Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of བྲག་ཡེར་པ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་གྱི་སྟོང་ཐུན་གདོང་ལྔའི་གད་མོ།
  


1 occurrence of བྲག་ཡེར་པ་
[Clear Hits]

 
previousབཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་གྱི་སྟོང་ཐུན་གདོང་ལྔའི་གད་མོ།next

བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་གྱི་སྟོང་ཐུན་གདོང་ལྔའི་གད་མོ།


LT35_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་གྱི་སྟོང་ཐུན་གདོང་ལྔའི་གད་མོ་ཞེས་བྱ་བ་བཞུགས་སོ། །


LT35_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་སྙིང་རྗེའི་བདག་ཉིད་ཅན། །སྒྱུ་མ་ལྟ་བུའི་ཆོས་རྣམས་ལ། །ཆགས་ཐོགས་མེད་པ་ནམ་མཁའི་སྐུ། །བླ་མ་དཀྱིལ་འཁོར་འཁོར་ལོར་འདུད། །དེ་ལ་ཐོག་མར་མ་ཏྲཾ་བསྒྲལ་ཆོག་གི་གོང་དུ་རྡོ་རྗེ་སློབ་དཔོན་ནམ་རྒྱལ་ཐེང་ཀྱི་གཙོ་བོས་འདི་ལྟར་བརྡ་སྤྲད་པར་བྱའོ། །ཀྱེ་རྡོ་རྗེའི་འདུས་པ་རྒྱ་མཚོ་ཚོམ་བུ་ཚོགས་སུ་བསྒྲུབ་པའི་གསང་བའི་འདུ་བ་ལ་མངོན་ཏུ་ཕྱོགས་པ་གང་ཞིག་ཟུང་འཇུག་ལྷའི་ཕྱག་རྒྱས་ཕྱི་ནང་གསང་བའི་མཚན་འཛིན་རྩད་གཅོད་པ་ལ་ཐོག་མར་མ་ཏྲཾ་འདུལ་ཆོག་གི་སྐབས་སུ་བབ་པ་སྟེ། དེ་ཡང་མ་ཏྲཾ་ཞེས་བྱ་བ་དོན་ཏུ་ཡིད་ལྷན་སྐྱེས་དང་ཀུན་བརྟགས་ཀྱི་མ་རིག་པའི་རྩལ་ལས་ཆོས་གཉིས་འཛིན་ཏུ་ཤར་བ་རྣམས་ཏེ། ལུས་སྣང་བའི་སྲིད་པ། ངག་ཕྱེད་སྣང་གི་སྲིད་པ། ཡིད་མི་


LT35_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བའི་སྲིད་པས་བསྡུས་པའི་ཆོས་སོ་ཅོག་ལ་གཟུང་བྱར་འཁྲུལ་པ་ཆོས་ཀྱི་བདག་འཛིན་མ་ཏྲཾ་ཀ་རུ་དྲ་སེམས་ཅན་གྱི་ལུས་ལ་གནས། སྨིག་རྒྱུའི་ཕྲེང་བ་ལྟར་རྟེན་འབྲེལ་དུ་འཚོགས་པའི་རྣམ་པར་ཤེས་པ་ཚོགས་བརྒྱད་ལ་ང་དང་བདག་ཏུ་ལྟ་བ་གང་ཟག་གི་བདག་འཛིན་ཁ་ཏྲྃ་ཀ་རུ་དྲ་སེམས་ཅན་གྱི་སེམས་ལ་གནས། ཡོད་པ་སྐུར་འདེབས་དང་མེད་པ་སྒྲོ་འདོགས་ཀྱི་མཐར་ལྷུང་བས་ལས་དང་ལས་ཀྱི་འབྲས་བུ་མཐའ་དག་ཡོངས་སུ་ཆད་ཅིང་མེད་པར་སྨྲ་བ་མི་བདེན་འཁྲུལ་པའི་བདག་འཛིན་ཨ་ཀར་ཤ་རུ་དྲ་སེམས་ཅན་གྱི་ངག་ལ་གནས་པ་སྟེ། མཐར་ལྟ་དང་འཇིགས་ཚོགས་ལ་མངོན་པར་ཞེན་པས་སྐྱེ་འཆིའི་བདེ་སྡུག་སྤེལ་མར་འབྱུང་བའི་མ་རིག་འཁྲུལ་སྣང་གི་


LT35_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་དང་། སྐྱེ་འཇུག་གི་ཕྲེང་བ་བར་མ་ཆད་པའི་ཕྱི་མའི་ལས་ཀྱི་གཟུགས་སྒྲུབ་པ་ཡིད་དང་རྣམ་ཤེས་ཀྱི་རྒྱ་མཚོ་ཀུན་འབྱུང་སེམས་ཀྱི་དུར་ཁྲོད་ལ་བདག་ཏུ་བཟུང་བའི་དྲེགས་པ་ཅན་དེ་དག །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་རྟོགས་པ་ལྷའི་དུར་ཁྲོད་ཆོས་ཀྱི་དབྱིངས་ཐམས་ཅད་འདུས་པ་ཆེན་པོའི་ཀློང་དུ་ལྟ་བ་གྱད་དུ་གྱུར་པས་བསྒྲལ་ཞིང་། རྩ་རླུང་ཐིག་ལེའི་རང་བཞིན་ཕྱི་རོལ་དུ་ཤར་བ་གདོད་ནས་གྲུབ་པའི་སྒྲུབ་པ་གནས་ཀྱི་དུར་ཁྲོད་ཆེན་པོར་བྱིན་གྱིས་བརླབས་པ་ལ། གསང་སྔགས་ཐབས་ཀྱི་ཆེ་བ་ཡིན་པས་བརྡ་དང་ཐབས་ཀྱིས་བཏུལ་བའི་ཚུལ་ཡང་། སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གདུལ་དཀའ་རབ་ཏུ་དགའ་བ་ལ་འཇིག་རྟེན་གྱི་ཁམས་སྦྱངས་དཀའ་བཞེས་བྱ་བར་དེ་བཞིན་གཤེགས་པ་འཇིག་རྟེན་གྱི་སྒྲོན་མེར་གྱུར་པས་མཐའ་དྲུག་གི་ཚུལ་གྱིས་ཆོས་སྟོན་པ་ལ། ལོག་པར་རྟོག་པའི་སེམས་ཅན་ཞིག་གིས་གབ་པའི་གསང་བ་སྒྲ་ཇི་བཞིན་དུ་སྤྱད་པའི་ལས་ཀྱི་ངན་སོང་གི་སྡུག་བསྔལ་སྣ་ཚོགས་པ་མྱོང་བའི་མཐར་རྒྱུ་མཐུན་གྱི་འབྲས་བུས་འཇིག་རྟེན་བདག་པོ་དབང་ཕྱུག་ཡབ་ཡུམ་གྱི་བུ་མ་ཏྲཾ་རུ་དྲ་ཞེས་བྱ་བ་ཤིན་ཏུ་འཇིགས་ལ་གཏུམ་ཞིང་མ་རུངས་པ་ཞིག་ཏུ་སྐྱེས་ནས་འབྲས་བུ་ཆེ་བའི་གནས་རིས་ཀྱི་ལྷ་མན་ཆད་དབང་དུ་བསྡུས་ནས་ཁམས་གསུམ་མཐའ་དག་ངན་འགྲོའི་ལས་ཀྱི་ལམ་མི་བཟད་པ་ལ་གཞོལ་བ་དེའི་ཚེ། རྒྱལ་བ་མ་ལུས་ཤིང་


LT35_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པ་མེད་པའི་རྡོ་རྗེ་གསུམ་གྱི་གསང་བ་གཅིག་ཏུ་བསྡུས་པ་དཔལ་ཆེན་པོ་ཧེ་རུ་ཀ་ཉིད་འབར་བ་ཆེན་པོའི་གཟུགས་ཀྱི་སྐུར་བཞེངས་ནས་རྡོ་རྗེ་ཁྲོ་བོའི་སྤྲིན་དང་བཅས་པས། དུར་ཁྲོད་ཀྱི་བདག་པོ་མ་ཏྲཾ་རུ་དྲ་བསྒྲལ་ཞིང་གནས་སྤར་ཏེ་ཆོས་སྐྱོང་བའི་སྲུང་མ་མ་ཧཱ་ཀཱ་ལར་དབང་བསྐུར། མ་འོངས་ཐལ་བས་ཁེབས་པའི་ཞིང་དུ་བཅོམ་ལྡན་འདས་ཐལ་བའི་དབང་པོར་འཚང་རྒྱ་བར་ལུང་བསྟན། ཆུང་མ་ཀྲོ་དྷཱི་ཤྭ་རི་མ་ལ་མ་ཆགས་ཐབས་ཀྱིས་རོལ་པ་མཛད་དེ་སྲས་མཆོག་བཛྲ་ཧེ་རུ་ཀར་སྤྲུལ། སླས་ཀྱི་འཁོར་བདུད་ཀྱི་བུ་མོ་མྱོས་བྱེད་མ་ལ་སོགས་པ་བརྒྱད་ལས་གཽ་རཱི་མ་བརྒྱད། ནང་གི་སྒོ་སྲུང་སེང་མོ་ལ་སོགས་པ་བརྒྱད་ལས་སི༚་ཧ་མ་བརྒྱད། ཕྱིའི་སྒོ་སྲུང་བཞི་ལས། རྟ་གདོང་སྒོ་མ་བཞིར་སྤྲུལ། འཁོར་གྱི་ཡི་དྭགས་ཆེན་པོ་འདུག་པ་ཅན་རྣམས་དབང་དུ་བསྡུས་ཤིང་བྲན་ཏུ་བྱས། རུ་དྲའི་ཕུང་པོ་ཛམ་བུའི་གླིང་དུ་བོང་བ་ལས་ཡུལ་ཆེན་པོ་བརྒྱད་དང་དུར་ཁྲོད་ཆེན་པོ་བརྒྱད། དེ་དག་རྣམས་སུ་རང་བྱུང་གི་མ་མོ་མཆོད་རྟེན་ཞིང་སྐྱོང་ཀླུ་དང་སྤྲིན་ལ་སོགས་པས་བརྒྱན་ཅིང་སྐལ་ལྡན་རྣམས་ཉམས་རྟོགས་སྤོང་། སྐལ་མེད་རྣམས་ཚར་གཅོད་པའི་གནས་སུ་བྱིན་གྱིས་རླབས་པ་དེ་དག་སྔོན་བྱུང་སྟོན་པའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན་ཡིན་པས་བསྒྲལ་ཆོག་ལ་འཇུག་པ་འདི་ཡང་དོན་དང་ལྡན་པ་སྟེ། དཔལ་ཆེན་པོའི་རྣམ་ཐར་གྱི་རྗེས་སུ་འཇུག་པར་འགྱུར་


LT35_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། མ་ཏྲ་བསྒྲལ་བའི་ཁོག་པ་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་པའི་ནང་དུ་བསྒྲུབ་ན་བཀྲ་ཤིས་པ་དང་། སྲིད་པ་གསུམ་གྱི་བགེགས་ཀྱི་རྒྱལ་པོ་བསྒྲལ་བས་བགེགས་གཞན་གྱིས་བར་ཆད་མི་ནུས་ཤིང་དངོས་གྲུབ་རྣམ་གཉིས་མྱུར་དུ་ཐོབ་པའི་དགོས་པ་ཡོད་ལ། དེ་ཡང་དབང་པོ་རབ་ཀྱིས་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལས་གུད་ན་མེད་ཅིང་སེམས་ཉིད་བདག་མེད་ཕྱོགས་བྲལ་རང་བྱུང་གི་ཡེ་ཤེས་ཡུལ་སེམས་གཉིས་མེད་སྐྱེ་འགག་ལས་འདས་པར་རྟོགས་པས། གཉིས་སྣང་ལ་དགག་སྒྲུབ་བླང་དོར་མེད་པར་རང་ཤར་རང་གྲོལ་ཆོས་ཉིད་ཀྱི་རོལ་པ་འབའ་ཞིག་ཏུ་མཐོང་བའམ། དབང་པོ་འབྲིང་གིས་སྣང་སྲིད་ལྷ་དང་ལྷ་མོར་རིག་པ། ཐ་མས་ཀྱང་དམ་རྫས་ཆེན་པོ་ལྔ་ཡི་རང་བཞིན་ཏུ་ཤེས་པ་ནི་དོན་ཆོས་ཉིད་ཀྱིས་འདུལ་བ་ཞེས་བྱ་བ་འཁྲུལ་པའི་རྩད་ཆོད་པས་བར་ཆོད་ཀྱི་ཁུངས་བརྟོལ་བ་སྟེ། རྩ་རྒྱུད་ལས། མཐོང་དང་རིག་དང་ཤེས་དང་སྤྱད༔ འདི་ལས་འདའ་བར་མ་གྱུར་ན༔ ལོག་པར་ལྟ་བ་འདུལ་ནུས་ཤིང་༔ སངས་རྒྱས་རྣམས་དང་ང་ཉིད་འགྲུབ༔ ཅེས་གསུངས་ཤིང་། དེ་ལྟ་བུའི་དོན་མཚོན་པའི་ཕྱིར་རྟགས་ཆོགས་འདུལ་བ་ལའང་། རྒྱུད་ལས། ཤིན་ཏུ་ཁྲོ་ཞིང་གཏུམ་བ་ལ༔ ཞི་བས་ཕན་པར་མི་འགྱུར་ཏེ༔ ཤེས་རབ་ཐབས་ཀྱི་ངོ་བོ་ལས༔ ཁྲོ་བོ་དེ་བཞིན་གཤེགས་སྤྲུལ་མཛད༔ ཁྲོ་བོའི་


LT35_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ཆུལ་འཆང་ཁྲོས་པས་ཀྱང་༔ འཇིག་རྟེན་གསུམ་རྣམས་བསྲེག་བྱེད་ན༔ སངས་རྒྱས་ཐམས་ཅད་ཁྲོས་པ་ཡིས༔ ཁམས་གསུམ་མ་ལུས་སྨོས་ཅི་དགོས༔ ཞེས་གསུངས་པ་ལྟར་རྣལ་འབྱོར་པ་རྣམས་དཔལ་ཁྲག་འཐུང་རོལ་པའི་ལྷ་སྐུ་ཕྱག་རྒྱའི་གསལ་སྣང་དང་ང་རྒྱལ་རབ་ཏུ་འབར་བས་མ་ཏྲཾ་བཀུག་ཅིང་བསྒྲལ་ཏེ་ཁོག་པ་གཞལ་ཡས་ཁང་དུ་བྱིན་གྱིས་རླབས་པའི་ནང་དུ་འཇུག་པ་སོགས་གཞུང་ལས་འབྱུང་བའི་ཚིག་གི་བསྒོམ་དོན་གསལ་འདེབས་བཞིན་པས་ཆོ་གའི་བྱ་བ་ལ་འཇུག་པར་ཞུ།། ༈ །།སྒྲུབ་པ་པོ་རྣམས་གནས་སུ་འགྲོད་པའི་སྐབས། ད་ལམ། ཐེག་པ་ཀུན་གྱི་ཡང་རྩེ། མདོ་རྒྱུད་ཐམས་ཅད་ཀྱི་ཉིང་ཁུ། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཚོམ་བུ་ཚོགས་སྒྲུབ་ཆེན་མོ་གནང་བ་ལ། མཛད་པ་ཆོ་འཕྲུལ་ལྷའི་ལུང་ལས། ལྷ་ཞེས་བྱ་བ་བྱང་ཆུབ་སེམས། །དེ་ནི་རྒྱུད་དུ་རབ་ཏུ་བརྗོད། །ཐ་སྙད་ཙམ་དུ་ཕྱེ་བ་ན། །གཞི་ལམ་འབྲས་བུ་གསུམ་དུ་བརྗོད། །ཅེས་སྦྱང་གཞི་འགྲོ་བ་ཐམས་ཅད་རང་བཞིན་གྱིས་ལྷའི་དཀྱིལ་འཁོར་བྱང་ཆུབ་སེམས་ཀྱི་བདག་ཉིད་དུ་གནས་ཀྱང་། སྦྱང་བྱ་གཉིས་འཛིན་ཆགས་སྡང་གི་རྣམ་པས་བྲལ་བྱའི་ཚུལ་དུ་བསྒྲིབས་པ་ཉིད། སྦྱོང་བྱེད་ཞི་ཁྲོ་དཀྱིལ་འཁོར་འཁོར་ལོའི་རྣམ་པ་ལམ་དུ་བྱས་པས། སྦྱང་འབྲས་གདོད་ནས་བཞུགས་པའི་ཟུང་འཇུག་གི་ཕྱག་རྒྱ་མངོན་ཏུ་བྱེད་པའི་


LT35_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཁྱད་པར་ཅན་དང་དགོས་པ་རྗེས་སུ་འབྲེལ་བས་ཕུན་སུམ་ཚོགས་པ་ལྔས་བསྒྲུབ་པའི་གཞི་བཟུང་བ་ལ། ས་བརྟགས་བསླང་སྦྱོང་ཞིང་ཕྱི་ནང་གསང་བའི་མཚམས་གཅོད། དཀྱིལ་འཁོར་བྲི་ཞིང་རྒྱན་འགོད་པ་སོགས་སྔོན་ཏུ་སོང་ནས་སྒྲུབ་པ་པོ་རྣམས་གནས་སུ་འགོད་པའི་སྐབས་སུ་བབས་པ་སྟེ། དེ་ཡང་གནས་ཕུན་སུམ་ཚོགས་པ་གྲུབ་པའི་དཔའ་བོ་རྣམས་ཀྱིས་དཔལ་ཧེ་རུ་ཀའི་གནས་སུ་བྱིན་གྱིས་རླབས། གཙུག་ལག་གི་གཞུང་ལས་བཤད་པའི་སའི་དཔལ་ཁ་དང་ལས་བཞི་སྒྲུབ་པའི་མཐུན་རྐྱེན་འཛོམས་པས་བཀྲ་ཤིས་དག་པའི་གནས། ལྷུན་གྲུབ་ཡིད་འོང་གི་གནས། འཕྲལ་རྐྱེན་སྒྲུབ་པའི་གནས་རྣམས་ཀྱི་མཚན་ཉིད་ཀུན་ལྡན་ཏེ་ཕྱིའི་གནས་དང་། ཕྱི་ནང་སྣོད་བཅུད་རང་ལུས་དང་བཅས་པ་གདོད་ནས་གདན་གསུམ་ཚང་བའི་ལྷའི་འཁོར་ལོར་རྣམ་པར་དག་པ་ཡིན་པ་ལ་ཡིན་པར་ཤེས་པ་ནང་གི་གནས་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་དེ་ཁོ་ན་ཉིད་དུ་ལྷུན་གྱིས་གྲུབ་པས་གང་ན་གནས་ཀྱང་ཆོས་ཀྱི་དབྱིངས་འགྱུར་བ་མེད་པའི་ཀློང་དུ་གནས་པར་རྟོགས་པ་གསང་བའི་གནས་ཀྱི་མཚན་ཉིད་མཐའ་དག་ཚང་། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་སློབ་དཔོན་ལྟ་བ་གཉིས་སུ་མེད་པའི་གདེང་དང་ལྡན། སྒོམ་པ་བསྐྱེད་རྫོགས་ལས་སུ་རུང་། སྤྱོད་པས་མ་ཡ་འབུམ་སྡེ་རྣམ་པར་དག །དབང་དང་མན་ངག་གི་བཀའ་བབ། ཐེག་པ་རིམ་དགུའི་དོན་ཐུགས་སུ་ཆུད།


LT35_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ངང་རྒྱུད་རིང་ཞིང་ཕན་སེམས་ཆེ་བ། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོའི་མགོན་དང་དཔུང་གཉེན་ཏུ་གྱུར་པ་དོན་སླད་མཚན་ནས་སྨོས་པ། རྡོ་རྗེ་སློབ་དཔོན་ཆེན་པོ་མཚན་འདི་ཞེས་བྱ་བ་དང་། འཁོར་ཕུན་སུམ་ཚོགས་པ་བདེ་ཆེན་རྒྱུད་ལ་སྐྱེད་པའི་འཁོར་གཟུངས་མ་ལུས་ངག་ཡིད་གསུམ་གྱི་མཚན་ཉིད་དང་ལྡན་པ། རིགས་ལྔའི་དངོས་གྲུབ་སྒྲུབ་པའི་འཁོར་རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས་ཀྱི་གཙོ་བོ་བཞི་ཡུམ་དང་བཅས་པ། དོན་གཉིས་ཕྲིན་ལས་སྒྲུབ་པའི་འཁོར་རྒྱལ་ཐེབ་ཀྱི་སྟོན་པ་བཞི། བར་ཆད་དགྲ་བགེགས་སྒྲོལ་བའི་འཁོར་རྡོ་རྗེ་སྤྱན་པ་དང་། རྡོ་རྗེ་མཚམས་པ་གིང་དང་བཅས་པ། མཆོད་པའི་ཞལ་ཟས་སྦྱོར་བའི་འཁོར་རྡོ་རྗེ་དྲོད་འཛིན་བྱན་ཕོ་མོ་དང་བཅས་པ། དད་འདུས་ཐུགས་རྗེས་བཟུང་བའི་འཁོར་མཆེད་དང་ལྕམ་དྲལ། ཕྱི་ནང་བརྡ་སྦྱོར་བྱེད་པའི་འཁོར་རྡུལ་ཕྱག་སྐྱེས་བུ་སྟེ། ཐམས་ཅད་ཀྱང་བསགས་པ་སྔོན་ཏུ་སོང་བའི་སྐལ་པ་ཅན། ང་རྒྱལ་དང་ཕྲག་དོག་ཆུང་བ། དད་པ་དང་བརྩོན་འགྲུས་ཆེ་བ། ལྷག་པར་རྒྱལ་ཐེབ་རྣམས་ཀྱང་དབང་དང་དམ་ཚིག་ལྡན་ཞིང་ཐོས་བསམ་གྱིས་རྒྱུད་དག །དེ་ཁོ་ན་ཉིད་ལ་བློ་སྦྱངས་པ་ཤ་སྟག་ལགས་པ་དང་། དུས་ཕུན་སུམ་ཚོགས་པ། ཐོག་མཐར་དབྱེར་མེད་དུས་བཞི་མཉམ་པ་ཆེན་པོའི་ངང་ལས་གདུལ་བྱའི་སྣང་ངོར། བདག་ཅག་གི་སྟོན་པ་མཉམ་མེད་དོན་ཐམས་ཅད་གྲུབ་


LT35_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལུ་བི་ནི་ཡི་སྐྱེད་ཚལ་དུ་སྐུ་བལྟམས་པ་དང་། རྡོ་རྗེ་གདན་དུ་མངོན་པར་སངས་རྒྱས་པ་དང་། རྩ་མཆོག་དྲུང་དུ་དགོངས་པ་མྱ་ངན་ལས་འདས་པ་སྟེ་དུས་ཆེན་སུམ་མཛོམས་ས་ག་ཟླ་བའི་དམར་ཕྱོགས་ཚེས་བཅུའི་གཟའ་སྐར་ཡོ་བྱད་དགེ་ཞིང་ཤིས་པ། ཡོ་བྱད་ཕུན་སུམ་ཚོགས་པ་འཚོ་བ་ཟས། ནད་ཟློག་སྨན། དགྲ་ཟློག་མཚོན་སོགས་ཕྱི་ཡི་ཡོ་བྱད། རྟེན་རྫས་སྒྲུབ་རྫས། རྒྱན་རྫས། མཆོད་རྫས། དབང་གི་རྫས་ཏེ་ནང་གི་ཡོ་བྱད། ཏ་ན་གྷ་ན། ཤེས་རབ་སྙིང་རྗེ་སྟེ་གསང་བའི་ཡོ་བྱད་དུ་བཤད་པ་སྤྱི་དང་ཁྱད་པར་ཕོ་བྲང་ཁང་ཁྱིམ་དགུའི་རྟེན་ཐུན་མོང་མ་ཡིན་པ། བུམ་པ་མར་མེ་ཐོད་པ་དང་། །ཕྱག་རྒྱ་ཕུར་བུ་ཙིཏྟ་དང་། །མཆོད་གཏོར་ལིངྒ་ཉའུ་དག །སྒྲུབ་རྫས་རྟེན་གྱི་མཐར་ཐུག་ཡིན། །ཞེས་ཕྲིན་ལས་ཀྱི་ལུང་ལས་གསུངས་པ། །ཆེ་མཆོག་གི་བུམ་གཅིག །ཡང་དག་གི་མེ་གཅིག་ལ་སོགས་པ་རྟེན་སྒྲུབ་མཆོད་པའི་རྫས་གཙང་ལ་མ་ཚང་བ་མེད་པར་འདུ་བྱས། དཀྱིལ་འཁོར་གྱི་རི་མོ་བཀྲ་ཡ་ལེ། སྣང་གསལ་མར་མེ་འོད་ལྷག་གེ། བདུག་སྤོས་ཀྱི་དྲི་ངད་ཐུ་ལེ། རྡོ་རྗེ་མཆེད་ལྕམ་སྤྲོ་དགའ་དང་བྱིན་རླབས་ཐིབས་སེ་འདུ་བའི་སྐབས་འདིར། སྟོན་པ་རྡོ་རྗེ་སློབ་དཔོན་ཉིད་བསྐྱེད་རྫོགས་ཀྱི་དགོངས་པ་མཛད་ཅིང་ཟབ་མོའི་དོན་སྟོན་ཏེ་རྣལ་འབྱོར་ཡོངས་ཀྱི་མགོན་ཏུ་འདུས་པ་རྒྱ་མཚོའི་དབུས་སུ་རྡོ་རྗེའི་ཁྲི་ཆེན་པོ་ལ་བཞུགས་པར་གསོལ། རིགས་བཞིའི་བསྐྱེད་རྫོགས་དང་ཛ་བ་བསྙེན་བགྲང་བའི་


LT35_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཚབ་ཆེན་པོ་བཞི་ཕྱོགས་བཞི། ཡབ་ཀྱི་དགོངས་པ་དང་བསྟུན་ཞིང་སྦྱོར་བའི་སྒྱུ་རྩལ་ཤེས་པའི་གཟུངས་མ་ཀུན་ཏུ་བཟང་མོ་རྣམས་ཡབ་ཀྱི་གཡོན་ཟུར། ཆོས་འཆད་པ་རྡོ་རྗེ་རྒྱལ་ཐེབ། དངོས་གྲུབ་ཀྱི་རྫས་སྟེར་བའི་རིན་ཆེན་རྒྱལ་ཐེབ། དབང་བསྐུར་བའི་བྱ་བ་བྱེད་པ་དབང་གི་རྒྱལ་ཐེབ། ཕྲིན་ལས་ཀྱི་གཞུང་བསྲང་བ་ལས་ཀྱི་རྒྱལ་ཐེབ་རྣམས་ཀྱང་ཕྱོགས་བཞི། ཕྱི་ནང་བར་ཆད་སྲུང་བའི་བརྟུལ་ཞུགས་ཅན་རྡོ་རྗེ་མཚམས་པ་ནུབ་བྱང་། སྒྲོལ་བའི་ལས་དང་བརྡ་ལ་མཁས་པ་རྡོ་རྗེའི་ཀིང་ཀར་རྣམས་ལྷོ་ནུབ། གཡོ་སྒྱུ་མེད་པར་མི་མ་ཡིན་མཐོང་ཞིང་ཉུ་ལེའི་བར་ཆད་ཟློག་ནུས་པའི་མིག་རྣོན་རྡོ་རྗེ་སྤྱན་པ་དང་། དུས་སྦྱོར་དབྱུ་གུ་སོགས་ལ་མཁས་ཤིང་ཕྲིན་ལས་ཀྱི་སྐབས་ཕྱེད་པ་རྡོ་རྗེ་དྲོད་འཛིན་པ་གཉིས་བྱང་ཤར། པག་ལྡན་གཙང་སྦྲ་ཆེ་ཞིང་རྣམ་སྨིན་ལ་འཛེམ་པའི་རྡོ་རྗེ་བྱན་པོ་བྱན་མོ་དང་། ང་རྒྱལ་མེད་ཅིང་བཀའ་བཞིན་སྲི་ཞུ་ལ་བརྩོན་པའི་རྡོ་རྗེ་རྡུལ་ཕྱག་པ་རྣམས་ཤར་ལྷོ། མཆེད་ལྕམ་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་གྲལ་གྱི་བར་དུ་བཞུགས་ཏེ། ཐམས་ཅད་ཀྱང་། ཆོས་སྤྱོད་ལ་བརྩོན་འགྲུས་ཆུང་བ་ལུས་ཀྱི་སྐྱོན་དང་། སྨྲ་བ་མང་ཞིང་བཟླས་པ་ལ་མི་བརྩོན་པ་ངག་གི་སྐྱོན་དང་། ཞེ་སྡང་ཆེ་ཞིང་བྱམས་པ་ཆུང་བ་ཡིད་ཀྱི་སྐྱོན་དང་། བརྗེད་ངས་ཆེ་ཞིང་བག་ཟོན་ཆུང་བ་དམ་ཚིག་གི་སྐྱོན་དང་། ཆང་ལ་དགའ་ཞིང་གཉིད་ཆེ་


LT35_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཏིང་ངེ་འཛིན་གྱི་སྐྱོན་དང་། གཡེང་བ་ལ་དགའ་ཞིང་བསྒོམ་སྒྲུབ་ལ་སྐྱོབ་དད་པའི་སྐྱོན་ཏེ་སྐྱོན་དྲུག་པོ་རྣམ་པ་ཐམས་ཅད་དུ་སྤང་ཞིང་། རྟོགས་པ་ཆེ་བས་ཆོས་ཉིད་དང་མི་ཕྱེད་པ། དད་གུས་ཆེ་བས་བླ་མ་དང་མི་ཕྱེད་པ། དམ་ཚིག་ཆེ་བས་ཡི་དམ་དང་མི་ཕྱེད་པ། བརྩེ་གདུང་ཆེ་བས་མཆེད་ལྕམ་དང་མི་ཕྱེད་པ། བརྟུལ་ཞུགས་ཆེ་བས་དམ་རྫས་དང་མི་ཕྱེད་པ། སྦྱོར་སྒྲོལ་ལ་བརྩོན་པས་གཟུངས་མ་དང་མི་ཕྱེད་པ། སྙིང་རྗེ་ཆེ་བས་སེམས་ཅན་དང་མི་ཕྱེད་པ། ཏིང་ངེ་འཛིན་གསལ་བས་དངོས་གྲུབ་དང་མི་ཕྱེད་པ། སྐྱོན་དང་བྲལ་བས་འབྲས་བུ་སངས་རྒྱས་དང་མི་ཕྱེད་པ་སྟེ་ཡོན་ཏན་དགུ་པོ་ལ་རྣམ་པ་ཀུན་ཏུ་བརྩོན་ཞིང་གཞན་ཡང་། རྩ་རྒྱུད་ལས། སྙིགས་མའི་དུས་ཀྱི་སྟོན་པ་དང་༔ ད་ལྟ་སངས་རྒྱས་འདི་དག་ལ༔ ཐ་དད་དུ་ནི་ཅུང་མིན་བརྟག༔ རྡོ་རྗེ་གསང་བའི་གྲོགས་དག་ཀྱང་༔ དེ་དང་རྗེས་སུ་མཐུན་པར་བལྟ༔ སྒོ་གསུམ་གུས་པས་བརྩོན་བྱ་ཞིང་༔ དམ་པའི་ཚིག་ལས་འདའ་མི་བྱ༔ ཞེས་གསུངས་པའི་དོན་ལ་བསླབ་པ་སོགས་གང་བསྒོ་བའི་ལས་རྣམས་བདེ་བླག་ཏུ་བསྒྲུབ་པར་བགྱིའོ་སྙམ་པའི་ཐུགས་འདུན་དང་ལྡན་པའི་འདིའི་རྗེས་ཟློས་གནང་བར་ཞུ།། ༈ །།དཔལ་གྱི་རྟགས་གདབ་པའི་སྐབས་སུ། འདིར་འདུས་པའི་སྒྲུབ་པ་པོ་རྣམས་དོན་གྱི་དག་པ་སྦྱར་བས་ལྷ་དང་གཉིས་སུ་མེད་པར་རྟོགས་པ་དང་། རྟགས་ཀྱི་ཕྱག་རྒྱ་བཅིངས་པས་མཁའ་འགྲོ་དམ་ཅན་ཕོ་


LT35_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རྣམས་ཀྱིས་སྒྲུབ་པ་པོར་ཤེས་པ་དང་། བར་ཆད་བདུད་ཀྱིས་མི་ཚུགས་ཤིང་ཐབས་ཀྱི་ཐེག་པའི་རིགས་སུ་ངེས་པའི་འབྲས་བུ་མྱུར་དུ་འགྲུབ་པ་སོགས་དགོས་པ་དུ་མ་དང་ལྡན་པའི་ཧེ་རུ་ཀ་རོལ་པ་ཆེན་པོའི་ཆས་སུ་འཇུག་པའི་སྐབས་སུ་བབ་པ་སྟེ། ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལས། མ་འོངས་དུས་ན་སྐྱེས་བུ་དག༔ དུས་གསུམ་སངས་རྒྱས་ཀུན་ངོ་བོ༔ སྐུ་གསུམ་ཕྲིན་ལས་ཆེ་བའི་མཆོག༔ ཀུན་ཏུ་བཟང་པོ་ཀུན་གྱི་བདག༔ ཧེ་རུ་ཀ་ཡི་ཚུལ་འཆང་བ༔ བརྟུལ་ཞུགས་བཟང་པོ་དེ་ལ་ནི༔ མ་རིག་ལོག་པར་ལྟ་བའི་ཚོགས༔ བདུད་བཞིའི་ཕྱོགས་སུ་གཏོགས་རྣམས་ཀྱིས༔ འཚེ་ཞིང་བར་དུ་གཅོད་པའམ༔ གདུག་ཅིང་འདའ་བར་ནུས་མ་ཡིན༔ ཞེས་གསུངས། དེ་ཡང་རྟགས་ཕྱག་རྒྱའི་དབང་དུ་བྱས་ན། སྔོན་དཔལ་ཆེན་པོས་ཡི་དྭགས་ཀྱི་གཙོ་བོ་དུར་ཁྲོད་བདག་པོ་བཏུལ་ཞིང་དེའི་ཆས་རྣམས་དཔའ་བའི་རྟགས་སུ་བཞེས་པ་ལ་བྱུང་བ། རུ་དྲ་སྡེ་གསུམ་བསྒྲལ་བ་ཐོད་པ་ཚར་གསུམ་གྱི་ཕྲེང་བ། རུ་དྲའི་ཆུང་མ་མ་ཆགས་ཐབས་ཀྱི་རོལ་པས་དབང་དུ་བསྡུས་པ་རཀྟའི་ཐིག་ལེ། ཚངས་པ་ཆེན་པོ་བསྒྲལ་བ་ཞིང་ཆེན་གྱི་གཡང་གཞི། བརྒྱ་བྱིན་དང་དེའི་ཞོན་པ་གླང་པོ་ཆེ་བཏུལ་བ་གླང་ཆེན་གྱི་ཀོ་རློན། གཟའ་ཆེན་ཉི་མའི་བུ་མོ་སྟག་གདོང་སྤྱན་གཅིག་མ་བཏུལ་བ་སྟག་གི་


LT35_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཤམ་ཐབས། ཀླུ་རྒྱལ་གདུག་པ་ཅན་བཏུལ་བ་སྦྲུལ་ནག་གི་ཆུན་པོ། སྲིན་མོ་ཉེར་བཞི་ལ་སོགས་པ་བཏུལ་བ་ཐལ་ཆེན་གྱི་ཚོམ་བུ། དབང་མོ་ཉེར་བརྒྱད་དབང་དུ་བསྡུས་པས་ཞག་གི་ཟོ་རིས་ལ་སོགས་པ་བྱུང་བ་ཡིན་ཞིང་། བརྡའི་དག་སྦྱོར་གྱི་དོན་ནི། ཡེ་ཤེས་ལྔ་པོ་དོན་དམ་སྤྲོས་བྲལ་གྱི་དབྱིངས་སུ་གཅིག་པས། ཐོད་སྐམ་ལྔའི་དབུ་རྒྱན་རྒྱུ་མའི་ཁོང་སེང་གིས་སྦྲེལ་བ། ཐུགས་རྗེ་ཅི་ཡང་འགྱུར་བ་བཞི་ཡིས་འགྲོ་དོན་མཛད་པའི་གླང་ཀོ། ཕྱིན་ཅི་ལོག་བཞི་དང་བྲལ་བའི་སྦྲུལ་ཆུན། ཕྲིན་ལས་རྣམ་པ་བཞི་དང་ཚད་མེད་བཞི་ལྷུན་ལ་རྫོགས་པའི་གཡང་གཞི། ཁམས་གསུམ་རྟོག་པ་འཇོམས་པའི་སྟག་ཤམ། མ་རིག་རྣམ་རྟོག་གི་བུད་ཤིང་ཡེ་ཤེས་ཆེན་པོའི་དབྱིངས་སུ་སྦྱངས་པའི་མེ་དཔུང་། དུག་ལྔ་དབང་དུ་སྡུད་པ་ཁྲག་ཆེན་གྱི་ཐིག་ལེ། རྒྱུ་དྲུག་འཁོར་བའི་བཅུད་ཚོགས་གཉིས་ཀྱི་གསོས་སུ་བླང་བ་ཞག་ཆེན་གྱི་སོར་རིས། སྐྱེ་ཤི་རྩད་ནས་གཅོད་པ་ཐལ་ཆེན་གྱི་ཚོམ་བུ། དུག་གསུམ་སྐུ་གསུམ་དུ་རྫོགས་པ་ཐོད་ཕྲེང་ཚར་གསུམ། སྟོང་པ་ཉིད་ལ་བདུད་བཞིས་སྐྱེད་དུ་མེད་པའི་རྡོ་རྗེའི་གོ་ཁྲབ་བཅས་དཔལ་གྱི་ཆས་བཅུ་སྟེ། རང་རང་གི་རིགས་དང་མཐུན་པར་དཔལ་ཆེན་སྒྲུབ་སྡེ་བརྒྱད་དམ། སྐབས་སུ་གང་ཡིན་པའི་དཀྱིལ་འཁོར་འཁོར་ལོའི་གསལ་སྣང་དང་སྙེམས་པས་དཔལ་གྱི་ཆས་རྣམས་མངའ་གསོལ་དུ་བཞེས་ཤིང་


LT35_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱི་དག་དྲན་དང་ལྡན་པར། དུག་ལྔ་རྩད་ནས་གཅོད། སྟོབས་བཅུ་དང་མི་འཇིགས་པ་ལྡན། མ་མོ་མཁའ་འགྲོ་ཐམས་ཅད་ལ་དབང་བསྒྱུར། གདུག་པ་ཅན་ཟིལ་གྱིས་མནན། ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་ལ་མངའ་མཛད་པ་ཞི་ཁྲོ་འདུས་པའི་ལྷའི་ཚོམ་བུའི་དགོངས་པ་ལས་གཡེལ་བ་མེད་པའི་ངང་འདིའི་རྗེས་ཟློས་གནང་བ་ཞུ།། ༈ །།དམ་ཚིག་གི་སྟོང་ཐུན་དང་འབྲེལ་བར་ལོ་རྒྱུས་ཅུང་ཟད་བཤད་པ་ནི། དེ་ཡང་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་སེམས་ཅན་གྱི་དབང་པོ་དང་འཚམས་པར་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་བསྐོར་བ་ཐམས་ཅད་ཀྱང་རྒྱུ་དང་འབྲས་བུའི་ཐེག་པ་གཉིས་སུ་འདུས་ཏེ། ཀུན་བྱེད་ལས། །ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་གསུངས་ཤིང་། རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་ཀྱང་ཁྱད་པར་དུ་མས་འཕགས་པ་འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་ལའང་རྒྱུད་སྡེ་བཞི་དང་སྒོ་དྲུག་ལ་སོགས་པའི་དབྱེ་བ་ཡོད་པ་ལས་བླ་མེད་ཀྱི་རྒྱུད་རྣམས་ནི་ཚེ་གཅིག་ལ་ཕྱག་རྒྱ་ཆེན་པོའི་གོ་འཕང་སྟེར་བར་ནུས་པས་ཆེས་འཕགས་པ་སྟེ། དེ་ལའང་ཆེ་བ་རྣམ་པ་དྲུག་དང་ལྡན་པ། གསང་སྔགས་རྙིང་མའི་ཕྱོགས་འདིར་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་བསྟན་བྱ་གཙོ་བོར་འཆད་པའི་


LT35_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་མ་ཧཱ། ཨ་ནུ། ཨ་ཏི་ཡོ་ག་གསུམ་དུ་དབྱེ་ཞིང་། རྒྱུད་ལུང་མན་ངག་གསུམ་ཀའང་སྦྱང་གཞི་སྔོན་ཏུ་འགྲོ་བའི་དབང་གི་ཡོ་ག་སྐོར་གསུམ་གྱི་རྩ་བ་བསྐྱེད་པ་མ་ཧཱ་ཡོ་གའི་སྐོར་རྣམས་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་བཤད་སྒྲུབ་སྒོ་ནས་མངོན་གྱུར་དུ་གཏན་ལ་ཕབ་ཅིང་། དེ་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། འདིར་སྒྲུབ་སྡེ་བཀའ་བརྒྱད་བརྒྱུད་པ་དྲུག་ལྡན་གྱི་ལོ་རྒྱུས་ཅུང་ཟད་སྨོས་པ་སྐབས་སུ་བབ་པ་སྟེ། ཐོག་མའི་མགོན་པོ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་ངོ་བོ་རང་བཞིན་ཐུགས་རྗེར་བཅས་ཏེ་གཞི་ལ་མངོན་བྱང་ཆུབ་ནས་སྐུ་དང་ཞིང་ཁམས་རྒྱ་མཚོ་ལོངས་སྤྱོད་རྫོགས་པའི་བཀོད་པས་དག་པ་དང་། ཐུབ་པ་དྲུག་ལ་སོགས་པས་མ་དག་པའི་འགྲོ་བ་རབ་འབྱམས་རྒྱ་མཚོ་འདུལ་ཞིང་། ཉིད་ལས་མི་གཞན་པའི་འཁོར་གྱི་དཀྱིལ་འཁོར་གང་ལ་གང་འདུལ་དུ་སྣང་བ་རྣམས་དང་ཐབས་ཅིག །ངེས་དོན་རྡོ་རྗེ་ཐེག་པའི་བསྟན་པ་སྤྱི་དང་། བྱེ་བྲག་བདེ་གཤེགས་འདུས་པ་ཆེན་པོའི་སྤྱི་རྒྱུད་ལྔ་དང་སྒོས་རྒྱུད་བཅུ་ཡན་ལག་གི་རྒྱུད་ལ་ཡང་། འཇམ་དཔལ་ལེའུ་ཁྲི་དྲུག་སྟོང་པ། ཟླ་གསང་ནག་པོ་ལེའུ་འབུམ་པ་སོགས་འཇམ་དཔལ་སྐུ་རྒྱུད། རྟ་མཆོག་རོལ་པ། རྡོགས་མ་ལེབ་རྒན་སོགས་པདྨ་གསུང་རྒྱུད། གལ་པོ་ཆེ་ཆུང་སངས་རྒྱས་མཉམ་སྦྱོར་སོགས་


LT35_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་ཐུགས་རྒྱུད། བདུད་རྩི་བམ་བརྒྱད། བདུད་རྩི་འཁོར་ལོ་སོགས་བདུད་རྩི་ཡོན་ཏན་གྱི་རྒྱུད། རིགས་མཆོག་འབུམ་སྡེ། རྡོ་རྗེ་རྩེ་མོ་སོགས་ཕུར་པ་ཕྲིན་ལས་ཀྱི་རྒྱུད། སྲིད་པའི་བེམ་ཆེན། སྐུ་རྒྱུད་འབུམ་ཏིག་སོགས་རྦོད་གཏོང་མ་མོའི་རྒྱུད། དྲེགས་པ་འདུས་པ། སྲོག་ཐིག་ནག་པོ་སོགས་འཇིག་རྟེན་མཆོད་བསྟོད་ཀྱི་རྒྱུད། ཤེལ་ཕྲེང་དཀར་པོ། ཙིཏྟ་དམར་འབྱིན་སོགས་དམོད་པ་དྲག་སྔགས་ཀྱི་རྒྱུད་བསམ་གྱིས་མི་ཁྱབ་པ་རྒྱལ་བ་དགོངས་པས་བརྒྱུད་དེ་གསུངས་པ་རྣམས། མི་མངོན་རིག་པ་འཛིན་པའི་གནས་སུ་རྒྱལ་བ་ཀུན་གྱི་ཐུགས་ཀྱི་ཡེ་ཤེས་ལས་བྱུང་བའི་རིག་འཛིན་རྡོ་རྗེ་ཆོས་ཀྱི་སྐུའི་རྣམ་འགྱུར། གསུང་གི་བརྡ། ཐུགས་ཀྱི་དགོངས་དོན་མ་ལུས་པ་རྒྱུད་ཀྱི་རང་བཞིན་ཏུ་གཏན་ལ་ཕབ་སྟེ་ངག་ཏུ་བསྡུས། སླར་ཡང་འོག་མིན། དགའ་ལྡན། རི་རབ་ཀྱི་རྩེ་མོ་སྟེ་ལྷ་གནས་གསུམ་དུ་གྲགས་པའི་གནས་སུ་ཡི་གེར་བཀོད་ཅིང་དགོངས་འགྲེལ་ལུང་གི་ཆོས་ལྔ་བཅས་རིག་འཛིན་བརྡ་ཡིས་བརྒྱུད་དེ་སྟོན་ནས་མཁའ་འགྲོ་གཙོ་མོ་གསང་བ་ཡེ་ཤེས་ལས་ཀྱི་དབང་མོ་ཆེ་ལ་གཏད་རྒྱ་དང་བཅས་ཏེ་གཉེར་དུ་གདམས་པ་ན། དེས་ཀྱང་སྤྱི་བྱེ་བྲག་གི་རྒྱུད་རྣམས་སོ་སོར་ཕྱེས་ནས་རིན་པོ་ཆེའི་སྒྲོམ་བུར་བཅུག་སྟེ་དུར་ཁྲོད་བསིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་པ། གསང་བའི་བདག་པོ་


LT35_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ཀུཉྫ་རའི་ཐུགས་ཀྱི་ཡེ་ཤེས་དགུའི་རང་གཟུགས་དུར་ཁྲོད་ཆེན་པོ་བརྒྱད་ན་བཞུགས་པའི་སློབ་དཔོན་རྣམ་པ་དགུ་ཡིས་དགུང་བདུན་ཏུ་ཚོགས་ཀྱི་འཁོར་ལོ་བཅས་དགོངས་པ་མཛད་ནས་རྒྱ་བཀྲོལ་ཏེ་བཀའ་བརྒྱད་བྱེ་བྲག་གི་སྒྲོམ་བུ་བརྒྱད། འཇམ་དཔལ་བཤེས་གཉེན་སོགས་གྲུབ་བརྙེས་རིག་འཛིན་ཆེན་པོ་བརྒྱད་ལ་བབ། སྤྱི་རྒྱུད་ཀྱི་སྒྲོམ་རིན་ཆེན་སྣ་བརྒྱད་ལས་བྱས་པ་སྐབས་དེར་རྒྱ་མ་ཁྲོལ་བ་ཕྱིས་ཀུན་འདུས་རིག་འཛིན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་གྱིས་སྤྱན་དྲངས། ཐམས་ཅད་ཀྱང་མཆོག་ཐུན་མོང་གི་གྲུབ་པ་བརྙེས་པའི་ཚུལ་བསྟན། དེ་ནས་སློབ་དཔོན་ཆེན་པོ་ཉིད་བོད་དུ་ཕེབ་ནས་གདུལ་བྱ་དུས་ལ་བབ་པའི་ཚེ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཞུས་ངོར། བསམ་ཡས་མཆིམས་ཕུ་བྲག་དམར་གྱི་ཀེའུ་ཚང་དུ་གནུབས་ཆེན་སངས་རྒྱས་ཡེ་ཤེས་སོགས་ལས་ཅན་སྙིང་གི་བུ་དགུ་ལ་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ནས་དབང་བསྐུར་བའི་དུས་སུ་སོ་སོའི་མེ་ཏོག་ཇི་ལྟར་ཕོག་པའི་དཀྱིལ་འཁོར་གྱི་ཞལ་མཐོང་ཞིང་ཐུན་མོང་གི་སྤྲུལ་བསྒྱུར་དང་། སྐུ་ཚེ་དེ་ཉིད་ཀྱིས་རིགས་ཀྱི་བདག་པོའི་ཐུགས་ཀར་འོད་དུ་ཐིམ། གཞན་ཡང་རྗེ་འབངས་ཉི་ཤུ་རྩ་གཅིག ། ཡེར་བའི་གྲུབ་ཐོབ་བརྒྱ་རྩ། ཤེལ་བྲག་གི་སྔགས་ ་སུམ་ཅུ། ཡང་རྫོང་རྟོགས་ལྡན་ང་ལྔ་སོགས་གང་ཟག་སྙན་ཁུང་བརྒྱུད་པས་མཆོག་ཐུན་དངོས་གྲུབ་བརྙེས་པ་བསམ་གྱིས་མི་ཁྱབ་


LT35_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་ཞིང་། བདེ་གཤེགས་འདུས་པའི་བཀའ་བརྒྱུད་མཁས་པ་མི་བཞིས་གཉག་ལོ་ཡེ་ཤེས་གཞོན་ནུ་ལ་གནང་ནས་རིམ་པར་བརྒྱུད་དེ་གྲུབ་ཐོབ་དངོས་གྲུབ་ཞབས་ལས་མངའ་བདག་ཉང་ཆེན་པོས་གསན་པས་བཀའ་གཏེར་ཆུ་བོ་གཅིག་འདྲེས་སུ་གྱུར་པ་དང་། གཏེར་ཆོས་སྨོན་ལམ་གྱི་བརྒྱུད་པ་ལའང་རྗེ་འབངས་སོ་སོའི་དབང་སྐལ་དུ་བསྩལ་བ་མི་འདྲ་བ་དུ་མ་མཆིས་པའི་ནང་ནས་ཡོངས་སུ་གྲགས་པའི་ཐུགས་གཏེར་ལྔ་ནི། སྙིང་དང་འདྲ་བ་བདེ་གཤེགས་འདུས་པ། སྙིང་ཁྲག་དང་འདྲ་བ་གསང་བ་ཡོངས་རྫོགས། དྭངས་མ་དང་འདྲ་བ་རང་བྱུང་རང་ཤར། སྲོག་དང་འདྲ་བ་ཐུགས་ཀྱི་མེ་ལོང་། ལུས་དང་འདྲ་བ་ཡང་གསང་དྲེགས་འདུལ་རྣམས་ཉང་གུར་རྒོད་ལྡེམས་ཏེ་མཆོག་གི་སྤྲུལ་སྐུ་གསུམ་དང་། པད་གླིང་། བསམ་གཏན་བདེ་ཆེན་གླིང་པ་རྣམས་ཀྱིས་སྤྱན་དྲངས། གཞན་ཡང་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཨོ་རྒྱན་གླིང་པས་སྤྱན་དྲངས་ཤིང་སླར་ཡང་ཉིས་གཏེར་དུ་སྦས་པ་སོགས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ། ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་དབང་སྐལ་བདེ་གཤེགས་འདུས་པའི་སྐོར་རྣམས་ལོ་ཆེན་བཻ་རོ་དང་། ལྡན་མ་རྩེ་མང་གི་ཕྱག་བྲིས་རྒྱལ་པོའི་བླ་དཔེ་རྣམས་བླ་བྲག་མགྲིན་བཟང་ལ་གཏེར་དུ་སྦས་པ། མཁའ་འགྲོ་རྣམས་ཀྱིས་གཏེར་གནས་སྤོས་ཏེ་མཁོ་མཐིང་རྣམ་སྣང་གི་སྐུ་རྒྱབ་ཏུ་བཞུགས་པའི་


LT35_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བྱང་བསམ་ཡས་འཁོར་ས་བར་མ་ནས་གྲུབ་ཐོབ་དངོས་གྲུབ་ཀྱིས་བཏོན་ཏེ། མངའ་བདག་སྐྱེ་བ་བཅོ་ལྔ་བཞེས་པའི་མཐར་སྲིད་པ་ཐ་མའི་བྱང་སེམས་ཟབ་གཏེར་འཛིན་པ་ཀུན་གྱི་མངའ་བདག་ཉང་རལ་ཉི་མ་འོད་ཟེར་གྱིས་སྤྱན་དྲངས་ནས་བཀའ་བབ་ཀྱི་བུ་ལྔ་སོགས་ལས་རིམ་པར་གྲུབ་བརྙེས་ཀྱི་བརྒྱུད་པ་མི་འདྲ་བ་དུ་མ་གྱེས་པ་ལས། ཁྱད་པར་དུ་གྱུར་པ་སྲས་ཆུང་འགྲོ་བའི་མགོན་པོ་སོགས་མངའ་བདག་གདུང་རབས་བརྒྱུད་པ་བདུན་གྱི་མཐར། མངའ་བདག་ཀུན་དགའ་འོད་ཟེར་གྱི་སློབ་མ། རི་བྲག་ལ་ཟང་ཐལ་དུ་འཕུར་བ་སོགས་གྲུབ་པ་བརྙེས་པའི་རྟགས་མཚན་ཐུན་མོང་དུ་སྟོན་ནུས་པ་རྗེའུ་རིགས་ནམ་མཁའི་རྣལ་འབྱོར་གྱི་ཐུགས་སྲས། ཆོས་རྒྱལ་ཆེན་པོའི་ཡོན་ཏན་གྱི་སྤྲུལ་པ་མངའ་རིས་པ་ཆེན་པདྨ་དབང་རྒྱལ་རྡོ་རྗེས་བཀའ་བརྒྱད་བཀའ་གཏེར་གྱི་དབང་ལུང་ལན་གྲངས་ཉེར་ལྔ་གསན་པ་སོགས་རྒྱུད་ལུང་མན་ངག་གི་བཀའ་ཐམས་ཅད་བབས་ཤིང་། བརྒྱུད་པ་འགའ་ཞིག་གི་མཐར་ཨོ་རྒྱན་གཏེར་བདག་གླིང་པ་མངའ་བདག་ཉང་ཆེན་པོའི་ཡེ་ཤེས་སྐུས་རྗེས་སུ་བཟུང་ཞིང་གནང་བ་བསྩལ་བ་ལྟར་ལག་ལེན་འཇུག་པ་བདེ་བར་མཛད་པའི་རྗེས་འབྲང་རིམ་པར་བརྒྱུད་དེ་བདག་ཅག་གི་བླ་མ་དམ་པའི་བར་དུ་བྱོན་པ། སྟེང་ན་རིག་འཛིན་བརྒྱུད་པའི་གྲལ་མ་ཞིག །ས་ལ་དཀྱིལ་འཁོར་བསྒྲུབ་པའི་བཀྲག་མ་ཡལ། །བར་དུ་སྨན་རག་བདུད་རྩིའི་མཆོག་


LT35_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྐམ། དམ་ཉམས་དང་འདྲེས་ཁྱེར་གྱི་ལྷད་མ་ཞུགས་པའི་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་སྒོ་ནས་སྒྲུབ་པ་ཆེན་པོའི་རིམ་པ་ཉམས་སུ་ལེན་པ་ལ། འཇུག་པའི་མཐའ་བཅུས་གསང་སྔགས་ཀྱི་ཆོས་ལ་ཞུགས་དགོས་ཏེ། སྒོ་དབང་གིས་ཕྱེ། སྲོག་དམ་ཚིག་གིས་བཟུང་། ཐག་ལྟ་བས་བཅད། ལ་སྤྱོད་པས་དོར། ཉམས་ཏིང་ངེ་འཛིན་གྱིས་བླངས། དོན་མན་ངག་ཟབ་མོས་སྒྲུབ། རྒྱུད་ཐོས་པས་དགྲོལ། སྒོ་ཐེག་པ་ཀུན་ལ་བསྡུ། ཤེས་བྱ་ཕྱོགས་མེད་ལ་བསླབ། དགོས་དོན་དུ་མ་རོ་གཅིག་ཏུ་བསྡུ་བ་ལགས། དེ་ལས་ཀྱང་ཐོག་མཐའ་བར་གསུམ་དུ་དམ་ཚིག་ལ་བརྟེན་ནས་རྡོ་རྗེ་ཐེག་པའི་ལམ་བགྲོད་དགོས་ཏེ། ཨ་ཏི་བཀོད་པའི་རྒྱུད་ལས། སྔ་རབས་འདས་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་བརྟེན་ཏེ་བྱུང་། །ད་ལྟར་བཞུགས་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་རབ་ཏུ་གནས། །སླད་ཀྱིས་འབྱོན་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་རབ་ཏུ་བསྒྲུབ། །ཅེས་གསུངས་པ་ལྟར་དམ་ཚིག་ནི་སངས་རྒྱས་ཐམས་ཅད་ཀྱི་གཤེགས་ཤུལ་ཡིན་པས་གཅེས་སྤྲས་སུ་བཟུང་འཚལ། དེ་ཡང་དམ་ཚིག་གི་ལྷ་ནི་དཔལ་རྡོ་རྗེ་སེམས་དཔའ་ཡིན་ཏེ། མཉམ་སྦྱོར་ལས། སེམས་ཅན་ཀུན་གྱི་སེམས་གང་ཞིག །རྡོ་རྗེ་ཞེས་ནི་རབ་ཏུ་བརྗོད། །རྡོ་རྗེ་སྟོང་པ་ཉིད་དུ་གནས། །སེམས་དཔའ་ཡེ་ཤེས་ཆེན་པོ་སྟེ། །ཞེས་


LT35_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་རྡོ་རྗེ་སེམས་དཔའི་དམ་ཚིག་མི་ཕྱེད་པ་དེ་ཉིད། ལམ་དུས་སུ་མ་ཉམས་པར་སྟོན་པར་བྱེད་པ་དང་། ཉམས་ན་བཤགས་པའི་ཡུལ་དུ་གྲུབ་ལ། འབྲས་བུའང་དེའི་གོ་འཕང་གྲུབ་པའོ། །དམ་ཚིག་གི་བདག་པོ་ནི་དཔལ་ཧེ་རུ་ཀ་སྟེ་དམ་ལས་མི་འདའ་བ་རྣམས་ལ་དབང་བསྐུར་བྱིན་གྱིས་བརླབས། ཡིད་ལ་འདོད་པ་ཐམས་ཅད་བསྩལ། དམ་ལས་འདས་ན་སྙིང་དབུས་སུ་རྡོ་རྗེ་གནོད་སྦྱིན་རབ་ཏུ་ཁྲོས་པས་མི་བཟད་པའི་སྡུག་བསྔལ་བསྐྱེད་པར་མཛད། དམ་ཚིག་གི་སྲུང་མ་ཕྲ་མེན་བཅུ་དྲུག །སྤྱན་པ་དབང་ཕྱུག་ཉེར་བརྒྱད་རྣམས་ཀྱིས་ཀྱང་ལེགས་ཉེས་ཀྱི་སྟང་འཛིན་ཅིང་དགེ་སྡིག་གི་ལ་ཤན་འབྱེད་པ་ཡིན་པས་མངོན་ལྐོག་དང་ལེ་ལོ་མེད་པར། དྲན་པ་དང་ཤེས་བཞིན་པའི་བག་ཡོད་པར་བསྲུང་དགོས་ཤིང་། གང་བསྲུང་པར་བྱ་བ་ནི་ས་མ་ཡ་འབུམ་སྡེ་གསུངས་པའང་ཐུན་མོང་སྤྱིའི་དམ་ཚིག་ཉེར་བརྒྱད། སྒྲུབ་པ་ཁྱད་པར་གྱི་དམ་ཚིག་ཉི་ཤུ་རྩ་གཉིས་རྣམས་སུ་འདུས་ཏེ། དེ་ཡང་རྩ་བསྐུའི་དམ་ཚིག་ཏུ། ཤེས་རབ་རྒྱུད། དམ་ཚིག་དབང་། མན་ངག་ལུང་། ཉམས་ཆག་སྐོང་བའི་སློབ་དཔོན་ཏེ་རྡོ་རྗེ་སློབ་དཔོན་རྣམ་པ་བཞི་པོ་ཁོང་པའི་སྙིང་ལྟར་བཙའ། རང་བཞིན་གཅིག་པའི་མཆེད། དམ་མ་འདྲེས་པ་རིང་བའི་མཆེད། ལྟ་སྤྱོད་མཐུན་པ་ཉེ་བའི་མཆེད། དམ་ཚིག་འདྲེས་པ་སྲོག་གི་མཆེད་བཅས་རྡོ་རྗེ་མཆེད་བཞི་པོ་ལུས་དང་མིག་ལྟར་བལྟ། ཀུ་རེ་ཀྱལ་ཀའི་ཕྱིར་ཡང་ངན་སེམས་འཕྱ་སེམས་མི་


LT35_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། རྩ་བ་གསུང་གི་དམ་ཚིག་ཏུ། རྒྱུ་མ་ནོར་བ་རྩ་བ། སྐྱེད་པ་རྐྱེན། སྟོབས་པ་མཆོད་པ། བཟླས་པ་ཛབྲ། བསྐུལ་བ་ཕྲིན་ལས་ཀྱི་སྔགས་ཏེ་སྙིང་པོ་རྣམ་པ་ལྔ་དང་། དོན་གསལ་བ་ཆོས་ཀྱི་རྒྱ། རྟགས་ཉེ་བར་སྒྲུབ་པ་ལྷའི་རྒྱ། མཚོན་པ་བསྒྱུར་བ་གར་སྟབས་ཀྱི་རྒྱ་སྟེ་ཕྱག་རྒྱ་རྣམ་པ་གསུམ་ལ་རབ་རྒྱུན་ཆགས། འབྲིང་དུས་དྲུག །ཐ་མས་ཀྱང་ཉ་སྟོང་བརྒྱད་གསུམ་ལ་མ་ཆགས་པར་ཉམས་སུ་ལེན། རྩ་བ་ཐུགས་ཀྱི་དམ་ཚིག་ཏུ། སྦྱོར་སྒྲོལ། ལྷ་སྔགས། གྲུབ་རྟགས། སྒྲུབ་ཐབས་ཏེ་སྤྱི་གསང་བཞི། སྒྲུབ་པ་བྱེད་པའི་གནས་དང་། དུས་དང་། གྲོགས་དང་། སྒྲུབ་རྫས་ཏེ་བར་གསང་བཞི། ལྟ་བ་ཟབ་མོ་གསང་བར་འོས་པ། སྤྱོད་པ་ཟབ་མོ་གསང་བར་གཉེར་གཏད་པ་སྟེ་བསྒོ་གྱུར་གཉིས་བཅས་གསང་བཅུ་སེང་གེའི་ལྕེ་ཡོད་ཀྱང་མི་བསྒྲག་པར་ལུས་ཀྱི་སྤྱོད་པའང་སྦས་ལ་བྱེད། ཡན་ལག་གི་དམ་ཚིག་ཉེར་ལྔ་ནི། སྦྱོར་སྒྲོལ་མ་བྱིན་ལེན་དང་རྫུན་ཚིག་རླང་སྨྲ་བ་སྤྱད་བྱའི་དམ་ཚིག་ལྔ། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་སྟེ་མི་སྤང་བའི་དམ་ཚིག་ལྔ། དྲི་ཆེན་དྲི་ཆུ་བྱང་སེམས་རཀྟ་ཀླད་པ་སྟེ་དང་དུ་བླང་བའི་དམ་ཚིག་ལྔ། ཕུང་པོ་འབྱུང་བ་དབང་པོ་རྣམ་ཤེས་སོགས་ཤེས་པར་བྱ་བའི་དམ་ཚིག་ལྔ། གཟུགས་དང་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་རྣམས་རིགས་ལྔར་ཤེས་པ་བསྒྲུབ་བྱའི་དམ་ཚིག་ལྔ་བཅས་ལྔ་ཚན་ལྔ་པོ་


LT35_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་ལོ་སྙོམས་ལས་ཆང་དང་གཉིད་སོགས་བག་མེད་ཀྱི་དབང་དུ་ཡལ་བར་མི་དོར་བར་བསྲུང་བས་ཐུན་མོང་གི་དམ་ཚིག་རྣམ་པར་དག་ཅིང་། རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་མི་སྨད། དུས་རྟག་ཏུ་བླ་མ་སྤྱི་བོར་བསྒོམ། མཆེད་ལྕམ་ནང་མི་འཐབ། སློབ་དཔོན་དང་མཆེད་ལྕམ་གྱི་གཟུངས་མ་མི་སྤྱད། གཞན་གྱི་དཀྱིལ་འཁོར་མི་བཤིག །གཞན་གྱི་མཚམས་མི་དབྲལ། བཟླས་བརྗོད་པར་མི་བཅད། སློབ་དཔོན་གྱི་གདན་མི་འགོམ། ཏིང་འཛིན་བྱིངས་རྨུགས་སུ་མི་བཏང་། རང་རྒྱུད་ཉོན་མོངས་པས་མི་བཀྲུག །དབང་རྟགས་རྒྱ་ལས་མི་འདའ། ཐོད་པ་མཚན་ངན་མི་བཅངས། མི་རོ་གོད་ཉམས་མི་ལེན། གཞན་གྱི་ཡོན་ཏན་མི་སྨད། མཆོད་རྫས་ལ་བསྔོས་པའི་ནོར་མི་སྤྱད། མི་དང་ཁ་འཕྲོ་མི་བསྲེ། ཐབས་ཤེས་ཡ་མི་འབྲལ། གསང་སྔགས་བློ་ཆུང་ལ་མི་བསྟན། མཚན་ངན་ལ་གཟུངས་མ་མི་བྱ། དད་པ་ཅན་གྱི་ཚོགས་མི་བཅག །ཡུག་ས་མོ་ཕྱག་རྒྱར་མི་བསྟེན་པ་སྟེ། དེ་དག་ལྡེམ་རྐྱང་མེད་པར་ལྷ་ཆོས། མི་ཆོས་བཀའ་ཆོས་གསུམ་གྱི་སྒོ་ནས་བསྲུངས་པས་ཁྱད་པར་གྱི་དམ་ཚིག་རྣམ་པར་དག །བསྲུང་བྱ་སྲུང་བྱེད་སྲུང་པའི་ཐབས་ཏེ་འཁོར་གསུམ་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉག་གཅིག་ལས་གུད་ན་མེད་པས་བསྲུང་མཚམས་བྲལ་བའི་ཡེ་བསྲུངས་ཆེན་པོར་རྟོགས་ན་ལྟ་བའི་དམ་ཚིག་ཐུགས་རྗེའི་དཔྱངས་ཐག་དང་ལྡན་པས་དམ་ཚིག་ཉམས་


LT35_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཡང་མེད་ཅིང་། ཉམས་པའང་མྱུར་དུ་འཆོས་པར་འགྱུར་ཏེ། བང་མཛོད་འཕྲུལ་སྡེ་ལས། སྤྱིར་ནི་གསང་སྔགས་དམ་ཚིག་ནི། །བསྲུང་ན་བསམ་གྱིས་མི་ཁྱབ་སྟེ། །ས་མ་ཡ་ནི་འབུམ་སྡེ་ཡོད། །ཇི་བཞིན་པ་ཡི་ཆོས་ཉིད་ལ། །མ་བཅོས་པ་ཡི་བློ་བཞག་ན། །གཉིས་སུ་མེད་པའི་ཡེ་ཤེས་ཏེ། །མཉམ་ཉིད་གཡོ་བ་མེད་པ་ནི། །དམ་ཚིག་ཐམས་ཅད་བསྲུང་བ་ཡིན། །ཉམས་པའི་ཆད་པ་བྱུང་བ་ལས། །མགོན་སྐྱབས་དེ་ལས་ཆེ་བ་མེད། །ཅེས་གསུངས། ལྟ་བ་མཐར་ཕྱིན་པ་མ་རྟོགས་པའི་གང་ཟག་མོས་སློབ་པས་དམ་ཚིག་ཉམས་ན་མེ་དང་འདྲ་སྟེ་རང་རྒྱུད་བསྲེག །སོ་མཚམས་ཀྱི་མཁར་དང་འདྲ་སྟེ་རང་གཞན་ཕུང་། དུག་དང་འདྲ་སྟེ་ཐར་པའི་སྲོག་གཅོད། སྙིང་ཕྱུང་ན་སྨན་ཅི་ཙམ་བཏང་ཡང་བདེ་བར་མི་འགྱུར་བ་བཞིན་ཏུ་སྒོམ་སྒྲུབ་ལ་སོགས་པ་ཅི་བྱས་ཀྱང་དམ་ཚིག་ཉམས་ན་འབྲས་བུ་མི་འབྱུང་བར་ལྷ་རྣམས་ཀྱང་རང་གཤེད་དུ་བབ་ནས་ཚེ་འདིར་མི་རུངས་པ་དུ་མ་འབྱུང་ཞིང་ཕྱི་མ་དམྱལ་ཁམས་བཅོ་བརྒྱད་ཐམས་ཅད་ཀྱིས་ཀྱང་སྡུག་བསྔལ་དོ་ཟླ་མེད་པའི་རྡོ་རྗེའི་དམྱལ་བ་ཆེན་པོར་སྐྱེས་ནས་སངས་རྒྱས་ཀུན་གྱིས་ཕྲིན་ལས་མཛད་ཀྱང་ཐར་པའི་དུས་མེད་པར་འགྱུར་ལ། ཉམས་པའི་རྒྱུ་ཡང་སློབ་དཔོན་གསང་ཞིང་རང་ཆེ་འཕྱིན་པ། ལུང་མ་མནོས་པ་སློབ་དཔོན་གྱིས་བཟུང་བ། ཁ་སྤྱོད་དང་ལྟ་སྤྱོད་མི་མཐུན་པ། གསང་བ་


LT35_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་ཞིང་གསང་བའི་དམ་ཚིག་ཆེད་ཆེར་མི་འཛིན་པ། རྒྱལ་བློན་གྱི་བྱ་བ་སོགས་མི་ཆོས་ལ་གཙོ་བོར་འཛིན་པ། ང་རྒྱལ་རང་མཐོང་ཆང་དད་ཆེ་བ། ཆོས་ལ་ཕྱོགས་རིས་ཆེ་ཞིང་གཤེ་སྐུར་མང་བ། བདག་བསྟོད་གཞན་སྨོད་ཀྱི་ཟུར་ཟ་བྱེད་པ། གཙང་རྨེ་དང་རྟོག་པ་ཤས་ཆེ་བས་དམ་བཅའ་འདོར་ཞིང་གཉེན་པོ་མེད་པ། སྡིག་པའི་གྲོགས་པོ་དང་འགྲོགས་པ། ཐོས་པ་ཆུང་ཞིང་བླ་མ་མཁས་པ་དང་བྲལ་བ། སྤྱོད་པ་ཐོད་རྒལ་དུ་བྱེད་ཅིང་གཅིག་པུར་མི་ཚུགས་པ་སོགས་ལ་དམ་ཚིག་ཉམས་པའི་སྔ་རྟགས་དང་བཅས་ཏེ་རྒྱལ་བའི་བཀའ་ཆད་དུ་མ་འབྱུང་བར་གསུངས་པས། སྲོག་དང་མིག་འབྲས་ལྟར་བཙའ་བས་དམ་ཚིག་མི་ཉམས་པར་བསྲུང་ཞིང་། ཉམས་ཆགས་བྱུང་བ་དག་ཀྱང་རབ་ཀྱིས་ལྟ་བ་སྐྱེ་མེད་ངང་དུ་ལ་བཟླ། འབྲིང་གིས་སྲོག་ལན་གསུམ་བཏང་བ་སོགས་ཐབས་ལ་མཁས་པས་བཤགས། ཐ་མས་ཀྱང་གནང་འགྱོད་དྲག་པོའི་སྒོ་ནས་སྟོབས་བཞི་ཚང་བའི་བཤགས་པས་བཤགས་ཤིང་ཕྱིན་ཆད་སྡོམ་ཏེ་ལེགས་པར་བསྲུང་བའི་ཕན་ཡོན་ཀྱང་། ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་དགོས་འདོད་ཐམས་ཅད་འབྱུང་། ས་གཞི་དང་འདྲ་བར་ཡོན་ཏན་ཐམས་ཅད་སྐྱེད། ནམ་མཁའ་དང་འདྲ་བར་ཐམས་ཅད་ཀྱི་གོ་འབྱེད། ཚེ་འདིར་ཡང་མ་ཉམས་པའི་སྔ་རྟགས་ལེགས་པའི་ཡོན་ཏན་དུ་མ་འབྱུང་ཞིང་། རིང་པོར་མི་ཐོགས་པ་དུས་གསུམ་གྱི་སངས་རྒྱས་ཐམས་


LT35_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་ཐུགས་རྗེའི་རང་གཟུགས་དཔལ་ཧེ་རུ་ཀའི་གོ་འཕང་མངོན་ཏུ་བྱེད་པར་འགྱུར་ཏེ། བཀོད་པ་ཆེན་པོའི་རྒྱུད་ལས། རྣལ་འབྱོར་དམ་ཚིག་ལྡན་པ་ཡིས། །དངོས་གྲུབ་ཡ་མཚན་ཆེན་པོ་འགྲུབ། །ཕྲིན་ལས་བཞི་པོ་ཐོགས་མེད་ཅིང་། །རྟོགས་པ་མཆོག་ནི་གོང་དུ་འཕེལ། །ཞེས་དང་། དམ་ཚིག་མཆོག་གི་རྒྱུད་ལས། །འདི་ལས་འགལ་བར་མ་བྱས་ན། །རྡོ་རྗེ་འཛིན་པ་རྫོགས་སངས་རྒྱས། །ཚེ་འདི་ཉིད་ལ་ཐོབ་པར་ངེས། །ཞེས་གསུངས། འཇམ་དཔལ་གྲགས་པས། ཞིང་གཞན་སྐལ་མང་སྡོམ་ལ་གནས་པ་བས། །སྐད་ཅིག་འདིར་གནས་འབྲས་བུ་རྫོགས་པར་བྱེད། །ཅེས་ཀྱང་གསུངས་པས་བག་ཡོད་དུས་ཐུང་ངུ་རེ་བསྟེན་ཡང་དོན་ཆེན་པོར་འགྱུར་ཞིང་། དེ་དག་ཀྱང་མདོར་བསྡུ་ན། སེམས་ལ་དགེ་བ་ཆ་དང་བཅས་པ་སྒྲུབ་ཅིང་། མི་དགེ་བ་ཆ་དང་བཅས་པ་སྡོམ་ནས་གཡོ་སྒྱུའི་སྐྱོན་མེད་པ་ལ་འདུས་ཏེ། རྡོ་རྗེ་སྙིང་པོ་སྲ་བ་འབྱུང་གནས་ཀྱི་རྒྱུད་ལས། །དམ་ཚིག་སྡོམ་པ་རྣམ་བཤད་པ། །ཀུན་ཀྱང་རང་གི་སེམས་ལས་སོ། །དེ་ཡི་འཕེན་པ་བླ་མས་ཤེས། །དེ་ཕྱིར་སེམས་ལ་འདྲིས་པའི་མིས། །སངས་རྒྱས་ཞིང་ཁམས་མཐོང་བ་དང་། །སྐུ་གསུམ་ཚད་དུ་འབྱོངས་པ་དང་། །སངས་རྒྱས་ཡོན་ཏན་མངོན་པར་འགྲུབ། །བླ་མ་རྟག་ཏུ་བསྟེན་པའི་མིས། །མཁའ་འགྲོའི་གཟུགས་


LT35_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མཐོང་ག་དང་། །དེ་ཡི་བྱིན་རླབས་འཇུག་པ་དང་། །དུས་གསུམ་ལུང་ཡང་སྟོན་པ་དང་། །སྐྱེ་ཤི་གཉིས་ལ་དབང་ཐོབ་འགྱུར། །གྲོགས་ལ་བརྩེ་གདུང་ལྡན་པའི་མིས། །འགྲོ་བ་ཐམས་ཅད་འདུལ་བ་དང་། །ཀུན་གྱིས་སྙན་པར་གྲགས་པ་དང་། །གཟུགས་ཅན་ཀུན་ཀྱང་བྱམས་པ་དང་། །མཁའ་འགྲོ་མ་རྣམས་འདུ་བ་དང་། །མ་བསྒྲུབ་དངོས་གྲུབ་འབྱུང་བ་དང་། །ངག་ལ་ནུས་པ་འབར་བ་དང་། །དེ་བཞིན་མཆོག་དང་ཐུན་མོང་གིས། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །རྟག་ཏུ་དགོན་པར་གནས་པའི་མིས། །རླུང་སེམས་ཚད་རྣམས་ཟིན་པ་དང་། །སྣང་བ་གྲོགས་སུ་འཆར་བ་དང་། །རང་གི་སེམས་ལ་དབང་ཐོབ་འགྱུར། །བླ་མ་བསྙེན་བཀུར་བྱས་པའི་མིས། །ལོངས་སྤྱོད་མཆོག་དང་ལྡན་པ་དང་། །འཁོར་འདབ་རྒྱས་ཤིང་བསོད་ནམས་ལྡན། །འགྲོ་བ་ཡོངས་ལས་རྒྱལ་བར་འགྱུར། །རྟག་ཏུ་དབང་རྫོགས་བྱས་པའི་མིས། །འགྲོ་བའི་གཙོ་བོར་འགྱུར་བ་དང་། །ཀུན་གྱི་མཐོང་ན་དགའ་བ་དང་། །ཡེ་ཤེས་མངོན་སུམ་འབྱོངས་པ་དང་། །སངས་རྒྱས་རྣམས་ཀྱིས་བྱིན་རློབས་འགྱུར། །རྟག་ཏུ་གཏོར་མའི་ལས་བྱེད་པ། །བསོད་ནམས་ཚོགས་རྣམས་རྫོགས་པ་དང་། །བར་ཆད་མེད་ཅིང་ལས་རྣམས་འགྲུབ། །འདོད་པ་ཕུན་སུམ་ཚོགས་པ་དང་། །མཁའ་འགྲོ་བྲན་བཞིན་འཁོལ་བར་འགྱུར། །ཞེས་


LT35_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས་རྡོ་རྗེའི་མཆེད་ལྕམ་རྣམས་བག་ཡོད་དྲན་ཤེས་ལྡན་པས་རྟག་ཏུ་དམ་ཚིག་སྡོམ་པ་ལ་ནན་ཏན་ཏུ་གཟུང་བར་མཛོད་ཅིག། ༈ །།བཟླས་དམིགས་སྐབས་སུ་འདི་ལྟར་བཤད་པར་བྱའོ། །ད་ལམ། མཆེད་ལྕམ་རྣམས་བསྙེན་པ་མི་བཅད་པར་ཤུབ་བུར་བཟླ་བཞིན་ཏུ་བསྒོམ་དོན་གསལ་འདེབས་ཅུང་ཟད་ཞུ་བ་ལ་གསན་འཚལ། དེ་ཡང་རྒྱུད་ལས། བཀའ་ཡི་གསང་རྒྱུད་ཐམས་ཅད་རྣམས། །བསྡུས་པས་སྒྲུབ་པ་བརྒྱད་དུ་འདུས། །ཞེས་གསུངས་པ་ལྟར་རྙིང་ལུགས་ཀྱི་ཐེག་པ་རིམ་དགུ། གསར་མའི་ལུགས་ཀྱི་གསང་སྔགས་རྒྱུད་སྡེ་བཞིའི་ལྷ་ཐམས་ཅད་སྒྲུབ་པ་བཀའ་བརྒྱད་ལ་མ་འདུས་པ་ནི་གང་ཡང་མེད་པས་རིགས་འདུས་ཀྱི་དཀྱིལ་འཁོར་འདི་ལྟ་བུ་བསྒྲུབ་ཏུ་ཡོད་པ་བསྐལ་པ་རེ་བཟང་སྙམ་དུ་བསམ་སྟེ། བླ་མ་ལ་མོས་གུས། ཡི་དམ་ལ་དད་སྤྲོ། མཆེད་ལྕམ་ལ་གདུང་ཤུགས། ལེ་ལོ་སྤང་བའི་བརྩོན་འགྲུས་བརྟན་པོའི་སྒོ་ནས། ཕྱི་མ་ཧཱ་ཡོ་ག་ལྟར་ཐབས་ཀྱི་རྒྱུད་ཀྱི་བརྗོད་བྱ་ཐམས་ཅད་རྡུལ་ཚོན་དང་རས་བྲིས་ཀྱི་དཀྱིལ་འཁོར་སྟེང་དུ་གཏན་ལ་ཕབ་སྟེ་བསྒྲུབ་པ་དང་། ནང་ཨ་ནུ་ཡོ་ག་ལྟར་ཤེས་རབ་རྒྱུད་ཀྱི་བརྗོད་བྱ་ཐམས་ཅད་ཕུང་ཁམས་སྐྱེ་མཆེད་རྩ་རླུང་ཐིག་ལེའི་དཀྱིལ་འཁོར་དུ་གཏན་ལ་ཕབ་སྟེ་བསྒྲུབ་པ་དང་། གསང་བ་ཨ་ཏི་ཡོ་ག་ལྟར་བསྐྱེད་རྫོགས་གསུམ་གྱི་རིམ་པ་རྣམས་ཀྱང་གཉིས་མེད་ཟུང་འཇུག་ཏུ་གཏན་ལ་ཕབ་ཅིང་དེ་གསུམ་པོ་རེ་རེར་


LT35_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཐག་བཅད་པ། །ལ་དོར་བ། ས་བཟུང་བ་སྟེ་བསྐྱེད་རྫོགས་ཀྱི་གུང་ཤིང་དགུ་ལ་བརྟེན་ནས་ཉམས་སུ་ལེན་ཚུལ་རྒྱ་ཆེར་གསུངས་པ་ལས། ད་ལམ། ཕྱིའི་དཀྱིལ་འཁོར་ལ་གཙོ་ཆེར་བརྟེན་ཏེ་སྒྲུབ་པ་ཆེན་པོའི་རིམ་པ་ཉམས་སུ་ལེན་པའི་སྐབས་འདིར། ཞི་བར་བསྙེན་ཅིང་ཁྲོ་བོར་བསྒྲུབ་པ་ལ། བསྐྱེད་རྫོགས་ཆེན་མོའི་ལུགས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་བདུན་བརྒྱ་ཉེར་ལྔ་མ་འདྲེས་ཡོངས་སུ་རྫོགས་པ་རྣམ་པ་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པའི་སྒོ་ནས་ཡུལ་གསུམ་རབ་ཏུ་གསལ་ནས་ལྷ་གྱད་དུ་གྱུར་པ་སྐུའི་སྒྲུབ་ལུགས། ལུས་ཀྱིས་ཕྲེང་བ། ངག་གིས་སྙིང་པོ། ཡིད་ཀྱིས་ལྷ་སྔགས་ཏིང་འཛིན་ཏེ་བཟླ་ཚུལ་གསུམ་གྱི་སྒོ་ནས་སྔགས་དང་། སྔགས་ཀྱི་གཞི། གཟུགས་དང་གཟུངས་ཀྱི་སྒོ། རིག་པ་དང་རིག་སྔགས་ཀྱི་སྒྲ་དང་དོན་ཤེས་པས་འཕྲོ་འདུའི་ཕྲེང་བ་བཅས་བཟླས་པ་ལ་བརྩོན་པ་གསུང་གི་སྒྲུབ་ལུགས། རྡོ་རྗེ་དབྱིངས་ཀྱི་དགོངས་པ་ལྷུན་རྫོགས་ཐིག་ལེ་ཉག་གཅིག །སྐུ་འཇམ་དཔལ་འཆི་མེད་ཀྱི་དགོངས་པ་འཁོར་ལོ་རྣམ་བཞི། གསུང་པདྨ་རྣམ་དག་གི་དགོངས་པ་རྟ་སྐད་ཐང་གསུམ། ཐུགས་ཡང་དག་དོན་གྱི་དགོངས་པ་རུ་ལུ་འབྲུ་བརྒྱད། ཡོན་ཏན་ཆེ་མཆོག་ཧེ་རུ་ཀའི་དགོངས་པ་བདུད་རྩི་རྣམ་བཞི། ཕྲིན་ལས་རྡོ་རྗེ་གཞོན་ནུའི་དགོངས་པ་ཕུར་བུ་ཐལ་འབྱིན། རྦོད་གཏོང་མ་མོ་ཀུན་ཁྱབ་ཀྱི་དགོངས་པ་རྩ་རླུང་ཐིག་ལེ། རིག་འཛིན་


LT35_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་བྱིན་རླབས་ཀྱི་དགོངས་པ་ཐུགས་གསལ་རྣམ་དག །མཆོད་བསྟོད་དྲེགས་པ་ཀུན་འདུལ་གྱི་དགོངས་པ་བསྒྲུབ་ལུགས་དོན་བཞི། དྲག་སྔགས་དུག་ལྔ་རང་བསད་ཀྱི་དགོངས་པ་གནད་ཀྱི་མན་ངག་བཞི་ཡི་དོན་རྟོགས་པ་ནི་ཐུགས་ཀྱི་སྒྲུབ་ལུགས་ཏེ་ཤེས་པར་བྱ་བ་སྤྱིའི་རྣམ་བཞག་ཅུང་ཟད་སྙན་ཏུ་གསོལ་ནས། སྐབས་འདིར་མི་ཤེས་སུ་མི་རུང་བ་ནི། གཤིན་རྗེ་གཤེད་ཀྱི་རྒྱུད་ལས། ཏིང་འཛིན་བསམ་གཏན་དག་དང་མི་ལྡན་ན། །གསང་སྔགས་བཟླས་ཀྱང་འགྲུབ་པར་མི་འགྱུར་ཏེ། །གསོ་དཔྱད་བཀླག་པས་ནད་ལ་མི་ཕན་ལྟར། །དེ་བས་ཏིང་འཛིན་བསམ་གཏན་འབད་པར་གཅེས། །ཞེས་དང་། ཨོ་རྒྱན་རིན་པོ་ཆེས། གཞན་ཏུ་ཡེངས་པར་གྱུར་ན་ནི། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་གསུངས་པ་ལྟར་ཆོ་གའི་གྱེར་དབྱངས། རྔ་བརྡུང་རོལ་མོ། ཛཔྲ་བསྙེན་བཟླས་བརྗོད་སོགས་སྒྲོས་པ་ཇི་ཙམ་བྱས་ཀྱང་རིམ་གཉིས་ཀྱི་ཏིང་ངེ་འཛིན་དང་མ་ལྡན་ན། འབྲས་བུ་འབྱིན་པར་མི་འགྱུར་བས། རྣལ་འབྱོར་རབ་རྣམས། སེམས་སངས་རྒྱས་སུ་ཤར་བས་ས་ལམ་ལ་བགྲོད་དུ་མེད་པར་ཤེས། སྣོད་བཅུད་དཀྱིལ་འཁོར་དུ་ཤར་བས་འབྲས་བུ་རང་བྱུང་ལྷུན་རྫོགས་སུ་ཤེས། སྡུག་བསྔལ་བདེ་ཆེན་ཏུ་ཤར་བས་སྣང་བ་སྣ་ཚོགས་ཆོག་ཉིད་དུ་ཁྱེར་ཤེས། ཉོན་མོངས་ཡེ་ཤེས་སུ་ཤར་བས་སྤང་བླངས་དགག་བསྒྲུབ་རང་སར་གྲོལ་


LT35_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གནད་ཤེས། རྣམ་རྟོག་ཆོས་ཉིད་དུ་ཤར་བས་ཆོས་སྐུ་རང་ལ་ལེ་ནས་གནས་པའི་དོན་ཤེས་པ་སྟེ་ཤར་བ་རྣམ་པ་ལྔ་དང་ལྡན་པ། རྣལ་འབྱོར་འབྲིང་རྣམས། སྟོང་གསུམ་ལྷའི་གཞལ་ཡས་སུ་གསལ་བས་དཀྱིལ་འཁོར་ལ་ཆེ་ཆུང་ཡང་དོགས་མེད། ཕུང་ཁམས་ལྷ་རུ་གསལ་བས་བར་ཆད་གདོན་བགེགས་ཀྱི་ཡུལ་དང་བྲལ། སྣོད་ཀྱི་འཇིག་རྟེན་གཏོར་སྣོད་དུ་གསལ་བས་གཏོར་མཆོད་ལ་བཟང་ངན་གྱི་མཚན་འཛིན་མེད། སྣང་སྲིད་ཐམས་ཅད་རྫས་སུ་གསལ་བས་སྲུང་མ་དམ་ཅན་མི་དགྱེས་པའམ་མི་སྐོངས་པའི་སྐྱོན་ཟད། གནས་ལུགས་སྟོང་པ་ཉིད་དུ་གསལ་བས་སངས་རྒྱས་ཀྱི་ཆོས་མ་ལུས་པ་རང་སེམས་ལ་རྫོགས་པ་སྟེ་གསལ་བ་རྣམས་་ལ་ལྔ་དང་ལྡན་པ་ཞིག་ངེས་པར་དགོས་ལ། བསྐྱེད་རིམ་རྟག་བརྟན་ཐེར་ཟུག་ཏུ་བཟུང་བས་ལྷ་འགྲུབ་པའི་དུས་མེད། ཕྲིན་ལས་གྱེར་ལ་སྒོམ་མེད་དུ་བཟུང་བས་གསང་སྔགས་དམ་མེད་ལྟོ་ཕྱིར་བོན་གྱེར་དུ་སོང་། སྔགས་དང་སྙིང་པོ་རང་རྒྱུད་པར་བཟུང་བས་བྱིན་རླབས་དང་ནུས་པའི་རྒྱུ་མེད། རྫས་དང་གཏོར་ཆུང་བཤོས་བུར་བཟུང་ཞིང་ཟ་འདོད་དང་བརྣབ་སེམས་ཀྱི་འབྲས་བུས་སྐོར་དང་རྣམ་སྨིན་གྱི་འདམ་དུ་ཆུད། འབྲས་བུ་འཇིག་རྟེན་རྟག་ཆད་དུ་བཟུང་བས་རུ་དྲའི་གོལ་སར་ལྟུང་བ་སྟེ་སྔགས་པ་ཐ་མ་བཟུང་བ་ལྔས་མ་བཅིངས་པ་ཞིག་ཅི་ནས་གལ་ཆེ། མདོར་ན། གསང་སྔགས་བླ་མེད་ལ་ཞུགས་པའི་རྣལ་འབྱོར་པ་ནི། ལྟ་བའི་གདེངས་ཀྱིས་འཁོར་


LT35_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

འདས་རང་སེམས་སུ་ཐག་ཆོད་པ། སྒོམ་པའི་ཉམས་ཀྱིས་སྣང་སྲིད་དག་པ་རབ་འབྱམས་སུ་ཤར་བ། སྤྱོད་པ་བརྟུལ་ཞུགས་ཀྱི་རྩལ་གྱིས་གང་བྱུང་ལམ་དུ་ལོངས་པ་ཞིག་དགོས་ཤིང་། དེ་ཡང་བསྐྱེད་རྫོགས་གང་གི་སྐབས་སུའང་བློས་བཅོས་ནས་བསྒོམ་པ་ནི་དཔེ། གདོད་ནས་རང་བཞིན་གྱིས་གྲུབ་པ་ནི་དོན་ཏེ་སེམས་ཉིད་འགག་མེད་ཀྱི་འཆར་སྒོ་ཐམས་ཅད་བསྐྱེད་རིམ། ངོ་བོ་སྟོང་ཉིད་དུ་ཁྲིག་གེར་གནས་པ་རྫོགས་རིམ། དེ་གཉིས་གསར་དུ་བསྲེ་མ་དགོས་པ། གདོད་ནས་ཙནྡན་དང་དྲི། ཉི་མ་དང་འོད་ཟེར་གྱི་ཚུལ་དུ་འབྲལ་མེད་ཟུང་འཇུག་ཏུ་གནས་པས། ངོ་བོ་གསལ་སྟོང་གཉིས་སུ་མེད་པའི་དོན། རང་བཞིན་ཕུང་ཁམས་སྐྱེ་མཆེད་དུ་ཤར་བ་གདོད་ནས་ལྷའི་འཁོར་ལོར་དག་པ་ནི་བརྡ། དེ་ཉིད་མངོན་ཏུ་གྱུར་པའི་ཕྱིར་ལྷ་སྔགས་ཡེ་ཤེས་ཀྱི་རྣམ་པ་ལམ་དུ་བྱེད་པ་ནི་རྟགས་ཏེ། སྣང་སྲིད་གཞིར་བཞེངས་རང་བྱུང་གི་དཀྱིལ་འཁོར་ཞེས་ཡོ་ག་གསུམ་གྱི་རིམ་གཉིས་ཐམས་ཅད་དེའི་ཁོངས་སུ་མ་འདུས་པ་ཅི་ཡང་མེད་པས་བསྐྱེད་རྫོགས་ཀྱི་གནད་དེ་ལྟར་ངེས་པ་དང་། རྒྱུད་ལས། དོན་གྲུབ་དངོས་གྲུབ་ཐོབ་པ་ནི། །སྔགས་ཀྱི་བཟླས་པས་འགྲུབ་པ་ཡིན། ཞེས་གསུངས་པས་གཙོ་ཆེར་སྔགས་བཟླ་བ་ལའང་། བུམ་དབང་དང་མཐུན་པར་ཕྱི་རྩོལ་བཅས་ཚིག་འབྲུའི་སྔགས། གསང་དབང་དང་མཐུན་པར་ནང་ལྷུན་གྲུབ་རང་བྱུང་


LT35_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྔགས། ཤེར་དབང་དང་མཐུན་པར་གསང་བ་སྐྱེ་མེད་རྡོ་རྗེའི་སྔགས། དབང་བཞི་པ་དང་མཐུན་པ་དེ་ཁོ་ན་ཉིད་སྤྲོས་བྲལ་བརྗོད་མེད་ཀྱི་སྔགས་རྣམས་དབང་པོ་དང་མཐུན་པར་ཉམས་སུ་ལེན་པར་གསུངས་ཤིང་། རྩོལ་བཅས་ཀྱི་སྔགས་ལའང་སྤྲོ་བསྡུས་བཟླས་པ། རྡོ་རྗེའི་བཟླས་པ། འགོག་བཟླས་སོགས་ཡོད་དེ། ཇི་སྐད་དུ། ཏིང་འཛིན་མེ་དང་འདྲ་བ་ལ། །བཟླས་བརྗོད་རླུང་དང་འདྲ་བས་བསྐུལ། །ཅེས་ཏིང་ངེ་འཛིན་གསལ་ཞིང་བརྟན་པ་ནི་བུན་ཤིང་དང་མེའི་ས་བོན་རྒྱུ་རྐྱེན་འཛོམ་པ་ལ། གསང་སྔགས་སྐྱོན་དང་བྲལ་བའི་བཟླས་བརྗོད་བྱེད་པ་ནི་རླུང་གི་དཔེར་མཛད་པས་མེ་དང་བུད་ཤིང་འཛོམས་པ་རླུང་གིས་བསྐུལ་ན་ལྷག་པར་འབར་བ་བཞིན་ཏིང་འཛིན་དང་སྔགས་བཟླས་འཛོམས་པས་བསྒྲུབ་བྱའི་འབྲས་བུ་ཤིན་ཏུ་མྱུར་བའི་ཐབས་ཀྱི་མཆོག་ཡིན་ཞིང་། དེ་ཡང་ངག་བཟླས་སྐབས་རིན་ཆེན་ཕྲེང་བ་ལས། བཟླས་པ་བྱེད་ཚེ་ལོང་གཏམ་ཀྱལ་ཁ་དང་༔ ཁྲོ་དང་འཐབ་དང་ཤགས་དང་འཇུག་འཛིན་དང་༔ ཞུམ་དང་ལྷག་པའི་ང་རྒྱལ་རྣམ་པར་སྤངས༔ སྨྲ་དང་རྣམ་རྟོག་སྤྲོས་པ་རྣམ་པར་བཅད༔ ལྷ་དང་སྔགས་ལས་གཞན་ལ་མི་བསམ་མོ༔ ཞེས་པ་ལྟར་བཟླས་པའི་ཕན་ཡོན་ཀྱང་དེ་ཉིད་ལས། ལན་གཅིག་ཙམ་ཡང་སྔགས་བརྗོད་ན། །འདས་དང་འབྱུང་དང་འབྱུང་གང་ཡིན། །གང་གིས་ལྕེ་ལ་སྨྲ་འགྱུར་བ། །དེ་དག་བདེན་པ་ཐོབ་པར་


LT35_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཞེས་སྔགས་ཀྱི་བདེན་པ་འགྲུབ་པས་བསྟན་སྲུང་མཐུ། ཚེ་མཐུད་བུ། ཟང་ཟིང་ནོར། མཆོག་གི་དངོས་གྲུབ་ཕུན་སུམ་ཚོགས་པ་འགྲུབ་པར་གསུངས་ལ། བསྐྱེད་རྫོགས་ཀྱི་རྣལ་འབྱོར་ལ་བརྩོན་པས་དགྲ་གསུམ་སོང་། བདུད་བཞི་ཆོམ། འགྲོ་དྲུག་གི་གཡང་ས་ཆོད། མི་སློབ་པའི་ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔ་མངོན་ཏུ་འགྱུར་བས་དད་བརྩོན་དྲག་པོས་གཞན་ཏུ་མ་ཡེངས་པར། སྣང་བ་ལྷ། ལྷ་རང་སེམས། སེམས་སྟོང་ཉིད། གྲགས་སྟོང་སྔགས་ཀྱི་རོལ་བར་ཤེས་པའི་ངང་གཞུང་ནས་འབྱུང་བའི་བསྙེན་སྒྲུབ་བཞིའི་དམིགས་པའི་འཕྲོ་འདུ་ལ་རྩེ་གཅིག་ཉམས་སུ་ལེན་པར་ཞུ།། ༈ །།སྒྲུབ་པ་གྲོལ་སྐབས་ཕན་ཡོན་དང་འབྲེལ་བའི་མར་མེ་སྨོན་ལམ་གྱི་སྟོང་ཐུན་ནི། །དེ་ལྟར་ཕུན་སུམ་ཚོགས་པ་ལྔ་ཡིས་གཞི་བཟུང་། བསྐྱེད་རྫོགས་ཡན་ལག་བཞི་ཡིས་གཞུང་བསྲངས། ལག་ལེན་རྩིས་འགོ་ཚང་བས་ཁྲིག་ལ་ཕབ་ནས། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཚོམ་བུ་ཚོགས་སྒྲུབ་ཆེན་མོ་དང་རྗེས་སུ་འབྲེལ་བའི་བདུད་རྩི་སྨན་གྱི་སྒྲུབ་པ་བཅས་སྔོན་འགྲོ་དངོས་གཞི་རྗེས་ཚང་བར་ཆད་མེད་པར་མཐའ་རྒྱས་སུ་གྲུབ་པ་སྟེ། དེ་ཡང་སྤྱིར་ཨོ་རྒྱན་སངས་རྒྱས་གཉིས་པའི་བསྟན་སྙིང་གཏེར་གྱི་ཆོས་ལ་དད་པ་ཐམས་ཅད། གུ་རུ་ཉིད་བོད་དུ་ཕེབས་པའི་སྐབས་སུ་ཞལ་གྱི་དཀྱིལ་འཁོར་མཐོང་བའི་


LT35_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་པ་དང་ལྡན་པར་གསུངས་ཏེ། ཡེ་ཤེས་མཚོ་རྒྱལ་གྱི་ཞལ་ནས། མ་འོངས་པདྨའི་ཆོས་ལ་མོས་པ་ཀུན། །དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ། །ཐམས་ཅད་ལས་ཅན་ཡིན་པས་དགའ་བ་བསྒོམ། །ཁོ་མོའི་ཚིག་འདི་རིན་ཆེན་གསེར་ལས་དཀོན། །ཞེས་གསུངས་པ་དང་། གཞུང་ཚད་ལྡན་ནས་གསུངས་པ་ཚུལ་བཞིན་ཉམས་སུ་ལེན་པ་རྣམས་གུ་རུ་ཉིད་ཀྱི་བྱིན་རླབས་ཀྱི་རོལ་རྩལ་ཡིན་པར་ཡང་གསུངས་ཏེ། དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་ལས། མདོར་ན་ཨོ་རྒྱན་ངས་བསྟན་ཆོས་རྣམས་ལ༔ གཞུང་བཞིན་སུ་དང་སུ་ཡིས་སྤྱོད་པ་ཀུན༔ ཐམས་ཅད་ང་ཡི་སྤྲུལ་པ་ཡིན་པར་ངེས༔ མ་འོངས་ཀུན་གྱིས་ཡིད་གཉིས་ཐེ་ཚོམ་སྤངས༔ གུས་པས་བཀུར་བསྟི་ཕུ་དུད་འབྲེལ་པ་ཞོག༔ ཅེས་གསུངས། ཁྱད་པར་སྒྲུབ་པ་བཀའ་བརྒྱད་ལ་འབྲེལ་པ་བཞག་པའི་ཕན་ཡོན་ཀྱང་། དཔལ་ཀུན་ཏུ་བཟང་པོས། བསྐལ་པར་བསགས་པའི་སྡིག་སྒྲིབ་བྱང་། །ཕྱི་ནང་རྐྱེན་ངན་བར་ཆད་སེལ། །ཕྱི་མ་ཐར་པ་བྱང་ཆུབ་ཐོབ། །ཅེས་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། གསང་སྔགས་དོན་གྱི་སྙིང་པོ་འདི་ཁོ་ན། །སྒྲུབ་ཆེན་འདི་ཡི་མིང་ཙམ་སུ་གང་འཛིན། །ཨོ་རྒྱན་ང་དང་སྙིང་ཁྲག་གཅིག་ཏུ་འདྲེས། །ཅེས་དང་། །པདྨ་ང་ཡི་སྲོག་གི་དྭངས་མ་སྟེ། །དུས་གསུམ་རྒྱལ་བའི་སྲོག་སྙིང་འདི་ཁོ་ན། །དུས་གསུམ་རྒྱལ་བ་སྤྱི་


LT35_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་འདི་ཀ་ཟབ། །འདི་འཆང་ཨོ་རྒྱན་ང་དང་འབྲལ་བ་མེད། །རིག་འཛིན་བརྒྱད་འདུས་དམ་ཅན་བྲན་ཏུ་ཁོལ། །ཡང་ཟབ་སྙིང་པོ་མར་གྱི་སྙིང་ཁུ་ཕང་། །དུས་གསུམ་བདེ་གཤེགས་རྒྱལ་བ་མ་ལུས་པ། །ཐམས་ཅད་ཐམས་ཅད་མ་ལུས་འདིས་འགྲུབ་སྟེ། །དེ་ཕྱིར་དུས་གསུམ་རྒྱལ་བ་སྤྱི་བསྒྲུབ་ཡིན། །ཚིག་ཚོགས་མང་བས་མི་ཟབ་དོན་ལ་འདི། །ཨོ་རྒྱན་ང་ཡི་ཐུགས་བཅུད་མིན་རེ་ཀན། །ཞེས་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཞལ་ནས། བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་སྐོར་རྣམས་ནི། གཞན་ལས་ཁྱད་དུ་འཕགས་པའོ། །དེ་ཅིའི་ཕྱིར་ཞེ་ན། སློབ་དཔོན་ཆེན་པོ་པདྨའི་ཐུགས་དམ་གྱི་ལྷ་རྩོད་མེད་དུ་གྲགས་པ་ཡིན་ཞིང་། མ་འོངས་པ་ན་ཡང་རྗེས་འཇུག་ཐམས་ཅད་འདི་ལ་གྲུབ་པ་ཐོབ་པ་མང་བར་གསུངས་སོ། །དེས་ན་ཐེ་ཚོམ་དང་ཡིད་གཉིས་མ་བྱེད་པར་སྒྲུབ་ཅིག །ཤོད་ཅིག །སྟོན་ཅིག །སྒོམས་ཤིག །ཅེས་གསུངས་པ་མ་ཟད་གླེགས་བམ་ཙམ་དད་པའི་རྟེན་དུ་བཟུང་ཡང་། གསང་བའི་རྒྱུད་ཆེན་སྒྲུབ་ཡིག་གང་སུ་འཛིན། །དེ་ཕྱོགས་དམ་ཅན་བདེ་གཤེགས་ཀུན་འདུས་ཏེ། །ཤ་རུལ་དག་ལ་སྦྲང་མ་ཇི་བཞིན་ནོ། །ཞེས་གསུངས་ལ། ཡང་དག །གཤིན་རྗེ། རྟ་མགྲིན། ཕུར་པ། ཕྱག་རྡོར། རིག་འཛིན་བླ་མ་སོགས་རེ་རེ་ལའང་མཚན་ཙམ་


LT35_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་དང་། སྒྲུབ་པའི་ཕན་ཡོན་རྒྱ་ཆེར་གསུངས་པ་ཐམས་ཅད་ཀྱང་དཀྱིལ་འཁོར་འདི་ལ་འདུས་ཤིང་། དེ་ལྟ་བུའི་སྒྲུབ་པ་རྣལ་འབྱོར་རང་རང་གིས་ལོ་གསུམ་མཚམས་དམ་དུ་བཅད་པ་ལས་ཀྱང་ཚོམ་བུ་ཚོགས་སྒྲུབ་ཞག་བདུན་ཕན་ཡོན་ཆེ་སྟེ། རྒྱུད་ཆེན་གསང་བ་འདུས་པ་ལས། །དད་བརྩོན་དྲག་པོས་བསྒྲུབ་གྱུར་ན། །མཚམས་མེད་ལྔ་པོ་སྤྱོད་པས་ཀྱང་། །དངོས་གྲུབ་ཐོབ་པ་གསང་སྔགས་ཁྱད། །དམ་ལྡན་རྣམས་ལ་སྨོས་ཅི་དགོས། །ཞེས་གསུངས། འདི་ལྟ་བུའི་ཕན་ཡོན་འབྱུང་བ་མི་བདེན་སོགས་བསམ་པ་མི་རུངས་ཏེ། འདི་ཕྱོགས་ཐེ་ཚོམ་ཟ་བའི་མི་གང་སུ། །ཚེ་འདིར་ཡིད་དུ་མི་འོངས་ཀུན་འདུས་ནས། །མནར་མེད་རྡོ་རྗེའི་དམྱལ་སྟེང་དེར་འགྲོ་བས། །ཀུན་གྱིས་ཐུན་མོང་མ་ཡིན་གསང་དམ་སྲུང་། །ཞེས་ཀྱང་གདམས་པར་མཛད་ཅིང་། མདོར་ན། བདེ་གཤེགས་འདུས་པའི་དྲག་སྔགས་འདི། །གསང་སྔགས་ཀུན་གྱི་བཅུད་ཡིན་པས། །ནུས་པ་ཡོན་ཏན་བརྗོད་མི་ལངས། །ལས་མཐའ་བརྒྱ་དང་རྩ་བརྒྱད་འགྲུབ། །ཐུན་མོངས་དངོས་གྲུབ་བརྒྱད་ཀྱང་ཐོབ། །མཆོག་གི་དངོས་གྲུབ་མྱུར་དུ་འགྲུབ། །ཅེས་གསུངས་པ་དང་། བདུད་རྩི་སྨན་སྒྲུབ་ཀྱི་ཕན་ཡོན་ཡང་། གནས་སྐབས་སུ་སྦྱངས་རྟོགས་སྦར་གསུམ་གྱིས་བྱིན་གྱིས་བརླབས་པའི་རྫས་ཀྱི་བདུད་རྩིས་རང་ལུས་ལ་གནས་པའི་བདུད་རྩི་ལྔ་དྭངས་མར་འགྱུར་བའི་


LT35_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་བྱེད་ཅིང་། ཤ་ལྔས་དུག་ལྔ་སེལ། བདུད་རྩི་ལྔས་ཡེ་ཤེས་ལྔ་མངོན་ཏུ་བྱེད། དེའི་མཐུ་ལས་ལམ་ལྔའི་རྟོགས་པ་རྒྱུད་ལ་སྐྱེས་ཏེ་ཚེ་དང་ཏིང་འཛིན་ལྷག་མེད་ཐར་པ་ལ་བར་དུ་གཅོད་པའི་བདུད་བཞི་འཇོམས་པར་འགྱུར་ཏེ། བམ་བརྒྱད་ལས། བདུད་རྩིའི་ཆོས་ཀྱི་དོན་འདི་ནི་དཔེར་ན་མེ་དང་འདྲ་སྟེ། ཆུང་སྟེ་རྡུལ་ཙམ་ནས། ཆེ་སྟེ་སྲིད་པའི་རི་བོ་ཡང་བསྲེག་གོ། །དེ་བཞིན་ཏུ་ཆོས་བདུད་རྩི་ཆེན་པོ་འདིས་ཀྱང་སེམས་ཅན་གྱིས་ཉོན་མོངས་པ་རྟོག་པ་ཕྲ་མོ་དང་། དུག་ལྔའི་རྡུལ་དཔྱིས་ཕྱུངས་ཏེ་རིགས་ལྔ་ཡེ་ཤེས་ལྔར་འཚང་རྒྱ་བར་བྱེད་དོ། །ཞེས་གསུངས་ཤིང་ཐབས་དང་ལྡན་པའི་ཆོ་གས་བཅུད་ལེན་ཏུ་བསྟེན་ན་མཐར་ཐུག་ཕུང་པོ་ལྔ་སངས་རྒྱས་ལྔར་སྦྱོང་ཞིང་དབང་བཞིའི་རྟོགས་པ་ཉམས་སུ་མྱོང་། གྲུབ་མཐའ་བཞི་ལམ་དུ་སློང་། སྐུ་བཞིའི་གོ་འཕང་མངོན་ཏུ་འགྱུར་བ་སོགས་ཕན་ཡོན་མཐའ་ཀླས་གསུངས་ཏེ། ཁྲག་འཐུང་འདུས་པ་རྩ་བའི་རྒྱུད་ལས། སྐད་ཅིག་ཐུག་འཕྲད་བསྟེན་པ་ཡིས༔ ཚེ་རིང་ནད་མེད་བདེ་བ་དང་༔ ལང་ཚོ་ཁ་དོག་སྟོབས་དང་གཟི༔ འཕེལ་ཞིང་དབང་པོ་རིག་པ་གསལ༔ མཁའ་ལ་འགྲོ་ཞིང་ཕ་རོལ་གྱི༔ ནུས་སྟོབས་གནོད་པས་མི་ཚུགས་ཤིང་༔ ཀུན་གྱིས་བཀུར་བསྟིའི་འོས་སུ་མཐོང་། ཁམས་ཀྱི་ཟས་དང་མ་འདྲེས་ཤིང་༔ གོས་མེད་མཁའ་ལ་གཅེར་བུར་


LT35_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད༔ སྔོན་གྱི་རྒྱལ་བ་ཆེ་རྣམས་ཀྱི༔ རིག་པ་འཛིན་པའི་གྲལ་ཐོབ་འགྱུར༔ དེ་ཉིད་མ་རེག་བར་དུ་ཡང་༔ ནད་དང་མུ་གེས་མི་ཚུགས་ཤིང་༔ བར་གྱི་བསྐལ་པ་འཇིགས་ལས་ཐར༔ གཞན་ལ་ཕན་པ་བསྒྲུབ་ལ་སོགས༔ ཡོན་ཏན་ཆེན་པོ་དཔག་མེད་ཐོབ༔ ཅེས་སོགས་ལུང་ཆེན་པོ་མཐའ་ཡས་པ་ལས་རྒྱ་ཆེར་འབྱུང་བའི་དོན་བསྡུས། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། བདེ་གཤེགས་མ་ལུས་མཆོད་པའི་རྫས། །བླ་མ་ཡི་དམ་སྡུད་པའི་རྩི། །མཁའ་འགྲོ་ཀུན་གྱི་སྙིང་ཁྲག་ཡིན། །ཟོས་པས་ཡོན་ཏན་བརྗོད་མི་ལངས། །སངས་རྒྱས་སྐུ་ལྔའི་ཡོན་ཏན་འཐོབ། །ཕྱི་ལྟར་ལུས་ཀྱི་ནད་གདོན་འཇོམས། །ནང་དུ་ཉོན་མོངས་དུག་ལྔ་འདག །དམ་ཚིག་ཉམས་ཆག་ཐམས་ཅད་བསྐང་། །གསང་བ་རང་བྱུང་ཡེ་ཤེས་རྟོགས། །ཉན་ཐོས་རང་སངས་རྒྱས་རྣམས་ཀྱིས། །ཟོས་ན་ས་བཅུ་ཐོབ་ནས་ཀྱང་། །ཐེག་ཆེན་བྱང་སེམས་ཆེན་པོར་འགྱུར། །བླ་མ་མཆོད་ན་བྱིན་རླབས་འཇུག །ཡི་དམ་མཆོག་ན་དངོས་གྲུབ་སྟེར། །བདེ་གཤེགས་མཆོད་ན་ཐུགས་རྗེ་འབྱུང་། །མཁའ་འགྲོ་མཆོད་པས་ལུང་ཡང་སྟོན། །རྣལ་འབྱོར་པའམ་སུས་ཟོས་ཀྱང་། །ཕྱི་ཡི་ནད་གདོན་སྡིག་སྒྲིབ་བྱང་། །ནང་གི་བསྐྱེད་རིམ་ཏིང་འཛིན་གསལ། །གསང་བ་རང་རིག་ཆོས་སྐུར་རྟོགས། །ཉན་


LT35_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་རང་སངས་རྒྱས་རྣམས་ཀྱིས། །ཉམས་དང་ལྷག་ཆད་མ་ལུས་སྐོང་། །འཆང་བས་དུག་མིན་འཆི་བ་བཟློག །གདུག་པའི་དུག་ཀྱང་འཇིལ་བར་ནུས། །བྱུག་པས་ནད་གདོན་མ་ལུས་སེལ། །བསྲེག་ན་ནད་གདོན་ཐམས་ཅད་སྐྲོད། །འདི་ཉིད་བསྒྲུབ་པའི་གནས་དེ་ཡང་། །དུར་ཁྲོད་བསིལ་བའི་ཚལ་དང་མཚུངས། །དཔའ་བོ་མཁའ་འགྲོ་ཐམས་ཅད་འདུ། །ས་ཕྱོགས་བྱིན་དང་ལྡན་པར་འགྱུར། །ཆར་ཆུ་འབེབས་ཤིང་ལོ་ཕྱུགས་ལེགས། །གང་བསྒྲུབས་པ་ཡི་གནས་དེ་རུ། །སུ་བསྡད་མི་རྣམས་ཏིང་འཛིན་འཆར། །ནམ་ཞིག་ཚེ་ཡི་དུས་བྱས་ནས། །ཕོ་མོ་བཟང་ངན་མེད་པ་རུ། །རིག་པ་འཛིན་པའི་ས་ལ་གནས། །དེ་ཕྱིར་མཆོག་གི་དམ་རྫས་སོ། །ཞེས་གསུངས་ཤིང་། །གཞན་ཡང་བམ་བརྒྱད་ལས། །འཇམ་དཔལ་བསྐལ་བ་སྟོང་གི་བར་དུ་སེམས་ཅན་གྱི་དོན་བྱས་པ་བས་བདུད་རྩི་ཆེན་པོ་འདིས་ལན་གཅིག་སེམས་ཅན་གྱི་དོན་བྱས་པ་བསོད་ནམས་ཆེ་སྟེ། སེམས་ཅན་ཐམས་ཅད་དམྱལ་ཁམས་བཅོ་བརྒྱད་ཀྱི་ནང་ནས་ཐར་པའི་ལམ་དུ་འདྲེན་པ་ཡིན་ནོ། །ཞེས་གསུངས་པས། བདུད་རྩི་འདི་ཉིད་རིན་པོ་ཆེའི་ག་འུར་བཅུ་གནས་རྟག་ཏུ་བཅང་བ་དང་། རབ་ཐུན་བཞིའི་ཐོག་མཐའ། འབྲིང་ཉིན་རེ་ལན་རེ། ཐ་མས་ཟླ་བ་རེ་ལ་རེ་རེ། ཡང་ཐས་ཀྱང་དཔྱིད་ཟླ་འབྲིང་པོའི་ཚེས་


LT35_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གམ་བཅོ་ལྔར་ལན་རེ་མ་ཆགས་པར་བསྟེན་ཏེ་དམིགས་པའི་ཆོ་གའང་། སྒྱུ་འཕྲུལ་ལས། རྡོ་རྗེ་ལྕེ་ཡི་དམ་ཚིག་ནི། །རྡོ་རྗེ་ཅན་གྱི་ཧཱུྃ་བསྒོམ་སྟེ། །མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས། །མྱ་ངན་རྡོ་རྗེའི་ཐུགས་ཐོབ་འགྱུར། །ཞེས་གསུངས་པ་བཞིན་ནོ། །ཕན་ཡོན་དེ་ལྡན་གྱི་བསྒྲུབ་པ་ལེགས་པར་གྲུབ་པ་ལ་དགའ་སྤྲོ་དད་མོས་ཡིད་ཆེས་དང་ལྡན་པས་སླད་ནས་ཀྱང་རྡོ་རྗེ་རྒྱལ་པོ་དང་རྒྱལ་ཐེབ། གཟུངས་མ་མཆེད་ལྕམ་དཀྱིལ་འཁོར་གཅིག་ཏུ་འཚོགས་ཤིང་མར་མེ་གཅིག་ལ་བལྟས་པ་ཐམས་ཅད་གཅིག་གིས་གཅིག་ལ་ཁོང་ཁྲོ་ང་རྒྱལ་སྒྲོ་བཀུར་སོགས་ཀྱིས་དམ་ཚིག་ལ་སེལ་སླད་མི་གཞུག་པར་ལྷ་དང་དཀྱིལ་འཁོར་གྱི་ཚུལ་དུ་བལྟ་དགོས་པ་དང་། འདི་ནས་བྱང་ཆུབ་མ་ཐོབ་བར་དུ་དམ་ཚིག་རྡོ་རྗེའི་ལུ་གུ་རྒྱུད་གཅིག་ཏུ་སྦྲེལ་བས་རྣམ་ཀུན་འབྲལ་བ་མེད་པར་སྲོག་གིས་བསྡུས་པའི་ལྷའི་ཚོམ་བུར་འཁོད་ཅིང་། ཚོམ་བུ་ཚོགས་སྒྲུབ་ཀྱི་དགེ་བའི་ལས་ཆེན་པོ་བསགས་པའང་དོན་ཡོད་པར་བགྱི་བའི་སླད་དུ་མར་མེ་སྨོན་ལམ་གདབ་པའི་སྐབས་སུ་བབ་པ་སྟེ། དེ་ཡང་། རྫོང་འཕྲང་ལས། སངས་རྒྱས་ཀུན་གཞི་སྤྲོས་པ་མེད་པའི་དབྱིངས། །ཐིག་ལེ་ཆེན་པོ་མ་བཅོས་ལྷུན་གྲུབ་དང་། །སྐྱེ་འགག་མེད་པ་བྱང་ཆུབ་སེམས་ཀྱི་དོན། །ཡེ་ཤེས་མར་མེ་སྟོང་རྩར་ཤར་བའོ། །ཞེས་གསུངས་པ་ལྟར་བྱང་ཆུབ་ཀྱི་སེམས་དངོས་པོའི་གཟུགས་


LT35_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བ། ཁྱད་ཆོས་དྲུག་ལྡན་ཡེ་ཤེས་ཀྱི་འོད་ཕུང་དུ་འབར་ཞིང་གཞོན་ནུ་བུམ་པ་སྐུའི་ཚུལ་དུ་བཞུགས་པ་ནི་མཚོན་བྱ་དོན་གྱི་མར་མེ། གཞི་ལས་གཞི་སྣང་དུ་གཡོས་ཏེ། ལྷུན་གྲུབ་རང་སྣང་གི་སྒོ་ནས་ཤར་ལུགས་ཆེན་པོ་བརྒྱད་ཀྱིས་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་སུ་སྣང་བ་མཚོན་པ་བརྡ་ཡི་མར་མེ། རྒྱུ་སྐུ་དང་ཡེ་ཤེས། རྐྱེན་འོད་དང་ཁ་དོག །བྱེད་ལས་སྒྲོན་མ་བཞིར་སྨིན་ཏེ་འཁོར་ལོ་བཞིའི་དབུས་སུ་སྙིང་པོའི་འོད་གསལ་ཐིག་ལེ་ཆེན་པོ་དང་སྤྱི་བོ་ནས་རྟོག་པ་མེད་པའི་སྐུ་འཆར་བ་ནི་མཚོན་བྱེད་རྟགས་ཀྱི་མར་མེ་སྟེ། དེ་དག་རྟེན་ཅིང་འབྲེལ་འབྱུང་གི་དབང་ལས་སྣང་གསལ་མར་མེ་འདི་ཡིས་མཚོན་བྱེད་དུ་བྱས། ཆོས་དབྱིངས་མེ་ལོང་མཉམ་ཉིད་སོར་རྟོགས་བྱ་གྲུབ་སྟོང་ཉིད་འདའ་ཀ་དབྱིངས་སྒྲོལ་ཀློང་གྱུར་ཏེ་ཡེ་ཤེས་ཆེན་པོ་རྣམ་པ་དགུ་ཡི་སྣང་བས་ཉོན་མོངས་པ་དགུ་ཡི་མུན་ཁང་བཅོམ། རྒྱུ་དྲུག་འཁོར་བའི་སྒོ་རྩད་ནས་བཅད། རྡོ་རྗེ་ཁྲོ་རྒྱལ་རྣམས་ཀྱི་ཞལ་མཐོང་། རང་བྱུང་སྣང་བ་བཞི་ཡིས་ཤུལ་མཚོན། རིག་སྟོང་ཁྱབ་བདལ་ཆེན་པོས་རྒྱབ་སྐྱོར། རང་གྲོལ་སྤྱོད་པ་ཅོག་བཞག་གིས་མཐའ་བརྟེན་ཏེ་བགྲོད་པར་བྱ་བའི་ལམ་ལྔ་དང་ས་བཅུ་བགྲོད་དུ་མེད་པའི་ཚུལ་གྱིས་དྭངས་སྲོག་ཐིག་ལེ་ཆེན་པོར་སྲིད་པ་གསུམ་པོ་ཡོངས་སུ་དག་པ་འོད་ཟེར་འཁྲུལ་བཞད་ཀྱི་ཀློང་དམ་པར་བགྲོད་ནས། ཆོས་ཐམས་ཅད་བྱ་རྩོལ་གཉིས་ཀྱི་ཀློང་


LT35_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གདོད་ནས་སྐྱེ་འགག་འཕོ་འགྱུར་བྲལ་བ་གཞི་རྫོགས་ལྷུན་གྲུབ་ཆེན་པོར་གདེང་ཆེན་ཐོབ། དབུགས་ཆེན་ཕྱིན། རྩལ་ཆེན་རྫོགས་པའི་ཐུགས་འདུན་རྩེ་གཅིག་པ་མཛད་ནས་སྨོན་ལམ་གྱི་རྗེས་ཟློས་གནང་བ་ཞུ། །རིག་པ་འཛིན་པའི་ཡེ་ཤེས་སྐུ། །ཚེ་འདི་ཉིད་ལ་སྟེར་བྱེད་པ། །བླ་མེད་ཐེག་པ་ཀུན་གྱི་བཅུད། །སྒྲུབ་པ་བཀའ་བརྒྱད་འདི་རྨད་བྱུང་། །སྤྲོས་བཅས་སྒྲུབ་པའི་བུམ་བཟང་ནི། །སྟོང་ཐུན་རིན་ཆེན་ཕྲས་མཛེས་པས། །གྲུབ་གཉིས་འདོད་པ་ཀུན་འཇོབ། །མཁས་དང་གྲུབ་པའི་ཕྱག་ཆ་ཡིན། །དེ་བྱུང་དགེ་བས་དཔལ་ཆེན་པོའི། །གོ་འཕང་དཀའ་བ་མེད་ཐོབ་སྟེ། །ལུས་ཅན་ཀུན་ལ་དངོས་གྲུབ་གཉིས། །འཛད་མེད་སྦྱིན་པའི་བྱེད་པོར་ཤོག། །།ཅེས་སྟོང་ཐུན་ཚན་པ་དྲུག་པོ་འདིའང་དཔལ་སྤུངས་སྒྲུབ་ཁང་དུ་བཀའ་བརྒྱད་སྒྲུབ་ཆེན་སྨན་སྒྲུབ་འབྲེལ་མ་འཛུག་པའི་སྐབས་སུ་ཉེར་མཁོར་གྱུར་ཏེ་བླུན་རྨོངས་ཡོན་ཏན་རྒྱ་མཚོས་རི་ཁྲོད་ཀུན་བདེ་གླིང་དུ་བྲིས་པའི་ཡི་གེ་སྤེལ་བ་པོ་ནི་རང་སློབ་ལྔ་རིག་སྨ་བ་ཀརྨ་འགྱུར་མེད་དོ།། །།དགེ་ལེགས་འཕེལ།། །།


previousབཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་གྱི་སྟོང་ཐུན་གདོང་ལྔའི་གད་མོ།next