ཤེས༴ །བྲག་ཐང་མཚམས་སུ༴ །འུག་པའི་མགོ༴ །བྲག་ཐང་མཚམས་ནས༴ རྣམ་ཤེས༴ །ནགས་ཚལ་དག་ཏུ༴ དོམ་གྱི་
མགོ་ཅན༴ །ནགས་ཚལ་གསེབ་ནས༴ །རྣམ་ཤེས༴ །རྒྱ་མཚོའི་གཏིང་དུ༴ །སྲམ་གྱི་མགོ༴ །རྒྱ་མཚོའི་གཏིང་ནས༴ །རྣམ་ཤེས༴ །ཆུ་བོའི་གཞུང་དུ་སྲི༴ །ཆུ་བྱའི་མགོ༴ །ཆུ་བོའི་གཞུང་ནས༴ །རྣམ་ཤེས༴ །ས་ཡི་སྟེང་དུ་སྲི༴ །དྲེད་ཀྱི་མགོ་ཅན༴ །ས་ཡི་སྟེང་ནས༴ །རྣམ་ཤེས༴ །རྒྱ་གྲམ་ལམ་དུ་སྲི༴ །ཕག་གི་མགོ༴ །རྒྱ་གྲམ་ལམ་ནས༴ །རྣམ་ཤེས༴ །རི་སུལ་དག་ཏུ་སྲི༴ །གོ་བོའི་མགོ༴ །རི་སུལ་དག་ནས༴ །རྣམ་ཤེས༴ །ཐེམ་པའི་འོག་ཏུ༴ །ཁྱི་ཡི་མགོ་ཅན༴ །ཐེམ་པའི་འོག༴ རྣམ་ཤེས༴ །རྩིག་པའི་གསེབ་ཏུ༴ །བྱི་བའི་མགོ༴ །རྩིག་པའི་གསེབ་ནས༴ །རྣམ་ཤེས༴ །ཕྱོགས་མཚམས་་ཀུན་ཏུ་སྲི་བྲོས་ན། །སྤྲུལ་པའི་ཕོ་ཉ་མང་པོ་དང་། །ཡང་སྤྲུལ་ཕོ་ཉས་སྲི་ཁུག་ཅིག །རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ། ཅེས་བཀུག་ལ་བླ་འགུགས་སྔགས་འདི་བཟླ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སྲི་ངན་ཛཿཧཱུྃ་བཾ་ཧོཿ སྲི་ངན་བླ་ཤ་རེ་མ་ཏི་འགྲིམ་འགྲིམ། །ཤ་མ་རུ་ཏི་ཐུལ་ཐུལ། །མྱོག་མྱོག །ཡེད་ཡེད། ཤ་མ་རུནྟི་ཁུག་ཁུག །ལིང་མྱོག་ལིང་ཤག་ཙ་མུནྟྲི་ཛཿཧཱུྃ་བཾ་ཧོཿ ཡང་རིན་ཆེན་ཀུན་འདུས་ལྟར། སྲིན་མོ་དགའ་ཞིང་དགའ་ཞིང་ཤོག །སྲིན་མོ་རྒོད་ཅིང་རྒོད་ཅིང་ཤོག །ལྕམ་མོ་མདུར་གྱིན་མདུར་གྱིན་ཤོག །དོ་ནུབ་ཙམ་ལས་དགའ་བ་མེད། །དོ་ནུབ་ཙམ་ལས་གཤའ་བ་མེད། །དགའོ་གཤའོ་ཡོད་དོ་
ཤོག །གྲོ་བརྡུང་གླུ་ལེན་བྱེད་དུ་ཤོག །རི་རབ་ཟས་སུ་ཟ་རུ་ཤོག །རྒྱ་མཚོ་སྐོམ་དུ་འཐུང་དུ་ཤོག །འཇའ་ཚོན་ལུས་ལ་གོན་དུ་ཤོག །འཕྲུལ་གྱི་མེ་ལོང་བལྟ་རུ་ཤོག །དུང་ཁང་ནང་དུ་འཛུལ་ལ་ཤོག །གཞལ་ཡས་ཁང་ལ་བལྟ་རུ་ཤོག །སྤོས་བསུར་དུད་པ་བསྣམས་ལ་ཤོག །སྲི་ཤ་ཁམ་ཅིག་ཟ་རུ་ཤོག །སྲི་ཟན་ཆང་ཅིག་ཟ་རུ་ཤོག །སྲི་ཆང་ཧུབ་ཅིག་རྡུབ་ལ་ཤོག །སྲི་ཡོས་སུན་གཅིག་འགམ་དུ་ཤོག །དེ་ནས་འབོད་པའི་སྔགས་ནི། །སྲི་མཱ་ར་ཡ་ཤོག །སརྦ་ཛ་ཏྲི་ནི་ཛཿཤོག །སྲི་མོ་གུང་གུང་ཤོག །ཀ་ཏྲི་ནི་ཛཿཤོག །ཤན་ཏྲི་ནི་ཛཿཤོག །ན་ཏྲི་ནི་ཛ་ཤོག །སུ་ཏྲི་ནི་ཛཿཤོག །དུ་ཏྲི་ནི་ཛཿཤོག །སིན་མོ་གུང་གུང་ཤོག །སྲི་མཱ་ར་ཡི་ཤོག །ཅེས་བཟླ། དགྲ་མནན་བྱེད་ན་དེ་རྣམས་བསྒྱུར་ལ། གོང་གི་མཐུ་རྩལ་དབྱུང་བའི་དུས་ལ་བབ། ཅེས་པའི་མཚམས་སུ། ཧཱུྃ་ཛཿ བླ་འགུགས་སྤྲུལ་པ་གནོད་སྦྱིན་གསེར་གྱི་སྟག །ལྕགས་ཀྱི་དོམ་སྤྱང་་བྱི་རུའི་ཁྱི་མོ་དང་། །ཁྱུང་ཆེན་གསེར་གྱི་འཕར་བ་ཟངས་ཀྱི་དྲེད། །གང་འཚམས་གཟུགས་སུ་སྤྲུལ་པ་ཁྱེད་རྣམས་ཀྱིས། །བླ་ཚེ་འཁྱམས་པོ་འཕྱོ་བའི་དུས་དྲུག་ལ། །བླ་སྟག་མི་དང་ཤ་བ་དགོ་བ་ལུག༔ ར་ཁྱི་བྱ་དང་གླ་བ་བོང་བུ་སོགས༔ གང་དུ་བརྫུས་ཀྱང་ད་ལྟ་ཉིད་ཁུག་ལ། །མངོན་སྤྱོད་རྨོད་པའི་ལས་ལ་མཱ་རཱ་ཡ༔ ཅེས་དང་། །ཀིང་ཀང་གི་བླ་འགུགས་སྔགས་ཁ་བསྒྱུར་བ་གོང་གསལ་གཙོ་བོར་བཟླ། དེའང་
འགུགས་པའི་དུས་གནད་ནི། ཐོ་རངས་རྐང་ཆེན་ཤར་བ་སྟག་ཆེན་ཁ་གདོང་བའི་དུས། ཞོགས་པ་ཤར་ནས་ཐིབ་སོ་བྱུང་བ་གིང་ཟིན་ལ་འཇུག་པའི་དུས། དགོང་མོ་ནུབ་ནས་གྲིབ་སོ་བྱུང་བ་སྲིན་པོ་ལྟོ་ལ་རུབ་པའི་དུས། སྲོད་གདོང་ནག་ལ་བདུད་དམག་ལ་ཆས་པའི་དུས། དུས་དེ་བཞི་ལ་དགུགས་གཞུག་དྲག་པོ་ལན་གསུམ་བདུན་ཉེར་གཅིག་སོགས་ཁུག་རྟགས་མ་བྱུང་བར་བཀུག །དམིགས་པ་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ཀྱི་སྐུ་ལས་སྤྲུལ་པའི་ཁྲོ་བོ་ཁྲོ་མོ་ཕོ་ཉ་དཔག་ཏུ་མེད་པ་འཕྲོས། ཕོ་སྲི་གཡག་དཀར་པོའི་རྣམ་པར། མོ་སྲི་ཁྱི་ནག་མོའི་ཚུལ་སོགས་གོང་གསལ་ལྟར་ལ། རི་བོའི་རྩེ་རྒྱ་མཚོའི་འགྲམ་འཇིག་རྟེན་ཁམས་གར་གནས་ཀྱང་སྲི་ངན་རྣམས་བྱིའུ་ཆུང་ཁྲས་དེད་པ་ལྟར་བཀུག་ནས་གཟུགས་ལ་བསྟིམ། ཡང་དཀྱིལ་འཁོར་གསུམ་ལས་ཁྲོ་བོ་འདོད་རྒྱལ་ལྕགས་ཀྱུ་དང་། སྒོ་མ་བཞི་རང་རང་གི་མཚོན་ཆ་འཛིན་པ་དཔག་མེད་སྤྲོས་ཏེ། སྲི་ཆུང་བཅུ་གསུམ་གཙོ་བོར་གྱུར་པའི་གདོན་བགེགས་གནོད་བྱེད་སྲིད་རྩེ་ནས་མནར་མེད་ཀྱི་བར་དུ་གང་དུ་གནས་པ་ནས། ལྕགས་ཀྱུས་སྙིང་ནས་ཕུག །ཞགས་པས་རྐེད་ནས་བཅིངས། ལྕགས་སྒྲོག་གི་དྲ་བར་བཅུག །དྲིལ་བུས་མྱོས་པར་བྱས། མཚོན་ཆ་སྣ་ཚོགས་ཀྱིས་ཆར་ཕབས་ཏེ། ལས་ཀྱི་རླུང་གི་འཁོར་ལོ་ལ་བསྐྱོན་ནས། རང་དབང་མེད་པར་མྱུར་སྟབས་སུ་བཀུག་སྟེ། གཟུགས་ལ་དབང་མེད་དུ་ཐིམ་པར་གྱུར་ནས། བྱད་ཐག་གིས་གྲུ་གུ་ལྟར་བཅིངས། ལུས་ངག་ཡིད་གསུམ་ཤིན་ཏུ་ཉམ་ཐག་པ་རྡོ་རྗེ་རྒྱ་གྲམ་ཤིན་ཏུ་ལྗི་བས་མནན་ཏེ། བདག་མདུན་གཟི་བརྗིད་མཐུས་འགུལ་ཙམ་མི་ནུས་པར་བསམ། སྔགས་ཚན་རེ་རེ་
དང་གོང་འོག་དམིགས་པ་གང་རིགས་རེ་བསྒྲགས་ནས་བརྒྱ་འགྲོ་བར་བྱ། སྲི་རྣམས་བྲེད་ཅིང་འདར་ཧང་ཧང་དཀྱིལ་འཁོར་དང་སློབ་དཔོན་ལ་གསོལ་བ་བཏབ་པར་མོས་པས། སེམས་དཔའ་སངས་རྒྱས་ཀུན་གྱི་གཙོ། །བདེ་ཆེན་འདུ་འབྲལ་མེད་པའི་ཐུགས། དཀྱིལ་འཁོར་ལྷ་དང་སློབ་དཔོན་ལ། །ལུས་ངག་ཡིད་གསུམ་ཕྱག་བགྱིའོ། །དེའི་ལེན་དུ། དམ་སྲི་བྱ་བའི་སྡིག་ཅན་ཁྱོད། །ཚེ་རབས་སྔ་མའི་ལན་ཆགས་ཀྱིས། །དུས་འདི་ཉིད་དུ་སྲི་རྣམས་བྱུང་། །རྣལ་འབྱོར་ང་ཡི་གཤེད་མར་བྱུང་། །ཁྱོད་ནི་བསྒྲལ་བའི་ཞིང་ཡིན་གྱི། །གསང་བའི་གནས་འདིར་འདུས་འཚོགས་ཤོག །ཏྲི་བཛྲ་ཨངྐུ་ཤ་ཛཿཛཿ །གནོད་པར་བྱེད་པའི་ཕུང་སྲི་འདི། །ཚེ་རབས་སྔ་མའི་ལན་ཆགས་ཀྱི། །སངས་རྒྱས་བསྟན་པ་འདི་ཡིས་བཤིག །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་འཕྲོག །ཡོན་མཆོད་རྣམས་ལ་གནོད་པའི་བགེགས། །སྡང་བའི་དགྲ་དང་གནོད་པའི་སྲི། །སྐད་ཅིག་ཙམ་གྱིས་འདུལ་བའི་ཕྱིར། །གྲུ་གསུམ་འབར་བ་འདིར་ཁུག་ཅིག །ད་ལྟ་ཉིད་དུ་མཆིས་པར་གྱུར། །ནོར་གྱིས་དོགས་ནས་མིང་འདི་བྲིས། །བརྗེད་ཀྱིས་དོགས་ནས་ལིངྒ་བྱས། །བོང་གྱིས་དོགས་ནས་ཐོད་པར་བཅུག །ཁྱོད་ཀྱི་རྫུ་འཕྲུལ་བརླག་བྱའི་ཕྱིར། །ད་ལྟ་ཉིད་དུ་འདིར་འདུས་ཤིག །ཨོཾ་བཛྲ་ཨཾ་ཀུ་ཤ་ཛ༔ སོགས་རྒྱ་བཞི་འགུགས་འཆིངས་སྡོམ་མྱོས་བྱ། ཨོཾ་སརྦ་ན་ཏྲི་ནི་ཧཱུྃ་ཛཿ། ནྲྀྀ་ཏྲི་ནི་ཧཱུྃཿཛཿ
སུ་ཏྲི་ནི་ཧཱུྃ་ཛཿ ཤ་ན་ཏྲི་ནི་ཧཱུྃ་ཛཿ ཀ་ཏྲི་ནི་ཧཱུྃ་ཛཿ ཀུཾ་ཀུཾ་ཛཿ ཛཿཛཿཧཱུྃ། དམ་སྲི་ཕོ་མོ་ཐམས་ཅད་ཀྱི་སྙིང་ལ་མཱ་ར་ཡ་ཛཿ རྦད་ནན། ཅེས་ཅི་འགྲུབ་བཟླས་མཐར། གུ་གུལ་གྱིས་བདུག་ཅིང་ཐུན་ཀྱིས་བྲབས་ལ་ཛཿ གུ་གུལ་སྦྱར་བས་སྲིར་བདུག་པས་གནོད་པ་སྲི་ཡི་རྫུ་འཕྲུལ་ཉམས་པར་ཤོག་ཆང་དང་དུག་ཁྲག་སྣ་ཚོགས་པ། །དྲག་པོའི་དམར་གཏོར་མཚོན་དཔལ་རྡོལ། །ལྕགས་ཟངས་མཁར་སྒོང་རྐེ་ཚེ་དང་། །དཀར་ནག་ཡུངས་ཀར་ཐུན་གྱིས་བྲབས། །སྲི་ཡི་རྫུ་འཕྲུལ་ཉམས་པར་ཤོག །ཅེས་བརྗོད། བྲུབ་ཁུང་ཁ་སཱཙྪ་ནག་པོས་བཅད། །དམར་གཏོར་ལ་འགུགས་གཞུག་བྱ། སྨན་རཀ་གིས་སྦྲན། དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་གཏོར་མ་ངོ་བོ་རང་བཞིན་རྣམ་པར་དག་ཅིང་རྨད་དུ་བྱུང་བ་ལས། རྣམ་པ་ཤ་ཁྲག་རུས་པའི་རང་བཞིན་སྲུང་མ་དམ་ཅན་རྒྱ་མཚོ་དགྱེས་སྐོང་དམ་པར་གྱུར། ཨོཾ་ཨཱཿཧཱུྃ། གསུམ་དང་། ཨེ་ཨ་ར་ལི་ཧྲི༚་ཧྲི༚་ཛཿཛཿ ཞེས་པས་བརླབས། ཞིང་བཅུ་བསྒྲལ་བའི་ཤ་རུས་དབང་ལྔའི་རྡུལ༔ རབ་བརྩེགས་དམར་ཆེན་བ་ལིང་མཆོད་སྤྲིན་དབང་༔ རིན་ཆེན་སྣ་བཞི་ཀུན་བཟང་མཆོད་སྤྲིན་དུ། །དམིགས་ཏེ་དཔལ་ཆེན་འཁོར་དང་བཅས་ལ་འབུལ། ཛཿཧཱུྃ་བཾ་ཧོཿ ཤྲི་ཧེ་རུ་ཀ་སརྦ་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ། ཧཱུྃཿ དུས་གསུམ་རྒྱལ་བའི་ཕྲིན་ལས་
འབྱུང་བའི་དཔལ༔ མ་རུངས་འདུལ་མཛད་ཀརྨ་ཧེ་རུ་ཀ༔ འགྲོ་བ་སྙིགས་མའི་སྡུག་བསྔལ་སྐྱོབ་པའི་ལྷ༔ དྲག་པོའི་ཕྲིན་ལས་མཛད་ལ་མཆོད་པ་འབུལ༔ ཁྲོ་བཅུ་ཡབ་ཡུམ་ཁྲ་ཕྱག་སྒོ་བ་བཞི༔ ཕུར་སྲུང་ཟ་གསོད་དབང་ཕྱུག་ཉེར་བརྒྱད་སོགས། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས། །བ་ལིང་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ དམིགས་པའི་དགྲ་བགེགས་གཟུགས་ལིང་མིང་བཅས་འདིའི༔ བླ་ཁུག་དབུགས་འཕྲོག་མགོ་འཁོར་ཁྲག་ཏུ་སྐྱུགས༔ བརྒྱལ་ཞིང་ལུས་སེམས་བྲལ་ལ་སྲོག་རྩ་ཆོད། ཚེ་ཡི་འདུ་བྱེད་བསྐུམས་ལ་མྱུར་དུ་སོད༔ ཤ་ཁྲག་གཟུགས་ཕུང་འབྱུང་བ་ཞལ་དུ་ཐོབ༔ བསད་རྟགས་དོན་སྙིང་དམར་པོ་ཁྱེར་ལ་ཤོག༔ བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབ༔ ལུས་ངག་ཡིད་གསུམ་མཐུ་རྩལ་ནུས་པ་རྣམས༔ ནམ་ཡང་ལྡང་མེད་མནན་པའི་ཕྲིན་ལས་མཛོད༔ ཅེས་པས་ཐུན་གཏོར་འབུལ། འཁོར་རྣམས་བསྡུས་ལ་གོ་བགོ་བསྔོ་སྨོན་སོགས་པ། དེ་ནས་ཐུན་གཉིས་པར་རྒྱུན་བཤགས་སྔོན་འགྲོས་ཏིང་འཛིན་རྣམ་གསུམ་མན་ཆད་སྔར་ལྟར་ལ་མཆོད་པའི་རིགས་མདོར་བསྡུས་དང་། གཏོར་ཆོག་མི་དགོས་ལ། གསེར་སྐྱེམས་ཀྱང་བསྡུས་པ་བྱ། གཞན་སྔར་བཞིན། ཐུན་གསུམ་པའང་དེ་དང་མཚུངས། ཐུན་བཞི་བར་བཟླས་པའི་རྗེས་སུ་ཚོགས་བར་པ་ཡན་བཏང་། དེ་ནས་ཐུགས་དམ་བསྐུལ་བ་ལ་འཇུག་ཅིང་། བྲུབ་ཁུང་། ཁ་བཅད་ཟིན་ནས་ཆོས་སྐྱོང་གི་སྤྱི་བསྟན་མན་ཆད་མཐར་དབྱུང་། དེ་ལྟ་བུའི་ཚུལ་གྱིས་
ཁུག་རྟགས་མ་བྱུང་བར་རམ། ཞག་གསུམ་བདུན་སོགས་ཇི་ཙམ་བྱེད་པ་ཆ་གཉིས་སུ་བགོས་པའི་ཆ་གཅིག་ལ་འབད་དོ། །གཉིས་པ་བསད་པ་ནི། ཐུན་རྡེག་པ་ཡན་སྔར་ལྷར་ལ་ཡང་འགྲེལ་སོ་དྲུག་གི་དམིགས་པ་བྱས་ལ། ཧཱུྃ་ལ་ར་བི་དྱ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། བིནྡྷ་བིནྡྷ་ཧཱུྃ་ཕཊ། གྲྀཧྞ་གྲྀཧྞ་ཧཱུྃ་ཕཊ། བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཧ་ན་ཧ་ན་ཧཱུྃ་ཕཊ། ཏྲ་ཤ་ཡ་ཏྲ་ཤ་ཡ་ཧཱུྃ་ཕཊ། ཧ་ས་ར་ཡ་ཧ་ས་ར་ཡ་ཧཱུྃ་ཕཊ། ཧྲཱི་དཎྜ་ཧཱུྃ་ཕཊ། ཤྲཱིགྷྲཱཾ་ཨ་ན་ཡ་ཧཱུྃ་ཕཊ། ཛྭ་ལ་པ་ཡ་ཛྲ་ལ་པ་ཡ་ཧཱུྃ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ། བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ། ཅི་ནུས་དང་། རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་དམིགས་བྱ་རྣམས་ལ་ཕོག་པས། བ་མོ་ལ་ཉི་ཟེར་ཕོག་པའམ། མེ་ཏོག་སད་ཀྱིས་ཁྱེར་བ་ལྟར་བཀྲག་མདངས་ཉམས། བདག་མདུན་དང་བྲུབ་ཁུང་ཁའི་རྩད་རྣམས་ཤན་པ་ཕོ་མོའི་ངོ་བོར་གསལ་བའི་ཞལ་ནས་སྔགས་སྒྲ་དི་རི་རི་བཟླས་པས། དྲག་སྔགས་ཀྱི་འོད་ཟེར་མེ་ལྕེ་རྣོ་ངར་དང་ལྡན་པའི་མཚོན་ཆའི་རྣམ་པར་འཕྲོས་ཏེ། ལུས་ཀྱི་ཡན་ལག་ནང་ཁྲོལ་རྣམས་བཅད་གཏུབ་བྱས་ཏེ་ལོ་ཏོག་སེར་བས་བཅོམ་པ་ལྟར་གྱུར། ཡང་དུག་གིས་འཚུབ་ཅིང་ནད་ཀྱིས་གཟིར་ནས་དབང་པོ་ཉམས་ཤིང་རྣམ་ཤེས་མར་མེ་འཆི་ཁའི་འོད་ལྟར་ནག་སྐེམ་སྐེམ་པ་དེ་ཡང་ཐུམས་སེ་བསད་པར་བསམ། ཟབ་གནད་དམིགས་པ་ནི། རྡོ་རྗེ་གཞོན་ནུ་སྐུ་སྨད་ཁྲོ་ཕུར་ལྕགས་སྲེག་གི་རང་བཞིན་ཏེ། དམིགས་བྱའི་སྤྱི་གཙུག་ཏུ་བརྒྱ་བ། རྐང་མཐིལ་ནས་བྱུང་། ལྕེ་སྟེང་ནས་ཨོག་མར་ཕྱུང་བར་བསམ་སྙིང་ཁར་ཐོག་རྒྱབ་ལྟར་སོང་བས་
སྲོག་རྩ་ཐལ་བར་བཏང་། མདོར་ན་དགྲ་བོའི་སྒོ་གསུམ་བྱ་སྒྲོ་མེ་ལ་བསྲེག་པའམ། གཞོབ་བརྫིས་པ་ལྟར་ཐལ་བ་བུན་སོང་ནས། ཕུར་པའི་ཆར་རྒྱུན་མི་ཆད་པས་རྫས་མེད་རྩ་ལག་ཕུང་ཐལ་དུ་སོང་བར་བསམས་ལ། ལུས་ངག་ཡིད་གསུམ་བསྒྲལ་བའི་དམིགས་པ་བསྒོམས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། མ་རཀྨོ་ཡཀྨོ་ཀཱ་ལ་རུ་པ་དམ་སྲི་མཱ་ར་ཡ་སོད། སྙིང་རྩལ་ཡཾ་ཡཾ། དམ་སྲི་མཱ་ར་ཡ་སོད། སྲོག་རྩལ་ཡཾ་ཡཾ། སྙིང་ལ་ཕྲིལ་ཕྲིལ། དམ་སྲི་མཱ་ར་ཡ་སོད། སྲོག་ལ་ཆུཾ་ཆུཾ། ཙིཏྟ་སྲོག་ལ་དུང་དུང་། སྙིང་ཁྲག་ཤད་ཛ༔ དམ་སྲི་མཱ་ར་ཡ་སོད། ཐུཾ་རི་ལི་ལི། །སྙིང་རྩེགས་རྩེགས། འུར་འུར་ཤིག་ཤིག །འགུལ་འགུལ། མྱག་མྱག་དམ་སྲི་མཱ་ར་ཡ། སོད་སོད་དྷ་དྷི་མ་མ་ཀརྨ་ཤྲཱིགྷྲཾ་ཀཱ་ར་ཡེ་མ་ར་སེ་ནི་པྲ་མརྡྷ་ནི་ཡེ་ཧཱུྃ་དམ་སྲི་མཱ་ར་ཡ་སོད་ཕཊ༔ ཅི་ནུས་བཟླས་པས་གཟིར་བའི་མཐར་ཐུན་བརྡེགས་ལ་ཐུགས་དམ་དྲག་ཏུ་བསྐུལ་བ་ནི། ཧཱུྃ། དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། །ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ། །ཁྲོ་བཅུ་ཁྲ་ཐབས་སྒོ་སྐྱོང་ཚོགས། །སྲས་དང་སྲུང་མ་དམ་ཅན་རྣམས། །སྐུ་ནི་འཇིགས་གཟུགས་སྟོང་ཁམས་ཁྱབ། །གསུང་ནི་དྲག་སྔགས་འབྲུག་སྟོང་ལྡིར། །ཐུགས་ནི་ཆོས་དབྱིངས་སྐྱེ་བ་མེད། །གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །སྤྲུལ་པའི་ཕོ་ཉ་རྡུལ་ལྟར་འཚུབས། །ཡེ་ཤེས་མཚོན་ཆ་སྐར་ལྟར་འཁྲུགས། །དམ་སྲི་ལས་ངན་སྡིག་ཆེན་ལ། །རྡོ་རྗེ་ཕུར་པ་ཐོག་ལྟར་འབེབས། །ཡུངས་ཐུན་དྲག་པོ་
རྦབ་ལྟར་འགྲིལ། །ཁྲག་ཐུན་དུག་རླངས་མཚོ་ལྟར་ཁོལ། །མཚེ་དང་མདའ་ཟོར་རླུང་ལྟར་འཚུབས། །མཚོན་ཆའི་རྣོ་དབལ་མེ་ལྟར་འབར། །གཏོར་ཟོར་དྲག་པོ་སེར་ལྟར་འབེབས། །ཁྲོ་རྒྱལ་ལྷ་ཚོགས་མཐུ་མ་ཆུང་། །ལས་མཁན་སྲུང་མ་རྩལ་མ་ཞན། །ཐུན་དང་མཚོན་ཆ་དཔལ་མ་བརྟུལ། །དུག་ཁྲག་ནད་རླངས་མཚོན་ཆ་དང་། །ཐུན་རྫས་རྡོ་རྗེའི་མེ་ཆར་ཕོབ། །དམ་སྲིའི་ལུས་ངག་ཡིད་ལ་གཟིར། །དམིགས་པའི་དགྲ་བགེགས་རྡུལ་དུ་རློག །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །མཚན་མ་རྫས་ཀྱི་དཀྱིལ་འཁོར་གྱི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་མདུན་གྱི་ནམ་མཁར་བྱོན་ནས་མཚོན་ཆའི་ཐུན་རྫས་སྣ་ཚོགས་ཆར་ལྟར་ཕབ་ནས་དམ་སྲི་དེ་རྡུལ་ཕྲན་བཞིན་ཏུ་བརླག་པར་བསམས་ལ་འབྲུབ་ཁུང་ཁ་བཅད་པ་སོགས་སྔར་བཞིན་བྱས་ལ་ཐུན་བཞིའི་ཚུལ་གྱིས་འགུགས་པའི་ཕྱེད་ཆ་ཙམ་དུ་བསྒྲུབ་བོ། །གསུམ་པ་མནན་པ་ནི། བསད་པའི་སྔགས་དམིགས་ཡན་སྔར་བཞིན་ལ། །བྲུབ་ཁུང་གནམ་ལྕགས་ཀྱི་ཁང་སྒྲོམ་སྲུབས་མེད་པ་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་གཤིན་རྗེའི་བཙོན་ཁང་། གསེར་གྱི་ས་གཞིའི་འོག་ཏུ་སླེབས་པ་ཙམ་གྱི་གཏིང་རིང་བ། ལྕགས་སྲེག་གི་ས་གཞི་ཕྱི་ནང་ཐམས་ཅད་ནད་ངན་དུག་གི་རླངས་པ་འཁྲིགས་ཤིང་། མཚོན་ཆའི་ཆར་འབེབས་པ། རྩད་རྣམས་ཀྱང་ལས་བྱེད་ཀྱི་ཁྲོ་བོ་དཔག་ཏུ་མེད་པ་མཚོན་ཆ་ཐོགས་པས་བསོར་བའི་ཕྱི་རོལ་དུ་ས་ཆུ་མེ་རླུང་མི་བཟད་པའི་གུར་ཁང་རིམ་པ་མང་པོ་བསྐལ་བའི་རླུང་ཡང་མི་ཐར་བའི་གཏིང་དུ་དགྲ་བགེགས་དམ་སྲི་དབང་མེད་དུ་ཚུད་དེ་སྒོ་གསུམ་མྱོས་ཤིང་བརྒྱལ་ནས་འགུལ་བསྐྱོད་བྲལ་བའི་སྟེང་དུ་
སྟོབས་བཅུའི་རྩལ་མངའ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཡང་སྤྲུལ་དང་བཅས་པས་གཟིར་ཞིང་མནན་ཏེ་བསྐལ་པའི་བར་དུའང་མི་ཐར་བར་བསམས་ལ། ཡང་ཟབ་དམིགས་པ་ནི། དགྲ་བགེགས་འབྱུང་པོའམ་སྤྱི་མགྲིན་དང་། སྙིང་ག་ལྟེ་བ་གསང་གནས་ལྔ། གནམ་ལྕགས་ཙཀྲ་རྩིབས་བརྒྱད་པ། སྣ་ཚོགས་རྡོ་རྗེས་མཚན་པ་ར། རྩིབས་བཞིར་རྒྱ་གྲམ་ལྕི་ཞིང་འཐས། མནན་པས་ལུས་ངག་ཡིད་གསུམ་ཚོགས། འགུལ་བསྐྱོད་སྨྲ་བསམ་མེད་པ་རུ། ཉམ་ཐག་དུ་ཁའི་རང་བཞིན་གྱུར། །ཅེས་པ་བསྒོམས་ལ། སྔགས་འདི་བཟླས། མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ་དམ་སྲི་བྷ་ཡ་ནན། སྙིང་རྩལ་ཡཾ་ཡཾ་དམ་སྲི་སྟྭཾ་བྷ་ཡ་ནན། སྲོག་རྩལ་ཡཾ་ཡཾ། སྙིང་རྩལ་ཕྲིལ་ཕྲིལ་དམ་སྲི་སྟམ་བྷ་ཡ་ནན། སྲོག་ལ་ཆུཾ་ཆུཾ། ཙིཏྟ་སྲོག་ཁ་ཏུང་ཏུང་། སྙིང་ཁྲག་ཤད་ཛ་དམ་སྲི་སྟཾྭ་བྷ་ཡ་ནན། ཐུཾ་རི་ལི་ལི། སྙིང་རྩེགས་རྩེགས་འུར་འུར་ཤིག་ཤིག་འགུལ་འགུལ། མྱག་མྱག་དམ་སྲི་སྟྭཾ་བྷ་ཡ་ནན། སོད་སོད་དྷ་ཏི་མ་མ་ཀརྨ་ཤི་ཏྲཾ་ཀ་ར་ཡེ། མར་སེ་ན་པྲ་སུརྡྷ་ནི་ཡེ་ཧཱུྃ་སྟཾྭ་བྷ་ཡ་ནན། རྗེས་བྱ་སྔོན་མ་རྣམས་ལྟར་བྱས་ལ་བསད་པའི་ཕྱེད་ཆ་ཙམ་བསྒྲུབ་བོ། །གསུམ་པ་རྗེས་ཀྱི་བྱ་བ་མནན་པའི་ལས་རིམ་དངོས་ནི། རྟགས་རྫོགས་ནས་ཉེར་དགུ་ལྟ་བུ་མནན་པ་ལ་འཇུག་པའི་ཉིན། །བསད་པའི་སྔགས་དམིགས་ཡན་སྔར་བཞིན་བྱ་དེ་ནས་ལྷ་དབྱེ་ནས་ཞལ་བསྟབ་བར་ཡང་འགྲེལ་ལོ་དྲུག་གཏོར་ཟློག་གཞུང་བཞིན་བྱས་ལ་ལིངྒ་དགྲ་ལྟེབས་འདྲེ་ལྟེབས། །ཤི་ལྟེབས་མཚོན་ལྟེབས་རྣམས་སྐབས་བསྟུན་བྱས་ལ། ཐུན་རྫས། ཡོས་ཚིག །ཐལ་ཆེན། བཏང་མེད་ཀྱི་མུན་པ། ཐར་མེད་ཀྱི་གཏིང་རྡོ་སོགས་བལ་
ཚོན་སྣ་ལྔའི་སྐུད་པས་དམ་པར་བཅིངས་ལ། མནན་ཐོད་གང་ཡིན་དེར་བཅུག་ལ་ཀླད་ཁུང་ནས་ཐལ་སྐྱོ་མི་ཁའི་རྫས་དང་། ཚྭ། བུལ་ཏོག །བ་ཚྭ་རྣམས་ཀྱིས་བཀང་། ཁལ་ཁྲོ་ཞལ་ལམ་སྣ་ཚོགས་རྡོ་རྗེའི་ཐེའུས་རྒྱས་བཏབ། ཕྱི་ཕུད་རེའམ་ཡུག་སའི་ཤ་གོས་ཀྱིས་དྲིལ། རོ་སྒྲ་དང་ར་ཁྱི་ཕག་གི་སྤུ་དང་། ཚོན་སྐུད་སྣ་ལྔས་མདུན་ནས་རྒྱབ་དང་གཡོན་ནས་གཡས་སུ་བཅིངས། སེ་རྐྱེར་འོམ་བུའི་རྩང་སྣེ་གཉིས་ཕུར་པ་ཅན་བསྣོལ་མར་གཟུག །དེ་དག་གི་ཚེ་རོལ་མོ་བཅས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། དྷ་དྷི་མམ་ཀརྨ་ཤཱི་གྷྲཱཾ་ཀ་ར་ཡ་ནྲྀ་ཏྲི་མཱ་ར་ཡ་རྦད། ཨོཾ་བཛྲ་ཨངྐུ་ཤ་ཛཿ བཛྲ་པ་ཤ་ཧཱུྃ། བཛྲ་སྦོ་ཊ་བཾ། བཛྲ་གྷཎྜེ་ཧོཿ ཨོཾ་སརྦ་ཛ་ཏྲི་སོགས་ཀྱི་མཐར། རྦད་ནན་མཱ་ར་ཡ་ཕཊ། བཏགས་པ་དང་། གབ་པའི་སྔགས་དྲུག་བཟླ། དམིགས་པ་ནི་དམ་སྲི་དེ་རྣམས་དབང་པོ་ཉམས་ཤིང་བྲལ་ནས་འགུལ་ཙམ་ཡང་མི་དབང་ཞིང་བྱད་ཐག་སྣ་ལྔས་གྲུ་གུ་ལྟར་བསྡམས། སྙིང་ནང་དུ་འཁོར་ལོ་རྩིབས་བརྒྱད་གནམ་ལྕགས་ལས་གྲུབ་པ་རྣོ་ངར་དང་ལྡན་པ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཡ་ཞེས་པས་མཚན་པ་གཡོན་བསྐོར་དུ་དྲག་ཏུ་འཁོར་བས་སྙིང་སོགས་ནང་ཁྲོལ་རྣམས་བཅད། ཁོལ་ཟུག་གཟེར་དང་ན་ཚ་སྡུག་བསྔལ་མི་སྐྱེ་བ་བདེ་བའི་ངང་དུ་དྲན་མེད་དུ་བརྒྱལ་བར་བསམ། དེ་བར་མནན་ཆས་ཟིན་ནས་ཐོད་པ་དེ་བྲུབ་ཁུང་དུ་བཞག །མཐའ་མཚོན་ཆས་བསྐོར་ལ་འདི་སྐད་གྱེར་རོ། །ཀྱཻ། སྔོན་གྱི་ལས་ངན་བསགས་པ་ཡི། ད་ལྟ་ལུས་ངན་བླངས་པ་ཡིན། སྲི་ཅན་འཁོར་དང་བཅས་པ་ཡི། །རིགས་ནི་ཡི་དྭགས་རྫུ་འཕྲུལ་ཅན། ལས་ནི་ངན་དགུ་དུག་བཅུ་སྤྱོད།
ཐལ་བའི་མདོག་ལ་སྐྲ་གཟེངས་སྐྱེས། །བོང་ཆུང་མགོ་ཆེ་བཞིན་མི་སྡུག །ལྟས་ངན་རྟགས་སུ་ཡ་སོ་ཏོལ། །སྔོན་ནས་སེམས་ལ་གདུགས་རྩུབས་འཆང་། །ལས་ངན་བྱས་པས་གྲུབ་པ་ཡིན། །ཁྱོད་མ་ཡི་སྲིལ་བུ་ཡི་སྲི། །ཆེ་ཡི་སྲི་ལ་ཆུང་གི་སྲི། །ནོར་གྱི་སྲི་ལ་ཕྱུགས་ཀྱི་སྲི། །རྒྱལ་པོའི་སྲི་ལ་བློན་པོའི་སྲི། །བསྟན་པ་གཉེན་པོ་ཁྱོད་ཀྱིས་བཤིག །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་སྨོད། །རྡོ་རྗེ་སློབ་དཔོན་སྐུ་ལ་དགྲ། །ཐེག་ཆེན་ཆོས་ལ་ཁྱོད་ཀྱིས་སྨོད། །སེམས་ཅན་ཡོངས་ལ་གནོད་པ་བྱས། །རྣལ་འབྱོར་ པ་ཡི་ཚེ་བདུད་བྱས། །བསྒྲལ་བའི་ཞིང་བཅུ་ཁྱོད་ལ་ཚང་། །བརྗེད་ཀྱི་དོགས ་ནས་ལིངྒ་ལས། །ནོར་གྱི་དོགས་ནས་མིང་རུས་བྲིས། །བྲོས་ཀྱི་དོགས་ནས་ལྕགས་སྒྲོག་བརྒྱབ། །མཚོན་ཆ་རྣམས་ཀྱིས་མཐའ་ལ་བསྐོར། །ཕོ་ཉ་རྣམས་ཀྱིས་འགུགས་འདྲེན་བྱས། །རཀྟ་ཁོལ་བའི་རྦ་ལ་གཡེང་། །ཡུངས་ཀར་སྦྱར་བའི་ཐུན་གྱིས་བྲབ། །གུ་གུལ་དུད་པ་སྦྱར་བས་བདུག །སྐྱེར་པའི་ཚེར་མ་སྙིང་ལ་གཟེར། །རེ་བ་ནག་པོའི་ཐུམ་གྱིས་གཏུམས། །ཚོན་སྐུད་སྣ་ལྔས་རྒྱ་ཆིང་བྱས། །སྙིང་རྗེ་མེད་པའི་ལག་ཏུ་གཏད། །སྲི་ཁུང་གྲུ་གསུམ་ནང་དུ་བྲུབ། །འཇིག་རྟེན་ཁམས་འདི་མ་ཞིག་བར། །ནམ་ཡང་ཐར་བའི་བསྐལ་པ་མེད། །ཞེ་སྡང་སེམས་ཀྱིས་མི་མནན་ཏེ། །བྱམས་དང་སྙིང་རྗེས་མནན་པར་བྱ། །ནམ་ཞིག་བྱང་ཆུབ་
སེམས་བསྐྱེད་ནས། །ཡི་གེ་ཧཱུྃ་ལ་བརྫུས་ལ་ཤོག །སྐབས་འདིར་ཐོད་དབང་བསྐུར་བའི་མོས་པ་བྱ་སྟེ། དཀྱིལ་འཁོར་གསུམ་གྱི་ལྷ་རྣམས་དང་རང་བཞིན་གྱི་དབྱིངས་ནས་བཞུགས་པའི་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི་སྐུ་དང་ཕྱག་མཚན་སོགས་ལས་འོད་ཟེར་དམར་ནག་མེ་རླུང་འཚུབས་ཤིང་སྲ་མཁྲེགས་མཚོན་ཆའི་རང་བཞིན་ཐོད་པ་ལ་བསྟིམས་པས། ཐོད་པ་ཤིན་ཏུ་སྲ་ཞིང་བརྟན་པ་དགྲ་བགེགས་བསྐལ་པའི་བར་དུ་མི་ལྡང་བའི་བཙོན་ཁོང་སྲུབས་སིང་མེད་པར་བསམས་ཤིང་། དྲིལ་ཚར་ཀྱང་བསྐལ་བའི་མུན་པ་དང་། རྩད་རྣམས་གཤིན་རྗེའི་ལས་བྱེད་ཤན་པ་ཕོ་མོས་བསྐོར་ནས་ལྡང་མེད་དུ་ཐུབ་པར་སྲུང་བ་ནན་ཏན་དུ་གསལ་གདབ་བོ། །མནན་པའི་གནས་ནི། ཕོ་སྲི་གངས་དཀར་སྟེང་། མོ་སྲི་རྒྱ་མཚོའི་གཏིང་། ཆུང་སྲི་ར་ཡི་ཐོད་པ་དེ་ཐབ་སྒྱེད་ཞབས་སུ་མནན། སྲེ་མོའི་ཐོད་པ་ཅན་དེ་སྒོ་ཐེམ་ཞབས་སུ་མནན། ཁྱི་ཐོད་ཅན་དེ་རྒྱ་གྲམ་མམ་གྲོང་ཁྱེར་གྱི་སྲོང་མདོར་མནན། སྤྱིར་བཏང་མལ་འོག་ཏུ་མནན་པར་གསུངས། བདུད་སྲི་བདུད་གཅོད་ཕྱོགས་སུ། བཙན་སྲི་ལུང་གསུམ་མདོའམ། ལ་བཙས་འོག་ཏུ། རྒྱལ་སྲི་ལྷ་ཁང་ཐེམ་འོག །དམ་སྲི་ཐེབས་འོག་གམ། ཡང་ན་མཆོད་རྟེན་འོག་གམ། །ལམ་རྒྱ་གྲམ་མམ། ལྷོ་ཕྱོགས་ཀྱི་ཤིང་གཅིག་འོག་ཏུ། །ཀླུ་སྲི་བྲག་བྱ་ཁྱུང་འདྲ་བའི་འོག་ཏུ། དགྲ་སྲི་ལྡང་ཕྱོགས། གྲི་སྲི་ཕུང་ཤུལ་དུ། དུར་སྲི་དུར་སྲི་དུར་ཆེན་གྱི་ཞབས་སུ། རྒན་སྲི་སྒོ་ཡི་ཐེམ་འོག་ཏུ་མནན། བྱེས་སྲི་ལམ་རྒྱ་གྲམ་ལོགས་སུ་ཞིང་གི་ལོ་སྲི་ལམ་རྒྱ་གྲམ། གོད་སྲི་ལམ་འོག་གམ་ར་བའི་ཕུག་གམ། ས་མདོ་སོགས་དཔྱད་གཞུང་དང་བསྟུན་པའམ། མ་ི་འབུམ་པ་སོགས་ཀྱིས་
ཞབས་སུ་མནན། དམིགས་སུ་མི་གསལ་བ་རྣམས་ལམ་རྒྱ་གྲམ་མམ། གྲོང་ཁྱེར་གྱི་སྲང་མདོའམ། སྒོ་ཡི་ཐེམ་འོག་གམ། ལུང་གསུམ་འཛོམ་མདོ་ཆེན་པོ་སོགས་སུ་མནན་པར་གསུངས་ལ། སྤྱིར་འཇིགས་པའི་ལྕེ་མདུང་སོགས་ཤེས་ན་མཆོག་གོ་མནན་པའི་གནས་དེར་ལྟོ་འཕྱེ་བརྟགས་ལ་བཙོད་རུ་ལ་ཀླུ་སྨན་སྦྱར་བས་དོང་གྲུ་གསུམ་སོར་ཉི་ཤུ་རྩ་གཉིས་ཀྱི་ཚད་དུ་བྲུས་ལ། དཀར་གཏོར་གསེར་སྐྱེམས་གོང་གནོན་ལས་གཏོར། མནན་ཆས་ཚད་མཁྱེར། སློབ་དཔོན་སྔགས་ཆས་བཅས་དེར་ཕྱིན་ཏེ། གསེར་སྐྱེམས་རྒྱས་པས་མཆོད། ཕུར་ཁ་བསྒྱུར་བ་བྱས། རང་ཉིད་དཔལ་ཆེན་སྐུ་རུ་གསལ་བ་ཡིས༔ ཕྱག་གི་གནམ་ལྕགས་ཕུར་བུ་ས་ལ་བཏབ༔ ས་གཞི་གས་ཏེ་རྒྱ་མཚོ་སྔོ་མེར་གསལ༔ དེ་དབུས་གནམ་ལྕགས་ཁང་པ་སྒོ་མེད་ནང་། འཆི་བདག་གཤིན་རྗེ་ནག་པོ་འཇིགས་རུང་བ༔ ལག་གཡས་དབྱུག་ཏོ་གཡོན་ན་ཞགས་པ་ཐོགས༔ མི་སྡུག་དྲི་འཐུལ་མ་ཧེ་ནག་པོ་ཞོན༔ གཤིན་རྗེའི་འཁོར་ཚོགས་རྔམས་པའི་ཚུལ་གྱིས་བསྐོར༔ མངོན་སུམ་ལྟ་བུར་གསལ་བ་ཉིད་དུ་གྱུར། ས་མཱ་ཡ་ཛཿས་མཱ་ཡ་ཧཱུྃ༔ གིས་དམ་བཞག་ལ། དམར་གཏོར་ལ་བཀའ་བདེན་སྟོབས་ཀྱིས་དམིགས་བྱ་ལེན་གསུམ་བཀུག་ལ། ཨོཾ་ཨཱཿཧཱུྃ་གིས་བརླབ། ཀྲྀཥྞ་ཛ་མཱ་རི། དགྲ་བགེགས་ཀྱི་མཱཾ་ས་ཙིཏྟ་རཀྟ་གོ་རོ་ཙ་ན་ཀི་ནི་རི་ཏི་གྲྀ་ཧ་ན་ཁཱ་ཧི་ས་བསྔོས་ལ། ཧཱུྃ། འཆི་བདག་ནག་པོ་འཁོར་བཅས་ལ༔ དགྲ་བོའི་ཤ་ཁྲག་གཏོར་མ་འདི༔ འབུལ་གྱིས་
དགྱེས་པར་རོལ་ནས་ཀྱང་༔ དམ་ཉམས་དགྲ་བོ་འཁོར་དང་བཅས། །བསྡམས་འཛིན་མནན་པའི་ཕྲིན་ལས་མཛོད༔ ཅེས་པས་དམར་གཏོར་དངོས་སུ་འབུལ། མནན་ཐོད་ལ་འགུགས་གཞུག་ཚིག་ལྷུག །ན་མོ་རྩ་བརྒྱུད་བླ་མ་སོགས་སམ། དགྲ་མནན་ལ་བླ་འགུགས་ལན་གསུམ། གབ་པའི་སྔགས་དྲུག་བཟླས་ལ་སྐྱེར་ཕུར་གྱིས་བཏབ་སྟེ། ཧཱུྃ། སྲི་ལས་སྣ་འདྲེན་ཆེ་བ་མེད། །སྲི་ལས་སྐྱེས་རིགས་ཆེ་བ་མེད། །ན་བའི་གཟེར་དུ་ཆེ། ཚ་བའི་དཔལ་དུ་ཆེ། གསེན་གྱི་བདུད་དུ་ཆེ། །གཤིན་གྱི་གཤེད་དུ་ཆེ། ཆེ་སྲི་ཆུང་གི་སྲི། རྒྱལ་སྲི་བློན་གྱི་སྲི། ཞང་སྲི་ཚ་བོའི་སྲི། །རྗེ་སྲི་ཁོལ་གྱི་སྲི། མ་སྲི་ནུ་བོའི་སྲི། བུ་སྲི་ནུ་ཡི་སྲི། ལྕམ་དང་དཔལ་གྱི་སྲི། ཡོད་སྲི་མེད་ཀྱི་སྲི། ཡུལ་སྲི་དུར་གྱི་སྲི། གོད་སྲི་སྒོ་ཡི་སྲི། །སྲི་རྣམས་ཐམས་ཅད་འདུལ་བའི་ཕྱིར། དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུར་བསྒོམ་སྟེ། དྲག་པོར་གྱུར་པའི་ཕུར་པ་ཡིས། སྲི་རྣམས་ཐམས་ཅད་རྡུལ་དུ་རློགས། ཕུར་པའི་ལས་རྣམས་གྲུབ་པར་མཛོད། ཧཱུྃ་སྦ་ར་སོགས་བརྗོད། ཧཱུྃ། ཕུང་སྲི་བྱ་བའི་ལས་ངན་འདིས༔ རྡོ་རྗེ་སློབ་དཔོན་སྐུ་ལ་བསྔོས༔ རྡོ་རྗེ་མཆེད་ལ་བར་ཆད་བྱས༔ རྣལ་འབྱོར་བདག་ལ་རྟག་ཏུ་འཚེ༔ དམ་སྲི་སྡིག་ཆེན་ལས་ངན་འདིས༔ རྒྱལ་ཁམས་ཡོངས་ལ་གནོད་པ་བྱས༔ སྦྱོར་སྒྲོལ་མང་པོའི་སྒོ་ཡང་བཀག༔ བཀའ་ལས་འདའ་བྱེད་སྡིག་ཆེན་འདི༔ ནམ་ཡང་བཏང་
བར་མ་བྱེད་ཅིག༔ འཇིགས་རུང་གཤིན་རྗེའི་ཁ་ནང་ཆུག༔ མི་འགྱུར་ཡོངས་པའི་མགྲིན་པར་དྲོངས༔ ཐར་མེད་ལས་ཀྱི་ལྟོ་བར་ཆུག༔ གཏད་དོ་འཆི་བདག་ཁྱོད་ལ་གཏད༔ འཆི་བདག་ནག་པོ་དམ་ཚིག་ཅན༔ གལ་ཏེ་བྱང་ཆུབ་སེམས་ལྡན་པར༔ སྲི་ངན་གཏད་ཀྱི་སླར་མ་བཏང་༔ ཅེས་པས་དོང་ནང་དུ་བསྐྱུར། དམིགས་བྱ་ཁོང་ཆུད་གཤིན་རྗེ་ཞལ་བསྡམས་ཏེ༔ མནན་པའི་ལས་སྦྱར་དམ་ཉམས་དགྲ་བོ་རྣམས༔ བསྐལ་པ་མ་སྟོངས་བར་དུ་མི་ཐར་བར༔ མུན་ནག་རུམ་གྱི་ནང་ནས་རྒྱ་མཚོའི་གཏིང་༔ རིམ་བདུན་ས་འོག་གཤིན་རྗེའི་གྲོང་ཁྱེར་སོང་༔ བྷོ་དྷི་ཨ་ཡཾ། ཞེས་བརྗོད་ལ། རླུང་མེ་ཆུ་ས་རིམ་པ་བདུན་གྱིས་བཀབ་སྟེ། ཡཾ་སྟྭམྦྷ་ཡ་ནན། དེས་འགྲེས་ཏེ། རཾ་བཾ་ལཾ་ཁཾ་སྦྱར་དེ་སྟེང་མི་ཁའི་རྫས་རྣམས་བླུགས་པ་དང་། རང་ཐག་ཡ་ཁེབས་ལ་རི་རབ་གླིང་བཞི་བྲིས་པ་ཁ་ཕྱོགས་མ་ནོར་བ་དང་། །རོ་གཡམ་རྡོ་རྗེ་རྒྱ་གྲམ་བྲིས་པས་བཀབ་ལ། ཧཱུྃ། གནོད་པར་བྱེད་པའི་དམ་སྲི་ཁྱོད། །ཉ་མོ་རྟ་རུ་སོང་ཡང་མ་ལྡང་ཞིག །དཀར་གོང་ལུག་ཏུ་སོང་ཡང་མ་ལྡང་ཞིག །གཡའ་མ་ར་རུ་སོང་ཡང་མ་ལྡང་ཞིག༔ ཅེས་བརྗོད་དེ་སྟེང་ས་རིམ་རེར་རྡོ་རྗེ་རྒྱ་གྲམ་རེ་བྲི་ཞིང་། ཧཱུྃ་གཅིག་ནི་བརྗོད་མེད་ཉག་གཅིག་རྒྱ། །གཉིས་ནི་ཐབས་དང་ཤེས་རབ་རྒྱ། །གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ། །བཞི་པ་ཕྱག་རྒྱ་བཞི་ཡི་རྒྱ། །ལྔ་པ་ཡེ་ཤེས་ལྔ་ཡི་རྒྱ། །དྲུག་པ་ཕ་རོལ་ཕྱིན་དྲུག་རྒྱ༔
བདུན་པ་མ་མོ་བདུན་གྱི་རྒྱ། །བརྒྱད་ནི་དུར་ཁྲོད་བརྒྱད་ཀྱི་རྒྱ། །དགུ་པ་ཧེ་རུ་ཀློང་དགུའི་རྒྱ། །བཅུ་ནི་ཁྲོ་རྒྱལ་བཅུ་ཡི་རྒྱ། །ཁྱོད་ལ་རྒྱ་བཅུ་བརྩེགས་ཏེ་མནན། །རི་རབ་བརྗིད་པའི་འོག་ཏུ་མནན། །དཔལ་གྱི་བྲོ་གར་བྱས་ཏེ་མནན། །བསྐལ་པ་ཇི་སྙེད་མཐའ་རུ་མནན། ཨོཾ་ལཾ། ཨཱཿལཾ། ཧཱུྃ་ལཾ། སྟྭཾཾ་བྷ་ཡ་ནན། ཞེས་དང་། མ་རཀྨོ་ཡཀྨོ་སོགས་མནན་སྔགས་དང་སྤེལ་བ་བརྗོད་ལ། རྣལ་འབྱོར་པ་རྣམས་སྲིན་ལག་སྦྲེལ་ཏེ་ལས་བཞིའི་བྲོ་བརྡུང་། དཔལ་ཆེན་ཧེ་རུ་ཀའི་མཐུ་སྟོབས་དང་ནུས་པས་རྒྱས་བཏབ་ཅིང་། བདེན་པའི་ཚིག་གིས་གཟིར། དྲག་རྩལ་སྟོབས་ཀྱིས་མནན་པས་ཐར་པའི་གོ་སྐབས་མེད་པར་བྱས། དེའི་སྟེང་དུ་ཀརྨ་ཧེ་རུ་ཀ་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པ། སངས་རྒྱས་དོན་ཡོད་གྲུབ་པའི་དབུ་རྒྱན་ཅན། །འཁོར་དཔག་ཏུ་མེད་པ་དང་བཅས་པས་ཕོ་བྲང་བཏབ་སྟེ་མནན་པར་བསམས་ལ། བྱང་གཏེར་ལས་བཤད་པ་ལྟར་གོང་ནོན་དམར་གཏོར་བཞག་ལ་སྟོང་ཉིད་ཀྱི་རྒྱས་བཏབ་སྟེ། ཤིས་བརྗོད་གང་རུང་བྱ། བྱ་ཁྱུང་གིས་རྗེས་བཅད་ལ་ཁྱུང་སྔགས་བཟླ། སྲུང་འཁོར་བསྒོམ། ནང་དུ་ལོག་ནས་ཚོགས་ལ་རོལ། ལྷག་ཆོག། སྤྱི་བསྟབ། བརྟན་མ་སྐྱོང་བ་སོགས་དཀྱུས་ལ་བསྙེགས་ལས་ལེགས་པར་གྲུབ་བོ། །སྔགས་ནག་རལ་ཁུར་ཅན་རྣམས་སྙིང་གི་དཔྱིད། །གཏོ་ནག་ལས་འཕྲོ་ཅན་གྱི་མགྲིན་པའི་རྒྱན། །སྦྱིན་བདག་ཆག་ཆེན་ཡིན་ཀྱི་གཏད་སོ་འདི། །སྙིགས་དུས་འགྲེམ་སྒོ་ཆེ་བས་ཆེད་དུ་སྤེལ། །འདི་འདྲ་དམ་པའི་བྱ་བ་ཡིན་ངེས་མེད། །འོན་ཀྱང་གཞན་ཕན་ཕྲན་བུ་མཆིས་སྲིད་ན། །དེ་ཡི་དགེ་བས་འབྲེལ་ཐོགས་བདུད་བགེགས་བཅས། །དཔལ་ཆེན་ཧེ་རུ་ཀ་དཔལ་འགྲུབ་
གྱུར་ཅིག །ཅེས་པ་འདི་ཡང་དད་དམ་ལྷག་བསམ་ནོར་ལྡན་ཛཾ་ཐང་བླ་མ་ལྔ་སྡེས་ཆེད་དུ་བསྐུལ་ངོར། བཀའ་གཏེར་ཁུངས་ལྡན་འགའ་ཞིག་གི་རྗེས་སུ་འབྲངས་ནས། །བདུད་ལས་རྒྱལ་བའི་དབང་ཕྱུག་ཏཱའི་སི་ཏུ་པདྨ་དབང་ཆེན་གྱིས་རྗེས་སུ་བཟུང་བ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱོར་བ་ངེས་དོན་བསྟན་པའི་དབུ་འཕང་དགུང་ལ་སྙེགས་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ། །