བླ་མའི་ཐུགས་སྒྲུབ་ནོར་བུ་རྒྱ་མཚོའི་སྐུ་གསུམ་སྒྲུབ་པ་ཉམས་སུ་ལེན་བདེར་བཀོད་པའི་ཟིན་བྲིས་རིན་ཆེན་སྒྲོན་མེ།
བླ་མའི་ཐུགས་སྒྲུབ་ནོར་བུ་རྒྱ་མཚོའི་སྐུ་གསུམ་སྒྲུབ་པ་ཉམས་སུ་ལེན་བདེར་བཀོད་པའི་ཟིན་བྲིས་རིན་ཆེན་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་པདྨཱ་ཀ་རཱ་ཡ། །ཆོས་དབྱིངས་མཐར་ཐུག་ཞིང་དང་སྐུའི་བཀོད་པ། །ཀུན་བྱེད་ཀུན་ཏུ་འཆང་བའི་བླ་མ་མཆོག །མཚོ་སྐྱེས་རྡོ་རྗེ་རིག་འཛིན་བརྒྱུད་པར་བཅས། །མི་འབྲལ་སྙིང་གི་ཟེའུ་འབྲུར་རྟག་བཞུགས་གསོལ། །གུ་རུའི་ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱ་ལས། །ཁྱད་འཕགས་ཡོངས་གྲགས་བསྙེན་སྒྲུབ་ཕྱག་བཞེས་དང་། །བྱིན་རླབས་གཟི་བྱིན་ཉམས་མེད་རྒྱུན་ལྡན་པ། །ལྷོ་གཏེར་མཆོག་འདིར་གུས་པས་སྲེ་ཞུ་སྤེལ། །དེ་ཡང་གཏེར་སྟོན་རྒྱལ་པོ་ལྔ་ཡི་ཡ་གྱལ་སྤྲུལ་པའི་གཏེར་ཆེན་པདྨ་གླིང་པའི་ཟབ་གཏེར་ཐམས་ཅད་ཀྱི་གཙོ་བོ་བླ་རྫོགས་ཐུགས་གསུམ་གྱི་ནང་ཚན། བླ་མའི་ཐུགས་སྒྲུབ་ནོར་བུ་རྒྱ་མཚོ་ལ་ཉམས་སུ་
བླང་བྱའི་སྙིང་པོ་རིམ་པ་གཉིས་ཀྱི་ལམ་ཁྱད་པར་ཅན་དུ་བཞུགས་པ་ལས། འདིར་རིམ་པ་དང་པོ་ལ་སྤྱི་དང་བྱེ་བྲག་གི་སྒྲུབ་ལུགས་མང་དུ་གསུངས་པ་རྣམས་ཀྱི་གཙོ་བོ་བླ་མ་སྐུ་གསུམ་སྒྲུབ་པ་ཉམས་སུ་ལེན་པ་ལ། སྤྱིར་འབྱོར་པ་དང་བརྩོན་འགྲུས་ཆེ་ན་གཞུང་གི་དགོངས་པ་དང་རིག་འཛིན་གོང་མའི་ཕྱག་བཞེས་ལྟར་དབང་དང་དམ་ཚིག་ལ་གནས་པའི་སྒྲུབ་པ་པོ་མང་དུ་འདུས་ནས་གཤོམ་བཀོད་དང་སྔོན་རྗེས་ཀྱི་བྱ་བ་རྣམས་ཚོམ་བུ་ཚོགས་སྒྲུབ་ཆེན་མོ་ཇི་ལྟ་བ་བཞིན་བྱ། ཐུན་རེ་རེ་བཞིན་ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་བཟླས་པ་མདོར་བསྡུས་ཀྱི་བར་སོང་ནས། སྐུ་གསུམ་སོ་སོའི་བསྙེན་སྒྲུབ་ལས་སྦྱོར་སྐབས་སུ་བབས་པའི་སྒོམ་བཟླས་ཀྱིས། ཐུན་གྱི་དངོས་
གཞི་བྱ། ཐུན་མཐར་ཁ་སྐོང་སྟོང་ཚིགས་ཕུལ། འགྲུབ་ཏུ་རུང་ན་བསྙེན་རྒྱུན་མ་ཆད་པ་དགོས་ལ། ཐོར་ཐུན་ལ་སྔོན་འགྲོ་རྒྱས་པ། ཕྱི་ཐུན་མཐར་ཚོགས་མཆོད། སྲོད་ལ་ཆོས་སྐྱོང་གཏོར་འབུལ། མཆོད་བསྟོད་བསྡུ་ལྡངས་སོགས་བྱ་དགོས་པས་དེའི་ལག་ལེན་ཐུགས་སྲས་ལྔ་པས་མཛད་པའི་རིག་འཛིན་ཞལ་ལུང་སོགས་ལས་རྟོགས་པར་བྱ་བ་གལ་ཆེ། ཚུལ་འདི་སངས་གླིང་བླ་མ་དགོངས་འདུས་ཀྱི་རྩ་སྒྲུབ་དང་། རཏ་གླིང་ཐུགས་སྒྲུབ་ཡང་སྙིང་འདུས་པའི་སྐུ་གསུམ་སྒྲུབ་པའི་ལག་ལེན་དེང་སང་ཡང་ཕྱོགས་འདིར་རྒྱུན་སྲོལ་མ་ཉམས་པར་དར་རྒྱས་སུ་བཞུགས་པ་རྣམས་དང་དོན་མཚུངས་པར་སྣང་ངོ། །འདིར་ཡུལ་དུས་དང་འཚམས་པར་སྤྲོས་པ་ཅུང་ཟད་བསྡུ་བའི་དབང་དུ་བྱས་ནས་དཀྱུས་ཀྱི་དངོས་བསྟན་ལྟར་བཀོད་པ་ལ་སྤྱི་དོན་བཞི། སྔོན་འགྲོ་སྟ་གོན་དུ་བྱ་བ། དངོས་གཞི་བསྙེན་སྒྲུབ་ཀྱི་རྣལ་འབྱོར། རྗེས་ཀྱི་བྱ་བའི་ལས་རིམ། གལ་ཆེ་བའི་བསླབ་བྱ་སྨོས་པའོ། །དང་པོ་ནི། གོང་མས་བྱིན་གྱིས་བརླབས་པ་དང་འཚེ་དོགས་རྣམ་གཡེང་མེད་པའི་གནས་སུ། རྩ་བའི་དབང་ཐོབ་ཅིང་དམ་ཚིག་མ་ཉམས་པའི་སྒྲུབ་པ་པོས་སྒྲུབ་པ་མཐར་མ་ཕྱིན་པར་སེམས་ཁྲལ་དང་འབད་རྩོལ་མི་དགོས་པའི་འཚོ་ཆས་ལྡངས་ངེས་ཚོགས་པར་བྱས་ལ། སྔོན་དུ་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱངས་བ་གྲུབ་ན་ལེགས། དེ་
ལྟར་མ་གྲུབ་ན་ཞག་བདུན་ཙམ་གྱི་རིང་ཁྲིད་གཞུང་སྔོན་འགྲོ་ལྟར་སྒྲིབ་སྦྱོང་ཚོགས་བསགས་གསོལ་འདེབས་རྣམས་ལ་ཐུན་བཟུང་། ཐུན་མཚམས་སུ། མདོ་རྒྱུད་གསུང་སྒྲོགས་སཱཙྪ། ཆུ་གཏོར། གསོལ་ཁ་གསེར་སྐྱེམས། ཕྱག་བསྐོར་གྱིས་མཚོན་དགེ་བའི་དཔུང་བསྐྱེད་ཅི་འགྲུབ་བྱ་བ་རྣམས་དངོས་གཞི་ལ་བར་ཆད་མི་འབྱུང་ཞིང་རྟགས་མྱུར་བ་སོགས་དངོས་གྲུབ་ཐོབ་པའི་ཐབས་ཟབ་མོ་ཡིན་པས་འབད་འབུང་བྱའོ། །སྒྲུབ་པའི་རྟེན་པྲ་ཁྲིད་ནས་བཤད་པའི་ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་རྟེན་ཙཀླི་སྔགས་ལྡན། སྐུ་གསུམ་སོ་སོའི་སྒྲུབ་རྫས་རིལ་བུ། སྐུ་གསུམ་སྒྲུབ་པའི་ཐོག་ཕུབ་འཁོར་ལོ་བྱུག་རྫས་ཅན། རྩ་གསུམ་སྲོག་འཁོར་བླ་རྡོ་བཅས་སོ་སོ་ནས་བཤད་པ་ལྟར་ཚད་ལྡན་སྦྱོང་ཁྲུས་རབ་གནས་བྱས་པ། འོག་མནན་བདུད་བཞིའི་ལིངྒ། གནོན་བྱེད་ཚེར་ཅན་གྱི་ཤིང་ལེབ་བམ་གཡམ་ལེབ་ཀྱི་ངོས་གཉིས་སུ་ཙཀྲ་དང་གཡུ་དྲུང་གཡོན་སྐོར་བྲིས་པ་རྣམས་དང་། །གཞན་ཡང་འོག་ཏུ་དགོས་པའི་ཡོ་བྱད་རྣམས་ཉེར་བསྔོགས་སུ་བྱའོ། །དེ་ནས་སྒྲུབ་པ་དངོས་ལ་འཇུག་པའི་ཐོག་མ་རྒྱལ་ཟླ་སོགས་ཉི་མ་བྱང་བགྲོད་ཀྱི་ཡར་ངོའི་གཟའ་སྐར་འཕྲོད་སྦྱོར་བཟང་པོའམ་ཁྱད་པར་གྱི་དུས་ཆེན་ཚེས་བཅུའི་སྔ་དྲོའི་ཆར་གནས་ཁང་བྱི་དོར་བྱས་ལ་རྒྱན་གྱིས་སྤྲས། གུ་རུའི་སྐུ་བརྙན་གཙོ་བོར་གྱུར་པའི་
སྐུ་གསུང་ཐུགས་རྟེན་ཅི་འབྱོར་བཤམས་པའི་གུང་དུ་སྟེགས་བུའི་ཁར་སྤྲུལ་སྐུའི་སྒྲུབ་དཀྱིལ་སྒོ་རྫོགས་ཅན་ནམ་མ་འབྱོར་ན་སྙིང་པོའི་དཀྱིལ་འཁོར་རས་བྲིས་བཀྲམ་པའི་དབུས་སུ་བུམ་པ་མཚན་ལྡན་དར་སྣའི་མགུལ་ཆིངས་ཅན་རྒྱུན་འབབས་ཀྱི་ཆུ་དང་ཆང་གིས་སུམ་གཉིས་བཀང་བར་ལྔ་ཚན་ལྔའི་རྫས་བཏབ། ཆོས་སྨན་མར་དང་བུ་རམ་ལ་སྦྱར་ནས་རིལ་བུར་དྲིལ་བ་ཉེར་བདུན་བླུགས། ཤུག་པ་དང་རྨ་བྱའི་མདོངས་ཀྱིས་ཁ་བརྒྱན། དེའི་སྟེང་དུ་ཁྲིའུ་ལ་ཐོད་པ་དུམ་བུ་གཅིག་པ་སོགས་མཚན་ལྡན་འབྲུ་རྣས་བཀང་བའི་ནང་དུ་སྐུ་གསུམ་སྒྲུབ་པ་སོ་སོ་དང་འབྲེལ་བའི་སྐུ་འབགས་བཞུགས་དགོས་པས་སྐབས་འདིར་སྤྲུལ་སྐུའི་སྐུ་འབགས་དང་གུ་རུ་རིན་པོ་ཆེ་སོགས་རྩ་བརྒྱུད་བླ་མའི་སྐུ་བལ་རིང་བསྲེལ་བཞུགས་པའི་སྟེང་ན་དར་དམར་གྱི་གུར་ཕུབ་པས་བར་ཆད་མི་འཇུག་པའི་དགོས་པ་ཡོད། མདུན་ཕྱོགས་སུ་ཀ་པ་ལ་མཚན་ལྡན་ནམ་མ་འཛོམས་ན་རིན་པོ་ཆེའི་སྣོད་དུ་ཆང་ཟན་ལ་སྤོད་སྣ་བསྲེས་པའི་གཏོར་མ་རིན་ཆེན་འབར་བ་དཀར་དམར་གྱི་རྒྱན་ལྡན་བཤམ། སྲོག་འཁོར་གསུམ་པོ་སྨྱུག་སྦུབས་ལྟ་བུར་བཅུག་ནས་སྒྲུབ་གཏོར་འདིའི་ནང་གཞུག་བྱེད་པ་ཉིད་འབྲེལ་ཆེ་ཞིང་། གཡས་ གཡོན་དུ ་རྩ་བརྒྱད་སྟོང་སྦྱར་དང་སོ་ལྔའི་ཕབ་གཏས་བྲན་པའི་སྨན་རཀ །མཐར་ཆུ་གཉིས་ཉེར་སྤྱོད་ལྔ་རྣམས་སྦྲེང་ཚར་རམ་བསྐོར་བཤམ་ཅི་བདེ།
རྒྱབ་ཏུ་ལས་གཏོར་ཆ་ལྔ་པ་བཤམ། འདིའི་རྩ་གསུམ་ལ་སྲོག་འཁོར་གསུམ་སོ་སོར་བཙུག་པའི་ཕྱག་ལེན་ཀྱང་ཡོད་འདུག་པས་གང་བདེར་ཆོག །དཀྱིལ་འཁོར་སྒོ་རྫོགས་ཡིན་ཚེ་རལ་གྲི་ཕུར་པ་འཕན་གདུགས་རྒྱལ་མཚན་ལ་སོགས་པའི་རྒྱན་བཀོད་རྣམས་ཀྱང་འཛོམས་ན་ལེགས། དཀྱིལ་འཁོར་དང་ཞལ་སྤྲོད་དུ་འགྱུར་བའི་སྒྲུབ་པ་པོའི་སྡོད་མལ་བྱ་སྟེ། དེའང་མལ་འོག་ཏུ་བདུད་བཞིའི་ལིང་ག་སྦྱོང་ཁྲུས་བྱས་པ་བཏིང་། རང་ཉིད་དབང་ཆེན་རྟའི་ང་རྒྱལ་དང་ལྡན་པས། གདན་འཁོར་ལྷའི་བུའི་བདུད་དཀར་པོ། ཕུང་པོའི་བདུད་སེར་པོ། ཉོན་མོངས་པའི་བདུད་དམར་པོ། །འཆི་བདག་གི་བདུད་ནག་པོ་རྣམས་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་འདུས་པའི་ངོ་བོ་རིད་ཅིང་ཉམ་ཐག་པ་བསྣོལ་བའི་ཚུལ་དུ་ཡོད་པར་བསམ། བདེན་བདར་དང་འགྲུགས་གཞུག་ལན་གསུམ་བྱས་ལ་དངོས་སུ་ཐིམ་པར་མོས། ཛཿཧཱུྃ་བྃ་ཧོཿའི་རྒྱ་བཞིས་བཅིངས་པའི་སྟེང་སྣ་ཚོགས་རྡོ་རྗེས་འཁྱོག་འགུལ་མི་ཤེས་པར་མནན་པར་བསམ་ལ། གནོན་བྱེད་ཙཀྲ་རྒྱ་གྲམ་འོག་དང་གཡུང་དྲུང་སྟེང་དུ་ཡོད་པར་བྱས་ལ་མནན། དེ་སྟེང་འབྲུ་དཀར་གྱི་གཡུང་དྲུང་གཡས་བསྐོར་བྲིས་པའི་ཁར་རང་གི་སྟན་ནང་ཚང་ཅན་འདིང་། །མལ་གྱི་སྟེང་དུ་སྟེང་འཁོར་རབ་གནས་ཅན་སྤྲུལ་སྐུ་མདུན་ངོས་སུ་བྱས་ཏེ་བླ་བྲེ་
ལྟར་དགུབ། སྒྲུབ་ཁང་གི་ལོགས་བཞིར་རྒྱལ་ཆེན་བཞིའི་སྐུ་རྒྱབ་ཏུ་གཟུངས་དང་སྲུང་མའི་འདོད་གསོལ་བྲིས་པ་བཀྲམ། སྒོའི་ཡ་ཐེམ་མམ་མིག་སྔར་མཐོང་བ་དེས་ཞིག་ཏུ། ཁྱོད་སྒྲུབ་པ་རྩེ་གཅིག་བྱེད་པའི་དུས་འདི་ལ་སོགས་དམ་བཅའི་ཡི་གེ་པྲ་ཁྲིད་ལས་འབྱུང་བ་ལྟར་གསལ་པོར་བྲིས་པ་འཇོག །ཉེ་ལོགས་སུ་ནང་མཆོད། ལས་བུམ། ཌཱ་མ་རུ། རྡོར་དྲིལ་སོགས་མཁོའི་ཡོ་བྱད་ཐམས་ཅད་ཚོགས་བར་བྱའོ། །གཉིས་པ་དངོས་གཞི་ལ་གསུམ། སྤྲུལ་སྐུ། ལོངས་སྐུ། ཆོས་སྐུའི་སྒྲུབ་པའོ། །དང་པོ་བླ་མ་ཕྱི་སྒྲུབ་སྤྲུལ་སྐུ་ལའང་བསྙེན་སྒྲུབ་ལས་སྦྱོར་གསུམ་དུ་ཡོད་པའི་དང་པོ་བསྙེན་པའི་རིམ་པ་ནི། བཅས་བཤམས་ལེགས་བར་གྲུབ་པའི་དགོངས་ཐུན་ནས་དབུ་བཟུང་ལ། ཚིག་བདུན་དང་བརྒྱུད་པའི་གསོལ་འདེབས་སྔོན་ཏུ་འགྲོ་བས་ལས་བྱང་ལྟར་སྐྱབས་སེམས་ཡན་ལག་བཅུ་པ་རྣམས་ལན་གསུམ་གསུམ་བྱ། རང་ཉིད་རྟ་མགྲིན་དུ་གསལ་ལ་རྟ་སྔགས་བརྒྱ་རྩ་ཙམ་བཟླ། ལས་བུམ་དུའང་དེ་ལྟར་བསྐྱེད་ལ་སྔགས་བཟླས་པས་བྱིན་བརླབས། དཀར་གཏོར་བྱིན་རླབས་དང་གཞི་བདག་ལ་བསྔོ་བ་ཕྲིན་བཅོལ་རྣམས་སྤྱི་ལྟར་བྱས་ལ་གྲོགས་བཅོལ། བགེགས་གཏོར་བསང་སྦྱང་། བྱིན་རླབས་བྱ་མགྲོན་འགུགས་པ་དང་སྔགས་བསྔོས་སྤྱི་ལྟར་བྱ། བདེན་སྟོབས་དང་བཅས་
གཞན་དུ་བསྐྲད། གུ་གུལ་གྱིས་བདུག །ཡུངས་ཐུན་གྱིས་བྲབ། རྣམ་འཇོམས་སྨེ་བརྩེགས་བཟླས་པའི་དྲི་ཆབ་ཀྱིས་བསང་བ་རྣམས་ནན་ཏུ་བྱ། ཕྱི་སྒོའི་དྲུང་དུ་ཐོད་ཀར་པོ་བརྩེགས་པ་ལ་རྒྱལ་ཆེན་བཞིའི་སྐུའམ་སྔགས་བྱང་བྲིས་པའི་ཤིང་བྱང་དང་བ་དན་བཙུགས། མཆོད་གཏོར་བཤམས་ལ་བསང་སྦྱང་བྱིན་རླབས་སྤྱི་ལྟར་བྱ། རང་ཉིད་དབང་ཆེན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རི་རབ་ཀྱི་ཕྱོགས་བཞི་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ རྟེན་དང་གཉིས་སུ་མེད་པར་གྱུར། ཧཱུྃ༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་ཆོས་སྐྱོང་དཔལ༔ ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ༔ སྤྱན་མི་བཟང་དང་རྣམ་ཐོས་སྲས༔ རི་རབ་ངོས་བཞི་གླིང་བཞི་ནས༔ ཕྱག་ན་རྡོ་རྗེ་དབང་གིས་མཐུས༔ བསྟན་པ་བསྲུང་བར་ཞལ་བཞེས་པའི༔ ཆོས་སྐྱོང་ཆེན་པོ་རྒྱལ་ཆེན་བཞི༔ བདག་ལ་རེ་བ་བསྐང་བའི་ཕྱིར༔ བར་ཆོད་གདོན་རྣམས་མཚམས་ཆོད་ཅིག༔ རྒྱལ་ཆེན་བཞིའི་སྔགས་ལན་བདུན་རེ་བརྗོད། སོ་སོའི་སྔགས་མཐར། ཡི་དཾ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ་རེས་གཏོར་མ་འབུལ། ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། དེང་གི་གནས་མཆོག་དམ་པ་འདིར༔སྒྲུབ་པའི་ཆོ་ག་མ་ཐོན་
བར༔ རྒྱལ་པོ་ཆེན་པོ་སྡེ་བཞི་པོས༔ ཕྱི་ཡི་བར་གཅོད་ནང་དུ་མ་བཏང་ཞིག༔ ནང་གི་དངོས་གྲུབ་ཕྱི་རུ་མ་བཏང་ཞིག༔ ཅེས་ཕྲིན་ལས་བཅོལ། ཡེ་དྷར་དང་སུ་པྲ་ཏཱིཥྛ་བརྗོད་ལ་བརྟན་བཞུགས་བྱས་ལ་ཕྱི་མཚམས་བཅད། ནང་སྒོའི་ཡ་ཐེམ་ལ་རྟ་མགྲིན་གྱི་སྐུའམ་སེང་ལྡེང་གི་ཕུར་བུ་ལ་སྙིང་པོ་བྲིས་པ་བཏགས། མཆོད་གཏོར་བསང་སྦྱང་བྱིན་རླབས། རྟེན་བསང་སྦྱང་། སྟོང་པའི་ངང་ལས་རྟེན་ཉིད་སྐད་ཅིག་གིས་རྟ་མགྲིན་དབང་ཆེན་ཏུ་གསལ་བའི་གནས་གསུམ་འབྲུ་གསུམ་དང་རང་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས། འོག་མིན་ནས་རྟ་མགྲིན་ཡེ་ཤེས་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ རྟེན་དང་གཉིས་མེད་དུ་གྱུར། རྟ་སྔགས་ལན་བདུན་བརྗོད། སྔགས་མཐར་ཨི་དཾ་བ་ལི༚་ཏ་སོགས་བཏགས་པ་ལན་གསུམ་གྱིས་གཏོར་མ་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃཿ སུམ་ཅུ་རྩ་གསུམ་དགའ་ལྡན་ལྷ་ཡུལ་ནསཿ བཅོམ་ལྡན་ཆོས་རྗེ་ལྷ་ཡིས་བཀའ་སྩལ་ལྟར༔ དེང་འདིར་སྒྲུབ་པ་མཆོག་ལ་དེ་ཞུགས་ཀྱིས༔ དངོས་གྲུབ་རྒྱ་མཚོ་བདག་གིས་མ་ཐོབ་བར༔ ཁྲོ་བོ་ཆེན་པོ་འཇིགས་བྱེད་རྟ་མགྲིན་གྱིས༔ བར་ཆོད་འབྱུང་པོ་ཐམས་ཅད་ཕྱིར་དེད་ལ༔ མཆོག་ཐུན་དངོས་གྲུབ་འཁྱིལ་བའི་གྲོགས་མཛོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་ཕྲིན་ལས་བཅོལ་ལ། བརྟན་
བཞུགས་བྱ། ཤིས་བ་བརྗོད་ལ་ནང་མཚམས་བཅད། དེ་ནས་བརྩམས་མ་འགྲུལ་བཅད། ཀ་ཅ་ཡི་གེ་སོགས་ཀྱི་གཏོང་ལེན་སྤངས། པོ་ཟག་ལྟེམ་ལོག་བཞིའི་དྲི་མ་བསྲུང་ཚུལ་འོག་ཏུ་བཤད་པ་ལྟར་བྱའོ། །དེ་ནས་སྟན་ལ་འཁོད་དེ་དམ་ཚིག་གསུམ་དྲན་པས་རྡོར་དྲིལ་བཟུང་ལ་ལས་བྱང་གི་མཚམས་གཅོད་བཏང་། དམིགས་པ་གནས་ཡུལ་ཐམས་ཅད་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེས་དང་བཅས་པའི་ཕྱི་རོལ་དུ། རྡོ་རྗེ་དབྱུག་ཏོ་གྲི་གུག་རལ་གྲི་འཁོར་ལོ་རྣམས་ཀྱི་གུར་ཁང་ཟླུམ་པོ་བར་མཚམས་ཐམས་ཅད་ཁྲོ་ཆུད་འཆོལ་བའི་ཚོགས་སྐར་ལྟར་འཁྲུགས་ཅིང་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་ཁ་དོག་སྣ་ལྔ་པ་འབར་བའི་སྲུང་བའི་འཁོར་ལོ་ཤིན་ཏུ་བརྟན་པ་བར་དུ་གཅོད་པ་གང་གིས་ཀྱང་རླག་མི་རྙེད་པར་བསྒོམ། འདི་ནི་སྒྲུབ་པ་ཐམས་ཅད་གྲུབ་པའི་རྗེས་ཆོག་གི་ཉེར་བསྡུའི་སྐབས་བར་མི་བསྡུ་བར་ཐོར་ཐུན་ལ་གསལ་འདེབས་བསྐྱར་མ་དང་ཐུན་མགོ་ཐམས་ཅད་དུའང་དྲན་ཙམ་རེ་བྱ་དགོས། དེ་ནས་བརྡ་སྒོ་དབྱེ་བ་སོགས་སྔོན་འགྲོའི་ལས་རིམ་ཚང་བ་དང་། ཏིང་འཛིན་རྣམ་གསུམ་ནས་བརྩམ། དཀྱིལ་འཁོར་རྟེན་བརྟན་པར་བཅས་བདག་མདུན་དབྱེར་མེད་དུ་བསྐྱེད་ལ། སྤྱན་འདྲེན་ནས་མཆོད་བསྟོད་བཤགས་པའི་བར་བཏང་། །བསྙེན་པ་སྟོང་རྩ། སྒྲུབ་སྔགས་སུམ་བརྒྱ། ལས་སྦྱོར་ཉེར་གཅིག་
ཙམ་བཟླས་ལ་སྟོང་ཚིགས་འབུལ། དེ་ནས་བླ་མ་སྤྲུལ་སྐུར་སྒྲུབ་པ་ལ་བསྙེན་སྒྲུབ་ལས་སྦྱོར་གསུམ་གྱི་དང་པོ་བསྙེན་པ་ནི། རང་ཉིད་དབང་ཆེན་རྟ་མགྲིན་ཡབ་ཡུམ་དུ་གསལ་བའི་སྤྱི་བོར་ཉི་ཟླ་པདྨའི་གདན་ལ་མདུན་རྟེན་སྐུ་འབག་དང་དབྱེར་མེད་པ་གུ་རུ་པདྨ་སྤྲུལ་སྐུའི་ཆ་ལུགས་ཅན་སྐུ་མདོག་དཀར་ལ་དམར་བའི་སོགས་སྤྲུལ་སྐུའི་སྒྲུབ་པའི་སྐབས་ལྟར། རྩ་བའི་བླ་མ་དང་དབྱེར་མེད་པར་གྱུར། གུ་རུའི་དཔྲལ་བར་ཟླ་བའི་དཀྱིལ་འཁོར་སོགས་སྤྲུལ་སྐུའི་སྒྲུབ་གཞུང་ལྟར། ཕྲིན་ལས་ཀྱི་ངོ་བོར་བསམ༔ ཞེས་གསལ་བཏབ་ལ་རླུང་རོ་བསལ། དེ་ནས་རླུང་ཕྱིར་འགྲོ་བའི་དུས་ཉམས་ཆགས་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་པ་དང་། ནང་དུ་འོང་བའི་ཚེ་སོ་སོའི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྡུ་བའི་དམིགས་པ་དང་སྦྱར་ཏེ་བཛྲ་གུ་རུའི་བཟླས་པ་ཡིད་བཟླས་སམ་ངག་བཟླས་གང་རུང་རྩེ་གཅིག་ཏུ་བྱ། ཐུན་རེ་རེ་བཞིན་ཆ་བཞིར་བགོས་པའི་དང་པོར་ལུས་ཀྱི་སྡིག་སྒྲིབ་སྦྱང་། བླ་མའི་དཔྲལ་བ་ནས་སྐུའི་བྱིན་རླབས་བསྡུ། གཉིས་པར་ངག་དང་གསུང་། གསུམ་པར་ཡིད་དང་ཐུགས། བཞི་པར་ཡོངས་རྫོགས་ཀྱི་དམིགས་པ་རྣམས་རྩེ་གཅིག་ཏུ་བྱ། ཐུན་མཐར་ཁ་སྐོང་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ལན་གསུམ་རེ་དང་སྟོང་ཚིགས་ཛབ་བསྟོད་འབུལ། ཚོགས་བྱིན་རླབས་ནས་
ལྷག་མའི་བར་བཏང་། བསྙེན་སྒྲུབ་ཀྱི་ཚེ་ལྷག་མ་བཙོན་འཛིན་བྱ་དགོས་པས་འཛོམ་ན་དཀྱིལ་འཁོར་བྱང་ཤར་དུ་ཞིང་ལྤགས་དངོས་སམ་རི་མོར་བྲིས་པའི་སྟེང་ཐལ་ཆེན་ཚོམ་བུ་བཀོད་པའམ། མ་འཛོམ་ན་སྣོད་དུ་བསགས་ལ་ཁེབས་ཀྱིས་བཀབ་བོ། །ཐུན་མཐར་བླ་མ་རང་ལ་ཐིམ་པར་མོས་པ་ལས་དཀྱིལ་འཁོར་མི་བསྡུ་བར་འཇོག །ལས་བྱང་གི་བསྔོ་སྨོན་བྱ། ཐུན་མཚམས་ཐམས་ཅད་དུའང་བསྐྱེད་རྫོགས་ཟུང་འཇུག་གི་རྣལ་འབྱོར་བྱུང་ན་རབ། ཐ་ནའང་ལྷ་ཡི་ང་རྒྱལ་དང་མ་བྲལ་བར་གྲངས་སུ་མ་བཅད་པའི་བཟླས་པ་ཅི་ནུས་བྱ། སྲོད་ཐུན་གྱི་མགོར་ཚོགས་བསག །མཚམས་གཅོད་ཀྱི་སྲུང་འཁོར་གསལ་འདེབས། མཆོད་པ་བྱིན་རླབས་མདོར་བསྡུས་སོང་ནས། དངོས་གཞི་དཀྱིལ་འཁོར་སྔར་བསྒོམས་པ་ཉིད་གསལ་ཐེབ་ན་ཚིག་མ་བརྗོད་ཀྱང་ཆོག །གསལ་མ་ཐེབས་ན་མངོན་རྟོགས་ཚར་གཅིག་བསྐྱར། །སྤྱན་འདྲེན་ཚིག་བདུན་ཁོ་ན་དང་། བཞུགས་གསོལ་ཕྱག་འཚལ་མཆོད་པ་རྣམས་སྔགས་རྐྱང་པ། བསྟོད་པ་མ་བཅོས་སྤྲོས་བྲལ་ཤློ་ཀ་གཅིག་བཤགས་པ་ཡིག་བརྒྱ་བརྗོད། བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པ་ཁྱུག་ཙམ་གྲུབ་ནས། སྤྲུལ་བསྙེན་དམིགས་བཟླས་སྔར་སྨོས་པ་ལ་ཐུན་གྱི་དངོས་གཞི་བྱ། ཐུན་མཐར་ཁ་སྐོང་སྟོང་ཚིགས་དང་སྲུང་མའི་གཏོར་
འབུལ་བྱ། བླ་མ་རང་ལ་བསྟིམས། ལས་བྱང་ལྟར་དམ་ཡེ་མ་ཕྱེ་བར་འོད་གསལ་དུ་བསྡུ་ལ་ཅི་གནས་སུ་མཉམ་པར་བཞག །ཐུན་མཚམས་ཀྱི་ལྷར་ལངས་ལ་ནོངས་བཤགས་བསྔོ་སྨོན་ཤིས་བརྗོད་རྣམས་ཀྱིས་གྲུབ། ཕྱིར་ནངས་ཐོར་ཐུན་ལ་བགེགས་གཏོར་བཏང་མི་དགོས། གཞན་སྐྱབས་སེམས་ནས་བརྩམས་ལས་བྱང་རྒྱས་པར་བཏང་། །བསྙེན་སྒྲུབ་ལས་བཟླས་ཀྱང་ཁར་སང་གི་ཐུན་དང་འདྲ་བར་བྱེད། སྤྲུལ་བསྙེན་བཏང་ཚུལ་ཐུན་འཇོག་ལུགས་བཅས་དེ་དང་མཚུངས། སྔ་ཐུན་ལ་སྔར་བཤད་པའི་སྲོད་ཐུན་ལྟར་ལ། ཐུན་འཇོག་ལུགས་ཕྱི་ཐུན་དང་། །ཕྱི་ཐུན་ཀྱང་དེ་དང་མཚུངས་པ་ལས་གྲུབ་ན་ཐུན་མཐར་ཚོགས་འབུལ། ཚོགས་ཉིན་རེ་བཞིན་མ་གྲུབ་ནའང་དུས་ཆེན་དང་ཚུགས་གྲོལ་གྱི་ཐོག་མཐའ་ལ་ངེས་པར་དགོས། སྲོད་ ཐུན་སྔ་ཉིན་དང་འདྲ། དེ་ལྟ་བུའི་ཐུན་བཞིའི་རིམ་པས་སྤྲུལ་སྐུའི་བསྙེན་པ་གྲངས་དུས་རྟགས་ཀྱི་རིམ་པ་མ་གྲུབ་པར་བྱ། དེའང་གྲངས་སྤྲུལ་སྐུའི་བསྙེན་སྒྲུབ་གཉིས་ལ་འབུམ་ཚོ་རེ་གཞུང་ལས་གསུངས་ཀྱང་དེང་སང་བཞི་འགྱུར་དགོས་པར་བཞེད། དུས་བསྙན་སྒྲུབ་ལས་གསུམ་ཆ་སྙོམས་པའི་ཕྱག་སྲོལ་ཡོད་པས་སྤྲུལ་སྐུའི་སྒྲུབ་པ་ཟླ་བ་གཅིག་བྱེད་ན་འདིར་བསྙེན་པ་ལ་ཞག་བཅུ། བདུན་གསུམ་བྱེད་ན་བསྙེན་པ་བདུན་གཅིག་སྟེ་ཕྱི་མ་རྣམས་ལའང་དེས་འགྲེ། རྟགས་ནི་གཞུང་ནས་བཤད་
པ་རྣམས་རབ་དངས། འབྲིང་ཉམས། ཐ་མ་རྨི་ལམ་དུ་ཡང་ཡང་འབྱུང་བའོ། །སྤྲུལ་སྐུའི་སྒྲུབ་པའི་དབུ་ནས། ལས་གཞུང་བསྲང་ཞིང་མཆོད་བསྟོད་དུས་བཞིར་བཏང་ངོ་༔ གསུངས་པ་ཉིད་སྤྱིར་བཏང་ཡིན་པས་དེ་ལྟར་ངེས་པར་གལ་ཆེའང་ཡུན་རིང་པོར་ལྕོག་དཀའ་ཞིང་གཞུང་བཟླས་དངོས་འགྲོ་དཀའ་བས་འདིར་སྨོས་པ་ཙམ་བྱས་ན་དངོས་དོན་ཚང་ཞིང་རྩ་སྒྲུབ་ཀྱང་ཞར་བྱུང་དུ་འགྲོ་བས་འཚམས་པར་སྣང་ངོ་། །དེ་ལྟར་བསྙེན་པ་གྲུབ་ནས་སྒྲུབ་པ་ནི། དགོངས་ཐུན་ནས་དབུ་བརྩམས་ལས་བྱང་རྒྱས་པར་བཏང་། དེའི་བཟླས་པ་དང་སྤྲུལ་སྒྲུབ་ཀྱི་བསྙེན་བཟླས་དམིགས་པ་ཁྱུག་ཙམ་སོང་རྗེས། རང་དང་མདུན་རྟེན་དབྱེར་མེད་པ་གཞལ་ཡས་ཁང་མཚན་ཉིད་རྫོགས་པའི་དབུས་སུ་པདྨའི་སྡོང་པོ་འདབ་མ་དམར་པོ་སོགས་ནས། དཔའ་བོ་མཁའ་འགྲོས་བསྐོར་ནས་ཡོད་པར་གྱུར། ཅེས་གསལ་བཏབ་ལ། བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ སོགས་མོས་གུས་གདུང་ཤུགས་དྲག་པོའི་གསོལ་འདེབས་ཐུན་གྱི་སུམ་ཆ་ཙམ་བྱས་ཏེ། བླ་མ་རང་ལ་བསྟིམས་ནས་དབྱེར་མེད་དུ་བཞག །སྐབས་འདི་རྣམས་སུ་སྤྱི་བོར་བསྒོམས་པའི་བླ་མ་གཙོ་འཁོར་རྣམས་སྟེང་འཁོར་དང་དབྱེར་མེད་དུ་མོས་པ་དང་། རང་གི་གདན་གསུམ་གྱི་འོག་ཏུ་སྒྲུབ་པ་ལ་བར་གཅོད་བྱེད་པ་རྣམས་བདུད་བཞིའི་རྣམ་པ་སྣ་ཚོགས་
རྡོ་རྗེས་མནན་ནས་གཡོ་འགུལ་མི་ནུས་པའང་སྐབས་རེར་གསལ་འདེབས། དེ་ནས་རང་ཉིད་རྟ་མགྲིན་ཡབ་ཡུམ་དུ་གསལ་བའི་ཡབ་ཀྱི་ཐུགས་ཀར་ཟླ་གདན་ལ་ཧྲཱིཿཡིག་མཐར་ཐོད་ཕྲེང་རྩལ་གྱི་སྔགས་ཕྲེང་གིས་བསྐོར་བ། བུམ་པ་ཕྱི་བུམ་པའི་རྣམ་པ་ལ་ནང་གཞལ་ཡས་ཁང་པར་གསལ་བའི་ནང་དུ་བཅུད་རྣམས་བླ་མ་ཐོད་ཕྲེང་རྩལ་འཁོར་དང་བཅས་པའི་སྐུར་བསྐྱེད། གཟུངས་ཐག་བླངས་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་གཟུངས་ཐག་འོད་སྦུབས་ལྟ་བུའི་ནང་བརྒྱུད་དེ་སོང་བས་བུམ་ལྷའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བསྡུས་ཏེ་བུམ་པའི་ལྷ་ལ་ཐིམ། དེ་དག་གི་སྐུ་ལས་བདུད་རྩིའི་རྒྱུན་བབས་བུམ་པའི་ནང་གང་། བདུད་རྩིའི་རྒྱུན་ཚུར་བྱུང་ནས་རང་ལ་ཐིམ་པས་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཐོབ་པར་གྱུར་པར་བསམ་ལ་སྒྲུབ་སྔགས་ཐོད་ཕྲེང་རྩལ་བཟླ། སྣང་བ་ལྷ་ཡི་འཁོར་ལོ། གྲགས་པ་སྔགས་ཀྱི་རང་སྒྲ། དྲན་རྟོག་རང་བྱུང་ཡེ་ཤེས། དེ་ཐམས་ཅད་རིག་སྟོང་ཟུང་འཇུག་ཆོས་ཉིད་ཀྱི་རོལ་པར་ཤེས་པ་ལ་དགོངས་པའི་གདིང་བཟུང་། །བཟླས་པས་སྐྱོན་ཛཔྲ་དབྱངས་བྱ་བར་གསུངས་པ་ལྟར་ཤེས་ན་དབྱངས་རྟ་དང་སྦྱར། མི་ཤེས་ན་རྣལ་འབྱོར་རང་གདངས་གང་འདོད་བྱ་བའང་གནད་ཟབ།
ཐུན་གྱི་འགྲོས་གཞན་ཐམས་ཅད་སྔར་བསྙེན་པའི་སྐབས་སུ་བཤད་པ་ལྟར། ཐུན་མཐར་བུམ་ལྷ་འོད་ཞུ་བྱས་ན་སྤྱི་ལུགས་དང་མཐུན། དེ་ལྟ་བུའི་ཚུལ་གྱིས་སྒྲུབ་པ་གྲངས་ཐེམས་པའམ། དུས་ཀྱི་དབང་དུ་བྱས་ན་ཞག་གྲངས་ཀྱི་སུམ་ཆ་གཅིག་གྲུབ་པ་དང་ལས་སྦྱོར་གྱི་བཟླས་པའང་སུམ་ཆ་གཅིག་བྱ་སྟེ། དེའང་ཞག་བཅུ་ལ་མཚོན་ན་ལས་བཞི་ཆ་བགོས་པས་ལས་རེ་རེ་ལ་ཞག་གཉིས་དང་ཐུན་གཉིས་རེ་འབྱུང་། ཡང་ན་ཐོ་རངས་ཞི་བ། སྔ་དྲོ་རྒྱས་པ། དགོངས་མོ་དབང་། སྲོད་ལ་དྲག་པོ་སྟེ་དུས་སོ་སོ་དང་སྦྱར་ཡང་ལེགས། གང་ལྟར་ཐུན་གྱི་གཅོད་ཚུལ་འདོན་བྱ་རྣམས་སྔར་ལྟར་ལ། བསྙེན་སྒྲུབ་ཀྱི་དམིགས་བཟླས་རྣམས་ཁྱུག་ཙམ་སོང་རྗེས་རང་ཉིད་རྟ་མགྲིན་གནས་གྱུར་ཏེ། རྡོ་རྗེ་ཐོད་ཕྲེང་རྩལ་ཕྱག་མཚན་གསུམ་པ་ལོངས་སྐུའི་ཆས་ཅན་ཏུ་གསལ་བའི་ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་ལ་རང་སྔགས་ཀྱིས་བསྐོར་བ། ཐམས་ཅད་ཀྱང་ཁ་དོག་དཀར་པོ་སྟོན་ཟླ་ལྟ་བུར་གསལ། བཟླས་པ་བྱས་པས་འོད་ཟེར་དཀར་པོ་འཕྲོས་སྡིག་སྒྲིབ་ནད་གདོན་བར་ཆད་སོགས་ཞི་བའི་ཕྲིན་ལས་སྒྲུབ་པར་བསམ་ལ་གཞུང་གསལ་སྔགས་བཟླ། དེའི་འགྲེས་ཏེ་རཏྣ་ཐོད་ཕྲེང་གིས་རྒྱས་པ། པདྨ་ཐོད་ཕྲེང་གིས་དབང་། ཀརྨ་ཐོད་ཕྲེང་གིས་དྲག་པོའི་ལས་སྒྲུབ་ཀྱི་བཟླས་པ་རྣམ་གྲངས་ཚད་སྤྱིར་ཆ་སྙོམས་པ་དང་། དམིགས་
བསལ་གྱི་ལས་སྒྲུབ་པར་འདོད་ན་དེ་ཉིད་མང་དུ་བཟླ། དེ་ལྟར་བླ་མ་སྤྲུལ་སྐུའི་བསྙེན་སྒྲུབ་ལས་སྦྱོར་ཐེམས་པའི་སྔ་ཐུན་ལ་མཆོད་གཏོར་རྣམས་ཁ་གསོ། ལས་བྱང་རྒྱས་པར་བཏང་། དེའི་བཟླས་པ་ཅུང་ཟད་བྱ། སྲུང་མའི་གཏོར་བསྔོ་དང་ཚོགས་མཆོད་འབུལ་ལ་ལྷག་མ་ཡན་གྲུབ་པར་བྱ། མདུན་རྟེན་སྒྲུབ་དུས་ལྟར་བསྐྱེད། རང་རྟ་མགྲིན་ཡབ་ཡུམ་གྱི་རྣམ་པར་ལོགས་སུ་བྱེ་བས་དངོས་གྲུབ་ལེན་པ་པོར་བྱས་ནས་ལས་བྱང་གི། ན་མོཿབླ་མ་ཡི་དམ་སོགས་དང་ཡི་གེ་བརྒྱ་པ་བརྒྱ་རྩ་ཙམ་བཟླས་ལ་མཁོན་གཅུགས་སྦྱང་། ཕྱི་ནང་གསང་བ་སྨན་རཀ་གཏོར་མ་བཅས་ལས་བྱང་ལྟར་རྒྱས་པའམ་སྔགས་ཙམ་གྱིས་མཆོད། ཧཱུྃ༔ མ་གཡེལ་མ་གཡེལ་སོགས་ཀྱིས་ཐུགས་དམ་བསྐུལ། ཛབ་ཀྱི་རྗེས་སུ་འབྱུང་བའི། བླ་མ་ཡི་དམ་མཁའ་འགྲོ་དགོངས༔ དང་པོ་བསྙེན་ཅིང་སོགས་བརྗོད་ལ་དངོས་གྲུབ་བསྐུལ། བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ སོགས་སྒྲུབ་དུས་ལྟར་ལན་གསུམ་བརྗོད། མདུན་གྱི་བླ་མ་དང་ཡི་དམ་གྱི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཕྱག་རྒྱ་ཡིག་འབྲུ་ཕྱག་མཚན་འོད་ཟེར་ཐིག་ལེ་དཀར་དམར་མཐིང་གསུམ་གྱི་རྣམ་པར་བར་མ་ཆད་པར་བྱོན་ནས་རང་གི་གནས་གསུམ་དུ་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་དུས་གཅིག་ཏུ་
ཐོབ་པར་བསམས་ལ་བསྙེན་སྒྲུབ་ཀྱི་སྔགས་ཚན་གཉིས་ཀྱི་མཐར། ཀཱ་ཡ་སིངྡྷི་ཨོཾཿ ཝཱ་ཀྲ་སིངྡྷི་ཨཱཿ ཙིཏྟ་སི་ངྡྷི་ཧཱུྃ༔ བཏགས་པ་བརྒྱ་རྩ་རེ། ལས་སྦྱོར་གྱི་སྔགས་ཚན་བཞི་པོའང་ཉེར་གཅིག་གམ་བདུན་རེ་ཙམ་བཟླས་ལ། བདེ་མཆོག་བདེ་སྤྱོད་སོགས་ཀྱི་མཐར་ཐོད་ཕྲེང་རྩལ་གྱི་ཛབ་ཤམ་བུ་ཅན། དབྱངས་ཀྱི་ཚུལ་དུ་བཟླ་བཞིན་དུ་སྒྲུབ་རྫས་སྐུ་འབག་བུམ་པ་གཏོར་མ་རྣམས་གནས་གསུམ་དུ་གཏུགས། བུམ་ཆུ་དང་གཏོར་མའི་ཆ་ཤས་དངོས་གྲུབ་ཏུ་མྱང་། བླ་མ་རང་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དུས་དེ་ཉིད་དུ་ཐོབ། བླ་མ་ཐོད་ཕྲེང་རྩལ་དང་དབྱེར་མེད་ཕྱག་རྒྱ་ཆེན་པོའི་གོ་འཕང་མཆོག་དེ་ཉིད་དུ་གྲུབ་པར་བསམ། སླར་ཡང་མཆོད་གཏོར་ཁ་གསོ་ནས་མཆོད་བསྟོད་རྒྱས་བསྡུས་གང་ལྕོགས་དང་། ལས་བྱང་གི་ནོངས་བཤགས་བྱ། ཡེ་ཤེས་པ་སྐུ་འབག་འཁོར་ལོ་སོགས་རྟེན་ལ་བསྟིམ་ཞིང་། སྐྱེ་མེད་ཆོས་སོགས་བརྗོད། དམ་ཚིག་བསྡུ་ལྡངས། སྨོན་ལམ་བཀྲ་ཤིས། བསྔོ་བ་བཅས་ཚང་བར་བྱའོ། །གཉིས་པ་བླ་མ་ནང་སྒྲུབ་ལོངས་སྐུའི་སྒྲུབ་པ་ནི། སྤྲུལ་སྐུའི་སྒྲུབ་པ་སྔ་ཐུན་ལ་གྲུབ་པ་དེ་མ་ཐག་པར། ལོངས་སྐུའི་དཀྱིལ་འཁོར་དགྲམ། བཅས་གཞན་སྔ་མ་སོར་བཞག་ལ་ཐོད་པའི་ནང་དུ་ལོངས་སྐུའི་རྟེན་བཀོད། བུམ་ཆུ་དང་
མཆོད་གཏོར་ཁ་གསོ། ཆོ་གའི་འགྲོས་དང་བསྙེན་སྒྲུབ་ལས་གསུམ་གྱི་ཞག་གྲངས་ཆ་བགོ་ལུགས་སོགས་སྤྲུལ་སྐུའི་སྐབས་ཀྱི་འགྲེས་སྦྱར་ཏེ། ཕྱི་ཐུན་ལས་བྱང་གི་སྐྱབས་སེམས་ཚོགས་བསགས་ནས་བརྩམས་སྔོན་འགྲོ་རྣམས་དང་། དངོས་གཞི་ལྷ་བསྐྱེད་ནས་བཟླས་པའི་བར་གྲུབ་པར་བྱ། དེ་ནས་མདུན་གྱི་སྐུ་རྟེན་སྟོང་པའི་ངང་ལས། པདྨ་དམར་པོ་འདབ་བརྒྱད་ཀྱི་སྟེང་དུ། མ་ལས་ཉི་མ། ཨ་ལས་ཟླ་བའི་སྟེང་ལ་སྐད་ཅིག་གིས་ཧྲཱིཿ དམར་པོ་སོགས་འོག་སྒྲུབ་པའི་སྐབས་ལྟར་ལ། བདག་ཉིད་ཅེས་པ་དོར་ནས་ཡབ་ཞལ་སྟོབས༔ ཞེས་པའི་བར་གྱིས་རྟེན་གསལ་འདེབས། དེའི་སྤྱི་གཙུག་པདྨ་དཀར་པོའི་དབུས་སུ་སྐུའི་རང་བཞིན་ཨོཾ་དཀར་པོཿ སོགས་བསྙེན་པའི་སྐབས་ཀྱི་ཡིག་འབྲུ་ལྔ་པོ་གསལ་གདབ། བཟླས་པའི་སྐབས་ནུས་ན་བུམ་ཅན་དང་སྦྱར་བའི་ཡིད་བཟླས་བྱ་དགོས་ལ། མི་ནུས་ན་བར་རླུང་བཟུང་ལ་ཡིད་བཟླས་བྱས་ཀྱང་ཆོག །གང་ལྟར་ཐོག་མར་རླུང་རོ་བསལ། རླུང་ཕྱིར་དབྱུང་བའི་སྐབས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསལ། ཚུར་རྔུབ་དུས་བྱིན་རླབས་བསྡུ་བའི་དམིགས་པ་དང་སྦྱར། དེའང་ཐུན་གཅིག་ལ་ཆ་ལྔར་བགོས་ཏེ་གནས་ལྔ་ནས་དབང་ལེན་བྱིན་བསྡུའི་དམིགས་པ་རྩེ་གཅིག་ཏུ་བསྒོམས་ཏེ། ཨོཾ་བཛྲ་གུ་རུ་ཨཱ་ཡུརྫྙཱ་ན་སོགས་ཀྱི་སྔགས་ཡིད་བཟླས་བྱ།
གྲངས་ཚད་འབུམ་ཕྲག་ཏུ་གསུངས། ཐུན་མཐར་ཁ་སྐོང་སྟོང་ཚིགས་ཚོགས་མཆོད་ཕུལ། མདུན་གྱི་བླ་མ་རང་ལ་ཐིམ། ཀ་དག་འཆི་མེད་གནས་ལུགས་གཉུག་མའི་ངང་དུ་བློ་བཞག །ཐུན་མཚམས་ཀྱི་བྱ་བ་དང་། ཐུན་གཞན་རྣམས་ཀྱི་འདོན་འགྲེགས་སོགས་སྤྲུལ་སྐུའི་སྐབས་དང་འདྲའོ། །འདི་ནི་སྔོན་འགྲོའི་ཚུལ་ཡིན་པས་བདག་བསྐྱེད་ཚེ་དཔག་མེད་བསྒོམ་པ་དང་། བསྡུ་རིམ་འོག་ནས་འབྱུང་བ་རྣམས་དགོས་པའི་ངེས་པ་མེད་པས། བདག་བསྐྱེད་དབང་ཆེན་ཏུ་གསལ་བཞིན་པ་ཉིད་ཀྱིས་འཐུས་སོ། །དེ་ལྟར་བསྙེན་པ་ལ་ཞག་གྲངས་ཀྱི་སུམ་ཆ་གཅིག་སོང་ནས་ཕྱི་ཐུན་ནས་སྒྲུབ་པ་ལ་འཇུག་པའི་ཐོག་མར་ལས་བྱང་རྒྱས་པར་བཏང་། བསྙེན་པའི་དམིགས་བཟླས་ཡན་ཁྱུག་ཙམ་གྲུབ་ནས། བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སོགས་སྒྲུབ་དུས་ལྟར་སེམས་བསྐྱེད། ཚད་མེད་བཞི་བསྒོམ། བདག་ཉིད་རྟ་མགྲིན་མི་དམིགས་པ་ལས་ཚེ་དཔག་མེད་ཡབ་ཡུམ། སྤྱི་བོར་བླ་མ་ཨོ་རྒྱན་ཚེ་དཔག་མེད་ཡབ་ཡུམ་གནས་གསུམ་འབྲུ་གསུམ་དང་བཅས་པར་གསལ། མདུན་གྱི་བུམ་པའི་ནང་དུ་ཚེ་དཔག་མེད་ཡབ་ཡུམ་དང་སྐུ་འབག་ཨོ་རྒྱན་ཚེ་དཔག་མེད་ཡབ་ཡུམ་ཡང་དུས་གཅིག་ཏུ་གསལ་འདེབས། བཞིན་རས་དང་མེ་ལོང་ལྟར་རྣམ་པ་སོ་སོར་སྣང་
ཡང་ངོ་བོ་རིག་པའི་རང་རྩལ་གཅིག་རྫོགས་སུ་ཤེས་པས་འབྲུ་གསུམ་འོད་ཟེར་གྱིས་ཕྱོགས་བཅུའི་རྩ་གསུམ་རྒྱལ་བའི་བྱིན་རླབས་བདུད་རྩིའི་རྣམ་པར་བསྡུས་ནས་བླ་མ་ཚེ་དཔག་མེད་པའི་ཕྱག་གི་བུམ་ནང་དུ་བསྐྱིལ། དེ་ལས་འོད་ཟེར་འཕྲོས་པས་ཚེ་དབང་གྲུབ་པ་རྣམས་ཀྱི་དངོས་གྲུབ། ནང་བཅུད་སྐྱེ་འགྲོའི་ཚེ་བསོད། ཕྱི་སྣོད་འབྱུང་བ་ལྔའི་བཅུད་ཐམས་ཅད་བསྡུས་ནས་ཕྱག་གི་བུམ་པར་འཁྱིལ་ཞིང་ཁོལ་བར་དམིགས་ལ་མོས་གུས་རྩེ་གཅིག་པས་གསོལ་འདེབས་ལན་བདུན་ལ་སོགས་པ་བྱ། ནད་གདོན་བར་ཆད་ཐམས་ཅད་ཕྱིར་བསལ་བའི་དམིགས་པ་དང་བཅས་རླུང་རོ་ལན་གསུམ་བསལ། དེ་ནས་བུམ་ཅན་ནམ་བར་རླུང་གང་རུང་དང་སྦྱར་ཏེ། སྤྱི་བོའི་ཨོ་རྒྱན་ཚེ་དཔག་མེད་པའི་ཕྱག་གི་བུམ་ནང་ནས་བདུད་རྩི་ལུད་པ་དང་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་བབས་པས་རང་གི་སྤྱི་གཙུག་དང་ཁ་ཡི་ནང་དུ་བབས་པར་བསམས་ལ། ཁས་ཧུབ་ཧུབ་བྱས། རླུང་རྔུབ་པ་དང་ལྷན་ཅིག་མཆིལ་མ་སྒྲ་མེད་དུ་མིད་ལ། བྱང་སེམས་ཚེ་བཅུད་བདུད་རྩི་སྤྱི་བོའི་རྩ་འཁོར་ཁེངས་བུམ་དབང་ཐོབ་པར་བསྒོམས་ལ། གསང་བའི་ཡང་སྙིང་ཡིག་འབྲུ་ཉེར་གཅིག་པ་འགོག་བཟླས་སམ་ཡིད་བཟླས་བྱ། དེས་འགྲེས་ཏེ་མགྲིན་པ་ནས་གསང་གནས་བར་འཁོར་ལོ་གཞན་བཞི་ལ་རིམ་པར་དམིགས་པ་གཏད་ཅིང་གསང་
དབང་ཤེར་དབང་ཚིག་དབང་རིག་པ་རྩལ་གྱི་དབང་རྣམས་ཐོབ་པར་མོས། །མཐར་ལུས་ཀྱི་ནང་ཐམས་ཅད་བདུད་རྩིས་གང་བའི་དམིགས་པ་གཞུང་གསལ་བྱ། འདི་སྐབས་ཡིད་བཟླས་དག་པོ་མ་བྱུང་ན་བར་རླུང་བཟུང་ལ་ངག་བཟླས་ཤུབ་བུར་བྱ། མཐར་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་གཟུངས་ཐག་ལ་འཁྲིལ་ཏེ་བུམ་ལྷར་ཕོག་པས་ཐུགས་རྒྱུད་བསྐུལ། དེ་ལས་འཕྲོས་པའི་འོད་ཟེར་གྱིས་སྤྱི་བོའི་གུ་རུ་ཚེ་དཔག་མེད་ཀྱི། ཐུགས་རྒྱུད་བསྐུལ་གནས་གསུམ་འབྲུ་གསུམ་གྱི་འོད་ཟེར་དང་། བུམ་པའི་བདུད་རྩིའི་འོད་ཀྱིས་འཁོར་འདས་ཀྱི་བཅུད་བསྡུ་བ་བདག་བསྐྱེད་སྐབས་ལྟར་དང་སྦྱོར་མཚམས་བྱང་སེམས་དང་ཕྱག་གི་བུམ་ནང་ནས་བདུད་རྩི་བབས་པ་བུམ་ལྷ་ཚེ་དཔག་མེད་ཡབ་ཡུམ་ལ་ཐིམ། ཡབ་ཡུམ་གྱི་སྐུ་དང་སྦྱོར་མཚམས་ནས་བབས་པའི་བདུད་རྩིའི་རྒྱུན་གྱིས་བུམ་པ་གང་། བཅུད་དང་དྭངས་མ་ཐམས་ཅད་གཟུངས་ཐག་ལ་བརྒྱུད་ནས་ཚུར་བྱུང་རང་ལ་ཐིམ་པས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བསམ། གཟུངས་ཐག་འཇུས་ལ་སྔགས་བཟླ། ཐུན་མཐར་ཁ་སྐོང་སྟོང་ཚིགས་སོགས་སྤྱི་ལྟར་ལ། མདུན་བསྐྱེད་སྒྲུབ་རྫས་དང་དབྱེར་མེད་དུ་བཞུགས། བདག་བ་སྐྱེད་ཀྱི་སྤྱི་བོའི་བླ་མ་ཚེ་དཔག་མེད་རང་ལ་ཐིམ། རང་གི་སྙིང་གར་གསེར་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཨིནྡྲ་ནཱི་ལའི་བུམ་པའི་ནང་དུ་
སྲོག་སྙིང་ནྲྀ་ལྗང་གུ་གནས་པར་བསམ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། འཁོར་འདས་བརྟན་གཡོའི་ཚེ་བཅུད་ཐམས་ཅད་བསྡུས་པས་ལུས་ཀྱི་ནང་གང་། བ་སྤུའི་བུ་ག་ཐམས་ཅད་ཀྱང་བདུད་རྩིའི་ཟིལ་པ་ཕྲོམ་ཕྲོམ་ཡོད་པར་བསམ། འདི་ལ་ཡིད་བཟླས་རེ་བྱས་ཀྱང་ཆོག །གཙོ་བོར་དམིགས་པ་ལ་བློ་བཞག་པ་ཡིན། རྗེས་སུ་རང་ཉིད་སྙིང་གའི་རྡོ་རྗེ། དེ་བུམ་པ། དེ་ནྀྲ་ལ་ཐིམ། དེ་ཉིད་གསེར་གྱི་རྡོ་རྗེ་རྩེ་ལྔ་བར་གྱུར་པར་བསམས་ལ། ཐུན་མཚམས་རྣམས་སུའང་རང་ལུས་རྡོ་རྗེའི་གསལ་སྣང་དང་མ་བྲལ་བར་བྱའོ། །བཟླས་པའི་གྲངས་ཚད་ནི། འབུམ་ཚོ་གཅིག་གསུམ་བཟླ་བར་གསུངས། །དེའི་སྒྲུབ་པའི་སུམ་ཆ་ཞིག་སོང་བ་དང་ལས་སྦྱོར་ཚུགས་པའི་ཕྱི་ཐུན་ལ། ལས་བྱང་བཟླས་པ་བཅས་ལོངས་སྐུའི་བསྙེན་སྒྲུབ་དམིགས་བཟླས་ཁྱུགས་ཙམ་གྱི་བར་བཏང་། དེ་ནས་བདག་ཉིད་ཚེ་དཔག་མེད་ཡབ་ཡུམ་དུ་གསལ་བཞིན་པ་དང་། མདུན་རྟེན་ཚེ་དཔག་མེད་གནས་ལྔའི་ཡི་གེ་ལྔ་བཅས་བསྙེན་དུས་ལྟར་གསལ་གདབ། ཀྱེ་མ་བཅོམ་ལྡན། །ཐུགས་རྗེ་ཅན༔ སོགས་ཀྱིས་གསོལ་བ་ལན་གསུམ་བཏབ་པས་གནས་ལྔའི་ཡིག་འབྲུ་ལྔ་ཚུར་བྱོན་རང་གི་གནས་ལྔར་ཞུགས་ནས་འོད་དུ་ཞུ་བ་ལས་སྤྱི་བོར་བྷུདྡྷ་ཚེ་དཔག་མེད་ཡབ་ཡུམ་དཀར་པོ་སོགས་འཁོར་ལོ་ལྔར་ཚེ་དཔག་མེད་རིགས་ལྔ་ཡབ་ཡུམ་དུ་
གྱུར་པའི་ཐུགས་སྲོག་སོ་སོའི་ས་བོན་འབྲུ་ལྔ་བཅས་གསལ་བར་བསྒོམ། སླར་ཡང་གསོལ་བ་ལན་གསུམ་བཏབ་པས་སྤྱོ་བོའི་སངས་རྒྱས་ཚེ་དཔག་མེད་ཀྱི། ཐུགས་ཀའི་ཨོཾ་ལས་འོད་འཕྲོས། ཡུམ་སངས་རྒྱས་སྤྱན་མའི་རང་བཞིན། འབྱུང་བ་ནམ་མཁའི་བཅུད་ཐམས་ཅད་བདུད་རྩི་ཐིག་ལེ་དཀར་པོའི་རྣམ་པར་བསྡུས་ཕྱག་གི་བུམ་ནང་དུ་འཁྱིལ་བར་བསམས་ལ་ལས་སྦྱོར་གྱི་སྙིང་པོ་བཟླ། དེས་འགྲེས་ཏེ་མགྲིན་པར་པདྨ་སོགས་གནས་གཞན་བཞི་པོའི་འོད་ཟེར་གྱིས་ཡུམ་བཞིའི་ངོ་བོ་འབྱུང་བཞིའི་བཅུད་བསྡུ་བའི་དམིགས་པ་རྣམས་རེ་རེ་བཞིན་བསྒོམ་བཟླས་བྱ། མཐར་གསོལ་འདེབས་ལན་གསུམ་བྱས་པས་གནས་ལྔའི་ཚེ་ལྷ་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་སེམས་དང་ཕྱག་གི་བུམ་པའི་བདུད་རྩི་ཁོལ་ཞིང་ལུད་པས་འཁོར་ལོ་ལྔའི་གནས་སོ་སོ་གང་། ནམ་མཁས་ལུས་རྡོ་རྗེར་གྱུར་པ་སོགས་གཞུང་གསལ་ལྟར་ལ། ཕྱིའི་འབྱུང་བའི་བཅུད་བསྡུས་བའི་ནང་གི་འབྱུང་བ་ཤ་ཁྲག་དྲོད་དབུགས་སེམས་ཀྱི་སྟོབས་བསྐྱེད། འཆི་མེད་ཚ་ལ་དབང་བའི་རིག་པ་འཛིན་པའི་སྐུར་གྱུར་པར་མོས་ལ་བཟླས་པ་བྱ། ཐུན་མཐར་ཁ་སྐོང་སྟོང་ཚེགས་སོགས་སྔ་མ་རྣམས་ལྟར་ལ། གནས་ལྔའི་ཚེ་དཔག་མེད་འཁོར་ལོ་སོ་སོར་ཐིམ་རང་ཉིད་འོད་དུ་ཞུ་ནས་ནྲྀ་ཡིག་ཏུ་གྱུར། དེ་གསེར་གྱི་རྡོ་རྗེ་རྩེ་ལྔ་པར་
གྱུར་པ་ལ་སེམས་ཡུན་རིང་གཏད། དེའང་དམིགས་མེད་ཀ་དག་གི་ངང་བཞག་སྟེ་ཕཊ་བརྗོད། ཐུན་མཚམས་སུའང་རྡོ་རྗེའི་གསལ་སྣང་ཡང་ཡང་དྲན་པར་བྱ། དེ་ལྟར་ལས་སྦྱོར་ཉིད་སྒྲུབ་ཡུན་གྱི་སུམ་ཆ་ཚར་བའི་ཐུན་རྗེས་མ་སྔ་ཐུན་ལ་དངོས་གྲུབ་ལེན་ཆོག་བྱ་བའི་ཚུལ་ནི་གོང་དུ་སྤྲུལ་སྐུའི་སྒྲུབ་པའི་སྐབས་སུ་བཤད་པ་ཇི་ལྟ་བ་ལ་རང་དང་མདུན་རྟེན་སྒྲུབ་དུས་ལྟར་བླ་མ་ཚེ་དཔག་མེད་དུ་གསལ་བ་ལ་མཁོན་སྦྱང་། མཆོད་པ། ཐུགས་དམ་བསྐུལ་བ། དངོས་གྲུབ་བསྐུལ་བ་རྣམས་ཀྱི་རྗེས་སུ་ལོངས་སྐུའི་སྒྲུབ་པ་དང་ལས་སྦྱོར་གྱི་གསོལ་འདེབས་གཉིས་པོ་ལན་གསུམ་རེ་བྱ། དམིགས་གནད་སྔར་སྨོས་པ་བཞིན་བྱས་ལ་བསྙེན་སྒྲུབ་གཉིས་ཀྱི་སྔགས་ཤམ་དུ། ཀཱ་ཡ་སིངྡྷི་སོགས་བཏགས་པ་བརྒྱ་རྩ་རེ་དང་། ལས་སྦྱོར་གྱི་སྔགས་ཉེར་གཅིག་ཙམ་བཟླས་པའི་རྗེས་ལ། བདེ་མཆོག་བདེ་སྤྱོད་ཀྱིས་དབང་ལེན་པ་ཕྱིན་ཆད་རྗེས་ཀྱི་བྱ་བ་ཐམས་ཅད་ཀྱང་སྤྲུལ་སྒྲུབ་ཀྱི་སྐབས་ལྟར་བྱ་བ་ཉིད་དོ། །གསུམ་པ་བླ་མ་གསང་སྒྲུབ་ཆོས་སྐུའི་སྒྲུབ་པ་ཆེན་པོ་ནི། ཆོས་སྐུར་སྒྲུབ་པའི་དཀྱིལ་འཁོར་དགྲམ། རྟེན་མཆོད་སྔར་ལྟར་ལ་ཐོད་པའི་ནང་དུ་བླ་མ་ཆོས་སྐུའི་སྐུ་འབག་བཤམ། བུམ་ཆུ་དང་མཆོད་གཏོར་རྣམས་ཁ་གསོ། མཎྜལ་ལ་རིན་པོ་ཆེ་དང་སྨན་འབྲུའི་ཚོམ་བུ་ལྔའམ་དགུ་བཀོད་པ་བཤམ། ཕྱི་ཐུན་
ནས་དབུ་བརྩམས། ལས་བྱང་རྒྱས་པར་བཏང་ལ་དེའི་བཟླས་པ་ཡན་གྲུབ་པ་དང་། སེམས་བསྐྱེད་ཚད་མེད་བཞི་གསལ་གདབ། གཏེར་གཞུང་བླ་མ་ཆོས་སྐུའི་སྒྲུབ་པ་ལྟར། རང་ཉིད་སྐད་ཅིག་དྲན་རྫོགས་སུ། པྃ་ལས་པདྨ༔ སོགས་ནས། གཟི་བརྗིད་འོད་དང་ལྡན་པར་ལམ་མེར་བཞུགས་ནས་ཡོད་པར་གྱུར༔ཅེས་པའི་བར་གྱིས་བདག་ཉིད་བླ་མ་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ། ཐུགས་ཀར་ཟླ་གདན་ཧཱུྃ་མཐིང་འོད་ཀྱིས་དོན་གཉིས་བསྒྲུབས། ཡེ་ཤེས་པ་སྤྱན་དངས་མདུན་གྱི་ནམ་མཁར་པདྨ་ཉི་ཟླའི་གདན་ལ་བཞུགས་པའི་ཐུགས་སྲོག་ཧཱུྃ་གི་འོད་ཟེར་གྱིས་བླ་མ་སྐུ་གསུམ་སོགས་སྐྱབས་གནས་ཐམས་ཅད་སྤྱན་དྲངས་ཏེ་ཐིམ་པ་མདུན་རྟེན་སྐུ་འབག་དང་དབྱེར་མེད་དུ་བསམ། མོས་གུས་གདུང་ཤུགས་དྲག་པོ་དང་མ་བྲལ་བའི་ངང་ནས། བདེ་གཤེགས་རྒྱལ་བ་སོགས་ཀྱི་གསོལ་འདེབས་དང་སྨོན་ལམ་ཐུན་གྱི་སུམ་ཆ་གཅིག་ཙམ་བྱ་བ་ནི་སྔོན་འགྲོའི་བསྙེན་པའོ། །དེ་ནས་མདུན་གྱི་ཡེ་ཤེས་སེམས་དཔའ་རང་དམ་ཚིག་སེམས་དཔའི་སྤྱི་གཙུག་ནས་ཆུ་ལ་ཆུ་བཞག་པ་ལྟར་ཐིམ་པས་བླ་མའི་རྡོ་རྗེ་གསུམ་དང་རང་གི་སྒོ་གསུམ་དབྱེར་མེད་དུ་གྱུར་པར་བསམ་ལ། ལུས་སྟོང་གསལ་ནམ་མཁའ་ལྟ་བུར་ལྷོད་དེ། ངག་སྨྲ་མེད་ལྐུགས་པ་ལྟ་བུར་བརྗོད་བྲལ། སེམས་རང་གསལ་རྟོག་མེད་ངང་དུས་
ལེར་བཞག །དེ་ལ་མི་གནས་ན་བླ་མ་རྡོ་རྗེ་འཆང་གི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེ་བ་ཉིད་བསྐྱར་ནས་གཤིས་ལུགས་རིག་སྟོང་ཁྱབ་གདལ་ཆེན་པོའི་ངང་དུ་བཟོ་བཅོས་མེད་པར་མཉམ་པར་འཇོག་པ་ལ་ཐུན་གྱི་སུམ་ཆ་གཅིག་བྱ་བ་ནི་སྒྲུབ་པའོ། །རྗེས་ཐོབ་ཏུ་སྣང་བ་ཐམས་ཅད་བླ་མའི་སྐུ་རྡོ་རྗེ། སྣང་སྟོང་ཆུ་ཟླ་ལྟ་བུ། གྲགས་པ་ཐམས་ཅད་བླ་མའི་གསུང་རྡོ་རྗེ་གྲགས་སྟོང་ནཱ་དའི་རང་སྒྲ། དྲན་རྟོག་ཐམས་ཅད་བླ་མའི་ཐུགས་རྡོ་རྗེ་རིག་སྟོང་ཆོས་སྐུའི་རོལ་པར་བལྟས་ལ། ཨོཾ་བཛྲ་གུ་རུ་ཀཱ་ཡ་སོགས་ཆོས་སྐུའི་བཟླས་པ་བྱ། གྲངས་ནི་འབུམ་ཚོ་གསུམ་དུ་གསུངས་ཏེ་ལས་སྦྱོར་རོ། །ཐུན་མཐར་ཁ་སྐོང་སྟོང་ཚིགས་ཐུན་མཚམས་སུའང་རིག་སྟོང་གི་ངོ་བོ་སྐྱོང་བ་དང་ཁྱེར་སོ་གསུམ་ལས་མི་འདའ་བར་གཙོ་བོར་བྱ་བ་ལས། །ཐུན་བཞིའི་བཅད་ཁྲིག་ཆོ་གའི་འགྲོས་རྣམས་སྔར་ལོངས་སྤྲུལ་གཉིས་དང་འདྲ་བར་བྱ། དེ་ལྟར་སྒྲུབ་པ་ཇི་ཙམ་བྱེད་པའི་སུམ་ཆ་གཅིག་ཆོས་སྐུའི་སྒྲུབ་པ་གྲུབ་པའི་སྔ་ཐུན་ལ་ཚོགས་གཏོར་རྒྱས་པར་བཤམ། ལས་བྱང་བསྙེན་བཟླས་འཕྲོས་སྲུང་མའི་གཏོར་འབུལ། ཚོགས་མཆོད་ལྷག་མ་ཡན་གྲུབ་ནས། དངོས་གྲུབ་ལེན་པ་ལ་རང་དང་མདུན་རྟེན་བླ་མ་ཆོས་སྐུ་རྡོ་རྗེ་འཆང་དུ་གསལ། མཁོན་སྦྱང་ཡིག་བརྒྱ་བཟླ་ཞིང་མཆོད། ཐུགས་དམ་དང་དངོས་གྲུབ་བསྐུལ། ཆོས་སྐུའི་
གསོལ་འདེབས་ལན་གསུམ། དངོས་གྲུབ་ལེན་པའི་དམིགས་པ་བཅས་ཆོས་སྐུའི་སྔགས་ཤམ་བུ་བཏགས་པ་བརྒྱ་རྩ། བདེ་མཆོག་བདེ་སྤྱོད་སོགས་ཀྱིས་དབང་ལེན་བྱ་བ་རྣམས་སྔར་དང་འདྲ། ཁ་སྐོང་སྦྱིན་བསྲེག་དང་གཏོང་རག་གི་ཚུལ་དུ་ཚོགས་སྐོང་རྒྱས་པར་བྱེད་ན་དངོས་གྲུབ་ལེན་ཆོག་གྲུབ་པའི་རྗེས་སུ་མཆོད་བསྟོད་ནོངས་བཤགས་སོགས་རྗེས་ཆོག་བྱ། དེ་ཙམ་གྱིས་གྲུབ་པར་བྱེད་ན་དངོས་གྲུབ་བླང་བ་གྲུབ་ནས་ཆད་མདོའི་གཏོར་མ་བསྐྱང་བ་ཡན་ཆད་རྒྱས་པ་འོག་ཏུ་བཤད་པ་ལྟར་བྱས་པས་གྲུབ་བོ། །བཟླས་པ་གཙོར་བཏོན་གྱི་བསྙེན་སྒྲུབ་ལ་ཁ་སྐོང་ཤིན་ཏུ་གལ་ཆེ་བས་སྤྲོས་པ་ཆུང་བར་འདོད་ན་བཟླས་པས་ཁ་བསྐང་སྟེ། དེའང་ཐུན་སོ་སོའི་གཤམ་དུ་ཐུན་དེར་བཟླས་པ་ཇི་ཙམ་སོང་བའི་ཁ་སྐོང་བཟླས་པའང་འགྲོ་བར་བྱེད། ཡང་ན་སྤྲུལ་སྐུའི་བསྙེན་ཚད་གྲུབ་པ་དང་། ཐུན་ཁ་ཤས་ལ་དེའི་ཁ་སྐོང་བཟླས་པ་བསགས་ཀྱང་རུང་། དེས་མཚོན་ནས་གཞུང་བཟླས་འབུམ་ཕྲག་ལ་ཁྲི། ཁྲི་ལ་སྟོང་། སྟོང་ལ་བརྒྱ། བརྒྱ་ལ་བཅུ་སྟེ། བཟླས་གྲངས་གང་ཡིན་པའི་བཅུ་ཆ་འགྲོ་བ་དགོས། སྤྲོས་འབྱོར་ཆེན་ཁ་སྐོང་སྦྱིན་བསྲེག་བྱ་སྟེ། སྒྲུབ་པ་གྲུབ་པའི་ཕྱི་དྲོའམ་ཕྱིར་ནང་ནས་དབུ་བརྩམ་ཉམས་ཆགས་སྦྱང་བའི་སླད་དུ་ཞི་བ་ཁོ་ན་དང་གྲངས་ཚད་བཤད་
མ་ཐག་པ་ལྟར་ལ། དེའང་སྒྲུབ་པ་པོ་གཅིག་པུས་གྲངས་གསོག་པར་དཀའ་བས་ཆོས་གྲོགས་མང་དུ་འཚོགས་པ་ལ་གྲངས་བཟུང་ན་ལེགས་ཤིང་དེ་ལྟར་གྲུབ་ན་ལས་མྱུར་དུ་འགྲུབ་པ་སོགས་ཀྱི་དགོངས་པ་གཞན་ཡང་མཆིས་ཏེ། དེའི་ཚུལ་ཞིབ་པར་རིག་འཛིན་ཞལ་ལུང་ལས་བཤད་པ་ལྟར་ལག་ཏུ་བླང་བར་བྱའོ། །དེ་ལྟར་བསྙེན་སྒྲུབ་ཁ་སྐོང་བཅས་གྲུབ་ནས་མཚམས་གྲོལ་ཉིན་ཡར་ངོའི་གཟའ་ཚེས་འཕྲོད་སྦྱོར་ལེགས་པ་དང་བསྟུན་དགའ་སྟོན་ཚོགས་མཆོད་ཅི་འབྱོར་རྒྱས་པར་བཤམ། བླ་མའི་ལས་བྱང་དང་ཆོས་སྲུང་སྐོང་གསོ། རྩ་གསུམ་སྐོང་བཤགས་རྣམས་རྒྱས་པར་བཏང་། ལྷག་ཆོག་སྐབས་སྔར་བཙོན་འཛིན་བྱས་པའི་ལྷག་མ་རྣམས་དང་ལྷན་ཅིག་སྒྲུབ་ཁང་ལྷོ་ནུབ་གོམ་པ་བདུན་ཅུའི་སར་སྐྱེལ། སྒྲུབ་ཁང་གི་ཐལ་རྡུལ་རྣམས་ཀྱང་ཕྱིར་དོར། ཆད་ཐོའི་གཏོར་མ་གསར་པའང་བཤམས་ཏེ་སྒྲུབ་ཁང་གི་སྟེང་དུ་ཆོས་སྐྱོང་དང་གཞི་བདག་གི་གཏོར་མ་དང་སྔར་བཙོན་འཛིན་བྱས་པའི་གཏོར་མ་ཡོད་ན་དེ་དག་ཆབ་གཅིག་ཏུ་ཆད་ཐོས་བཏང་། བླ་མའི་གཏོར་མའི་རས་མ་གཏོར་གཞོང་བཤལ་ཆུས་བཀང་བ་ནང་མཆོད་ཀྱིས་བྲན་ཏེ་བརྟན་མ་བསྐྱང་། སྒོ་དྲུང་དུ་དོང་གྲུ་གསུམ་བྲུས་པ་གདན་འཁོར་གྱི་བདུད་ལིང་བཀོད། རང་རྟ་མགྲིན་དུ་གསལ་བས་རྒབས་འདྲེ་དམ་སྲི་འགུགས་བསྟིམ་
ལན་གསུམ་བྱས་པའི་སྟེང་རོ་གཡོམ་དང་གདན་འཁོར་རྒྱ་གྲམ་གྱིས་བཀབ། དེའི་སྟེང་ལས་བྱང་གི་རྟ་བྲོ་བརྡུང་། ཤིས་བརྗོད་བྱ། ནང་དུ་ལོག་ནས་སླར་ཡང་མཆོད་གཏོར་རྣམས་ཁ་གསོས་སྟེ་ཉེར་བསྡུའི་མཆོད་བསྟོད་དང་དབྱངས་གསལ་ཡིག་བརྒྱ་ཅི་འགྲུབ་བཟླས་ནས་ཆོ་ག་ལྷག་ཆད་གྱུར་པ་སོགས་ཀྱིས་ནོངས་བཤགས་བྱས་རྗེས། དེ་རིང་ཉིད་སོགས་ཀྱིས་ཡེ་ཤེས་པ་སྐུ་འབག་དང་འཁོར་ལོ་རྣམས་ལ་བསྟིམས། སྐྱེ་མེད་ཆོས་སྐུ་སོགས་ཀྱིས་དམ་ཚིག་གི་འཁོར་ལོར་བསྡུས། སླར་ཡང་སྣང་སྟོང་དབྱེར་མེད་སོགས་ཀྱིས་ཐོད་ཕྲེང་རྩལ་གཙོ་རྐྱང་དུ་ལངས་ལ་ཤིས་བརྗོད་སྨོན་བསྔོ་དང་། སྤྲོ་ན་སྒྲུབ་ཁོག་ལྟར་མར་མེ་སྨོན་ལམ་ཡང་བྱ། གོ་བགོ་ལུས་སྲུང་ནི། རང་ཉིད་རྟ་མཆོག་རོལ་པ་ཞལ་གཅིག་ཕྱག་གཉིས་པ་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པར་གྱུར། ཨོཾ་བཛྲ་ཡཀྵ་ཧཱུྃ། བཛྲ་ཀྲོ་དྷ་པདྨཱ་ནྟ་ཀྲྀ་ཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་བརྗོད་པས་རྡོ་རྗེའི་གོ་ཁྲ་ཞུ་ལུགས་སུ་གོན་པར་བསམ་སྟེ༔ སྟོང་ཉིད་མི་འགྱུར་བའི་རྡོ་རྗེ་བསྒོམ་པའི་ངང་ནས༔ ཧཱུྃ༔ སྐྱེ་མེད་ཆོས་སྐུ་རྡོ་རྗེའི་ངང་༔ སུས་ཀྱང་འཇིག་པར་མི་ནུས་ཏེ༔ སྟོང་ཉིད་ནམ་མཁའི་ངོ་བོ་ལ༔ རྒྱལ་བ་རྣམས་ཀྱིས་འཇོམས་མི་ནུས༔ བར་ཆོད་བགེགས་རྣམས་ཅིས་མི་བརླག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཅེས་ང་རྒྱལ་དེ་ཉིད་བརྟན་
པར་བྱའོ༔ དེ་ནས་མཚམས་བཀྲོལ་བ་ནི། ནང་སྒོའི་རྩར་མཆོད་གཏོར་བཤམ། སྔར་སྒོ་བྱང་འཇོག་པའི་སྐབས་ལྟར་བྱིན་བརླབ། གཏོར་སྔགས་ལན་གསུམ་གྱིས་འབུལ། མཆོད་སྦྱིན་གཏོར་མ་སོགས་ཀྱིས་ཕྲིན་ལས་བཅོལ། བཛྲ་མུཿཞེས་པས་གཤེགས་ལ་སྒོ་བྱང་བསྡུ། ཕྱི་སྒོའི་ཐོ་རྩར་ཟླུམ་གཏོར་བཞི་བཤམ། བྱིན་རླབས་དང་སྔགས་བསྔོས་འཇོག་དུས་ལྟར་བྱའོ། ཧཱུྃ༔ རྒྱལ་བའི་སྤྱན་སྔར་ཁས་བླངས་དམ་བཅས་ནས༔གླིང་བཞི་སྐྱོང་མཛད་རྒྱལ་བའི་ཕོ་བྲང་བཟུང་༔ ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ༔ སྤྱན་མི་བཟང་དང་རྣམ་ཐོས་སྲས༔ རྒྱལ་པོ་ཆེན་པོ་སྡེ་བཞི་པོ༔ གཏོང་རག་མཆོད་གཏོར་དམ་པ་འདི་བཞེས་ལ༔ རང་རང་གནས་སུ་གཤེགས་སུ་གསོལ༔ ཨོཾ་ཧི་ས་ར་་ཡེ་སྭཱ་ཧཱ༔ ཞེས་དང་། བཛྲ་མུཿས་རང་གནས་སུ་གཤེགས། དེ་ནས་བགས་ཀྱི་མཚམས་གསེང་སྟེ་ཞག་ཤས་གཞན་ཏུ་མི་འགྲོ་བར་སྒྲུབ་ཁང་དེར་སྡོད། སྐུ་འབག་སྲོག་འཁོར་ཐོད་པ་རྣམས་མ་འབྲལ་བར་དམ་ཚིག་གི་རྟེན་དུ་བཟུང་། རྒྱུན་བཟླས་ཀྱི་དམ་བཅའ་བཟུང་ནས་དེའི་དབུ་འཛུག །དྲི་མེད་བཤགས་རྒྱུད་དང་ཡིག་བརྒྱ་ཅི་ནུས་བཀླག །སྤྱི་དང་བྱེ་བྲག་གི་སྨོན་ལམ་དང་བསྔོ་བ་གང་ཤེས་རྩེ་གཅིག་ཏུ་གདབ། ཐོག་མར་དམ་ཚིག་གཙང་བའི་མི་དང་གདོང་འཕྲད་ཅིང་ཉི་ཟླ་ལ་བལྟ་བ་སོགས་མཚམས་
གྲོལ་བའི་རྟེན་འབྲེལ་རྣམས་ཀྱང་བཟང་དུ་བསྒྲིག་པར་བྱའོ། །དེ་ལྟར་བསྙེན་སྒྲུབ་ལེགས་པར་གྲུབ་པའི་རྣལ་འབྱོར་པས་ལོ་རེ་བཞིན་བསྙེན་སྒྲུབ་ཁ་གསོ་ཟླ་རེའམ་བདུན་གསུམ་གྱིས་མཐའ་བརྟེན་པར་སྒྲུབ་པ་གལ་ཆེ་ཞིང་། རྒྱུན་གྱི་རྣལ་འབྱོར་རྒྱས་བསྡུས་གང་རུང་ཆགས་སུ་མི་རུང་བས་རྒྱས་པར་སྤྲོ་ན། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། སྐུ་གསུམ་གྱི་བསྙེན་སྒྲུབ་ལས་སྦྱོར་རྣམས་རིམ་པར་སྦྲེལ་བའི་བསྒོམ་བཟླས་དཀྱུས་བཞིན་བྱ། འདི་སྐབས་མདུན་རྟེན་བུམ་པ། སྟེང་འོག་གི་འཁོར་ལོ་དང་འབྲེལ་བའི་དམིགས་པ་རྣམས་མི་དགོས་པས། སྤྲུལ་སྐུའི་བསྙེན་པའི་བླ་མ་མདུན་གྱི་ནམ་མཁར་བསྒོམ། བསྙེན་སྔགས་གནས་རེ་རེ་ལ་ཉི་ཤུ་རྩ་བདུན་རེ་བྱ་བའི་བརྒྱ་རྩ་དང་། སྒྲུབ་པའི་སྤྲོ་བསྡུ་སྤྱི་བོའི་བླ་མ་ལ་བྱས་ཏེ་སྒྲུབ་སྔགས་བརྒྱ་རྩ་སོང་ནས་ལས་སྦྱོར་བདུན་ཕྲག་རེ་ཙམ་བྱས་པའི་མཐར་ལྷའི་གསལ་སྣང་བསྡུས་པའི་རྫོགས་རིམ་ལ་ཅུང་ཟད་བཞག་རྗེས། ལོངས་སྐུའི་བསྙེན་པ་དང་སྒྲུབ་པའི་རྡོར་བུམ་ནྲྀའི་འོད་ཀྱིས་བརྟན་གཡོའི་ཚེ་བཅུད་བསྡུས་པའི་མཐར་ལས་སྦྱོར་གྱི་དམིགས་པ་གསེར་རྡོར་ལ་བློ་བཞག་ནས་རྫོགས་རིམ་བསྒོམ་པའི་བར་བྱ་ཞིང་དེ་ནས་ཆོས་སྐུའི་དམིགས་སྐོར་བསྒོམས་པའི་རྗེས་སུ་ལྷའི་གསལ་སྣང་བསྡུས་ནས་རྫོགས་རིམ་ལ་དར་
གཅིག་བཞག་སྟེ་མཐར་བསྔོ་སྨོན་ཤིས་བརྗོད་བྱ། དེ་ཙམ་མི་འཁྱོངས་པས་བསྡུས་པར་འདོད་ན། བླ་མའི་རྣལ་འབྱོར་དང་འབྲེལ་བར་སྤྲུལ་སྐུ་དང་། ཚེ་སྒྲུབ་ཀྱི་སླད་དུ་ལོངས་སྐུ་དང་། རྫོགས་རིམ་ལ་མོས་པས་ཆོས་སྐུ་སོགས་རེ་རེ་ལ་རྒྱུན་བཟླས་བྱས་པས་ཀྱང་དམ་བཅའི་དགོས་པ་འགྲུབ་པ་ཡིན་ནོ། །བཞི་པ་གལ་པོ་ཆེའི་བསླབ་བྱ་ནི། བསྙེན་སྒྲུབ་སྤྱིར་གཅེས་པའི་སྤང་བླང་གནད་ཀྱི་བྱེ་བྲག་གསར་རྙིང་གི་མན་ངག་རྣམས་ལས་རྒྱས་པར་འབྱུང་བ་ལྟར་ཤེས་དགོས་ཀྱང་། འདིར་གཏེར་གཞུང་དང་དེ་འབྲེལ་གོང་མ་རྣམས་ཀྱི་གསུང་ལས་མདོར་བསྡུས་འབྱུང་བའི་ལྟ་བ་དེའི་སླད་དུ་འགོད་ན། སྤྱིར་དམ་ཚིག་དང་མི་ལྡན་ན་སྔགས་མི་འགྲུབ་པས། དབང་བསྐུར་ཐོབ་ནས་དམ་ཚིག་ལ་ཐེ་ཚོམ་ཡོད་པའམ་དབང་བསྐུར་ཉིད་ཀྱང་ཞུས་ལོ་ཐོབ་ལོ་ཙམ་དུ་སོང་ན། བླ་མ་ལས་དབང་བསྐུར་བསྐྱར་ནས་ཞུ་ཞིང་ཅི་འབྱོར་བའི་མཎྜལ་གྱིས་མཉེས་པར་བྱས་ལ་བསྙེན་སྒྲུབ་མཐར་ཕྱིན་པའི་གསོལ་བ་གདབ་དེ་ཕྱིན་ཆད་བླ་མ་ཉིད་བསྒྲུབ་བྱའི་ལྷ་དང་དབྱེར་མེད་དུ་བལྟ་བ་ནི་རྩ་བ་ཡིན་ལ། བླ་མ་མི་བཞུགས་ན་འདུན་པ་དེ་དང་ལྡན་པས་བདག་འཇུག་ཡིད་ཆེས་པ་བླངས་མཚམས་ཡུན་རིང་ཐུང་། ཐུན་བཞིའམ་གསུམ་མམ་གཉིས་སོགས་ཀྱི་བཅད་ཁྲིགས་དམ་བཅའ་དང་པོར་གང་བྱས་པ་དེ་ཉིད་
མཐར་ཐོན་ངེས་པར་བྱ། འཚོ་ཆས་སོགས་ཚགས་སུ་མ་ཚུད་པས་ཅིས་ཀྱང་གཏོང་ལེན་མི་བྱ་ཀ་མེད་ཡོད་པ་དང་། སྒྲུབ་གཡོག་ཁྲོལ་ཅན་ལྷ་རྗེ་སོགས་སྒྲུབ་པའི་གྲོགས་སུ་འགྲོ་ངེས་པ་རྣམས་ཐོག་མ་ནས་དམིགས་འོག་ཏུ་འཇུག་ཅིང་ལར་ནས་དམ་བཅའི་སྐབས་འདིར་དངོས་སུ་མི་དྲན་པའི་གལ་ཆེ་བ་གློ་བུར་དུ་བྱུང་ན་དམིགས་འོག་ཏུ་ཆུག་པར་བྱེད་པ་སོགས་ཧ་ཅང་སྡམ་དྲག་པ་མ་ཡིན་པ་དང་། རྗེས་སུ་དམིགས་ཁོངས་སུ་ཆུད་ཡོད་སྙམ་པའི་བག་ཡངས་མི་བྱ་བར་སྒྲུབ་གཡོག་ཁྲོལ་ཅན་དང་ཕྱི་ནང་འགྲུལ་བས་མཚོན་བསྲུང་ཅི་ཐུབ་བྱས་པས་མཚམས་མི་རལ་ཞིང་གཡེང་བས་མི་ཁྱེར་བ་ཡིན་ལ། མངོན་མཚན་ཅན་གྱི་སྒྲུབ་པ་ལ་དངོས་གྲུབ་གཡེལ་ཞིང་བར་ཆད་འཇུག་པས་བསྙེན་པ་མ་ཐོན་གྱི་བར་ཡི་དམ་གང་ཡིན་གཞན་གྱིས་མ་ཤེས་པ་བྱེད། ཐོག་མར་ཕྱི་ནང་གི་མཚམས་བཅད་པ་ནས་བཟུང་སྒྲུབ་པ་མ་ཐོན་གྱི་བར་ཞི་བྱེད་ནས་བཤད་པ་ལྟར་བོ་ཟག་ལྟེམས་ལོག་བཞིའི་དྲི་མ་བསྲུང་དགོས་ཏེ། བོ་བའི་རྒྱུ། ཆོས་འཆད་ཉན་དང་གཞན་ལ་བསྲུང་བ་བྱིན་རླབས་རིམ་གྲོ་རྟེན་འབྲེལ་སོགས་མི་བྱ། ཚོགས་གཏོར་མཆོད་ལྷག་སོགས་བྱིན་བརླབས་པའི་རྫས་ཕྱིར་མི་གཏོང་། ཟག་པའི་རྒྱུ། གཞན་ཡང་ཕར་ཚུར་གདོད་མི་འཕྲད་ཅིང་ངག་མི་སྨྲ། ཕྱི་ནང་མི་འགུལ། ཡོ་བྱད་གཏོང་ལེན་
མི་བྱེད་ཅིང་ཁྱད་པར་རང་གི་ཟས་གོས་སྣོད་དཔྱད་སྤྱོད་འཕྲོ་གཞན་སྤྱོད་དུ་མི་གཞུག །གཞན་གྱི་དེ་དག་རང་གིས་མི་སྤྱད། ཁྱད་པར་དམ་ཚིག་ཉམས་པའི་ཕྲིན་ཡིག་ཀ་ཅ་ཟས་གོས་སོགས་རླུང་ཕྱོགས་ཙམ་ཡང་འཕྲད་དུ་མི་གཞུག །རྟགས་མཚན་དང་ཉམས་རྟོག་ཅི་བྱུང་ཡང་གཞན་ལ་མི་བཤད། ལྟེམས་པའི་རྒྱུ་ལུས་གོས་སྐྲ་དང་གདོང་མི་བཀྲུ། སྐྲ་སེན་མི་འདྲིག །མལ་མི་སྤོ། སྟན་མི་སྤྲུག །སྒྲུབ་ཁང་ཕྱགས་བདར་མི་བྱ། ལོག་པའི་རྒྱུ། ལྟར་སྣང་ཉི་ཚེ་གཞན་དོན་གྱི་རྣམ་པའི་གཡེང་བ་དང་། རང་ཉིད་ཞི་བདེ་དོན་གཉེར་གྱིས་བློའི་འཁྲིས་མ་ཞུགས་པས་སྟན་གྱི་དྲོད་མ་ཡལ་བར་བྱས་ཏེ་བསྒྲུབ། རྒྱུན་གྱི་ཁ་བཏོན་དགེ་སྦྱོར་ཀྱང་སྒྲུབ་པ་ཆག་པའི་རྒྱུ་ཡིན་པས་མང་དུ་བྱ་བ་རྣམས་སྤངས་ཏེ། འབྲས་བུ་སངས་རྒྱས་སྒྲུབ་པ་ལ་ཟབ་ལམ་བླ་མའི་རྣལ་འབྱོར་འདི་ལས་གཞན་དུ་མེད་པའི་ཡིད་ཆེས་ཀྱིས་ཆོག་ཤེས་པར་བྱེད། རྒྱུན་དུ་རྣམ་འཇོམས་སྨེ་བརྩེགས་གང་རུང་བཟླས་པའི་ཁྲུས་བུམ་འདུ་བྱས་ལ། མི་བྱེད་ཀ་མེད་ཀྱི་ཡོ་བྱད་ལེན་པ་དང་སྒྲུབ་གཡོག་འགྲུལ་ལྟ་བུ་དགོས་ན་ཁྲུས་ཆབ་ཀྱིས་བསང་། གུ་གུལ་གྱིས་བདུག་པ་སོགས་བྱ། མི་དང་ཡོ་བྱད་གསར་པའི་གདོང་དུ་ཤེས་པ་བྱིང་འཐིབས་ཚིག་པ་གཉིད་ཡར་བ་སོགས་བྱུང་ན་འགྲུལ་སྣ་ཡིན་པས་སྲུང་འཁོར་བསྒོམ།
རྫས་དེ་བྱུང་ཚར་བའི་རྗེས་སུ་བྱུང་ན་གྲིབ་ལྷོངས་ཡིན་པས་ཡིག་བརྒྱ་བཟླ། འགྲུབ་ཏུ་རུང་ན་རྫས་དེ་དག་འཕྲལ་ལོངས་སྤྱོད། མཚམས་རལ་བ་ལྟ་བུའི་རྐྱེན་གྱིས་བགེགས་འཚུབས་ཀྱི་རྟགས་བྱུང་ན་བགེགས་སྐྲོད་ནན་ཏན་དང་རྒྱལ་ཐོ་སྒོ་བྱང་གསོལ་ཞིང་སྲུང་འཁོར་བསྒོམ། ཐུན་མཚམས་སུ་ཡིག་བརྒྱ་དང་ཡེ་ཤེས་སྐུ་མཆོག་སོགས་ཉེས་བཤགས་ཅི་རིགས་ཆག་མེད་དུ་བྱ། ཀ་ཅ་ཆེ་ཕྲ་ཕྲིན་ཡིག་ཙམ་གྱི་བཏང་ལེན་ཀྱང་མི་བྱ་བར་གཅིག་པུར་རྣམ་གཡེང་སྤངས་ནས་བསྒྲུབ་ནུས་ན་རྟགས་མཚན་མྱུར་ཞིང་གྲུབ་པའི་འབྲས་བུ་འབྱིན་པ་ཡིན་ལ། བསྙེན་སྒྲུབ་ཀྱི་དམ་ཚིག་རལ། ཁ་ཡེངས་མིག་ཡེངས་ཀྱི་བཟླས་པ་ལོ་ཟླར་འབད་ཀྱང་གྲུབ་པའི་རྟགས་དང་འབྲས་བུ་མི་འབྱུང་ཞིང་འབད་པ་དོན་མེད་དུ་སོང་བ་ཡིན་ནོ། །སྐབས་རེར་ཚིག་པ་ཟ་བ་དང་སྙིང་མི་དགའ་བ་སོགས་བྱུང་ན་བླ་མའི་མོས་གུས་དང་ངོ་བོ་ལ་བལྟས་ནས་རང་ཐོག་ཏུ་བཞག །ཤེས་པ་འཕྱོ་ཞིང་ཡེད་པ་སོགས་རླུང་རྟགས་བྱུང་ན་རུས་ཐང་སོགས་དང་། བྱིང་ཐིབས་ཉོག་ན་ཇ་དཀར་བཏུང་བ་སོགས་ཁམས་དང་བསྟུན་པའི་ཟས་སྤྱོད་དང་སྨན་བསྟེན་པ་སོགས་སྤྱོད་ལམ་གཟབ་པར་བྱ། བཟླས་ཕྲེང་ལས་མཐུན་སོ་སོར་བཤད་ཀྱང་སྤྱི་ལ་བོདྷི་ཙེ་ཉིད་འགྱུར་སྟོབས་དང་བསྔགས་པ་ཆེན་བས་དེ་ཀས་ལེགས་
ལ། བཟླས་པའི་ཐོག་མར་ཕྲེང་བ་བྱིན་རླབས་ཀྱི་སྔགས་དམིགས་སྤྱི་མཐུན་རེ་བྱ། ཕྲེང་བ་འགོམ་གཡུག་དང་ཕལ་གྱིས་མཐོང་རེག་མེད་པར་མགུལ་བའམ་ཕྲེང་ཁུག་ཏུ་བཅང་བཟླས་པ་འགོག་བཟླས་སུ་བྱེད་དགོས་པ་རྣམས་སྔར་རླུང་མ་སྦྱངས་པ་སོགས་ཀྱིས་མི་ནུས་ན་ཐུན་མགོར་འགོག་བཟླས་མཚོན་བྱེད་རེ་བྱས་ནས་གཞན་ངག་བཟླས་བྱ་བ་ལས་འོས་མེད། དམིགས་བསལ་མེད་པ་རྣམས་ཆེ་ཆུང་མྱུར་བུལ་ལྷག་ཆད་ཡིག་འབྲུ་སྒྲ་ཟུར་ཉམས་པ། གླལ་བ་དང་སྦྲོད་པ་སོགས་ཀྱིས་བར་ཆོད་པ་མ་ཡིན་པའི་ངག་བཟླས་སྐྱོན་བྲལ་བྱེད་ཅིང་། སྔགས་ཕྲེང་སྐོར་རེའི་མཚམས་སུ་བཟླས་དམིགས་གསལ་སྐྱོར་དང་སྟོང་རྗེས་ལ་བརྒྱ་སོགས་བཅུ་ཆའི་ཁ་སྐོང་ཡང་ཞོར་ལ་འགྲོ་བ་ཐོན་ན་རྗེས་སུ་སྦྱིན་སྲེག་མ་གྲུབ་ཀྱང་སྐྱོན་མེད་པ་དང་། སྐུ་གསུམ་སྒྲུབ་བཞག་གྲངས་སུ་བཅད་པ་སོགས་ལ་སྟབས་བདེ་བ་ཡིན། ཐུན་གྱི་གོང་ལ་འགྲོ་འདུག་བསྐུལ་སྤྱོད། གཞན་ལ་ངག་དང་ཕྲིན་ཡིག་གཏོང་བ། ལྷ་སྔགས་མི་གཅིག་པ་འདོན་བསྒོམ་སོགས་བཟླས་དམིགས་ཀྱི་བར་ཆད་དུ་འགྲོ་བའི་རྣམ་གཡེངས་ཐམས་ཅད་སྤངས་ལ། དུས་གསུམ་གྱི་རྣམ་རྟོག་ཆེ་ཕྲ་ཆུ་གཉེར་ལྟ་བུ་ཡང་ཐོལ་སྐྱེས་དེ་ཀ་དྲན་པས་ཆེར་བཟུང་དུ་བྱས་ནས་ལུས་མི་གཡོ། ངག་མི་སྨྲ། སེམས་མི་ཡེངས་
པར་རྩེ་གཅིག་པས་ལྷ་སྐུ་རེག་མཐོང་ཡོད་པ་ལྟ་བུར་གསལ་ཐུབ་ཀྱང་སྣང་སྟོང་རིག་རྩལ་ཙམ་དུ་བལྟ་ཞིང་། །གང་ལྟར་བསྒོམས་ཀྱང་མི་གསལ་བ་བྱུང་ཡང་། སེམས་ལས་ལྷ་སྐུ་ལོགས་སུ་མེད་པར་ཐག་བཅད་དེ་ཡིད་མི་གཡེང་བར་བསྒོམ། ངེས་པར་ལྡང་བ་སོགས་བྱེད་དགོས་ཀྱང་ལྷའི་གསལ་སྣང་མ་ཤོར་བ་དང་། བཟླས་པའི་རྒྱུན་མ་ཆད་པ་བྱེད། ཐུན་མཚམས་རྣམས་སུ་ཡང་སྐབས་དེའི་བདག་བསྐྱེད་ཀྱི་ལྷ་གཙོ་བོ་གང་ཡིན་དེར་གསལ་བས་བཟླས་པ་གང་འགྲུབ་བྱེད་ཀྱང་གྲངས་སུ་མི་བརྩི། བྱ་བ་གང་ལ་འཇུག་ཀྱང་ལྷའི་གསལ་སྣང་དང་དྲན་པའི་རྩིས་ཟིན་པས་མ་ཡེངས་པར་བྱེད་ཅིང་འདོད་ཡོན་རྣམས་མཆོད་པའི་རྫས་སུ་ལོངས་སྤྱད་པས་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་རྣམས་དགྱེས་པར་བསྐྱེད་པ་སྤྱོད་ལམ་གྱི་རྣལ་འབྱོར་དང་། གཟའ་བཏུང་གི་སྲེག་རྫས་ལྟེ་བའི་གཏུམ་མོའི་མེས་བཞུ་བའི་དྭངས་མས་ལུས་ཀྱི་ལྷ་རྣམས་བདེ་བ་ཆེ་པོའི་རང་བཞིན་ཏུ་ཚིམ་པར་བསམ་པ་ནང་གི་སྲེག་བླུགས་གཟའ་བའི་རྣལ་འབྱོར་དང་། ཉལ་དུས་ཐུན་མཚམས་ཀྱི་ལྷ་ཡང་བསྡུས་ནས་འོད་གསལ་གྱི་ངང་དུ་གཉིད་པར་བྱ་བ་ཉལ་བའི་རྣལ་འབྱོར་དང་། ནངས་པར་ནམ་མཁའ་ནས་དཔའ་བོ་དང་མཁའ་འགྲོའི་རྡོ་རྗེའི་གླུ་དང་ཌ*ཌཱ་དྲི*་གྱིས་སྒྲས་བསྐུལ་བས་ལྷ་སྐུར་སད་པར་མོས་པ་ལྡང་བའི་རྣལ་འབྱོར་
སོགས་སྒོ་གསུམ་དགེ་སྦྱོར་ཀྱི་སྲང་ལ་བར་མེད་དུ་གཅུར་ནས་ཐ་མལ་གྱི་བློ་ལང་དུ་མ་ཤོར་བ་གཅིས་ཀྱང་བྱེད་དགོས། གཞན་ཡང་རེས་རིག་པ་དྭངས་ཤིང་ལྕེ་བདེ་བ་དང་། རེས་བྱིང་རྨུགས་མི་གསལ་བ་དང་། རེས་རྣམ་རྟོག་འཕྲོ་རྒོད་གཉེན་པོས་མི་ཆུན་པ་དང་། རེས་ཁམས་འདུས་སྒྱིད་ལུགས་པ་དང་། རྨི་ལམ་བཟང་ངན་སོགས་ཕྱི་ནང་གི་རྐྱེན་མཐོ་དམན་ཅི་བྱུང་ཡང་རང་སེམས་ཀྱི་འཆར་སྒོ་ཙམ་དུ་ཐག་བཅད་ནས་དགའ་སྡུག་གི་རྩིས་གདབ་ཀྱི་བློ་རྩབ་རྩུབ་མི་བྱ་བར་གཞན་གྱི་ངོ་འཛིན་སོགས་ཆོས་བརྒྱད། ཚེ་འདིའི་འདུ་འཛིའི་གཡེང་བ་ཐམས་ཅད་དགོས་མེད་རྒྱུད་ལ་བསྟན་པ་ལིང་གིས་བསྒྱུར། ཁམས་ཀྱིས་མི་ལྕོགས་པའི་ཧ་ཅང་འགྱུར་བ་མིན་ཙམ་གྱི་ངང་ནས། མདུན་གྱི་དལ་ཡིག་གི་དོན་ཡང་ནས་ཡང་དུ་ཡིད་ལ་བྱེད་ཅིང་སྙོམ་ལས་ལེ་ལོའི་དབང་དུ་མ་ཤོར་བར་ཞེ་བཅད་དང་བརྩོན་འགྲུས་དྲག་པོའི་སྒོ་ནས་སྒྲུབ་པའི་འགོ་ལྷོད་བ། བར་དུ་གྲིམ་པ། ཐ་མ་ནར་གྱིས་སོང་བའི་ཐང་ལྷོད་མེད་པར་མཐར་ཕྱིན་པར་བྱའོ།། །།དེ་ལྟར་བླ་མ་སྒྲུབ་པའི་ཕན་ཡོན་སྤྱིར་གསང་སྔགས་ཀུན་ནས་རྒྱ་ཆེར་གསུངས་ཤིང་རྡོ་རྗེ་ཐེག་པའི་ཉེ་ལམ་གྱི་རྩ་བའང་བླ་མ་ཚུལ་བཞིན་སྒྲུབ་པ་ལ་ཐུག་པ་དང་། ཁྱད་པར་སངས་རྒྱས་གཉིས་པ་བླ་མ་པདྨ་འབྱུང་
གནས་ལ་གསོལ་འདེབས་མཆོད་བསྟོད་བསྙེན་སྒྲུབ་ལ་སོགས་པ་བགྱིས་ན་གཞན་ལས་ཁྱད་དུ་མས་འཕགས་པའི་ཡོན་ཏན་རླབས་པོ་ཆེ་འཐོབ་པ་འཁྲུལ་མེད་ཀྱི་ཟབ་གཏེར་རྣམས་ལས་ཡང་ནས་ཡང་དུ་གསུངས་པ་དང་། འདི་ཉིད་ཀྱི་གཏེར་གཞུང་ལས་ཀྱང་། བདག་འདྲ་པདྨ་འབྱུང་གནས་ཀྱི༔ ཐུགས་བཅུད་ཟབ་མོ་ནོར་བུ་རྒྱ་མཚོ་འདི༔ གསང་སྔགས་ཀུན་གྱི་བཅུད་བསྡུས་ཡང་སྙིང་ཡིན༔ བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་མ༔ ལུང་ཐོབ་ཙམ་གྱིས་གནས་ངན་སྐྱེ་སྒོ་གཅོད༔ ཉམས་ལེན་གང་བྱས་ཚེ་འདིར་སངས་རྒྱས་འཐོབ༔ ཅེས་གསུངས་པ་ལྟར་དབང་པོ་སྐལ་པ་དང་དད་བརྩོན་རབ་ཏུ་གྱུར་པ་རྣམས་ཚེ་འདིར། འབྲིང་བར་དོར། ཐ་མར་ཡང་སྐྱེ་བ་ཕྱི་མ་ལ་བླ་མ་སྐུ་གསུམ་གྱི་བྱིན་གྱིས་བརླབ་ཅིང་རྗེས་སུ་བཟུང་ནས་ཐུན་མོང་དང་མཆོག་གི་དངོས་གྲུབ་བདེ་བླག་ཏུ་འཐོབ་པར་འགྱུར་བས་མི་ལུས་ཐོབ་ཅིང་བསྟན་པའི་ཡང་སྙིང་རྡོ་རྗེ་ཐེག་པ་དང་མཇལ་བའི་དོན་པོར་ལམ་ཟབ་འདི་ལྟ་བུ་ལ་རྩེ་གཅིག་བརྩོན་པར་འཚལ་ལོ། །ཟབ་ཆོས་མངའ་བདག་བསྟན་འཛིན་སྐྱེས་མཆོག་གི། བཀའ་ལུང་བསྒྲུབ་ཕྱིར་གཏེར་གཞུང་དགོངས་དོན་དང་། །བརྒྱུད་པའི་ཕྱག་བཞེས་སོར་བཞག་དུས་སྐབས་སུ། །མཚམས་པའི་
ལག་ལེན་རྣམ་གསལ་ཁྲིགས་སུ་བཀོད། །ཟབ་ལམ་བླ་སྒྲུབ་ཀུན་གྱི་སྙིང་དྲིལ་ཕྱིར། །སྤྲོས་ཏེ་བརྗོད་ན་རྒྱ་ཆེ་འབྱམས་ཀླས་ཀྱང་། །འདིར་ནི་སྤྲོས་མེད་སྒྲུབ་ལ་གཞོལ་རྣམས་ཀྱི། །གསལ་འདེབས་ཙམ་དུ་དགོས་དོན་སྙིང་པོར་དྲིལ། །འཁྲུལ་བྲིས་ནོངས་པ་གང་མཆིས་རྩ་གསུམ་ལྷར། །བཤགས་པས་དག་ཚངས་སྒྲུབ་ལ་བྱིན་རླབས་དང་། །དངོས་གྲུབ་མཆོག་སྩོལ་དགེ་བས་བདག་གཞན་ཀུན། །ཕྱམ་གཅིག་སྐུ་གསུམ་བླ་མ་མྱུར་འགྲུབ་ཤོག །ཅེས་པའང་ལྷོ་བྲག་ནས་སྔ་འགྱུར་བསྟན་འགྲོའི་དཔལ་མགོན་མཚུངས་ཟླ་བྲལ་བ་གསུང་སྤྲུལ་རིན་པོ་ཆེ་ཀུན་བཟང་བསྟན་པའི་ཉི་མའི་ཞལ་སྔ་ནས་གྱ་ནོམ་པའི་གནང་སྐྱེས་བཅས་བཀའ་བསྐུལ་ཆེད་དུ་སྩལ་བ་ལྟར། གཏེར་གཞུང་རྩ་བའི་དགོངས་པ་བཞིར་བཞག །ཐུགས་སྲས་ལྔ་པའི་ཟིན་བྲིས་ཆེ་ཆུང་གི་བཞེང་སྲོལ་དང་བསྟུན་ནས་ཁྱེར་བདེ་དོན་འདུས་ཀྱི་ཚུལ་དུ། རྒྱལ་དབང་པདྨའི་རྗེས་འཇུག་རིག་པ་འཛིན་པའི་རྟགས་ཙམ་འཛིན་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་ཁམས་ཀྱི་ཟབ་བུ་ལུང་གཉིས་བརྗོད་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་སྦེལ་བ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།