དཔལ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དུ་བྱིས་པ་འཇུག་པའི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་རྒྱ་མཚོའི་བཅུད་འདྲེན།
དཔལ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དུ་བྱིས་པ་འཇུག་པའི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་རྒྱ་མཚོའི་བཅུད་འདྲེན་ཅེས་བྱ་བ་བཞུགས་སོ།། །།
ན་མོ་གུ་རུ་ཤྲཱི་མཱཾ་ཀཱ་ལ་ཙཀྲཱ་ཡ། །ཨེ་ཡིག་གསང་བ་མཆོག་གི་དགྱེས་པའི་མཁར། །ཝཾ་ཡིག་རྡོ་རྗེ་ཟླ་བའི་དཀྱིལ་འཁོར་ཆ། །ཡོངས་རྫོགས་སྲིད་ཞིའི་ཁྱབ་བདག་ཧེ་རུ་ཀ །དཔལ་ལྡན་བླ་མ་དུས་ཀྱི་འཁོར་ལོར་འདུད། །ཕྲ་རབ་རྡུལ་གྱི་ཆོས་ལས་རབ་འདས་ཀྱང་། །པྲ་ཕབ་དང་མཚུངས་གསང་གསུམ་སྒྱུ་འཕྲུལ་གྱིས། །རྣམ་ཀུན་མཆོག་ལྡན་ལམ་ཟབ་སྟོན་མཛད་པ། །ཆོས་རྒྱལ་རིགས་ལྡན་ཚོགས་ཀྱིས་བྱིན་རླབས་སྩོལ། །བརྟོན་པ་བཞི་ལྡན་སངས་རྒྱས་དོལ་པོ་པ། །གསང་བ་ཀུན་བདག་རྗེ་བཙུན་དད་སྒྲོལ་མགོན། །བརྒྱུད་པ་འཛིན་བཅས་རྣམ་གསུམ་དད་པ་ཡིས། །བསྙེན་ལ་ཡེ་ཤེས་ཁོང་ནས་སད་པར་མཛོད། །ཡེ་ཤེས་རྒྱ་མཚོའི་བཅུད་བསྡུས་རྡོ་རྗེའི་གསུང་། །རྣམ་པར་གསལ་ཡང་བློ་རྨོངས་དཔེ་ཁྱེར་མཁན། །དེས་ཀྱང་ངལ་ཞིང་ཆད་ལྷག་འཇུག་མཐོང་ནས། །བཀླགས་པས་ཆོག་པའི་དབང་བསྐུར་ལག་ལེན་དགོད། །གསང་
ཆེན་བླ་ན་མེད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་དཀྱིལ་རྒྱུད་འགྲེལ་ལུགས་སྒྲ་དོན་ཇི་བཞིན་པ་ཇོ་ནང་ཀུན་མཁྱེན་ཆེན་པོས་མཛད་པ་ལས་སྙིང་པོར་ཕྱུངས་ཤིང་རྣམ་གསལ་བཀླགས་ཆོག་ཁྱེར་བདེར་བཀོད་པ་རྗེ་བཙུན་རིན་པོ་ཆེས་མཛད་པའི་ཡིག་ཆ་ཁྱད་པར་ཅན་རྣམས་ཀྱི་སྟེང་ནས་དབང་བསྐུར་ཆ་ཚང་བསྒྲུབ་པ་ལ། སྤྱིར་ཇོ་ནང་བའི་ཕྱག་བཞེས་ལྟར་བྱེད་ན་ངོར་ལུགས་ལམ་འབྲས་ཀྱི་དཔེ་ལྟར་ཁྲིད་དང་སྦྲེལ་བ་མ་གཏོགས་དབང་ཁོ་ན་མི་བསྐུར། ཅིས་ཀྱང་བསྐུར་ནའང་བསྙེན་སྒྲུབ་མཁན་ལ་བྱིས་འཇུག །རྫོགས་རིམ་མཁན་ལ་མཆོག་དབང་ཁོ་ན་བསྐུར་བ་ལས་དབང་རྫོགས་དུས་གཅིག་མཛད་སྲོལ་མེད་འདུག །དེ་ལ་ཐོག་མར་སྦྱོར་དྲུག་སྔོན་འགྲོའི་ཁྲིད་སྦྱོང་ཚད་ན་བཏང་། དེ་ནས་སློབ་མ་རྗེས་བཟུང་བྱ། སློབ་དཔོན་གྱིས་བསྙེན་པ་ཁ་གསོ་གྲུབ་ནས། སྟ་གོན་སྔོན་ཏུ་འགྲོ་བའི་བྱིས་པ་འཇུག་པའི་དབང་
བདུན་བསྐུར། དེ་ནས་དབང་དང་རབ་གནས་སོགས་སློབ་དཔོན་གྱི་བྱ་བ་དང་བསྐྱེད་རིམ་དོན་གཉེར་ཅན་ཡིན་ཚེ་རྒྱས་ན་ཐུགས་དཀྱིལ། བསྡུ་ན་ལྷ་དགུ་ལ་བརྟེན་པའི་གྲངས་བསྙེན་བཏང་། རྫོགས་རིམ་ཁོ་ནར་དྲིལ་མཁན་ལ་དེའི་རྟེན་ལྷན་སྐྱེས་གསལ་སྣང་མ་ཐེབ་བར་དུ་བསྒོམ། ངག་བཟླས་བྱེ་བ་མན་ཆད་ཅི་རིགས་ཏེ་དེའང་ཧཾ་ཀྵ་ཁོ་ནས་ཆོག །གྲངས་གཙོ་བོར་མི་བྱེད། དེ་ནས་དབེན་གསུམ་སྦྱང་། འབྱངས་ནས་མཆོག་དབང་བསྐུར། སོ་སོར་སྡུད་པ་བསྟན་ལ་བྱིན་རླབས་བཅས་དམ་པོ་བརྒྱག་ནས་མུན་ཁྲིད་ལ་འཇུག །ཉིན་མཚན་རྟགས་སྣང་བརྟན་ནས་བསམ་གཏན་སོགས་ཡན་ལག་ལྷག་མ་རྣམས་ཀྱི་ཁྲིད་སྦྱོང་ལ་འཇུག །སློབ་དཔོན་ཏུ་འོས་པ་ལ་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་སྐབས་ཕྱེད་པར་བསྐུར་ནས། ཁྲིད་མཇུག་གེགས་སེལ་བོགས་འདོན་ཕྱི་ནང་ངོ་སྤྲོད་སོགས་རྒྱས་པར་བསྟན་པར་ཡིན་འདུག །དེ་ལྟར་མི་ལྕོགས་པས་ད་ལྟ་སྨིན་གྲོལ་གྱི་རྒྱུན་ཙམ་གྱིས་ཐོབ་ཆོས་སུ་བྱ་དགོས་པའི་སྐབས། ཐོག་མར་སློབ་མ་རྗེས་འཛིན་བྱ། དེ་ནས་ཉིན་དང་པོར་སྟ་གོན། ཉིན་གཉིས་པར་བྱིས་འཇུག །བསྐྱེད་རིམ་སྒྲུབ་མཆོད་ཙམ་དོན་ཏུ་གཉེར་བའི་སློབ་མ་ཐུན་མོང་བ་ལ་ཉིན་གསུམ་པར་མཆོག་དབང་དཀྱིལ་ཆོག་ཏུ་ཡོད་པའི་དཀྱུས། འགྲེ་དེ་བསྐུར་བས་རྫོགས་པར་གྲུབ། རྒྱས་བསྡུས་གང་ལའང་བྱིས་འཇུག་དང་། མཆོག་དབང་སྦྲེལ་ནས་བསྐུར་སྲོལ་མེད་ ཐུན་མིན་རྫོགས་རིམ་མཁན་པོ་ལ། ཉིན་གསུམ་པར་མཆོག་དབང་ཁྱད་པར་ཅན། འཕྲལ་དུ་བཀའ་རྫོགས་མི་བྱེད་ཀ་མེད་ལ། ཉིན་བཞི་པར་རྡོ་རྗེ་སློབ་དཔོན་བདག་པོ་དང་། ཉིན་ལྔ་པར་བདག་པོ་ཆེན་པོའམ། ཡང་། ཉིན་གསུམ་པར་མཆོག་དབང་དཀྱུས་འགྲེ། བཞི་པར་མཆོག་དབང་ཁྱད་པར་ཅན། ལྔ་པའི་སྔ་དྲོ་བདག་པོ་དང་། ཕྱི་དྲོ་བདག་ཆེན་མཛད་པའི་སྲོལ་ཡང་ཡོད་པར་འདུག །གང་ལྟར་ཐོག་མར་སློབ་མ་
རྗེས་འཛིན་སྐབས། སློབ་དཔོན་ཉིད་རྟག་ཏུ་བསྒོམ་བཟླས་རྒྱུན་ཁྱེར་མཛད་མཁན་ཡིན་ན་དེ་ཀས་འཐུས། དེ་མིན་ལྷན་སྐྱེས་ཙམ་གྱི་སྒོམ་བཟླས་བྱ། སློབ་མ་རྣམས་ཀྱིས་མཎྜལ་ཚོམ་བུ་དགུ་མ་སྔོན་དུ་འགྲོ་བས། །དཀྱིལ་ཆོག་གི་དབུ་ནས་འབྱུང་བའི་གསོལ་འདེབས་རྗེས་ཟློས་ལན་གསུམ། སློབ་མ་སྟ་གོན་སྐབས་ལྟར་སྔགས་ཀྱིས་སོ་ཤིང་འདོར་དུ་གཞུག །དཔྲལ་བར་ཟླ་བ་ལ་ཨཱུ་སོགས་ཀྱིས་གནས་དྲུག་བསྲུང་བ་དང་། འཇིག་རྟེན་ཏུ་ནི་ཀུན་མཁྱེན་སོགས་ཆེ་བ་བརྗོད་པའང་དེ་ནས་འབྱུང་བ་ལྟར་བྱས་ལ་གྲོལ། དེ་ནས་ཉིན་དང་པོ་སྟ་གོན་ལ། སྤྱིར་ཇོ་ནང་རྗེ་བཙུན་ཆེན་པོའི་གསུང་སྐོར་ལ་བྱ་རྒྱུད་དམ་ཚིག་གསུམ་བཀོད་དང་། གཟུངས་གྲ་ལྔ། སྦྱོང་རྒྱུད་ཀུན་རིག་སོགས་སྒྲུབ་དཀྱིལ་སྦྲེལ་མ་ལས། བླ་མེད་ཀྱི་དཀྱིལ་འཁོར་ཀུན་ལ་སྒྲུབ་ཐབས་དང་དཀྱིལ་ཆོག་གཉིས་རེ་རྐང་ཚུགས་ཡོད་པས། སྡོམ་ཆེན་དུས་འཁོར་གཞུང་ལ་འགྲེས་སྤོས་པ་ལྟ་བུ་མ་གཏོགས་ཆོ་གའི་ཡན་ལག་སོགས་ཡིག་སྣ་གཞན་ནས་བསབ་དགོས་པ་ཆེར་མེད། དེའང་རང་དོན་བསྙེན་པ་སོགས་ལ་སྒྲུབ་ཐབས་གཏོར་ཆོག་དང་བཅས་པའི་ལེའུ་གཅིག་དེས་ཆོག །སྒྲུབ་མཆོད་དང་། སློབ་མ་དབང་བསྐུར་སོགས་ལ་དཀྱིལ་ཆོག་དེས་གཞི་བྱེད་ནས་འདོན་འགྲིགས་ལག་ལེན་དེ་ཀ་ལྟར་དགོས་པས་སྐབས་འདིར་ཡང་དཀྱིལ་ཆོག་དབུར་འབྱུང་བ་ལྟར་སྔོན་འགྲོ་གཏོར་མ་ལྕོག་ཟླུམ་གཅིག །ཡུལ་བདག་གྲོང་བདག་ལ་ཟླུམ་གཏོར་གཉིས་བསྒྲིགས་ཚར་གཉིས། སྲུང་འཁོར་མཐར་འབུལ་རྒྱུ་སྡེ་དྲུག་སྲུང་མ་དྲུག་ཅུ་ལ་དེང་སྐབས་ནང་གཏོར་གཙོ་འཁོར་ཕྱོགས་བསྡུས་ཀྱི་དབང་དུ་མཛད་ནས་ཟླུམ་གཏོར་གཤོག་དྲུག་པར་རྣམས་སུ་ཐེབས་ཀྱུ་བཅུ་རེ་བརྩེགས་པ་བྱ་སྲོལ་ལྟར་དང་། ས་ལྷའི་ལྕོག་ཟླུམ། ཕུར་བུའི་འབུལ་གཏོར་དཀར་ཟླུམ། ཞལ་བྲས་ཁ་ཤས་སོགས་འདུ་བྱ། དམ་
ཚིག་གི་བྲིས་སྐུ་སོགས་རྟེན་བཀྲམ་པ་ལ་མངོན་པར་ཕྱོགས་པའི་སློབ་དཔོན་མདུན་དུ་ནང་མཆོད། རྡོ་རྗེ། དྲིལ་བུ། ཅང་ཏེའུ་དང་། བདག་བསྐྱེད་ཀྱི་མཆོད་པ་བཅུ་གཉིས་གཡོན་ནས་བརྩམས་ཏེ་ཕྲེང་ཚར་དུ་བཤམ། བུམ་པ་བཅུ་དང་། སྟ་གོན་རྫས་བཞི། མཆོད་པ་བཅུ་གཉིས་སོགས་འོག་ཏུ་རིམ་པར་དགོས་པ་རྣམས་ཀྱང་གྲབས་སུ་ཚུད་པར་བྱ། ཐོག་མར་དཀྱིལ་ཆོག་ལྟར་ནང་མཆོད་བྱིན་བརླབ། སྔོན་གཏོར་ཤ་དུམ་ཆང་བཅས་བཤམ་པ་ལ་ནང་མཆོད་བྲན་ནས་སྔོན་གཏོར་བཏང་། བདུད་སྲེག་སྔགས་བརྗོད། གནས་ཡོ་བྱིན་བརླབ། ཚོགས་པ་ཡོད་ན་སྔ་ཕྱིའི་ཞུ་འབུལ་དང་སློབ་དཔོན་གསོལ་གདབ་ཀྱི་མཎྜལ་ཕུལ་བ་སོགས་དགོས་ཀྱང་སློབ་དཔོན་ཁོ་ནའི་སྐབས་དེ་རྣམས་བསྒྱུར། དེ་ནས་སྒྲུབ་ཐབས་དབུའི་སྐྱབས་སེམས། རྡོར་སེམས་བསྒོམ་བཟླས། ཐུན་མིན་སྔོན་འགྲོ་རྣམ་བཅུ་སོགས་རིམ་བཞིན་བཏང་བའི་བདུད་གཞོམ་པའི་སྔོན་འགྲོར་ཡུལ་གྲོང་གཏོར་མ་བཤམ་ནས་བཏང་། སྲུང་འཁོར་འབུལ་གཏོར་མདུན་ཕྱོགས་སྟེགས་མཐོ་བར་བཀོད་པའི་མདུན་ཕྱོགས་སུ་མཆོད་པ་བཅུ་གཉིས་ཕྲེང་ཚར་བཤམས་པ་འབུལ། དངོས་གཞི་རྒྱལ་མཆོག་གཉིས་དང་། རྣལ་འབྱོར་གཉིས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་རྫོགས་པར་བསྒོམ། བཟླས་པ་གཞན་ཇི་ལྟར་འོས་པ་དང་། ཧམ་ཀྵ་ཅི་ནུས་བཟླ། རྐང་པ་བཅུ་དྲུག་པ་དང་བདུན་ཅུ་རྩ་གཉིས་པ་ཚར་གསུམ་རེ་ཙམ་བཟླ། སྔགས་ཀྱིས་ང་རྒྱལ་བཟུང་། དེ་ནས་ས་ཆོག་གི་སྔོན་འགྲོ་ཡུལ་གྲོང་གཏོར་མ་བཤམས་ལ་བྱིན་བརླབ། སྒྲུབ་ཐབས་སྔོན་འགྲོ་ལྟར་སྔགས་ཀྱིས་བསྔོ། །དཀྱིལ་ཆོག་ལྟར་ཕྲིན་ལས་བཅོལ་བ་ཕྱིར་བཏང་། བདུད་གཞོམ་པ་སྒྲུབ་ཐབས་ལྟར་གྲུབ་ནས། སྟེགས་བུའི་དབུས་སུ་དྲི་བཟང་གི་ཆུས་ཟླུམ་སྐོར་སྟེང་མེ་ཏོག་ཚོམ་བུ་བཀོད། མདུན་ཏུ་གཏོར་ཟླུམ། མཐའ་སྐོར་དུ་མཆོད་ཡོན། དྲི་ཆབ། མེ་ཏོག །སྤོས། མར་མེ། ཞལ་ཟས།
ཤིང་ཏོག་རྣམས་བཤམ། །དཀྱིལ་ཆོག་གནང་བཞུ་བའི་ཆོ་ག་རྣམས་བྱ། དཀྱིལ་འཁོར་གྱི་གཞིར་ཡུངས་ཀར་དང་དྲི་བཟང་གི་ཆུ། ཤིང་ཐལ་རྣམས་འཐོར་ཅིང་བིགྷྣན་ཉེར་གཅིག །ས་ལ་རེག་སྟེ་ཨོཾ་བྷུ་ཁཾ་སོགས་དང་། རྡོར་བསྡོམས་སར་སྦུབས་ལ། ཨོཾ་མེ་དི་ནཱི་སོགས་བརྗོད་པས་བྱིན་རླབས་བྱ། དེ་ནས་སྒྲུབ་ཐབས་སྲུང་འཁོར་རྒྱས་པར་བསྒོམས་།།།རྒྱལ་བཟུང་བའི་སྔགས་ཡན་སོང་ནས། ཕུར་བུ་བཅུ་ཅོད་པན་དང་ཡུངས་ཀར་གྱི་ཐུམ་བུ་བཏགས་པ་འབྲུས་བཀང་བའི་སྣོད་དུ་བཙུགས་པའི་མཐར་མཆོད་པ་བཅུ་གཉིས་ཀྱིས་བསྐོར་བ་བཤམ། དཀྱིལ་ཆོག་ལྟར་བསྐྱེད་བསྟིམ་མཆོད་འབུལ་བྱས་ལ་ཕྱོགས་བཅུར་རིམ་བཞིན་གདབ། ཡང་གཏོར་མ་དང་མཆོད་པ་བཅུ་གཉིས་ཅོག་ཙེའི་སྟེང་དུ་བཤམ། བྱིན་བརླབ་བྱ། ཕུར་བུ་སྲུང་བའི་ཁྲོ་བོ་བཅུ་ལ་གཏོར་མཆོད་ཕུལ། བསྟོད་པ་དང་ཕྲིན་ལས་བཅོལ། སྟེགས་བུའི་མཐར་མཆོད་པ་བཅུ་གཉིས་བཤམ། བྱིན་བརླབ། དམ་ཚིག་གི་ས་གཞིར་སྔགས་ཀྱིས་མཆོད། སའི་ལྷ་མོ་སྔགས་ཀྱིས་བསྟིམ་པ་དང་། ཡེ་ཤེས་ཀྱི་ས་གཞི་སྤྱན་དྲངས་ནས་བསྟིམ་ཞིང་མཆོད་པ་བཅས་ཀྱིས་ས་ལྷག་གནས་གྲུབ། རྡུལ་ཚོན་སྐབས་འདི་ཡན་ཉིན་དང་པོ་ཡིན་པས་མཐར་སྡེ་དྲུག་གཏོར་འབུལ་སོགས་དགོས་ཀྱང་རས་བྲིས་ལ་ཉིན་སྔ་ཕྱི་སྦྲེལ་བ་ཡིན་པས་འདི་སྐབས་མི་དགོས་སོ། །དེ་ནས་གསོལ་བ་གདབ་པའི་དོན་ཏུ་དཀྱིལ་འཁོར་ལྷག་གནས་ནི། དཀྱིལ་འཁོར་གྱི་ས་གཞིར་དྲི་བཟང་ཆུས་བྱུགས། མེ་ཏོག་སིལ་མ་བཀྲམ། མཆོད་པ་བཅུ་གཉིས་ཕྱོགས་ཕྱོགས་སུ་འགོད་ན། ཤར་དུ་དྲི་ཆབ་དང་། མེ་ཏོག །ལྷོ་རུ་སྤོས་དང་། མར་མེ། བྱང་དུ་ཞལ་ཟས་དང་། ཤིང་ཏོག །ནུབ་ཏུ་སྒེག་མོ་མཚོན་པའི་ན་བཟའ་དང་། བཞད་མ་མེ་ལོང་། སྟེང་ཕྱོགས་ཤར་གྱི་ཤར་
དུ་སྒྲ་མའི་ཏིང་ཤག་གམ་རོལ་མོ་གང་རུང་དང་། གར་མའི་རྡོར་དྲིལ། འོག་ཕྱོགས་ནུབ་ཀྱི་ནུབ་ཏུ་འདོད་མའི་ཆོས་འབྱུང་དང་། གླུ་མ་མཚོན་བྱེད་པི་ཝཾ་བཅས་རེ་རེའང་བརྒྱ་བརྒྱད་ལྟ་བུ་བཤམ་དགོས་ཀྱང་འབྱོར་པ་དང་གོ་ཡུལ་གྱིས་མ་འགྲིགས་ན་ཚར་བདུན་ནམ་ལྔ་ལས་མི་ཉུང་བར་བཤམ། བཅུ་གཉིས་པོ་ཕྲེང་ཚར་དུ་བཤམ་ན་ཕྱོགས་བཞིར་ཚར་བཞི། མདུན་ཏུ་ལྷག་གཅིག་བཅས་ཚར་ལྔ་ཙམ་ནི་ངེས་པར་དགོས། མདུན་ངོས་སུ་ཆུ་བཞིའི་སྣོད་དུང་ཆོས་སོགས་བཞི་བསྒྲིག་དང་། ཆུ་གཙང་གི་བྱ་མ་བུམ། སྡེ་དྲུག་གཏོར་འབུལ་སྲུང་འཁོར་སྐབས་བཤད་ལྟར། མཁའ་འགྲོ་སྤྱི་གཏོར། ཡུལ་གྲོང་གཏོར་མ་བཅས་བཤམ། དཀྱིལ་ཆོག་ལྟར་ལྷ་བསྐྱེད། བསྟོད་ཆེན་ཚང་བར་འདོན་ལ་གསལ་གདབ། དེ་ནས་མཆོད་པ་བྱིན་བརླབ། སྤྱན་དྲངས་ལ་སྔགས་དང་བསྒྲིགས་ཏེ་མཆོད་ཡོན་ལན་གསུམ། ཞབས་བསིལ། ཞལ་བསིལ། འཐོར་འཐུང་ལན་རེ་བཅས་གཟེད་ཞལ་བཞིར་སོ་སོར་སྦྲེང་། མཆོད་པ་བཅུ་གཉིས་དང་། ནང་མཆོད་བདུད་རྩི་ཕུལ་ལ་སྤྲོ་ན། ན་མཿཆེན་མོའི་ལག་ལེན་འོག་དངོས་གཞིའི་སྐབས་སུ་འབྱུང་བ་ལྟར་བྱས་ཀྱང་ཆོག་ལ་སྟ་གོན་སྐབས་འདིར་མི་བྱེད་པའང་སྣང་། བསྟོད་པ་དང་སྙན་གསན་དབབ། འདིར་གཏོར་འབུལ་དང་རྗེས་ཆོག་བྱ་བ་གཞུང་གི་དངོས་བསྟན་ཡིན་པས་དེ་ལྟར་ཡང་ལེགས་མོད། དེང་སང་སྤྱི་འགྲོ་ལྟར་སྟ་གོན་གྲུབ་པའི་རྗེས་སུ་བྱ་བ་ལའང་འགལ་བ་མེད་པས། སྔ་འཕྲོས་སུ་བུམ་པ་ལྷག་གནས་ནི། སྟེགས་བུ་ཟུར་པ་བུམ་གདན་གྱི་སྟེང་དུ་ཕྱོགས་མཚམས་བརྒྱད་དུ་བུམ་པ་བརྒྱད། ཤར་དབུས་སུ་རྒྱལ་བ་དང་། ནུབ་དབུས་སུ་རྣམ་རྒྱལ་བཅས་བཅུ། རྒྱལ་བའི་སྟེང་དུ་རྣམ་རྒྱལ་ཆེན་པོའི་དུང་ཆོས་བཞག །སོ་སོའི་བུམ་རྫས་གཞུང་གསལ་རྣམས་དང་དྲི་ཆབ་ཀྱིས་བཀང་། མགུལ་ཆིངས་ལ་བཤད་པ་མེད་ཀྱང་རུང་མཐུན་བྱེད་ན་ཤར་དང་།
ལྷོ་དཀར། ལྷོ་ལྷོ་ནུབ་དམར། བྱང་བྱང་ཤར་སྔོ། །ནུབ་ནུབ་བྱང་སེར། ཤར་དབུས་དཀར། ནུབ་དབུས་དམར་པོ་དཀྲི། བུམ་པ་དགུ་པོར་ཁ་རྒྱན་དང་། དུང་ཆོས་ཁར་གཟུངས་ཐག་ཀྱང་བཏགས། ལྷོར་རྡོ་རྗེ་དར་སྔོན་དང་། བྱང་དུ་དྲིལ་བུ་དར་སེར་དཀྲིས་པ་བཀོད། མཐར་མཆོད་པ་བཅུ་གཉིས་ཀྱིས་བསྐོར། དཀྱིལ་ཆོག་ལྟར་བུམ་པ། རྡོ་རྗེ། དྲིལ་བུ་རྣམས་བསྐྱེད་བཟླས་དང་སོ་སོར་མཆོད་པ་བཅས་བྱས་ལ། དཀྱིལ་འཁོར་གཞི་སོགས་ཐམས་ཅད་ཡོལ་བས་བསྒྲིབ་བོ། །དེ་ནས་སློབ་མ་ལྷག་གནས་ནི། ཉེར་སྤྱོད། སི་ཤིང་མགོར་མེ་ཏོག་གི་ཕྲེང་བ་བཅིངས་པ། འདོར་གདན་མཎྜལ་གྲུ་བཞི་བ་བྱུང་ལྔས་བྱུགས་པ་ལ་ཚོམ་བུ་དགུ་བཀོད་པ། དྲི་བཟང་ཆུ་བདུད་རྩི་ལྔ་དང་སྦྱར་བ། ཀུ་ཤའི་ཕོན་པོ་ཆེ་ཆུང་གཉིས། སློབ་མའི་ལུས་ཚད་དང་མཉམ་པའི་སྲུང་སྐུད་དམར་པོ་མདུད་པ་སུམ་ལྡན་རྣམས་འདུ་བྱ། དེ་ནས་སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱ། ཕྱག་བཅས་གྲལ་དུ་འཁོད་པ་ལ་འདི་སྐད་ཅེས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་འདིར་བཅོམ་ལྡན་འདས་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་རྫོགས་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་ཆེན་པོར་ཞུགས་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་ཟབ་མོ་ནོད་པར་བྱ་སྙམ་དུ་བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་གསན་འཚལ། དེ་ཡང་འོ་སྐོལ་གྱི་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས། དམ་པའི་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་ཞིག་བསྐོར་བ་ལས། ཁྱད་པར་དུ་གྱུར་པ་ནི་གསང་བ་སྔགས་ཀྱི་ཐེག་པ་ཉིད་ཡིན་ཞིང་། དེ་ལ་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་
ཆེན་པོ་བླ་ན་མེད་པའི་རྒྱུད་དེ་རྒྱུད་སྡེ་ཆེན་པོ་བཞིར་ཡོད་པ་ལས། ཐམས་ཅད་ཀྱི་རྩེ་མོར་གྱུར་པ་ནི་རྣལ་འབྱོར་བླ་ན་མེད་པ་སྟེ། དེ་ལའང་གསང་བ་འདུས་པ་དང་། གཤིན་རྗེ་གཤེད་དམར་ནག་སོགས་པའི་རྒྱུད་རིགས་གསུམ། བདེ་མཆོག་འཁོར་ལོ་དང་། དགྱེས་རྡོར། མ་ཧཱ་མཱ་ཡ་ལ་སོགས་པའི་མའི་རྒྱུད་ལ་རིགས་དྲུག་ཏུ་བཞུགས་པའི་ནང་ནས་མཐར་ཐུག་ཏུ་གྱུར་པ་རྡོ་རྗེ་སེམས་དཔའི་རིགས་སམ། ཕ་མ་གཉིས་མེད་གསུམ་དུ་དབྱེ་བ་ལྟར་ན་གཉིས་སུ་མེད་པའི་རྒྱུད་བཅོམ་ལྡན་འདས་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་སྟེ། དེའང་རྩ་རྒྱུད་ལས། །བྱ་རྒོད་ཕུང་པོའི་རི་ཆེན་པོར། །ཐེག་པ་ཆེན་པོ་བླ་ན་མེད། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན། །དེ་ནས་གཅིག་ཏུ་མཆོད་རྟེན་ཆེར། །ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ། །དམ་པ་དང་པོའི་དཔལ་ལྡན་རྒྱུད། །དཔྱིད་ཟླ་འབྲིང་པོའི་ཉ་ལ་གསུངས། །ཞེས་གསུངས་པ་ལྟར་རྫོགས་པའི་སངས་རྒྱས་ཤཱཀྱའི་དབང་པོས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བའི་རྗེས་སུ་ནག་པ་ཟླ་བའི་ཚེས་བཅོ་ལྔ་ལ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འོག་ཏུ་ཆོས་དབྱིངས་གསུང་དབང་དང་། སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སྤྲུལ་ནས། འཁོར་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དཔག་ཏུ་མེད་པ་དང་། ལྷ་ཆེན་བཅུ་གཉིས་སོགས་ལྷ་ཀླུ་གནོད་སྦྱིན་འབྱུང་པོའི་ཚོགས་དང་། ཆུ་བོ་སི་ཏཱའི་བྱང་ཕྱོགས་ཤམྦྷ་ལའི་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གི་མིའི་འགྲོ་བ་སྐལ་ལྡན་དཔག་ཏུ་མེད་པ་འདུས་པའི་དབུས་སུ། ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་ཆོས་རྒྱལ་ཟླ་བ་བཟང་པོས་
ཞུས་པའི་ངོར་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུངས། རྒྱུད་སྡེ་གཞན་པ་མཐའ་དག་ཀྱང་བསྐྱར་ནས་བསྟན་ཏེ་ཕྱག་ན་རྡོ་རྗེ་ལ་གཏད། ཆོས་རྒྱལ་ཟླ་བཟང་གིས་ཤམྦྷ་ལར་རྒྱུད་མཐའ་དག་གླེགས་བམ་དུ་བཀོད། དུས་འཁོར་རྩ་བའི་རྒྱུད་ལ་འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་མཛད། རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་ལྷའི་བཟོ་བོས་དཀྱིལ་འཁོར་གྱི་བཀོད་པ་ཁྲུ་བཞི་བརྒྱ་པ་བཞེངས། སྔགས་ཀྱི་ཐེག་པ་རྒྱ་ཆེར་གསུངས་ནས་གཤེགས་པའི་འོག་ཏུ་སའི་སྙིང་པོའི་སྤྲུལ་པ་ལྷ་དབང་སོགས་ཆོས་རྒྱལ་དྲུག་གིས་ལོ་བརྒྱ་བརྒྱ་སྟེ་དྲུག་བརྒྱའི་བར་དུ་རྩ་རྒྱུད་རྒྱས་འགྲེལ་དང་བཅས་པ་བསྟན། དེའི་རྗེས་སུ་འཕགས་པ་འཇམ་དཔལ་གྱི་རྣམ་འཕྲུལ་མི་བདག་གྲགས་པས་ཀྱང་ལོ་བརྒྱའི་བར་དུ་རྩ་རྒྱུད་རྒྱས་འགྲེལ་དང་བཅས་པ་བསྟན་པའི་མཐར་ཉི་མའི་ཤིང་རྟ་སོགས་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་རྗེས་སུ་བཟུང་བའི་ཆེད་དུ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་བསྡུས་ཤིང་རིགས་བཞི་རིགས་གཅིག་ཏུ་མཛད་དེ་གཤེགས། ལོ་དེ་ཉིད་ལ་རིགས་ལྡན་པད་དཀར་གྱིས་འགྲེལ་ཆེན་དྲི་མ་མེད་པའི་འོད་སྟོང་ཕྲག་བཅུ་གཉིས་པ་མཛད། དེ་ནས་བཟུང་དྲག་པོ་འཁོར་ལོའི་བར་གྱི་རིགས་ལྡན་རྣམས་ལས། རྒྱ་མཚོ་རྣམ་རྒྱལ་གྱིས་ལོ་ཆིག་བརྒྱ་གྱ་གཉིས་དང་། རྒྱལ་དཀས་ལོ་ཉིས་བརྒྱ་ཉེར་གཅིག །གཞན་ཐམས་ཅད་ཀྱིས་ལོ་བརྒྱ་ཡི་བར་དུ་རྒྱུད་འགྲེལ་དར་རྒྱས་སུ་མཛད་ཅིང་མཛད་པར་འགྱུར་བ་སྟེ། དེ་དག་ལས་སློབ་དཔོན་ཕྱོགས་གླང་དང་ཆོས་ཀྱི་གྲགས་པས་བསྟན་པ་སྐྱོང་བའི་སྐབས་སུ་རིགས་ལྡན་ཁྱབ་འཇུག་སྦས་པ་རྫུ་འཕྲུལ་གྱིས་ཁ་ཆེར་བྱོན་ནས་རྡོ་རིང་བཙུགས། ཟླ་བ་གསུམ་དུ་རྡོ་རྗེ་ཐེག་པའི་ཆོས་མང་དུ་གསུངས། རྡོ་རྗེ་ཕག་མོ་
དང་རལ་གཅིག་མའི་སྒྲུབ་ཐབས་ཀྱང་མཛད། མ་འོངས་པ་ན་ཆུ་བོ་སི་ཏུའི་ལྷོ་ཕྱོགས་ཐམས་ཅད་ཀླ་ཀློར་གྱུར་པའི་ཚེ། འཇམ་དཔལ་སྤྲུལ་པའི་རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱིས་རྡོའི་རྟ་ལ་ཆིབས་ཏེ་སྤྲུལ་པའི་དམག་དཔུང་གིས་ཀླ་ཀློ་བཅོམ་ནས་དུས་རྣམས་རྫོགས་ལྡན་དུ་བསྒྱུར། དེའི་སྲས་ཚངས་པ་དང་ལྷ་དབང་གཉིས་ཀྱིས་ལས་ས་དུམ་བུ་བཅུ་གཉིས་རྣམས་ལ་དབང་བསྒྱུར་ཏེ་ཡང་དག་པའི་ལམ་གསལ་བར་མཛད་དོ། །དེ་ལས་འཕགས་བོད་ཀྱི་ཡུལ་འདིར་ཇི་ལྟར་བྱུང་ཚུལ་ནི་རྒྱ་གར་དུ་ལུགས་མང་པོ་དང་འབྲེལ་བའི་གཏམ་རྒྱུད་སོ་སོར་ཡོད་ཅིང་། བོད་ཀྱི་ལུགས་ལ་ཡང་། གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར། རྨ་དགེ་བའི་བློ་གྲོས། འ་ཞ་རྒྱ་གར་བརྩེགས། ཁྱུང་པོ་ཆོས་བརྩོན། རྭ་ཆོས་རབ། ཙ་མི་སངས་རྒྱས་གྲགས་སོགས་ཀྱི་ལུགས་མང་ཡང་། གཙོ་བོར་གྱུར་པ་འབྲོ་ལུགས་སམ། ཟླ་མགོན་ལུགས་ལྟར་ན། འཕགས་ཡུལ་དུ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཞིག་གི་སྲས། དུས་ཞབས་པ་ཆེན་པོ་འཇམ་པའི་རྡོ་རྗེ་ལ་ཡི་དམ་གྱིས་ལུང་བསྟན་པ་ལྟར་བྱང་ཕྱོགས་སུ་ཕེབས་པའི་ལམ་དུ་རིགས་ལྡན་གྱི་སྤྲུལ་པས་གདམས་ངག་བསྟན་པ་ལྟར་ཟླ་བ་དྲུག་ཏུ་བསྒོམས་པས་རྫུ་འཕྲུལ་ཐོབ་སྟེ་ཤམྦྷ་ལར་ཐོགས་མེད་དུ་བྱོན་ནས་རིགས་ལྡན་དངོས་དང་མཇལ། དུས་ཀྱི་འཁོར་ལོའི་རྒྱུད་དང་སེམས་འགྲེལ་སྐོར་གསུམ་ཞུས། དེ་དག་ཐུགས་ལ་བཟུང་ནས་འཕགས་ཡུལ་དུ་དུས་ཞབས་པ་ཆུང་བ་ཤྲཱི་བྷ་དྲ་སོགས་ལ་གནང་། དེ་གཉིས་ཀྱི་སློབ་མ་གྲུབ་ཐོབ་བགྲང་ལས་འདས་པ་བྱོན་ཅིང་ཆོས་འདིས་ས་སྟེང་ཐམས་ཅད་ཁྱབ་པར་མཛད། ཕྱི་མའི་སློབ་མ་རང་སྲས་བོ་དྷི་བྷ་དྲའམ་
ན་ལེནྡྲ་པ། དེ་ལ་ཁ་ཆེ་ཟླ་བ་མགོན་པོས་གསན། པཎྜི་ཏ་དེ་ཉིད་ཀྱིས་བོད་དུ་ལན་གསུམ་བྱོན། ཆོས་མང་དུ་གསུངས། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་ཀྱིས་རྒྱུད་འགྲེལ་སོགས་བསྒྱུར་བའི་ལོ་ཙཱ་བ་མཛད། རྒྱུད་ལུང་མན་ངག་དང་བཅས་པ་ཐམས་ཅད་གངས་ཅན་གྱི་སྲས་གཅིག་ལྷ་རྗེ་སྒོམ་པ་དཀོན་མཆོག་སྲུངས་ལ་གནང་། དེ་ནས་རིམ་པ་བཞིན་དུ། སྒྲོ་སྟོན་གནམ་ལ་བརྩེགས། ཡུ་མོ་མི་བསྐྱོད་རྡོ་རྗེ། སྲས་ཆོས་ཀྱི་དབང་ཕྱུག །མཁས་པ་ནམ་མཁའ་འོད་ཟེར། ལྕམ་ལྷ་རྗེ་ཇོ་འབུམ། སེ་མོ་ཆེ་བ་ནམ་མཁའ་རྒྱལ་མཚན། འཇམ་གསར་ཤེས་རབ་འོད་ཟེར། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཞང་ཀུན་སྤངས་ཆེན་པོ་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་བཙུན་ཡོན་ཏན་རྒྱ་མཚོ། ཇོ་ནང་ཀུན་མཁྱེན་ཆེན་པོ་དོལ་པོ་པ་ཤེས་རབ་རྒྱལ་མཚན། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། ཉ་དབོན་ཀུན་དགའ་དཔལ། གྲུབ་ཆེན་ཀུན་དགའ་བློ་གྲོས། འཇམ་དབྱངས་དཀོན་མཆོག་བཟང་པོ། །མཁས་གྲུབ་ནམ་མཁའ་ཆོས་སྐྱོང་། པ་ཆེན་ནམ་མཁའ་དཔལ་བཟང་། ལོ་ཆེན་རཏྣ་བྷ་དྲ། རྗེ་བཙུན་ཀུན་དགའ་གྲོལ་མཆོག །མཁན་ཆེན་ལུང་རིགས་རྒྱ་མཚོ། །རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ། ཀུན་དགའ་རིན་ཆེན་རྒྱ་མཚོ། གཉིས་ཀས་གྲུབ་མཆོག་བློ་གྲོས་རྣམ་རྒྱལ། ཆོས་རྗེ་ངག་དབང་ཕྲིན་ལས། གྲུབ་བརྙེས་ཀུན་བཟང་དབང་པོ། །རིག་འཛིན་ཚེ་དབང་ནོར་བུ། །ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། །ཀརྨ་ཚེ་དབང་ཀུན་ཁྱབ། དབོན་སྤྲུལ་དབང་རྒྱལ་རྡོ་རྗེ། དཔའ་བོ་གཙུག་ལག་ཆོས་རྒྱལ། རྒྱལ་དབང་ཐམས་ཅད་མཁྱེན་པ་ཐེག་པ་མཆོག་གི་རྡོ་རྗེ་ལས་བཀའ་དྲིན་ཏུ་ནོས།
ཡང་མཁས་དབང་ཀུན་ཁྱབ་ནས། མཆོག་སྤྲུལ་ཀརྨ་རཏྣ། ཀརྨ་འོད་གསལ་འགྱུར་མེད། དེ་ལས་བདག་གིས་ནོས། མཆོག་དབང་ཁྱད་པར་ཅན་ཁྲིད་དང་བཅས་པའི་བརྒྱུད་སྲོལ་གཅིག་ནི། དྷརྨཱ་ཀ་ར་ནས། རིག་འཛིན་ཐུགས་ཀྱི་རྡོ་རྗེ། པདྨ་ཉིན་བྱེད་དབང་པོའི་ཞལ་སྔ་ནས་བཀའ་དྲིན་སྩལ། དེ་དག་ལས་ཇོ་ནང་ཀུན་སྤངས་ཆེན་པོ་ལ་བོད་དུ་བྱུང་བའི་རྭ་འབྲོ་གཙོར་གྱུར་དུས་འཁོར་གྱི་བརྒྱུད་པ་ཡོད་དོ་ཅོག་འདུས་པ་ཡིན་ལ། རྗེ་བཙུན་རིན་པོ་ཆེ་ཏཱ་ར་ནཱ་ཐས་འཕགས་ཡུལ་གྱི་སློབ་དཔོན་པཱུརྞ་བཛྲའི་དྲུང་ནས་གྲུབ་ཆེན་ཞི་བ་སྦས་པའི་ལུགས་ཀྱི་སྦྱོར་དྲུག །ལྷ་ཉེར་ལྔ་པ་དང་རྣལ་འབྱོར་མ་རིགས་བརྒྱའི་དཀྱིལ་འཁོར་གྱི་དབང་རྣམས་ཀྱང་གསན་པ་སྟེ་དེ་དག་ནི་རིགས་ལྡན་སྤྲུལ་པའི་སྐུ་དཔལ་ཇོ་མོ་ནང་པའི་བརྒྱུད་སྲོལ་གཙོ་བོར་སྨོས་པ་ཡིན་ལ། ཙ་མི་ལུགས་ལྟར་ན། རིགས་ལྡན་སྤྲུལ་པ་ཙི་ལུ་པ། དུས་ཞབས་པ་བོ་དྷི་བྷ་དྲ། ཙཱ་མི་སངས་རྒྱས་གྲགས། སེ་ལོ་ཙཱ་ཀུ་མཱ་ར་ཤཱི་ལ། །གཉོས་དྷརྨ་འོད། བླ་མ་བཀྲ་ཤིས་རཏྣ། དུས་འཁོར་བ་སངས་རྒྱས་རྡོ་རྗེ། ཨུ་རྒྱན་པ། སྙེ་མདོ་བ་ཀུན་དགའ་དོན་གྲུབ། ཀརྨ་པ་རང་བྱུང་རྡོ་རྗེ། བླ་མ་རྒྱལ་མཚན། རྒྱལ་བ་རྡོ་རྗེ། འཇམ་དབྱངས་ཆེན་པོ། སློབ་དཔོན་བླ་མ་རྒྱལ་མཚན། སྤྱན་སྔ་ཆོས་གྲགས། སངས་རྒྱས་མཉན་པ། མི་བསྐྱོད་ཞབས། དཀོན་མཆོག་ཡན་ལག །དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །མཁན་ཀར་མ་ཉི་མ། གོ་ཤྲཱི་དོན་གྲུབ་སྙིང་པོ། ཞྭ་དམར་བརྒྱད་པ་
ཆོས་ཀྱི་དོན་གྲུབ། ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཕྱིན་གོང་དང་འདྲ། རྭ་ལུགས་ལྟར་ན། དམ་པ་དང་པོའི་སངས་རྒྱས། ཆོས་རྒྱལ་བདུན། རིགས་ལྡན་འཇམ་དབྱངས་གྲགས་པ་དང་། པདྨ་དཀར་པོ། །འཇམ་དབྱངས་སྤྲུལ་པ་ཙི་ལུ་པཎྜི་ཏ། པི་ཊོ་ཨཱ་ཙཱརྻ། དུས་ཞབས་པ་ཆེ་ཆུང་། མཉྫུ་ཀཱིརྟི། ས་མནྟ་ཤྲཱི། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ། རྭ་འབུམ་སེང་། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། རོང་པ་ཤེས་རབ་སེང་གེ། འཕགས་འོད་ཡོན་ཏན་རྒྱ་མཚོ། །བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། འཇམ་དབྱངས་གྲགས་པ་རྒྱལ་མཚན། ཤར་ཆེན་ཡེ་ཤེས་རྒྱ་མཚོ། །མཁྱེན་རབ་ཆོས་རྗེ། ཆོས་རྗེ་དོན་གྲུབ་རྒྱལ་མཚན། རིན་ཆེན་བཀྲ་ཤིས་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ། ཀླུ་སྒྲུབ་རྒྱལ་མཚན། སྨོན་ལམ་ལྷུན་གྲུབ། བློ་བཟང་མཁས་བཙུན། འཇམ་དཔལ་བཟང་པོ། །རིན་ཆེན་བྱམས་པ་ཆོས་འཕེལ། རྗེ་ཡེ་ཤེས་དཔལ་འབྱོར། རིན་ཆེན་བློ་གསལ་བསྟན་སྐྱོང་། ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་བཀའ་དྲིན་ཏུ་ཐོབ་པ་དང་། ཐུགས་སྲས་ལོ་ཙཱ་བ་ནས། སྐུ་ཞང་རིན་ཆེན་བཀྲ་ཤིས། །གཞུ་སྟོན་ཡོན་ཏན་དཔལ། སྤྱན་སྔ་ཐམས་ཅད་མཁྱེན་པ་ཆོས་ཀྱི་གྲགས་པ་ནས་སངས་རྒྱས་མཉན་པ་གྲུབ་ཆེན་ལ་བརྒྱུད་པ་སྟེ་བྱིན་རླབས་ཀྱི་རྒྱུན་མ་ཉམས་པའི་བརྒྱུད་པའི་ཆུ་བོ་ཁྱད་པར་ཅན་དུ་མ་གཅིག་འདྲེས་སུ་བཞུགས་པའི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཀྱི་ཆོ་ག་བསྒྲུབ་པ་ལ་ཉེར་བསྡོགས་དང་། དངོས་གཞི་གཉིས་ལས། ཐོག་མར་ཉེར་བསྡོགས་སློབ་མ་ལྷག་པར་གནས་པའི་བྱ་བ་རྣམས་
བསྒྲུབ་པ་ཡིན་པས། བླ་མ་དང་དབལ་དུས་ཀྱི་འཁོར་ལོ་དབྱེར་མ་མཆིས་པར་གུས་པ་ཆེན་པོའི་ཡིད་ཀྱིས་ཞུ་བའི་ཡོན་ཏུ་དམིགས་ཏེ་མཎྜལ་འབུལ་བ་ཞུ། ཞེས་བརྡ་སྦྱར་ལ་སློབ་མས་མཎྜལ་འབུལ། དེ་ལྟར་མཎྜལ་ཕུལ་ནས་ལྷག་གནས་བྱ་བའི་ཚུལ་།།། བསམ་པ་བཅོས་ཤིང་ནང་དབང་བསྐུར། །གསོལ་བཏབ་སྔགས་ལ་སྤྲོ་བ་བསྐྱེད། །ཐུན་མོང་ཐུན་མོང་མིན་སྡོམ་བཟུང་། །སྲུང་བ་གནས་གསུམ་བྱིན་རླབས་མཆོད། །སོ་ཤིང་ཁྱོར་ཆུ་ཀུ་ཤ་དང་། །སྲུང་སྐུད་སྦྱིན་ནས་རྡོར་སེམས་བསྐུལ། །ཟབ་མོའི་ཆོས་བཤད་རྨི་ལམ་བརྟག །ཞེས་སྡོམ་དུ་གསུངས་པ་ལྟར་ཡིན་པ་ལས། ཐོག་མར་བསམ་པ་བཅོས་པ་ནི། བསྡུས་པའི་རྒྱུད་ལས་འདི་སྐད་དུ། མངལ་དུ་མངལ་གནས་སྡུག་བསྔལ་དང་ནི་བཙའ་བའི་དུས་དང་བྱིས་པའི་དངོས་པོ་ལ་ཡང་སྡུག་བསྔལ་ཏེ། །གཞོན་ནུ་ལང་ཚོ་དག་ལ་བུད་མེད་ནོར་དང་འབྱོར་བ་ཉམས་པ་ཉོན་མོངས་སྡུག་བསྔལ་ཆེན་པོས་གང་། །རྒ་དང་འཆི་བའི་སྡུག་བསྔལ་ཉིད་དེ་སླར་ཡང་འགྲོ་བ་དྲུག་ཏུ་ངུ་འབོད་ལ་སོགས་འཇིགས་སྟེར་བ། །འགྲོ་བ་འདི་དག་མ་ལུས་སྒྱུ་མ་ལ་རྨོངས་གྱུར་པས་སྡུག་བསྔལ་ལས་ནི་སྡུག་བསྔལ་འཛིན་པའོ། །འཁོར་བར་མི་ཉིད་དུ་ནི་བརྒྱ་ལམ་ཞིག་ན་གྱུར་ཀྱང་ཆོས་ཀྱི་བློ་ནི་བརྒྱ་ལམ་ཞིག་ནའོ། །དེ་ལས་དགེ་བའི་དབང་གིས་སངས་རྒྱས་ལ་ནི་རྗེས་ཆགས་གྱུར་ཀྱང་དང་པོའི་ཐེག་པར་རབ་ཏུ་འཇུག །དེ་ལས་དཔལ་ལྡན་རྡོ་རྗེ་ཐེག་པ་སྒོམ་པ་ལ་ནི་བློ་གྲོས་མ་ལུས་འཇུག་པ་བརྒྱ་ལམ་ནའོ། །དེ་ཕྱིར་སངས་རྒྱས་ཉིད་འདོད་མཆོག་གི་བདེ་བའི་གོ་འཕང་དག་ལ་འཇུག་པ་ཨེ་མ་ཤིན་ཏུ་དཀའ། ཞེས་གསུངས་པ་དེའི་དོན་ཡང་། འཁོར་བའི་རང་བཞིན་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས་ཏེ། འགྲོ་བ་གང་ཞིག་མངལ་
དུ་གནས་པ་དང་བཙའ་བ་དང་། བྱིས་པའི་དངོས་པོ་ལ་མཚོན་ན། སློབ་སྤྲིང་ལས། ཤིན་ཏུ་མི་བཟད་དྲི་ང་མི་གཙང་བཙིར་བས་འགགས། །རབ་ཏུ་དོག་པ་མུན་ནག་འཐིབས་པོར་འདུག་པ་ཡི། །མངལ་གནས་དམྱལ་བ་ལྟ་བུའི་ནང་དུ་དེ་ཞུགས་ནས། །ལུས་ཡོངས་བསྐུམ་ལ་སྡུག་བསྔལ་ཆེན་པོ་བརྣག་དགོས་སོ། །དེ་ནི་རིམ་གྱིས་ཏིལ་མར་བཙིར་བཅད་སྲ་བ་ཡིས། །བཙིར་བ་ལྟར་བྱས་དེ་ནས་ཅི་ཞིག་ལྟར་སྟེས་བཙས། །ཞེས་སོགས་གསུངས་པ་ལྟར་ཤིན་ཏུ་སྡུག་བསྔལ་བ་ཡིན་ལ། དེ་བཞིན་དུ། གཞོན་ནུ་དང་། ལང་ཚོའི་གནས་སྐབས་དག་ན། བུད་མེད་དང་བྲལ་བ་དང་། ནོར་དང་། འབྱོར་པ་ཉམས་པ་དང་། དེས་མཚོན་སྡུག་བསྔལ་མང་པོས་ཉོན་མོངས་པར་འགྱུར་ཞིང་། གཞན་ཡང་། རྒ་བ་དང་། འཆི་བ་ལ་སོགས་པས་ཉམས་ཐག་པར་འཚོ་ལ་ཚེ་འདིའི་སྣང་བ་འགགས་ནས་ཀྱང་། སླར་ཡང་འགྲོ་བ་དྲུག་ཏུ་ངུ་འབོད་ལ་སོགས་པ་རྣམས་སུ་སྐྱེ་ཞིང་འཁོར་བ་སྟེ། དེས་ན་འགྲོ་བ་འདི་ཀུན་སྒྱུ་མའི་ཚུལ་ལ་རྨོངས་པས་སྡུག་བསྔལ་གྱི་ཡོ་ལང་ཁོ་ན་ལ་སྤྱོད་པ་ཡིན། དེ་ཡང་དལ་འབྱོར་དང་ལྡན་པའི་མི་ལུས་རྙེད་པ་ཤིན་ཏུ་དཀའ་ཞིང་། གང་ཞིག་མི་ལུས་ཐོབ་ཏུ་ཟིན་ཀྱང་དམ་པའི་ཆོས་ལ་འཇུག་པ་བ་རྒྱལ་མ་ཞིག་ན་སྟེ། དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་སོགས་དང་པོའི་ཐེག་པ་དག་ལ་འཇུག་པ་ལས། རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་བཟང་བླ་མེད་རྡོ་རྗེའི་ཐེག་པ་མཆོག་ལ་འཇུག་པ་སྲིད་མཐའ་ཙམ་སྟེ། དེའི་ནང་ནས་ཀྱང་དཔལ་ལྡན་དང་པོའི་སངས་རྒྱས་མཆོག་གི་བདེ་བའི་གོ་འཕང་སྒྲུབ་པའི་ཐབས་ཚུལ་འདི་ལ་འཇུག་པ་ཤིན་ཏུ་དཀའ་ན་ཁྱེད་རྣམས་སྐལ་པ་བཟང་པོ་དང་ལྡན་པ་ཡིན་པས།
བློ་ཕྱིན་ཅི་མ་ལོག་པར་དད་ཅིང་འདུན་པར་གྱིས་ཤིག །ཅེས་བསྒོ་ཞིང་དོན་བཤད། ༈ །དེ་ནས་ནང་དབང་བསྐུར་བ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། རང་ཉིད་དུས་ཀྱི་འཁོར་ལོ་ཡབ་ཡུམ་ཏུ་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་སློབ་མ་རྣམས་རེ་རེ་ནས་དྲང་ཞིང་ཞལ་ནས་ཞུགས། ཡུམ་གྱི་པདྨར་ཞུ་བ་ཧཱུྃ་དང་རྡོ་རྗེ་ལས་སྐྱེས་པའི་དུས་འཁོར་ཞལ་གཅིག་ཕྱག་གཉིས་པར་གྱུར་པ་ལ་རང་གི་སྙིང་ཁའི་འོད་ཟེར་གྱིས་སྤྱན་དྲངས་པའི་སངས་རྒྱས་ཐམས་ཅད་ཀྱང་རང་གི་ཞལ་ནས་ཞུགས་པ། སྙིང་ཁར་རྗེས་སུ་ཆགས་པའི་མེས་ཞུ་བའི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ལམ་ནས་འཐོན་པ་རྣམས་ཀྱིས་དབང་བསྐུར། ཡུམ་གྱི་པདྨ་ནས་འཐོན་ཏེ་རང་རང་གི་གནས་སུ་འཁོད་པར་མོས་ཤིག །དེ་ལྟར་རིགས་ཀྱི་སྲས་སུ་ངེས་པར་བྱ་བའི་ཕྱིར་ནང་དབང་བསྐུར་ནས། དེའི་རྗེས་སུ་གསོལ་བ་གདབ་དགོས་པ་ཡིན་པས་འདིའི་རྗེས་ཟློས་མཛོད། །སྐྱེ་རྒ་འཆི་བ་ན་ཀྲ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་བའི། །སྲིད་པའི་མཚོ་ལས་བདག་སྒྲོལ་མཛོད། །དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ལ་སྤྲོ་བ་བསྐྱེད་པ་ཡིན་པས་སྙན་གཏོད་འཚལ། །བུ་ཚུར་ཤོག་ཅིག་ཐེག་ཆེན་པོའི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་
ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་པ། །གང་གིས་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ཀྱང་བདུད་ཀྱི་སྡེ། །མི་བཟད་ཆེན་པོ་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེའི་དོན་ཡང་། རིགས་ཀྱི་བུ། ཚུར་ཤོག་ཅེས་བོས་ནས། གསང་སྔགས་བླ་ན་མེད་པ་རྡོ་རྗེའི་ཐེག་པ་མཆོག་གི་སྤྱོད་ཚུལ་གྱི་ཆོ་ག་འདི་ནི་ཁྱོད་ལ་ཡང་དག་པར་བསྟན་པར་བྱ་སྟེ། ཁྱོད་ནི་ཚུལ་ཆེན་གསང་སྔགས་ཀྱི་སྣོད་རུང་སྐལ་བ་དང་ལྡན་པ་ཡིན་པའི་ཕྱིར། གཞན་དུ་ན། ཚུལ་འདི་ཤིན་ཏུ་རྙེད་པར་དཀའ་ཞིང་སྣོད་དུ་རུང་བ་དཀོན་པའི་ཕྱིར། གང་ཞིག་ཚུལ་འདི་ཐོབ་ན་དོན་ཆེན་པོ་དང་ལྡན་པ་ཡིན་ཏེ། སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་ཅན་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་རྫོགས་པའི་སངས་རྒྱས་རྣམས་ཀྱང་། རྡོ་རྗེ་སྔགས་ཀྱི་ཐེག་པ་འདིའི་མཐུས་དེ་བཞིན་གཤེགས་པའི་ཡེ་ཤེས་མཉམ་མེད་ཡང་དག་པར་བརྙེས་ཏེ། དེས་ན་མཉམ་མེད་གསང་སྔགས་ཀྱི་སྦྱོར་བ་ལ་བརྟེན་ནས། སྟོན་པ་ཤཱཀྱ་སེང་གེ་སོགས་སྤང་རྟོགས་མཐར་ཕྱིན་པའི་མཆོག་རྒྱལ་བ་རྣམས་ཀྱིས། བྱང་ཆུབ་ལ་བར་དུ་གཅོད་པའི་ཕྱི་དང་ནང་གི་བདུད་སྡེ་ཤིན་ཏུ་མི་བཟད་པའི་ཚོགས་རྣམས་བཅོམ་ཞིང་། འཇིག་རྟེན་པ་རྣམས་དམིགས་མེད་ཐུགས་རྗེའི་སྟོབས་ཀྱིས་རྗེས་སུ་བཟུང་སྟེ། རང་རང་གི་སྐལ་བ་དང་འཚམས་བར་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་དུ་བསྐོར་ནས། མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་ཡིན་ཏེ། དེ་ལྟ་བས་ན་ཀུན་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཆེད་དུ། བུ་ཁྱོད་ཀྱིས་ཇི་
ལྟར་གསོལ་བ་བཏབ་པ་བཞིན་དུ། བདག་གིས་ཡང་དག་པའི་ངེས་པ་སྦྱིན་པར་བྱ་ཡིས། ལམ་འདིར་འཇུག་འདོད་ཀྱི་བློ་གྲོས་འདི་ནི་བསྐྱེད་པར་གྱིས་ཤིག །ཅེས་བཤད། ༈ །དེ་ནས་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་སྡོམ་པ་བཟུང་བ་གཉིས་ལས། དང་པོ་ཐུན་མོང་གི་སྡོམ་བཟུང་ནི། །བདག་གིས་དུས་འདི་ནས་བཟུང་ཇི་སྲིད་བྱང་ཆུབ་ཀྱི་བར་དུ་ཡུལ་དཀོན་མཆོག་གསུམ་སྐྱབས་སུ་བརྟེན་ནས། ཚེ་རབས་སུ་བསགས་པའི་སྡིག་པའི་ལས་རྣམས་ལ་གནོང་ཞིང་འགྱོད་པས་མཐོལ་ཞིང་བཤགས་པ་དང་། རང་གཞན་གྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་དང་། སེམས་ཅན་བསྒྲལ་འདོད་ཀྱི་སེམས་བསྐྱེད་སྔོན་དུ་འགྲོ་བའི་དོན་དམ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་སྟེ། ལྷག་པའི་འདུན་བ་དེ་རྣམས་དང་ལྡན་པས་ཐུན་མོང་གི་སྡོམ་པ་བཟུང་བ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། ལན་གསུམ། གཉིས་པ་ཐུན་མོང་མ་ཡིན་པ་སྔགས་ཀྱི་སྡོམ་པ་བཟུང་བ་ལ། གསོལ་བ་གདབ་པ་དང་། དངོས་གཉིས་ལས། དང་པོའི་སླད་དུ་འདིའི་རྗེས་ཟློས་མཛོད། །འཁོར་ལོ་ཕྱིར་མི་ལྡོག་པའི་དབང་། །དམ་པ་བདག་ལ་སྩལ་ནས་ནི། །མགོན་པོ་འཁོར་ལོ་ལྷ་དག་གི། །དེ་ཉིད་སློབ་དཔོན་ཕྲིན་ལས་དང་། །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །སྡོམ་པ་གསང་མཆོག་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་དོན་སྒྲུབ་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་བགྱིད། ལན་གསུམ། གཉིས་པ་སྡོམ་བཟུང་དངོས་ནི། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་
བླ་ན་མེད་པའི་བྱང་ཆུབ་སེམས་བསྐྱེད་པར་བགྱི་ཞིང་། ཁྱད་པར་དུ་ཡང་། ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་དེ་ཚུལ་ཁྲིམས་གསུམ་དང་། དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་ཏུ་དཀོན་མཆོག་གསུམ་སྐྱབས་གནས་སུ་འཛིན་པ་སྟེ་གསུམ། རྡོ་རྗེའི་རིགས་ལ། རྡོ་རྗེ། དྲིལ་བུ། ཕྱག་རྒྱ། སློབ་དཔོན་བཟུང་བ་སྟེ་བཞི། རིན་ཆེན་རིགས་ལ་སྦྱིན་པ་རྣམ་བཞི་གཏོང་བ་སྟེ་བཞི། པདྨའི་རིགས་ལ་དམ་ཆོས་མ་ལུས་པ་འཛིན་པ་སྟེ་གཅིག །ལས་ཀྱི་རིགས་ལ་སྔར་གྱི་སྡོམ་པ་རྣམས་ཅི་ནུས་འཛིན་པ་དང་། མཆོད་པའི་ལས་ལ་འབད་པ་སྟེ་གཉིས། དེ་རྣམས་བསྒྲུབ་པའི་བསླབ་བྱ་ཡིན་ལ། དེ་ལས་གཞན་པ་རྩ་ལྟུང་བཅུ་བཞི་སྤོང་བ་ལ་སོགས་པས་མཚོན་བྱང་ཆུབ་ཀྱི་སེམས་བླ་ན་མེད་པའི་སྒོ་ནས་ཁྱད་པར་གྱི་སྡོམ་པ་རྣམས་བཟུང་སྟེ། སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ། མགྲོལ་བ་རྣམས་དགྲོལ། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་ མེད། །དམ་པ་བདག ་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །
སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་བཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ མེད་མཆོག །དམ་པ་བདག ་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། ལན་གསུམ། དེ་ནས་ཁྱེད་རང་རྣམས་ཀྱི་གནས་དྲུག་ཏུ་རྒྱལ་བ་རིགས་དྲུག་གི་ཡི་གེ་བཀོད་ནས་བསྲུང་བར་བྱ་བ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། སློབ་མའི་དཔྲལ་བར་ཟླ་བ་ལ་ཨཱུ། སྙིང་ཁར་སྒྲ་གཅན་ལ་ཨཱི། གཙུག་ཏོར་དུ་ནམ་མཁའ་ལ་ཨཱ། ལྟེ་བར་དུས་མེ་ལ་ལཱྀ། མགྲིན་པར་ཉི་མ་ལ་རཱྀ། གསང་བར་ཡེ་ཤེས་ལ་ཨཿརྣམས་གསལ་བར་གྱུར། དེ་ནས་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དུ་རྒྱས་གདབ་པའི་ཕྱིར་གནས་གསུམ་བྱིན་གྱིས་བརླབ་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། སློབ་མའི་སྙིང་མགྲིན་དཔྲལ་བ་གསུམ་ལ་དྲིའི་ཐིག་ལེ་དང་བཅས་པའི་རྡོ་རྗེ་སེམས་རིམ་གྱིས་རེག་ཅིང་། ཧཱུྃ་ཨཱཿཨོཾ། །ཞེས་བརྗོད། ཉེར་སྤྱོད་ལྔ་རེ་རེ་བཞིན་བཏེབས་ལ།
དེ་ལྟར་བྱིན་གྱིས་བརླབས་པ་དེ་ཉིད་མཆོད་པའི་ཡུལ་དུ་བཟུང་བ་ཡིན་པས། མེ་ཏོག་དབུ་ཕུལ་བའི་མོས་པ་མཛོད། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། བདུག་སྤོས་ཤངས་ལ། དྷཱུུ་པེ༴ མར་མེ་སྤྱན་ལ༴ ཨཱ་ལོ་ཀེ༴ དྲི་ཆབ་།ཐུགས་ཀར༴ གནྡྷེ༴ ཞལ་ཟས་ལྗགས་ལ༴ ནཻ་ཝིདྱཱ༴ ༈ །དེ་ནས་དངོས་གྲུབ་ཀྱི་ལྟས་བརྟག་པའི་སླད་དུ་སོ་ཤིང་དོར་བ་ནི། ཨུ་དུམ་ཝཱ་ར་ལ་སོགས་པ་འོ་མ་ཅན་གྱི་ཤིང་ལས་སྐྱེས་པའི་སོ་ཤིང་སོར་བཅུ་གཉིས་པ་སྲོག་ཆགས་མེད་ཅིང་དྲང་བ། པགས་པ་མ་ཤུས་ཤིང་མ་གས་ལ། རྨ་མེད་པ། དྲི་བཟང་གི་ཆུས་བཀྲུས་ཤིང་འགོར་མེ་ཏོག་གི་ཕྲེང་བ་བཅིངས་པ་འདི་ཉིད། འབྲུ་གསུམ་གྱིས་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་ཅན་དུ་བྱིན་གྱིས་བརླབས་ཏེ་ཁྱེད་རང་རྣམས་ཁ་ཤར་དུ་ཕྱོགས་པ་ལ་བྱིན་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ། ཨོཾ་ཨཿཧཱུྃ། ལན་གསུམ་གྱིས་བསྔགས་ཏེ། ཨོཾ་ཨཿཧཱུྃ་ཧོཿཧཾ་ཀྵཿ བཛྲ་དཱནྟ་ཀཱ་ཥྚ་ཙ་ཏུ་ར་བི་མོཀྵ་མུ་ཁ་བི་ཤུདྡྷ་སྭ་བྷཱ་ཝཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་མ་བདཱནྟ་ཨཱ་དི་མ་པཾ་མ་ལ་བི་ཤོ་དྷ་ཡ་བི་ཤོ་དྷ་ཡ་སྭཱ་ཧཱ། ཞེས་རེ་རེ་བཞིན་བརྗོད་ལ་གཏད། དོར་བའི་རབ་མདུན་ཏུ་བཀོད་ལ། དེ་ལྟར་བྱིན་པའི་སོ་ཤིང་ཉིད་མཎྜལ་འདི་ཉིད་དུ་འདོར་བའི་ཚེ། བདག་གིས་གང་འགྲུབ་པའི་དངོས་གྲུབ་ཀྱི་མཚན་མ་བསྟན་དུ་གསོལ་སྙམ་པས་སོ་ལ་སོགས་པའི་དྲི་མའང་དག་པར་བྱས་པར་མོས་ལ་ལྟོས་མེད་དུ་འདོར་བ་ཞུ། ཞེས་བརྡ་སྦྱར་ལ། དེས་ཀྱང་ལྟོས་མེད་དུ་དོར། སོ་ཤིང་གི་མགོ་གང་དུ་གཏང་བ་དེ་དང་མཐུན་པར་དངོས་གྲུབ་ཀྱི་མཚན་མ་བརྟག་པ་ཡིན་ཏེ། དབང་ལྡན་དུ་ཞི་བ་དང་། བྱང་དུ་རྒྱས་པ་དང་། མེར་བསད་པ་དང་། ཤར་དུ་བསད་པ་དང་། བདེན་བྲལ་དུ་དབང་དང་། ལྷོར་དགུག་པ་དང་། རླུང་དུ་རྨོངས་པ་དང་། ནུབ་ཏུ་རེངས་པའི་ལས་འགྲུབ་པ་
ཉིད་དོ། །སྟེང་དང་འོག་ཏུ་ནི་ལས་ཐམས་ཅད་པའམ་མཁའ་ལ་སྤྱོད་པ་དང་ས་ལ་སྤྱོད་པ་འགྲུབ་པར་འགྱུར་བ་ཡིན་ནོ། །ཞེས་བརྡ་སྤྲད། ༈ །དེ་ནས་སྒོ་གསུམ་གྱི་དྲི་མ་འཁྲུད་ཅིང་རྨི་ལམ་གསལ་བར་བྱ་བའི་ཕྱིར་ཁྱོར་ཆུ་སྦྱིན་པ་ནི། ཝཾ་ལས་བྱུང་བའི་དྲི་བཟང་པོའི་ཆུ་བདུད་རྩི་ལྔ་དང་བཅས་པ་ཁྱོར་བར་ལན་གསུམ་དུ་བྱིན་པ་བཞེས་པའི་ལྷག་མ་རྒྱབ་ཏུ་དོར་བ་ཞུ། ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨ་སརྦ་པཱ་པཾ་ནིཤྩ་ཨ་སྱ་ཤོ་དྷ་ཡ་སརྦ་བི་ཀལྤཱན་ཨ་པཱ་ན་ཡ་ཧཱུྃ། ཞེས་པས་ལན་གསུམ་སྦྱིན། དེ་ནས་རྨི་ལམ་མི་འཁྲུགས་པར་བྱ་བའི་ཕྱིར་ཀུ་ཤ་སྦྱིན་པ་ནི། བསང་སྦྱང་། ཧཱུྃ་དང་དྷཱིཿབཟླས་པས་བྱིན་གྱིས་བརླབ། དེ་ལྟར་ཧཱུྃ་ལས་སྐྱེས་པའི་ཀུ་ཤ་ཆེ་བ་སྟན་དང་། དྷཱིཿལས་སྐྱེས་པའི་ཆུང་བ་སྔས་ཀྱི་དོན་དུ་ལག་གཉིས་སུ་གཏད་པའི་མོས་པ་མཛོད། ཨོཾ་བཛྲ་ཏཱིཀྵ་བྃ། ཞེས་སྦྱིན། ༈ །དེ་ནས་རྨི་ལམ་གྱི་བར་ཆད་བསུང་པའི་ཕྱིར་སྲུང་སྐུད་སྦྱིན་པ་ནི། བསང་སྦྱར། ཧཱུྃ་བདུན་གྱིས་བརླབ། སློབ་མའི་ལུས་ཚད་དང་མཉམ་པའི་སྐུད་པ་དམར་པོ་སུམ་བསྒྲིལ་རྡོ་རྗེའི་མདུད་པ་གསུམ་ལྡན་ཧཱུྃ་ཡིག་གིས་བསྔགས་པ་འདི་ཉིད་སྐྱེས་པའི་དཔུང་པ་གཡོན་དང་། བུད་མེད་ཀྱི་གཡས་སུ་འཆིང་བར་གསུངས་པ་ལྟར་བཅིངས་པས་བར་ཆད་ཀྱི་ཕྱོགས་ཀུན་ལས་རྒྱལ་བའི་མོས་པ་མཛོད། ཨོཾ་བུདྡྷ་མཻ་ཏྲཱི་རཀྵ་རཀྵ་སརྦ་ན་སྭཱ་ཧཱ། ཞེས་བཟླ་བཞིན་ཏུ་བཅིང་། དེ་ནས་ཁྱེད་རང་རྣམས་ཀྱི་རྒྱུད་བྱིན་གྱིས་བརླབས་པའི་དོན་དུ་རྡོར་སེམས་བསྐུལ་བ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། སློབ་མའི་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ། །མགྲིན་པ་ཉི་མའི་དཀྱིལ་འཁོར་ལ་ཨཿ སྙིང་ཁར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུྃ། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ཧོ། གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་ལ་ཧྃ།
གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཀྵཿ རྣམས་སུ་གསལ་བར་གྱུར། ཨོཾ་ཨ་ཨཱ་ཨཾ་ཨཿ བཛྲ་སཏྭ་མ་ཧཱ་སུ་ཁ་ཀཱ་ལ་ཙཀྲ་ཤིཥྱ་སྱ་ཨ་བྷི་མུ་ཁོཏྦྷ་ཝ་སནྟུ་ཥྚོ་བྷ་ཝ། ཝ་ར་དོ་བྷ་ཝ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་དྷིཥྛཱ་ནཾ་སུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ལ་རོལ་མོ་བྱ། དེ་ལྟར་རྡོ་རྗེ་སེམས་དཔའ་བསྐུལ་བས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ནས་མཆོག་སྩོལ་བར་མོས་ཤིག །དེ་ནས་ཕྱིར་མི་ལྡོག་པའི་སླད་དུ་ཟབ་མོའི་ཆོས་བཤད་པ་ནི་རྒྱུད་ལས་གསུངས་པ་འདི་ལ་གསན་པ་ཞུ། །འཇིག་རྟེན་ན་ནི་ཀུན་མཁྱེན་རྣམས། །ཨུ་དུམ་བ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་རྡི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་ཡང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཐམས་ཅད་བྱང་འགྱུར་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པ་འགྲུབ། །གང་གི་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། ། བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད ་དེ་རིང་རྙེད། །གང་གི་རྒྱལ་བ་སྲས་བཅས་པས། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པར། །བདག་ཉིད་ཆེན་པོ་ཁྱེད་གནས་ཏེ། །དེ་ཡིས་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་
བ། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་ད་ནི་དོང་པས་ན། །རང་བྱུང་སྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཅེས་གསུངས་ཏེ། དེའི་དོན་ཡང་། འཇིག་རྟེན་ན་གང་དཀོན་ན་ཨུ་དུམྦ་རའི་མེ་ཏོག་དཀོན་ཏེ་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་ནམ་བྱོན་པ་ན་མེ་ཏོག་རེ་རེ་འབྱུང་གི་གཞན་དུ་མི་འབྱུང་། དཔེ་དེ་བཞིན་དུ། དོན་རྫོགས་པའི་སངས་རྒྱས་འཇིག་རྟེན་ཏུ་བྱོན་ནས་ཆོས་གསུང་བ་ནི་བརྒྱ་ལམ་ན་རེས་འགའ་ཙམ་ལས་མི་འབྱུང་སྟེ། དེ་ཡང་ཕལ་ཆེར་གདུལ་བྱའི་བསོད་ནམས་ཀྱི་སྟོབས་ལས། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དག་སྟོན་གྱི། གསང་སྔགས་གསུང་བ་དཀོན་ལ། གལ་ཏེ་གསུང་དུ་སྲིད་ཀྱང་། བྱ་སྤྱོད་རྣལ་འབྱོར་གྱི་ལམ་སྟོན་པ་ལས། བླ་མེད་རྡོ་རྗེའི་ཐེག་པ་སྟོན་པ་ནི་ཤིན་ཏུ་དཀོན་ནོ། །གང་ཞིག་གསང་སྔགས་བླ་མེད་རྡོ་རྗེའི་ཐེག་པ་བྱུང་བའི་སྐབས་འདིར་ལམ་ལ་ཞུགས་ན། སེམས་ཅན་གྱི་དོན་ཕུལ་བྱུང་མྱ་ངན་མི་འདའ་བ་སྟེ་རྒྱུན་མི་ཆད་པར་བྱེད་པར་ནུས་ཤིང་། བསྐལ་པ་བྱེ་བ་ཕྲག་དུ་མར་བསགས་པའི་སྡིག་པ་ཡང་དཀྱིལ་འཁོར་འདི་འདྲ་མཐོང་བ་ཙམ་གྱིས་ཟད་པར་འགྱུར་ན། ལམ་ལ་བསླབ་པ་ལྟ་ཅི་སྨོས། སྐྱོབ་པ་རྡོ་རྗེ་འཆང་གི་གསང་སྔགས་བཟླས་བརྗོད་སོགས་བྱས་པས་ནི་གོ་འཕང་བླ་ན་མེད་པ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཀུན་ཐོབ་པར་འགྱུར་ཏེ། དེའི་ཕྱིར་ཚུལ་འདི་ལ་ཡིད་གཞན་དུ་མི་གཡོ་བར་དད་པར་གྱུར་ན་སྡུག་བསྔལ་ཐམས་ཅད་འདིས་རྒྱུན་གཅོད་པར་འགྱུར་རོ། །དེ་ལྟ་བས་ན་ བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། རྙེད་པའི་མཆོག་འཇིག་རྟེན་ན་མཉམ་པ་མེད་པ ་དེ་རིང་རྙེད་དེ། རྒྱུ་མཚན་གང་གིས་རྒྱལ་བ་སྲས་དང་བཅས་པ་
རྣམས་ཀྱིས་བསྟན་པ་འདི་ལ་ཁྱེད་རྣམས་རྗེས་སུ་བཟུང་སྟེ། རྒྱལ་བའི་སྲས་སུ་སྐྱེ་བཞིན་དུ་གནས་པ་ཡིན་ལ། དེས་ན་ཁྱེད་རྣམས་ནང་པར་དཀྱིལ་འཁོར་དུ་འཇུག་ཅིང་དབང་ནོད་ནས་བླ་མེད་ཐེག་ཆེན་གྱི་ལམ་ལ་སྐྱེ་བར་འགྱུར་ཞིང་། ཐེག་པ་ཆེན་པོ་བདེ་མྱུར་གྱིས་འབྲས་བུ་རླབས་པོ་ཆེ་འབྱུང་བར་འགྱུར་བའི་ལམ་མཆོག་འདི་ནི་ཕུན་སུམ་ཚོགས་པའི་དཔལ་དང་ལྡན་པ་སྟེ། ཁྱེད་རྣམས་དེ་ལྟ་བུའི་ལམ་དེར་དོང་བས། གཞན་དྲིང་མི་འཇོག་པར་རང་བྱུང་གི་སྐལ་པ་ཆེན་པོ་བ་སྟེ་འཇིག་རྟེན་ཐམས་ཅད་མཁྱེན་ཅིང་གཟིགས་པའི་དེ་བཞིན་གཤེགས་པ་རྣམས་སུ་འགྱུར་རོ། །དེ་ཕྱིར་ཁྱེད་རྣམས་དགའ་བ་དང་སྤྲོ་བ་ཡང་དག་པར་བསྐྱེད་པར་གྱིས་ཤིག་ཅེས་རྗེས་སུ་གདམས་པ་ལགས་སོ། །དེ་ནས་རྨི་ལམ་བརྟག་པ་ནི། དོ་ནུབ་ཀྱི་གནས་སྐབས་སུ་སྔར་གཏད་པའི་ཀུ་ཤ་ཆེ་བསྟན་དང་ཆུང་བ་སྔས་སུ་བྱས་ལ་བླ་མའམ་དཀྱིལ་འཁོར་གྱི་ཕྱོགས་སུ་མགོ་བསྟན་ཏེ། དགེ་བའི་སེམས་ཀྱིས་ཉལ་བ་ལས། །མཚན་མོའི་ཐུན་དང་པོ་གསུམ་འདས་ནས། ཐུན་བཞི་པ་ཐོ་རེངས་ཀྱི་དུས་སུ་བརྟག་པས། མཆོད་རྟེན་དང་སྐུ་གཟུགས། གཙུག་ལག་ཁང་དང་ལྗོན་ཤིང་རྒྱ་མཚོ་དང་། རིན་པོ་ཆེ་མཐོང་བ་སོགས་དགེ་བའི་ལྟས་དང་། ཁང་སྟོང་དང་ས་ཕུག་ཏུ་ཕྱིན་པ། ཐལ་ཕུང་དང་ཤིང་རིང་ལ་འཛེགས་པ། མི་སྡུག་པ་དང་བོང་བུ་བྱི་ལ་ཁྱི་ཕག་ལ་སོགས་པ་འཕྲད་པར་རྨིས་ན་མི་དགེ་བའི་ལྟས་ཏེ་ནང་པར་བླ་མ་ལ་ཞུ་ཞིང་། དགེ་བའི་ལྟས་བྱུང་ན་སྔགས་ཀྱི་དངོས་གྲུབ་ལ་གྲུབ་པའི་མཚན་མར་བཟུང་། མི་དགེ་བའི་ལྟས་བྱུང་ན་བདེན་མེད་སྒྱུ་མར་ཤེས་པ་དང་། ཞིང་སྐྱོང་དང་། མཁའ་འགྲོ་རྣམས་ལ་གཏོར་མ་བྱིན་ནས་གསོལ་བ་གདབ་པ་དང་། རྐང་པ་བཅུ་དྲུག་པ་དང་། རྐང་པ་བདུན་ཅུ་རྩ་གཉིས་
ལ་སོགས་པའི་སྔགས་ཀྱིས་བསྲུང་བར་བྱ་སྟེ། དེ་དག་གིས་ནི་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་གྲུབ་པ་ཡིན་པས་དགེ་བ་སེམས་ཅན་གྱི་དོན་དུ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་སོགས་བསྔོ་བ་སྨོན་ལམ་གྱི་རྒྱས་གདབ་པར་བྱའོ། །དེ་ནས་རྗེས་ཆོག་ནི། སྒྲུབ་ཐབས་གཤམ་དང་། དཀྱིལ་ཆོག་བསྡེབས་ལ་སྡེ་དྲུག་སྲུང་མ་དྲུག་ཅུ། ཡུལ་གྲོང་། མཁའ་འགྲོ་སྤྱི་གཏོར་རྣམས་བཏང་། འགྲུབ་ན་ཆོས་སྐྱོང་མ་མགོན་སོགས་ཀྱི་གཏོར་བསྔོ་ཡང་བྱ། མཆོད་ཁ་གསོས་ལ་མཆོད་པ་བྱིན་བརླབས། སྔར་གྱི་ལྷ་ལྷག་གནས་འཕྲོས་སུ་འབྱུང་བ་ལྟར། མཆོད་བསྟོད། གསོལ་གདབ། ནོངས་བཤགས་བྱ། གཤེགས་གསོལ་མི་བྱ་བར། ཨོཾ་བཛྲ་མུཿཡེ་ཤེས་ཀྱི་འཁོར་ལོ་རང་ཉིད་ལ་ཐིམ། ཞེས་བརྗོད་ལ་དགེ་བསྔོ་བྱས་པས་གྲུབ་བོ། ༈ །ཉིན་གཉིས་པར་དངོས་གཞི་བྱིས་པ་འཇུག་པའི་དབང་ལ། གཞི་སྟེགས་སུ་རས་བྲིས་ཀྱི་དཀྱིལ་འཁོར་བཏིང་བའི་མཐའ་སྐོར་དུ་ནུས་སྔགས་བཟླ་ཞིང་རོལ་མོ་དང་བཅས་བུམ་པ་རྣམས་ཀྱང་བསྒྲིགས། དེའང་བུམ་པ་བརྒྱད་ཕྱོགས་མཚམས་བརྒྱད། རྒྱལ་བ་ཤར་གྱི་ཤར་དང་། རྣམ་པར་རྒྱལ་བ་ནུབ་ཀྱི་ནུབ་ཏུ་སོར་གཉིས་རེ་སྤགས་པར་བཀོད། རྒྱལ་བའི་སྟེང་དུ་རྣམ་རྒྱལ་ཆེན་པོ་དུང་ཆོས་དང་། རྣམ་རྒྱལ་སྟེང་ཉ་ཕྱིས་སམ་དུང་ཆོས་ནང་བདུད་རྩི་རིལ་བུ་ཆང་སྦྱར་བླུགས། ཨོཾ་ཨཱཿཧཱུྃ་ཧོཿཧཾ་ཀྵཿལན་བདུན་གྱིས་བསྔགས་པ་བཞག །མཆོད་གཏོར་རྒྱས་པ་སྔ་ཉིན་ལྟར་གཤམ། ཕྱི་རོལ་པའི་གཏོར་མ་ཟླུམ་གཏོར་ཆེ་གཅིག །གཏོར་ཟླུམ་གཞན་བརྒྱད། ཡུལ་གྲོང་གཉིས་སྦྲེལ་བཅས་དབང་རྫས་དབུ་རྒྱན། དར་དཔྱང་། སྣོད་སོ་སོར་མེ་ཏོག་སིལ་མ་ཁ་དོག་དྲུག །ལྗང་། ནག །དམར། དཀར། སེར། སྔོ་བཅས་འབྲུལ་ཚོན་གྱིས་བསྒྱུར་བའི། གདུ་བུའམ་ཕྲེང་བ། ཕྱག་མཚན་ལྔ། ཆོས་བཤད་རྗེས་གནང་འཁོར་ལོ། །དུང་། པོ་ཏི་དྲིལ་བུ་རྣམས་དང་། གདུགས། གཞན་ཡང་། ཐོར་ཚུགས། སྟོད་
གཡོགས་སྨད་གཡོགས། མིག་དར་མེ་ཏོག་སོགས་ཀྱང་འདུ་བྱ། སྤྱིར་རྒྱན་བཀོད་སྤྲོས་པ་རྣམས་དཀྱིལ་ཆོག་ནང་དུ་གསལ་བ་ལྟར་གང་འབྱོར་ཅི་རྒྱས་གྲུབ་ན་གནད་ཆེ། །སྒྲུབ་མཆོད་ཐོག་མར་སྔ་ཉིན་ལྟར་ནང་མཆོད་བྱིན་རླབས། སྔོན་གཏོར་གནས་ཡོ་བྱིན་རླབས་རྣམས་དང་། སྒྲུབ་ཐབས་སྐྱབས་སེམས་ནས་བཟུང་། བཟླས་པ་མཆོད་བསྟོད་དཀྱིལ་འཁོར་རང་ལ་བསྡུ་བའི་བར་བྱ། དེ་ནས་དཀྱིལ་ཆོག་ལྟར། མདུན་བསྐྱེད་ཀྱི་འདོན་བྱའི་འདོར་ལེན་བྱས་ཏེ་ལྷ་བསྐྱེད་སྒྲུབ་ཐབས་ཀྱིས་འགྲེས་སུ་བཏང་ལ་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་བསྟིམ་པ་ནས་དབང་བསྐུར་རྒྱས་གདབ་ཀྱི་བར་ཡང་སྒྲུབ་ཐབས་ལྟར་སོང་ནས། བཟླས་པ་ཐམས་ཅད་ཅུང་ཟད་རེ་བཟླ། སླར་མཆོད་པ་ཁ་གསོས་ལ་བྱིན་བརླབས། དཀྱིལ་ཆོག་ལྟར་མཆོད་མགྲོན་སྤྱན་དྲངས་ལ་གཟེད་ཞལ་སོ་སོར་ཆུ་སྦྲེངས་ལ་ཨརྒྷཾ་ལན་གསུམ་འབུལ། ཆུ་བཞི་ནས། དམ་རྫས་སོ་བདུན་འབུལ་བ་ཡན་སོང་ནས། ནང་མཆོད་བྱིན་རླབས་སྒྲུབ་ཐབས་གཞུང་ལྟར་རྒྱས་པར་བྱ། ལྷ་ལྷག་གནས་སྐབས་ལྟར་བོད་སྐད་དང་སྔགས་རྣམས་ཀྱིས་ན་མཿཆེན་པོའི་མཆོད་པ་འབུལ། དེ་རང་གཞུང་གི་དགོངས་པ་ལྟར་ན་ཕྱོགས་མཚམས་བརྒྱད་ཀ་ནས་འབུལ་དགོས་པ་ཡིན་འདུག་ཀྱང་དེང་སང་བསྡུས་པའི་ལུགས་ལ། དཀྱིལ་འཁོར་མདུན་སྟེགས་བུའི་སྟེང་ཀ་ཊོ་རའི་ནང་མཎྜལ་ལ་བྱིན་གྱིས་བརླབས་པའི་ནང་མཆོད་ཀྱིས་ཆོས་འབྱུང་བྲིས་པའི་དབུས་སུ་ཐིག་ལེ་བཀོད་པ་བཞག །དེའི་མདུན་ཏུ་མི་གསུམ་བསྡད་ནས་དབུས་མས་ནང་མཆོད། གཡས་མས་དྲི་བཟང་ཆབ་དང་མེ་ཏོག་གམ་འབྲུ་དཀར། གཡོན་པས་མེ་ཏོག་བཏབ་པའི་འོ་ཆབ་དང་། བཤོས་གཙང་ཟན་དུམ་རེ་རེ་ན་མཿའི་སྔགས་དང་བསྟུན་ལ་འབུལ། ནང་མཆོད་འབུལ་མཁན་རྒྱབ་ཏུ་མི་གཅིག་ལངས་ནས་གཡས་པས་ཌཱ་རུ་སྔགས་རེ་རེ་བཞིན་དཀྲོལ། མཐར་འུར་ཕབ་བྱེད། འདི་སྐབས་སྔགས་བསྒྲིག་འདོན་ངག་རྟ་བཅས་ཤིན་ཏུ་དལ་བ་དགོས་སོ། །དེ་ནས་སྔ་
འཕྲོས་གསང་མཆོད་དང་། མཆོད་པ་སྣ་ཚོགས་ནས། འདུད་ཉི་ཤུ་སོགས་ཀྱི་བསྟོད་པ་ཡན་བྱ། ཕྱི་རོལ་དུ་ཕྱིན་ནས་སྒྲུབ་ཐབས་གཤམ་དང་དཀྱིལ་ཆོག་སོགས་སྦྲེལ་བའི་གཏོར་མ་བྱིན་རླབས་སོགས་ནས། གཙོ་བོ། སྡེ་དྲུག །མཁའ་འགྲོ། ཡུལ་གྲོང་། སྤྱི་གཏོར་རྣམས་ཕུལ། །ཚིགས་བཅད་ལྷུག་གིས་ཕྲིན་བཅོལ་རྗེས། ཨོཾ་ཧྲཱིཿབི་ཤུདྡྷ་སོགས་སྔགས་བརྗོད་ལ་མཆོད་ཡོན་ཕྱོགས་བརྒྱད་དུ་སྦྲེང་། གཏོར་མ་ཕྱོགས་སྐྱོང་ཤར། གཟའ་ལྟོ། ཀླུ་བྱང་། འབྱུང་བོ་ནུབ། ཟད་པར་སྟེང་། ཁྲོ་བོ་འོག་ཕྱོགས། གཞན་རྣམས་ཁང་སྟེང་ལྟ་བུར་ཕུལ། རོལ་འོག །སརྦ་དུཥྚཾ་གཙྪ་དང་། དྲག་སྔགས་ཀྱིས་བགེགས་བསྐྲད། ཤིས་པ་བརྗོད་ལ་ནང་དུ་འཁོད། ཉེ་རེག་བྱ། གནས་དྲུག་བསྲུངས་ནས་ནང་དུ་ལྡོག །འདི་དེང་སང་ལག་ལེན་འཆོལ་འདུག་པས་བཀོད་པ་ཡིན། དེ་ནས་བུམ་པ་བསྐྱེད་བཟླས་སྔར་ཉིན་དང་མཚུངས། བདག་འཇུག་རྒྱས་པར་བླང་། འདི་ཉིན་མཆོག་དབང་མི་བསྐུར་ཡང་སློབ་དཔོན་གྱིས་བླངས་ན་ལེགས། བདེན་སྟོབས་བརྗོད། སྙིང་རྗེའི་དབང་བསྐུར་སྒྲུབ་ཐབས་ལྟར་བྱ། འདི་སྐབས་སོ་ཤིང་སྔགས་ཙམ་ལས་དངོས་སུ་འདོང་བ་མེད། ཆས་འཇུག་དབང་རྫས་རྣམས་དངོས་སུ་ཡོད་དགོས་སོ། །ལུགས་འདིར་དབང་གི་སྐབས་མེ་ཏོག་རྡུལ་ཚོན་དཀྱིལ་འཁོར་ལ་དངོས་སུ་མི་འདོར། རས་བྲིས་ལ་འདོར་ཆོག་ཀྱང་རིགས་ངོས་བཟུང་སླ་བའི་ཆེད་དུ། རྣམ་རྒྱལ་སྟེང་ཐད་ཁྲིའུ་སྟེགས་བཅས་ལ། དབུས་རྡོ་རྗེ། ཤར་རལ་གྲི། ལྷོར་པདྨ། བྱང་རིན་ཆེན། ནུབ་འཁོར་ལོའི་ཙཀླི་བཀྲམ་པ་ལ་འདོར་བ་ཡིན་པས་སྐབས་འདིར་དགོད། དཀྱིལ་འཁོར་ལ་ཡོལ་བས་བསྒྲིབ་བོ། ༈ །དེ་ནས་དབང་བསྐུར་བ་ལ། སྔར་ལྷག་གནས་བྱས་པའི་སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་ནས་དབྱུང་། ཕྱག་བྱས་ནས་གྲལ་ལ་འདུག་པ་ལ། སྔར་ལྟར་སེམས་བསྐྱེད་གསལ་གདབ། དེའང་འོ་སྐོལ་གྱི་སྟོན་པས་གདུལ་བྱ་རྣམས་ལ་རང་རང་གི་སྐལ་བ་དང་འཚམས་པར་ཟབ་རྒྱས་དམ་པའི་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་ཞིག་བསྐོར་བ་ཐམས་ཅད་
ཀྱི་མཆོག་གམ་རྩེ་མོར་གྱུར་བ་ནི་བཅོམ་ལྡན་འདས་མཆོག་གི་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་ཉིད་ཡིན་ལ། དེ་ཡང་། སྟོན་པས་རྒྱུད་གསུངས་པ་ནས་བཟུང་བྱང་ཕྱོགས་ཤམ་བྷ་ལར། བྱང་ཆུབ་སེམས་དཔའ་དང་ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་རྣམ་པར་སྤྲུལ་པ་ཆོས་རྒྱལ་རིགས་ལྡན་རིམ་བྱོན་རྣམས་ཀྱིས་དར་རྒྱས་སུ་མཛད་ཅིང་མཛད་པར་འགྱུར་བ་ཡིན་ལ། འཕགས་ཡུལ་དུ་རྒྱུད་འགྲེལ་ཐོག་མར་ཕེབས་པ་ནས་བཟུང་བར་སྐབས་དེར་ཤིན་ཏུ་དར་ཞིང་། དེ་ལས་པ་ཆེན་ཟླ་མགོན་གྱིས་བོད་དུ་བྱོན་ཏེ་ལྷ་རྗེ་སྒོམ་པ་ཐུགས་ཀྱི་སྲས་སུ་དགོངས་ནས་དབང་རྒྱུད་མན་ངག་མཐའ་དག་སྩལ་བ་ལས་བརྒྱུད་པ་དང་། གཞན་ཡང་རྭ་ལུགས་དང་ཙ་མི་ལུགས་སོགས་བརྒྱུད་པའི་བཀའ་སྲོལ་དུ་མའི་ཆུ་བོ་འདྲེས་ཤིང་། ཁྱད་པར་རྒྱལ་བས་ངེས་དོན་གྱི་བདག་པོར་ལུང་བསྟན་པ་དུས་གསུམ་སངས་རྒྱས་ཀུན་མཁྱེན་དོལ་པོ་པ་ཆེན་པོ་དང་། མ་བྱོན་སངས་རྒྱས་བདུན་པ་རབ་གསལ་གྱི་རྣམ་འཕྲུལ་བུ་སྟོན་རིན་ཆེན་གྲུབ་རྣམ་པ་གཉིས་ཀྱིས་ཆོས་འདིའི་བཤད་སྒྲུབ་ཀྱི་བཀའ་སྲོལ་བསླངས་པས་ཇོ་ཞལ་རྣམ་པ་གཉིས་ཞེས་ཤིང་རྟའི་རིང་ལུགས་ཆེན་པོར་གྲགས་པ་ནས་བརྩམ། རྡོ་རྗེ་འཛིན་པ་བར་མ་ཆད་དུ་བརྒྱུད་དེ་བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་དུ་གྱུར་པ་ལགས། དེ་ལྟ་བུའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བའི་ཚུལ་དེ་ལ་ཡང་ཁར་སང་གི་གནས་སྐབས་སུ་ལྷག་པར་གནས་པའི་ཆོས་རྣམས་གྲུབ་ནས། དེ་རིང་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའི་ཆོ་ག་སྒྲུབ་པ་སྐབས་སུ་བབས་པ་ཡིན། དེ་ལ་དབང་བསྐུར་བ་པོ་རྡོ་རྗེ་སློབ་དཔོན་དང་། བསྐུར་བའི་ཡུལ་སློབ་མའི་མཚན་ཉིད། གང་དུ་བསྐུར་
བའི་གནས་དང་དུས། ཇི་ལྟར་བསྐུར་བའི་ཚུལ་རྣམས་རྩ་བའི་རྒྱུད་དང་བསྡུས་རྒྱུད་ལས་གསུངས་པ་ལྟར་རྗེས་མཐུན་ཚོགས་པའི་དབང་དུ་བྱས་ནས། སློབ་དཔོན་གྱི་བྱ་བ་དཀྱིལ་འཁོར་བཞེངས་སྒྲུབ་ བདག་ཉིད་འཇུག་པའི་ཆོ་ག་རྣམས་ཡིན་ཏེ་ཆད་ལྷག་མེད་པར་གོང་དུ་སོང་གྲུབ། གཉིས་པ ་རྡོ་རྗེ་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་ཏུ་མཎྜལ་འབུལ་བ་ཞུ། ཞེས་བརྡ་སྦྱར་ལ། སློབ་མས་མཎྜལ་རྒྱས་པ་ཕུལ་བའི་མཐའ་སྒྱུར། མ་ཚང་བ་མེད་པ་འདི་ཉིད་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་འཇུག་པའི་ཡོན་དུ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་དུ་གསོལ། གུ་རུ་རཏྣ་དཀྱིལ་ཆོག་དབུ་ནས་འབྱུང་བ་ལྟར། མཎྜལ་ཀཾ་ནིརྻཱ་ཏ་ཡཱ་མི། ཞེས་འབུལ། དེ་ལྟར་མཎྜལ་འབུལ་བ་སྔོན་ཏུ་སོང་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། མི་ཟད་འཁོར་བས་འཇིགས་པས་བདག་ནི་དེ་རིང་ཉིད་ནས་རྒྱལ་བ་རྣམས་ལ་སྐྱབས་སུ་ལྷག་པར་མཆི། །ཁྱོད་ཀྱི་ཞབས་ཀྱི་ཆུ་སྐྱེས་ངེས་པར་སྲིད་པའི་འཇིགས་འཕྲོག་དག་ལ་ལུས་ངག་སེམས་ནི་དག་པས་སོ། །ལན་གསུམ། དེ་ནས་སྡོམ་པ་བཟུང་བ་ནི། དེ་ཡང་སྔགས་སྡོམ་རྫོགས་པར་དབང་རྣམས་ཐོབ་པ་དང་དུས་མཚུངས་ཤིང་། འདིར་རིགས་ངེས་པའི་ཕྱིར་ཁས་བླངས་ཀྱི་སྒོ་ནས་བཟུང་བ་སྟེ། དེ་ལ། འདོད་པའི་རྡོ་རྗེ་ནི་མི་བསྐྱོད་པའི་རིགས་ཏེ། རྡོ་རྗེ་ཐུགས་ཀྱི་དམ་ཚིག་ཏུ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་བཅས་པ་སྒོམ་པ་དང་། དྲིལ་བུ་གསུང་གི་དམ་ཚིག་ཤེས་རབ་སྟོང་ཉིད་དུ་སྒོམ་པ་དང་། ཕྱག་རྒྱ་སྐུའི་དམ་ཚིག་ལུས་ངག་ཡིད་གསུམ་སྣོད་བཅུད་དང་
བཅས་པ་ལྷའི་རྣལ་འབྱོར་གྱིས་རྒྱས་འདེབས་པ་བསྐྱེད་རྫོགས་ཐུན་མོང་བའམ། བསྐྱེད་རིམ་ཕྱོགས་ཀྱི་དམ་ཚིག་ཡིན་ལ། རྫོགས་རིམ་ངེས་དོན་གྱི་ཕྱོགས་ལ། བྱང་སེམས་མི་འགྱུར་བར་འཆིང་བ་ཐུགས། སྲོག་དབུ་མར་གཞུག་ཅིང་འཆིང་བ་གསུང་། སྟོང་གཟུགས་ཕྱག་རྒྱ་ཆེན་པོ་བསྒྲུབས་ཏེ་སྦྱོང་བ་ཕྱག་རྒྱ་སྐུ། བསྐྱེད་རྫོགས་གཉིས་ཀའི་ཐུན་མོང་དུ་རྡོ་རྗེ་སློབ་དཔོན་སངས་རྒྱས་ཀུན་འདུས་དཀྱིལ་འཁོར་གྱི་བདག་པོར་ཤེས་པས་དངོས་པོ་ཐམས་ཅད་ཀྱིས་བསྟེན་པ་རྣམས་སོ། །རིན་ཆེན་འབྱུང་ལྡན་གྱི་རིགས་ཀྱི་དམ་ཚིག་ཏུ། སྦྱིན་པ་རྣམ་བཅུ་སྦྱིན་པ་སྟེ། དེ་ལ་བཅུ་ནི། །རིན་ཆེན་ལྕགས་ཟངས་བ་ལང་རྟ། །གླང་པོ་བུ་མོ་ཡུལ་འཁོར་དང་། །འདོད་པའི་ཆུང་མ་རང་གི་ཤ །སྦྱིན་པ་རྣམ་པ་བཅུ་རུ་འདོད། །ཅེས་སོ། །དེ་དག་གིས་མཚོན་ཐ་ན་ཟས་ཁམས་རེ་སྦྱིན་པ་ཡང་སྟེ། གཏོང་སེམས་དྲན་པ་དང་། སེམས་ཅན་གྱི་བསམ་པ་རྫོགས་པར་སྨོན་པ་ཐུན་གསུམ་དུ་དྲན་པའོ། །འཁོར་ལོ་སྟེ་རྣམ་སྣང་གི་རིགས་ལ། རྒྱལ་བ་མཆོག་གི་དམ་ཚིག་ཤ་ལྔ་བདུད་རྩི་ལྔ་བསྟེན་པ་སྟེ། ལས་དང་པོ་པས་དམ་རྫས་རིལ་བུ་ཡུངས་ཀར་ཙམ་ལ་སོགས་པ་བརྟེན་པ་དང་། བཟའ་བཏུང་ཐམས་ཅད་དེར་བྱིན་གྱིས་བརླབ་པའམ། རྣལ་འབྱོར་པའི་ས་ཐོབ་པས་སྦྱངས་རྟོགས་སྦར་གསུམ་གྱིས་སྐྱེ་བོའི་མངོན་དུ་ཇི་ལྟར་འདོད་པར་བསྟེན་པའོ། །རལ་གྲི་སྟེ་དོན་གྲུབ་ཀྱི་རིགས་ལ། འདོད་པའི་ལྷ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། རྡོ་རྗེ་སློབ་དཔོན་ལ་མཆོད་པ་ཐམས་ཅད་ཀྱིས་མཆོད་པ་སྟེ། འདིར་མཆོད་པའི་དོན་ནི་སྒོ་གསུམ་གྱིས་མཉེས་པ་སྒྲུབ་པའོ། །ཆུ་སྐྱེས་ཏེ་པདྨའི་རིགས་ལ་རླུང་ལས་རྣམ་པར་རྒྱལ་བ་སྒྲུབ་པ་ལས་ཐོབ་པ་ན།
ཡེ་ཤེས་དང་ལས་ཀྱི་ཕྱག་རྒྱར་མངོན་པར་བགྲོད་དེ་ཐིག་ལེ་འཕོ་མེད་དུ་འཆིང་བ་འཛག་མེད་ཀྱི་སྡོམ་པ་བསྐྱང་བའོ། །རྒྱལ་བ་སྐྱེད་མཛད་རྡོ་རྗེ་སེམས་དཔའི་རིགས་ལ་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་ཕྱིར་དུ་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཆེན་པོར་སྨོན་པ་སྟེ། སྨོན་འཇུག་གི་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པ་གསུམ་ལ་སློབ་པར་བྱེད་པའོ། །ཡང་དེ་དག་ལས་ངེས་དོན་ཐུན་མོངས་མ་ཡིན་པའི་དབང་དུ། སྦྱིན་པ་བཅུ་ནི། རླུང་བཅུ་བཅིངས་པ་དང་། བདུད་རྩི་ལྔ་ནི་ཕུང་པོ་ལྔའི་དྭངས་མ་བཅིངས་པ་དང་། ཤ་ལྔ་ནི་དབང་པོ་ལྔའི་ཐིག་ལེ་བཅིངས་པའོ། །མཆོད་པ་ནི་གཏུམ་མོ་སྦར་བས་བྱང་སེམས་བཞུ་སྟེ་ཕུང་ཁམས་བདེ་བས་མཆོད་པའོ། །འཛག་མེད་ཀྱི་ཚུལ་ཁྲིམས་ཀྱང་ལས་རྒྱ་ལ་མ་ལྟོས་པར་སྒྲུབ་པ་དང་། རིགས་དྲུག་པ་རྡོར་སེམས་ཀྱི་དམ་ཚིག་ཀྱང་། ཐབས་མི་འགྱུར་བའི་བདེ་བ་དང་། ཤེས་རབ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་གཉིས་དབྱེར་མི་ཕྱེད་པ་སྟེ། སྡོམ་པའི་བཅས་མཚམས་དེ་རྣམས་རང་རང་གི་བློ་ནུས་དང་འཚམས་པར་དུས་འདི་ནས་བཟུང་ཇི་སྲིད་བྱང་ཆུབ་ཀྱི་བར་དུ་མི་གཏོང་བར་བསྲུང་སྙམས་པས་སྡོམ་པ་བཟུང་བ་འདིའི་རྗེས་ཟློས་མཛོད། འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་བཟུང་བར་བགྱི། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་བགྱི། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་གསལ་བར་ཆུ་སྐྱེས་རིགས་ལ་སྡོམ་པ་རྣམས་ནི་བསྐྱང་བར་བགྱི། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་སྐྱེད་མཛད་རིགས་ལ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། ཞེས་ལན་གསུམ་བྱ། སྔར་ལྷག་གནས་སྐབས་
ཀྱི་སོ་ཤིང་སོགས་ནི་བསྡུས་རྒྱུད་རྣམས་ཀྱི་དགོངས་པ་རྒྱ་པ་འགའ་ཞིག་གི་ཕྱག་ལེན་སྤྱི་འགྲོ་ཡིན་ཅིང་། སྐབས་འདིར་རྩ་རྒྱུད་རྒྱས་པའི་དགོངས་པ་ས་བཅུའི་དབང་ཕྱུག་རྣམས་ཀྱི་ཕྱག་བཞེས་ལྟར་ལྟས་བརྟག་པའི་སོ་ཤིང་དོར་ཞིང་རིགས་དྲུག་གིས་བསྲུང་བ་ནི་མཎྜལ་གྱི་ར་བ་ཚོམ་བུ་དང་བཅས་པ་འདི་ཉིད་ཀྱི་སྟེང་དུ་ལས་དང་དངོས་གྲུབ་གང་འགྲུབ་གསལ་བར་བསྟན་དུ་གསོལ་སྙམས་པས་ལྟོས་མེད་དུ་དོར་བ་ཞུ། ཨོཾ་ཨཱཿཧཱུྃ་ཧོཿཧཾ་ཀྵཿབཛྲ་དཱནྟ་ཀཱཥྛ་ཙ་ཏུ་ར་བི་མོཀྵ་མུ་ཁ་བི་ཤུདྡྷ་སྭ་བྷཱ་ཝཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་མུ་ཁ་དཱནྟ་ཨཱ་དི་མ་ལཾ་མ་ལ་བི་ཤོ་དྷ་ཡ་བི་ཤོ་དྷ་ཡ་སྭཱ་ཧཱ། ཞེས་བརྗོད་བཞིན་ཏུ་གཏད་ལ་འདོར་དུ་གཞུག །སྔར་སྟ་གོན་གྱི་སྐབས་ལྟར་དངོས་གྲུབ་གང་འགྲུབ་ངོ་སྤྲད། འདི་ནི་རྒྱུད་སྡེ་གཞན་དག་གི་ལུགས་ལ་ནམ་མཁའི་ཁ་དོག་དྲི་བ་དང་དོད་མཚུངས་ཏེ། གང་དག་ཡེ་ཤེས་རྒྱུད་ལ་ཞུགས་པ་ལ་ཁ་དོག་ལས་ཀྱང་དངོས་སུ་བརྟག་ནུས་ཀྱི། གཞན་དུ་སོ་ཤིང་དོར་བ་འདི་ཉིད་ལ་རྣམ་རྟོག་ཙམ་མ་ཡིན་པར་མཚན་མ་དངོས་སུ་བརྟག་ནུས་པས་ལེགས་སོ། །དེའི་རྗེས་འབྲེལ་དུ་རིགས་དྲུག་གིས་བསྲུང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ། །མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿ སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུྃ། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ཧོཿ། གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་ལ་ཧཾ། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཀྵཿཡིག་རྣམས་གསལ་བར་གྱུར། དེ་ནས་ཁྱོར་ཆུ་དང་བདུད་རྩིས་ཁ་དག་པར་བྱས་སྟེ་བྱིན་གྱིས་བརླབས་པ་ལ། ཐོག་མར་ཝཾ་ལས་བྱུང་བའི་དྲི་བཟང་པོའི་ཆུས་སྒོ་གསུམ་གྱི་དྲི་མ་བཀྲུས་པའི་མོས་པ་མཛོད། དུང་ཆུ་སྦྱིན་ལ།
ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨ་སརྦ་པཱ་པཱཾ་ནིཤྩཱ་ཨ་སྱ་ཤོ་དྷ་ཡ། སརྦ་བི་ཀ་ཝཱ་ན་ཨཱ་པཱ་ན་ཡ་ཧཱུྃ། བདུད་རྩིས་ནང་གི་ཁམས་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཨོཾ་ཨཿཧཱུྃ། ཞེས་ནང་མཆོད་སྦྱིན། ༈། དེ་ནས་སྣོད་བརྟག་པའི་ཕྱིར་དྲི་བ་འདི་ལ་གསན་པས་ཁྱབ་པར་གདབ། དགའ་བ་ལ་དགའ་ཁྱོད་སུ་ཀྱེ། ད་ལྟར་དྲིས་པའི་ལན་དུ་འདིའི་རྗེས་ཟློས་མཛོད། །བདེ་ཆེན་བདག་ནི་སྐལ་པ་བཟང་། ཞེས་བརྗོད། ༈ །སྐབས་འདིར་ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་གཟུགས་སུ་གནས་པར་མོས་ཏེ་ཐལ་མོ་སྦྱར་བ་དང་བཅས་པས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ལན་གསུམ། སེམས་བསྐྱེད་པ་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿ སིངྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད་ཅིང་མེ་ཏོག་དང་བཅས་པའི་རྡོ་རྗེས་སྙིང་གར་རེག༈ །དེ་ནས་གསང་བར་གདམས་པ་ནི། རྡོ་རྗེ་སྤྱི་བོར་བཟུང་ནས། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱིས། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་། མ་དང་བར་ཡང་མི་བྱའོ། །ཞེས་བརྗོད། དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་ལས་ཀྱི་རྡོ་རྗེ་གཤིན་རྗེ་མཐར་བྱེད་ཀྱི་རྣམ་པར་སྤྲོས་ཏེ་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོ་ནས་ནང་དུ་དྲངས་པའི་མོས་པ་མཛོད། ལག་གི་རྡོ་རྗེ་ལ་འཇུར་བཅུག །ཨོཾ་ཨཱཿ
ཡ་མཱནྟ་ཀྲྀ་ཏ་ཧཱུྃ། ཞེས་ཁྲིད་དེ། ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་ནང་དུ་བཅུག་པར་བསམ་ལ་ཡོལ་བ་བསལ། ༈ །དེ་རྣམས་ཀྱིས་ཕྱི་འཇུག་སོང་ནས། ནང་འཇུག་གི་སྔོན་འགྲོར་ཐོག་མར་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་གུས་པའི་སྒོ་ནས་སྐོར་བ་བྱེད་པར་མོས་ལ་འདིའི་རྗེས་ཟློས་མཛོད། མ་ཧཱ་ར་ཏ་སུ་དྲྀ་ཌྷ་སུ་ཏོ་ཥྱོ་སུ་སུ་ཁོ་བཛྲ་སཏྭཱ་ཨ་དྱ་ས་།།།མཱཾ། དེ་ནས་སླར་ཡང་ཤར་སྒོ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག་བྱས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ་སྙམས་པས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཇོ་པ་སྠཱ་ནཱ་ཡ་ཨཱ་ཏ་མཱ་ནཾ་ནི་རྻཱ་ཏ་ཡཱཾ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་མཱཾ། ཡང་སྒོ་དེ་ཉིད་ནས་ཕྱག་འཚལ་བར་མོས་ལ་འདིའི་རྗེས་ཟློས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ི་ཨཱཏྨ་ནི་ནིརྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ། དེ་ནས་དཀྱིལ་འཁོར་ཆེན་པོ་ལ་གཡས་བསྐོར་གྱིས་ཕྱིན་ཏེ་ལྷོའི་སྒོ་ནས་ཕྱག་དང་འདུན་པ་སྔར་ལྟར་བྱས་ལ་འདིའི་རྗེས་ཟློས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀཱ་ཡ་ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། དེ་ནས་གཡས་བསྐོར་གྱིས་ཕྱིན་ཏེ་ནུབ་ཀྱི་སྒོ་ནས་ཕྱག་དང་འདུན་པ་སྔར་ལྟར་བྱས་ལ་འདིའི་རྗེས་ཟློས། ཨོཾ་སརྦ་བུདྡྷ་པཱུ་ཛོ་པ་སྠཱ་ནཱ་ཡ་ཨཱཏྨ་ནི་ནིརྻཱ་ཏ་ཡཱ་མཱི། སརྦ་ཏ་ཐཱ་ག་ཏ་བཛྲ་བཻ་རོ་ཙ་ན་ཨ་དྷི་ཏིཥྛ་མཱཾ། དེ་ནས་གཡས་བསྐོར་གྱིས་ཕྱིན་ཏེ་བྱང་གི་སྒོ་ནས་ཕྱག་དང་འདུན་པ་སྔར་ལྟར་བྱས་ལ་འདིའི་རྗེས་ཟློས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་ཝ་རྟ་ན་ཡ་ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨཱ་པྲ་བརྟ་
ཡ་མཱཾ། སླར་ཤར་སྒོ་ནས་བླ་མའི་ཞབས་ལ་ཕྱག་འཚལ་བའི་མོས་པས་འདིའི་རྗེས་ཟློས། ཨོཾ་གུ་རུ་ཙ་ར་ོ་པ་སྠཱ་ན་ཡ་ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི། ཨོཾ་སརྦ་སཏྭ་པ་རི་ཏྲ་ཱ་ནྭཱ་ཡ་ཨཱཏྨ་ནི་ནིརྻཱ་ཏ་ཡ་མི། འདིའི་སྐབས་ཕྱོགས་རྣམས་སུ་ཡོད་པར་མོས་པ་ཙམ་བྱ་ཞིང་ཕྱག་ཀྱང་ཡིད་ཀྱིས་བྱ་བར་གསུངས་པ་ལྟར་རོ། །དེ་ནས་ཡེ་ཤེས་དབབ་པའི་སྔོན་འགྲོ་དམ་ལ་བཞག་པ་ལ། སྣོད་མིན་ལ་གསང་བའི་སྒོ་ནས་དམ་ལ་བཞག་པ། དམ་ཚིག་མཐའ་དག་གིས་དམ་ལ་བཞག་པ། སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པ་གསུམ་གྱི་དང་པོ་ལ། ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྤྱི་བོར་བཞག་ནས། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། དེ་བས་ནངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། ཡང་ཉེས་དམིགས་བསྒྲག་པའི་སྒོ་ནས་དམ་ལ་བཞག་པ་ནི། མགོ་བོར་རྡོ་རྗེ་བཟུང་ནས་དྲིལ་བུ་དཀྲོལ་ཞིང་། །འདི་ནི་དམ་ཚིག་རྡོ་རྗེ་སྟེ། །ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདིའོ། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་མགོ་བོ་འགེམས། རྡོ་རྗེ་སྙིང་ཁར་བཟུང་སྟེ། །ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང་། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། གཉིས་པ་མནའ་ཆུ་སྦྱིན་པའི་སྒོ་ནས་དམ་ཚིག་མཐའ་དག་གིས་དམ་ལ་བཞག་པ་ནི། བདུད་རྩི་དང་སྦྱར་བའི་དུང་ཆུ་སྦྱིན་ལ།
འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་སྲུང་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག །ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋཿགསུམ་པ་རྡོ་རྗེ་སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྤྱི་བོར་བཞག་སྟེ། །དེང་ནས་བརྩམས་ཏེ་ཁྱོད་ཀྱི་རྡོ་རྗེ་འཆང་ང་ཡིན་གྱིས། ངས་འདི་གྱིས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། ཁྱོད་ཡང་བ་མ་སྤངས་པར་ཚེའི་དུས་བྱས་ནས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ༈ །དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་ཀྱི་གནད་དྲང་པོར་བསྲང་། ངག་གི་གནད་རླུང་ཁ་སྦྱོར་དུ་འཆིང་། སེམས་ཀྱི་གནད་གཞན་ཏུ་མ་ཡེངས་པར་དམིགས་པ་འདི་བཞིན་རྩེ་གཅིག་ཏུ་སྒོམས་ཤིག །ཁྱེད་རང་རྣམས་ཀྱི་རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱི་ལུས་འདིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ཞབས་གཉིས་པ། མགྲིན་པ་གསུམ་པ། ཞལ་བཞི་པ། ཕྲག་པ་དྲུག་པ། དཔུང་པ་བཅུ་གཉིས་པ། ཕྱག་གི་པདྨ་ཉི་ཤུ་རྩ་བཞི་པ། ལྷག་པའི་ཕྱག་གཉིས་ཏེ་ཉི་ཤུ་རྩ་དྲུག་པ། མཚོན་ཆ་རྣམས་དང་ཕྱག་རྒྱ་ལྔ་དང་ཀླུའི་དབང་པོའི་རྒྱན་གྱིས་རྣམ་པར་བརྒྱན་པའི་སྐུར་གྱུར་པའི་གསལ་སྣང་དང་ང་རྒྱལ་བརྟན་པོའི་སྒོ་ནས་ཡེ་ཤེས་པ་དབབ་པ་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གྱུར་ཅིག །ཅེས་ལན་གསུམ་བརྗོད། སླར་ཡང་དམིགས་
པ་འདི་ལྟར་སྒོམས་ཤིག །ཁྱེད་རང་རྣམས་རྡོ་རྗེ་ཤུགས་ཁྲོ་བོའི་དབང་པོ་གསལ་བཞིན་པ་དེའི་སྙིང་ཁར་ལཾ་ལས་སྐྱེས་པའི་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྡོ་རྗེས་མཚན་པར་ཉི་མ་ལ་ཧཱུྃ་སྔོན་པོ་དང་མགོ་བོར་ཝཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པར་ཟླ་བ་ལ་ཧཿདཀར་པོ་དང་། མགྲིན་པར་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་བ་དན་གཡོ་བ་གཉིས་ཀྱིས་མཚན་པར་ཟླ་བ་ལ་ཨཱཿདམར་པོ་དང་། རྐང་པ་དག་གི་འོག་ཏུ་རླུང་གི་དཀྱིལ་འཁོར་གྱི་ཤུགས་ཀྱིས་སྦར་བཞིན་པ། རྃ་ལས་བྱུང་བའི་མེའི་དཀྱིལ་འཁོར་དམར་པོ་རཾ་གྱིས་མཚན་པ་འོད་ཟེར་འཕྲོ་བ་ལ་གནས་པའི་ཛྷཻམཿདམར་པོས་བདག་ཉིད་འདེགས་བཞིན་པར་གྱུར། མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་མཐའ་ཡས་པ་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ཧཱུྃ་ཧཿཨཱཿརྣམས་ལ་ཐིམ་ཞིང་། རྐང་པའི་བུ་ག་ནས་ཛྷཻམཿའི་འོད་ཟེར་གྱི་ཚོགས་ཞུགས་པ་དང་། ཧཱུྃ་ལ་སོགས་པའི་འོད་ཟེར་གྱིས་ལུས་ཀྱི་ནང་མཐའ་དག་གང་བར་གྱུར། སྔར་བསྒྲུབས་པའི་བདུད་རྩི་ལྔ་དང་སྒྲོན་མ་ལྔའི་སྤོས་ཀྱི་དུད་པས་བདུག་ཅིང་། དྲིལ་བུ་དཀྲོལ་བ་དང་བཅས་པས། ཨོཾ་ཡ་ར་ར་ར་ར་ལ་ལ་ལ་ལ་བཛྲ་ཨཱ་བེ་ཤ་ཡ་ཧཱུྃ། ཞེས་ལན་གྲངས་མང་པོ་དྲག་ཏུ་བརྗོད་ལ་དབབ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་འབྱུང་བ་ལྔའི་ཡེ་ཤེས་སོགས་ཕེབ་པའི་རྟགས་དབང་ལེ་ལས་གསལ་ལོ། །དེ་ལྟར་ཕེབ་པའི་ཡེ་ཤེས་དེའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱས་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ། ཞེས་མགོ་ལ་མེ་ཏོག་དོར་ཞིང་རྡོ་རྗེ་རྒྱ་གྲམ་དུ་བཞག །སླར་ཡང་སློབ་མའི་དཔྲལ་བར་ཨོཾ། །སྙིང་ཁར་ཧཱུྃ། གཙུག་ཏོར་དུ་ཧཾ། མགྲིན་པར་ཨཱཿལྟེ་བར་
ཧོཿགསང་བར་ཀཿརྣམས་སུ་གྱུར། ༈ །དེ་ནས་རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་ཉེར་ལྔ་སྦྱིན་པ་ཡིན་ཏེ། འདི་ལ་ཡོད་པའི་སྡིག་པ་ལྔ། ཉེས་པའི་སྡིག་པ་ལྔ། གསོད་པ་ལྔ། འཁུ་བ་ལྔ། ཆགས་པ་ལྔ་སྟེ་ཉེར་ལྔའོ། །འདི་དག་རྡོར་སེམས་ཀྱི་དམ་ཚིག་གི་ཡན་ལག་ཡིན་པའི་ཕྱིར་བརྟུལ་ཞུགས་སུ་བསྲུང་དགོས་ཏེ། ཡེ་ཤེས་ཕེབས་པ་ཡང་ཡེ་ཤེས་ཀྱི་ཁྱད་པར་ཇི་སྙེད་པ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཉིད་ཀྱི་ཕྲིན་ལས་དང་ཡེ་ཤེས་ཡིན་པས་བསྲུང་དགོས་སོ། །དེ་ལ་ཡོད་པའི་སྡིག་པ་ལྔ་ནི། སྲོག་གཅོད་པས་འཚེ་བ་དང་། མི་བདེན་པའི་རྫུན་དང་། གཞན་གྱི་བུད་མེད་བསྟེན་པས་མཚོན་འདོད་ལོག་དང་། གཞན་ནོར་མ་བྱིན་པར་ལེན་པ་དང་། ཆང་གི་བཏུང་བས་མྱོས་པར་བྱེད་པ་སྟེ་ལྔའོ། །འདི་དག་ནི་འཁོར་བར་འཆིང་བྱེད་རྡོ་རྗེའི་ཞགས་པ་སྟེ། རང་གཞན་གྱི་དགེ་བ་འཇོམས་པར་བྱེད་པའི་སྡིག་པའོ། །གང་ཞིག་རྫོགས་ལྡན་ལ་སོགས་པ་གང་གི་དུས་སུ་བྱུང་བ་ལྷ་དང་མིའི་བླ་མའི་མཚན་གྱིས་སྦྱིན་དགོས་པ་ལས། རྩོད་དུས་འདིར་ནི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་བཀའ་སྦྱིན་ཞིང་། སྣ་ཚོགས་གཙོ་བོ་དུས་ཀྱི་འཁོར་ལོའི་བཀའ་འདི་སློབ་མ་ཁྱོད་ཀྱིས་སྐྱོང་དགོས་ཏེ། དེའི་ཕན་ཡོན་ནི་སྲིད་པའི་འཇིགས་པ་འཇོམས་པའི་ཕྱིར་རོ། །མདོར་བསྡུ་ན་ལྔ་པོ་དེ་ཙམ་བསྒྲགས་པས་གཞན་རྣམས་ཤུགས་ལ་ཐོབ་པར་འགྱུར་མོད་ཀྱི། འདིར་དགག་བྱ་དམིགས་སུ་བསལ་བ་དག་འགོག་པའི་ཕྱིར་བརྗོད་དེ། དེ་ལ་ཉེ་བའི་སྡིག་པ་ལྔ་ནི། ཤོ་དང་མིག་མང་སོགས་ཚེ་ལོ་རྩེ་བ་དང་། བཟའ་བ་དང་རིན་གྱི་དོན་དུ་བསད་པ་ལ་སོགས་པའི་ཤས་མཚོན་ཏེ་ཁ་ན་མ་ཐོ་བ་དང་བཅས་པའི་ཟས་ཟ་བ་དང་། ཉོན་མོངས་པ་ཅན་གྱིས་ཀུན་ནས་བསླངས་
པའི་ངག་འཁྱལ་དང་། ཉོན་མོངས་འཕེལ་བའི་བསྟན་བཅོས་ངན་པ་ཀློག་པ་ཚིག་ངན་དང་། མཚུན་འཐོར་བ་དང་། མཆོད་སྦྱིན་དང་རིག་བྱེད་ངན་པ་སོགས་ཡིན་པར་བཤད་པ་དངོས་སུ་མཚུན་གསོལ་བ་འབྱུང་པོའི་ཆོས་དང་། རང་གིས་བསད་པའི་ཤ་ཟ་བ་སོགས་ལྷ་མིན་དབང་པོ་ཀླ་ཀློའི་ཆོས་ཏེ་ལྔའོ། །གསོད་པ་ལྔ་ནི། མཆོད་སྦྱིན་སོགས་ཀྱི་དོན་དུ་བ་ལང་གསོད་པ། མ་མོ་མཆོད་པ་ལ་བྱིས་པ་གསོད་པ། བུད་མེད་ཀྱི་དོན་དུ་བུད་མེད་གསོད་པ། སྐྱེས་པའི་དོན་དུ་སྐྱེས་པ་གསོད་པ་སྟེ། འདི་དག་སྔར་གྱི་འཚེ་བའི་ནང་ཚན་དངོས་ཡིན་ཡང་། མུ་སྟེགས་ཁ་ཅིག་སྤྱིར་འཚེ་བ་སྡིག་པར་འདོད་ཀྱང་། སྐབས་འགར་དགེ་བར་འདོད་པ་དགག་པའི་ཆེད་དུ་ལོགས་སུ་སྤྲོས་ལ། དེའི་སྟེང་དུ། ལྷ་མིའི་བླ་མ་སྟེ། རྒྱལ་བ་སྲས་བཅས་ཀྱི་སྐུ་གཟུགས་དང་། མཆོད་རྟེན་དང་། བཀའི་གླེགས་བམ་འཇིག་པར་བྱེད་པ་སྟེ། སྤྱིར་སྡིག་པ་ཆེས་ལྕི་བར་མ་ཟད། ཀླ་ཀློ་རྣམས་ཆོས་སུ་འདོད་པ་དགག་པའི་ཆེད་དུ་དམིགས་སུ་བཀར་རོ། །འཁུ་བ་ལྔ་ནི། སྔར་འབྲེལ་ཅན་ལ་ཕྱིས་ལོག་སྟེ་ཁྲོ་བ་ནི་འཁུ་བ་ཡིན་ལ། དེ་ཡང་། །མཉམ་པར་འགྲོགས་པའི་གྲོགས་པོ་དང་། བཀུར་བར་འོས་པའི་རྗེ་བོ་དང་། ལྷ་མིའི་བླ་མ་སངས་རྒྱས་དང་། དགེ་སློང་གི་དགེ་འདུན་དང་། ཡིད་བརྟན་པར་འོས་པའི་ཡུལ་མཁན་སློབ་དང་། བླ་མ་སོགས་ལ་འཁུ་བ་སྟེ་ལྔའོ། །ཆགས་པ་ལྔ་ནི། མིག་གི་དབང་པོ་གཟུགས་ལ་ཆགས་པ་སོགས་དབང་པོ་ལྔ་ཡུལ་ལྔ་ལ་ཆགས་པ་ཡིན་ལ། འདི་དག་ལས་དང་པོ་པས་རྩ་བ་ནས་སྤོང་མི་ནུས་པས། དེའི་གཉེན་པོ་ཉིན་རེ་བཞིན་ཐུན་གསུམ་ལ་སོགས་པར་བསྒོམ་སྟེ། གཏེན་པོ་ནི། བསྐྱེད་རིམ་པས་ཡུལ་དབང་ལྷ་སྐུར་ང་རྒྱལ་བྱེད་པ་དང་། རྫོགས་རིམ་པས་སོ་སོར་སྡུད་པའི་རྣལ་འབྱོར་གྱིས་སོ། །དེ་ལྟར་
བརྟུལ་ཞུགས་ཉི་ཤུ་རྩ་ལྔ་པོ་དེ་རྣམས་ཁྱོད་ཀྱིས་བཟུང་བར་གྱིས་ཤིག་ཅེས་གདམས་ཤིང་བསྒྲག་པ་འདི་ལ་གསན་པས་ཁྱབ་པར་གདའ། འཚེ་བ་དང་ནི་མི་བདེན་གཞན་གྱི་བུད་མེད་སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད། འཁོར་བར་རྡོ་རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་སྡིག་པ་ལྔ་པོ་འདི་རྣམས་སོ། །གང་ཞིག་གང་གི་དུས་སུ་བྱུང་བ་ལྷ་དང་མི་ཡི་བླ་མ་དེ་ཡི་མཚན་གྱིས་རབ་སྦྱིན་བྱ། །སྣ་ཚོགས་གཙོ་བོའི་བཀའ་འདི་སྲིད་པའི་འཇིགས་པ་འཇོམས་པ་དག་སྟེ་ཁྱོད་ཀྱིས་ཀྱང་ནི་བསྐྱང་བར་བྱ། །ཆོ་ལོ་ཁ་ན་མ་ཐོ་བཅས་པའི་ཟས་དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་མིན་དབང་པོའི་ཆོས། །བ་ལང་བྱིས་པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསད་པ་ལྔ་ནི་མི་བྱའོ། །གྲོགས་པོ་རྗེ་བོ་རྣམས་དང་ལྷ་དང་མི་ཡི་བླ་མ་དགེ་འདུན་ཡིད་བརྟན་རྣམས་ལ་འཁུ་བ་ཡང་། །དབང་པོ་རྣམས་ནི་ཀུན་ནས་ཆགས་པ་དག་སྟེ་དེ་ལྟར་སྲིད་པའི་བདག་པོའི་བརྟུལ་ཞུགས་ཉི་ཤུ་ལྔ། ཞེས་བསྒྲགས་ལ། དེ་ལྟར་བསྒྲགས་པའི་དམ་ཚིག་དེ་རྣམས་སྲོག་ལ་བབ་ཀྱང་མི་གཏོང་བར་བཟུང་སྙམས་པས་འདིའི་རྗེས་ཟློས་མཛོད། །སྲིད་པའི་འཇིགས་པ་འཇོམས་མཛད་པའི། །བརྟུལ་ཞུགས་ཉི་ཤུ་རྩ་ལྔ་པོ། །སྣ་ཚོགས་གཙོ་བོའི་གསུང་ཇི་བཞིན། །བདག་གིས་བརྟན་པོར་བཟུང་བར་བགྱི། །ཞེས་ལན་གསུམ་གྱིས་བཟུང་དུ་གཞུག ༈ །སྐབས་འདིར་རྒྱུད་ཀྱི་དགོངས་པ་ལྟར་ཆས་སུ་འཇུག་དགོས་པས། ཁྱོད་རང་རྣམས་ཀྱིས་སྔོན་ཆད་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་མ་མཐོང་བའམ་མ་རིག་པའི་སྒྲིབ་གཡོགས་དང་བཅས་པས་མཚོན་བྱེད་དར་རས་ཀྱིས་མིག་དགབ་པར་མོས་ཤིག །ཨོཾ་དྭཱ་ད་ཤ་ཨཾ་ག་ནི་བོ་དྷ་ཀཱ་
རི་ེ་ཧཱུྃ་ཕཊ། བྱང་ཆུབ་ཀྱི་སེམས་གཙུག་ཏོར་དུ་འཆིང་བའི་མཚོན་བྱེད་དུ་ཐོར་ཚུགས་ལྗང་གུ་བཅིང་བར་མོས། ཨོཾ་དྭཱ་ད་ཤ་སོགས། དར་གོས་སེར་པོའི་སྟོད་གཡོགས་རེ་བགོས་པར་གྱུར། ཨོཾ་དྭཱ་ད་ཤ་སོགས་ཡང་དར་སེར་གྱི་སྨད་གཡོགས་རེ་བྱིན་པར་གྱུར། ཨོཾ་དྭཱ་ད་ཤ་སོགས། འདི་དག་གི་དགོས་པ་ནི་འཁོར་བའི་རང་བཞིན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རྩ་བ་ལས་རླུང་འཕོ་ཆེན་བཅུ་གཉིས་པོ་ཕྱིར་རྒྱུ་བ་མེད་པར་ནང་ཨ་ཝ་དྷཱུ་ཏིར་དགག་པ་མཚོན་པས་དོན་མ་རིག་པའི་སྣང་བ་ཐམས་ཅད་འགག་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །ཞེས་སོ་སོར་གཏད། དེ་ནས་ཁྱེད་རང་རྣམས་དཀྱིལ་འཁོར་ལ་གཡས་སུ་ལན་གསུམ་བསྐོར་བའི་མོས་པས་འདིའི་རྗེས་ཟློས་མཛོད། མ་ཧཱ་ར་ཏ་སུ་དྲྀ་ཌྡྷོ་སུ་ཏོ་ཥྱོ་སུ་སུ་ཁོ་བཛྲ་སཏྭཱ་ཨ་དྱ་ས།།།མཱཾ། དེ་ནས་ཤར་སྒོར་གནས་པ་ལ་སློབ་དཔོན་གྱི་དུང་གི་ཆུས་བསང་གཏོར་བྱས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿཧཾ་ཀྵཿ ཞེས་བརྗོད། དེ་ནས་འབྲུ་གསུམ་གྱིས་བསྔགས་པའི་མེ་ཏོག་དེ་རིགས་བརྟགས་པའི་དོན་དུ་ཁྱེད་རང་རྣམས་ལ་གཏད་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ་ལན་བདུན་གྱིས་བསྔགས་ཏེ་བྱིན། དེ་རྗེས་སློབ་དཔོན་གྱིས་བདེན་པ་བརྗོད་དེ། །ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་གཞུག་པར་བགྱི། །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཅི་འདྲ་དེ་འདྲར་ཤོག །དེ་ཡི་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་གང་འདྲ་བ། །དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག །དེ་ནས་རིགས་བརྟག་པའི་སླད་དུ་སྔར་ཕྱག་ཏུ་གཏད་པའི་མེ་ཏོག་དེ་ཉིད་ཐལ་མོ་སྦྱར་བའི་བར་དུ་བཟུང་སྟེ། བདག་གི་དངོས་གྲུབ་ཀྱི་སྐལ་པ་གང་ཡིན་པའི་ལྷག་
པའི་ལྷ་དེས་བཞེས་སུ་གསོལ་སྙམས་པས་འདིའི་རྗེས་ཟློས་དང་བཅས་འདོར་བ་ཞུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀུ་ལ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་པས་སྔར་བཀོད་པའི་ཕྱག་མཚན་གྱི་དཀྱིལ་འཁོར་ལ་འདོར་དུ་གཞུག །དེ་ལྟར་དོར་བ་ལས་རིགས་བརྟག་པ་ནི། དབུས་ཀྱི་ལྷ་མཚན་གྱི་རྩེ་མོའི་ཕྱོགས་སུ་བབས་ན་རྡོ་རྗེ་སེམས་དཔའི་རིགས། མདུན་དུ་མི་བསྐྱོད་པ། ཤར་དང་ཤར་ལྷོར་དོན་གྲུབ། ལྷོ་དང་ལྷོ་ནུབ་ཏུ་རིན་འབྱུང་། ནུབ་དང་ནུབ་བྱང་དུ་རྣམ་སྣང་། བྱང་དང་བྱང་ཤར་དུ་སྣང་མཐའ་སྟེ། དེ་ལྟར་རིགས་རྣམས་ངེས་པར་གྱིས་ཤིག །ཅེས་བསྒོ། །སླར་ཡང་སྔར་ཕུལ་བའི་མེ་ཏོག་དེ་ཉིད་རང་རིགས་ཀྱི་ལྷག་པའི་ལྷས་བཞེས་ཏེ་ཁྱེད་རང་རྣམས་ཀྱི་མགོ་བོར་བཅིངས་པའི་མོས་པ་མཛོད། ཨོཾ་པྲ་ཏི་གྲྀཧྞ་ཏྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ། ཞེས་མེ་ཏོག་མགོར་བཀོད། དེ་ནས་མིག་དར་འགྲོལ་བའི་སླད་དུ་ཁྱེད་རང་རྣམས་ཀྱི་དཔྲལ་བར་རམ། མིག་གཉིས་ལ་འབར་བ་དང་བཅས་པའི་ཨོཾ་ཨོཾ་རེ་གསལ་བཏབ་ནས་སློབ་དཔོན་གྱིས་གསེར་གྱི་ཐུར་མས་མ་རིག་པའི་ལིང་ཐོག་མིག་དར་དང་ལྷན་ཅིག་བསལ་བའི་མོས་པ་མཛོད། །ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང་། ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་མེད་པ། །ཐམས་ཅད་མིག་ནི་འབྱེད་པར་མཛད། །ཨོཾ་དེ་བྱེ་ེ་ཏྲཱི་ཡ་ཎྱཱ་ཊ་གྷ་ཊ་སྭཱ་ཧཱ། ཨོཾ་དེ་བྱེ་ཡ་ན་མུཏྒྷཱ་ཊ་ཡཱ་མི་སྭཱ་ཧཱ། ཞེས་མིག་དར་འགྲོལ། དེ་ལྟར་མིག་ཕྱེས་ནས་གསར་དུ་ཐོབ་པའི་ཡེ་ཤེས་ཀྱི་སྤྱན་དེ་ལ་མཐོང་བ་བསྟན་པར་བྱ་སྟེ། །ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཁྱོད་ནི་སངས་རྒྱས་རིགས་ཀྱི་སྐྱེས། །ཕྱག་རྒྱ་སྔགས་ཀྱིས་བྱིན་གྱིས་བརླབས། །དངོས་གྲུབ་ཀུན་ནི་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་
ཁྱོད་འགྱུར་གྱིས། །རྡོ་རྗེ་པདྨ་མཆག་རོལ་པས། །གསང་སྔགས་རྣམས་ལ་སྒྲུབ་པར་གྱིས། །དེའང་མཚན་མའི་དཀྱིལ་འཁོར་འདི་ཉིད་རྡུལ་རྫས་ལས་གྲུབ་པའི་ཐ་མལ་ཀུན་བརྟག་བེམ་པོའི་དངོས་པོ་མ་ཡིན་པ་ཆོས་དབྱིངས་མཆོག་ཏུ་མི་འགྱུར་བ་ཡེ་ཤེས་ཀྱི་རྒྱལ་ཁམས་ཆེན་པོ་འདི་ལྟ་སྟེ། རྡོ་རྗེའི་རང་བཞིན་རྩིབས་བཅུ་པ་ཟླུམ་པོའི་དབུས་སུ་ཆོས་འབྱུང་ནམ་མཁའི་ཁམས་ལ་རླུང་གི་དཀྱིལ་འཁོར་ནག་པོ་སོགས་སྒྲུབ་ཐབས་ལྟར། བརྗོད་པ་ལས། རྃ་ལས་སོགས་ས་བོན་བསྐྱེད་ཚིག་རྣམས་དོར་མཐོན་མཐིང་ཉི་མ་དང་མཉམ་པ་ལྷུན་པོའི་སྟེང་དུ་རྡོ་རྗེའི་གུར་རབ་ཏུ་ཡངས་པའི་དབུས་སུ་རྡོ་རྗེའི་ས་གཞི་ཕྱོགས་ཀྱི་མདོག་ཅན་གྱི་གཞི་ལ་ཡེ་ཤེས་རིན་པོ་ཆེ་ལྔའི་སོགས་ནས། བདེ་བ་ཆེན་པོའི་དཀྱིལ་འཁོར་རྒྱར་དཔག་ཚད་འབུམ་ཕྲག་ཕྱེད་པ་དང་། དེའི་ཡང་ནང་གི་ཕྱེད་དུ། གཙོ་བོའི་པདྨ་རྒྱར་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་དང་། དེའི་ལྟེ་བ་ལ་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་དཀྱིལ་འཁོར་རྣམས་སྟེང་ནས་སྟེང་དུ་བརྩེགས་པ་སྟེ། སོགས་ནས། གདན་བསྐྱེད་ཆོག་གིའང་ས་བོན་རྣམས་དོར་ལ། རྒྱན་གྱི་རྣམ་པ་མཆོག་ཏུ་བཀྲ་བ་དུ་མས་མཛེས་པའོ། །དབུས་ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་དྲི་མ་མེད་པའི་འོད་ཟེར་ལྔ་རྣམས་འགྱེད་ཅིང་། སོགས་ནས། འདི་སྐབས་ཡབ་ཡུམ་གྱི་རྡོ་རྗེ་སེམས་དཔའི་ཅོད་པན་ཅན་ཅེས་པའང་འདོན་དགོས། །འདབ་མ་བརྒྱད་ལ་གནས་པ་སྟེ། །ཤར་དུ་ནག་མོ་འབར་མ་སོགས་ནས། དབང་ལྡན་དུ་ཆོས་ཀྱི་དུང་དཀར་པོ་སོགས་ས་བོན་དོར་ལ། རླུང་དུ་དཔག་བསམ་གྱི་ཤིང་སེར་པོ་རྣམས་སོ། །གཙོ་བོའི་ཐུགས་ཀར་རྡོ་རྗེ་སེམས་དཔའ་ཞལ་
གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་སྔོན་པོ། །གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ། གྲི་གུག །དགྲ་སྟྭ། གཡོན་པ་གསུམ་གྱིས་རྡོ་རྗེ། དྲིལ་བུ། ཐོད་ག་ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པ་ལ་རང་དང་འདྲ་བའི་ཤེར་ཕྱིན་མས་འཁྱུད་པ། བདེ་གཤེགས་འཕར་མའི་ཕྱོགས་མཚམས་རྣམས་སུ། དོན་ཡོད་གྲུབ་པ་ཞལ་གསུམ་ཕྱག་དྲུག་པ། སོགས་ས་བོན་རྣམས་དོར། ཤར་དུ་པད་ཉིའི་སྟེང་དུ་བཞུགས་པའོ། །ཞེས་པའང་ཐམས་ཅད་ལ་འགྲེ། །འོག་ཏུ་རྡུལ་འགགས་པའི་བུམ་པ་རྣམས་སོ། །ཐུགས་ཀྱི་སྒོ་བཞི་རུ། བགེགས་མཐར་བྱེད་ནག་པོ་སོགས་ནས། ཐབས་གཙོ་བོར་གྱུར་པའོ། །ཐུགས་ཀྱི་ལྷ་སྣམ་གྱི་ཕྱོགས་མཚམས་རྣམས་སུ་ཕྱག་ན་རྡོ་རྗེ་ལྗང་ཁུ་སོགས་ནས་ས་བོན་དོར་ལ། གཟུངས་མ་གྲངས་མེད་པ་དང་བཅས་པའོ། །གསུང་གི་དཀྱིལ་འཁོར་གྱི་ལྷའི་སྣམ་བུའི་ཕྱོགས་དང་མཚམས་རྣམས་སུ། རྣལ་འབྱོར་མ་རྣམས་ནི་འདི་ལྟ་སྟེ། ཙར་ཙི་ཀ་ནག་མོ་ལ་དབང་པོ་སེར་པོས་འཁྱུད་པ་ཤར་གྱི་པདྨའི་ལྟེ་བར་ཡི་དྭགས་དམར་པོ་ལ་གནས་པ་དང་། འཇིགས་མ་རླུང་ཤུགས་ལ། སོགས་ནས། གཞོན་ནུ་མ་འཁོར་དང་བཅས་པ་ནི། གདོང་དྲུག་མའོ། །སྐུའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུའི་ཕྱོགས་དང་མཚམས་རྣམས་སུ་ཚེས་ཀྱི་ལྷ་རྣམས་ནི་འདི་ལྟ་སྟེ། སྲིན་པོ་ནག་པོ་ལ་ཛྲྀ་རྡོ་རྗེ་མ་སྲིན་མོ་སེར་མོས་འཁྱུད་པ། ཤར་གྱི་གཡས་སུ་པདྨའི་ལྟེ་བར་ཡི་དྭགས་ལ་གནས་པ་དང་། ཉ་རྡོ་རྗེ་མ། ཉི་རྡོ་རྗེ་མ་སོགས་ས་བོན་དོར་བ་འགྲེས་ཏེ། གཞོན་ནུ་འཁོར་དང་བཅས་པ་ནི་གདོང་དྲུག་པའོ། །སྐུའི་དཀྱིལ་འཁོར་གྱི་སྒོ་བཞི་དང་སྟེང་འོག་དག་ཏུ་ཁྲོ་བོ་ཡབ་ཡུམ་
རྣམས་ནི། ཁྲོ་བོ་དབྱུག་སྔོན་ཅན་ནག་པོ་སོགས་ནས། གཡོན་བརྐྱང་གི་སྟབས་ཀྱིས་གནས་པའོ། །སྐུའི་སྟེགས་བུ་ལ་རྟ་བབས་ཀྱི་ཀ་བའི་ནང་རོལ་དུ་ཀླུ་ཆེན་པོ་རྣམས་ནི། སྟོབས་ཀྱི་རྒྱུ་དང་པདྨ་ནག་པོ་ལ། སོགས་ནས། དུར་ཁྲོད་ཀྱི་འཁོར་ལོའི་སྟེང་དུ་རབ་གཏུམ་མ་རྣམས་ནི། ཁྱི་གདོང་མ་ནག་མོ་ལ་སོགས་ནས། རླུང་གི་དཀྱིལ་འཁོར་ལ་འབྱུང་པོ་བྱེ་བ་ཕྲག་ཕྱེད་བཞི་དང་སོགས་ནས། འཁོད་པའོ། །གསུང་གི་སྟེགས་བུ་ལ་འདོད་མ་སུམ་ཅུ་རྩ་དྲུག་ནི། སྒྲོལ་མ་ལས་བྱུང་བ་དབྱེ་བར་འདོད་མ་སོགས་ནས། རིམ་པས་གནས་པའོ། །སྐུའི་སྟེགས་བུ་ལ་མི་འདོད་མ་སུམ་ཅུ་རྩ་དྲུག་ནི། སྒྲོལ་མ་ལས་བྱུང་བ་དབྱེ་བར་མི་འདོད་མ་ནས། ནུབ་སྒོའི་གཡོན་གྱི་སྟེགས་བུ་ལ་རིམ་པས་གནས་པའོ། །དེ་ལྟར་ན་མཚོན་བྱེད་མཚན་མའི་དཀྱིལ་འཁོར་འདི་ཉིད་ཀྱིས་མཚོན་ནས་མཚོན་བྱ་དོན་དམ་ཡེ་ཤེས་རང་སྣང་གི་དཀྱིལ་འཁོར་རྣམ་པ་ཀུན་གྱི་མཆོག་ལྡན། པྲ་ཕབ་བརྒྱད་ཀྱི་རང་བཞིན། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མངོན་སུམ་བཞིན་དུ་མཇལ་བར་གྱུར་སྙམ་དུ་དགའ་བ་དང་སྤྲོ་བ་ཡང་དག་པས་འདིའི་རྗེས་ཟློས་མཛོད། རྡོ་རྗེའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །རྣལ་འབྱོར་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་གིས་མཐོང་། །གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར། ཧོཿཧོཿཧོཿདེ་དག་གིས་དཀྱིལ་འཁོར་དུ་འཇུག་པའི་བྱ་བ་འཁོར་དང་བཅས་པ་གྲུབ་པ་ལགས། དེ་ལྟར་དཀྱིལ་འཁོར་དུ་ཞུགས་ནས་དབང་བསྐུར་བའི་རིམ་པ་ལ། དབང་གི་ངོ་བོ། །མཚན་ཉིད། དབྱེ་བ། ངེས་ཚིག །དགོས་པ། ཇི་ལྟར་
བསྐུར་བའི་ཚུལ་དངོས་ཏེ་དྲུག །དེ་ལ་ངོ་བོ་ནི། རྒྱལ་བས་གསུངས་པའི་སྔགས་རྒྱུད་ཀྱི་ཆོ་གའི་དོན་ཕྱིན་ཅི་མ་ལོག་པ་ནི་དབང་གི་ཆོ་གའི་ངོ་བོ། །དེའི་མཐུ་ལས་སློབ་མའི་རྒྱུད་སྨིན་པས་གོང་དུ་འགྱུར་བའི་ཁྱད་པར་བསྟན་པ་དབང་བསྐུར་བའི་ངོ་བོ་དེ་ཐོབ་པ་ནི་དབང་ཐོབ་པའོ། །དབང་གི་མཚན་ཉིད་ནི། གང་གི་མཐུས་སློབ་མའི་རྒྱུད་ལ་སྔགས་སྡོམ་མཚན་ཉིད་བསྐྱེད་པའོ། །དབང་གི་དབྱེ་བ་ནི། དང་པོར་སྨིན་བྱེད་བྱིས་པ་འཇུག་པའི་དབང་བདུན། ཁྱད་པར་ཅན་སྨིན་བྱེད་མཆོག་དབང་གོང་མ་བཞི། རྡོ་རྗེ་སློབ་དཔོན་དུ་སྒྲུབ་པའི་ཆོ་ག་རྣམས་སོ། །དབང་གི་ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན་མངོན་པར་གཏོར་བའམ་བླུགས་པ་སྟེ། སྒོ་གསུམ་གྱི་དྲི་མ་འཁྲུད་ཅིང་། འབྲས་བུ་ཡེ་ཤེས་ཀྱི་ནུས་པ་ཁྱད་པར་ཅན་འཇོག་པས་ན་དབང་ངོ། དབང་གི་དགོས་པ་ནི། སློབ་མའི་རྒྱུད་སྔགས་ཀྱི་སྡོམ་ལྡན་དུ་སྒྲུབ་ཅིང་། བསྐྱེད་རྫོགས་ཀྱི་སྒོ་ནས་རང་གཞན་གྱི་དོན་སྒྲུབ་པར་དབང་བ་ལ་སོགས་པའི་དགོས་པ་ཡོད་དོ། །དབང་གི་རིམ་པ་ཇི་ལྟར་བསྐུར་ཚུལ་ནི། དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་སོང་བའི་གང་ཟག་དེ་ལ་ཇི་ལྟར་བསྐུར་བའི་ལས་རིམ་དངོས་ཏེ། དེ་ལ་བྱིས་འཇུག །མཆོག་དབང་བཞི། རྡོ་རྗེ་སློབ་དཔོན་གྱི་དབང་རྣམས་སུ་ཡོད་པ་ལས། ཐོག་མར་བྱིས་པ་འཇུག་པའི་དབང་བདུན་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ། ཞེས་བརྡ་སྤྲད་ལ་སློབ་མས། མཎྜལ་རི་རབ་གླིང་བཞི་སྒྲ་གཅན་ཉི་མ་ཟླ་བ་དུས་མེ་དབུས་སུ་ལྷ་དང་མིའི་དཔལ་འབྱོར་མ་ཚང་བ་མེད་པ་འདི་ཉིད་དངོས་གཞི་བྱིས་པ་འཇུག་པའི་དབང་བདུན་ཞུ་བའི་ཡོན་ཏུ་འབུལ་བར་བགྱིའོ། །ཞེས་ཚོམ་བུ་དགུ་མ་ཕུལ་བ་འདི་ཉིད་
འདི་ཕྱིན་ཆད་ལ་བསྲེ་ཞིང་སོ་སོའི་མཐལ་སྒྱུར་སྐབས་སུ་བབས་པ་ལྟར་བྱའོ། །དེ་ལྟར་མཎྜལ་ཕུལ་ནས་དབང་བསྐུར་སྤྱིར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེས་དེང་བདག་སྩོལ། ལན་གསུམ། ད་ལྟར་གསོལ་བ་བཏབ་ནས་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་སྭཱ་བྷཱ་བ་སྟོང་པའི་ངང་ལས་ཨུ་ཡིག་དང་པདྨ་ལས་ཁྱེད་རང་རྣམས་སྐུ་རྡོ་རྗེ་འོད་དཔག་མེད་དུ་གྱུར། སློབ་དཔོན་གྱི་ཕྱག་གཡས་པའི་རྡོ་རྗེས་ཁྲིད་དེ་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པས་བསྐོར་བ་བྱས་ཏེ། བྱང་གི་སྒོར་གནས་པར་གྱུར། བླ་མ་དུས་ཀྱི་འཁོར་ལོའི་གཡོན་ཞལ་སྐུ་རྡོ་རྗེ་སྤྲུལ་པའི་སྐུར་མོས་པ་ལ་ཆུ་དང་ཅོད་པན་གྱི་དབང་གི་དོན་དུ་མཎྜལ་འབུལ་བ་ཞུ། དེས་ཀྱང་འབུལ། དེ་ལྟར་མཎྜལ་ཕུལ་ནས་ཐོག་མར་ཆུ་དབང་གི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨོཾ་ཧཾ་ཧཱཾ་ཧི༚་ཧི༚ཱ་ཧྲཱྀ༚་ཧྲཱྀ༚་ཧུཾ་ཧཱུྃ་ཧླྀ་ཧླྀ༚ཱ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་བཛྲ་ཌཱ་ཀི་ནྱོ་བཛྲ་ཨ་མྲྀ་ཏ་གྷ་ཊེ་ར་ཨ་བྷི་ཥིཉྩན་ཏུ་མཱཾ་སྭཱ་ཧཱ། ཅེས་ལན་གསུམ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་རྒྱལ་བ་ཡབ་ཡུམ། བྱང་ཆུབ་སེམས་དཔའ་དང་ལྷ་མོ། ཁྲོ་བོའི་རྒྱལ་པོ་དང་རྡོ་རྗེ་མཁའ་འགྲོ་མའི་ཚོགས་དང་བཅས་པའི་དཀྱིལ་འཁོར་དང་། ནམ་མཁའ་གང་བའི་སངས་རྒྱས་དང་བཙུན་མོར་བཅས་པ་ཐམས་ཅད་ཨོཾ་བཛྲ་ས་མཱ་ཛཿདེ་རྣམས་ལ་སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་མཆོད་ལྷ་རྣམས་ཀྱིས་མཆོད་པར་གྱུར། ཨོཾ་བཛྲ་གནྡྷེ༚་སོགས་མཆོད་པ་བཅུ་གཉིས་ཀྱིས་མཆོད། ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་ཧཱུྃ་ཧཱུྃ་ཕཊཿ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་
སྭཱ་ཧཱ། ཨོཾ་པཎྜ་ར་བཱ་བ་སི་ནི་བ་ར་དེ་སྭཱ་ཧཱ། ཨོཾ་མ་མཱ་ཀི་ཀི་རི་ཀི་རི་སྭཱ་ཧཱ། ཨོཾ་ལོ་ཙ་ན་བ་སུ་ཏི་སྭཱ་ཧཱ། ཅེས་བུམ་པ་སོ་སོ་ནས་ཆུ་བསྡུས་ཏེ་རྣམ་རྒྱལ་ཆེན་པོ་དུང་ཆོས་སུ་བླུགས་པ་ལས་རྡོར་གྱིས་སྟེགས་ཁེབ་ཀྱིས་ལྕིབས་ལ་བཏེགས། ཨོཾ་སྭ་བྷཱ་བ༴ སྟོང་པའི་ངང་ལས་ཨཱ་ལས་བྱུང་བའི་སྟེང་དང་འོག་གི་བུམ་ཆུ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོ། ཨཱི་ལས་བྱུང་བའི་ཤར་དང་མེའི་བུམ་ཆུ་སྒྲོལ་མ། རཱི་ལས་བྱུང་བའི་ལྷོ་དང་བདེན་བྲལ་གྱི་བུམ་ཆུ་གོས་དཀར་མོ། །ཨཱུ་ལས་བྱུང་བའི་བྱང་དང་དབང་ལྡན་གྱི་བུམ་ཆུ་མ་མཱ་ཀི། ལཱྀ་ལས་བྱུང་བའི་ནུབ་དང་རླུང་གི་བུམ་ཆུ་སྤྱན་མ་རྣམས་ཀྱི་ངོ་བོར་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་བུམ་ཆུ་ཡེ་ཤེས་པའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དེ་ནས་ཆུ་དབང་གི་སྔོན་འགྲོར་ཤིས་པ་བརྗོད་པ་ཡིན་པས་ནམ་མཁའ་གང་བའི་སངས་རྒྱས་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་ཀྱི་མེ་ཏོག་ཆར་བཞིན་དུ་བསྙིལ་བའི་མོས་པ་མཛོད། ཨོཾ། །བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཨོཾ་ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་
སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །དེ་ནས་དབང་གི་ལྷ་རྣམས་ཀྱིས་དབང་བདུན་གྱི་དང་པོ་ཆུའི་དབང་བསྐུར་བའི་མོས་པ་མཛོད། ཨོཾ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་དབྱངས་རིང་པོ་ལྔ་དང་བསྒྲིགས་ནས། སྤྱི་གོ། དཔུང་པ་གཡས་གཡོན་དཔྱི་གཡས་གཡོན་ཏེ་སྐྱེ་བའི་གནས་ལྔར་དབང་བསྐུར་ལ། དེ་ལྟར་ཆུའི་དབང་བསྐུར་བས་ཁམས་ལྔ་རྣམ་པར་དག་པ་ཡུམ་ལྔར་གྱུར་པ་ནི། གཙུག་ཏོར་དུ་མཁའ་ཁམས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། དཔྲལ་བར་རླུང་ཁམས་སྒྲོལ་མ། མགྲིན་པར་མེ་ཁམས་གོས་དཀར་མོ། སྙིང་ཁར་ཆུ་ཁམས་མ་མཱ་ཀི། ལྟེ་བར་ས་ཁམས་སངས་རྒྱས་སྤྱན་མ་རྣམས་སུ་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་ཡུམ་ལྔའི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ་པ་ལ་མཆོད་པར་མོས་ཤིག །ཨོཾ་བཛྲ་གནྡྷཾ་སོགས་མཆོད་པ་བཅུ་གཉིས་ཕུལ། དེ་ལྟར་ན་ཡུམ་ལྔའི་སྒོ་ནས་ཆུའི་དབང་བསྐུར་བ་ཐོབ། རླུང་ལ་སོགས་པའི་ཁམས་ལྔ་རྣམ་པར་དག་ཅིང་སྒྲིབ་པ་དང་བྲལ། །དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པར་གྱུར། དེ་ནས་ཅོད་པན་གྱི་དབང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨོཾ་ཨཾ་ཨི༚་རྀ༚་ཨུ་ལྀ༚་སརྦ་བུདྡྷ་བཛྲ་མུ་ཀུ་ཊཾ་མ་མ་པཉྩ་བུདྡྷ་ཨཱཏྨཱ་གཾ་བནྡྷ་ཡན་ཏུ་ཧཱུྃ་ཧཱུྃ་ཕཊ། ལན་གསུམ། དབུ་རྒྱན་བཏེགས་པ་སོགས་དབང་རྫས་རྣམས་ལ་འགྲེ། སྭ་བྷཱ་བ༴ སྟོང་པའི་ངང་ལས་ཨ་
ལས་བྱུང་བའི་ཅོད་པན་ལྗང་གུ་མི་བསྐྱོད་པའི་ངོ་བོ། ཨི་ལས་བྱུང་བའི་ཅོད་པན་ནག་པོ་དོན་ཡོད་གྲུབ་པའི༴ རྀ་ལས་བྱུང་བའི་ཅོད་པན་དམར་པོ་རིན་ཆེན་འབྱུང་ལྡན་གྱི༴ ཨུ་ལས་བྱུང་བའི་ཅོད་པན་དཀར་པོ་འོད་དཔག་མེད་ཀྱི༴ ལྀ་ལས་བྱུང་བའི་ཅོད་པན་སེར་པོ་རྣམ་པར་སྣང་མཛད་ཀྱི་ངོ་བོ། གཙོ་བོའི་ཐུགས་ཀའི་ནས། བཙུན་མོར་བཅས་པ་རྣམས་ཅོད་པན་ཡེ་ཤེས་པའི་རྣམ་པར་ཅེས་པ་ནས་ཐིམ། དེ་ལྟར་བྱིན་གྱིས་བརླབས་ནས་ཐོག་མར་ཆུའི་དབང་བསྐུར་བར་མོས་ཤིག །ཨོཾ་ཨ་ཨི་རྀ་ཨུ་ལྀ་པཉྩ་ཏ་ཐཱ་ག་ཏ་པ་རི་ཤུདྡྷ་སྭཱ་ཧཱ། ཞེས་དུང་གི་ཆུས་སྐྱེ་བའི་གནས་ལྔར་དབང་བསྐུར། དེ་ནས་དབུ་རྒྱན་གནས་ལྔར་གཏུགས་ཏེ་མགོ་བོར་བཅིངས་པར་གྱུར། སྔགས་སྔ་མ་བརྗོད་ལ་སྐྱེ་བའི་གནས་ལྔར་གཏུགས་ཤིང་མགོར་བཅིང་། དེ་ལྟར་ཅོད་པན་གྱི་དབང་བསྐུར་བས་ཕུང་པོ་ལྔ་རྣམ་པར་དག་པ་སངས་རྒྱས་ལྔར་གྱུར་བ་ནི་ལྟེ་བར་གཟུགས་ཕུང་རྣམ་པར་སྣང་མཛད། དཔྲལ་བར་འདུ་ཤེས་སྣང་བ་མཐའ་ཡས། མགྲིན་པར་ཚོར་བ་རིན་ཆེན་འབྱུང་ལྡན། སྙིང་ཁར་འདུ་བྱེད་དོན་ཡོད་གྲུབ་པ། གཙུག་ཏོར་དུ་རྣམ་ཤེས་མི་བསྐྱོད་པ་རྣམས་སུ་གྱུར། གཙོ་བོའི་ཐུགས་ཀའི་ནས༴ འོད་ཟེར་འཕྲོས། སངས་རྒྱས་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་དེ་བཞིན་གཤེགས་པ་རིགས་ལྔའི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ་པ་ལ་མཆོད་པར་མོས་ཤིག །མཆོད་པ་བཅུ་གཉིས་འབུལ། དེ་ལྟར་ན་སངས་རྒྱས་ལྔའི་སྒོ་ནས་ཅོད་པན་གྱི་དབང་བསྐུར་བ་ཐོབ། ཕུང་པོ་ལྔ་རྣམ་པར་དག་ཅིང་སྒྲིབ་པ་དང་བྲལ་བར་གྱུར། དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབ་པར་གྱུར། སྨོན་ལམ་གདབ་པ་ནི། དེ་ལྟར་རྒྱལ་བ་ཡབ་ཡུམ་གྱིས་
བྱིན་གྱིས་བརླབས་པའི་དབང་བསྐུར་གཉིས་ཀྱི་ཉེར་ལེན་གྱིས་གློ་བུར་དྲི་མའི་ཁམས་དང་ཕུང་པོ་འགགས་ནས་ཆོས་ཉིད་ཀྱི་ཁམས་དང་ཕུང་པོ་ཐོབ་པར་གྱུར་ཅིག །ཅེས་བརྗོད། དེ་དག་ནི་དཔེར་ན་བྱིས་པ་བཙས་པ་ལ་ཆུས་འཁྲུད་པ་དང་། གཙུག་ཕུད་འཇོག་པ་ལྟར་ཆུ་དང་ཅོད་པན་གྱི་དབང་བསྐུར་བ་ཡིན་ནོ། །ཚུལ་དེ་ལྟ་བུས་བྱང་སྒོར་སྐུའི་ཞལ་གྱི་ས་ལ་ཆུ་དང་ཅོད་པན་གྱི་དབང་བསྐུར་བ་ཐོབ་པས། སྐུ་རྡོ་རྗེ་དྲི་མ་དང་བྲལ་བར་གྱུར། སྭ་བྷཱ་ཝ་སྟོང་པའི་ངང་ལས་ཨཱཿཡིག་དང་པདྨ་ལས་རང་ཉིད་གསུང་རྡོ་རྗེ་རིན་ཆེན་འབྱུང་ལྡན་དུ་གྱུར། སློབ་དཔོན་གྱི་ཞེས་པ་ནས། བསྐོར་བ་བྱས་ཏེ་ལྷོའི་སྒོར་གནས་པར་གྱུར། བླ་མ་དུས་ཀྱི་འཁོར་ལོའི་གཡས་ཞལ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུར་མོས་པ་ལ་དང་དབྱངས་དང་དྲིལ་བུའི་དབང་གི་དོན་དུ་མཎྜལ་ཕུལ། དར་དཔྱངས་ཀྱི་དབང་གི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཨོཾ་ཨ་ཨཱ་ཨ་ཨཿ ཧ་ཧཱ་ཧཾ་ཧཿ ཕྲེ༚་ཧོཿསརྦ་པཱ་ར་མི་ཏ་མ་མ་བཛྲ་པཎྜཾ་བནྡྷ་ཡན་ཏུ་ཧཱུྃ་ཧཱུྃ་ཕཊ། ཅེས་ལན་གསུམ། སྭ་བྷཱ་བ་སྟོང་པའི་ངང་ལས། ཨ་དང་ཧ་ལས་བྱུང་བའི་དར་དཔྱངས་ནག་པོ་གཉིས་ནག་མོ་འབར་མ་དང་དུ་བ་མའི་ངོ་བོ། ཨཿདང་ཧཿལས་བྱུང་བའི་དར་དཔྱངས་དམར་པོ་གཉིས་དམར་མོ་འབར་མ་དང་སྨིག་རྒྱུ་མ། ཨཾ་དང་ཧཾ་ལས་བྱུང་བའི་དར་དཔྱངས་དཀར་པོ་གཉིས་དཀར་མོ་འབར་མ་དང་མཁའ་སྣང་མ། ཨཱ་དང་ཧཱ་ལས་བྱུང་བའི་དར་དཔྱངས་སེར་པོ་གཉིས་སེར་མོ་འབར་མ་དང་མར་མེ་མ། ཕྲེ༚་དང་ཧོཿལས་བྱུང་བའི་དར་དཔྱངས་ལྗང་ཁུ་དང་སྔོན་པོ་མཆོག་གི་ཆ་མ་དང་ཐིག་ལེ་མའི་ངོ་བོ། གཙོ་བོའི་ནས་དར་དཔྱངས་ཡེ་ཤེས་པའི་ནས་གཉིས་སུ་མེད་པར་ཐིམ། དེ་ལྟར་བྱིན་གྱིས་བརླབས་ནས་ཐོག་མར་ཆུའི་དབང་བསྐུར་
བར་མོས་ཤིག །ཨོཾ་ཨཱ་ཨཱ་ཨཾ་ཨཿཧ་ཧ་ཧཾ་ཧཿཕྲེ༚་ཧོཿད་ཤ་པཱ་ར་མི་ཏཱ་པ་རི་པཱུ་ར་ི་སྭཱ་ཧཱཿ ཞེས་ཆུ་དབང་སྔར་བཞིན་བསྐུར། དེ་ལྟར་དར་དཔྱངས་གནས་ལྔར་རེག་སྟེ་མགོ་ལ་བཅིངས་པར་གྱུར། སྔགས་སྔ་མ་བརྗོད་ལ་གནས་ལྔར་རེག་ནས་མགོ་ལ་བཅིངས། དར་དཔྱངས་ཀྱི་དབང་བསྐུར་བས། རླུང་བཅུ་རྣམ་པར་དག་པ་ནུས་མ་བཅུར་གྱུར་པ་ནི། སྙིང་ཁའི་ཤར་དུ་མཉམ་གནས་ཀྱི་རླུང་ནག་མོ་འབར་མ། ལྷོར་གྱེན་རྒྱུའི་རླུང་དམར་མོ་འབར་མ། བྱང་དུ་ཁྱབ་བྱེད་ཀྱི་རླུང་དཀར་མོ་འབར་མ། ནུབ་ཏུ་ཀླུའི་རླུང་སེར་མོ་འབར་མ། ཤར་ལྷོར་རུས་སྦལ་གྱི་རླུང་དུ་བ་མ། ལྷོ་ནུབ་ཏུ་རྩངས་པའི་རླུང་སྨྲིག་རྒྱུ་མ། བྱང་ཤར་དུ་ལྷས་བྱིན་གྱི་རླུང་མཁའ་སྣང་མ། ནུབ་བྱང་དུ་ནོར་ལས་རྒྱལ་གྱི་རླུང་མར་མེ་མ། སྟེང་དུ་སྲོག་འཛིན་གྱི་རླུང་མཆོག་གི་ཆ་མ། འོག་ཏུ་ཐུར་སེལ་གྱི་རླུང་ཐིག་ལེ་མ་རྣམས་སུ་གྱུར། གཙོ་བོའི་ནས། ནུས་མ་བཅུའི་རྣམ་པར་གཉིས་སུ་མེད་པར་ཐིམ་པ་ལ་མཆོད་པར་གྱུར། མཆོད་པ་བཅུ་གཉིས་ཕུལ། དེ་ལྟར་ནུས་མ་བཅུའི་སྒོ་ནས་དར་དཔྱངས་ཀྱི་དབང་བསྐུར་བ་ཐོབ། ཕ་རོལ་ཏུ་ཕྱིན་པ་བཅུ་རྣམ་པར་དག་ཅིང་སྒྲིབ་པ་དང་བྲལ། ནུས་མ་རྣམས་ཀྱིས་བྱིན་གྱིས་བརླབ་པར་གྱུར། དེ་ནས་རྡོ་རྗེ་དྲིལ་བུའི་དབང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨོཾ་ཧུཾ་ཧོཿབི་ཛྙཱ་ན་ཛྙཱ་ན་སྭ་བྷཱ་བེ་ཀཱ་རུ་ན་་པྲཛྙཱ་ཨཱད་མ་ཀེ་བཛྲ་བཛྲ་གྷཱ་ཊེ་ས་བྱེ་ཏེ་ར་ཀ་ར་ཡོར། མ་མ་བཛྲ་སཏྭ་ས་པྲཛྙཱོ་དཏ་ཏུ་ཧཱུྃ་ཧཱུྃ་ཕཊ། ལན་གསུམ། སྭ་བྷཱ་བ༴སྟོང་པའི་ངང་ལས། ཧཱུྃ་ལས་བྱུང་བའི་རྡོ་རྗེ་དུས་ཀྱི་འཁོར་ལོའི་ངོ་བོ་དང་། ཧོཿལས་བྱུང་བའི་རྡོ་རྗེ་དྲིལ་བུ་སྣ་ཚོགས་ཡུམ་གྱི་ངོ་བོར་གྱུར། གཙོ་བོའི་ནས། རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་ཡེ་ཤེས་པ་ནས། གཉིས་སུ་མེད་པར་ཐིམ། དེ་ལྟར་བྱིན་གྱིས་བརླབས་ནས་
ཐོག་མར་ཆུའི་དབང་བསྐུར་བར་མོས། ཨོཾ་ཧུཾ་ཧོཿསཱུརྻ་ཙནྡྲ་བི་ཤོ་དྷ་ཀ་སྭཱ་ཧཱ། ཞེས་ཆུ་དབང་དང་། དེ་ནས་རྡོ་རྗེ་དྲིལ་བུ་སྤྱི་བོར་བཞག་ཅིང་ལག་ཏུ་གཏད་པ་བླངས་ནས་འཁྱུད་རྒྱ་མཛོད་ཅིག །སྔགས་སྔ་མ་བརྗོད། དེ་ལྟར་རྡོ་རྗེ་དང་རྡོ་རྗེ་དྲིལ་བུའི་དབང་བསྐུར་བས། རྩ་རོ་མ་དང་རྐྱང་མ་རྣམ་པར་དག་པ་གཙོ་བོ་ཡབ་ཡུམ་དུ་གྱུར་པ་ནི། རྐྱང་མ་དུས་ཀྱི་འཁོར་ལོ་དང་། རོ་མ་སྣ་ཚོགས་ཡུམ་ལ་མཉམ་པར་སྦྱོར་བ་ལྟེ་བའི་དཀྱིལ་འཁོར་དུ་བཞུགས་པར་གྱུར། གཙོ་བོའི་ནས། དུས་ཀྱི་འཁོར་ལོ་དང་སྣ་ཚོགས་ཡུམ་གྱི་རྣམ་པར་ནས། གཉིས་སུ་མེད་པར་ཐིམ་པ་ལ་མཆོད་པར་གྱུར། མཆོད་པ་བཅུ་གཉིས་ཕུལ། དེ་ལྟར་ན་གཙོ་བོ་ཡབ་ཡུམ་གྱི་སྒོ་ནས། རྡོ་རྗེ་དང་དྲིལ་བུའི་དབང་བསྐུར་བ་ཐོབ། ཟླ་བ་དང་ཉི་མའི་རྩ་ལ་ལ་ནཱ་དང་། རས་ནཱ་རྣམ་པར་དག་ཅིང་སྒྲིབ་པ་དང་བྲལ། གཙོ་བོ་ཡབ་ཡུམ་གྱིས་བྱིན་གྱིས་བརླབས་པར་གྱུར། སྨོན་ལམ་གདབ་པ་ནི། དེ་ལྟར་ནུས་མ་རྣམས་དང་། གཙོ་བོ་ཡབ་ཡུམ་གྱིས་བྱིན་གྱིས་བརླབས་པའི་དབང་བསྐུར་གཉིས་ཀྱིས་གློ་བུར་དྲི་མའི་རླུང་དང་རྩ་འགགས་ནས་ཆོས་ཉིད་ཀྱི་རླུང་དང་རྩ་ཐོབ་པར་གྱུར་ཅིག །ཅེས་བརྗོད། དེ་དག་ནི་བྱིས་པའི་རྣ་བ་འབུགས་པ་དང་། ངག་རྫོགས་པ་ལྟར་དར་དཔྱང་དང་། རྡོ་རྗེ་དྲིལ་བུའི་དབང་བསྐུར་བ་ཡིན་ནོ། །ཚུལ་དེ་ལྟ་བུས་ལྷོ་སྒོར་གསུང་གི་ཞལ་གྱི་ས་ལ་དར་དཔྱངས་དང་དྲིལ་བུའི་དབང་བསྐུར་བ་ཐོབ་པས། གསུང་རྡོ་རྗེ་རྣམ་པར་དག་ཅིང་དྲི་མ་དང་བྲལ་བར་གྱུར། སྭ་བྷཱ་བ༴སྟོང་པའི་ངང་ལས། ཧཱུྃ་ལས་རང་ཉིད་ཐུགས་རྡོ་རྗེ་དོན་ཡོད་གྲུབ་པར་གྱུར། སློབ་དཔོན་གྱི་ནས། བསྐོར་བ་བྱས་ཏེ། ཤར་སྒོའི་ས་ལ་གནས་པར་གྱུར། བླ་མ་དུས་ཀྱི་འཁོར་ལོའི་མདུན་ཞལ་ཐུགས་
རྡོ་རྗེ་ཆོས་ཀྱི་སྐུར་མོས་པ་ལ་བརྟུལ་ཞུགས་དང་མིང་གི་དབང་གི་དོན་དུ་མཎྜལ་ཕུལ། བརྟུལ་ཞུགས་ཀྱི་དབང་གི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨོཾ་ཨ་ཨཱ་ཨ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿ སརྦ་བོ་དྷི་ས་ཏྭཱཿས་བྷཱརྻཱཿསརྦ་དཱ་སརྦ་ཀཱ་མ་ཨུ་བ་བྷོ་གཾ་བཛྲ་པྲ་ཏཾ་མ་མ་ད་དན་ཏུ་སྭཱ་ཧཱ། ཅེས་ལན་གསུམ། སྭ་བྷཱ་བ༴ སྟོང་པའི་ངང་ལས། ཨ་ཨཱ་ལས་མེ་ཏོག་སིལ་མ་ལྗང་ཁུ་ཕྱག་རྡོར་དང་ཆོས་དབྱིངས་རྡོ་རྗེ་མའི་ངོ་བོ། ཨེ་ཨཻ་ལས་མེ་ཏོག་ནག་པོ་ནམ་མཁའི་སྙིང་པོ་དང་རེག་བྱ་རྡོ་རྗེ་མ། ཨར་ཨཱར་ལས་མེ་ཏོག་དམར་པོས་སྙིང་དང་རོ་རྡོ་རྗེ་མ། ཨོ་ཨཽ་ལས་མེ་ཏོག་དཀར་པོ་འཇིག་རྟེན་དབང་ཕྱུག་དང་གཟུགས་རྡོ་རྗེ་མ། ཨལ་ཨཱལ་ལས་མེ་ཏོག་སེར་པོ་སྒྲིབ་པ་རྣམ་སེལ་དང་དྲི་རྡོ་རྗེ་མ། ཨཾ་ཨཿལས་མེ་ཏོག་སིལ་མ་སྔོན་པོ་ཀུན་བཟང་དང་སྒྲ་རྡོ་རྗེ་མའི་ངོ་བོ། གཙོ་བོའི་ནས། མེ་ཏོག་སིལ་མ་ཡེ་ཤེས་པའི། ནས་གཉིས་སུ་མེད་པར་ཐིམ། དེ་ལྟར་བྱིན་གྱིས་བརླབས་ནས་ཐོག་མར་ཆུའི་དབང་བསྐུར་བར་མོས་ཤིག །ཨོཾ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿ བི་ཥ་ཡ་ཨིནྡྲི་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་ཆུ་དབང་དང་། དེ་ནས་མེ་ཏོག་སིལ་མ་རྣ་བ་ལ་སོགས་པ་རྣམས་སུ་བཀོད་དེ་དབང་བསྐུར་བར་གྱུར། ཨོཾ་ཨ་ཨཱ་ལ་མེ་ཏོག་ལྗང་གུ་རྣ་བ་གཉིས་ཀྱི་ལྟག ཨེ་ཨཻ་ལ་ནག་པོ་སྣ་གཉིས། ཨར་ཨཱར་ལ་དམར་པོ་མིག་གཉིས། ཨོ་ཨཽ་ལ་དཀར་པོ་ལྕེའམ་ཁ། ཨལ་ཨཱལ་ལ་སེར་པོ་གསང་པ། ཨཾ་ཨཿལ་སྔོན་པོ་སྙིང་གར་བཀོད། བི་ཥ་ཡ་སོགས་བརྗོད། དེ་ལྟར་བརྟུལ་ཞུགས་ཀྱི་དབང་བསྐུར་བས། དབང་པོ་དྲུག་ཡུལ་དང་བཅས་པ་རྣམ་པར་དག་པ་སེམས་དཔའ་ཡབ་ཡུམ་བཅུ་གཉིས་སུ་
གྱུར་པ་ནི། རྣ་བ་གཉིས་སུ་རྣ་བའི་དབང་པོ་ཕྱག་ན་རྡོ་རྗེ་དང་། ཡུལ་སྒྲ་སྒྲ་རྡོ་རྗེ་མ། སྣ་བུག་གཉིས་སུ་སྣའི་དབང་པོ་ནམ་མཁའི་སྙིང་པོ་དང་། ཡུལ་དྲི་དྲི་རྡོ་རྗེ་མ། མིག་གཉིས་སུ་མིག་གི་དབང་པོ་སའི་སྙིང་པོ་དང་། ཡུལ་གཟུགས་གཟུགས་རྡོ་རྗེ་མ། ལྕེའི་རྩ་བར་ལྕེའི་དབང་པོ་འཇིག་རྟེན་དབང་ཕྱུག་དང་། ཡུལ་རོ་རོ་རྡོ་རྗེ་མ། གསང་བའི་རྩ་བར་ལུས་ཀྱི་དབང་པོ་སྒྲིབ་པ་རྣམ་སེལ་དང་ཡུལ་རེག་བྱ་རེག་བྱ་རྡོ་རྗེ་མ། སྙིང་ཁར་ཡིད་ཀྱི་དབང་པོ་ཀུན་ཏུ་བཟང་པོ་དང་། ཡུལ་ཆོས་ཆོས་ཁམས་རྡོ་རྗེ་མ་རྣམས་སུ་གྱུར། གཙོ་བོའི་ནས། སེམས་དཔའ་ཡབ་ཡུམ་བཅུ་གཉིས་ཀྱི་རྣམ་པར་ནས་གཉིས་སུ་མེད་པར་ཐིམ་པ་ལ་མཆོད་པར་གྱུར། མཆོད་པ་བཅུ་གཉིས་ཕུལ། དེ་ལྟར་ན་སེམས་དཔའ་ཡབ་ཡུམ་གྱི་སྒོ་ནས། བརྟུལ་ཞུགས་ཀྱི་དབང་བསྐུར་བ་ཐོབ་པས། དབང་པོ་དྲུག་ཡུལ་དང་བཅས་པ་རྣམ་པར་དག་ཅིང་སྒྲིབ་པ་དང་བྲལ་བར་གྱུར། སེམས་དཔའ་ཡབ་ཡུམ་རྣམས་ཀྱིས་བྱིན་གྱིས་བརླབས་པར་གྱུར། དེ་ནས་མིང་དབང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་བ་བཱ་ལ་ལཱ་སརྦ་ཀྲོ་དྷ་རཱ་ཛཿས་བྷཱརྻ། མཻ་ཏྲཱི་ཀཱ་རུ་་མུ་དི་ཏ་ཨུ་བེཀྵཱ་སརྦ་ས་མ་ཏྭ་སྭ་བྷཱ་བཾ་བཛྲ་པཱུརྦཾ་ས་མཱཾ་ན་མ་མེ་ད་ད་ན་ཏུ་ཧཱུཾ་ཧཱུྃ་ཕཊ། ཅེས་ལན་གསུམ། སྭ་བྷཱ་བ། སྟོང་པའི་ངང་ལས། ཧ་ཧཱ་ལས་བྱུང་བའི་གདུབ་བུའམ་མེ་ཏོག་གི་ཕྲེང་བ་ལྗང་ཁུ་དང་སྔོན་པོ་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་དྲག་སྤྱན་མའི་ངོ་བོ། ཡ་ཡཱ་ལས་བྱུང་བའི་ནག་པོ་བགེགས་མཐར་བྱེད་དང་ཤིན་ཏུ་བརྩོན་འགྲུས་མ། ར་རཱ་ལས་བྱུང་བའི་དམར་པོ་ཤེས་རབ་མཐར་བྱེད་དང་རྨུགས་བྱེད་མ། བ་བཱ་ལས་བྱུང་བའི་དཀར་པོ་པདྨ་མཐར་བྱེད་དང་ཁེངས་བྱེད་མ། ལ་ལཱ་ལས་བྱུང་བའི་གདུ་བུའམ་མེ་ཏོག་
ཕྲེང་བ་སེར་པོ་གཤིན་རྗེ་མཐར་བྱེད་དང་རེངས་བྱེད་མའི་ངོ་བོར་གྱུར། གཙོ་བོའི་ནས། ལག་གདུབ་རྐང་གདུབ་བམ། མེ་ཏོག་ཕྲེང་བ་ཡེ་ཤེས་པ་ནས། གཉིས་སུ་མེད་པར་ཐིམ། དེ་ལྟར་བྱིན་གྱིས་བརླབས་ནས་ཐོག་མར་ཆུའི་དབང་བསྐུར་བར་མོས་ཤིག །ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཙ་ཏུརྦྲཧྨ་བི་ཧཱ་ར་བི་ཤུདྡྷ་སྭཱ་ཧཱ། ཆུ་དབང་གོང་བཞིན། ཡང་སྔགས་དེ་ཉིད་བརྗོད་ལ་གདུ་བུ་རྣམས་ཡན་ལག་ལ་བཅིང་དེ། གདུ་བུ་མེད་ན་མེ་ཏོག་ཕྲེང་བ་རུང་ངོ་། །དེ་ལྟར་མིང་དབང་བསྐུར་བ་དང་ལྷན་ཅིག་རིགས་དང་མཐུན་པའི་མིང་འདོགས་ཏེ། ཀྱཻ་དཔལ་འདི་ཞེས་བྱ་བའོ། །ཞེས་གཞན་གྱིས་མ་ཚོར་བར་རྣ་བར་བསྒྲག །ཤོག་བྱང་ཡོད་ན་སྦྱིན། དེ་ལ་རྡོ་རྗེ་སེམས་དཔའི་རིགས་ཀྱི་མིང་ནི། མཆོག་གི་དང་པོ་དང་། དཔེ་མེད་དང་། ཤིན་ཏུ་དགའ་བ་དང་། རོ་མཉམ་པ་དང་། རྣམ་པར་རྒྱལ་བ་དང་། ཨ་ལ་ལ་དང་། སེམས་དཔའ་དང་། བདེ་ཆེན་དང་། ཡན་ལག་མེད་པ་དང་། ཡེ་ཤེས། ལྷན་ཅིག་སྐྱེས་པའི་རྡོ་རྗེ་རྣམས་སོ། །རེ་རེ་ལ་ཡང་རྡོ་རྗེའི་སྒྲ་སྦྱར་བར་བྱ་སྟེ། དེ་བཞིན་གཤེགས་པ་དྲུག་གི་མིང་རྣམས་ཁོ་ན་ལའོ། །མི་བསྐྱོད་པའི་བཞད་པ་དང་། རྣམ་པར་སྒེག་པ་དང་། དགའ་བ་དང་། སྒེག་པ་དང་། རོལ་པ་དང་། རང་བྱུང་དང་། ཞེ་སྡང་དང་། ཧེ་དང་། སྙིང་རྗེ་དང་། ཐུགས་དང་། ཧཱུྃ་མཛད་དང་། མི་བསྐྱོད་རྡོ་རྗེ་རྣམས་སོ། །རྣམ་པར་སྣང་མཛད་ཀྱི་རྣམ་སྣང་མཛད་དང་། ཨོཾ་མཛད་དང་། རྟག་པ་དང་། དེ་བཞིན་གཤེགས་པ་དང་། སྒྱུ་མ་དང་། སངས་རྒྱས་དང་། གཟུགས་དང་། སྐུ་རྡོ་རྗེ་རྣམས་སོ། །རིན་ཆེན་འབྱུང་ལྡན་གྱི་རིན་པོ་ཆེ་དང་། ཡིད་བཞིན་ནོར་བུ་དང་། མཁའ་དང་། ནམ་མཁའ་དང་། གཟི་བརྗིད་དང་། བདུད་ལས་རྒྱལ་བ་དང་། འོད་བྱེད་དང་། ང་རྒྱལ་རྡོ་རྗེ་རྣམས་སོ། །སྣང་བ་མཐའ་ཡས་ཀྱི་འདོད་ཆགས་དང་། སྤྱན་རས་གཟིགས་དང་། ཆོས་དང་། པདྨ་དང་། རྡོ་རྗེའི་མྱུ་གུ་དང་། པདྨའི་མྱུ་གུ་དང་། རབ་ཏུ་དགའ་བའི་མྱུ་གུ་དང་། སྙིང་རྗེའི་མྱུ་གུ་དང་། མཆོག་
དགའ་དང་། ཤིན་ཏུ་དགའ་བའི་དགའ་བ་དང་། དཔག་མེད་དང་། གསུང་རྡོ་རྗེ་རྣམས་སོ། །དོན་ཡོད་གྲུབ་པའི་དོན་ཡོད་དང་། རྟ་མཆོག་དང་། དམ་ཚིག་དང་། ཕ་རོལ་ཏུ་ཕྱིན་པ་དང་། ལས་དང་། རླུང་དང་། རེག་བྱ་དང་། དོག་རྡོ་རྗེ་རྣམས་སོ། །རྡོ་རྗེ་སེམས་དཔའི་བུད་མེད་ཀྱི་མིང་རྣམས་ནི། རྡོ་རྗེ་ཤུགས་མ་དང་། རྡོ་རྗེ་རོལ་པ་མོ་དང་། རྡོ་རྗེ་མ་ཏཱ་དང་། རྡོ་རྗེ་ཀཾ་ཀ་ན་དང་། རྡོ་རྗེ་བཞིན་མ་དང་། རྡོ་རྗེ་བ་དན་མ་དང་། རྡོ་རྗེ་འཆར་མའོ། །མི་བསྐྱོད་པའི་རྡོ་རྗེ་བདག་མེད་མ་དང་། རྡོ་རྗེ་ཕྱག་རྒྱ་མ་དང་། རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་བྱེད་མ་དང་། རྡོ་རྗེ་མ་མཱ་ཀི་དང་། ཞེ་སྡང་དགའ་མའོ། །རྣམ་པར་སྣང་མཛད་ཀྱི་རྡོ་རྗེ་མཁའ་འགྲོ་མ་དང་། རྡོ་རྗེ་དཀར་མོ་དང་། རྡོ་རྗེ་སྒེག་མོ་དང་། རྡོ་རྗེ་སྤྱན་མ་དང་། གཏི་མུག་དགའ་མའོ། །རིན་ཆེན་འབྱུང་ལྡན་གྱི་རྡོ་རྗེ་དོ་ཤལ་མ་དང་། རྡོ་རྗེ་དབུགས་འབྱིན་མ་དང་། རྡོ་རྗེ་འབར་མ་དང་། རྡོ་རྗེ་ཕྲེང་བ་དང་། རྡོ་རྗེ་ནམ་མཁའ་མ་དང་། ནམ་མཁའ་དགའ་མའོ། །སྣང་བ་མཐའ་ཡས་ཀྱི་རྡོ་རྗེ་འདོད་ཆགས་མ་དང་། རྡོ་རྗེ་གླུ་མ་དང་། རྡོ་རྗེ་ཨེ་མ་བ་དེ་དང་། རྡོ་རྗེ་རོ་ལངས་མ་དང་། རྡོ་རྗེ་བློ་གྲོས་མ་དང་། རྡོ་རྗེ་བཞད་མ་དང་། རྡོ་རྗེ་གོས་དཀར་མོ་དང་། འདོད་ཆགས་དགའ་མའོ། །དོན་ཡོད་གྲུབ་པའི་རྡོ་རྗེ་སྙེམས་མ་དང་། རྡོ་རྗེ་སྒྱུ་མ་དང་། རྡོ་རྗེ་རྒོད་མ་དང་། རྡོ་རྗེ་སྒྲོལ་མ་དང་། རྡོ་རྗེ་གར་གྱི་དབང་ཕྱུག་མ་དང་། རྡོ་རྗེ་དམ་ཚིག་མ་དང་། རྡོ་རྗེ་དགའ་མའོ། །དེ་ལྟར་མིང་གི་རབ་བྱེད་འདི་རྣམས་འཇུག་པ་བདེ་ཕྱིར་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་དབང་ཆོག་རྡོར་ཕྲེང་གི་ནང་བཞིན་བཀོད་པ་སྟེ་མིང་གི་རྣམ་གྲངས་དེ་རྣམས་ལས་སྔོན་སོ་སོའི་མེ་ཏོག་ཕོག་པའི་རིགས་དང་མཐུན་པའི་མིང་རེ་འདོགས་པ་ཡིན་ནོ། །མཐར། ཀྱཻ་ཆྒཻ་མོ་རྡོ་རྗེ་ན་མཿ ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་བཿསྭ། དེ་ལྟར་མིང་གི་དབང་བསྐུར་བས། ལས་དབང་བྱ་བ་དང་བཅས་པ་རྣམ་པར་དག་པ་ཁྲོ་བོ་ཡབ་ཡུམ་དུ་གྱུར་པ་ནི། མགོ་བོ་དང་གཙུག་ཏོར་དུ་གསང་
བའི་དབང་པོ་དང་མཆོག་གི་དབང་པོ་ཁྲོ་བོ་གཙུག་ཏོར་ཅན་དང་བྱ་བ་དྲི་ཆུ་དང་ཁུ་བ་འདོར་བ། གསང་གནས་སུ་ཁྲོ་མོ་དྲག་སྤྱན་མ། ཁ་ལ་ངག་གི་དབང་པོ་བགེགས་མཐར་བྱེད་དང་། བྱ་བ་སྨྲ་བ་རེངས་བྱེད་མ། ལག་པ་ལ་ལག་པའི་དབང་པོ་ཤེས་རབ་མཐར་བྱེད་དང་། བྱ་བ་ལེན་པ་རྨུགས་བྱེད་མ། རྐང་པ་ལ་རྐང་པའི་དབང་པོ་པདྨ་མཐར་བྱེད་དང་། བྱ་བ་འགྲོ་བ་ཁེངས་བྱེད་མ། བཤང་ལམ་དུ་བཤང་ལམ་གྱི་དབང་པོ་གཤིན་རྗེ་མཐར་བྱེད་དང་། བྱ་བ་བཤང་བ་འདོར་བ་ཤིན་ཏུ་བརྩོན་འགྲུས་མ་རྣམས་སུ་གྱུར། གཙོ་བོའི་ནས། ཁྲོ་བོ་ཡབ་ཡུམ་བཅུའི་རྣམ་པར་ནས། གཉིས་སུ་མེད་པར་ཐིམ་པ་ལ་མཆོད་པར་གྱུར། མཆོད་པ་བཅུ་གཉིས་ཕུལ། ད་ལྟར་ན་ཁྲོ་བོ་ཡབ་ཡུམ་གྱི་སྒོ་ནས་མིང་གི་དབང་བསྐུར་བ་ཐོབ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་བཞི་དག །ཚངས་པའི་གནས་པ་བཞི་ཐོབ། ལས་དབང་ཡུལ་དང་བཅས་པ་རྣམ་པར་དག་ཅིང་སྒྲིབ་པ་དང་བྲལ་བར་གྱུར། ཁྲོ་བོ་ཡབ་ཡུམ་རྣམས་ཀྱིས་བྱིན་གྱིས་བརླབས་པར་གྱུར། སྨོན་ལམ་ནི། དེ་ལྟར་རྒྱལ་སྲས་ཡབ་ཡུམ་དང་ཁྲོ་རྒྱལ་ཡབ་ཡུམ་གྱི་བྱིན་གྱིས་བརླབས་པའི་དབང་བསྐུར་གཉིས་ཀྱིས་གཟུང་འཛིན་དང་ཟག་བཅས་ཀྱི་དབང་པོ་ཡུལ་དང་བཅས་པ་དང་། ལས་དབང་ཡུལ་དང་བཅས་པ་འགགས་ནས་ཆོས་ཉིད་ཀྱི་དབང་པོ་ཡུལ་དང་བཅས་པ་དང་། ལས་དབང་ཡུལ་དང་བཅས་པ་དང་ཚངས་པའི་གནས་པ་བཞི་ཐོབ་པར་གྱུར་ཅིག །ཅེས་བརྗོད། དེ་དག་ནི་བྱིས་པ་དེ་དབང་པོ་ཡུལ་ལ་ལོངས་སྤྱོད་པ་དང་། མིང་འདོགས་པ་ལྟར་བརྟུལ་ཞུགས་དང་མིང་གི་དབང་བསྐུར་བ་ཡིན་ནོ། །ཚུལ་དེ་ལྟ་བུས་ཤར་སྒོར་ཐུགས་ཀྱི་ཞལ་གྱི་ས་ལ་བརྟུལ་ཞུགས་དང་མིང་གི་དབང་བསྐུར་བ་ཐོབ་
པས། ཐུགས་རྡོ་རྗེ་རྣམ་པར་དག་ཅིང་དྲི་མ་དང་བྲལ་བར་གྱུར། སྭ་བྷཱ་བ༴ སྟོང་པའི་ངང་ལས། ཧཿལས་བྱུང་བའི་རང་ཉིད་ཡེ་ཤེས་རྣམ་པར་སྣང་མཛད་དུ་གྱུར། སློབ་དཔོན་གྱིས་ནས། བསྐོར་བ་བྱས་ཏེ། ནུབ་སྒོའི་ས་ལ་གནས་པར་གྱུར། བླ་མ་དུས་ཀྱི་འཁོར་ལོའི་རྒྱབ་ཞལ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུར་མོས་པ་ལ་རྗེས་གནང་གི་དབང་གི་དོན་དུ་མཎྜལ་ཕུལ། རྗེས་གནང་གི་དབང་གི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཨོཾ་ཨ་ཝཾ་པདྨ་བཛྲ་ཙིཏྣཽ་པྲཛྙཱ་ཨུ་པཱ་ཡཽ་མཎྜལ་ཨ་དྷི་པ་ཏི་བཛྲ་སུ་ཁ་ཛྙཱ་ན་ཨཾ་ག་མ་མ་ད་དཱ་ཏཱཾ་ཧཾ་ཧཿཧཱུྃ་ཕཊཿ ཅེས་ལན་གསུམ། སྭ་བྷཱ་བ༴ སྟོང་པའི་ངང་ལས་ཧཾ་དང་ཀྵཿལས་བྱུང་བའི་འཁོར་ལོ་ལ་སོགས་པའི་ཕྱག་མཚན་རྡོ་རྗེ་སེམས་དཔའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ངོ་བོར་གྱུར། གཙོ་བོའི་ནས། ཕྱག་མཚན་ཡེ་ཤེས་པའི་ནས། གཉིས་སུ་མེད་པར་ཐིམ། དེ་ལྟར་བྱིན་གྱིས། བརླབས་ནས་ཐོག་མར་ཆུའི་དབང་བསྐུར་བར་གྱུར། ཨོཾ་ཧཾ་ཀྵཿདྷརྨ་ཙཀྲ་པྲཾ་བརྟ་ཀ་སྭཱ་ཧཱ། ཆུ་དབང་གོང་ལྟར། དེ་ནས་འཁོར་ལོ་ལྔའི་སྒོ་ནས་སེམས་ཅན་གྱི་དོན་གྱི་སླད་དུ་ཕྱག་མཚན་རྣམས་ལག་ཏུ་གཏད་པར་གྱུར། སྔགས་གོང་ལྟར་བརྗོད། འཁོར་ལོ་ལོགས་ཕྱག་མཚན་རྣམས་རིམ་པར་ལག་ཏུ་གཏད་ལ། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེས་བཀྲེས་ཏེ། ཆོས་ཀྱི་ཞེས་པའི་གནས་སུ། པདྨ་རིན་ཆེན་རལ་གྲི། རྡོ་རྗེ་ཞེས་པ་རྣམས་བཅུག །དེ་ལྟར་རྗེས་གནང་གི་དབང་བསྐུར་བས། ཡེ་ཤེས་ཀྱི་ཁམས་དང་ཡེ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་གྱུར་པ་ནི། གསང་བར་ཡེ་ཤེས་ཀྱི་ཕུང་པོ་རྡོ་རྗེ་སེམས་དཔའ་
དང་། ཡེ་ཤེས་ཀྱི་ཁམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མར་གྱུར། གཙོ་བོའི་ནས། རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་ནས་གཉིས་སུ་མེད་པར་ཐིམ་པ་ལ་མཆོད་པར་གྱུར། མཆོད་པ་བཅུ་གཉིས་ཕུལ། དེ་ལྟར་ན་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྒོ་ནས་རྗེས་གནང་གི་དབང་བསྐུར་བ་ཐོབ་པས། ཡེ་ཤེས་ཀྱི་ཕུང་ཁམས་རྣམ་པར་དག་ཅིང་སྒྲིབ་པ་དང་བྲལ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱིས་བྱིན་གྱིས་བརླབས་པར་གྱུར། སྨོན་ལམ་ནི། དེ་ལྟར་རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས་པའི་དབང་བསྐུར་གྱིས་འཕོ་བའི་ཆགས་པ་འགགས་ནས་ཆོས་ཉིད་ཀྱི་བདེ་བ་ཆེན་པོ་མཁའ་ཁྱབ་ཐོབ་པར་གྱུར་ཅིག །ཅེས་བརྗོད། དེའི་རྗེས་འབྲེལ་དུ་སླར་ཡང་། ཨོཾ་བཛྲ་ཧེ་རུ་མཾ། བྷྲཱུྃ་ལས་བྱུང་བའི་འཁོར་ལོ། །ཨོཾ་བཛྲ་བྷཱ་ཥ་རྃ། ཨཱཿལས་བྱུང་བའི་དུང་། ཨ་ལས་བྱུང་བའི་པོ་ཏི། ཨཱཿལས་བྱུང་བའི་དྲིལ་བུ་རྣམས་གཏད་ནས་ཆོས་བཤད་པའི་རྗེས་སུ་གནང་བ་བྱིན་པར་མོས་ཤིག །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཐམས་ཅད་མཆོག་གི་མཉམ་ཉིད་གསལ། །དེང་ནས་བརྩམས་ཏེ་དམ་བཅས་པའི། །སེམས་ནི་བསྐྱེད་པ་ཙམ་གྱིས་ནི། །དེ་རིང་ཕན་ཆད་འཇིག་རྟེན་ལ། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ནས་ཡོངས་སུ་བཀང་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བགྱི། །ཤེས་རབ་ཐབས་ཀྱི་རང་བཞིན་བདག །ཡིད་བཞིན་ནོར་བུ་ལྟར་མཐོང་བས། །སྐྱོན་མེད་དོགས་དང་བྲལ་བ་ཡི། །དེ་ལྟར་སེམས་ཅན་དོན་གྱིས་ཤིག །དེ་ནས་སྤྲོས་པ་རྒྱས་པ་ལ་རྗེས་གནང་གི་འདོགས་གཞན་རྣམས་སྦྱིན་པའི་ཐོག་མར་སྔགས་ཀྱི་བཟླས་ལུང་གི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས། །སྔགས་ཀྱི་དབང་བསྐུར་ཡེ་ཤེས་མཆོག །
དངོས་གྲུབ་སྟེར་བ་བདག་ལ་སྩོལ། ཅེས་ལན་གསུམ། དེ་ནས་དམིགས་པ་འདི་ལྟར་མཛོད། སློབ་དཔོན་གྱི་ཐུགས་ཀར་པདྨ་ཟླ་ཉི་སྒྲ་གཅན་རྣམས་བརྩེགས་པའི་གདན་ལ་འཁོར་འདས་བརྟན་གཡོའི་སྲོག་འདུས་པའི་ཡི་གེ།།། དེའི་མཐའ་བསྐོར་དུ་སྙིང་པོ་ཉེ་སྙིང་སོགས་བཟླ་བྱའི་སྔགས་ཀྱིས་བསྐོར་བ་གསལ་ཐོབ། སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས་ས་བོན་སྔགས་ཕྲེང་དང་བཅས་པ་ལས་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་གདན་བཞི་བརྩེགས་ཀྱི་སྟེང་དུ་འཁོད་པ་ལས་འོད་ཟེར་འཕྲོ་འདུས་དོན་གཉིས་སྒྲུབ་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛོད། ཅེས་བརྡ་སྤྲད་ལ་རྐང་པ་བཅུ་དྲུག་པ་དང་། བདུན་ཅུ་རྩ་གཉིས་པ་དང་། སྙིང་པོ་སོགས་ཇི་ལྟར་རིགས་པའི་རྗེས་ཟློས་བྱ། སླར་ཡང་སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། དེ་ལྟར་ཕུལ་བའི་མེ་ཏོག་གི་ཕྲེང་བ་དེ་ཉིད་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ་ཁྱེད་རང་རྣམས་ལ་བྱིན་པའི་མོས་པ་མཛོད། །བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། རྡོ་རྗེ་སློབ་མ་རྣམས་ཀྱི་རྒྱུད་ལ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་གསུང་གསང་སྔགས་ཀྱི་བྱིན་རླབས་ཐམས་ཅད་འཇུག་པར་གྱུར་ཅིག །ཅེས་བརྗོད་ཅིང་མགོ་ལ་མེ་ཏོག་དོར། ༈ །དེ་ནས་མིག་ཐུར་གྱི་རྗེས་གནང་ནི། དབང་དུས་ཀྱི་ཡེ་ཤེས་དེ་ཉིད་མཐོང་བ་ལ་སྒྲིབ་བྱེད་མ་རིག་པའི་ལིང་ཐོག་ཡིན་པས་དེ་བསལ་བའི་ཆེད་དུ། ཁྱེད་རང་རྣམས་ཀྱི་མིག་དག་ལ་པྲཾ་རེ་རེ་གསལ་བར་གྱུར། གསེར་གྱི་ཐུར་མས་དབྱེ་
བའི་ཚུལ་བྱས་ལ། ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧཱ་ར་ཕཊ་ལཾ་ཧྲཱིཿ ཐུར་ལྡན་སྨན་པའི་རྒྱལ་པོ་ཡིས། །ཇི་ལྟར་འཇིག་རྟེན་རབ་རིབ་བཞིན། །རྒྱལ་བ་རྣམས་ཀྱིས་བུ་ཁྱོད་ཀྱི། །མི་ཤེས་པ་ཡི་རབ་རིབ་བསལ། །དེ་ནས་མེ་ལོང་གི་རྗེས་གནང་ནི། །མ་རིག་པའི་ལིང་ཐོག་བསལ་བ་ན་ཤེས་རབ་ཀྱི་མིག་གིས་ཆོས་ཐམས་ཅད་གཟུགས་བརྙན་དང་འདྲ་བར་རྟོགས་པའི་ཕྱིར། མེ་ལོང་གི་གཟུགས་བརྙན་གྱིས་མཚོན་པ་སྟེ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོགས་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང་། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེར་ནི་གསལ་དག་རྙོགས་ པ་མེད། །སངས་རྒྱས་ཀུན་བདག ་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རང་བཞིན་མེད་ཅིང་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་ནས་ཁྱོད། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། །ཅེས་མེ་ལོང་རྡོ་རྗེ་དང་བཅས་པ་བསྟན། དེ་ནས་མདའ་གཞུའི་རྗེས་གནང་ནི། སེམས་ཅན་ཐམས་ཅད་ལ་རྗེས་སུ་ཆགས་པའི་སྙིང་རྗེས་གཞན་དོན་སྒྲུབ་པའི་ཕྱིར། ཧོཿལས་བྱུང་བའི་མདའ་གཞུ། སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་སྭཱ། ཞེས་གཏད་པ་སྔགས་འདིའི་རྗེས་ཟློས་བཅས་ཕྱོགས་བཞི་སྟེང་འོག་རྣམས་སུ་འཕང་བའི་ཚུལ་མཛད་པ་ཞུ། སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡཱ་མི། ཞེས་བརྗོད། ༈ །དེ་ལྟར་རྗེས་སུ་གནང་བ་ནི། དཔེར་ན་བྱིས་པ་དེ་ལ་ཀློག་པ་ལ་སོགས་པའི་བྱ་བ་ལ་ཕ་ཡིས་གནང་བ་སྟེར་བ་ལྟར་རྗེས་གནང་གི་དབང་བསྐུར་བ་ཡིན་ནོ། །ཚུལ་དེ་ལྟ་བུས་ནུབ་སྒོར་ཡེ་ཤེས་ཀྱི་ཞལ་གྱི་ས་ལ་རྗེས་སུ་གནང་བ་ཡན་ལག་དང་བཅས་པའི་དབང་བསྐུར་བ་ཐོབ་པས། ཆོས་ཀྱི་འཁོར་ལོ་བསྐོར་བར་ནུས་ཤིང་། ཡེ་ཤེས་རྡོ་རྗེ་དྲི་མ་དང་བྲལ་བར་
གྱུར། རིམ་པ་དེ་ལྟར་དཀྱིལ་འཁོར་ཆེན་པོར་དབང་བདུན་གྱིས་མངོན་པར་དབང་བསྐུར་བ་ཐོབ་པས། སྔགས་ཀྱི་ཚུལ་ལ་དགེ་བསྙེན་དུ་གྱུར་ཅིང་ས་བདུན་གྱི་དབང་ཕྱུག་ཏུ་ལུང་བསྟན་པ་ཐོབ་པས་སངས་རྒྱས་ཀྱི་རིགས་སུ་སྐྱེས་པར་གྱུར་པར་མོས་ལ་ང་རྒྱལ་བཟུང་བ་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་སཔྟ་ཨ་བྷི་ཥེ་ཀ་སཔྟ་བྷཱུ་མི་པྲཱཔྟོ྅ཧཾ། དེ་ལྟར་དབང་བསྐུར་རྣམས་ཐོབ་པའི་མཐའ་རྟེན་དུ། རྒྱུད་འདི་དཔལ་ལྡན་རྡོ་རྗེ་སེམས་དཔའ་དང་མི་བསྐྱོད་པ་གཅིག་ཏུ་འདྲེས་པ་ཉིད་གཙོ་ཆེ་བས། དེའི་ཕྱག་མཚན་སྦྱིན་ཞིང་ཆས་སུ་འཇུག་པའི་དབང་དུ་བྱས་ཏེ། ཁྱེད་རང་རྣམས་ཀྱི་ལག་གཡས་སུ་ཐབས་ཀྱི་རང་བཞིན་རྡོ་རྗེ་སྦྱིན་པ་གསོར་ཏེ་སྙིང་གར་འཛིན་པར་ཞུ། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ལག་གཡོན་ཏུ་ཤེས་རབ་ཀྱི་རང་བཞིན་དྲིལ་བུ་གཏད་པ་འཁྲོལ་ཞིང་དཀུར་བརྟེན་པར་ཞུ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། །ཨཱཿསྲིད་པ་ངོ་བོ་ཉིད་ཀྱི་དག །ངོ་བོ་ཉིད་ཀྱི་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པ་དམ་པ་བྱེད་པར་འགྱུར། །དེ་ལྟར་ཕྱག་མཚན་གཏད་ནས་བཀའ་གང་ཞིག་བསྒོ་བ་ནི། ཐུན་མོངས་མ་ཡིན་པའི་དམ་ཚིག་བསྒྲག་པ་འདི་ལ་གསན་པས་ཁྱབ་སྟེ། ངེས་པར་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ་རལ་གྲི་ལ་ཡང་བདེན་པ་མིན་པའི་ཚིག །རིན་ཆེན་ལ་ནི་གཞན་ནོར་དབྲོག་བྱ་མཆོག་གི་པདྨའི་རིགས་ཉིད་
ལ་ཡང་གཞན་གྱི་བུད་མེད་དབྲོག །ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ལ་ནི་བསྟེན་པར་བྱ། །གཡུང་མོ་ལ་སོགས་མཐའ་དག་བུད་མེད་རྣམས་ནི་གྲི་གུག་ལ་ཡང་མཁའ་ཡི་པདྨ་སྨད་མི་བྱ། །སེམས་ཅན་དོན་གྱི་སླད་དུ་ནོར་དང་བཅས་པའི་ལུས་འདི་སྦྱིན་པར་བྱ་སྟེ་ཁྱོད་ཀྱིས་སྲུང་མི་བྱ། །རིགས་ཀྱི་བུ་ཀྱེ་སངས་རྒྱས་ཉིད་དུ་འགྱུར་བ་གཞན་དུ་མཐའ་ཡས་བསྐལ་པས་མིན་པར་རྒྱལ་བས་གསུངས། ཞེས་པ་སྟེ། དེའི་དོན་ཡང་ཚིག་རྐང་དང་པོ་གསུམ་ལ་དངོས་བསྟན་བསྐྱེད་རིམ་ལྟར་བཤད་པ་དང་། སྦས་དོན་རྫོགས་རིམ་ལྟར་བཤད་པ་གཉིས་ལས། བསྐྱེད་རིམ་ལྟར་ན་རྡོ་རྗེའི་རིགས་ཀྱི་རྣལ་འབྱོར་ལ་བརྟན་པ་ཐོབ་ཅིང་ནུས་པ་རྙེད་པས་དྲག་པོ་མངོན་སྤྱོད་ཀྱི་སྦྱོར་བས་གདུག་པ་ཅན་གྱི་སྲོག་གཅོད་པ་དང་། རལ་གྲི་སྟེ་དོན་ཡོད་གྲུབ་པའི་རིགས་ལ་ཏིང་ངེ་འཛིན་བརྟན་ཞིང་ནུས་པ་རྙེད་པས་དགོས་པ་ཅན་གྱི་རྫུན་ཚིག་སྨྲ་བ་དང་། རིན་ཆེན་རིགས་ཀྱི་བརྟན་རྙེད་ཐོབ་པས་སེམས་ཅན་གང་ཞིག་ནོར་ལ་ཆགས་པས་ཡི་དྭགས་ཀྱི་རྒྱུ་བཟློག་པའི་ཕྱིར་གཞན་ནོར་འཕྲོག་པ་དང་། པདྨའི་རིགས་ཀྱི་བརྟན་རྙེད་ཐོབ་པས་གང་དག་བུད་མེད་ལ་ཆགས་པས་དུད་འགྲོའི་རྒྱུ་ཟློག་པའི་དོན་དུ་གོང་བུ་དང་། རྐང་པ་དགུག་བལྟ་བུ་དབང་དགུག་ལ་སོགས་པའི་ཐབས་ཀྱིས་གཞན་གྱི་བུད་མེད་འཕྲོག་པ་དང་། འཁོར་ལོའི་རིགས་ཀྱི་བརྟན་རྙེད་ཐོབ་པས་རིགས་ཀྱི་རྣམ་རྟོག་དང་གཙང་སྨེའི་རྣམ་རྟོག་གཞིག་པའི་ཕྱིར། མྱོས་བྱེད་དང་། ཤ་རྣམས་དང་། བདུད་རྩི་རྣམས་དང་། གཟུགས་སོགས་ཡུལ་ལ་ཅི་དགར་སྤྱོད་པའི་བདེ་བ་རྗེས་སུ་གནང་བའོ། །རྫོགས་རིམ་ལྟར་ན། རྡོ་རྗེའི་རིགས་ལ་སོགས་པའི་རིགས་དྲུག་གི་བརྡས་གཙུག་ཏོར་
ལ་སོགས་པ་འཁོར་ལོ་དྲུག་གི་རྩ་དང་ཐིག་ལེ་དང་རླུང་གི་ཚོགས་རྣམས་བསྟན་པ་ཡིན་ཏེ། འཁོར་ལོ་དྲུག་རིགས་དྲུག་གི་དག་པ་དང་འབྲེལ་བའི་དབང་དུ་མཛད་པའོ། །དེ་ལ་སྲོག་གཅོད་པ་ནི་གཙུག་ཏོར་གྱི་འཁོར་ལོའི་གནས་སུ་མས་བརྟན་གྱི་དགའ་བཞིའི་མཐར་ཐིག་ལེའི་བཞོན་པར་གྱུར་པའི་སྲོག་སྟེ་རླུང་གཅོད་ཅིང་ཐིམ་པར་བྱས་པ་ལས་གནས་དེར་ཐིག་ལེ་མི་འགྱུར་བར་བྱ་བ་དང་། རྫུན་སྨྲ་བའང་གཞོམ་མེད་ཀྱི་སྒྲ་རྣམ་པ་ཐམས་ཅད་ཤར་བ་དང་། སེམས་ཅན་སོ་སོའི་བསམ་པ་དང་མཐུན་པར་ཆོས་སྒོ་སྣ་ཚོགས་གཅིག་ཅར་སྟོན་པ་སོགས་འཇིག་རྟེན་གྲགས་སྡེ་ལྟར་ན་བདེན་པ་མིན་པའི་ཚིག་དང་། གཞན་ནོར་འཕྲོག་པ་ནི། རྡོ་རྗེ་སེམས་དཔའི་ནོར་མི་འགྱུར་བའི་ཐིག་ལེ་ཡོན་ཏན་མཐའ་ཡས་པ་བསྐྱེད་པའི་གཞི་རང་ཉིད་ཀྱིས་ཐོབ་པར་བྱེད་པ་དང་། བུད་མེད་འཕྲོག་པ་ནི། ཤེས་རབ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་རྣམ་པ་ཐམས་ཅད་པ་གསར་དུ་ཐོབ་པར་བྱེད་པ་དང་། ཆང་གི་བརྡས་ཡས་བབས་ཀྱི་ལྷན་སྐྱེས་ཞུ་བདེ་འགྱུར་མེད་དུ་འཆིང་བ་དང་། ཤ་ལྔའི་བརྡས་དབང་པོ་ལྔའི་དྭངས་མ་དང་། བདུད་རྩི་ལྔའི་བརྡས་འབྱུང་བ་ལྔའི་དྭངས་མ་རྣམས་བཅིངས་པ་ལས་ཞུ་བའི་ཐིག་ལེ་རྡུལ་ཕྲ་རབ་ཀྱི་ཚོགས་པ་ཤིན་ཏུ་རྣམ་པར་དག་པར་བྱེད་པ་དང་། བཟང་པོའི་ཡུལ་ནི་སད་པའི་གནས་སྐབས་སྐུ་རྡོ་རྗེ་དང་སྦྱོར་བའི་ངེས་པས་སྟོང་པ་ཉིད་ཀྱི་གཟུགས་སྒྲ་དྲི་རོ་རེག་བྱ་ལ་བརྟེན་པའི་ཞུ་བ་དེ་ལྷག་པར་སྤྱོད་པའོ། །གཡུང་མོ་ལ་སོགས་ཞེས་པ་ནི་ནང་ལྟར་གྲི་གུག་གི་རིགས་གསང་བའི་འཁོར་ལོ་ལ་གཡུང་མོའི་བརྡས་བསྟན་པ། ཨ་ཝ་དྷཱུ་ཏི་ལ་སོགས་པའི་རྩ་དང་རླུང་དང་ཐིག་ལེ་རྣམས་མཁའ་སྟེ་སྟོང་པ་ཉིད་ཀྱི་ངང་དུ་འཆིང་ཞིང་མི་སྨད་པ་དང་། ཕྱི་རུ་ཡང་དེ་ལྟ་བུའི་
རྒྱུར་གཡུང་མོ་ལ་སོགས་པ་རིགས་ཐ་དད་པའི་བུད་མེད་རྣམས་ཀྱི་མཁའི་པདྨར་མི་སྨད་པ་སྟེ་མཉམ་པར་སྦྱོར་བ་ལས་འཛག་མེད་སྒྲུབ་པ་དང་། སེམས་ཅན་རྣམས་སྒྲོལ་བའི་དོན་དུ་ནོར་དང་བུ་དང་ཆུང་མ་སོགས་དང་བཅས་པའི་རང་གི་ལུས་ཀྱང་སྦྱིན་ཞིང་བློས་བཏང་ནས་བདག་གིར་འཛིན་པས་ཀུན་ནས་བླངས་པའི་ལྟ་ཉུལ་གྱིས་སྲུང་བ་མི་བྱེད་པ་སྟེ། དེའི་ཕྱིར་ཡེ་ཤེས་དང་། ཚུལ་ཁྲིམས་དང་། བསོད་ནམས་ཀྱིས་བསྡུས་པའི་ཚོགས་གསུམ་གྱི་སྤྱོད་ཚུལ་དག་པའི་ཆོས་དེ་རྣམས་རིགས་ཀྱི་བུ་ཁྱོད་ཀྱིས་རྒྱུད་ལ་བརྟེན་པ་ལས་སངས་རྒྱས་ཉིད་དུ་འགྱུར་གྱི། དེ་ལས་གཞན་དུ་མཐའ་ཡས་པའི་སྐལ་པ་འདས་པ་ལས་ཀྱང་ཡང་དག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་མིན་པར་རྒྱལ་བས་གསུངས་ཏེ། དེ་ལྟ་བས་ན་ཚུལ་འདི་བརྩོན་པས་སྒྲུབ་པར་གྱིས་ཤིག །ཅེས་རྗེས་སུ་གདམས་པ་ཡིན་ནོ། ༈ །དེ་ལྟར་དག་པའི་ཆོས་བཤད་ནས། དེའི་ཆེད་དུ་རྩ་བའི་ལྟུང་བ་རྣམས་བརྗོད་པར་བྱ་སྟེ། གལ་ཏེ་གཡོ་སྒྱུའི་དབང་གིས་རྩ་བའི་ལྟུང་བ་བྱུང་བ་ན་དམྱལ་བར་འགྲོ་སྟེ་འདི་དག་སྡུག་བསྔལ་ལོ། །ཞེས་དང་། དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱི་ནི་རྩ་བའི་ལྟུང་བ་རི་བོང་འཛིན་པར་འགྱུར། །དེ་ཡི་བཀའ་ལས་འགོངས་པས་གཞན་དུ་འགྱུར་ཏེ་ངེས་པར་དེ་བཞིན་སྤུན་ལ་ཁྲོས་པས་གསུམ་པའོ། །བྱམས་པ་བཏང་བས་བཞི་པར་འགྱུར་ཏེ་བྱང་ཆུབ་སེམས་ནི་རབ་ཏུ་ཉམས་པ་ལས་ཀྱང་མདའ་རུ་འགྱུར། །དྲུག་པ་གྲུབ་པའི་མཐའ་ལ་སྨོད་པ་རི་བོ་དག་ཀྱང་མ་སྨིན་མི་ལ་གསང་བ་བྱིན་ལས་སོ། །ཕུང་པོ་ཉོན་མོངས་པ་ལས་རླུང་དུ་འགྱུར་ཏེ་སླར་ཡང་དགུ་པ་དག་པའི་ཆོས་ལ་མ་དད་གང་། །སྒྱུ་ཡི་བྱམས་པ་དང་ནི་མིང་སོགས་བྲལ་བ་བདེ་བ་སྟེར་ལ་རྟོག་པ་ཕྱོགས་དང་དྲག་པོའོ། །དག་
པའི་སེམས་ཅན་དག་ལ་སྐྱོན་བརྗོད་པ་ལས་ཉི་མ་དམ་ཚིག་ཐོབ་པ་གཏོགས་པ་ལས་ཀྱང་གཞན། །བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་འགྱུར་ཏེ་རྡོ་རྗེ་ཐེག་པར་གནས་པ་རྣམས་ལའོ། །ཞེས་པ་སྟེ། སློབ་མ་གང་ཞིག་གཡོ་སྒྱུའི་དབང་གིས་འོག་ཏུ་བཤད་པའི་རྩ་བའི་ལྟུང་བ་བཅུ་བཞི་པོ་འདི་དག་ལས་གང་དག་བྱུང་ན་དམྱལ་བ་རྣམས་སུ་འགྲོ་ཞིང་བཟོད་དཀའི་སྡུག་བསྔལ་མྱོང་བར་འགྱུར་ཏེ། དེ་ལ་རྩ་ལྟུང་དང་པོ་ནི། སློབ་མ་གང་གིས་སློབ་དཔོན་དེ་ལ་ཞེ་ནས་མ་གུས་པའི་སེམས་ཀྱིས་ཐུགས་དཀྲུགས་པའོ། །རྩ་ལྟུང་གཉིས་པ་ནི། སློབ་དཔོན་དེའི་ཆོས་དང་ལྡན་པའི་བཀའ་ལས་འདས་པའོ། །རྩ་ལྟུང་གསུམ་པ་ནི། དམ་ཚིག་གིས་འབྲེལ་བའི་རྡོ་རྗེའི་སྤུན་ལ་ཞེ་ནས་ཁྲོས་ཤིང་འཁུ་བའོ། །རྩ་ལྟུང་བཞི་པ་ནི། སེམས་ཅན་རྩ་བ་ནས་བློས་བཏང་ཏེ་བྱམས་པའི་སེམས་བོར་བའོ། །རྩ་ལྟུང་ལྔ་པ་ནི། བདེ་བ་ཆེན་པོའི་རྒྱུ་ཀུནྡ་བྱང་ཆུབ་ཀྱི་སེམས་ལ་མ་གུས་པས་ཆེད་ཀྱིས་ཉམས་པར་བྱེད་པའོ། །རྩ་ལྟུང་དྲུག་པ་ནི། གྲུབ་མཐའ་ཕྱིན་ཅི་ལོག་འགོག་པའི་ཆེད་མ་ཡིན་པར་མདོ་སྔགས་ཀྱིས་བསྡུས་པའི་སངས་རྒྱས་པའི་གྲུབ་མཐའ་ལ་ཕྲག་དོག་གིས་སྨོད་པའོ། །རྩ་ལྟུང་བདུན་པ་ནི། ཉན་ཐོས་ལ་སོགས་པ་གསང་སྔགས་ལམ་དད་པས་སྣོད་དུ་མ་གྱུར་པ་ལ་གསང་བའི་ལམ་བསྟན་ཅིང་དེས་གོ་བའོ། །རྩ་ལྟུང་བརྒྱད་པ་ནི། ཕུང་པོ་སྟེ་རང་ལུས་ལ་དགོས་པ་མེད་པར་སྨད་པའི་སེམས་ཀྱིས་གདུང་བར་རྩོམ་པའོ། །རྩ་ལྟུང་དགུ་པ་ནི། གདོད་ནས་རྣམ་པར་དག་པའི་ཆོས་དོན་དམ་སྟོང་ཉིད་ཡོངས་གྲུབ་བདེ་བར་གཤེགས་པའི་སྙིང་པོ་ལ་མ་དད་པའོ། །རྩ་ལྟུང་བཅུ་པ་ནི། གཡོ་སྒྱུའི་སྒོ་ནས་བྱམས་པ་ལྟར་བཅོས་པའི་ཁ་འཇམ་ཞེ་སྡུག་བྱེད་པའོ། །རྩ་ལྟུང་བཅུ་གཅིག་པ་ནི། མིང་སོགས་བྲལ་བའི་ཆོས་བདེ་ཆེན་སྟེར་བའི་ཐབས་སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་ལམ་
ལ་ཡང་དག་པའི་ལམ་ཡིན་མིན་ཐེ་ཚོམ་ཟ་བའོ། །རྩ་ལྟུང་བཅུ་གཉིས་པ་ནི། དག་པའི་སེམས་ཅན་ཅེས་པ་ཡང་དག་པའི་ཡེ་ཤེས་སྐྱེས་པའི་རྣལ་འབྱོར་པ་ལ་སྐྱོན་བརྗོད་ཅིང་སྨོད་པའོ། །རྩ་ལྟུང་བཅུ་གསུམ་པ་ནི། ཚོགས་ཀྱི་འཁོར་ལོ་སོགས་སྔགས་སྤྱོད་ཀྱི་དགའ་སྟོན་ལ་ཞུགས་པ་ན་དམ་ཚིག་གི་རྫས་རྣམས་ལ་མི་གཙང་བ་དང་སྨད་པའི་སེམས་ཀྱིས་སྤང་ཞིང་མི་བསྟེན་པའོ། །རྩ་ལྟུང་བཅུ་བཞི་པ་ནི། བུད་མེད་ཀྱི་འགྲོ་བ་དག་ལས་གཅིག་གམ་མང་པོའམ་ཀུན་ལ་ངོ་ལྐོག་གང་ཡིན་ཡང་རུང་སྟེ། རིགས་དེད་པར་འགྱུར་བ་དེ་ལྟ་བུས་སྨད་པའོ། །དེ་ལྟར་རྩ་བའི་ལྟུང་བ་བཅུ་བཞི་པོ་དེ་རྣམས་རྡོ་རྗེ་ཐེག་པར་གནས་པ་རྣམས་ཀྱིས་སྤང་བར་གྱིས་ཤིག་ཅེས་གདམས་པ་ཡིན་ནོ། ༈ །དེ་ནས་དུས་གོ་བརྗོད་ཅིང་ལུང་བསྟན་པ་ནི། དབང་ཐོབ་པའི་དུས་སྔ་ཕྱི་ངེས་པའི་ཕྱིར་དང་། དངོས་གྲུབ་ཐོབ་པར་ལུང་བསྟན་ཞིང་རྗེས་སུ་གནང་བའི་ཕྱིར་ཏེ། འདི་ལ་གསན་པར་ཞུ། དེ་ནས་སློབ་དཔོན་བཞེངས། རྒྱས་པར་སྤྲོ་ན་གནས་སོགས་ཕུན་སུམ་ཚོགས་པ་ལྔ་མདོར་བསྡུས་བརྗོད། བསྡུས་པ་ནི་དཔེར་མཚོན་ན། དེང་གི་དུས་རབ་བྱུང་བཅོ་ལྔ་པའི་ནང་ཚན་དབང་ཕྱུག་ཅེས་པ་མེ་མོ་གླང་གི་ལོ། །དཔལ་རིགས་ལྡན་ཆོས་ཀྱི་རྒྱལ་པོ་སྟོབས་པོ་ཆེ་ཉིད་བྱང་ཕྱོགས་བདེ་འབྱུང་ཀ་ལཱ་པའི་སེང་གེའི་ཁྲིར་རྒྱུད་ཀྱི་རྒྱལ་པོ་བསྟན་ནས་བགྲང་བྱ་བརྒྱ་ཕྲག་ཕྱེད་ཀྱི་གྲངས་སུ་བརྒལ་བ། དུས་ཚིག་དཔྱིད་ཀྱི་ཟླ་བ། རྒྱུ་སྐར་ནག་པས་ཉ་བའི་དཀར་ཕྱོགས་ཀྱི་རྫོགས་པ་གསུམ་པ། དབྱངས་ཨོ། །གསལ་བྱེད་ཧ། རེས་གཟའ་སྙན་དངགས་མཁན་པོ། རེས་འགྲོགས་ཟླ་སྐར་བརྒྱད་ལྡན་མ་ལ་རྩེ་བ། སྦྱོར་བ་མཆོག་ཆེན། སྔ་བྱེད་བདུན་པ་འབར་བའི་མིང་ཅན་ལ་བདག་རྡོ་རྗེ་སློབ་དཔོན་མིང་འདི་ཞེས་བགྱི་བས། སློབ་མ་ཁྱེད་རྣམས་
ལ་དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་དུ་བྱིས་པ་འཇུག་པའི་དབང་བདུན་བསྐུར་བས་སྔགས་བཟླས་པ་དང་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ལ་དབང་བར་འགྱུར་ཏེ། འོག་མིན་གྱི་སྲིད་པའི་མཐར་ཐུག་པ་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་ཉིད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པའི་སླད་དུ་བདག་གིས་ལུང་བསྟན་ཅིང་རྗེས་སུ་གནང་ངོ། །ཞེས་པས་མཚོན་ནས་ལ་ཟླ་སོགས་སོ་སོར་ཁ་བསྒྱུར་ལ་བརྗོད། །སྲིད་པའི་ངན་འགྲོ་ལས་བཏོན་ནས། །སྲིད་པ་ཤིན་ཏུ་ཞི་བྱའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བདག་གིས་བྱེད་ནི་ལུང་བསྟན་བགྱི། ཀྱེ་ཁྱོད་ནི་རྡོ་རྗེ་ཆེ་གེ་མོ། །ཏ་ཐཱ་ག་ཏ་ཤི། རྱཱ་ས་མ་ཡ་སྟྭཱཾ་བྷུ་ར་བྷུ་བཿསྭ། །གང་ཡང་འདི་ལྟར་ལུང་བསྟན་པ་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ། ༈། དེ་ནས་སློབ་མ་དཀྱིལ་འཁོར་ལ་དབུལ་བའི་སླད་དུ། ཁྱེད་རང་རྣམས་ཀྱི་སྟེང་དུ་གདུགས་བཟུང་ཞིང་། དཀྱིལ་འཁོར་ལ་བསྐོར་བ་བྱས་ནས་ཐལ་མོ་སྦྱར་ཏེ་ཤར་སྒོར་འདུག་པ་ལ། སློབ་དཔོན་གྱི་དཀྱིལ་འཁོར་གྱི་གཙོ་བོ་ལ་གསོལ་བ་གདབ་པར་མོས་ཤིག །སྔགས་དང་རྒྱུད་རྣམས་འཛིན་གྱུར་པའི། །སློབ་མ་འདི་ནི་འབུལ་བ་ལགས། །ཞེས་རེ་རེ་བརྗོད་ལ་གདུགས་གཞན་ཏུ་བཞག །དེ་ལྟར་ཕུལ་བའི་རྗེས་སུ་དབུགས་དབྱུང་སྩལ་བ་ལགས་ཏེ། དེ་ནི་ཁྱོད་ཉིད་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་དག་ཀྱང་དགོངས་པར་འགྱུར། །སེམས་ཅན་རྣམས་ལ་བརྩེ་དོན་ཏུ། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་པས་
བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །དེ་ནས་གཟེང་བསྟོད་པའང་འདི་ལྟ་སྟེ། །མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ཞུགས་པ་ཡིས། །སྡིག་པ་ཀུན་ལ་སངས་པར་གྲོལ། །དེ་རིང་ཁྱོད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཁྱོད་ལ་མེད། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་མཐའ་གྲུབ་ཕྱིར། །སངས་རྒྱས་རྡོ་རྗེ་ཅན་ཀུན་གྱིས། །དེ་རིང་ཚེ་ལྡན་དབང་བསྐུར་ཏེ། ཁམས་གསུམ་རྒྱལ་སྲིད་ཆེན་པོ་ཡི། །བདག་པོ་ཉིད་དུ་ཁྱོད་ངེས་སོ། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །འདོད་པ་ཀུན་ལ་ཉེར་སྤྱོད་པས། །གང་ལའང་འཇིགས་མེད་རོལ་པ་ཉིད། །ཤ་ལྔ་བདུད་རྩི་ལྔ་བཟའ་བྱ། །འདི་ལས་གཞན་ཡང་དམ་ཚིག་སྲུངས། །སྲོག་ཆགས་བསད་པར་མི་བྱ་སྟེ། །བུད་མེད་རིན་ཆེན་ཡོངས་མི་སྤང་། །སློབ་དཔོན་སྤང་བར་མི་བྱ་སྟེ། །དམ་ཚིག་ཤིན་ཏུ་འདའ་བར་དཀའ། །ཤེས་རབ་ཐབས་ཀྱི་བསམ་པ་ཡིས། །མི་བྱ་ཅུང་ཟད་ཡོད་མ་ཡིན། །མ་འཇིགས་ཁྱོད་ལ་སྡིག་པ་མེད། །དེ་བཞིན་གཤེགས་པའི་གསུང་ཇི་བཞིན། །དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་སྟེར་བསྟེན་པར་གྱིས། །འགྲོ་བ་བདེ་བ་མྱུར་ལ་རྡོ་རྗེ་སེམས་དཔའ་དང་། །མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམས་བརྟན་པར་འགྱུར། །ཅེས་བརྗོད། །དེ་ནས་རྟེན་དང་བརྟེན་པའི་དག་པ་བརྗོད་པ་ལས། །དང་པོ་རྟེན་དཀྱིལ་འཁོར་གྱི་དག་པ་ནི་རྩ་བའི་རྒྱུད་ལས་གསུངས་པ་འདི་ལྟ་སྟེ། །སངས་རྒྱས་ཆོས་དང་དགེ་འདུན་ཆེའི། སོགས་སྒྲུབ་
ཐབས་ལས་འབྱུང་བ་ལྟར། །དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཉིད་དོ། །ཞེས་པའི་བར། དེ་ནས་བརྟེན་པ་དཀྱིལ་འཁོར་གྱི་ལྷའི་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས་འདི་ལྟར་གསུངས་ཏེ། ལྷ་མོ་སངས་རྒྱས་རིག་མ་ཤིང་དང་བཅས་ཤིང་བུམ་པ་དང་བཅས་རྒྱལ་བ་ཡི་ནི་དག་པའི་སྐུ། སོགས་ཀྱང་སྒྲུབ་ཐབས་ལྟར་ལ། འགྱུར་མེད་ཡེ་ཤེས་སྦྱོར་ལས་སོ། །ཞེས་པའི་བར་བརྗོད། མཆོག་དབང་དཀྱུས་འགྲེ་ཉིན་ཕྱི་མར་བསྐུར་ན་སྙིང་རྗེའི་དབང་བསྐུར་དེའི་མཐར་སྦྱོར། གལ་ཏེ་དཀྱུས་འགྲེ་མི་བསྐུར་བ་མཆོག་དབང་ཁྱད་པར་ཅན་ཁོ་ན་བྱེད་ན་སྐབས་འདིར་སྙིང་རྗེའི་དབང་བསྐུར་སྒྲུབ་ཐབས་ལྟར་སྦྱོར་དགོས་སོ། །དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་བཅོམ་ལྡན་འདས་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་བྱིས་པ་འཇུག་པའི་དབང་བདུན་ཁ་སྐོང་དང་བཅས་པ་ལེགས་པར་བསྐུར་གྲུབ་པ་ཡིན་པས་དེ་དག་གི་དུས་སུ་ཐོབ་པའི་དམ་ཚིག་རྣམས་ལ་བསྲུང་སྡོམ་གྱི་འདུན་པ་དང་ལྡན་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། དེ་ལྟར་དམ་ཚིག་ཞལ་གྱིས་བཞེས་ནས་སླར་ཡང་གཏོང་རག་གི་དོན་དུ་མཎྜལ་འབུལ་བ་ཞུ། ཞེས་བརྡ་སྤྲོད་ལ། དེས་ཀྱང་རྒྱས་པར་འབུལ། ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པའང་འབུལ་ན་ཆ་ཤས་ནས་ལོངས་སྤྱོད་དུ་གསོལ་སྙམས་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས། དེ་ལྟ་བུའི་དགེ་བ་སེམས་ཅན་ཐམས་ཅད་བླ་མེད་བྱང་ཆུབ་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་ཡོངས་སུ་བསྔོ་བ་ཞུ། །བསོད་ནམས་འདི་ཡིས་སོགས་བསྔོ་བ་སྨོན་ལམ་གྱི་རྒྱས་གདབ་པར་བྱའོ། །དེ་ནས་དཀྱིལ་ཆོག་ཏུ་གཏོར་འབུལ་རྒྱས་པར་བྱ་བ་གསུངས་པ་ལྟར་གྲུབ་ན་ཤིན་ཏུ་གལ་ཆེ་བར་མངོན་ལ། དེང་སང་ལག་ལེན་ཟོར་ཡང་ཁྱད་གཏོར་འབུལ་སྔར་སོང་བས་འཐུས་
པར་བྱས་ནས་འདིར་ཚོགས་མཆོད་འབུལ་བ་ལྟར་ན། ཚོགས་ཟན་གྲུ་བཞིའི་སྟེང་དུ་གཏོར་ཆུང་ལྔ་རེ་ཡོད་པ་གཅིག །གསུམ་རེ་ཡོད་པ་མི་གྲངས། ཤ་ཆང་སོགས་བཤམ། ཚོགས་མཆོད་བདུད་རྩི་འཁྱིལ་བ་ལྟར་བྱིན་བརླབས། མདུན་བསྐྱེད་ཡོད་སྐབས་རང་གི་སྙིང་ག་སོགས་མི་དགོས། གཞན་དཀྱུས་ལྟར་ལ། དངོས་སུ་འབྱོར་དང་སོགས་ཀྱི་སྐབས་དཀྱིལ་འཁོར་མདུན་ཏུ་གཏོར་ཆུང་ལྔ་ཡོད་པ་དེ་འབུལ། དྲང་འབུལ་ལན་བཅས་ཟིན་ནས་ཕུད་འབུལ་སྐབས་ཚོགས་ཟན་སྟེང་གི་བཤོས་གཅིག་འབུལ། ཚོགས་ཆང་མཐེབ་སྲིན་གྱིས་འཐོར། འཕྲོག་མ་དང་ཕོ་ཉ་རྣམས་ལ་སྔགས་བསྔོས་སྐབས་གཏོར་ཆུང་གཉིས་པོ་བསྔོ། །ཚོགས་ཟན་ཙམ་ལས་གཏོར་ཆུང་མེད་ན་ཟན་དུམ་རེ་བཅད། །འདི་སྐབས་ཆངས་བུ་ནི་ཟན་རྡོག་ལ་བཏགས་པ་ཡིན། གཏོ་པ་རྣམས་ཀྱི་གླུད་ཟན་ལྟ་བུ་བཟོ་སྲོལ་མེད། ཚོགས་ལ་རོལ་ནས་ཕུད་རྣམས་སྣོད་གཅིག་དང་། ལྷག་མ་སྣོད་གཅིག་ཏུ་བསྡུ། ཕུད་ཡར་མཆོད། ལྷག་མ་ཕྱིར་བཏང་སྐབས་ལས་རྡོར་གྱིས་ཚོགས་གདན་སྤྲུགས་པ་དང་རྐང་གླིང་བཏང་བ་སོགས་ཀྱང་ལག་ལེན་ལྟར་བྱེད། དེ་ནས་མཆོད་ཁ་གསོས་ལ་མཆོད་པ་བྱིན་བརླབས་རྗེས་ཆོག་མཆོད་བསྟོད་སྔ་ཉིན་དང་ཕྱོགས་མཚུངས་ལ། གསོལ་གདབ་ཟིན་ནས་ཡིག་བརྒྱ་བཟླས་ལ། ནོངས་བཤགས་དཀྱིལ་ཆོག་གཤམ་ལྟར་བྱ། རས་བྲིས་ལ་ཡེ་ཤེས་ པ་བརྟན་བཞུགས་བྱ་བའམ། དམ་ཡེ་གཉིས་མེད་སྒྲུབ་ཐབས་བདག ་བསྐྱེད་སྐབས་ལྟར་རང་ལ་བསྡུ། བསོད་ནམས་འདི་ཡིས་སོགས་དང་། ལྷ་བདེ་གཤེགས་སྙིང་པོའི་སོགས་བསྔོ་སྨོན་དང་། དཀྱིལ་ཆོག་ལྟར་ཤིས་བརྗོད་བྱའོ། ༈ །ཉིན་གསུམ་པར་མཆོག་དབང་དཀྱུས་མ་ལ། དཀྱིལ་འཁོར་མཆོད་གཏོར་དངོས་གཞི་སོར་བཞག་ཐོག །ཐོད་པ་མཚན་ལྡན་ཏུ་ཆང་ལ་བདུད་རྩི་རིལ་བུ་དང་མངར་གསུམ་སྦྱར་བ། རིག་མའི་ཙཀླི་བཀོད། བདག་མདུན་སྒྲུབ་མཆོད་སོགས་སྔ་ཉིན་ལྟར་བྱ། བདག་འཇུག་རྒྱས་པ་མི་
དགོས་པས་མཆོག་དབང་ཁོ་ན་ཙམ་མམ་མི་ལྕོགས་ན་སྔ་ཉིན་སོང་བས་འཐུས། སློབ་མ་རྣམས་ལ་ཁྲུས་བྱ། ཕྱག་བཅས་གྲལ་དུ་འཁོད་པ་ལ་སེམས་བསྐྱེད་གསལ་གདབ། དེ་ལ་བཅོམ་ལྡན་འདས་མཆོག་གི་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་བྱིས་པ་འཇུག་པའི་དབང་གིས་ཐུན་མོངས་བསྐྱེད་རིམ་དང་འབྲེལ་བའི་སྨིན་བྱེད་ཀྱི་ཆོ་ག་གྲུབ་པ་ལ། དེ་རིང་གི་སྐབས་རྫོགས་རིམ་རྣམས་དང་འབྲེལ་བའི་སྨིན་བྱེད་མཆོག་དབང་གོང་མ་བགྱི་བ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་གྲུབ། ཁྱེད་རང་རྣམས་ཀྱི་ངོ་སྐལ་དབང་གོང་མ་རྣམས་ཞུ་བའི་ཡོན་དུ་རིག་མ་མཆོག་དང་ཞིང་ཁམས་འབུལ་བའི་མོས་པས་མཎྜལ་འབུལ་བ་ཞུ། ཞེས་མཎྜལ་རྒྱས་པར་འབུལ་གཞུག །དེ་ནས་དབང་གོང་མ་ཐུན་མོང་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སྒྲིབ་པ་ཐམས་ཅད་བཅོམ་པ་ཡི། སོགས། ཁྱད་པར་བུམ་པའི་དབང་བསྐུར་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨོཾ་ཨོཾ་པྲཛྙཱ་ཨུ་པཱ་ཡཽ་སོགས་ལན་གསུམ། རིག་མའི་ཙཀླི་བསྟན་ལ། སྔར་ཕུལ་བའི་ཕྱག་རྒྱ་དེ་ཉིད་སོགས་བརྗོད། ནུ་མ་གཉིས་ལ་རེག་པའི་ཚུལ་བྱར་གཞུག །སངས་རྒྱས་ཀྱི་སྲས་སུ་གྱུར་པར་མོས་ལ་ང་རྒྱལ་བཟུང་བའི་སྔགས་འདིའི་རྗེས་ཟློས། ཨོཾ་ཨོཾ་བཛྲ་སཏྭེེ་ན་སོགས། དེ་ནས་གསང་བའི་དབང་བསྐུར་ཞུ་བའི་དོན་ཏུ་མཎྜལ་ཕུལ་མཛོད། མཎྜལ་རི་རབ་གླིང་བཞི་སོགས་ཀྱིས་འབུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨོཾ་ཨཱཿཔྲཛྙཱ་སོགས་གསུམ། སྔོན་ཆད་གསང་བའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་མཛོད། ཨོཾ་དྭཱ་ད་ཤ་ཨཾ་ག་ནི་རོ་དྷ་ཀཱ་རི་ེ་ཧཱུྃ་ཕཊ། ཅེས་པས་མིག་དར་དགབ། དེ་ནས་དམིགས་པ་འདི་ལྟར་སྒོམས་ཤིག །
བླ་མ་དུས་ཀྱི་འཁོར་ལོ་སོགས་ནས། དམ་པའི་བདེ་བ་མྱོང་བར་གྱིས། ཐོད་པའི་བདུད་རྩི་མངར་གསུམ་དང་བདུད་རྩི་རིལ་བུ་སྦྱར་བ་ལན་གཉིས་སྦྱིན་ལ། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་ངོ་བོར་བསམ་ལ་སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་མྱང་བར་ཞུ། ཨ་ཧོཿམ་ཧཱ་སུ་ཁཾ། གསང་བའི་དཀྱིལ་འཁོར་མཐོང་བའི་བརྡར་གདོང་གཡོགས་སོལ་ཅིག །ཨོཾ་དེ་བྱེ་ནེ་ཏྲཱི་ཡཱ་ཎྱ་ཊ་གྷཱ་ཊ་སྭཱ་ཧཱ། ཞེས་གདོང་བསལ། ཕྱག་རྒྱའི་བྷ་ག་གསལ་བར་བྱས་པ་སོགས་ནས། སངས་རྒྱས་ཀྱི་རྒྱལ་ཚབ་ཏུ་གྱུར་པར་མོས་ལ་ང་རྒྱལ་བཟུང་བའི་སྔགས་འདིའི་རྗེས་ཟློས། ཨོཾ་ཨཱཿབཛྲ་ས་ཏེྭ་ན་སོགས། དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་འབུལ་མཛོད། གོང་ལྟར་འབུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨོཾ་ཧཱུྃ་པྲཛྙཱ་ཨུ་པཱ་ཡཽ་སོགས་གསུམ། རིག་ཙཀ་གཏད་ལ། །འདིར་ནི་ཁྱོད་རྣམས་དབང་པོ་ལགས། སོགས་ནས། ཁྱེད་རང་རྣམས་དུས་ཀྱི་འཁོར་ལོར་གསལ་བའི་སོགས་དང་། གཉིས་སྦྱོར་གྱི་སྒོ་ནས་སྙོམས་པར་ཞུགས་པར་མོས་ལ་སྔགས་འདིའི་རྗེས་ཟློས་ཀྱིས། ཨོཾ་ཛྙཱ་ན་པཱུ་ཛ་སོགས། དེ་ལྟ་བུའི་སྦྱོར་བ་ནས་རྡོ་རྗེ་འཆང་གཉིས་པར་གྱུར་པར་མོས་ལ་ང་རྒྱལ་བཟུང་བའི་སྔགས་འདིའི་རྗེས་ཟློས། ཨོཾ་ཧཱུྃ་བཛྲ་སཏེྭ་ན་སོགས། དེ་ནས་བླ་མས་དམ་ཚིག་གི་ངེས་པ་སྦྱིན་པ་ཡིན་ཏེ། འཇིག་རྟེན་ཀུན་རྫོབ་ཀྱི་སོགས་ནས། རང་ལྕེས་བླང་། དེ་དག་ནི་ཐུན་མོངས་མ་ཡིན་པའི་སྡོམ་པ་སྦྱིན་པའི་ངེས་པའོ། །དེ་ནས་ཐུན་མོངས་དམ་ཚིག་རྩ་བའི་ལྟུང་བ་བཅུ་བཞི་བསྒྲག་པའང་རྒྱུད་ལས་གསུངས་པ་འདི་ལ་གསན་འཚལ། གལ་ཏེ་གཡོ་སྒྱུའི་དབང་གིས་སོགས་བྱིས་འཇུག་སྐབས་ལྟར་བསྒྲགས་ཤིང་སྤྲོ་ན་དོན་ཀྱང་བཤད། དེ་དག་
གིས་ཐུན་མོང་མ་ཡིན་པའི་བུམ་གསང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་རྣམས་སོང་ནས། དབང་གི་རབ་བྱེད་ཅེས་འཇིག་རྟེན་པའི་དབང་བཞི་པ་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བཅོམ་ལྡན་འདས་བདག་ལ་སོགས། བུ་ཁྱོད་ཉོན་ཅིག་ནས། འཇིག་རྟེན་པའི་དབང་གསུམ་གྱི་ཆོ་གའོ། །དེ་ནས་འཇིག་རྟེན་ལས་འདས་པའི་དབང་བཞི་པ་ཞུ་བའི་ཡོན་ཏུ་མཎྜལ་ཕུལ་མཛོད། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨོཾ་ཧོཿཔྲཛྙཱ་ཨུ་པཱ་ཡ་སོགས་གསུམ། ཇི་ལྟར་འདས་པའི་སོགས་བསྐུར་ཚིག་ཤློ་ཀ་གཅིག་བརྗོད། དེ་ནས་ཁྱེད་རང་རྣམས་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བཅའ། ལུས་དྲང་པོར་བསྲང་། །ལྟ་སྟངས་གཡོ་བ་མེད་པར་ཅིར་ཡང་རྣམ་པར་མི་རྟོག་པའི་གནས་ལུགས་ཆོས་ཉིད་ཀྱི་ངང་དུ་མཉམ་པར་ཞོག་ཅིག །དངོས་པོ་མེད་ལ་སྒོམ་པ་མེད། སོགས་ནས། མཉམ་པར་བཞག་པར་བྱའོ། །ཞེས་ཅུང་ཟད་འཇོག །དེ་ལས་ཡན་ལག་དྲུག་སོགས་ནས། རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་གྱུར་པར་མོས་ལ་ང་རྒྱལ་བཟུང་བའི་སྔགས་འདིའི་རྗེས་ཟློས། ཨོཾ་ཧོཿདྷརྨ་དྷཱ་ཏུ་སོགས། དེ་ནས་སྒྲུབ་ཐབས་ལྟར། ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་སོགས་ནས། རང་རང་གི་ཞིང་དུ་གཤེགས་པར་གྱུར། བར་སྙིང་རྗེའི་དབང་བསྐུར་བྱ། དེ་ལྟར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དབང་བསྐུར་མཐའ་དག་ལེགས་པར་ཐོབ་པས་བླ་མ་ལ་ཤིན་ཏུ་གུས་པའི་ཡིད་ཀྱིས་སྒོ་གསུམ་འབུལ་བ་དང་བརྟུལ་ཞུགས་ལ་སློབ་པར་དམ་འཆའ་བ་འདིའི་རྗེས་ཟློས། དུས་འདི་ནས་ནི་བཟུང་ནས་སུ། སོགས་བརྗོད། དེ་ནས་སྤྱི་འགྲོའི་དམ་ཚིག་བཟུང་བ་དང་། གཏོང་རག་མཎྜལ་རྒྱས་པ་བྱིན་གྱིས་འཇུག་ཏུ་བཤད་པ་ལྟར་བྱ། ཚོགས་མཆོད་དང་རྗེས་ཆོག་སྔར་ཉིན་ལྟར་བྱ་བའི་བསྡུ་རིམ་ཟིན་ནས། ཨ་ཀཱ་རོས་དཀྱིལ་འཁོར་
བསྡུ། ཕུར་བུ་བསྡུ་ཞིང་བཀྲུབ་དཀྱིལ་ཆོག་ལྟར་སོང་ནས་བསྔོ་སྨོན་ཤིས་བརྗོད་བྱ། གལ་ཏེ་མཆོག་དབང་ཁྱད་པར་ཅན་ལས་འདི་མི་འགྲུབ་པའམ་མི་དགོས་པའི་སྐབས་སུ་དཀྱིལ་འཁོར་ཕུར་བུ་སྔ་ཉིན་བསྡུའོ། ༈། ཉིན་བཞི་པར་ཁྲིད་ཀྱི་སྔོན་འགྲོ་ཐུན་མོང་མ་ཡིན་པའི་མཆོག་དབང་ཁྱད་པར་ཅན་ལ། སྟེགས་བུའི་སྟེང་རྐང་གསུམ་ཁར་མཎྜལ་ལ་བྱིན་རླབས་བྱས་པའི་ནང་མཆོད་ཀྱིས། ཨོཾ་ཨཱཿཧཱུྃ་ཧོཿབརྗོད་བཞིན་གཡོན་པའི་མཐེབ་སྲིན་གྱིས་ཆོས་འབྱུང་བྲིས་པའི་དབུས་སུ་ཐིག་ལེ་གཅིག་བཀོད་པ་བཞག །མདུན་ངོས་སུ་བུམ་པ་གཅིག་གི་ཁར་དུང་ཆོས་བཀོད། མཆོད་པ་བཅུ་གཉིས་ཆ་གཅིག་ཙམ་གྱིས་ཆོག་མོད་སྤྲོ་ན་རྒྱས་ཀྱང་ལེགས། འབུལ་གཏོར་རྣམས་དང་སྦྱོང་ཆས་འདུ་བྱ། དབང་གོང་མའི་ཆོ་ག་ལྟར་ནང་མཆོད་བྱིན་བརླབས། སྔོན་གཏོར། གནས་ཡོ་བྱིན་བརླབས། ལྷ་དགུའི་སྒྲུབ་ཐབས་ཀྱི་སྐྱབས་སེམས་ནས་བཟླས་པ་མཆོད་བསྟོད་བསྡུ་རིམ་པར་གྱིས་བདག་བསྐྱེད་བྱ། དེ་ནས་དབང་ཆོག་གི་ནང་ལྟར་བུམ་པ་སྒྲུབ། མདུན་བསྐྱེད་མཆོད་པའང་དེ་ལྟར་བྱས་ཀྱང་ཆོག་མོད། མཆོད་ཆོག་གི་ནང་གསལ་ཚང་བ་བཏང་ན་ལེགས། བདག་འཇུག་ཀྱང་དེ་ནང་ལྟར་ཏིང་ངེ་འཛིན་ཙམ་གྱིས་ལེན། དེ་ནས་དབང་བསྐུར་བའི་ཐོག་མར་སློབ་མ་རྣམས་གནས་ཁང་གི་སྒོའི་ཕྱིའམ་ཡོལ་བའི་ཕྱི་རོལ་དུ་འཁོད། ཁྲུས་བྱ། བགེགས་སྦྱོང་ཞིང་དྲག་དང་སྡིག་པ་སྦྱང་། གྲལ་དུ་འདུག་ཟིན་ནས་གནས་དྲུག་སྲུང་བ་རྣམས་རྗེ་བཙུན་རིན་པོ་ཆེས་མཛད་པའི་དབང་གོང་མའི་ཆོ་ག་ལྟར་གྲུབ་རྗེས། སེམས་བསྐྱེད་གསལ་གདབ། དེ་ལ་འདིར་རྫོགས་རིམ་ཐམས་ཅད་ཀྱི་མཐར་ཐུག་སོགས་ནས། བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་བཞིན་ཡིན་པའི་ཕྱིར་རོ། །བར་དབང་ཆོག་བཞིན་བརྗོད། དེ་ལྟ་བུའི་ཆོ་ག་སྒྲུབ་པ་ལ་གང་དུ་འཇུག་བྱའི་དཀྱིལ་འཁོར་ནི། རྩ་རྒྱུད་ལས། །ལུས་ཀྱི་དབང་པོ་བྷ་ག་སེམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར། །གཞན་པ་ཚན་ལྔ་ལྡན་པ་མིན། །
ཞེས་གསུངས་པ་ལྟར། རྡུལ་ཚོན་ལས་གཞན་པའི་དཀྱིལ་འཁོར་རྣམས་སུ་བསྐུར་བ་ཡིན་ཞིང་། གང་ལྟར་འདི་ལ། སློབ་དཔོན་གྱི་བགྱི་འོས། སློབ་མའི་བགྱི་འོས་གཉིས་ཡོད་པ་ལས། སློབ་དཔོན་གྱི་བགྱི་འོས་རྣམས་གོང་དུ་སོང་གྲུབ། གཉིས་པ་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཡིན་པས་བླ་མ་དུས་ཀྱི་འཁོར་ལོའི་བདག་ཉིད་ཅན་དུ་བཞུགས་པ་ལ་ཐོག་མར་དབང་གི་སྔོན་འགྲོའི་དོན་དུ་མཎྜལ་འབུལ་བ་ཞུ། ཞེས་བརྡ་སྤྲད་ལ། དེས་ཀྱང་འབུལ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། མི་བཟད་འཁོར་བ་སོགས་ལན་གསུམ། ༈ །དེ་ནས་སྡོམ་པ་བཟུང་བ་ནི། དེ་ཡང་སྔགས་སྡོམ་རྫོགས་པར་ཞེས་སོགས་བྱིས་འཇུག་སྐབས་བཞིན་བྱ། ༈ །བསྡུས་པ་ལ་མོས་ན་སྔོན་འགྲོ་དེ་ཙམ་གྱིས་ཆོག་མོད། འབྲིང་པོའི་དབང་དུ་ན། ཁྱེད་རང་རྣམས་ཀྱི་གནས་དྲུག་ཏུ་དྲི་བཟང་གི་ཐིག་ལེ་བྱས་པ་ལས། དཔྲལ་བར་ཨོཾ་སོགས། སླར་ཡང་སློབ་དཔོན་གྱིས་ཁྱེད་རང་རྣམས་ལ་བདུད་རྩི་གཏོར་ཏེ་སྲུང་བ་བྱས་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ། ཞེས་བརྗོད། ༈ཅུང་ཟད་སྤྲོ་ན། བུམ་ཆུ་བསྲེས་པའི་དྲི་བཟང་པོའི་ཆུ་འདི་ཉིད་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་པ་ལས། གལ་ཏེ་དམ་ཚིག་ལས་འདས་ན་འདི་ཕྱི་གཉིས་ཀར་སྡུག་བསྔལ་དྲག་པོས་སྲེག་པར་བྱེད་ཅིང་། དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུངས་ན་ཆུ་དེ་ཡེ་ཤེས་སེམས་དཔའི་ངོ་བོར་གྱུར་ནས་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་བ་ཡིན་གྱི། དེ་ལྟ་བས་ན་དམ་ཚིག་རྣམས་ཚུལ་བཞིན་དུ་སྲུངས་ཤིག །ཅེས་མནའ་ཆུ་བླུད་པའི་སྒོ་ནས་དམ་ལ་བཞག་པ་ཡིན་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། ཞེས་སོགས། ༈ །དེ་ནས་རྡོར་སེམས་བསྐུལ་བའི་སླད་དུ། བླ་མ་དང་དུས་ཀྱི་འཁོར་ལོ་སོགས། ༈དེ་ལས་ཀྱང་ཅུང་ཟད་སྤྲོ་ན། དེ་ནས་བརྟུལ་ཞུགས་ཉེར་ལྔ་སྦྱིན་པ་ཡིན་ཏེ། འདི་ལ། ཞེས་སོགས་བྱིས་འཇུག་སྐབས་བཞིན་བྱ། སླར་ཡང་བུམ་པའི་ཆུ་དུང་ཆོས་སུ་བླངས་པ་བྱིན་གྱིས་བརླབས་ཏེ་ཁྱེད་རང་རྣམས་ལ་ཁྲུས་བྱས་པའི་
མོས་པ་མཛོད། ཨོཾ་ཧཾ་ཧཱཾ་སོགས། ༈སྔོན་འགྲོ་ཆོ་ག་དེ་དག་ནི་ཐུན་མོང་མ་ཡིན་པའི་ལག་ལེན་སྤྲོས་པ་ཅན་དུ་བྱས་པ་སྟེ། གཞན་དུ་སློབ་མའི་སྟ་གོན་གྱི་ཆོས་ཐུན་མོང་མ་ཡིན་པ་རྣམས་དང་། ཕྱི་དཀྱིལ་གྱི་འཇུག་པའི་ཆོ་ག་རགས་པ་རྣམས་སྦྱོར་བའི་ལུགས་ཀྱང་ཡོད་དེ་ཁུངས་ལྡན་གོང་མའི་ཕྱག་བཞེས་ཡིན་པས། སློབ་མའི་བློ་དང་སྦྱར་བས་ཆོག་ཏེ་མི་འགལ་བ་ལགས། ༈ །དེ་ལྟར་སྔོན་འགྲོ་རྣམས་སོང་ནས། དབང་བསྐུར་བ་དངོས་ནི། དེ་ཡང་། རྩ་བའི་རྒྱུད་ལས། ཞེས་སོགས་དབང་ཆོག་བཞིན་བརྗོད་རྗེས། སློབ་མས་མཎྜལ་འབུལ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། སྒྲིབ་པ་ཐམས་ཅད་བཅོམ་པ་ཡི། སོགས་ལན་གསུམ། ༈སླར་ཡང་བུམ་དབང་གི་དོན་དུ་མཎྜལ་འབུལ། ལུས་ལ་སྐུ་རྡོ་རྗེའི་བྱིན་རླབས་འཇུག་པའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས། །དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། སོགས་ལན་གསུམ། བུམ་དབང་དངོས་གཞིའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཨོཾ་ཨོཾ་པྲཛྙཱ་ཨུ་པཱ་ཡཽ་སོགས། ༈དེ་ནས་བྱིན་རླབས་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བླ་མའི་ཐུགས་ཀའི་སོགས། ༈དེ་ནས་བུམ་དབང་དངོས་ཀྱི་སླད་དུ་སྔར་ཕུལ་བའི་ཕྱག་རྒྱ་དེ་ཉིད་སོགས་ནས། དེ་ལྟར་རྟོགས་པ་བསྐྱེད་པ་དེ་ཉིད་ལ་ང་རྒྱལ་འཛིན་པ་འདིའི་རྗེས་ཟློས། ཨོཾ་ཨོཾ་བཛྲ་སཏེྭ་ན་སོགས། ༈དེ་ལྟར་བུམ་དབང་སོང་ནས་གསང་བའི་དབང་གི་དོན་དུ་མཎྜལ་འབུལ། ངག་ལ་གསུང་རྡོ་རྗེའི་བྱིན་རླབས་ཞེས་བསྒྱུར་བ་སོགས་གཉིས་རིགས་འགྲེ། བྱིན་རླབས་དབབ་པ་ཡང་གོང་གིས་འགྲེ་སྟེ་དཀྱུས་བཞིན་བྱ། ༈དེ་ནས་གསང་དབང་དངོས་གཞིའི་སླད་དུ། སྔོན་ཆད་གསང་བ་བྷ་གའི་དཀྱིལ་འཁོར་མ་མཇལ་བའི་བརྡར་
སྤྱན་དར་འཆིང་བ་ཞུ། ཨོཾ་དྭཱ་ད་ཤ་སོགས། ༈དེ་ནས་བླ་མ་དུས་ཀྱི་འཁོར་ལོ་ཞེས་པ་ནས། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་ངོ་བོར་བསམས་ཏེ། ཨ་ཧོ་མ་ཧཱ་སུ་ཁཾ། ཞེས་བརྗོད་ཅིང་མྱང་བར་ཞུ། ཞེས་ལན་གཉིས་སུ་བྱིན་ལ་མྱང་། དེ་ནས་མིག་དར་བསལ་བའི་མོས་པ་མཛོད། ཨོཾ་དེ་བྱེ་ནེ་ཏྲཱི་ཡ་སོགས། དེ་ལྟར་མིག་ཕྱེ་བ་ལས་ཕྱག་རྒྱའི་བྷ་ག་ཞེས་པ་ནས་ང་རྒྱལ་བཟུང་བའི་བར་དཀྱུས་བཞིན། ༈དེ་ལྟར་གསང་དབང་སོང་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་འབུལ། ཡིད་ལ་ཐུགས་རྡོ་རྗེའི་བྱིན་རླབས་ཞེས་བསྒྱུར་བ་སོགས་གསོལ་གདབ་གཉིས་དང་། བྱིན་རླབས་དབབ་པ་གང་གིས་འགྲེ། ༈དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་དངོས་གཞིའི་སླད་དུ། སྔར་ཕུལ་བའི་ཕྱག་རྒྱ་དེ་ཉིད་རྡོ་རྗེ་སེམས་དཔའ་དཔང་པོར་བྱས་ནས་ཁྱེད་རང་རྣམས་ལ་གཏད་པར་གྱུར། བདག་གིས་འདི་ལ་སོགས་དང་། གཟུངས་མ་ཡིད་འོང་སོགས། དེ་ལྟར་གོ་བར་བྱས་ནས་དམིགས་པ་འདི་བཞིན་དུ་མཛོད། ཕྱག་རྒྱ་སྣ་ཚོགས་ཡུམ་དུ་བྱས་པའི་ཞེས་པ་ནས་བྷཉྫ་མོཀྵ་ཧོཿ ཞེས་བརྗོད་དེ་ཁྱེད་རང་རྣམས་ལ་དགྱེས་པའི་ཚུལ་དུ་འཁོད་པ་ལས། སླར་ཡང་སྐད་ཅིག་གིས་ཁྱེད་རང་རྣམས་དུས་ཀྱི་འཁོར་ལོར་གསལ་བའི་ཞེས་པ་ནས་ང་རྒྱལ་བཟུང་བའི་བར་དཀྱུས་བཞིན། ༈དེའི་རྗེས་སུ་བླ་མས་དམ་ཚིག་གི་ངེས་པ་སྦྱིན་པ་ནི་ཞེས་པ་ནས། པདྨའི་ཕྱི་རོལ་རང་ལྕེས་བླང་། ཞེས་པ་སྟེ། དེ་དག་ནི་ཐུན་མོང་མ་ཡིན་པའི་སྡོམ་པ་སྦྱིན་པའི་ངེས་པའོ། །དེ་ནས་སྐབས་འདིར་སྤྲོས་པའི་དབང་དུ་བྱས་ནས་རྩ་ལྟུང་བཅུ་བཞི་བསྒྲག་པར་གསུངས་ཏེ། གལ་ཏེ་གཡོ་སྒྱུའི་དབང་གིས་ཞེས་སོགས་བྱིས་འཇུག་སྐབས་བཞིན་རྒྱས་པར་བཤད། ༈ །སླར་ཡང་དབང་གི་རབ་བྱེད་ཞུ་བའི་སླད་དུ་མཎྜལ༴གསོལ་བ་འདེབས་པ་འདིའི་རྗེས༴ བཅོམ་
ལྡན་འདས་སོགས། དེ་ལྟར་གསོལ་བ་བཏབ་རྗེས་འདི་ལ་གསན་པས་ཁྱབ་པར་གདའ། བུ་ཁྱོད་ཉོན་ཅིག་ཅེས་པ་ནས་འཇིག་རྟེན་པའི་དབང་གསུམ་གྱི་ཆོ་ག་ཡན་ལག་དང་བཅས་པའོ། །ཞེས་པའི་བར་དབང་ཆོག་དཀྱུས་བཞིན་ནོ། ༈དེ་ནས་འཇིག་རྟེན་ལས་འདས་པའི་དབང་བཞི་པ་ཞུ་བའི་ཡོན་དུ་མཎྜལ་འབུལ། ཡེ་ཤེས་ལ་ཡེ་ཤེས་རྡོ་རྗེའི་བྱིན་རློབས་ཞེས་བསྒྱུར་བ་སོགས་གསོལ་གདབ་གཉིས་དང་བྱིན་རླབས་དབབ་པ་གོང་བཞིན་རིགས་འགྲེ། ༈དེ་ནས་དབང་བཞི་པ་དངོས་ནི། ཇི་ལྟར་འདས་པའི་སོགས་བརྗོད། དེ་ནས་ཁྱེད་རང་རྣམས་རྐང་པ་སྐྱིལ་ཀྲུང་། ལུས་དྲང་པོར་བསྲང་། ལྟ་སྟངས་གཡོ་བ་མེད་པར་གྱིས་ལ་ལུས་ངག་ཡིད་གསུམ་མ་བཅོས་པར་འཇོག་པར་ཞུ། ཞེས་བརྡ་སྤྲད་ལ། དེ་ལྟར་ཡང་རྩ་བའི་རྒྱུད་ལས། དངོས་པོ་མེད་ལ་སྒོམ་པ་མེད། ཞེས་པ་ནས། དབང་གོང་མ་ཆེན་པོ་ཞེས་བྱ་བ་དབང་བཞི་པའོ། །ཞེས་པའི་བར་དཀྱུས་བཞིན་ནོ། ༈དེ་ལྟར་དབང་བསྐུར་བ་མཐའ་རྟེན་དང་བཅས་པ་ལེགས་པར་གྲུབ་ནས་བླ་མ་ལ་མོས་གུས་ཁྱད་པར་ཅན་དང་ལྡན་པའི་སྒོ་ནས་དམ་བཅའ་བ་འདིའི་རྗེས་ཟློས་མཛོད། དུས་འདི་ནས་ནི་བཟུང་ནས་སུ། སོགས་བརྗོད། རྗེས་དམ་ཚིག་ཁས་བླང་བ་དང་། མཎྜལ་སོགས་བྱིས་འཇུག་བཞིན་ཏུ་བྱའོ། །སྐབས་འདིར་གསང་དབང་དམ་རྫས་ཐོད་པ་མཚན་ལྡན་ཏུ་ཆང་དང་། བདུད་རྩི་རིལ་བུ་སྦྱར་བ་ལ་ནང་མཆོད་བསྲེས་པ་ཟུར་དུ་འཇོག་སྲོལ་སྣང་བ་རྣམ་པ་ཕྱེད་པས་ལེགས་པ་ལྟར་སྣང་བ་དང་། ཤེར་དབང་སོགས་ལ་རིག་མའི་གཟུགས་བརྙན་བྲིས་པའི་ཙཀླི་གཏད་སྲོལ་སྣང་མོད། དམིགས་པ་ཚུལ་མཐུན་མ་བྱུང་ཕྱིན་དེང་སང་གཟུགས་བརྙན་ཙམ་གྱི་དབང་ཡང་མིན་པའི་ཚིག་བཤར་ཙམ་ཀློག་པ་ལ་ནི་ཅི་བྱས་ཀྱང་འདྲ་བར་སྣང་། དབང་བསྐུར་གྲུབ་ནས་ཚོགས་མཆོད་འབུལ། རྡོ་རྗེའི་གླུ་དགྱེས་རྡོར་ལྟར་འདོན་པ་ཡིན། སླར་ཡང་གཏོར་མ་
འབུལ་བ་དང་རྗེས་ཆོག་རྣམས་ཀྱང་དབང་ཆོག་དེ་ཉིད་ཏུ་བཤད་པ་ལྟར་བྱའོ། ༈ །ཉིན་ལྔ་བར་རྡོ་རྗེ་སློབ་དཔོན་བདག་པོ་དང་བདག་པོ་ཆེན་པོའི་དབང་བསྐུར་བ་ལ་དཀྱིལ་འཁོར་བུམ་པ་མཆོད་གཏོར་སྔར་ཉིན་ལྟར་བཤམ། དབང་རྫས་ཕྱག་རྒྱ་དྲུག་སོ་སོ་བ་རུས་པ་སོགས་ལས་བྱས་པ་འཛོམ་ན་ལེགས། ཅོད་པན་དར་དཔྱངས་སོགས་བྱིས་འཇུག་གི་དབང་ཆས་རྣམས། རིགས་དྲུག་གི་ཕྱག་མཚན། སྤྲོས་པ་ལ་དགའ་ན་རྗེས་གནང་གི་ཆས་རྣམས་ཀྱང་བསྡོགས་ཤིང་ཇི་ལྟར་བདེ་བའི་གནས་སུ་རྡུལ་ཚོན་གྱིས་བྲིས་པའི་དབང་སྟེགས་དགེ་སློང་དགེ་ཚུལ་དགེ་བསྙེན་གསུམ་གྱི་ཁྱད་པར་ཅན་འོག་ནས་འབྱུང་བ་ལྟར་ཤིང་སྟེགས་ཁྲིའུ་དང་བཅས་པ། བདག་པོ་ཆེན་པོའི་སྐབས་སུ་མཁོ་བའི་ནུས་མ་བཅུ་རས་བྲིས་སོགས་ཁྲུ་གང་ལས་མི་ཆུང་བ། བུམ་ཁྲུས་སློབ་དཔོན་གྱིས་མི་མཛད་པས་དེའི་དོན་དང་དབང་རྟེན་མཚོན་བྱེད་ཁྱེའུའམ་རྟོག་པ་ཆུང་ན་བུ་མོ་ཆུང་ངུ་དབུ་རྒྱན་སོགས་ཀྱིས་རྒྱན་ཆ་བཅས་པའང་འདུ་བྱ། དེ་ནས་དཀྱིལ་ཆོག་ལྟར་ནང་མཆོད། སྔོན་གཏོར་གནས་ཡོ་བྱིན་རླབས་བྱ། ཐུགས་དཀྱིལ་སམ་སྙིང་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་སྐྱབས་སེམས་ནས་བརྩམ། བསྐྱེད་བཟླས་ཉེར་བསྡུའི་བར་བཏང་། སྒྲུབ་མཆོད་སོགས་སྤྲོས་པ་རྒྱས་པར་སྤྲོ་ན། བཤམ་བཀོད་སྐབས་སུའང་ཐུགས་དཀྱིལ་གྱི་རས་བྲིས་བརྡལ་ཞིང་། བུམ་པ་སོགས་བྱིས་འཇུག་ཇི་ལྟ་བར་བཀོད་ལ། སྐབས་འདིར་མངོན་རྟོགས་ཐུགས་དཀྱིལ་ཁོ་ན་སྒོམ་པའི་ཁྱད་པར་ཙམ་ལས་མདུན་བསྐྱེད་སྒྲུབ་མཆོད་རྣམས་དཀྱིལ་ཆོག་ལྟར་རྒྱས་པར་བྱ་ཞིང་སྐབས་དེར་ནི་ཕྱི་རོལ་མཆོད་པ་བདག་འཇུག་བཅས་གྲུབ་ན་རང་ཉིད་ཚོགས་རྫོགས་པའི་ཡན་ལག་ཏུ་འགྱུར། དེ་ཙམ་མི་ལྕོགས་ན་མཆོད་ཆོག་ལྟར། མཎྜལ་སྒྲུབ་མཆོད། བུམ་སྒྲུབ། བདག་འཇུག་མདོར་བསྡུས་བཅས་བྱས་ལ། སྒྲུབ་ཐབས་གཤམ་ལྟར་གཏོར་མ་འབུལ། དེ་ནས་རྡོ་རྗེ་སློབ་དཔོན་བདག་པོའི་དབང་ལ། སློབ་མ་རྣམས་ཐོག་མར་སྟན་སྲབ་རྐྱང་ལ་འཁོད་པ་ལ་འདི་སྐད་ཅེས། དེའང་རྡོ་རྗེ་སློབ་དཔོན་
ཏུ་མངའ་གསོལ་ཞིང་དབང་བསྐུར་བའི་ཆོག་སྒྲུབ་པ་ལ། ཡུལ་དམ་ཚིག་དང་ལྡན་པའི་སློབ་མ་ཁྱད་པར་ཅན་གྱི་མཚན་ཉིད་དང་ལྡན་པ་ཞིག་དགོས་ཏེ། དེ་ལ་དབང་འདི་བསྐུར་རུང་གི་སློབ་མའི་མཚན་ཉིད་ནི། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་དབང་ཆོག་ཏུ། དབང་གོང་མ་རྣམས་ཐོབ་ནས་རྒྱུད་ཐམས་ཅད་ཤེས་ཤིང་། རྡོ་རྗེ་སློབ་དཔོན་གྱི་བྱ་བ་ནུས་པས་དམ་བཅའ་བ་ལ་གནས་པར་བྱ་སྟེ། ཞེས་དང་། ཇོ་ནང་ཀུན་མཁྱེན་ཆེན་པོས་དབང་ཆོག་ཡེ་ཤེས་རྒྱ་མཚོར། དེ་ཡང་དང་པོར་སྨིན་པར་བྱེད་པའི་དབང་བཅུ་གཅིག་གིས་ལམ་སྒོམ་པ་དང་། རྒྱུད་ཉན་པ་ལ་དབང་བར་བྱས་ནས། རྡོ་རྗེ་ཐེག་པའི་ལམ་བསྒོམས་ཤིང་རྒྱུད་ཐམས་ཅད་ཤེས་ནས་དེ་ཁོ་ན་ཉིད་ཀྱིས་གཞན་གྱི་དོན་དུ་དམ་བཅའ་བ་ལ་གནས་པའི་སློབ་མས་དང་པོར་འདི་སྐད་དུ། ཞེས་གསུངས་པ་ལྟར་ཡིན་ལ། མཚན་ཉིད་དེ་ལྡན་གྱི་སློབ་མ་དེ་ལ་ཡང་། རྒྱུད་ཀྱི་སྡོམ་པའི་ཁྱད་པར་གྱིས་དགེ་སློང་། དགེ་ཚུལ། དགེ་བསྙེན་གསུམ་ལ་དབང་བསྐུར་ཚུལ་མི་འདྲ་བར་གསུངས་ཏེ། བསྟན་པའི་གཞི་མ་སོ་སོའི་ཐར་པའི་སྡོམ་པར་ལྟོས་དགོས་པའི་ཕྱིར། རྩ་རྒྱུད་ལས་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་འཆད་སྐབས། དེ་ཉིད་བཅུ་ནི་ཡོངས་ཤེས་པའི། །གསུམ་ལས་དགེ་སློང་མཆོག་ཡིན་ཏེ། །འབྲིང་ནི་དགེ་ཚུལ་ཉིད་དུ་བརྗོད། །ཁྱིམ་ན་གནས་པ་ཐ་མ་ཡིན། ཞེས་དང་། །ས་ཐོབ་མ་གཏོགས་ཁྱིམ་པ་ནི། །རྒྱལ་པོས་བླ་མར་མི་བྱ་སྟེ། །དེ་ལ་ཐོས་པ་ཡོངས་ཤེས་པས། །གང་ཞིག་རྟགས་ཅན་བྱ་བ་ཉིད། །ས་ཐོབ་མ་གཏོགས་སློབ་དཔོན་ནི། །ཁྱིམ་གནས་གང་ཚེ་མཆོད་བྱེད་པ། །དེ་ཚེ་སངས་རྒྱས་ཆོས་དང་ནི། །དགེ་འདུན་རྣམས་ལ་གུས་མེད་འགྱུར། །ལྷ་ཁང་སོགས་ཀྱི་རབ་གནས་སོགས། །རྟགས་ཅན་གྱིས་ནི་རྟག་ཏུ་བྱ། །གནས་གཅིག་དག་ན་གསུམ་ཡོད་ན་
ཁྱིམ་བགོས་དཀར་ཅན་གྱིས་མིན། ཞེས་དང་། གཞན་ཡང་། ཇི་སྐད་དུ། དེ་ལ་དགེ་སློང་རྡོ་རྗེ་འཛིན་པ་ཡོད་བཞིན་དུ་ཚོགས་ཀྱི་གཙོ་བོ་ནི་དགེ་ཚུལ་དང་ཁྱིམ་པས་མི་བྱའོ། །ཅི་སྟེ་དེ་མེད་ན་དགེ་ཚུལ་གྱིས་སོ། །དེ་ཡང་མེད་ན་ཁྱིམ་པས་བྱ་སྟེ། །ཁྱིམ་པ་ནི་ཇི་སྲིད་མངོན་པར་ཤེས་པ་ལྔ་མ་སྐྱེས་ཀྱི་བར་དེ་སྲིད་དུ་དགེ་ཚུལ་ལས་རྒན་པར་མི་འགྱུར་ཞིང་། དེ་ཡང་དེ་སྲིད་དུ་དགེ་སློང་ལས་རྒན་པར་མི་འགྱུར་བའི་ཕྱིར་རོ། །ཞེས་པ་རྩ་བའི་རྒྱུད་ཐམས་ཅད་ལས་བཅོམ་ལྡན་འདས་ཀྱི་ངེས་པའོ། །ཞེས་གསུངས་པས་སྐབས་འདིའི་དགེ་སློང་ལ་སོགས་པ་ནི་རྟོགས་པའི་ཁྱད་པར་གྱིས་བཞག་པ་མིན་ཏེ། རང་རང་གི་རྟགས་དང་ཆ་ལུགས་ཅན། གསོལ་བ་དང་བཞིའི་ལས་སོགས་འདུལ་བའི་ལས་ཀྱི་གཞི་ལས་ཇི་སྐད་བཤད་པའི་ངེས་པས་ཐོབ་པ་ཞིག་དགོས་སོ། །དེས་ན་དབང་འདི་རྣམས་སློབ་མ་ལ་ཇི་ལྟ་བ་བཞིན་རང་ཉིད་ཀྱིས་ཐོབ་དགོས་པ་ཡང་མིན་ཏེ། འདི་ལྟ་བུའི་དབང་རྒྱུད་མན་ངག་ཐམས་ཅད་ཆོས་རྒྱལ་རིགས་ལྡན་རྣམས་དང་། བོད་དུ་ཡང་། སྒོམ་པ་དཀོན་མཆོག་སྲུང་དང་། སྒྲོ་སྟོན་གནམ་བརྩེགས་སོགས་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དགེ་བསྙེན་རྡོ་རྗེ་འཛིན་པ་རྣམས་ལས་བརྒྱུད་པའི་ཕྱིར་རོ། །དེས་ན་སྐབས་འདིའི་དབང་བསྐུར་ཚུལ་ཡང་། སློབ་མཁོན་ལ་ལྟོས་ཀྱི། སློབ་དཔོན་རང་ཉིད་དགེ་སློང་ཡིན་མིན་དང་། ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་མ་སྐྱེས་སོགས་ཀྱི་དབྱེ་བ་བྱ་མི་དགོས་པར་གྲུབ་བོ། །དེ་ལྟར་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་འདི་ནི། གོང་དུ་བཤད་པའི་ཡོན་ཏན་དེ་དག་དང་ལྡན་ན་སློབ་མས་གསོལ་བ་བཏབ་ཅིང་བསྐུར་ཀྱང་རུང་མོད། གཞན་དུ། བླ་མ་མཉེས་པས་མཆོག་དབང་བརྡལ་པོའི་ཚུལ་དུ་གནང་བ་ཞིག་དགོས་པར་དཔལ་དོན་
དམ་བསྙེན་པ་སོགས་ལས་བཤད་དོ། །གོང་ལྟར་འདིར། བདག་པོའི་དབང་བསྐུར་གྱི་ཆོ་ག་སྒྲུབ་པ་ལས། རང་གི་ཡོན་ཏན་སློབ་དཔོན་གྱིས་རྟོགས་པར་བྱ་བའི་སླད་དང་། བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་དམ་བཅས་པ་འདིའི་རྗེས་ཟློས་མཛོད། ཀྱཻ། དཔལ་ལྡན་བླ་མ་ཁྱེད་ཀྱི་སོགས་ལན་གསུམ། དེ་ལྟར་གསོལ་བས་རྡོ་རྗེ་སློབ་དཔོན་རང་ཉིད་ལ་མཆོག་ཏུ་དགྱེས་ཏེ་གཞན་དོན་ཏུ་དབང་བསྐུར་ཞིང་གནང་བ་སྦྱིན་པར་བཞེད་དེ་ངོ་འཐོན་གྱི་ཚུལ་དུ་བཞུགས་པ་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། གང་གིས་བདག་ནི་སོགས་དང་། སྒྲིབ་པ་ཐམས་ཅད་སོགས་ལན་གསུམ་གསོལ་བ་བཏབ་ནས་སོ་སོའི་དབང་སྟེ་གསལ་འཁོད་དུ་གཞུག་ལ། དེ་ནས་སྐབས་འདིར་སློབ་ནའི་ཁྱད་པར་གྱིས་འདོར་ལེན་ཤེས་པར་བྱ་དགོས་མོང་། འདིར་དགེ་སློང་། དགེ་ཚུལ། དགེ་བསྙེན་གསུམ་ཀ་ཡོད་པའི་དབང་དུ་བྱས་ན། དེ་ལྟར་གསོལ་བ་བཏབ་རྗེས། དཀྱིལ་འཁོར་ཁང་པའི་ཕྱི་རོལ་ལམ་ངོས་ཡངས་པར། ར་བ་ལྔའི་རེ་ཁཱ་གྲུ་བཞི་པའི་ཚད་ཅན་གྱི་དབུས་སུ་ཤིང་སྟན་ལ་པདྨ་འདབ་བརྒྱད་ཁྲུ་དོ་པའི་ཚད་ཅན་ཁ་དོག་སྣ་ཚོགས་པ་མཚན་མ་ལྔ་དང་བྲལ་བའི་སྟེང་དུ་དགེ་སློང་རྡོ་རྗེ་འཛིན་པ་རྣམས་དང་ར་བ་ལྔའི་མེ་ཁཱ་ཁྲུ་དོ་པའི་དབུས་སུ་པདྨ་མེད་པའི་ཤིང་སྟན་འབའ་ཞིག་ལ་དགེ་ཚུལ་རྡོ་རྗེ་འཛིན་པ་རྣམས་དང་། ར་བ་གསུམ་གྱི་རེ་ཁཱ་ཁྲུ་གང་བའི་དབུས་སུ་ཕལ་པའི་གདན་ལ་དགེ་བསྙེན་རྡོ་རྗེ་འཛིན་པ་རྣམས་འཁོད་པ་ལས། ཐོག་མར་དགེ་སློང་རྣམས་ལ་མཚན་ཉིད་དང་ལྡན་པའི་བུ་མོ་བརྒྱད་ཀྱིས་བུམ་པ་བརྒྱད་བཟུང་། གཞོན་ནུ་མ་གཉིས་ཀྱིས་རྒྱལ་བ་དང་རྣམ་རྒྱལ་གཉིས་བཟུང་སྟེ་དབང་བསྐུར་བའི་མོས་པ་མཛོད། ཨོཾ་བཛྲ་སོགས་ཀྱི་བུམ་ཆུ་བསྡུ་བ་དང་ཤིས་པ་བརྗོད་པ་སྔོན་དུ་འགྲོ་བས་བྱིས་འཇུག་སྐབས་བཞིན་དབང་བསྐུར་ཞིང་ཁྲུས་བྱ། འདི་སྐབས་ཆུ་དབང་ལ་སྔར་དབང་རྟེན་དེ་
གིས་དུང་ཆོས་ཀྱིས་ཁྲུས་བྱ། སློབ་མ་སྟོད་གཡོགས་ཕུད་ནས་མགོ་ལུས་ཆུ་བྲུས་ཚད་ལྡན་དགོས་པ་ནི་རྗེས་མའི་བདག་ཆེན་ལའང་འགྲེ་དགོས་ཀྱང་ད་ལྟ་རིག་མ་དངོས་མི་འགྲུབ་པས་རྣམ་པ་ཙམ་ལ་ཁྲུས་ཀྱང་ཕྱོགས་ཙམ་བྱེད་པར་སྣང་། དེ་ནས་དགེ་ཚུལ་རྣམས་ལ་བུ་མོ་བཞིས་བུམ་པ་བཞི་དང་གཞོན་ནུ་མ་གཉིས་ཀྱིས་རྒྱལ་བ་དང་རྣམ་རྒྱལ་གཉིས་བཟུང་སྟེ་དབང་བསྐུར་བའི་མོས་པ་མཛོད། ཆོ་གའི་ཁྱད་པར་གོང་མ་བཞིན་ནོ། །དེ་ནས་དགེ་བསྙེན་རྣམས་ལ་བུ་མོ་གཅིག་གིས་ཕྱོགས་མཚམས་ཀྱི་བུམ་པ་གཅིག་དང་། གཞོན་ནུ་མ་གཅིག་གིས་རྣམ་པར་རྒྱལ་བ་བཟུང་སྟེ་དབང་བསྐུར་བའི་མོས་པ་མཛོད། ཞེས་བརྡ་སྤྲད་ལ་བསྐུར། ༈དེ་ནས་དགེ་སློང་ལ་ཅོད་པན་གྱི་དབང་བསྐུར་ཏེ། དབང་རྫས་བྱིན་རློབ་སྔོན་འགྲོའི་དབང་བསྐུར་བ་བྱིིས་འཇུག་བཞིན། ༈དགེ་སློང་དང་དགེ་ཚུལ་རྣམས་ལ་དར་དཔྱངས་དང་། ༈ །གསུམ་ཀ་ལ་དབང་རྫས་མཐོ་བའི་རྡོ་རྗེ་ལ་བརྟེན་ནས་བརྟུལ་ཞུགས་ཀྱི་དབང་རྣམས་སྦྱིན། ༈ །དེ་ནས་དགེ་སློང་དང་དགེ་ཚུལ་རྣམས་ལ་སྤྱི་བོའི་འཁོར་ལོ་སོགས་ཕྱག་རྒྱ་དྲུག་སྦྱིན་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། སློབ་མ་དུས་ཀྱི་འཁོར་ལོ་སོགས་ཀྱིས་གཙོ་བོ་ཡབ་ཡུམ་དུ་བསྐྱེད་པ་ལ། སྭ་བྷཱ་ཝ༴ཧཾ་ལས་བྱུང་བའི་སྤྱི་བོའི་འཁོར་ལོ་ཞེས་པ་ནས། བདེ་བའི་ཡིད་ཀྱིས་འགྲོ་བ་འདུལ། ཞེས་པའི་བར་དཀྱུས་བཞིན། ༈དེ་ནས་གསུམ་ཀ་མཚུངས་པར་རྗེས་གནང་སྦྱིན་ཏེ། དེ་ལ་དང་པོར་ལག་ཏུ་རྡོ་རྗེ་དང་དྲིལ་བུ་གཏད་དེ་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་ཞིང་རྗེས་སུ་གནང་བའི་མོས་པ་མཛོད། གདུག་པ་སྡིགས་པར་བྱེད་པའི་མཆོག །ཞེས་པ་ནས། ཞི་བ་ལ་སོགས་མཐའ་དག་རབ་ཏུ་བྱ། ཞེས་པའི་བར་བརྗོད། བསྡུ་ན་དེ་ཙམ་གྱིས་ཆོག་ཅིང་། སྤྲོ་ན། དབང་རྫས་རབ་གནས་སྔོན་འགྲོའི་རིགས་ལྔའི་ཕྱག་མཚན་བྱིས་འཇུག་སྐབས་ལྟར་སྦྱིན། ཨོཾ་བཛྲ་
ཧེ་ཏུ་མོ་ནས། དེ་ལྟར་སེམས་ཅན་དོན་གྱིས་ཤིག །ཅེས་དང་། སྔགས་དང་མིག་ཐུར་དང་། མེ་ལོང་དང་། མདའ་གཞུའི་རྗེས་གནང་རྣམས་ཀྱང་བྱིས་འཇུག་ལྟར་བྱ། ༈དེ་ལྟར་རྗེས་སུ་གནང་བ་བྱིན་ནས། རྡོ་རྗེ་སློབ་དཔོན་བདག་པོར་དབང་བསྐུར་བའི་ཆོ་གའི་གཙོ་བོ་མཆོག་དབང་བཞི་བསྐུར་བ་ཡིན་པས་ཐོག་མར་བུམ་དབང་གི་དོན་དུ་མཎྜལ་དང་། གསོལ་བ་གདབ་པ་འདིའི༴ཨོཾ་ཨོཾ་པྲཛྙཱ་ཨུ་བཱ་ཡཽ་སོགས། དེ་ནས་མཚན་ཉིད་ལྡན་པའི་གཟུངས་མ་སྣ་ཚོགས་ཡུམ་དུ་བྱིན་གྱིས་བརླབས་ནས་ཞེས་པ་ནས། བུམ་པའི་དབང་གི་དོན་ནོ། །སླར་ཡང་གསང་དབང་གི་དོན་དུ་མཎྜལ་དང་། ཨོཾ་ཨཱཿསོགས་ཀྱིས་གསོལ་བ་གདབ། བླ་མ་དུས་ཀྱི་འཁོར་ལོ་ཞེས་པ་ནས། གསང་བའི་དབང་གི་དོན་ནོ། །ཡང་ཤེར་དབང་གི་དོན་དུ་མཎྜལ་དང་། ཨོཾ་ཧཱུྃ་སོགས་ཀྱིས་གསོལ་བ་གདབ་པ་ནས་བཟུང་། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་ནོ། །དེ་ནས་དབང་བཞི་པའི་དོན་དུ་མཎྜལ་དང་། ཨོཾ་ཧོཿསོགས་ཀྱིས་གསོལ་བ་གདབ་ནས་བཟུང་། གོང་མའི་གོང་མ་ཆེན་པོ་བཞི་བའི་ཡེ་ཤེས་སོ། །ཞེས་པའི་བར་དཀྱིལ་ཆོག་བདག་འཇུག་གི་ཆོ་གའི་སྐབས་བཞིན་བསྐུར། ༈སླར་ཡང་སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་བརླབ་པའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། མཆོད་ཕྱིར་ཐོགས་ཨཿཨཿཨཿལས་ཞེས་པ་ནས་ཙིཏྟ་བཛྲ་སོགས་ཀྱི་བར་དཀྱུས་བཞིན་ནོ། །དེ་ནས་སློབ་དཔོན་གྱིས་རྗེས་སུ་གདམས་པ་འདི་ལ་གསན་པས་ཁྱབ་པར་གདའ། ཚངས་པ་སྐུ་ཡི་སོགས། ༈དེ་ལྟར་དབང་བསྐུར་བ་དེ་ལ་ཞལ་བསྲོའི་ཚུལ་དུ་མཆོད་པའི་མོས་པ་མཛོད། གནྡྷཾ་སོགས་མཆོད་པ་བཅུ་གཉིས་ཀྱིས་མཆོད། དབང་བསྐུར་བ་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་མེ་ཏོག་གཏོར། འདིར་སྟོན་པ་པོའི་སོགས་ཀྱིས་ཉེས་དམིགས་དང་ཕན་ཡོན་བརྗོད། ༈ །
དེ་ནས་དབུགས་དབྱུང་བའི་ཐོག་མར་སློབ་མ་དཀྱིལ་འཁོར་ལ་དབུལ་བའི་སླད་དུ་ཁྱེད་རང་རྣམས་ཀྱི་སྟེང་དུ་གདུགས་བཟུང་། ཐལ་མོ་སྦྱར། བསྐོར་བ་བྱས། ཤར་སྒོ་ནས་བླ་མ་དང་ལྷ་ལ་ཕུལ་བར་གྱུར། གོ་ས་ཡངས་ན་བསྐོར་བ་དངོས་སུ་བྱ་བ་སོགས་དགོས་སོ། །སྔགས་དང་རྒྱུད་རྣམས་སོགས། དེ་ནས་དབུགས་དབྱུང་ཞིང་གཟེངས་བསྟོད་པ་ནི། སྔགས་དང་རྒྱུད་རྣམས་འཛིན་འགྱུར་བར། ཞེས་སོགས་དང་། མཆོག་ཏུ་གསང་བ་སོགས་བརྗོད། རྗེས་དམ་ཚིག་བསྒྲག་བཟུང་དང་། མཎྜལ་སོགས་སྤྱི་དང་འདྲའོ། །བདག་པོའི་དབང་འདིས་ཉིན་གཅིག་བྱེད་ན། ཚོགས་འཁོར་དང་རྗེས་ཆོག་བྱ། ཉིན་ཕྱི་མར་སྒྲུབ་མཆོད་སོགས་སྔ་ཉིན་ལྟར་བྱ་དགོས་པ་ཡིན་ལ། གཉིས་ཀ་ཉིན་གཅིག་བྱེད་ན། སློབ་མ་རྣམས་གྲོལ་བའི་བར་མཚམས་དེར་དབང་སྟེགས་སྔ་མ་བསྡུ། གདན་ལེགས་པར་བཏིང་། ཕྱོགས་མཚམས་རྣམས་སུ་རིག་མའི་གཟུགས་བརྙན་རྣམས་བཀོད་དགོས་པས་ཤར་དང་ཤར་ལྷོར་ནག་མོ་གཉིས། ལྷོ་དང་ལྷོ་ནུབ་ཏུ་དམར་མོ་གཉིས། བྱང་དང་བྱང་ཤར་དུ་དཀར་མོ་གཉིས། ནུབ་དང་ནུབ་བྱང་དུ་སེར་མོ་གཉིས། ལྗང་གུ་དང་སྔོན་མོ་གཉིས་ཤར་ནུབ་ཏུ་བཀོད། སློབ་མ་རྣམས་ཕྱག་བཅས་གྲལ་དུ་འཁོད་བ་ལ་འདི་སྐད་ཅེས། དེའང་གང་ལ་བསྐུར་བྱའི་སློབ་མའི་མཚན་ཉིད། དབང་གོང་མ་རྣམས་ཐོབ་ཅིང་། རྒྱས་འགྲེལ་དང་བཅས་པའི་རྒྱུད་ཐམས་ཅད་ཐོས་ཤིང་ཤེས་པར་གྱུར་པ་རྣལ་འབྱོར་པའམ་གྲུབ་པར་གྱུར་པ་ན་བདག་པོ་ཆེན་པོའི་དབང་བསྐུར་བར་གསུངས་ཀྱང་། དེང་དུས་དེ་ལྟ་བུའི་དཔོན་སློབ་འཛོམ་པ་དཀའ་བས་བྱིས་པ་འདུག་པའི་དབང་བདུན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་གོང་མ་བཞི། རྡོ་རྗེ་སློབ་དཔོན་བདག་པོའི་དབང་དང་བཅས་པ་ཐོབ་པའི་གང་ཟག་ལ་བཀའ་སྲོལ་མི་ཉམས་པའི་ཕྱིར་ཏིང་ངེ་འཛིན་གྱི་དབང་གི་ཚུལ་དུ་བསྐུར་བར་མཛད་ལ། དེ་ལ་དང་པོར་རྡོ་རྗེ་སློབ་དཔོན་
དུས་ཀྱི་འཁོར་ལོའི་བདག་ཉིད་ཅན་དུ་གྱུར་པ་ལ་གོང་ཆེན་བདག་པོ་ཆེན་པོའི་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་འབུལ་བ་ཞུ། ཞེས་བརྡ་སྦྱར་ལ། དེས་ཀྱང་འབུལ། དེ་ནས་སློབ་དཔོན་གྱིས་འདི་སྐད་བརྗོད་དེ། དེ་ལ་ཐོག་མར་དབང་གི་རྟེན་དུ་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་མངོན་པར་འདུ་བྱ་སྟེ། དེའི་ཕྱིར་ཐུགས་ཀྱིས་འདུན་པ་འདི་བཞིན་དུ་གཏོད་པ་ཞུ། དེ་ཡང་སློབ་མ་ཁྱིམ་པ་རྣམས་ཀྱིས་རང་རིགས་ཀྱི་རིག་མ་བཅུ་སློབ་དཔོན་ལ་འབུལ་ཞིང་། རབ་ཏུ་བྱུང་བའི་སློབ་མ་རྣམས་ལ་སློབ་དཔོན་གྱིས་དབང་གི་དོན་དུ་གཞན་རིགས་ཀྱི་རིག་མ་བཅུ་སྦྱིན་པར་བྱ་བ་སྟེ་ཞེས་པ་ནས། རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་པའི་བར་དབང་ཆོག་བཞིན་བརྗོད། ༈དེ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱཻ། བཅོམ་ལྡན་འདས་སོགས། དེ་ལྟར་གསོལ་བ་བཏབ་པའི་ལན་དུ། སློབ་དཔོན་གྱིས། བཅུ་ཡི་ནང་ནས་སོགས། དེ་སྐད་ཅེས་བསྒོས་པ་ལས་ཁྱིམ་པས་རང་རིགས་སོགས་ནས་མཎྜལ་འབུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས༴ ཁྱོད་ཀྱི་སྐུ་ལ་སོགས་ལན་གསུམ། དེ་ནས་ཆུང་མའི་མའམ་ནས། གོས་ཅན་དུ་བྱས་ཏེ་ཁྱེད་རང་རྣམས་ལ་གཏད་པའི་མོས་པ་མཛོད། ལྷ་མོ་དགའ་སྟེར་སོགས། དེས་ཀྱང་སློབ་མ་ལ་ཞེས་པ་ནས། བདེ་བ་ཉམས་སུ་བསྟར་བར་བྱས་པའི་མོས་པ་མཛོད། ༈ །དེ་ནས་རིག་མ་བཅུ་ལ་སོགས་པས་བུམ་པ་བཟུང་སྟེ་ཆུ་དབང་བསྐུར་ཞིང་ཁྲུས་བྱས་པའི་མོས་པ་མཛོད། བུམ་ཆུ་བསྡུ་བ་དང་ཤིས་བརྗོད་སྔོན་དུ་འགྲོ་བས་བྱིས་འཇུག་སྐབས་བཞིན་བྱ། དུང་ཞལ་དབང་རྟེན་གྱིས་ཐོགས་ནས་ཁྲུས་བྱ་བ་སོགས་སྔ་མ་དང་འདྲ། འོན་ཀྱང་དེང་སང་ཐོབ་ཆོས་ཁོ་ན་ཙམ་གྱི་སྐབས་དབང་རྟེན་མཚོན་བྱེད་ལའང་རྟོག་པ་ཟན་དབང་གོ་མི་ཆོད་ཀྱང་ཁྲལ་དབང་སློབ་དཔོན་གྱིས་
མཛད་པ་ལས་ཅི་བྱར་མེད་དོ། །དེ་ནས་རྗེས་གནང་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། སྟོང་ཉིད་སྙིང་རྗེར་སོགས། ༈ །དེ་ནས་དབང་བསྐུར་བ་དངོས་ལ་ཐོག་མར་བུམ་དབང་གི་དོན་དུ་མཎྜལ་འབུལ། ཨོཾ་ཨོཾ་སོགས་ཀྱིས་གསོལ་བ་གདབ། རིག་མ་ཞུན་མའི་གསེར་དང་ཞེས་པ་ནས་ང་རྒྱལ་བཟུང་བའི་བར་དཀྱུས་བཞིན། ༈ །དེ་ནས་གསང་དབང་གི་དོན་དུ་མཎྜལ་དང་། ཨོཾ་ཨཱཿསོགས་ཀྱིས་གསོལ་བ་གདབ། སློབ་དཔོན་དུས་ཀྱི་འཁོར་ལོར་གསལ་བ་དང་། ཞེས་པ་ནས་ང་རྒྱལ་བཟུང་བའི་བར། ༈ །ཤེར་དབང་གི་དོན་དུ་མཎྜལ་དང་། ཨོཾ་ཧཱུྃ་སོགས་ཀྱིས་གསོལ་བ་གདབ། ཆུང་མའམ་གཏུམ་མོ་ཞེས་པ་ནས། རིག་མ་དེ་ཉིད་གཏད་པའི་མོས་པ་མཛོད། འདིར་ནི་ཁྱེད་རྣམས་དབང་པོ་ལགས། ཞེས་པ་ནས། ཉི་མ་འཆར་བ་དེ་སྲིད་དུ་མཉམ་པར་སྦྱར་བ་ལས་བདེ་བའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་གྱུར། དེ་ལྟ་བུའི་སྦྱོར་བ་ལས་བྱུང་བའི་ཞེས་པ་ནས་པདྨའི་ཕྱི་རོལ་རང་ལྕེས་བླང་། ཞེས་པའི་བར། ༈དེ་ནས་དབང་གི་རབ་བྱེད་ཞུ་བའི་ཡོན་དུ་མཎྜལ་འབུལ། གསོལ་གདབ་ནས་བཟུང་རབ་བྱེད་བསྟན་པ་བདག་འཇུག་བཞིན། ༈འཇིག་རྟེན་ལས་འདས་པའི་དབང་བཞི་པ་ཞུ་བའི་ཡོན་དུ་མཎྜལ་དང་། ཨོཾ་ཧོཿསོགས་ཀྱི་གསོལ་གདབ་ནས་བཟུང་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་གྱུར། ཞེས་པའི་བར་བདག་འཇུག་སྐབས་དང་འདྲ། ༈དེ་ནས་ཆེད་དུ་བརྗོད་པ་འདི་ལ་གསན་པས་ཁྱབ་སྟེ། །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །སོགས་བརྗོད། དེ་ནས་ང་རྒྱལ་འཛིན་པ་འདིའི་རྗེས་ཟློས་མཛོད། ཨོཾ་ཧོཿསོགས། ༈དེ་ལྟར་དབང་ཐོབ་པ་ལ་བཀའ་དྲིན་རྗེས་སུ་དྲན་ཅིང་དམ་ཚིག་ཁས་བླང་བ་འདིའི་རྗེས་ཟློས་མཛོད། དུས་འདི་ནས་ནི་སོགས་དང་། རལ་གྲི་དང་ནི་སོགས། དེ་ནས་སྤྱི་ལུགས་ལྟར། གཙོ་བོས་ཇི་ལྟར་སོགས་དང་།
གཏོང་རག་མཎྜལ། ལུས་འབུལ། དགེ་བསྔོ་བྱ། སླར་དཔོན་སློབ་ལྷན་གཅིག་པར་འཚོགས་ལ་ཚོགས་ཀྱི་འཁོར་ལོ་རྒྱས་པར་བྱ་ཞིང་རྡོ་རྗེའི་གླུ་བླང་། སྨོན་ལམ་དང་བཀྲ་ཤིས་རྒྱས་པར་བརྗོད་ལ་གྲོལ། སློབ་དཔོན་གྱིས་དཀྱིལ་འཁོར་རྗེས་ཆོག་མཆོད་བསྟོད་ནས་ཤིས་བརྗོད་ཀྱི་བར་དཀྱིལ་ཆོག་མཆོད་ཆོག་གང་ཡིན་ལྟར་བྱས་པས་ལེགས་པར་གྲུབ་བོ། ༈དེ་ནི་གོང་དུ་བཤད་པ་དེ་དག་ལས་འཇུག་པ་བདེ་ཞིང་ཟོར་ཡང་བའི་དབང་དུ་བྱས་ན། སློབ་མ་སྟ་གོན་གྱི་ཆོ་གཡང་འདི་ལྟར་བྱས་པས་ཁྱབ་སྟེ། མཎྜལ་ཕུལ་རྗེས། མི་བཟད་འཁོར་བས་སོགས་ཀྱིས་གསོལ་བ་གདབ། མངལ་དུ་མངལ་གནས་སོགས་ཀྱིས་སྣོད་རུང་དུ་བྱ། དེ་རྗེས་སོ་ཤིང་དོར་བ་དཀྱུས་ལྟར་གྱིས་དངོས་གྲུབ་ཀྱི་ལྟས་བརྟག །དེ་ནས་སློབ་མ་དཀྱིལ་འཁོར་གྱི་ས་ལ་བཅུག་སྟེ། གནས་དྲུག་ཏུ། ཨོཾ་ཨཱཿཧཱུྃ་ཧོ་ཧྃ་ཀྵཿ ཞེས་རིགས་དྲུག་བཀོད་དེ་བསྲུང་བ་བྱ། དེ་རྗེས་རྡོར་སེམས་བསྐུལ་བ་རྣམས་བྱའོ། ༈ །དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་ཡང་མཎྜལ་ཕུལ་ནས། མི་བཟད་འཁོར་བས་སོགས་ཀྱིས་གསོལ་བ་གདབ། འདོད་པའི་རྡོ་རྗེ་སོགས་ཀྱིས་སྡོམ་པ་བཟུང་། སོ་ཤིང་དོར་ཞིང་ཁྱོར་ཆུ་སྦྱིན། ལྕེ་ལ་བདུད་རྩི་བླུད། དེ་ནས་ཡེ་ཤེས་ཕབ་ནས། དཔྲལ་བར་ཨོཾ་སོགས་རིགས་དྲུག་དགོད། བརྟུལ་ཞུགས་ཉེར་ལྔ་བྱིན་པའི་རྗེས་སུ་གོས་བགོ་ཞིང་། མིག་དར་འཆིང་། མ་ཧཱ་ར་ཏ་སོགས་ཀྱིས་བསྐོར་བ་བྱས་རྗེས། ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀྵཿས་བསང་གཏོར་བྱ། མེ་ཏོག་ཕུལ་ལ་རིགས་བརྟགས། མིག་དར་ཕྱེ་ནས་ལྷ་ངོ་བསྟན་པ་རྣམས་སོ། ༈ །བྱིས་འཇུག་གི་དབང་ལ། མཎྜལ་ཕུལ་རྗེས། ཨོཾ་སྭ་བྷཱ་ཝཱ་སོགས་ཀྱིས་སྐུ་རྡོ་རྗེར་བསྐྱེད་ནབ་བྱང་སྐོར་བཞག །ཨོཾ་ཧཾ་ཧཱཾ་སོགས་སྒོས་ཀྱི་གསོལ་གདབ་བྱ། བུམ་ཆུ་བསྡུས་ནས་དབང་རྫས་བརླབ། དེ་རྗེས་ཆུ་དབང་བསྐུར་བ་ནས་བཟུང་འཁོར་ལོའི་རྗེས་གནང་ཡན་ཆད་དཀྱུས་བཞིན་ལས་མཎྜལ་མི་དགོས། རྗེས་གནང་གི་དབང་བསྐུར་བས་ཞེས་པ་ནས་ང་རྒྱལ་བཟུང་
བའི་བར་དང་། དེ་རྗེས་རྡོར་དྲིལ་གཏད་དེ། དག་པའི་ཆོས་བཤད་མན་ཆད་བདག་འཇུག་ཏུ་བཤད་པའི་ཆོ་ག་དཀྱུས་བཞིན་ལས་དུས་གོ་བརྗོད་པ་རྣམས་བྱས་པས་འགྲུབ་བོ། ༈ །དེ་ནས་མཆོག་དབང་གོང་མའི་ཆོ་ག་དཀྱིལ་ཆོག་དངོས་བསྟན་གྱི་བདག་འཇུག་སྐབས་ལྟར་བྱས་ཀྱང་དོན་འཐུས་མོད། ཁྲིད་ཀྱི་སྔོན་འགྲོ་ཡིན་ན་འདི་ཉིད་ཀྱི་བླ་མ་བརྒྱུད་པའི་མན་ངག་ཐུན་མིན་ཡིན་པས་ཁྱད་པར་ཅན་དེ་ཉིད་བསྐུར་དགོས་ཤིང་། ༈ །རྡོ་རྗེ་སློབ་དཔོན་གྱི་དབང་ལ་བདག་པོའི་སྐབས་གསོལ་གདབ་སྔོན་འགྲོའི་སོ་སོའི་དབང་སྟེགས་ལ་བཀོད་རྗེས། དགེ་སློང་ལ་ཆུ། ཅོད་པན། དར་དཔྱངས་གསུམ་དང་། དགེ་ཚུལ་ལ་ཆུ་དང་དར་དཔྱངས་ཀྱི་དབང་བསྐུར་བའི་མཐར། གཉིས་ཀ་ལ་ཕྱག་རྒྱ་དྲུག་སྔགས་ཙམ་གྱིས་བྱིན། ཁྱིམ་པ་ལ་ཆུ་དབང་དང་། རྡོ་རྗེའི་སོར་གདུབ་སྟེར། དེ་ནས་གསུམ་ཀ་ལ། གདུག་པ་སྡིགས་པར་བྱེད་པའི་མཆོག །ཅེས་སོགས་རྗེས་གནང་དཀྱུས་བཞིན་ལས། དབང་བདུན་ནང་གི་རྗེས་གནང་སོགས་འདོགས་གཞན་མི་དགོས། དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་གཙོ་བོ་དབང་གོང་མ་བཞི་བསྐུར། སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་བརླབ་པའི་ཚིགས་བཅད་གཉིས་པོར་ཏེ་སྔགས་ཙམ་གྱིས་བསྐུར། ང་རྒྱལ་བཟུང་བ་དང་། དབུགས་དབྱུང་། གཟེངས་བསྟོད་རྣམས་ཀྱང་བོར་བས་འགྲུབ་ཅིང་། བདག་པོ་ཆེན་པོའི་དབང་གི་ཆོ་ག་དཀྱུས་ལྟར་བྱ་སྟེ། ཚུལ་འདི་ཚིག་ཚོགས་ཆུང་ཞིང་དགོས་དོན་མ་ཚང་བ་མེད་པས་རྣམ་པར་དག་པར་འགྱུར་བ་ཉིད་དོ། །དེ་ལྟར་བྱིས་འཇུག་མཆོག་དབང་དང་བཅས་པ། མཆོག་དབང་ཁྱད་པར་ཅན། རྡོ་རྗེ་སློབ་དཔོན་བདག་པོ་དང་བདག་པོ་ཆེན་པོའི་དབང་བཅས་རྭ་འབྲོ་ཙ་མི་གསུམ་གྱི་བཀའ་སྲོལ་ཆུ་རྒྱུན་གཅིག་ཏུ་འདྲེས་ཤིང་། ཆོས་རྗེ་ཀུན་མཁྱེན་ཡབ་སྲས་ཀྱི་ཕྱག་བཞེས་འདི་ཉིད་རྒྱུད་འགྲེལ་དགོངས་པ་ཇི་བཞིན་པ་ལས་བོད་ལུགས་རྟོག་བཟོ་མང་པོས་མ་བསླད་པའི་ཡིད་ཆེས་ལ་ཕྱག་ལེན་བདེ་བས་རྗེ་བཙུན་ཐམས་ཅད་མཁྱེན་པ་སྒྲོལ་བའི་མགོན་པོས་མཛད་པའི་ཡིག་ཆ་རྣམས་བློ་རྨོངས་ཀྱིས་ཁྱེར་བདེ་
བའི་སླད་དུ་བཀླགས་ཆོག་ཏུ་བཀོད་པའོ། །འཛམ་བུའི་གླིང་དུ་ཉི་ཟླ་ལྟར་གྲགས་ཤིང་། །རྒྱལ་མཚན་ཏོག་བཞིན་ཀུན་ལས་ཁྱད་འཕགས་པ། །བླ་མེད་རྒྱུད་ཀྱི་རྒྱལ་པོའི་སྨིན་བྱེད་ཀྱི། །ལག་ལེན་མཚམས་སྦྱོར་བརྒྱུད་པའི་གསུང་ལྟར་བཀོད། །མཚན་ཐོས་དད་པ་ལན་གཅིག་སྐྱེས་པ་ཡང་། །སྲིད་རྩ་བྱང་ཆུབ་སྙིང་པོར་བཅད་འགྱུར་ན། །དཀྱིལ་འཁོར་མཐོང་ནས་སྨིན་གྲོལ་ས་བོན་མཆོག །ཐེབས་པའི་བསོད་ནམས་མཐའ་ཡས་སྨོས་ཅི་དགོས། །དེས་ན་བདག་གཞན་སྲིད་གསུམ་ལུས་ཅན་ཀུན། །ཉི་ཟླའི་འཕོ་བ་སྒྲ་གཅན་དབྱིངས་སུ་འགགས། །མི་འགྱུར་བདེ་དང་ཟུང་འཇུག་ཕྱག་རྒྱ་ཆེ། །རྣམ་ཀུན་མཆོག་ལྡན་ཡེ་ཤེས་སྐུ་འགྲུབ་ཤོག །རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་རྣམས་ཀྱི་ལག་ལེན་དང་མཚམས་སྦྱོར་བླ་མ་བརྒྱུད་པའི་ཕྱག་བཞེས་མ་ཉམས་པའི་ལུགས་སུ་བྱས་ཏེ། དཔལ་སྤུངས་ཡང་ཁྲོད་སྒྲུབ་སྡེའི་རྡོར་སློབ་སྔ་རྗེས་རྣམས་ཀྱིས་བསྐུལ་ངོར་༧ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བཀོད་པ་དགེ་ལེགས་འཕེལ།། །།ཨོཾ་སྭ་སྟི། རྒྱུད་ཀྱི་རྒྱལ་པོའི་སྨིན་བྱེད་ཀྱི། །སྤར་འདི་ཡང་ཁྲོད་སྒྲུབ་སྡེས་བསྐྲུན། །དགེ་དེས་བླ་མའི་ཞབས་བརྟན་ཅིང་། །བསྟན་གནས་འགྲོ་ཀུན་སངས་རྒྱས་ཤོག །ཅེས་མངྒ་ལ་དྷརྨ་བརྡྷས་སྨོན་པ་སིདྡྷི་ར་སྟུ། །