Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
རང་གཞན་ལ་གཏན་གྲོས་གདམས་ངག་གི་ཚུལ་དུ་བརྗོད་པའི་ཕྲེང་བ་སྙིང་གི་བདུད་རྩི།


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousརང་གཞན་ལ་གཏན་གྲོས་གདམས་ངག་གི་ཚུལ་དུ་བརྗོད་པའི་ཕྲེང་བ་སྙིང་གི་བདུད་རྩི།no next

རང་གཞན་ལ་གཏན་གྲོས་གདམས་ངག་གི་ཚུལ་དུ་བརྗོད་པའི་ཕྲེང་བ་སྙིང་གི་བདུད་རྩི།


LT36_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

རང་གཞན་ལ་གཏན་གྲོས་གདམས་ངག་གི་ཚུལ་དུ་བརྗོད་པའི་ཕྲེང་བ་སྙིང་གི་བདུད་རྩི་ཞེས་བྱ་བ་བཞུགས་སོ། །


LT36_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་མགོན་པོ་བཀའ་དྲིན་མཚུངས་མེད་རྡོ་རྗེ་འཆང་ཆོས་ཀྱི་རྗེ། ཆོས་ཀྱི་རྒྱལ་པོ། ཀུན་མཁྱེན་པདྨ་ཉིན་བྱེད་དབང་པོས་ཐུགས་རྗེས་གཟིགས་ཤིག །ཀྱེ་མ། བདག་མིའི་ལུས་ནི་ཐོབ། བསྟན་པའི་སྒོ་རུ་ནི་ཞུགས། ལམ་ཕྱིན་ཅི་མ་ལོག་པ་ནི་རྙེད། མཚན་ལྡན་གྱི་བླ་མ་ནི་མཇལ། རྙེད་དཀའ་བ་དག་རྙེད་ཅིང་རང་དབང་རང་ལ་ཡོད་པའི་དུས་འདིར། ཟིན་དུས་མེད་ཅིང་སྙིང་པོས་དབེན་པའི་ཚེ་འདིའི་བྱ་བ་རྨི་ལམ་སྒྱུ་མ་ལྟ་བུ་ཡུད་ཙམ་པས་བློ་མི་འབྲིད་པར། བཤུལ་ཐག་རིང་པོ་ཚེ་ཕྱི་མ་ཕན་ཆད་ལ་ཕན་པའི་བསམ་སྦྱོར་ཆོས་མཐུན་སྣ་རེ་ཡིན་ཀྱང་ཅི་ནས་བྱ། ག་རེད་རེས་རང་མགོ་རང་གིས་མ་བཏོན་ན། འདོན་རོགས་བྱེད་མཁན་སུ་ཡོད། འཁོར་བ་མཐའ་མེད་ནས་ཐར་དུས་


LT36_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཡོད། ཆོས་ལྡན་གྱི་རྟེན་བཟང་པོ་ནམ་ཐོབ། སངས་རྒྱས་འབྱུང་བའང་དཀོན་ལ་རབ་ཏུ་བྱུང་བའང་དཀོན་ན། སྨིན་གྲོལ་གྱི་ཆོས་ཚུལ་ཟབ་མོ་དང་འཕྲད་པའི་སྐལ་པ་འདི་ལྟ་བུ་ནི་རྙེད་མི་སྲིད་པའི་ཚོད་དུ་གདའ། དེས་ན་དེང་ནས་བཟུང་སྟེ་རྗེ་བཙུན་པདྨ་ཉིན་བྱེད་དབང་པོའི་སྐུ་གསུང་ཐུགས་དང་རོ་གཅིག་མ་གྱུར་གྱི་བར་དུ་དམ་པའི་ཆོས་དང་མི་མཐུན་པའི་བློ་ངན། སྤྱོད་ངན་ཐ་ན་རྨི་ལམ་དུའང་མི་འབྱུང་བར་བྱ། འགྲོ་འདུག་ཟ་ཉལ་ཅི་བྱས་ཀྱང་རུང་སྟེ་རང་རྒྱུད་རང་གིས་བརྟག །རང་སྐྱོན་རང་གིས་བསལ། མ་ི་རྡོག་གཅིག་བཏོན་པ་ལ་སེམས་ཀྱི་འཕེན་པ་བཟང་ངན་ལན་གཅིག་བལྟ། ཟས་ཁམ་གཅིག་ཟ་བ་ལ་བློའི་སྐོར་རྫོགས་ལན་གཅིག་བྱེད། གནོད་པ་དང་མི་དགེ་བའི་


LT36_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་སྦྱོར་རྣམ་པ་ཀུན་ཏུ་དོར་ནས་ལུས་ངག་ཡིད་གསུམ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་ཧྲིལ་དྲིལ་བ་ནི་དམ་དུ་བཅའ་བ་དང་པོ་སྟེ། རྣམ་ཀུན་བྱང་ཆུབ་སེམས་ཀྱི་འཕན་པ་བཏང་། །བདེ་ན་བྱིན་རླབས་སྡུག་ན་ལས་སུ་ཤེས། བདེ་སྡུག་ཀུན་ལ་བཏང་ལེན་དམིགས་པ་བསྒོམ། །རང་སེམས་དཀར་ཞིང་དཀོན་མཆོག་མི་ཁྲེལ་བྱ། བདག་ལྟ་བུའི་སྐལ་དམན་ལ་ཞལ་དངོས་སུ་སྟོན་ཅིང་སྨིན་གྲོལ་གྱི་བྱིན་རླབས་སྩོལ་བ། སངས་རྒྱས་ཀུན་ལས་བཀའ་དྲིན་ཆེ་བའི་བླ་མ་རིན་པོ་ཆེར་ལུས་དང་སྲོག་ལ་མི་བལྟ་བར་མཉེས་པ་ཁོ་ན་བསྒྲུབ་ཅིང་མི་མཉེས་པ་སྐད་ཅིག་ཀྱང་མི་བྱ། ཆོས་སྐུ་རྡོ་རྗེ་འཆང་དུ་ཐག་བཅད། བཀའ་དྲིན་འཁོར་མཐའ་མེད་པར་གདུང་ཤུགས་བསྐྱེད། བསམ་ན་རྣམ་ཐར་བསམ། སྨྲ་ན་གསོལ་འདེབས་བྱེད། མཉམ་གཞག་ཏུ་ཐུགས་ཡིད་བསྲེ། རྗེས་ཐོབ་ཏུ་དག་སྣང་སྦྱངས། རྣམ་པ་ཀུན་ཏུ་མོས་གུས་བསྒོམས་ནས་ཅི་མཛད་ཡེ་ཤེས་ཀྱི་རོལ་པ། ཅི་བྱུང་བྱིན་རླབས་དང་དངོས་གྲུབ་ཏུ་ཤེས་པས་སྣང་སྲིད་བླ་མ་ཆོས་སྐུའི་འཁོར་ལོར་བལྟ་བ་དང་། མེད་བཞིན་དུ་ཡོད་པར་འདུ་ཤེས་ནས་འཁོར་བ་རྣམས་སུ་སྡུག་བསྔལ་མི་བཟད་པ་སྣ་ཚོགས་ཉམས་སུ་མྱོང་བའི་རྩ་བ་བདག་ཏུ་འཛིན་པ་ཡུལ་འདོན། ས་རིག་པ་ཐེར་ལ་བཏོན། རང་ཆེ་འདོད་དང་སྐྱིད་འདོད་ཀྱི་འགོང་པོ་རྩད་ནས་ཕྱུང་། ཐོག་མེད་ནས་ད་ལྟའི་བར་དུ་ཕུང་ཕུང་བརླག་བརླག་གི་བྱུར་འདྲེ་ཆོས་བརྒྱད་ཀྱི་རྟོག་ངན་རྨི་ལམ་དུ་སྐྱེས་


LT36_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཚར་བཅད། མི་འདོད་པ་ཐམས་ཅད་ངར་འཛིན་གྱི་སྟེང་དུ་སྤུངས། མདོར་ན་ཅི་བྱས་ཆོས་སུ་འགྲོ་བར་བྱ་ཞིང་། ཆོས་བདག་འཛིན་གྱི་གཉེན་པོར་འགྲོ་བ་ཞིག་བྱ་བའི་དམ་བཅའ་གཉིས་པ་སྟེ། སྒྲུབ་ན་དཔལ་ལྡན་བླ་མར་མཉེས་པ་བསྒྲུབ། །འདུལ་ན་པུང་རྩ་བདག་འཛིན་ཁོ་ན་འདུལ། །སྤངས་ན་ཆོས་བརྒྱད་བློ་ངན་འདི་ཀ་སྤང་། །ཅི་བྱས་ཆོས་སུ་འགྲོ་བའི་ལས་ཤིག་བྱ། །སྲོག་དབུགས་ཀྱིས་བསྡུས་པའི་སེམས་ཅན་ལ་ཕ་མ་དྲིན་ཅན་ཤ་སྟག་ཏུ་མ་གྱུར་པ་ནི་གཅིག་ཀྱང་མེད། དེ་ཡང་ཡང་ནས་ཡང་དུ་དྲིན་གྱིས་བསྐྱངས་པ་ཡིན་ཀྱང་ད་ལྟ་མས་བུ་ངོ་མ་ཤེས། བུས་མ་ངོ་མ་ཤེས་པར་ལ་ལ་ནི་དགྲ། ལ་ལ་ནི་གཉེན། ལ་ལ་ནི་བཏང་སྙོམས་པར་གྱུར། མ་རྒན་རྣམས་ཐར་མེད་འཁོར་བའི་བཙོན་དོང་ན་སྡུག་བསྔལ་དུ་མས་གཅོས་པ་འདི་ལྟར་ལ་བདག་ཁོ་ན་ལུས་སེམས་བདེ་བས་ག་ལ་ཆོག །དྲིན་ཅན་ཁོང་རྣམས་བདེ་བ་དང་ལྡན་ན་བདག་ཁས་དམན་ཉམ་ཆུང་དབུལ་ཕོངས་སུ་གྱུར་ཀྱང་ཤིན་ཏུ་དགའ་སྟེ་ཁོང་རྣམས་ཀྱི་སྡུག་བསྔལ་གྱི་ཁུར་ཡིན། ཁོང་རྣམས་མ་རིག་པའི་དབང་གིས་བདག་ལ་དགྲར་བལྟ་བ་དང་། འཁོན་དུ་འཛིན་པ་དང་། སྐུར་པ་འདེབས་པ་དང་། འབར་ཤ་བསྡིགས་ར་བྱེད་པ་དང་། བུབ་ཁ་བཏང་བ་དང་། བསྣུན་བརྡེག་བྱེད་པ་སོགས་ཁག་ཅི་སྟེ་ཡོད། སླར་ཡང་བདག་ལ་བརྟེན་ནས་མ་རྒན་རྣམས་སྡིག་སོག་པའི་རྒྱུ་དེ་འདྲ་སྙིང་རེ་རྗེ་ཨང་། དེས་ན་བདག་གིས་སེམས་ཅན་རྣམས་


LT36_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདོད་ཆགས་སམ། ཞེ་སྡང་ངམ། གཏི་མུག་གིས་ཀུན་ནས་བསླངས་བའི་མི་དགེ་བའི་སེམས་སྐད་ཅིག་མས་བསྐལ་བ་དུ་མའི་དག་འབྲས་འཇོམས་པ་དེ་ལྟ་བུ་དང་། ཆེ་འདོད་ཀྱི་ཁ་ཐབས། ཟ་འདོད་ཀྱི་མགོ་བསྐོར། བསླུ་འདོད་ཀྱི་གཡོ་སྒྱུ་སྐད་ཅིག་ཀྱང་སྐྱེད་པར་མི་བྱ་ཞིང་། ལུས་ངག་ཡིད་གསུམ་སེམས་ཅན་གྱི་དོན་དུ་བྱང་ཆུབ་སྒྲུབ་པ་དང་། ཆོས་དང་ཟང་ཟིང་གི་སྦྱིན་པ་རང་འཁོས་གང་ཡོད་ཟོལ་ཟོག་མི་བྱ་བ་སོགས་ཕར་ཕྱིན་དྲུག་ལ་འབད་འབུང་ཅི་ནུས་སུ་བཏོན་པ་ནི་རྣམ་དུ་བཅའ་བ་གསུམ་པ་སྟེ། ཁྲོ་བའི་ལན་དུ་སླར་ཡང་མི་ཁྲོ་ཞིང་། །ག་ཤེ་དང་མཚང་བྲུ་བརྡེག་ལ་ལན་མི་སྟེར། །ཤི་ཡང་ལོག་པའི་འཚོ་པར་མི་སྤྱོད་ཅིང་། །འགྲོ་ཕན་གཡོ་སྒྱུ་མེད་པར་བསྒྲུབ་པར་བྱ། །འཁོར་མཐའ་མེད་པའི་དྲིན་ལྡན་མ་རྒན་རྣམས་བྱང་ཆུབ་མ་ཐོབ་ན་ཕན་ཕྱོགས་རེ་བཏགས་ཀྱང་མི་ཕྱིན་པས་བདག་གི་དོན་མ་འགྲུབ་ཀྱང་ཅི་ལྟོ། བདག་ལ་ཕ་མ་སེམས་ཅན་ལས་གནད་ཆེ་བ་ས་སྟེང་དུ་གར་ཡོད། ཁོང་རྣམས་ཀྱིས་ཚེ་རབས་མང་པོར་ཕན་བཏགས་ལུགས་མ་ཤེས་པ་མ་གཏོགས་བདག་གི་དོན་དུ་འདི་མ་བྱས་པ་མེད་པ་དེའི་ཕྱིར་ཁོང་རྣམས་འཁོར་བ་ན་མཐའ་མེད་དུ་འཁོར་བ་ཡིན་པས་བདག་གིས་ད་རེས་ལུས་སྲོག་འདོར་ཡང་དྲིན་ལན་སོད་ནུས་མིན་པས་སེམས་ཅན་གྱི་ཆེད་དུ་སངས་རྒྱས་ཁོ་ན་དོན་དུ་གཉེར་བ་ལས་བདག་ལ་བྱ་རྒྱུ་གཞན་ཅི་མཆིས། དེ་ཡང་ཐར་པ་སྒྲུབ་པའི་


LT36_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སུ་སངས་རྒྱས་བྱང་སེམས་ཀྱིས་གསུངས་པ་ཡིན་ཕྱིན་འདི་མི་ཟབ་བྱ་བ་ཡེ་མེད་ཅིང་། བཟང་ངན་འདམ་ཀ་བྱར་མེད་པས། རང་གི་དབང་པོ་དང་མཐུན་པ་ཞིག་ལ་ཉམས་ལེན་མཐར་འདོན་པ་ཡིན་ཀྱང་། གཏད་སོ་གཅིག་ཀྱང་མེད་པའི་གསར་འགྲོགས་རེ་བྱེད་ནས། ཐེ་ཚོམ་གྱིས་དངོས་གྲུབ་འགྱངས། ཆོས་སྤང་གི་ལས་ངན་བསགས་པ་དེ་ནམ་ཡང་མི་བྱ་བར། སྤང་ལ་པེ་ཕུར་བཏབ་པ་ལྟར་བློ་བརྟན་ཞིང་འགྱུར་ལྡོག་མེད་པས་བྱས་པ་ལམ་དུ་འགྲོ། བྱས་པ་མཐར་ཕྱིན་པ་ཞིག་བྱ། །རང་གིས་ཉམས་སུ་མ་མྱོང་བར་ཐོས་ལོང་མེད་པར་བཤད་འདོད་དང་། འཇིག་རྟེན་རྣམ་རྟོག་ལུ་གུ་རྒྱུད་བཅད་ནས་ཞག་གཅིག་བསྒོམས་མ་མྱོང་བར་གྲུབ་རྟགས་འདོད་པ་དང་། ཉམས་རྨིས་ལམ་ཆོག་འཛིན་གྱི་ཞེན་པ་སོགས་ནམ་ཡང་མི་བྱ་བ་ནི་དམ་བཞི་པར་བཅས་པ་སྟེ། བསྒྲུབ་བྱར་ཡིན་ཀྱང་ལམ་ལ་རེ་དོགས་སྤང་། །ཕན་འདོགས་ཡིན་ཀྱང་ལན་ལ་རེ་བ་སྤང་། །རྣམ་པ་ཀུན་ཏུ་ཆོས་ལ་ཐེ་ཚོམ་སྤང་། །ཚབ་ཚུབ་བློ་སྣ་མི་མང་བརྟན་པར་བྱ། །བདག་སེར་གོས་འདི་གྱོན་ཕྱིན་ཆོད་ཤཱཀྱ་ཐུབ་པའི་རྗེས་འཇུག་ཡིན་པས་ཁོང་གིས་ཅི་གསུངས་བྱ་བ་ལས་གཞན་གྱི་ཁུར་ཐང་མ་མཆིས། ཁྱད་པར་སེམས་གྱིས་སྣང་བ་དབང་དུ་མ་འདུས་པས་ཆོས་ལ་ཁག་པ་ཞག་ནས་འཇིག་རྟེན་ཆགས་སྡང་གི་བསམ་སྦྱོར་དང་། རང་གི་ཁ་རྒྱབ་ལ་བརྟེན་པའི་སྡིག་


LT36_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་པ་འདི་མི་བསགས། སངས་རྒྱས་ལ་དགྲ་གཉེན་མ་མཆིས་ན་བདག་དེའི་རྗེས་སུ་འཇུག་པ་ལ་དགྲ་གཉེན་གྱི་འཛིན་སྟངས་དང་། དེའི་གླེང་བསླང་ཙམ་ཡང་བྱེད་དོན་ཅི་ཡོད། བུ་དང་ཆུང་མ་སོགས་མི་གསོ་ཀ་མེད་ནི་མེད་པས། དམ་པའི་ཆོས་གཤའ་མ་སྒྲུབ་པ་དེ་མུ་གེས་འཆི་ཟེར་བའང་མ་ཐོས་ན། སོ་ནམས་དང་ཚོང་ཁེ་སོགས་ལ་ཡིད་ཕྲེང་ནས་ཅི་ཞིག་བྱ། དེས་ན་བདག་ལུས་རབ་བྱུང་དུ་འདུག་ནས་སེམས་ལ་ཁྱིམ་པའི་བྱ་བཞག་དང་རྣམ་རྟོག་བཀོད་པ་འདི་མི་འཐད་པས་དེང་ནས་མི་ཆོས་རྒྱབ་ཏུ་བསྒྱུར། ལྷ་ཆོས་དང་དུ་ལེན། གྲུབ་ཐོབ་གོང་མ་རྣམས་ཀྱི་མཛད་སྤྱོད་ལ་མིག་ལྟོས་ཡར་ལྡན་བྱེད་པ་ནི་དམ་བཅའ་ལྔ་པ་སྟེ། རབ་བྱུང་ཡིན་པས་འཇིག་རྟེན་ཁུར་ཐང་མེད། །ཕ་ཆུས་སངས་རྒྱས་བསྟན་པའི་གཞུང་ཤིང་བཟུང་། །སོ་ནམ་དང་སོགས་འཕགས་པའི་ནོར་བདུན་བསགས། །དགྲ་འདུལ་གཉེན་སྐྱོང་རང་གི་སེམས་ལ་བྱ། ཁྱད་པར་ཁ་ཉེས་པ་ཀུན་གྱི་སྒོ་ཡིན་པར་མ་ཟད། ལོང་གཏམ་ལྡབ་ལྡིབ་དགེ་སྦྱོར་གྱི་སང་དུ་གསུངས་པས་ཆོས་ལྡན་གྱི་གཏམ་ལས་སྨྲ་བ་མང་པོ་མི་བྱ། དུས་ཀྱི་དབང་གིས་ངན་འགྲོའི་ལས་ཅན་ཁོ་ན་ལྷན་ཅིག་ཏུ་ཚོགས་དངོས་བསྟན་འདི་ལྟར་ལ། བདག་བླ་མ་སངས་རྒྱས་ཀྱིས་རྗེས་སུ་བཟུང་བའི་ཕོ་རྒོད་བླ་མའི་རྣམ་ཐར་སྐྱོང་བ་ལས། ཁོང་རྣམས་ཀྱི་མིག་ལྟོས་ངན་པས་བསླབ་བྱ་བག་ཡངས་སུ་འདོར་ནས་རང་རྒྱུད་རང་གིས་


LT36_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེ་གདོན་ཅི་སྟེ་ཡོད། ཕྱོགས་རིས་ཀྱི་ཁ་འཛིན། ཆོས་ཀྱི་ཆགས་སྡང་། རྣམ་པ་ཀུན་ཏུ་རང་རྩིས་ཆེ་བའི་རང་ལ་ང་རྒྱལ་དང་རློམ་སེམས་གྱིས་རང་ཕུང་ཞིང་། གཞན་ལ་ཕྲག་དོག་དང་ཟུར་ཟས་གཞན་རྒྱུད་དཀྲུགས་ཏེ། མཐར་གཉིས་ཀ་ངན་སོང་དུ་འཕེན་པའི་བདག་བསྟོད་གཞན་སྨོད་ཀྱི་བསམ་སྦྱོར་ཚིག་ཏུ་སྨྲ་བར་ཡང་མི་བྱ། ཞལ་གཟིགས། མངོན་ཤེས། མོ་རྨིས། མཚན་རྟགས། ཐོས་བསམ་སྒོམ་གསུམ་གྱི་ཡོན་ཏན་མེད་པར་ཡོད་པར་བརྫུས་ནས་མི་ཆོས་བླ་མའི་བརྫུན་ཞར་དང་ཞོར་དུ་འཆད་ནས་སྡོམ་པ་རྩད་ནས་བརླག་པ་འདི་ནམ་ཡང་མི་བྱ་བའི་དམ་དྲུག་པར་བཅས་པ་སྟེ། སྒོ་གསུམ་ཐ་མལ་བག་ཡངས་མི་བཏང་བར། །རང་ཉིད་ཡིད་ཆེས་གཞན་ལ་དང་བ་འདྲེན། །བདག་བསྟོད་གཞན་སྨོད་ང་རྒྱལ་ཕྲག་དོག་དང་། །ཚུལ་ལྟར་འཆོས་བས་གཞན་དག་བསླུ་མི་བྱ། །མདོར་ན་བདག་སྐྱིད་སྡུག་ལེགས་ཉེས་ཅི་ལྟར་བྱུང་ཡང་བློ་བླ་མ་དཀོན་མཆོག་ལ་བཀལ། །ཤི་མ་ཤི་མེད་བར་ཆོས་བྱ། སྤྱོད་ལམ་ད་ལ་བྲེལ་མེད་པར་ཆོས་བྱ། རེས་བྱ་རེས་འཇོག་མེད་པར་ཆོས་བྱ། ཉམས་ལེན་གྱི་མཐིལ་མོས་གུས་བྱང་སེམས་བསྒོམ། དགེ་སྦྱོར་གྱི་མཐིལ་རང་སེམས་བསྲུང་། འགྲོ་དོན་གྱི་མཐིལ་བསྔོ་བ་དང་སྨོན་ལམ་འདེབས། སྐད་ཅིག་མའི་ཉམས་ལེན་ལ་འདི་ཕྱི་བར་དོ་གསུམ་གྱི་གནད་གོ་ཆོད་པར་བྱེད་དེ།


LT36_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་དང་ཤེས་བཞིན་གྱི་ངང་ནས་མི་ཚེ་འགྱོད་མེད་ཅིག་བསྒྲུབ་པར་དམ་བཅའ་བདུན་པ་སྟེ། ཕ་མའི་ངོར་ཡང་སྡིག་པའི་ལས་མི་བྱེད། །སྲོག་གི་ཕྱིར་ཡང་དཀོན་མཆོག་གསུམ་མི་སྤང་། །གཤེད་མས་བརྡུང་ཡང་དྲན་པའི་མདངས་མི་བསྐྱུར། །འདི་ཕྱི་བར་གསུམ་ཆིག་དྲིལ་ཉམས་ལེན་བྱ། །ཞེས་དམ་བཅའ་བྱ་བདུན་མ་འདི་ཁ་མང་བས་མ་ཡིན། ཅོལ་ཆུང་བས་མ་ཡིན། མཁས་ཁྱད་འདོན་པར་མ་ཡིན། མ་ནུས་ཇོ་བརྫུ་མ་ཡིན། བག་ཡངས་སྣང་ཤས་ཀྱིས་གང་དྲན་ཀླག་ཅོར་མ་ཡིན་པར་རང་རྒྱུད་སྲ་རེངས་ཆོས་ཀྱི་འཇུར་མིག་ནས་དྲངས་ཕྱིར་ཡིན་ལགས་ན། རྒྱལ་བ་རབ་འབྱམས་ཀྱི་འཁོར་ལོའི་བདག་པོ་སངས་རྒྱས་པདྨ་ཉིན་བྱེད་དབང་པོ་ཐུགས་རྗེ་དང་མཐུ་ཆེན་པོར་ལྡན་པ་ཁྱེད་ཀྱིས་བསམ་དོན་མཐའ་དག་བར་ཆད་མེད་པར་སྟན་ཐོག་འདི་ཉིད་དུ་ཉམས་སུ་ལོན་པར་བྱིན་གྱིས་རློབས་ཤིག །རེ་ས་གཞན་ན་མེད་དོ། །ཅི་མཛད་ཁྱེད་རང་མཁྱེན། སྐྱོབ་བ་ནི་ཁྱེད་ཁོ་ན་ལགས་ལ་སྙིང་རྗེའི་ཡུལ་ནི་བདག་ཡིན་ན་འཁོར་བ་དང་ངན་སོང་གསུམ་དུ་ཨི་བཏང་ཁྱེད་རང་མཁྱེན་ནོ། །ད་ནི་ཐུགས་རྗེས་ཟུངས་ཤིག་ལགས། སླར་ཡང་བྱང་ཆུབ་ལམ་གྱི་རྩ་བ་དར། །ཡན་ལག་མང་ཡང་ཉམས་སུ་ལེན་པ་ལ། །མེད་ཐབས་མེད་པའི་གནད་འགག་མདོར་བསྡུས་འགའ། །རྣམ་ཀུན་རང་དྲན་གསོ་ཕྱིར་བརྗོད་པར་བྱ། །དང་པོ་བདག་གི་བྱ་ཆ་འདི་བཞིར་བསྡུ། །ཐོས་པའི་གོ་བས་སྤྲོས་


LT36_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཕྱི་ནས་བཅད། །བསམ་པའི་ཉམས་མྱོང་མཐིལ་ཕྱིན་རྒྱུད་ལ་བཀལ། །སྒོམ་པའི་རྟོགས་པས་གཉིས་སྣང་ཟད་སར་བསྐྱལ། །གནས་སྐབས་ཀུན་ཏུ་ཐ་མལ་མ་ཤར་བྱ། །དེ་ཡང་རྒྱུད་ལ་ཕན་ངེས་བྱ་ཚུལ་བཞི། །ཐོས་པའི་དུས་སུ་ཕྱོགས་རིས་མེད་པར་བྱ། །བསམ་པའི་དུས་སུ་ཐེ་ཚོམ་ཆོད་པར་བྱ། །སྒོམ་པའི་དུས་སུ་རྟོགས་པ་ཐོབ་པར་བྱ། །བྱ་བ་ཅི་བྱས་འགྱོད་པ་མེད་པར་བྱ། །དེ་ལ་གལ་གནད་ཆེ་བ་རྣམ་བཞི་ནི། །ཐོས་དུས་བློ་སྣ་རྩེ་གཅིག་བསྡུ་བ་གནད། །སེམས་དུས་བློ་གྲོས་རྒྱ་ཡངས་བསྐྱེད་པ་གནད། །སྒོམ་དུས་བློ་རྡོག་ཐད་ཀར་གཅོད་པ་གནད། །དུས་ཀུན་བློ་ཐག་ཡང་ཡང་བསྟུང་བ་གནད། །མདོ་དོན་དྲིལ་བའི་བསྟུན་པ་རྣམ་བཞི་ནི། །ཕྱི་ཚུལ་སོ་སོར་ཐར་པའི་ཁྲིམས་དང་བསྟུན། །ཉམས་ལེན་ཐེག་རྩེ་ཕྱག་རྫོགས་གཉིས་དང་བསྟུན། །བསམ་སྦྱོར་ཐམས་ཅད་བྱང་ཆུབ་སེམས་དང་བསྟུན། །སྒོ་གསུམ་ཅི་བྱས་དམ་པའི་ཆོས་དང་བསྟུན། །དགོས་དོན་འགྲུབ་པའི་གཏད་པ་རྣམ་བཞི་ནི། །བློ་སྣ་འགྱུར་ལྡོག་མི་མང་གཅིག་ལ་དྲིལ། །ཉམས་ལེན་ཐེ་ཚོམ་མི་བྱ་གཅིག་མཐར་འདོན། །སྐྱོ་ངལ་བཏང་སྙོམས་མི་བྱ་འབད་པས་བརྩོན། །རེ་དོག་ཚབ་ཚུབ་མི་བྱ་དེ་ཀར་ཀློད། །བསྒོམ་པར་བྱ་བའི་དགའ་བ་རྣམ་བཞི་ནི། །གཞན་ཕན་གྱུར་ན་བདག་ཉིད་སྡུག་པས་དགའ། །ཆོས་ཕྱིར་


LT36_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བ་ཇི་ལྟར་ཆེ་ཡང་དགའ། །དཀོན་མཆོག་ཁྲེལ་ལས་རང་ཉིད་ཤི་བ་དགའ། །ཆོས་དང་མ་མཐུན་མི་རྩིས་ཆུང་ན་དགའ། །དགོས་པ་རྣམ་བཞི་མཁས་པའི་ཕ་ཟོག་ནི། །བླ་མ་བསྟེན་ཚེ་གདམས་ངག་བྱུག་པ་དགོས། །རང་རྐྱ་བཟུང་ཚེ་བློ་ཐག་ཆོད་པ་དགོས། །ཡོན་ཏན་སྐྱེས་ཚེ་ཞེན་པ་མེད་པ་དགོས། །རྐྱེན་ངན་བྱུང་ཆོ་གནད་དུ་འགྲོ་བ་དགོས། །ཆོས་ལུགས་ཀུན་ལ་མཁོ་བའི་མཆོག་བཞི་ནི། །མི་མང་ཁྲོད་དུ་སྒྲ་བརྗོད་ཉུང་བ་མཆོག །གཅིག་པུར་འདུག་དུས་བཙུན་ཚུགས་བཟུང་བ་མཆོག །སྦྱར་ཐང་མེད་པའི་བློ་རྒྱ་བསྐྱུང་བ་མཆོག །བྱ་བ་ཅི་ཡང་བརྟགས་ཤིང་བྱེད་པ་མཆོག །བགྲོད་པར་མི་བྱའི་འགྲོ་ས་རྣམ་བཞི་ནི། །ལྟ་བ་ཁ་ཁྱེར་དྲེད་པོ་ཆོས་རྡུགས་འགྲོ། །མ་སྨིན་ཆོས་བཤད་རང་ཕུང་བྱུར་དུ་འགྲོ། །མི་མཁས་བྱེད་མང་དཀའ་བ་དོན་མེད་འགྲོ། །དུས་མིན་འགྲོ་དོན་གཉིས་མེད་སེང་གེར་འགྲོ། །དོན་ཆུང་འདྲ་ཡང་འཕྲལ་ཕུགས་བདེ་བཞིན། །རྟོག་གེ་པ་དང་མི་སྨྲ་ཆགས་སྡང་བསླང་། །བླུན་པོ་རྣམས་དང་མི་སྨྲ་ཡི་མུག་སྐྱེ། །ལེགས་བཤད་བྱིས་པའི་ཁ་ན་འདུག་ཀྱང་འདྲི། །ཆོས་མིན་བཤད་ན་གོང་མའི་གསུང་ཡང་བོར། །ཤེས་ནས་བོར་བར་བྱ་བ་རྣམ་བཞི་ནི། །དོན་མེད་དཔེ་ཉོག་བལྟས་ན་དྲན་མང་ལངས། །བྱེད་རྒྱུ་ཧ་ཅང་མང་ན་མདོ་རྩ་ཤོར། །མིག་ལྟོས་ངན་པས་རང་རྒྱུད་བག་ཡངས་འགྲོ། །ལབ་གླེང་


LT36_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

མང་ན་ཉོན་མོངས་དུག་རོ་བསླང་། །འཕྲལ་ཕུགས་གཉིས་ཀར་འཚེང་བའི་ཆོས་བཞི་ནི། །སྣེ་གཅིག་བསྲུང་ཡང་ངོ་ལྐོག་མེད་ན་འཚེང་། །མང་མི་ཤེས་ཀྱང་ངེས་པ་རྙེད་ན་འཚེང་། །ཕན་མ་ཐོགས་ཀྱང་གནོད་སེམས་མེད་ན་འཚེང་། །ཕྱོགས་རིས་མེད་ཀྱང་རང་རྐང་བཟུང་ན་འཚེང་། །ཇི་ལྟར་བྱས་ཀྱང་བདེ་བ་རྣམ་བཞི་ནི། །བློ་ཐག་ཆོད་ན་ཇི་ལྟར་བྱས་ཀྱང་བདེ། །རང་སེམས་དཀར་ན་ཤིའམ་གསོན་ཀྱང་བདེ། །ཆགས་སྡང་མེད་ན་སུ་དང་འགྲོགས་ཀྱང་བདེ། །ཉམ་ཐག་བྱུང་ཡང་རེ་བ་མེད་ན་བདེ། །ཆོག་པ་རྣམ་བཞིར་བློ་ཕུགས་བཀལ་བ་ནི། །གཞན་མ་མགུ་ཡང་གཡོ་སྒྱུ་མེད་པས་ཆོག །གྲུབ་རྟགས་མེད་ཀྱང་ཆོས་དང་མཐུན་པས་ཆོག །རྟོགས་པ་དམན་ཡང་ཉོན་མོངས་ནོན་པས་ཆོག །བརྩོན་འགྲུས་ཞན་ཡང་རེས་འཇོག་མེད་པས་ཆོག །གལ་གནད་ཆེ་བའི་ཐག་ཆོད་རྣམ་བཞི་ནི། །བླ་མ་སངས་རྒྱས་དངོས་སུ་ཁོ་ཐག་བཅད། །རང་སེམས་མ་བཅོས་ཆོས་སྐུར་ཁོ་ཐག་བཅད། །འདིར་སྣང་ཞེན་འཛིན་མི་བྱ་ཁོ་ཐག་བཅད། །བློ་ཕུགས་ཆོས་ལ་གཏད་པར་ཁོ་ཐག་བཅད། །རྒྱུན་དུ་དགོས་པའི་སྤྱོད་ལམ་རྣམ་བཞི་ནི། །རང་གིས་བལྟས་ན་རང་ཡིད་ཆེས་པར་བྱ། །གཞན་གྱིས་བལྟས་ན་གཞན་དག་མགུ་བར་བྱ། །དཀོན་མཆོག་བླ་མས་གཟིགས་ན་མི་ཁྲེལ་བྱ། །སངས་རྒྱས་སེམས་ཅན་གཉིས་


LT36_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

མི་བསླུ་བྱ། །མེད་པ་རྣམ་བཞིར་མགོ་གཏད་བྱ་བ་ནི། །བྱིན་རླབས་སྤྱན་རས་གཟིགས་ལས་ཆེ་བ་མེད། །རིག་སྔགས་ཡི་གེ་དྲུག་ལས་ཟབ་པ་མེད། །དག་སྣང་ཁྱེར་སོ་གསུམ་ལས་དཀའ་བ་མེད། འགྲོ་དོན་སེམས་བསྐྱེད་བཟང་ལས་ལྷག་པ་མེད། །དང་དུ་ལེན་པའི་དྲིན་ཆེན་རྣམ་བཞི་ནི། །རང་ལ་ངོ་སྤྲོད་བླ་མ་བཀའ་དྲིན་ཆེ། །བོད་ལ་ཨོ་རྒྱན་ཆེན་པོ་བཀའ་དྲིན་ཆེ། །ཐར་པ་བསྒྲུབ་ལ་དམྱལ་བ་བཀའ་དྲིན་ཆེ། །དངོས་གྲུབ་ཐོབ་ལ་རྐྱེན་ངན་བཀའ་དྲིན་ཆེ། །འདུག་ཚུལ་འདི་བཞི་སེམས་ལ་སྐོར་རྫོགས་བྱ། །ཕྱོགས་རིས་ཆེ་བ་ཆོས་པའི་མཚངས་སུ་འདུག །རྣམ་རྟོག་མང་བ་བདུད་ཀྱི་གཡབ་མོར་འདུག །ང་རྒྱལ་རློམ་སེམས་འཁོར་བའི་གཏིང་རྡོར་འདུག །ཕྱོགས་རེར་ཞེན་པ་ཐོས་ཆུང་སྐྱོན་དུ་འདུག །མ་ནུས་ཇོ་བཟང་འདྲ་བ་རྣམ་བཞི་ནི། །སེམས་རྒྱུད་ཐུལ་ན་འདུག་ས་གར་ཡང་འདྲ། །སྐྱོང་ལུགས་ཤེས་ན་སྒྲིམ་གློད་གང་བྱས་འདྲ། །ལམ་ཁྱེར་ཤེས་ན་སྐྱིད་སྡུག་གང་བྱུང་འདྲ། །ཉམས་ལེན་ནུས་ན་དམ་ཆོས་གང་བསྒྲུབ་འདྲ། །བསྒོམ་པར་བྱ་བའི་མདོ་འགག་རྣམ་བཞི་ནི། །དགེ་སྦྱོར་སྙིང་པོ་བླ་མའི་མོས་གུས་བསྒོམ། །ཉམས་ལེན་སྙིང་པོ་བྱམས་དང་སྙིང་རྗེ་བསྒོམ། །སྤྲོས་བཅས་སྙིང་པོ་བཏང་ལེན་རྡོར་བཟླས་བསྒོམ། །སྤྲོས་མེད་སྙིང་པོ་ཕྱག་རྫོགས་ཟུང་འཇུག་བསྒོམ། །གཅིག་ཏུ་གལ་ཆེ་ཟབ་པའི་ཆོས་


LT36_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ནི། །བྱ་ཐབས་སླ་ཡང་རྡོ་རུས་གཏུགས་པ་ཟབ། །དང་པོར་ཉམས་ལེན་གང་བྱས་མཐར་འདོན་ཟབ། །རྟག་ཏུ་དྲན་ཤེས་རང་ཚུགས་མ་ཤོར་ཟབ། །གང་བྱུང་དགོས་ཀྱང་དང་པོ་བཅོས་པ་ཟབ། །དུས་རྒྱུན་དགོས་པའི་མི་ལྟོ་རྣམ་བཞི་ནི། །ས་ཆོད་ཆུང་ཡང་མི་ལྟོ་ངོ་བོ་སྐྱོང་། །ཆོས་སྤྱོད་མ་ནུས་མེ་ལྟོ་རང་རྒྱུད་འདུལ། །ཡོད་ཀྱང་མི་ལྟོ་ཞེན་མོས་གུས་སྙིང་རྗེ་སེམས་ངོ་སོགས། ཆགས་འཛིན་འཁྲི་ས་བཅད། །མེད་ཀྱང་མི་ལྟོ་ནམ་འཆི་ཆ་མེད་བསམ། །མ་བྱས་ཐབས་མེད་བགྲོད་གཅིག་བཞི་པ་ནི། །ཐུགས་ཡིད་གཅིག་ཏུ་འདྲེས་ཀྱང་མོས་གུས་བྱ། །ཐམས་ཅད་སྟོང་པར་གོ་ཡང་ལས་འབྲས་འཛེམ། །བདག་གཞན་དབྱེར་མེད་རྟོགས་ཀྱང་སྙིང་རྗེ་བསྐྱེད། །ཆོས་ལུགས་མང་ཡང་དྭགས་པོའི་རྗེས་སུ་ཞུགས། །ལས་དང་པོ་ཡི་སྐྱོང་ལུགས་གཅེས་པ་བཞི། །ཐེ་ཚོམ་བྱུང་ཡང་མི་བསྐྱུར་སྐྱོང་བ་གཅེས། །གནས་འགྱུ་མི་གདམ་ཐད་ཀར་སྐྱོང་བ་གཅེས། །ཉམས་ཀྱི་སྣ་ཁ་མི་བསྐྱིལ་སྐྱོང་བ་གཅེས། །ཡུལ་རྐྱེན་འཕྲོད་ཚེ་བསྒྲིམས་ནས་སྐྱོང་བ་གཅེས། །འབྱེད་པར་དཀའ་བའི་སྤང་བླང་རྣམ་བཞི་ནི། །ཟབ་ཀྱང་ཡིད་ཡུལ་འདུག་པའི་གོ་བ་བསལ། །བཟང་ཡང་མྱང་བྱར་ཡོད་པའི་ཉམས་དང་ཕྲལ། །ཡིད་དཔྱོད་རང་ཞིག་སོང་བའི་རྟོགས་པ་ཚོལ། །རང་རྩིས་མ་ཆེ་གཞན་ལས་ཞུན་ཐར་བཅད། །


LT36_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་བཞི་ཡིས་ཉམས་ལེན་སྐྱོང་བ་ནི། །རྩིར་ཟིན་བྱས་ན་རང་ཉིད་འཆིང་བ་ཡིན། །གར་འགྲོར་བཏང་ན་འདིར་འགྲོ་མེད་པ་ཡིན། །ལྷོད་ཀྱིས་ཀློད་ན་ས་ལེར་འཆར་བ་ཡིན། །དྲན་ཙམ་མ་གཏོགས་ཆམ་གྱིས་བསྐྱུར་བ་ཡིན། །བཞག་ཐབས་རྣམ་བཞི་བྱེ་བ་རིང་བསྲེལ་ནི། །གར་ཤར་སོ་མ་བློ་ཡིས་མ་རེག་བཞག །འཇུར་བུས་མི་བཅིངས་དྲན་ཙམ་ངང་དུ་བཞག །གང་བྱུང་དེས་ཆོག་ཐ་མལ་ལྷུག་པར་བཞག །རང་གསལ་ཀློང་དུ་རང་གྲོལ་ཡན་པར་བཞག །བཏང་ཚུལ་རྣམ་བཞི་ཆོས་ཀྱི་སྙིང་པོ་ནི། །སྣང་བ་དགག་སྒྲུབ་མེད་པར་བུན་ལོང་བཏང་། །གང་ཤར་བཅོས་བསྒྱུར་མེད་པར་ཕྱ་ལེ་བཏང་། །བདེ་སྡུག་སྤང་ལེན་མེད་པར་ཤིགས་སེར་བཏང་། །བཟང་ངན་གདམ་པ་མེད་པར་ཁྲོ་ལེར་བཏང་། །གལ་མདོ་ངེས་པའི་འདུས་སོ་རྣམ་བཞི་ནི། །ཉམས་ལེན་མོས་གུས་སྙིང་རྗེར་འདུས་པར་བྱ། །ལྟ་སྒོམ་དྲན་ཙམ་ཆོག་ལ་འདུས་པར་བྱ། །སྤྱོད་ལམ་ཆོས་ཉིད་ངང་དུ་འདུས་པར་བྱ། །རང་རྒྱུད་འདུལ་ལ་ཆོས་རྣམས་འདུས་པར་བྱ། །སྒོམ་བྱུང་བརྡོལ་བའི་དོ་ཧ་མ་ལགས་ཀྱང་། །མདོ་རྒྱུད་ཟབ་མོ་མཐོང་ཞིང་ནང་དུ་ཡང་། །ཅུང་ཟད་བརྟགས་ནས་ཉམས་ལ་གང་ཤར་དུ། །བཞི་ཚན་སུམ་ཅུར་དྲིལ་བའི་གླུ་ཆུང་ལེན། །ཡོན་ཏན་འདི་དག་བདག་ལ་མ་མཆིས་པས། །གཞན་གྱི་རྒྱུད་ལ་ཕན་པའི་རེ་


LT36_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱང་། །མ་ཤིའི་བར་དུ་རང་དྲན་གསོ་སྙམ་པས། །མི་ཆོས་བླ་མའི་ཉེས་པ་མེད་སྙམ་བགྱིད། །དེ་ཕྱིར་འདི་སྨྲས་འདི་ལ་འབྲེལ་ཐོགས་བཅས། །གེགས་དང་གོལ་སས་ནམ་ཡང་མི་བསླུ་བར། །ཁྱབ་བདག་པདྨ་ཉིན་བྱེད་དབང་པོ་དང་། །ཐུགས་ཡིད་གཅིག་འདྲེས་བྱང་ཆུབ་རོ་གཅིག་ཤོག །ཅེས་གང་དྲན་ཐོལ་བྱུང་བརྗོད་པའི་ནེ་ཙོའི་པདྨེ་འདི་ནི་རང་ལོ་ཉེར་བཞི་པར་དཔལ་སྤུངས་སྒྲུབ་ཁང་དུ་སྡོད་སྐབས་བྲིས་པར་གདའོ། །སརྦ་མངྒ་ལཾ། ༈ །བཀའ་བརྒྱུད་བླ་མ་རྒྱལ་བ་སྲས་བཅས་དང་། །སྤྱན་རས་གཟིགས་དབང་རྗེ་བཙུན་སྒྲོལ་མ་དགོངས། །འཆི་བ་ལ་དྲན་ཚེ་འདི་སྒྲུབ་པ་ཡི། །དལ་འབྱོར་སྟོང་ཟད་ང་ལ་ཐུགས་རྗེས་ཟུང་། །རྨི་ལམ་འདྲ་བའི་མི་ཚེ་ཡད་ཡུད་འདི། །སྐྱིད་ཀྱང་རུང་ལ་སྡུག་ཀྱང་རུང་བས་ན། །སྐྱིད་སྡུག་གནས་ལ་ཡིད་སྨོན་མི་བྱེད་པར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །རླུང་གསེབ་མར་མེ་འདྲ་བའི་མི་ཚེ་འདི། །ཐུང་ཡང་རུང་ལ་རིང་ཡང་རུང་བས་ན། །བདག་འཛིན་དམ་པོར་ཁ་བསྣོན་མི་འདེབས་པར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །སླུ་བྱེད་སྒྱུ་མ་འདྲ་བའི་རྣམ་དཔྱོད་འདི། །འགྲིགས་ཀྱང་རུང་ལ་མ་འགྲིགས་ཀྱང་རུང་བས། །ཆོས་བརྒྱད་ཁྱེར་ཀ་རྩྭ་ལྟར་ངོར་ནས་སུ་


LT36_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །ཤིང་ཁའི་བྱ་ཚོགས་འདྲ་བའི་གྲྭ་འཁོར་འདི། །འདུས་ཀྱང་རུང་ལ་འབྲལ་ཡང་རུང་བས་ན། །སྣ་ཐག་རང་གི་མགོ་ལ་དཀྲི་བ་ཡིས། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །ལོ་བརྒྱའི་ཁང་རུལ་འདྲ་བའི་སྒྱུ་ལུས་འདི། །འཚོ་ཡང་རུང་ལ་འགྱེལ་ཡང་རུང་བས་ན། །ཟས་གོས་སྨན་གྱི་རྩོལ་བས་མི་འཆིང་བར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །བྱིས་པའི་རྩེད་མོ་འདྲ་བའི་ཆོས་ཚུགས་འདི། །ཟིན་ཡང་རུང་བ་ཤོར་ཡང་རུང་བས་ན། །ཟར་ཟིར་མང་པོས་རང་མགོ་མི་བསྐོར་བར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །མེ་ལོང་གཟུགས་བརྙན་འདྲ་བའི་ལྷ་འདྲེ་འདིས། །ཕན་ཡང་རུང་ལ་གནོད་ཀྱང་རུང་བས་ན། །རང་སྣང་འཁྲུལ་པ་དགྲ་རུ་མི་བལྟ་བར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །རྗེས་མེད་བྲག་ཅ་འདྲ་བའི་འཁྲུལ་གཏམ་འདི། །སྙན་ཀྱང་རུང་ལ་མ་སྙན་ཀྱང་རུང་བས། །དཀོན་མཆོག་གསུམ་དང་རང་སེམས་དཔང་བཞག་ནས། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །ཤ་བའི་རྭ་འདྲ་དགོས་དུས་མི་ཕན་པ། །ཤེས་ཀྱང་རུང་ལ་མ་ཤེས་ཀྱང་རུང་བས། །རིག་གནས་ཙམ་ལ་བློ་གཏད་མི་འཆའ་བར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །བཙན་དུག་ཧ་ལ་འདྲ་བའི་དཀོར་རྫས་


LT36_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །བྱུང་ཡང་རུང་ལ་མ་བྱུང་ཡང་རུང་བས། །ལོག་འཚོའི་སྡིག་ལ་མི་ཚེ་མི་བསྐྱལ་བར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །ཁྱི་ལུད་དར་བསྟུམས་འདྲ་བའི་བླ་གཟུགས་འདི། །ཐོབ་ཀྱང་རུང་ལ་མ་ཐོབ་ཀྱང་རུང་བས། །རང་མགོ་རུལ་བ་སྣ་ཡིས་ཚོར་ནས་སུ། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །ཚོང་འདུས་མགྲོན་པོ་འདྲ་བའི་གཉེན་འབྲེལ་འདི། །མཛའ་ཡང་རུང་ལ་མཁོན་ཀྱང་རུང་བས་ན། །ཞེན་པའི་གདོས་ཐག་སྙིང་ནས་བཅད་པ་ཡིས། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །རྨི་ལམ་ནོར་རྙེད་འདྲ་བའི་ཟང་ཟིང་འདི། །ཡོད་ཀྱང་རུང་ལ་མེད་ཀྱང་རུང་བས་ན། །མཐུན་འཇུག་ངོ་དགས་གཞན་མགོ་མི་བསྐོར་བར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །བྱེའུ་ཆུང་ཤིང་རྩེར་བབ་འདྲའི་གོ་ས་འདི། །མཐོ་ཡང་རུང་ལ་དམའ་ཡང་རུང་བས་ན། །རང་སྡུག་གནས་ལ་ཡིད་སྨོན་མི་བྱེད་པར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །མཚོན་ཆ་འདྲ་བའི་དབང་སྡུད་ངན་སྔགས་འདི། །འགྲུབ་ཀྱང་རུང་ལ་མ་འགྲུབ་ཀྱང་རུང་བས། །རང་སྲོག་གཅོད་པའི་སྤུ་གྲི་མི་ཉོ་བར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །ནེ་ཙོའི་ཡིག་དྲུག་འདྲ་བའི་འདོན་བརྗོད་འདི། །བྱས་ཀྱང་རུང་ལ་མ་བྱས་ཀྱང་རུང་བས། །


LT36_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་བྱས་མང་པོའི་རྣམ་གྲངས་མི་བགྲང་བར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །རི་བོའི་འབབ་ཆུ་འདྲ་བའི་བཤད་པའི་ཆོས། །མཁས་ཀྱང་རུང་ལ་མ་མཁས་ཀྱང་རུང་བས། ཁ་བཤད་མཁས་ལ་ཆོས་སུ་མི་བསྒོམས་པར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །ཕག་པའི་སྣ་འདྲ་དཔྱད་པ་མྱུར་བའི་བློ། །རྣོ་ཡང་རུང་ལ་རྟུལ་ཡང་རུང་བས་ན། །དོན་མེད་ཆགས་སྡང་ཟེགས་མ་མི་བསློང་བར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །དབྱར་གྱི་རྐ་ཆུ་འདྲ་བའི་རྣལ་འབྱོར་ཉམས། །འཕེལ་ཡང་རུང་ལ་འབྲིད་ཀྱང་རུང་བས་ན། །བྱིས་པ་འཇའ་ཚོན་རྗེས་སུ་མི་འདེད་བར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །རི་འགོའི་ཆར་པ་འདྲ་བའི་དག་སྣང་འདི། །ཤར་ཡང་རུང་ལ་མ་ཤར་ཡང་རུང་བས། །འཁྲུལ་པའི་ཉམས་ལ་བདེན་པར་མི་བཟུང་བར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །ཡིད་བཞིན་ནོར་བུ་ལྟ་བུའི་དལ་འབྱོར་འདི། །མ་ཐོབ་དམ་ཆོས་སྒྲུབ་ཐབས་མི་འདུག་པས། །རང་ལག་ཡོད་དུས་ཆུད་ཟོས་མི་བྱེད་པར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །ཐར་ལམ་སྒྲོན་མེ་དཔལ་ལྡན་བླ་མ་འདི། །མ་མཇལ་གནས་ལུགས་རྟོགས་ཐབས་མི་འདུག་པས། །གར་འགྲོ་ཤེས་དུས་གཡང་ལ་མི་མཆོང་བར། །དམ་པའི་ཆོས་ལ་


LT36_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ནན་ཏན་བྱེད་པར་ཤོག །ནད་སེལ་སྨན་དང་འདྲ་བའི་དམ་ཆོས་འདི། །མ་ཐོས་སྤང་བླང་ཤེས་ཐབས་མི་འདུག་པས། །ཕན་གནོད་ཤེས་དུས་བཙན་དུག་མི་འགོམ་པར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །དབྱར་དགུན་རེས་འདྲའི་སྐྱིད་སྡུག་འགྱུར་ལྡོག་འདི། །མ་མཐོང་ངེས་པར་འབྱུང་ཐབས་མི་གདའ་བས། །སྡུག་རེས་རང་ལ་འཁོར་བར་ཐག་ཆོད་ནས། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །ཆུ་རྡོ་ཆུ་གཏིང་བྱིང་འདྲའི་འཁོར་བའི་ནང་། །དཀོན་མཆོག་ཐུགས་རྗེའི་དཔྱངས་ཐག་བཏང་བ་ལ། །ད་རེས་མ་ཟིན་ཕྱི་ནས་མི་ཟིན་པས། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །ནོར་བུའི་གླིང་འདྲ་ཐར་པའི་ཡོན་ཏན་རྣམས། །མ་ཤེས་བརྩོན་འགྲུས་རྩོམ་ཐབས་མི་འདུག་པས། །གཏན་དུ་རྒྱལ་བའི་ཁེ་གསང་མཐོང་ནས་སུ། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །བདུད་རྩིའི་བཅུད་འདྲ་དམ་པའི་རྣམ་པར་ཐར། །མ་མཇལ་ཡིད་ཆེས་སྐྱེ་ཐབས་མི་འདུག་པས། །ཕམ་རྒྱལ་ཤེས་དུས་རང་སྡུག་མི་ཉོ་བར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །ཞིང་ས་གཤིམ་པོ་འདྲ་བའི་བྱང་ཆུབ་སེམས། །མ་སྐྱེས་སངས་རྒྱས་ཐོབ་ཐབས་མི་འདུག་པས། །དོན་ཆེན་སྒྲུབ་ལ་བཏང་སྙོམས་མི་འཇོག་པར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །ཅོལ་ཆུང་སྤྲེའུ་འདྲ་བའི་རང་སེམས་འདི། །མ་


LT36_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་ཉོན་མོངས་སྤང་ཐབས་མི་འདུག་པས། །སྨྱོན་པའི་ལད་མོ་ཅི་བདེར་མི་བྱེད་པར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །ལྷན་སྐྱེས་གྲིབ་མ་འདྲ་བའི་བདག་འཛིན་འདི། །མ་སྤངས་བདེ་སར་ཕྱིན་ཐབས་མི་འདུག་པས། །དགྲ་བོ་ཟིན་དུས་བཤེས་སུ་མི་བསྟེན་པར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །ཐལ་གསེབ་མེ་འདྲ་དུག་ལྔའི་རྟོག་པ་འདི། །མ་ཆོམ་སེམས་ཉིད་རྣལ་དུ་མི་གནས་པས། །དུག་སྦྲུལ་ཕྲུ་གུ་རུམ་དུ་མི་གསོ་བར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །སྣུམ་ཀོག་འདྲ་བའི་རང་རྒྱུད་དྲེད་པོ་འདི། །མ་དུལ་ཆོས་དང་རང་རྒྱུད་མི་འདྲེ་བས། །རང་སྐྱེས་ཕྲུ་གུ་རྐྱག་ལངས་མི་བཏང་བར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །ཆུ་ཀླུང་འབབ་འདྲ་བག་ཆགས་ངན་གོམས་འདི། །མ་བཅད་ཆོས་མིན་སྤྱོད་དང་མི་འབལ་བས། །མཚོན་ཆ་དགྲ་བོའི་ལག་ཏུ་མི་འཚོང་བར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །ཟིན་མེད་ཆུ་གཉེར་ལྟ་བུའི་རྣམ་གཡེང་འདི། །མ་སྤངས་བརྟན་པ་ཐོབ་ཐབས་མི་གདའ་བས། །ཅི་བྱས་ཆོག་དུས་འཁོར་བ་མི་བསྒྲུབ་པར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །སྤོས་རྒྱའི་རི་མོ་འདྲ་བའི་དགོས་དགོས་འདི། །མ་བསྒྱུར་དམ་ཆོས་གཤའ་མ་མི་འགྲུབ་པས། །ལོང་བས་གླང་མཇུག་ཟིན་དུས་མི་བཏང་བར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་


LT36_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ས་ཆུ་དྲོས་འདྲ་བླ་མའི་བྱིན་རླབས་འདི། །མ་ཞུགས་རང་ངོ་འཕྲོད་ཐབས་མི་གདའ་བས། །ཉེ་ལམ་སླེབ་དུས་ས་རྒྱ་མི་བསྐོར་བར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །དབྱར་གྱི་སྨན་ལྗོངས་འདྲ་བའི་དབེན་ས་འདི། །མ་བསྟེན་ཡོན་ཏན་སྐྱེ་ཐབས་མི་གདའ་བས། །རི་ལ་གནས་དུས་གྲོང་ནག་མི་འགྲིམ་པར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །བསེ་རག་ཕུགས་སུ་ཞུགས་འདྲའི་སྐྱིད་འདོད་འདི། །མ་ཕྲལ་སྡུག་བསྔལ་རྩོལ་སྒྲུབ་མི་ཆད་པས། །ལྟོག་འགོང་ཕུག་གི་ལྷ་རུ་མི་མཆོད་པར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །མཁར་གྱི་སྒོ་ལྕགས་འདྲ་བའི་དྲན་ཤེས་འདི། །མ་བསྟེན་འཁྲུལ་པའི་རྒྱུ་འགྲུལ་མི་ཆད་པས། །རྐུན་མ་ཡོད་དུས་སྒོ་ཆ་མི་ཀློད་པར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །འགྱུར་མེད་ནམ་མཁའ་ལྟ་བུའི་གནས་ལུགས་ཞལ། །མ་མཇལ་གཉེན་པོའི་བྱེད་རྩོལ་མི་ཞིག་པས། །རང་གིས་རང་ཉིད་ལྕགས་སུ་མི་བཅུག་པར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །དྲི་མེད་ཤེལ་གོང་འདྲ་བའི་རིག་པའི་གཤིས། །མ་རྟོགས་རྩ་བྲལ་གཞི་རྩ་མི་ཆོད་པས། །འབྲལ་མེད་འགྲོགས་དུས་གཞན་ལ་མི་ཆོལ་བར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །སྔར་འདྲིས་གྲོགས་འདྲ་ཐ་མལ་ཤེས་པའི་ངོ་། །


LT36_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

མ་འཕྲོད་བྱས་ཚད་བསླུ་བའི་ཆོས་ཡིན་པས། །མིག་བུ་བཙུམས་ནས་སྦར་ཚོད་མི་བྱེད་པར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །སྟོན་པའི་གདམས་ངག་ཨ་ཏི་ཤས་བསྟན་ཅིང་། །བཀའ་བརྒྱུད་རྣམས་ཀྱིས་ཐུགས་ཉམས་བཞེས་པ་ཡི། །བྱང་ཆུབ་སེམས་གཉིས་རྒྱུད་ལ་སྐྱེས་ནས་སུ། །བྱས་ཚད་དམ་པའི་ཆོས་སུ་འགྲོ་བར་ཤོག །ཆོས་བཞིན་གདམས་ན་བླ་མར་ལོག་ལྟ་དང་། །ལས་ངན་ལྷོངས་ཚེ་ལྷ་ལ་ཡི་ཆད་དང་། །འགལ་རྐྱེན་བྱུང་ན་སྒྲུབ་པ་བཤོལ་བ་སོགས། །དངོས་གྲུབ་ཐོབ་ཀར་བར་ཆད་མ་གྱུར་ཅིག །བྱས་ཚད་ཐམས་ཅད་དོན་མེད་ས་སྟོང་བསྐོར། །འབད་ཚད་ཐམས་ཅད་རང་རྒྱུད་རེངས་བའི་རྒྱུ། །དྲན་ཚད་ཐམས་ཅད་འཁྲུལ་པའི་ཁ་སྣོན་བཏབ། །སོ་སྐྱེས་ཆོས་སུ་རློམ་ཀུན་རང་བཅིང་རྒྱུ། །བྱ་རྒྱུ་མང་ལ་གྲུབ་འབྲས་གཅིག་ཀྱང་མེད། །དྲན་རྒྱུ་མང་ལ་གཏད་སོ་ཅི་ཡང་མེད། །དགོས་དགོས་མང་ལ་འཛོམས་དུས་མེད་པ་ཡི། །བྱ་བ་བཏང་ནས་གདམས་ངག་སྒོམས་ཤིག་གུ། བྱའོ་བསམ་ན་རྒྱལ་གསུང་དཔང་པོར་ཚུགས། །བྱེད་དོ་བསམ་ན་རང་རྒྱུད་ཆོས་དང་སྲེས། །སྒྲུབ་བོ་བསམ་ན་བཀའ་བརྒྱུད་རྣམ་ཐར་ལྟོས། །ལང་ཤོར་ཁྱོད་ལ་བྱ་བ་གཞན་གྱིས་ཅི། །དམའ་ས་ཟིན་ཅིང་ཆོག་ཤེས་ནོར་གྱིས་ཕྱུག །ཆོས་བརྒྱད་འཆིང་གྲོལ་སྒྲུབ་ལ་སྙིང་རུས་སྲ། །བླ་མའི་


LT36_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་ཞུགས་རྟོགས་པ་མཁའ་དང་མཉམ། །བཀའ་བརྒྱུད་རྒྱ་མཚོའི་རྒྱལ་རབས་ཟིན་པར་ཤོག །ཅེས་རང་ལ་གྲོས་འདེབས་དང་། ལྷག་པའི་ལྷའི་ཐུགས་རྗེ་བསྐུལ་བའི་སྨོན་ཚིག་གི་ཚུལ་དུ་སྤོང་བ་པར་མོས་པ་ཡོན་ཏན་རྒྱ་མཚོས་དབེན་པའི་རིར་སྨོན་པ་དགེ། ༈ །སངས་རྒྱས་ཀུན་དངོས་རྩ་བའི་བླ་མ་པདྨ་ཉིན་མོར་བྱེད་པའི་ཞབས་ཀྱི་པདྨོར་སྤྱི་བོས་ཕྱག་བྱས་ནས་གདམས་པའི་ཚུལ་ཅུང་ཟད་གསོལ་ན། རང་རེ་རྣམས་མིའི་ལུས་རྨི་ལམ་གྱི་རྒྱལ་སྲིད་ལྟ་བུ་ཞིག་ཐོབ། སངས་རྒྱས་ཀྱི་བསྟན་པ་དང་མཇལ་བ་ནི་དབུལ་པོས་ནོར་བུ་རྙེད་པ་ལས་ཀྱང་སྡུག་ཅིང་ཕངས། དེ་ལས་ཀྱང་དགེ་བའི་བཤེས་གཉེན་གྱིས་ཟིན་པ་དྭ་ཕྲུག་ཕ་མ་དང་འཕྲད་པ་ལས་ཀྱང་འཚིངས་ཆེ་བ་འདི་འདྲའི་ཕུན་སུམ་ཚོགས་པ་རྙེད་དུས། དམ་པའི་ཆོས་སྙིང་ཁུང་རུས་པའི་གཏིང་ནས་མི་བསྒྲུབ་པར་རྣམ་གཡེང་རླུང་ཁྱེར་གྱི་འཁོར་ལོ་བསྐོར་ནས་ཚེ་ཐུང་དགུན་ཀའི་ཉི་མ་འདྲ་བ་འདི་ཡུད་ཙམ་ལ་སྟོང་པར་གཟད་དེ་མཐོ་རིས་དང་ཐར་པ་ལ་ཕྱིར་ཕྱོགས་ཤིང་གཏན་གྱི་བདེ་བའི་འཇུག་ངོགས་རང་ཉིད་གྱིས་ཕྲལ་བ་ནི་མིག་ཡོད་ཀྱང་ལོང་བ། རྣབས་ཉོན་ཀྱང་འོན་པ། སྨྲ་ཤེས་ཀྱང་ལྐུགས་པ། དྲན་པ་རྣལ་དུ་གནས་ཀྱང་སྨྱོན་པ་ཟང་མར་སོང་འདུག་པའི་རང་ཚུལ་རང་གིས་ཤེས་པ་


LT36_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད་ལོག་པའི་འཁྲུལ་སྣང་གློ་བུར་དུ་སངས་བ་ལྟར་རང་ཡིད་རང་ལ་ཆད་ཅིང་རང་མཚང་རང་གིས་བྲུས་ཏེ། དུས་ད་ལྟ། སྟན་ཐོག་འདི་ཉིད་ནས་བཟུང་སྒོ་གསུམ་དགེ་བའི་སྲང་ལ་བཞུར་ཏེ་སྡིག་པ་མི་དགེ་བའི་བསམ་སྦྱོར་ལྟ་ཅི་སྨོས། བཏང་སྙོམས་ལུང་མ་བསྟན་དུའང་སྐད་ཅིག་མ་ཤོར་བར་བྱ་སྙམ་པ་འདི་ཆོས་རྒྱུད་ལ་སྐྱེས་མ་སྐྱེས་ཐམས་ཅད་ལ་རྣམ་པ་ཀུན་ཏུ་གཅེས་ནོར་གྱི་དབྱིག །དམ་བཅའི་གོ་ཆ་སྟེ། འདི་མེད་ན་བློ་ཤབ་བརྒྱད་པའི་དྭ་བཞིན་འཇིག་རྟེན་འདིར་ལྟོས་ཀྱི་གལ་ཆེ་གཅིག་སོང་གཅིག་མཐུད་ཆུ་གཉེར་ལྟ་བུའི་བྱ་བ་ཟིན་མེད་ཀྱི་སྦུབས་ནས་ཐར་པའི་དུས་མི་འོང་བར་འདུག་པས་ཆོས་ཉམས་སུ་ལེན་ན་ཐོག་མར་བློ་ཐག་རང་གིས་བཅད་པ་ཁོ་ན་གལ་ཆེ། འཇིག་རྟེན་ཆོས་བརྒྱད་དང་། ཐ་ན་ཟས་ཁམ་གང་དང་གོས་ལུས་གང་ལའང་འཁྲི་བ་མ་ཆོད་པར་ཞེན་པ་ཏུང་ཏུང་། ཆགས་པ་ཀཾ་ཀཾ་བྱས། བསླབ་གཉེར། དབང་ལུང་། གོ་རྟོགས། འཆད་སྤེལ། དད་གུས། སྙིང་རྗེ། དག་སྣང་། ཉམས་མྱོང་སོགས་ཆོས་ཀྱི་ཡོན་ཏན་ལ་ཉུང་ངུས་ཆོག་ཤེས་པའི་དགེ་བཤེས་མང་པོས་རང་གཞན་གྲུབ་མཐའ་ཀུན་ལ་ཁྱབ་པའི་སྤྱན་ལྟོས་ལོག་པ་དེ་མ་བསླབ་པར་ཤེས་ཤིང་ལག་ཏུ་ཐེབས། ཡང་དག་པའི་སྤྱོད་པ་སྟོན་ཀའི་སྤྲིན་ལྟར་དེངས་པ་ལ་བློ་ཆོད་པ་སྐད་བྱེད་པ་མང་ཡང་དེ་ནི་བསྟན་པ་ཡུན་རིང་དུ་


LT36_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

མི་གནས་པར་བྱེད་པའི་དགེ་སྦྱོང་ལྟར་བཅོས་པ་དེང་སང་འབྱུང་བར་ལུང་གིས་བསྟན་པས་ན། དེའི་ལད་མོ་མི་བྱ་བར་རང་རྒྱུད་དགེ་བའི་ཕྱོགས་མཐའ་དག་ལ་བསླབ། གདམས་ངག་བེ་གྲུམ་ཆར་ཆུང་ལ་གཅེས་སྤྲས་ཆེ་དྲགས། རྒྱལ་བའི་བཀའ་དང་རྒྱབ་འགལ་དུ་སོང་པ་དེ་བླུན་དྲགས་པའི་སྐྱོན་ཡིན། རྣམ་པ་ཀུན་ཏུ་ཡིད་བརྟོན་ཕེར་བ་ནི་རྒྱལ་བའི་བཀའ་ཡིན། དབང་པོ་རང་གི་སེམས་ཁོ་ན་བཟང་བས་གཞན་དག་གིས་བསྟོད་པར་རེ། སྨད་པར་དོགས། གཞན་གྱིས་མ་བཀུར་དོགས། གཞན་དང་མ་མཐུན་དོགས་པའི་ཆོས་པ་དེ་ཇི་ལྟར་བྱས་ཀྱང་ཟླ་བ་དཀར་ཡང་མུན་པའི་ཞད་ཅིག་ཡོད་པས་རང་འདོད་ཀྱི་སེམས་ཁྲལ་རྩ་བ་ནས་སྤངས་ཏེ། མདོ་སྔགས་གྲུབ་མཐའ་རང་ཉིད་གང་ལ་དད་པ་དེ་ལ་ཐེ་ཚོམ་མེད་པར་འཇུག་ཅིང་ལྟ་སྤྱོད་བཀའ་དང་མཐུན་ན་སེམས་རྒྱུད་ཆོས་དང་འདྲེས་བྱ་བ་ལགས། གྲུབ་པ་ཅི་ལྟར་བྱས་ན་ཐོབ་མ་ཤེས་པར་གྲུབ་ཐོབ་དང་རྟོགས་ལྡན་སོགས་མིང་སྙེན་པོ་ཞིག་ལ་རེ་བ་བཅས་ནས་ཐོས་བསམ་ཁྱི་ལུད་ལྟར་དོར་བ་དང་། མཁས་པའི་གྲགས་པས་ཁྱད་ཐོན་ཏུ་རེ་བས་མི་ཚེར་དཔེ་ཧྲུལ་ཀློག་པའི་གཡེང་བས་ཉམས་ལེན་ཡིད་སྨོན་དུ་ལུས་པ་གཉིས་ཀའང་ཚུལ་དང་མཐུན་པ་མ་ཡིན་པས་སྒོམ་པ་གཙོར་བཏོན་ཅིང་ཐོས་བསམ་ཕྱོགས་རེར་མ་སོང་བས་ཆོས་ཀྱི་སྤྱན་ཡངས་པར་བྱ། སྟོན་པ་ལ་གུས་


LT36_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྙེད་ན་བསྟན་པ་ལ་གཅེས་སྤྲས་འབྱུང་བ་ཡིན། དེའི་རྒྱུ་སངས་རྒྱས་ཀྱི་སྐྱེས་རབས་ཙམ་རེ་མ་ཐོས་ཐབས་མེད། རྒྱལ་བའི་ཡོན་ཏན་ལ་སྙིང་ཐག་པ་ནས་ཡིད་ཆེས་སྐྱེས་ན་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཐོབ་འདོད་དང་། ཚོགས་མཐའ་ཡས་པ་བསགས་འདོད་དང་། མཁའ་ཁྱབ་སེམས་ཅན་རྣམས་ཀྱི་དོན་དུ་བསྐལ་པ་མང་པོར་འཁོར་བར་འཁྱམས་ཀྱང་སྐྱོ་ངལ་མེད་པའི་ཐེག་པ་ཆེན་པོའི་སེམས་རྣལ་མ་དེ་རྒྱུད་ལ་སྐྱེ་བ་ཡིན། ལར་མི་རྟག་པ་གཤའ་མ་ཞིག་སྐྱེས་ནས་ཚེ་ཕྱི་མ་ཡོད་པར་ཡིད་ངེས་པར་ཆེས་ན་ཚེ་འདིའི་འཕྲལ་སྣང་གི་ལྟོ་གོས་ལའང་མི་ལྟོས་པར་ཆོས་གཤའ་མ་སྙིང་ནས་བསྒྲུབ་ནུས་པ་ཞིག་འོང་བར་གདའ་བས་བཤད་པ་མང་པོའི་ཁ་ན་མེད། ནམ་འཆི་ཆ་མེད་དང་འཇིག་རྟེན་ཕ་རོལ་ཏུ་ལས་རྒྱུ་འབྲས་རང་ཐོག་ཏུ་སྨིན་ངེས་པའི་དྲན་འདུན་ཏུ་རེ་བ་དང་མ་འབྲལ་བར་མཛོད། ཆོས་རྒྱུད་ལ་སྦྱོར་བར་བྱེད་པ་ལ་རང་སེམས་རང་གིས་འདུལ་ནུས་དགོས་ཀྱང་ཆོས་སྦྱོང་བ་སྙེན་བསྒྲུབ་ཏུ་བཏགས་པ་སོགས་འདི་མི་བྱེད་བྱ་བ་མེད་པའི་སྤྲོས་སྤྲོས་མང་པོས་རང་སེམས་གཉའ་རེངས་སུ་བཏང་ནས་ལམ་རྟགས་ཀྱི་ཡོན་ཏན་ལྟ་ཞོག །ངག་ནུས་ཙམ་མམ། སེམས་གནས་གཤའ་མ་ཞིག་ཀྱང་སྐྱེར་མ་འདོད་པར་ཆོས་བརྒྱད་ཀྱི་རྣལ་འབྱོར་མཆོག་ཅིག་གྲུབ་ནས་ཆོས་དང་གང་ཟག་ཀུན་ལ་དག་སྣང་གི་མིག་འགྲིབ་སྟེ་རང་ཆེར་རྒྱལ་གྱི་ཁོང་འཚང་


LT36_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཞིག་འོང་བར་འདུག་པས། རྣམ་པ་ཀུན་ཏུ་རང་གི་སེམས་ལ་ཟོན་བཅུག་ནས་ལྟོ་རྒྱབ་མ་ཕྱིད་དོགས་པའི་སེམས་ཁྲལ་ཙམ་ཡང་སྤངས་ཏེ་འཇིག་རྟེན་སུ་དང་ཡང་ངོ་མི་བསྟུན་པར་ཉོན་མོངས་དང་བདག་འཛིན་ཅི་ཐུལ་ལ་འབད་པ་ཞིག་བྱུང་ཚེ་ཐུན་བཞིའི་རྣལ་འབྱོར་གྱི་བཅད་ཁྲིག་སོགས་མ་བྱུང་ཡང་བཟོད། འོན་ཀྱང་ཐུན་དང་ཐུན་མཚམས་ཁྲིགས་ཁ་ཚད་ལ་ཕེབས་པས་རང་རྒྱུད་ཆོས་ཀྱི་སྲང་དུ་མ་བཅུན་ན། ཐོག་མེད་ངན་གོམས་གྱི་བག་ཆགས་དང་འདྲིས་དྲགས་པའི་བློ་འདི་བྱིས་པ་ལང་ཤོར་ལྟར་ཚེ་འདིའི་བསླུ་ཁར་ཁོ་ནར་འཆོར་བས་སྒོམ་བྱེད་པ་ལ་དམིགས་རྐང་མང་ཉུང་དང་བཤད་རྒྱ་ཆེ་ཆུང་སོགས་ལ་རག་མ་ལུས་པར་ཐུན་གཅིག་གི་ཁོང་ནས་རྡོ་རུས་འཕྲོད་པ་ཞིག་མ་བྱུང་ཐབས་མེད། གྲུབ་མཐའ་སོ་སོས་བཤད་ཚུལ་མི་འདྲ་བ་མང་ཞིང་ཐམས་ཅད་ཀྱང་ཡང་དག་པའི་ལམ་དུ་འདུ་ཡང་། དཔེ་ལྟས་དང་གོ་བ་སྐམ་པོའི་ཉམས་རྟོགས་དེ་རྩྭ་ཁའི་ཟིལ་པ་དང་མཚུངས་པར་རེ་ཞིག་བདེན་བདེན་ལྟར་སྣང་ཡང་གྲུལ་མི་ཐུབ་པར་མྱུར་དུ་ཡལ་བ་ཡིན་པས། དྭགས་པོ་བཀའ་བརྒྱུད་པའི་ལུགས་ཀྱིས་ཆོས་དང་སེམས་སུ་བསྲེ་བ་ལ་བླ་མ་ཆོས་སྐུའི་མོས་གུས་ལམ་དུ་བྱེད་དེ། ཁ་ནང་དུ་ལོག་ནས་རང་སེམས་རང་གིས་བསྲུང་བ་མ་གཏོགས་བྱ་རྒྱུ་གཞན་མེད་པ་ཡིན། འདོད་པ་ལ་བློ་མ་ལོག་ན་ཆོས་རྒྱུད་ལ་འབྱོར་པའི་དུས་མི་


LT36_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

འོང་བས་འཁྲི་པ་བཙན་ཐབས་སུ་བཅད་པ་འདི་ཕྱག་རྒྱ་ཆེན་པོའི་སྒྲུབ་ཐབས་ཐེས་ཟབ་པ་ཡིན་པས་རྣམ་པར་རྟོག་པ་རེ་རེ་བཞིན་ཡང་འོད་གསལ་བའི་དབྱིངས་སུ་བྱ་ལམ་རྗེས་མེད་དུ་གཅོད་ནུས་ན་རིམ་གཉིས་ཀྱི་གྲུབ་འབྲས་ཐམས་ཅད་དེའི་ནང་དུ་དོན་གྱིས་འདུ་བ་ལགས། ལུང་རིག་མན་ངག་གསུམ་གྱིས་ཚད་མར་གྲུབ་ཅིང་ཉམས་རྟོགས་རྒྱུན་མ་ཆད་པའི་ལྟ་སྒོམ་ཕྱིན་ཅི་མ་ལོག་པ་ཞིག་རྒྱུད་ལ་ཡོད་ན་སྣང་ཚུལ་ཇི་ལྟར་རུང་ལྷག་པའི་བསླབ་བ་ལས་འདའ་བར་མི་འགྱུར་བས་སྐྱོན་བརྒྱ་ཡོན་ཏན་གཅིག་གིས་ཟིལ་གྱིས་ནོན་པ་དང་། །ལུང་དང་མི་མཐུན་ཅིང་སྟོང་ཉིད་ལ་མངོན་པར་ཞེན་པའི་ལྟ་བ་རྟོགས་པ་དང་མ་འབྲེལ་ལ་ཉམས་མྱོང་གི་དྲོད་དང་བྲལ་བར་གྱུར་ན་སྤྱོད་པ་ཇི་ལྟར་ལེགས་ཀྱང་ཁམས་གསུམ་པའི་རྒྱུ་འབྲས་ཅན་ཡིན་པས་ཡོན་ཏན་བརྒྱ་སྐྱོན་གཅིག་གི་འོག་ཏུ་ཆུད་པ་སྟེ། དེས་ན་སོ་སྐྱེའི་བློའི་འཁྲུལ་འཁོར་ཇི་ཙམ་བསྐོར་ཡང་ཕྱེ་མ་སེབ་ཀྱིས་ནམ་མཁའི་མཐའ་ཚོལ་བ་བཞིན་དུ་ཆོས་ཀྱི་དབྱིངས་དེ་ཁོ་ན་ཉིད་གཏན་ལ་ཕེབ་པར་མི་ནུས་བས་བྱིན་རླབས་ཀྱི་རིམ་པ་ལས་འོང་ཞིང་དབང་གི་ཡེ་ཤེས་བདེ་བ་ཆེན་པོ་དང་རྗེས་སུ་འབྲེལ་བའི་འོད་གསལ་ཕྱག་རྒྱ་ཆེན་པོ་སྒོམ་པའི་ཐབས་བླ་མའི་མན་ངག་གིས་བརྒྱན་པ་ལ་ལེ་ལོ་དང་ཐེ་ཚོམ་སྐད་ཅིག་ཀྱང་མ་ཤོར་བར་གནད་དུ་བསྣུན་ན་བསམ་གྱིས་མི་ཁྱབ་པའི་གནས་ལུགས་ཚེགས་ཆུང་ངུས་མངོན་སུམ་


LT36_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཏན་ལ་ཕེབས་པར་འགྱུར་རོ། །དེ་ལྟ་བུའི་ཚུལ་ཡང་བོད་ཡུལ་འདིར་ཡོངས་སུ་གྲགས་པའི་མི་ཟབ་པ་དང་ཟབ་པའི་རྫོགས་རིམ་ཇི་སྙེད་ཅིག་མཆིས་པ་ལས་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོ་དང་འབྲེལ་བའི་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པ་ནི་དེའི་གོང་ན་གཞན་མ་མཆིས་པའི་ཆོས་ཏེ་བསྟན་པ་འདིའི་ཆོས་ཚུལ་ཐམས་ཅད་ལས་ཁྱད་དུ་འཕགས་ཤིང་སྙིང་པོའི་བཅུད་དུ་གྱུར་བ་རྒྱལ་མཚན་གྱི་ཏོག་ལྟ་བུ། རྒྱུད་ཀྱི་ལུང་ཁུངས། ས་བཅུ་པའི་འགྲེལ་པ། མན་ངག་གི་ཟབ་ཁྱད། བྱིན་རླབས་ཀྱི་ཚན་ཁ་བཅས་རྣམ་པ་བཞིས་ཁྱད་པར་དུ་བྱས་པས་བསྒོམ་བྱའི་གདམས་ངག་འདི་ལས་ལྷག་པ་སྟོང་གསུམ་དུ་བཙལ་ཡང་རྙེད་པར་མི་འགྱུར་བས་སོ་སོའི་སྐྱེ་བོས་རྣམ་རྟོག་གིས་གསར་དུ་བཅོས་པའི་དམིགས་རྐང་ས་བཅད་མཛེས་མཛེས་སུ་བསྒྲིགས་ཀྱང་སེམས་ཅན་བསླུ་བའི་ནག་པོའི་ཆོས་དང་བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་ཁྱབ་ཅིག་པར་དང་དུ་བླང་བ་ཙམ་ལས་དགོས་པ་གང་ཡང་མ་མཆིས་པས། ཐ་ནའང་དབེན་གསུམ་དང་སོར་སྡུད་ཙམ་རེ་འབྱང་བར་མཛད་ཚེ་མི་ལུས་ཐོབ་པ་དོན་དང་ལྡན་ཞིང་རྡོ་རྗེ་ཐེག་པ་དང་མཇལ་བ་འབྲས་བུ་ཅན་དུ་བྱས་པ་ལགས། མདོ་སྔགས་རྒྱ་གང་ཆེ་ལ་འཇུག་པའི་ཁུལ་བྱེད་ཀྱང་མདོ་སྔགས་ཀྱི་ཟབ་དོན་རང་དེ་གཡས་ཆུང་ངུ་བཞག་ནས་འཇིག་རྟེན་པ་དང་ཐུན་མོང་དུ་གསུངས་པའི་ཚོགས་བསགས་ཀྱི་སྒོར་ལ་འབད་པ་ནི། སྤྱིར་དགེ་བ་མི་དྲན་པ་ལ་ལྟོས་ན་ངོ་མཚར་ཆེ་མོད་ཀྱི་རྣལ་འབྱོར་པ་ལ་འགང་ཆེ་རྒྱུ་


LT36_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

མེད། དབེན་ས་བསྟེན། ཕྱི་མཚམས་བསྡམ། ཐུན་བཞིར་བཅད་ཀྱང་ལུས་སེམས་དབེན་ཏུ་མ་བཏུབ་པར་དགོས་དགོས་ཀྱི་གཡེང་བས་ཁྱེར་བ་དེ་མི་སྔོན་ཇོ་བཟང་ཙམ་ལས་དགེ་སྦྱོར་རྣལ་མ་རྒྱུད་ལ་སྐྱེ་བའི་དུས་མི་འོང་བར་འདུག །སེམས་འཁྲུལ་རྟོག་གིས་དབེན་ན་དབེན་པའི་མཆོག་ཡིན། གཟུང་འཛིན་ལ་ཨ་འཐས་བརྒྱུད་མར་སྐྱེ་བ་འདི་དྲན་ཤེས་ཀྱིས་ནམ་ཟིན་ན་རང་གྲོལ་དུ་འགྲོ་བས་རང་བྱུང་གཉུག་མའི་གཤིས་ལ་དགག་སྒྲུབ་རེ་དོགས་ཀྱི་མདུད་པས་མི་བཅིང་བར་རིག་པ་འགྱུར་མེད་ཀྱི་ངང་དུ་རང་སེམས་བཟོ་མེད་དུ་བསྐྱུར་ནས་གང་ཤར་གཏད་མེད་དུ་བཏང་ན་ཅི་སྣང་ཆོས་ཉིད་དུ་གྲོལ་བས་གོམས་འདྲིས་ཀྱི་ཤུགས་ཆུང་བའི་ལན་གྱིས་ཡེངས་འཁྲུལ་དུ་སོང་བའི་སྐབས་མ་གཏོགས་མཉམ་གཞག་འབའ་ཞིག་ཡིན་པས་སེམས་ཕྱོགས་པ་རྣམས་ཀྱིས་ཁྲིད་ཐམས་ཅད་ཀྱི་དོན་དྲན་ཤེས་ཁོ་ན་ལ་བསྡུ་བ་ཡིན། དེས་ན་དྲགས་རྙིང་བའི་རིང་ལུགས་འཁྲུལ་མེད་རྣམས་ཀྱིས་ཉམས་ལེན་ལག་ཏུ་བླང་བྱ་དངོས་དེ། མི་རྟག་པ་སྙིང་ལ་གཟེར། ངེས་འབྱུང་གཤའ་མ་སྐྱེས། ལས་རྒྱུ་འབྲས་སྲོག་ལྟར་བཅའ། དག་སྣང་གི་མིག་ཡངས། མོས་གུས་ལ་སྙིང་ཕུར་བཙུགས་པ་གཞིར་བཞག་ནས་ཐུན་མང་ཉུང་རིང་ཐུང་གང་ལྟར་བྱས་ཀྱང་དམིགས་རྐང་མང་ཉུང་། ལུང་རིག་གི་དཔྱད་པ། འདོན་བཟླས་ཀྱི་གྲངས་ཀ་སོགས་ལ་གཙོ་བོར་མི་བྱེད་པར། ལས་དང་པོ་པས་ལུས་གནད་ལྟ་སྟངས་སེམས་འཛིན་གྱི་རྩོལ་བ་


LT36_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་མ་གཏོགས་པར་ཆམ་གྱིས་བཞག །ལྷོད་ཀློད་ལ་དོན་ཉུང་། བྱ་བ་ཉུང་། འཁྲུལ་པས་མི་གཡེངས། བཟོ་མེད་ཀྱི་རིག་པ་ལ་འཕོ་འགྱུར་མེད། འོད་གསལ་གྱི་འཆར་སྒོ་གོང་དུ་འཕེལ། མཉམ་གཞག་གི་ཉམས་ལེན་རྗེས་ཐོབ་ཏུ་ཁྱེར་ནུས་ཤིང་དེ་གཉིད་དང་བར་དོ་ལ་སླེབ་ཐུབ་པ་ཞིག་ལ་གཙོར་བཏོན་པར་གདའ་བས་མང་དུ་སྨྲས་པས་ཅི་ཞིག་བྱ། ཆོས་འདིའི་ལུགས་ཀྱི་ཉམས་ལེན་དེ་རང་ལ་རག་ལས་པ་ཡིན། གཞན་གྱི་མཐུན་རྐྱེན་འཛོམ་མ་འཛོམ་སོགས་ལ་ལྟོས་མི་དགོས། འོན་ཀྱང་ཉམས་ལེན་ལ་བརྟན་པ་ཞིག་མ་ཐོབ་བར་དུ་སྒོ་གསུམ་སྤྲོས་པ་སྣ་ཚོགས་ཀྱིས་གཡེང་བ་འདི་ཆོས་རྒྱུད་ལ་མི་འབྱོར་བའི་གེགས་ཆེ་ཤོས་ཡིན་པས། རིག་པ་དྭངས་ཤིང་དགེ་སྦྱོར་འཕེལ་བའི་གནས་གཅིག་ཏུ་མོས་གུས་དང་། ཡེངས་མེད་ཁོར་ཡུག་ལས་རྡེའུ་བཙུགས་ན་རླན་དྲོད་འཛོམ་པའི་མྱུ་གུ་བཞིན་དུ་ཞག་སྐྱེད་ཟླ་སྐྱེད་ཐོན་པ་ལ་ཐེ་ཚོམ་མི་བདོག །འཆི་བ་མ་དྲན་པའི་མི་དང་བློ་བསྟུན་ན་འཇིག་རྟེན་གྱི་གཡེང་བས་དབང་མེད་དུ་གཡེངས་ཤིང་ཆོས་མིན་གྱི་བསམ་སྦྱོར་མ་ཚོར་བར་འབྱུང་བས་གཞན་གྱི་ཁ་ལ་མི་རྒྱུག་བར་རང་གི་བྱ་བ་རང་ཉིད་ཀྱིས་ཐག་བཅད་ནས་རང་བློ་རང་གིས་བཀོལ་བཏུབ་བ་ཞིག་དགོས། སངས་རྒྱས་ཀྱི་གསུང་མི་བདེན་ཟེར་མཁན་ནང་པ་ལ་མེད་ཀྱང་རྒྱལ་བའི་བཀའ་དང་བླ་མའི་གདམས་ངག་ལ་ཡིད་ཆེས་མ་སྐྱེས་པའི་ཐོག །


LT36_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་སྤྱོད་ཟབ་མོ་ཕལ་ཆེར་ལ་ཐེ་ཚོམ་གྱིས་བར་དུ་བཅད་ནས་ཉམས་སུ་ལེན་པའི་སྐལ་པ་ཆད་ཅིང་། བླང་བའི་ཁུལ་བགྱིས་པ་ལའང་འབྲས་བུ་འགྲུབ་པའི་དུས་མི་འོང་བ་ཞིག་སྣང་བ་འདི་ཆོས་ཀྱིས་གོ་མཆོད་པའི་སྐྱོན་མིན། གང་ཟག་གི་སྐྱོན་ཡིན་པས་ཆོས་དང་གདམས་ངག་ལ་ཐེ་ཚོམ་མེད་པའི་ཡིད་ཆེས་ཀྱིས་ཉམས་ལེན་ཞིག་ནུས་ཕྱིན་ཆད་ཏོག་ཙེ་བ་ཏོག་ཙེའི་སེམས་འཛིན་གྱིས་དེ་ཁོ་ན་ཉིད་མངོན་དུ་གྱུར་པ་བཞིན་རྒྱུད་གྲོལ་བ་ལ་ཚིག་མང་ཉུང་ཁྱད་པར་མེད་པས་ཟབ་མོའི་ལམ་ལ་ངེས་ཤེས་ཐག་ཆོད་པ་ཞིག་གལ་ཆེ་བ་ལགས། ཞེས་རང་ཚུལ་ལ་དཔགས་ཏེ་གདམས་ངག་གི་རྣམ་པ་ཅུང་ཟད་བརྗོད་པ་འདིའང་ལུང་རྟོགས་ཡོན་ཏན་གྱིས་ཕྱུག་པ་ཚུལ་ཁྲིམས་རྒྱ་མཚོས་གསུང་བསྐུལ་མ་ལྡོག་ཙམ་དུ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་གདན་སར་བྲིས་པ་གཞན་རྒྱུད་ཆོས་དང་མཐུན་པའི་རྐྱེན་དུ་གྱུར་ཅིག །སརྦ་མངྒ་ལཾ། ༈ །མཆོག་གསུམ་ཀུན་འདུས་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོ་ལ་སྐྱབས་སུ་མཆིའོ། །བློ་ཁ་ཆོས་ལ་ཕྱོགས་པ་རྣམས་ཅི་བྱས་ཆོས་དང་མཐུན་པར་བྱིན་གྱིས་རློབས་ཤིག །ཡང་སྐལ་ལྡན་ཆོས་ལ་མོས་པ་རྣམས་བསམ་མནོ་རོ་ཐོང་མཛོད་དང་། དལ་འབྱོར་གྱི་མི་ལུས་ནི་ཐོབ་དཀའ། འཆི་བདག་གི་བདུད་པོ་ནི་ཞེ་གནག །མི་རྟག་པ་ན་མ་འོང་ནི་ཆ་མེད། རང་བྱས་ཀྱི་འབྲས་བུ་ནི་ཆུད་མི་ཟ་བས་ད་རེས་རྡོག་སྣ་འདྲེད་ན་ཕྱི་ནས་དཀོན་


LT36_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་དང་བདེ་འགྲོའི་སྒྲ་རྣ་བར་ཡང་མི་ཐོས་པས་ད་ལྟ་ཉིད་ནས་ལུས་ངག་ཡིད་གསུམ་དམ་པའི་ཆོས་ལ་འབུངས་དགོས། ཆོས་བྱེད་ཟེར་བ་མང་ཡང་ཆོས་དང་མཐུན་པ་ནི་མི་སྲིད་པ་ཙམ་དུ་གདའ། ཆོས་མཐུན་གྱི་བློ་གཤའ་མ་ཞིག་སྐྱེས་ན་འཇིག་རྟེན་འདིའི་སྣང་བ་ཐམས་ཅད་གཅན་གཟན་གྱི་མདུན་དུ་རྩྭ་སྤུངས་པ་བཞིན་གང་རེད་རེད་དུ་ཆུག་སྙམ་པ་ཞིག་འབྱུང་། དེ་ཙ་ན་ཅི་བྱས་ཆོས་སུ་འགོ་བ་ཡིན་མོད། བཟང་བཟང་ལེགས་ལེགས་མཛེས་མཛེས་ཀྱི་བསྒྲིགས་དང་ཆོ་ག །ཁ་ཏོན་བཟླས་བརྗོད། ཡར་མཆོད་མར་སྦྱིན། ལྷ་བྲི་རྟེན་བཞེངས་སོགས་འདི་མི་བྱ་བ་མེད་པ་ཞིག་བྱས་ནས་རང་ཉིད་ཆོས་བའི་ཡང་རྩེ་ཡིན་སྙམ་པའི་ང་རྒྱལ་བརྟན་པོ་རེ་བྱས་ཀྱང་སངས་རྒྱས་ཐོབ་པ་ལ་ཉེ་བའི་རྒྱུ་ཙམ་ཡང་མ་སོང་། དེ་རྣམས་ཅི་ས་ལན་ཞེ་ན། རང་གི་སེམས་རྒྱུད་མ་ཐུལ་བས་ལན། མདོར་བསྡུ་ན། བཀའ་བསྟན་བཅོས། ལུང་མན་ངག་གི་སྒོ་ནས་བསྒོམ་རྒྱུ་བྱེད་རྒྱུ་མང་དུ་གསུངས་ཀྱང་། རྩ་བ་རང་གི་སེམས་འདི་ཁོ་ན་འདུལ་ཐབས་མ་གཏོགས་གཞན་ཅི་ཡང་མེད་པས་བླ་མའི་གདམས་ངག་ཚིག་གཅིག་ཅེས་པའི་དོན་ཡིན། རང་སེམས་ལུག་གི་བལ་ལྟར་མཉེན་ཤིགས་སེ་སོང་ན་བློ་ཆོས་སུ་སོང་ཟེར་བ་ལས། རང་སེམས་རང་གི་བཀོལ་དུ་མི་བཏུབ་པ་གཡག་རྒོད་ཀྱི་རྐེ་འཇིངས་ལྟར་བྱས་ནས་ཐུགས་དམ་ཟབ་ཟབ་དང་ལྟ་བ་མཐོ་མཐོ་བྱས་ཀྱང་འཆི་བ་ཐོག་ཏུ་


LT36_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བབ་པའི་ཉིན་ཐ་མལ་པ་ལས་ཀྱང་ལོད་པ་ཞིག་འོང་། དེས་ན་རྨུ་རྒོད་ཀྱི་སེམས་ལ་འདི་མི་དྲན་བྱ་བ་མེད་པས་ངན་རྟོག་རེ་རེ་སྐྱེས་ཙན་འབུར་འཇོམས་སུ་བཏང་ནས་ཉི་མ་རེ་རེའི་བར་ཡང་རང་སེམས་ལ་ཡར་སྐྱེད་བཏོན་ནས་ཉོན་མོངས་པ་དང་ཆོས་བརྒྱད་ཀྱི་རྟོག་པ་ཇེ་ཉུང་དགེ་བའི་སེམས་ལ་ཇེ་འདྲིས་སུ་འགྲོ་བ་ཞིག་བྱས་ན་གཟོད་ཕྱག་རྒྱ་ཆེན་པོའི་གནས་ལུགས་རང་བཞིན་གྱིས་རྟོགས་པར་འགྱུར། དེ་ཡང་ཆོས་ཐམས་ཅད་ཀྱི་རྩ་བ་ནི་སྐྱབས་འགྲོ་དང་སེམས་བསྐྱེད་ཡིན་པས་ཐོག་མ་ནས་རྒྱུད་ལ་འདྲེ་ངེས་བྱ། ཁྱད་པར་སྙིང་རྗེ་ཆེན་པོས་དྲངས་པའི་བདག་བས་གཞན་གཅེས་ཀྱི་བསམ་པས་རྟག་ཏུ་བཏང་ལེན་གྱི་དམིགས་པ་ལ་བརྩོན། དུས་ཀུན་ཏུ་ནམ་འཆི་ཆ་མེད་ཀྱི་བློ་སྣ་ཡང་ཡང་བསྟུང་། གནས་གྲོགས་ལོངས་སྤྱོད་འདུ་འཛི་ཀུན་ལ་ཧ་ཅང་སྲེད་པ་མི་ཆེ་བར་ཆོག་ཤེས་པར་བྱ། གྲུབ་མཐའ་སུ་ལའང་ཕྱོགས་རིས་ཆགས་སྡང་མི་བྱ་བར་དག་སྣང་སྦྱང་། རྩ་བའི་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས་དུས་རྟག་ཏུ་གསོལ་བ་སྙིང་ནས་བཏབ་པས་ཇི་ཞིག་ན་ཚིག་དང་ཡིད་དཔྱོད་ཀྱི་ལམ་དུ་མ་ལུས་པར། རང་གི་སེམས་ཀྱི་དེ་ཉིད་ནང་ནས་རང་རྡོལ་དུ་འཆར་བ་ནི་སྒྲུབ་བརྒྱུད་རིན་པོ་ཆེ་འདིའི་ཐུན་མོང་མ་ཡིན་པའི་ལུགས་ཡིན་པས་ཐུགས་ལ་ཆོངས་མཛོད། ཁྱད་པར་མཉམ་མེད་དྭགས་པོ་རིན་པོ་ཆེ་དང་། རྒྱལ་བ་མི་བསྐྱོད་རྡོ་རྗེ་གཉིས་ལ་གསོལ་བ་སྙིང་ནས་ཐོབ་དང་བྱིན་


LT36_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་གཞན་ལས་ཆེ་བ་ཞལ་བ་ཞེས་ཡོད། དངོས་སུ་སེམས་རང་བཞིན་ཅི་མི་བསམ་པ་གནས་པ། རྣམ་རྟོག་ཐོལ་ཐོལ་འཕྲོ་བ་འགྱུ་བ། དེ་གཉིས་གང་རེད་ཧ་གོ་བ་རིག་པའམ་གནས་འགྱུ་ངོ་ཤེས་པ་ཡིན། དེ་སྟེང་སེམས་འདི་དང་པོ་གང་ནས་བྱུང་། ད་ལྟ་གང་དུ་གནས། ཐ་མ་གར་འགྲོ་རྩད་བཅད་པས་མ་སྐྱེས་མི་འགག་གཞི་མེད་རྩ་བྲལ་རང་གསལ་ལྷུན་གྲུབ་ཆེན་པོར་ངོ་འཕྲོད་པ་འོང་། དེ་ནས་གནས་འགྱུ་གང་བྱུང་ཡང་ཆེད་དུ་དགའ་སྡུག་མི་བྱ་བར་བྱེད་མཁན་ཁོ་རང་གི་ངོ་བོ་ལ་མ་བཅོས་པར་ཧྲིག་གེར་བལྟས་པས་ཆུ་དང་རླབས་ལྟར་རང་བྱུང་རང་གྲོལ་དུ་འགྲོ་བ་ནི་ལས་དང་པོ་པའི་བསྒོམ་བྱའི་ངོ་ཏི་ལགས་པས་རེ་ཞིག་ཐུགས་ལ་ཆོངས། མདོར་ན་མང་པོའི་ཁ་ན་མེད། རང་གི་བརྩོན་འགྲུས་དང་བླ་མའི་བྱིན་རླབས་ལ་རག་ལས་པས་རེས་འཇོག་མི་བྱ་བར་དུས་རྒྱུན་དུ་རང་གི་སེམས་བསྲུང་ཞིང་གསོལ་བ་བཏབ་པས་ནམ་ཞིག་རང་ཡིད་རང་ལ་ཆེས་པ་ཞིག་འོང་། རྗེས་ཀུན་ཏུ་བསྔོ་སྨོན་རྣམ་དག་སྤྱི་དང་བཟང་སྤྱོད། ཁྱད་པར་བདེ་སྨོན་ལ་སྙིང་ཐག་པ་ནས་འབད་འཚལ། ཞེས་པའང་དགེ་སློང་ཀརྨ་ཕན་བདེའི་བཞེད་ངོར་བཙུན་པ་ཡོན་ཏན་རྒྱ་མཚོའི་དཔལ་གྱིས་སྨྲས་པ་དགེ། ༈ །དྲན་མཆོག་མགོན་པོ་བདེ་བ་ཆེན་པོ་དང་། །དབྱེར་མེད་བླ་མ་པདྨ་ཉིན་མོར་བྱེད། །བདག་སོགས་སྙིང་དབུས་དད་པའི་པད་མཚོ་རུ། །བྱིན་རླབས་འོད་སྟོང་


LT36_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་འབྲལ་མེད་པར་སྩོལ། ཁོ་བོ་ཆོས་ཅུང་ཟད་ཐོས་ཀྱང་རང་རྒྱུད་ཆོས་དང་མ་འདྲེས་པས་ཆོས་མཐུན་གྱི་གདམས་ངག་བརྗོད་པར་དཀའ་ཡང་། ཁྱེད་དགེ་བའི་ཐུགས་མངའ་ནས་ཡང་ཡང་གསུངས་པའི་ལན་མི་གཅོག་ཙམ་ཞུ་ན། དེ་ཡང་ཇི་སྐད་དུ། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །དང་པོས་ཆུ་ལས་འོ་མ་ལེན་པ་བཞིན། །རང་གི་འདོད་པ་དང་དུ་བླང་བར་བྱོས། །ཞེས་གསུངས་པ་ལྟར་འཇིག་རྟེན་པའི་ཚེ་དགུན་ཀའི་ཉི་མ་ལྟར་ཅི་བྱས་མེད་པའི་ངང་ལ་ཡུད་ཙམ་དུ་ཟད། སྒོས་སྙིགས་དུས་ཀྱི་མི་ཚེ་ལ་བར་ཆད་ཀྱི་རྐྱེན་མང་བས་བར་སྣང་གི་གློག་ལྟར་སྐད་ཅིག་མར་ནམ་འཆི་མི་ཤེས། མདོ་དོན་བསྡུ་ན་ཟན་ཁམ་གང་དང་། གོས་ལུས་གང་གི་ཆེད་ཁོ་ན་མ་གཏོགས་དགོས་དོན་གྱི་གཏད་སོ་དྲག་ཞན་སུ་ལའང་མེད་པ་ལ། གཅིག་ཡོང་ཙ་ན་གཅིག་མ་འཛོམ། གཅིག་བྱས་ཙན་གཅིག་མ་ལོ། །དགོས་ངོ་ཤེས་པ་དམ་པའི་ཆོས་ཀྱི་བྱ་བ་གལ་ཆུང་གཡས་ཆུང་དུ་བཏང་། བྱེད་དུ་མི་འོས་ལ་མ་བྱས་ཀྱང་ཆོག་པའི་འཇིག་རྟེན་གྱི་བྱ་བ་ཆུ་ཡི་གཉེར་མ་ལྟར་གཅིག་སོང་གཅིག་སླེབ་ཟད་དུ་མེད་པ་ལ་ཡེངས་ནས་མི་ཚེ་གར་ཟད་མ་ཚོར་བར་འཆི་བ་ལ་གཏུགས་ཐུག་སྟེ། སེམས་སྟོང་ཕྱད་ཕྱད། སྙིང་ཚ་ཁུམ་ཁུམ། ཚེ་གང་བྱས་པའི་ལས་རྣམས་མདངས་ཀྱི་རྨི་ལམ་སད་པ་ལྟར་རང་ལ་ཕན་པ་སྤུ་ཙམ་མེད་པར་འཇིག་རྟེན་ཕ་རོལ་དུ་འགྲོ་བའི་དུས་


LT36_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བབ་སྟེ། གནམ་ས་ཁ་ཞབས་ལོག་པ་ལྟ་བུའི་ཅི་དྲག་གང་དྲག་ལ་ཐུག་པའི་དུས་དེ། རང་རེ་ལ་དེ་རིང་སང་ཙམ་ལའང་མི་འོང་ངེས་པ་མེད་པས། བྱེད་བྱེད་ཀྱི་ཤོམ་ར་མང་པོའི་ལོང་སྐབས་མེད་ཅིང་། བྱས་བྱས་མང་པོ་རང་མགོ་རང་གཡོགས་ཀྱི་རྒྱུ་ཡིན་པས་འཆི་དུས་ཕན་ངེས་པའི་ཆོས་ཤིག་བྱ་དགོས་ལ། དེ་བྱེད་པའི་དབང་ད་ལྟ་རང་ལག་ཏུ་ཡོད་པ་ཡིན། དབང་མི་ལག་ཏུ་ཤོར་ནས་སྙིང་ནས་ཆོས་བྱེད་མི་ཁོམ་པ་འདྲ་མོ་འདི། གཅིག་ཏུ་སྔོན་ལས་ངན་པའི་འཕྲོ་དང་། གཉིས་སུ་རང་སེམས་རང་གིས་བཀུག་མ་ཐུབ་པ་ཡིན། སེམས་ནད་དུ་བཀུག་ཐུབ་ན་ལུས་རང་གིས་ཅི་བྱེད་ཆོག་པས་རང་དབང་གཞན་ལག་ཏུ་ཤོར་དོན་མེད། ནམ་ཞིག་བེམ་རིག་བྲལ་ནས་རྣམ་ཤེས་དགེ་སྡིག་གི་རྗེས་སུ་འབྲང་ཚེ་དེ་དུས་རང་དབང་རང་ལ་མེད་དེ་ལ་ཁའི་བྱ་སྒྲོ་རླུང་ཁྱེར་དང་འདྲ་བར་དགོངས་འཚལ། ཆོས་བྱེད་པ་ལ་གཉིས་ཡིན། རྟེན་བཞེངས་མར་མེ་ཕྱག་བསྐོར་ཁ་ཏོན་སོགས་འདུས་བྱས་ཀྱི་དགེ་རྩ་གཙོ་བོར་བཏོན་པ་དེ་འཇིག་རྟེན་པ་དང་ཐུན་མོང་གི་ཆོས་ཡིན། ངོ་མཚར་དང་ཕན་ཡོན་དཔག་ཏུ་མེད་ཀྱང་དམ་པའི་ཆོས་ཟེར་བ་དེ་ལ་ཟེར་བ་མིན། ཐོས་བསམ་སྒོམ་གསུམ་ལ་བརྩོན་ཅིང་སྡོམ་གསུམ་ངོས་ལྐོག་མེད་པར་བསྲུང་བ་སོགས་འདུས་མ་བྱས་ཀྱི་དགེ་རྩ་ལ་འབད་པ་དེ་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ཡིན། རང་རེ་རྣམས་ཀྱིས་དེ་གཙོ་བོར་བཏོན་དགོས། དེ་


LT36_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བསམ་པ་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་ཞིག་གིས་ཟིན་ན་བྱང་ཆུབ་ཀྱི་རྒྱུ་དང་ཆོས་ལམ་དུ་འགྲོ་བ་བྱ་བ་ཡིན། བསམ་པ་བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་དགེ་བ་ཟག་བཅས་ཟག་མེད་ཅི་བྱས་ཀྱང་ཁམས་གསུམ་འཁོར་བའི་རྒྱུ་ལས་མ་འདས་པས་སེམས་བསྐྱེད་བཟང་པོ་འདི་དུས་ཐམས་ཅད་དུ་གལ་ཆེ། བྱང་ཆུབ་ཀྱི་སེམས་ཟོལ་མེད་པ་ཞིག་ཡོད་ན་དགེ་བ་ལྟ་ཅི། འཇིག་རྟེན་གྱི་བྱ་བ་ཕལ་པ་རྣམས་ཀྱང་བྱང་ཆུབ་ཀྱི་ལམ་དུ་འགྱུར་ངེས་པ་ཡིན། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྐྱེ་བ་ལ། བློ་སྦྱོང་དོན་བདུན་མའི་གཞུང་ཁྲིད་ཙམ་ཞིག་ཅི་ནས་ཐོབ་དགོས། དེ་སྟོན་བྱེད་ཀྱི་དགེ་བའི་བཤེས་གཉེན་འཇིག་རྟེན་ཆོས་བརྒྱད་ཀྱིས་མགོ་མ་འཁོར་བ་ཞིག་རྙེད་དགོས། དེར་མ་ཟད་དགེ་བའི་བཤེས་གཉེན་གྱིས་མ་ཟིན་ན་ནི་བློ་ཆོས་སུ་མི་འགྲོ། ཆོས་བྱེད་བློ་ཅུང་ཟད་སྐྱེས་ཀྱང་ཆོས་ལམ་དུ་འགྲོ་མི་སྲིད་པས། སངས་རྒྱས་ཆོས་ཀུན་དགེ་བའི་བཤེས་ལ་བརྟེན་ཏོ་ཞེས། ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཞེས་གསུངས་པ་ལྟར་དགེ་བའི་བཤེས་གཉེན་བཟང་པོ་ནི་ཐར་འདོད་རྣམས་ལ་དམུས་ལོང་གི་སྣ་ཁྲིད་དང་འདྲ་བ་ལགས། འོ་ན་རང་འདོད་ལ་ཅི་ཡང་འཆར་བས་དེ་ཐམས་ཅད་ཆོས་སུ་མི་འགྲོ་བའི་ཕྱིར་དང་དུ་ལེན་རྒྱུ་དངོས་དེ་གང་ཡིན་ཞེ་ན། རང་རེ་ཚོ་ཁྱིམ་པའི་རྗེས་འཇུག་མིན། སངས་རྒྱས་ཀྱི་རྗེས་འཇུག་ཡིན་པས་ཚེ་འདི་དང་དུ་མི་ལེན་པར་ཕྱི་མ་དང་དུ་ལེན་དགོས།


LT36_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མ་ལ་ཕན་པ་ཆོས་ཡིན་ཀྱང་རྒྱུད་དང་མ་འདྲེས་པའི་ཆོས་དེ་ཕྱི་ནས་བྱུགས་པ་དང་འདྲ། ཁ་གྲགས་འགྲན་སེམས་ངས་བྱས་མི་བྱ་ཀ་མེད་ཅན་གྱི་ཆོས་དེས་ཆོས་བརྒྱད་ཀྱི་གཡེར་བ་སྤེལ། དེས་ཉོན་མོངས་ཀྱི་གྲོགས་སུ་སོང་ནས། སྐབས་ཤིག་ཙ་ན་རྒྱུད་ངན་ལེང་དུ་ཤོར་ནས་ཆོས་པ་ཆོས་དང་འགལ་བའི་རང་རྟགས་རང་གིས་མ་ཚོར་བ་མི་ཀུན་གྱིས་འཕྱ་ཞིང་དགོད་པ་ཞིག་འབྱུང་། རང་རྒྱུད་ཚེས་དང་བསྲེ་བ་ལ་མི་རྟག་པ་སྙིང་ལ་གཟེར་ཀམ་ཀམ་པ་ཐ་ན་ཉིན་རེ་ལན་གསུམ་གསུམ་དྲན་དགོས། མི་རྟག་པ་སྙིང་ལ་དྲན་ཙ་ན། ཚེ་འདི་ལ་ལོང་མེད་ཀྱི་བློ་སྣ་ཐུང་། དེ་ཙ་ན་འདི་ཕྱི་བར་དོ་གསུམ་ཀར་མདུང་ཚུགས་སུ་ཁྱེར་ཆོག་པའི་གདམས་ངག་གཅིག་དྲིལ་མ་ཞིག་ལས་སྤྲོས་བཅས་མང་པོའི་ལོང་སྐབས་མེད་ཅིང་དགོས་པ་ཆུང་བར་གོ། །དེ་ལྟ་བུའི་གདམས་ངག་དེ་རྒྱལ་བའི་གསུང་རབ་རྣམས་ནས་ཚང་ལ་མ་ནོར་བ་འབྱུང་ཡང་ཟབ་ཅིང་རྒྱ་ཆེ་དྲགས་པས་གང་གཙོ་ཞེ་ན། རང་རེ་རྣམས་ཀྱིས་ཐེག་པ་ཆུང་ངུ་ལས་ཀྱང་ཐེག་ཆེན་གྱི་ལྟ་སྤྱོད་གཙོ་བོར་བྱེད་དགོས། ཐེག་ཆེན་མདོ་སྡེ་ལས་ཀྱང་གསང་སྔགས་ཀྱི་རྒྱུད་སྡེའི་ཚུལ་ལ་མོས་པ་ལམ་དུ་བྱེད་དགོས། རྒྱུད་སྡེ་བཞིའི་ནང་ནས་ཀྱང་རྣལ་འབྱོར་བླ་ན་མེད་པ་ལ་འཇུག་པ་དང་འཇུག་པའི་སྨོན་ལམ་འདེབས་དགོས། བླ་མེད་ལའང་བསྐྱེད་རིམ་དང་སྤྲོས་བཅས་ཀྱི་རྫོགས་རིམ་དང་སྤྲོས་མེད་ཀྱི་རྫོགས་རིམ་


LT36_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཡོད་པ་ལས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཆེས་ཟབ་པས་སྤྲོས་མེད་རྫོགས་རིམ་ཞིག་ལ་ཧྲིལ་དྲིལ་དགོས། དེ་ཡང་བླ་མིད་གང་རུང་ཞིག་གི་དབང་བསྐུར་ཐོབ་ཅིང་དམ་ཚིག་ལ་གནས་པས་བསྐྱེད་རིམ་གསལ་སྣང་ཐེབས་ཙམ་དང་གྲངས་བསྙེན་ཙམ་སོང་ནས་དྲན་དྲན་མང་པོའི་ཁ་ན་མེད་པས་བློ་གཅིག་ཐོག་ཏུ་བཞག་ནས་སྤྲོས་མེད་ཀྱི་ཉམས་ལེན་ལ་མི་ཚེ་དྲིལ་ནུས་ན་མི་ལུས་ཐོབ་ཅིང་ཆོས་དང་མཇལ་བ་དོན་ལྡན་དུ་བྱས། དེའི་ནང་ནས་རྡོ་རྗེ་ཐེག་པ་ཉིན་མོའི་སྐར་མ་ལྟ་བུ་དཀོན་པའི་མཆོག་དང་ཕྲད་པ་ཆུད་ཟོས་སུ་མ་ཤོར། སྐྱེ་བ་གཏན་གྱི་འདུན་མ་ད་རེས་གྲུབ་པའི་ཕོ་རྒོད་མགོ་སྟོང་དུ་མ་སོང་བ་ཡིན་ནོ། །རྫོགས་རིམ་གྱི་རྣམ་གྲངས་མང་ཡང་བླ་མེད་ཀྱི་རྒྱུད་སྡེའི་དགོངས་པ་གཅིག་ཏུ་འདྲིལ་བའི་སྤྲོས་བཅས་ཀྱི་ལག་ལེན་ཟབ་ཅིང་བདེ་ཤོས་སྦྱོར་བ་ཡན་ལག་དྲུག་པ། ནཱ་རོ་ནི་གུ་ཆོས་དྲུག་སོགས་ཡིན་ཅིང་། སྤྲོས་མེད་ནི་ཕྱག་རྫོགས་སུ་འདུའོ། །དེ་ལ་ཕྱག་ཆེན་བསྒོམ་པར་འདོད་ན་ཐོག་མར་ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོས་རྒྱུད་སྦྱང་། དེ་རྗེས་བརྒྱུད་པའི་བྱིན་རླབས་མ་ཆད་པའི་བླ་མ་དམ་པ་ལས་མཉམ་གཞག་ངོ་སྤྲོད་ཀྱི་གནད་ལེགས་པར་ཞུས་ཏེ། དངོས་གཞི་དཔལ་ལྡན་ཕག་མོ་གྲུ་པ་ཡབ་སྲས་ཀྱི་བཀའ་སྲོལ་ཕྱག་ཆེན་ལྔ་ལྡན་གྱི་གདམས་པ་ལྟ་བུ་ཞིག་ལ་དྲིལ་ན་རིང་པོར་མི་ཐོགས་པར་རང་རིག་ཆོས་སྐུའི་རང་ཞལ་མངོན་སུམ་དུ་མཐོང་བར་འགྱུར་རོ། །དེ་དག་གང་ལའང་དད་པ་ས་གཞི་ལྟ་


LT36_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བརྟན་དགོས། གདམས་ངག་ས་བོན་ལྟ་བུ་ཐེབས་དགོས། བརྩོན་འགྲུས་སོ་ནམས་ལྟ་བུ་རེམ་དགོས། སེམས་བསྐྱེད་དྲོད་གཤེར་ལྟ་བུ་ལེགས་དགོས། བར་ཆད་སད་སེར་ལྟ་བུ་བསྲུང་དགོས། དེ་ལྟར་ན་མཆོག་གི་དངོས་གྲུབ་འབྲས་བུ་ལྟ་བུ་དང་། ཐུན་མོང་གི་འབྲས་བུ་ཕུབ་སོག་ལྟ་བུ་ཞོར་ལ་འབྱུང་བ་ཆོས་ཉིད་ཡིན་ནོ། །དེའང་འདོད་པའི་དད་པ་མ་སྐྱེས་ན་སངས་རྒྱས་ཀྱི་སྐྱེས་རབས་དང་མདོ་སྡེ་ལ་བལྟ། དང་བའི་དད་ཕ་མི་སྐྱེ་ན་འཕགས་བོད་མཁས་གྲུབ་ཀྱི་རྣམ་ཐར་ལ་བལྟ། ཡིད་ཆེས་པའི་དད་པ་མི་སྐྱེ་ན་མདོ་སྡེ་ལས་བརྒྱ་པ་དང་བྱང་ཆུབ་ལམ་རིམ་སོགས་ལས་རྒྱུ་འབྲས་སྟོན་པའི་གཞུང་རྣམས་བལྟས་ལ་དད་པ་བསྐྱེད། གདམས་ངག་མེད་ན་མི་ཚེ་ཆོས་དང་སྒྲུབ་པ་ལ་བསྐྱལ་ཡང་སེམས་ཐོག་ཏུ་ཡིད་ཆེས་འབྱུང་བའི་དུས་མེད་པས་གདམས་ངག་བཙལ། གདམས་ངག་ཡོད་ཀྱང་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་མེད་ན་ཡོན་ཏན་ནང་ནས་མི་འཆར་བས་བརྒྱུད་པ་ཟོལ་མེད་ལ་གཏུགས། གདམས་ངག་ཐོབ་ཀྱང་བརྩོན་འགྲུས་མེད་ན་རྒྱ་མཚོའི་འགྲམ་ན་སྐོམ་གྲིར་འཆི་བ་དང་འདྲ་བས་རེས་འཇོག་དང་རྒྱུན་ཆད་མེད་པར་ཉམས་སུ་ལེན། སེམས་བསྐྱེད་མེད་ན་ལྟ་སྒོམ་སྤྱོད་པ་བྱས་ཚད་སྟོང་ལས་སུ་སོང་བས་ཅི་བྱེད་གཞན་དོན་དུ་དམིགས། ཆོས་ཀྱི་བར་ཆད་ཟབ་ཅིང་རྣམ་གྲངས་མང་བས་བྱུང་དང་མ་བྱུང་རང་གིས་ཀྱང་རྟོགས་དཀའ་བས་བདུད་བརྟགས་པའི་ལེའུ་སོགས་མདོ་སྡེ་དང་། ལྕེ་སྒོམ་པའི་རི་ཆོས་


LT36_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

།།།སྤུངས་སོགས་ལ་བལྟ་ཞིང་བརྟགས་ནས་བླང་དོར་བྱའོ། །དེ་ལ་ཐེག་ཆེན་སྤོང་བ་པ་ཞིག་གིས་ཉམས་སུ་ལེན་བྱ་མདོར་བསྡུ་ན། བྱང་ཆུབ་ཐོབ་འདོད་ཀྱི་དད་པ། བླ་མ་ལ་ཆོས་སྐུའི་མོས་གུས། སེམས་ཅན་རིས་མེད་ལ་སྙིང་རྗེ། ཡེངས་མེད་གཅིག་ཚུགས་ཀྱི་དྲན་ཤེས། ཕྱོགས་མེད་ཁྱབ་བརྡལ་གྱི་དག་སྣང་ལྔ་ལ་དགེ་སྦྱོར་གྱི་དངོས་གཞི་བྱ་ཞིང་། ཐུན་མཚམས་སུ་ཕྱིན་དྲུག་གཙོ་བོར་གྱུར་པའི་དགེ་བའི་བྱ་བ་ཆུང་ངུ་ཡིན་ཀྱང་རས་སུ་མི་བོར་ཞིང་། ཆེན་པོ་ལའང་སེམས་མི་ཞུམ་པའི་སྒོ་ནས་གང་འགྲུབ་ནན་ཏན་བྱ། གལ་ཏེ་འདུས་བྱས་ཀྱི་དགེ་རྩ་འགྲུབ་པའི་ནུས་པ་མེད་པའམ། ཡོད་ཀྱང་མཉམ་གཞག་ལ་གཡེང་བས་གནོད་ན་རེ་ཞིག་གཡེང་པ་ཐམས་ཅད་སྤངས་ཏེ་མཉམ་གཞག་ལ་ནན་ཏན་བྱེད་པ་ཁོ་ན་ཆོད་ཆེའོ། །རང་རེ་རྣམས་བསྟན་སྒོར་ཞུགས་ནས་རྒས་རྒས་སུ་འཆི་བ་ལ་ཉེ་ཡང་། མི་ཚེ་ཕྱེད་ལྷག་ཁ་ཡེངས་མིག་ཡེངས་ལ་གཟད། ཕྱེད་ཙམ་གྲྭ་སའི་རྣམ་གཡེང་ལ་འབྱམས། སེམས་ཆོས་བརྒྱད་ཀྱི་དབང་དུ་བཏང་། ལོག་འཚོ་དང་དཀོར་རྫས་རྒྱ་མཚོ་ཙམ་ཞིག་ལ་སྤྱོད། །ཉེས་ལྟུང་གི་ཁུར་པོ་རི་བོ་ཙམ་ཞིག་ཁུར་ནས་རིང་པོར་མི་ཐོགས་པར་ངན་སོང་གི་སྡུག་བསྔལ་མྱོང་དུ་ཆ་བ་ལ་བསམས་ནས་རི་དྭབས་མཐའ་ལ་གཅུར་བ་ལྟ་བུའི་འཇིགས་སྐག་གནོང་འགྱོད་དང་བཅས་པས། གསུང་ཡི་གེ་དྲུག་མ། རྡོ་རྗེ་སེམས་དཔའི་སྒོམ་བཟླས། ཐར་པ་ཆེན་པོའི་མདོ་དང་དྲི་མེད་བཤགས་རྒྱུད།


LT36_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ལྟུང་བཤགས་སོ་གས་ལ་ཉིད་མཚན་དལ་མེད་དུ་བརྩོན་ཞིང་། ཁྱད་པར་རང་རིག་རང་ངོ་སྤྲོད་པའི་རྩ་བའི་བླ་མ་བཀའ་དྲིན་ཅན་ལ་མོས་གུས་དྲག་པོའི་སྣང་བ་དང་མི་འབྲལ་བར། ད་ལྟའི་ཐ་མལ་གྱི་ཤེས་པ་བསྒོམས་ཀྱང་བཟང་དུ་མ་སོང་། མ་བསྒོམས་པས་ངན་དུ་མ་སོང་། འཁོར་འདས་ཀྱི་སྣང་བ་སྣ་ཚོགས་སུ་འཆར་ཡང་གང་གིས་ཀྱང་མ་གོས་ཤིང་ཅིའི་ངོ་བོར་ཡང་མ་གྲུབ་པ། བརྗོད་དུ་མེད་ལ་མྱོང་དུ་ཡོད་པ་འདི་ལ་ཐག་གཅིག་ཐོག་ཏུ་བཅད་ནས། འདི་ཡིན་ནོ། །འདི་མིན་ནོ། །ཤེས་སོ། །མི་ཤེས་སོ། །སྙམ་པ་ལ་སོགས་པ་རེ་དོགས་ཐམས་ཅད་སྤངས་ཏེ། རང་སེམས་ཀྱི་ངོ་བོ་ས་ལེ་ཧྲིག་གེར་རིག་པའི་ངང་དུ་རྣམ་རྟོག་གི་འགྱུ་བ་བྱུང་ཚད་རང་ཡལ་བཟོ་མེད་དུ་བཞག་ནས་འོག་འགྱུ་ངང་ལུང་མ་བསྟན་གྱི་དབང་དུ་མ་ཤོར་བར་དྲན་པ་ལ་རྩེ་ནས་སོ་པ་བུད་པ་ལྟ་བུས་ཡེངས་མེད་དུ་བསྐྱངས་པས། ཇི་ཞིག་ན་ཆོས་ཐམས་ཅད་སེམས། སེམས་སྐྱེ་འགག་གནས་གསུམ་བྲལ་བའི་སྟོང་ཉིད་རིག་པའི་སྙིང་པོ་ཅན། དེ་ལས་ལོགས་སུ་སྐུ་གསུམ་གྲུབ་པ་མེད་པར་ཐག་ཆོད་ནས་བློ་བདེ་ཐོག་ཏུ་ཕེབས་པས་དོན་གཉིས་འགྲུབ་པའི་རྟེན་འབྲེལ་འགྲིགས་པར་འགྱུར་རོ། །ཀྱེ་ཧོ་ཡང་གཅིག་གསོན་དང་སྐལ་ལྡན་གྱི་གྲོགས་པོ། །འོ་སྐོལ་སེར་གོས་གྱོན་ནས་ཆོས་གཟུགས་འདི་བྱས་བྱིན། །ཆོས་སྒོ་ཀུན་དང་མཐུན་པའི་སྐལ་བ་འདྲ་མེད་ཀྱང་། །སྣེ་གཅིག་ཆོས་དང་མི་མཐུན་ཤི་བ་རང་དགའོ། །རྙེད་དཀའི་


LT36_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དལ་འབྱོར་ཐོབ་དུས་དམ་ཆོས་ལ་འབུང་ན། །སྐྱེ་བ་གཏན་དུ་བདེ་བའི་ཁེ་སྐྱེད་ཅིག་གདའ་སྟེ། །ནོར་བུ་རང་ལག་ཡོད་དུས་ཆུད་ཟོས་ལ་བཏང་ནས། །སྐྱེ་བ་གཏན་སྡུག་མྱོང་བའི་བསམ་མེད་རང་མང་ངོ་། །ནམ་འཆི་ཆ་མེད་དྲན་པའི་བློ་སྣ་ཞིག་བསྟུང་ན། །དམ་ཆོས་སྒོ་སྐྱེལ་བྱེད་པའི་གྲོགས་བཟང་ཞིག་གདའ་སྟེ། །འདིར་སྣང་འཇའ་ཚོན་འདྲ་བའི་མགོ་བསྐོར་གྱིས་བསླུས་ནས། །མི་ཚེ་སྟོང་ཟད་བྱེད་པའི་རླུང་ཁྱེར་རང་མང་ངོ་། །མཐུན་རྐྱེན་ཐམས་ཅད་ཚང་དུས་ཉམས་ལེན་ཞིག་བརྩོན་ན། །འཆི་ཁར་སེམས་འགྱོང་མེད་པའི་བློ་བདེ་ཞིག་འབྱུང་སྟེ། །མི་ཁོམ་མི་འཛོམ་ངང་ལ་ལོ་ཟླ་ནི་ཟད་ནས། །གསེར་ཕྱེ་ཆུ་ལ་ཕོ་བའི་མདོ་ཤོར་རང་མང་ངོ་། །བླ་མར་སངས་རྒྱས་ཤེས་པའི་མོས་གུས་ཞིག་ཡོད་ན། །རྟོགས་གྲོལ་དུས་མཉམ་བྱིན་རླབས་རང་བབས་སུ་འབྱུང་སྟེ། །མཉམ་འགྲོགས་བརྙས་ཐབས་རྟོགས་ངན་སྙིང་ནང་དུ་ཞེན་ནས། །མ་ཚོར་དམ་ཚིག་ཉམས་པའི་བསམ་བརླག་རང་མང་ངོ་། །རང་འདོད་གཏིང་ནས་སྤངས་བའི་སྙིང་རྗེ་ཞིག་བསྐྱེད་ན། །ཅི་བྱས་སངས་རྒྱས་ཐོབ་པའི་ཚོགས་ཆེན་དུ་འགྱུར་ཡང་། །བདག་འཛིན་སྐྱིད་འདོད་འགོང་བོ་ཞེ་ཕུག་ཏུ་བཅུག་ནས། །ཙནྡན་ཐོལ་བར་བསྒྱུར་བའི་བློ་ཆུང་རང་མང་ངོ་། །བཟེ་མེད་རིག་པའི་རང་ངོ་ཡེངས་མེད་དུ་སྐྱོང་ན། །གཉུག་མ་ཆོས་སྐུའི་བཙན་ས་ཚེ་གཅིག་ལ་ཟིན་ཏེ། །ཐག་ཆོད་ངེས་ཤེས་མེད་པའི་ཐེ་ཚོམ་གྱི་གེགས་དེས། །


LT36_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་བཅས་རྣམ་གཡེང་ངང་དུ་མགོ་འཁོར་ནི་མར་རོ། །གང་ཤར་ཆོས་སྐུའི་རོལ་པར་ཐག་ཆོད་ཅིག་སྐྱེས་ན། །འཁོར་འདས་མཉམ་ཉིད་རྟོགས་པ་ཚེགས་མེད་དུ་འཆར་ཏེ། །གཟུང་འཛིན་སྤང་གཉེན་བློ་ཡིས་རང་ཞལ་ལ་བསྒྲིབས་ནས། །མ་བཅོས་གནས་ལུགས་དོན་ལ་རྒྱབ་འགལ་རང་མང་ངོ་། །རང་སེམས་དཔང་དུ་བཙུགས་པའི་དམ་ཚིག་ཞིག་བསྲུང་ན། །གཞན་དག་སུམ་མགུ་ཡང་རང་བློ་འདྲ་བདེ་ཡང་། །གཡོ་ཟོལ་ངོ་ལྐོག་ངང་ལ་འཕྱོར་ཆས་ཚོག་ཟབ་ནས། །དཀོར་ནག་ཆུ་ལྟར་འགོམ་པའི་གཡོ་ཅན་འདྲ་མང་ངོ་། །དཔལ་ལྡན་ཨེ་ཝྃ་ཆོས་ལྡན་མཁས་གྲུབ་ཀྱི་གདན་པར། །མཁན་ཆེན་རྡོ་རྗེ་འཛིན་པས་ཟབ་ཆོས་ཀྱི་བདུད་རྩིས། །ཁྱོད་ཐུགས་སྨིན་གྲོལ་མཛད་ན་ཀུ་སཱ་ལིའི་ཚིག་འཁྱལ། །སྨྲ་ལ་དགོས་པ་མེད་མོད་བཞེད་བསྐང་ཕྱིར་ཐལ་ལོ། །ཨ་ཧོ། ཚེ་འདིའི་སྣང་བ་གློག་གི་གར་མཁན་འདྲ། །སྲིད་པའི་བདེ་འབྱོར་རྩ་རྩེའི་ཆུ་ཐིགས་བཞིན། །དགོས་དགོས་ཟད་མེད་སྤོས་རྒྱའི་རི་མོར་མཚུངས། །ཐམས་ཅད་འཛོམ་ནས་སྒྲུབ་ལ་བརྩོན་སྙམ་ཡང་། །འཛོམ་པའི་དུས་མེད་མི་ཚེ་མཐའ་ལ་ཐུག །ཆོག་ཤེས་སྐྱེས་ན་ཐམས་ཅད་འཛོམ་དང་འདྲ། །གཞན་ཀུན་ལྟ་ཅི་ལྟོ་རྒྱབ་གཉིས་པོ་ཡང་། །ཅི་བྱུང་ཐུབ་ན་ཆོས་ཀྱི་ཕྱེད་ཀ་འགྲུབ། །བྱང་སེམས་ཡོད་ན་ཅི་བྱས་དམ་ཆོས་ཡིན། །རང་ངོ་ཤེས་ན་ཅིར་སྣང་རང་གྲོལ་ཡིན། །མོས་གུས་ཡོད་ན་ཤར་ཚད་ཆོས་སྐུ་


LT36_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཞེན་པ་ཐོང་ན་སྣང་ཚད་སྒྱུ་མ་ཡིན། །མ་བཅོས་བཞག་ན་ཐམས་ཅད་གཉུག་མ་ཡིན། །བཅས་བཅོས་བྱས་ཚད་དོན་ལས་ཕྱིན་ཅི་ལོག །རང་སེམས་ཐ་མལ་རྟོག་པས་མ་དབེན་ན། །ལུས་ངག་འདུ་འཛིས་དབེན་ཀྱང་ཕྱེ་བ་བཞིན། །སྤྱོད་ལམ་ཐམས་ཅད་ཚོགས་སུ་མ་ཁྱེར་ན། །ཆེད་དུ་འབད་པ་ཨ་ཐང་ཆད་པའི་རྒྱུ། །ཤར་ཚད་ཆོས་སྐུའི་ཡོ་ལང་མ་ཤེས་པར། །ལྟ་སྒོམ་ཐམས་ཅད་རྣམ་རྟོག་སྐོར་ལོག་ཉིད། །ད་ལྟ་ཉིད་དུ་ཆོས་ལ་མ་འབད་ན། །སང་བྱ་གནང་བྱ་ལེ་ལོའི་མགོ་བསྐོར་ཡིན། །བྱེད་ལུགས་ཤེས་ན་ཅི་བྱས་ཆོས་ཡིན་པས། །གཅིག་པུར་སྡོད་པའི་ལོང་ཁོམས་བསྒུགས་མི་དགོས། །ཆོས་མིན་ཆོས་ལོག་ཟེར་བ་གུད་ན་མེད། །རང་ཉིད་གྲགས་འདོད་གཞན་ལ་བརྙས་ཆོས་དང་། །ང་རྒྱལ་ཐེ་ཚོམ་ལེ་ལོ་ཆོས་པའི་བདུད། །སྤངས་ནས་དམན་ས་འཛིན་པ་གནད་དུ་ཟབ། །དམན་ས་ཟིན་ཚེ་ཡོན་ཏན་གྱེན་དུ་འཕེལ། །ཆེ་འདོད་བྱུང་ཚེ་སྒོམ་ཆེན་ཐུར་རྐྱ་ཕབ། །གོལ་ས་ཡིན་ཏེ་རང་མཚད་ཤེས་པ་དཀོན། །ཡོན་ཏན་ཏིལ་ཙམ་སྐྱེས་ལ་ང་རྒྱལ་ཆེ། །ཉམས་ལེན་མེད་པའི་ཆོས་སྣས་ཁོག་པ་སྦོས། །ཞེན་ལོག་མེད་པར་རྙེད་ཚད་ནོར་དུ་གསོག །རང་རྒྱུད་ཐ་མལ་ལུས་ལ་སྒོམ་གྱིས་ཅི། །ཐུན་དང་ཐུན་མཚམས་རྣམ་པ་ཐམས་ཅད་དུ། །མི་རྟག་ངེས་འབྱུང་གཉིས་པོས་རང་སེམས་གཅུན། །སྐྱབས་འགྲོ་སེམས་བསྐྱེད་གཉིས་པོས་ཐུན་མགོ་བཟུང་། །མོས་གུས་དྲན་ཤེས་གཉིས་


LT36_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མཐིལ་དུ་གཏད། །དག་སྣང་སྙིང་རྗེ་གཉིས་པོ་ལམ་དུ་ཁྱེར། །བསྔོ་བ་སྨོན་ལམ་གཉིས་པོས་མཇུག་ཀུན་སྡུད། །ཆོས་ཀྱི་གནད་འགག་ཐམས་ཅད་འདི་རུ་འདུས། །རྟག་ཆད་མཐའ་དང་བྲལ་བའི་ལྟ་བ་ལ། །ཞི་ལྷག་ཟུང་དུ་འབྲེལ་བའི་སྒོམ་པས་བརྒྱན། །བསྡུ་དངོས་བཞི་དང་ཕར་ཕྱིན་དྲུག་ལ་སྤྱོད། །ཡན་ལག་བདུན་གཙོས་ལུས་ངག་དགེ་ལ་འབུང་། །ཁྱད་པར་བདག་གཞན་མཉམ་བརྗེའི་བྱང་སེམས་བསྒོམ། །མདོ་ལུགས་ཕར་ཕྱིན་ཉམས་ལེན་དེ་ལ་འདུས། །བསྐྱེད་རིམ་བསྒོམ་པས་སྣོད་བཅུད་ལྷ་དུ་བསྒྱུར། །སྔགས་ཀྱི་བཟླས་པས་གྲགས་སྟོང་གསུང་དུ་ཁྱེར། །བདེ་སྟོང་རྫོགས་རིམ་ཆོས་སྐུ་ལམ་དུ་བྱེར། །གསང་སྔགས་རྒྱུད་སྡེའི་གནད་གསང་དེ་ལ་འདུས། །རང་སེམས་ལས་གཞན་སངས་རྒྱས་གུད་ན་མེད། །གཏད་མེད་སྐྱོང་ལས་གདམས་ངག་གཞན་ན་མེད། །མེད་ཀྱང་གཞན་དུ་ཚོལ་བས་ཐམས་ཅད་བསླུས། །སེམས་ཐག་ནང་དུ་གཅོད་ན་མི་ལེགས་སམ། །རང་སེམས་རང་གིས་ཆོས་ལ་མ་བསྐུལ་ན། །གཞན་གྱིས་གཅུན་པ་ཁྱི་རྐུན་ལམ་དེད་འདྲ། །ཆོས་དང་རང་རྒྱུད་ཞུས་ངག་མ་བྱས་ན། །གྲྭ་སའི་ཆོས་སྤྱོད་བྲོ་པའི་ཟློས་གར་འདྲ། །སྒྲུབ་ལ་དཀའ་སྤྱད་སྙིང་རུས་མི་ནུས་པའི། །ཉམས་རྟོགས་སྐྱེ་འདོད་ཞིང་ངན་ལོ་ཏོག་འདྲ། །རང་གི་སེམས་ལ་གདར་ཤ་མི་གཅོད་པ། །ཚིག་ལ་ཞེན་པ་མ་མཐོང་གཏམ་བརྒྱུད་འདྲ། །ཟབ་ཟབ་སྙན་སྙན་མང་པོ་ཅི་སྨྲས་


LT36_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །ཐག་ཆོད་ངེས་ཤེས་ནང་ནས་མ་ཤར་བར། །དོན་གྱི་ཐོག་ཏུ་ནམ་ཡང་མི་ཕེབ་པས། །རང་སེམས་ངོ་བོ་སྐྱོང་ལ་ནན་ཏན་མཛོད། །ངེས་འབྱུང་ཆོས་བརྒྱད་རླུང་གིས་མཁྱེར་འཚལ། །སྙིང་རྗེ་གནོད་སེམས་སད་ཀྱིས་མ་བཅོམ་འཚལ། །མོས་གུས་རྟོག་དཔྱོད་དགྲ་ལ་མ་ཤོར་འཚལ། །དགེ་སྦྱོར་ཕྱི་བཤོལ་ངང་དུ་མ་གཏོང་འཚལ། །དྲན་ཤེས་བརྗེད་ངས་དབང་དུ་མ་འབྱམས་འཚལ། །ནམ་ཞིག་གནས་ལུགས་ལྷོངས་སུ་མ་གྱུར་བར། །བསྒོམ་མི་དགོས་པ་ནམ་ཡང་མི་སྲིད་པས། །བརྩོན་འགྲུས་གྲིམ་ལྷོད་རན་པོས་ཕྱི་ཀློད་ལ། །ནང་གི་སེམས་ཉིད་ཐ་མའི་མི་གཏོང་སྒྲིམས། ཁ་ཅིག་སྟོང་ལྟས་ལས་འབྲས་ཁྱད་དུ་གསོད། །གཞན་དག་སྤྲོས་བཅས་ལྷུར་ལེན་སྒོམ་པ་སྨོད། །གཉིས་ཀ་བྱང་ཆུབ་ལམ་དང་ཐག་རིང་བས། །ལྟ་བ་མཐོ་ཡང་སྤྱོད་པ་ཞིབ་པ་གཅེས། །ཡང་ཐོག་སོང་ན་གཡང་ས་ཆེ་བ་བཞིན། །རྒྱུད་ཚོད་མཐོ་བཞིན་བར་ཆད་ཆེ་བས་ན། །ཡོན་ཏན་སྐྱེ་དུས་ཀུན་ལ་མ་ཞེན་དགོས། །ཁྱད་པར་རྩ་བའི་བླ་མར་བརྙས་ཐབས་ཀྱིས། །མོས་གུས་འགྲིབ་ན་གེགས་ཆེན་འབྱུང་ངེས་པས། །རང་ཉིད་རིགས་གསུམ་མགོན་ཙམ་གྱུར་ན་ཡང་། །བླ་མ་ཆོས་སྐུ་རྗེན་པར་ལྟ་བར་གཅེས། །མདོར་ན་སངས་རྒྱས་གསུང་དང་མི་མཐུན་པའི། །བློས་བཏགས་ཆོས་ཀྱིས་རང་གཞན་མགོ་བསྐོར་བས། །གདམས་ངག་བཀའ་དང་མཐུན་པར་ཉམས་ལེན་ཏེ། །རྒྱལ་བ་དགྱེས་


LT36_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་ལ་འཇུག་པར་མཛོད། །ཅེས་འདི་བློ་གྲོས་མཐའ་ཡས་བྷུ་སུ་ཀུས། །དགེ་བཤེས་བསྟན་འཛིན་བཟང་པོའི་བཞེད་བསྐང་ཕྱིར། །བཀའ་བརྒྱུད་གྲུབ་པའི་ཚོགས་ཀྱིས་བྱིན་བརླབས་གནས། །སཱ་ལའི་ནགས་ཁྲོད་འདུ་འཛིས་དབེན་པ་རུ། །གཏད་མེད་ངང་དུ་ལྷུག་པར་ཉལ་བའི་ཚེ། །གང་བྱུང་ཆལ་ཆོལ་གྲོས་སུ་གདམས་པའོ། །མངྒ་ལཾ། ༈ །རྩ་གསུམ་ཀུན་འདུས་གུ་རུ་པདྨ་སྙིང་དབུས་མི་ཤིགས་དྭངས་མའི་ཐིག་ལེར་མཆོད་དོ། །བདག་ཅག་ཆོས་པའི་གཟུགས་བརྙན་ཅན་རྣམས་ཉོན་མོངས་པའི་གཡངས་འཇིགས་ཤིང་ཡ་ང་བར་ཚོམ་ཚོམ་མེད་པར་མཆོངས་པ་ལས་བཟློག་ཏུ་གསོལ་ལོ། །དེ་ལ་རང་རེ་རྣམས་ཀྱི་སེམས་འདི་ལོང་བ་ཐང་དཀྱིལ་དུ་འཁྱམས་པ་དང་འདྲ་སྟེ་གར་འགྲོ་འདིར་འགྲོའི་བརྟོལ་མེད། །ཉོན་མོངས་པ་དུག་ལྔ་ནི་ཕ་བསད་ཀྱི་ཤ་ལེན་བསྙགས་མཁན་དང་འདྲ་སྟེ་བཟུར་བར་དཀའ་བའི་རྣམ་རྟོག་གི་འཕྲང་ནས་བསྒུགས། ཆོས་དང་གདམས་ངག་ཟབ་མོ་ནི་མིག་འབྱེད་པའི་སྨན་པ་མཁས་པ་དང་འདྲ་སྟེ་འཐབ་པ་དང་འབྲོས་པའི་ཚོད་ཤེས་པའི་སྤང་བླང་གི་མིག་སྦྱིན་པར་བྱེད་པའོ། །དཔེར་ན་འཇིག་རྟེན་ན་རང་ཉིད་གསོད་ངེས་པའི་དགྲ་ཞིག་ཀྱང་ཡོད་ལ་དེ་ངོ་ཤེས་ནས་འཐབ་ནུས་ན་འཐབ། འཐབ་མ་ནུས་ན་བྲོས། ཐབས་མཁས་ན་འཁོན་བསྡུམས་ནས་གཉེན་དུ་བཀུག །དེ་གསུམ་གང་ཡང་མ་བྱས་པར་


LT36_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

དགྲའི་གཡུལ་ངོར་ཕྱིན་པས་ཐེ་ཚོམ་མེད་པར་གསོད་དུ་འོང་། འཐབ་བའི་དཔུང་དང་གོ་མཚོན་ཡང་ཚང་། བྲོས་པའི་མིག་དང་རྐང་པ་ཡང་ཡོད། དགྲ་གྲོགས་སུ་བསྒྱུར་བའི་བློ་སྟོབས་ཀྱང་ཡོད་བཞིན་དུ་དེ་གསུམ་གང་ཡང་མི་བྱེད་པར་དགྲའི་ལག་ཏུ་རང་སྲོག་བསྐྱལ་ན་བླུན་པོའི་མཐར་ཐུག་པས་ཕྱུགས་ལས་ཀྱང་ལོད་དོ། །དཔེ་དེ་བཞིན་དུ་རང་རེ་རྣམས་འཁོར་བ་དང་ངན་སོང་གི་གནས་སུ་སྔར་ལན་གྲངས་བསམ་གྱིས་མི་ཁྱབ་པར་བསད། མ་འོངས་པར་གསོད་པར་འགྱུར། ད་ལྟ་གསོད་བཞིན་པའི་དགྲ་ཉོན་མོངས་དུག་ལྔ་འདི་ངོ་ཤེས་ནས་ལས་དང་པོ་པ་བྲོས། གནས་ལུགས་རྟོགས་ནས་འཐབ། བརྟན་པ་ཐོབ་ནས་གྲོགས་སུ་བྱེད་པས་ལམ་དུ་ཁྱེར། དེ་གསུམ་གྱི་ལམ་སྲོལ་གང་ཡང་མ་ལྡན་པར་ཉོན་མོངས་པ་འཇོལ་ཉོག་ཏུ་སྤྱོད་ན་ཐེ་ཚོམ་མེད་པར་ངན་སོང་དུ་འཕེན་དུ་འོང་། བྲོས་བ་ལྟ་བུ་ཉོན་མོངས་པ་སྤང་བའི་ལམ། འཐབ་པ་ལྟ་བུ་བསྒྱུར་བའི་ལམ། གཉེན་དུ་བཀུག་པ་ལྟ་བུ་རང་བཞིན་ཤེས་པའི་ལམ་སྟེ། དེ་དག་ཤེས་བཞིན་དུ་ཉམས་ལེན་མི་བརྩོན་པར་སེམས་ཉོན་མོངས་པའི་དབང་དུ་བཏང་ན་དགྲའི་ལག་ཏུ་རང་སྲོག་བསྐྱལ་བ་ལས་ཀྱང་ཆེས་བླུན་པ་སྟེ་ཆོས་བྱས་པའི་དགོས་པ་སྟོར་བའོ། །གཞན་ཡང་དཔེ་འདི་ལྟ་སྟེ། འཆི་བར་བྱེད་ངེས་པའི་དུག་དེ་དང་པོ་ངོས་ཟིན་དགོས། ཤེས་ནས་མྱུར་བར་ཐག་རིང་པོར་སྤོང་དགོས། རིགས་སྔགས་མཁན་གྱིས་དུག་དེ་བཅུད་ལེན་དུ་


LT36_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱུར་ནས་བཟའ། རྨ་བྱས་ནི་དེ་གཉིས་གང་ཡང་མི་དགོས་པར་ཟོས་པ་ཁོ་ནས་མདངས་དང་ལྡན་པར་འགྱུར་རོ། །དེ་བཞིན་དུ་ཐར་པའི་སྲོག་རྩ་གཅོད་ངེས་པའི་ཉོན་མོངས་པ་རྒྱུད་ལ་སྐྱེས་པ་ཙམ་ནས་ངོས་ཟིན་དགོས། །ངོས་ཟིན་པ་ཙམ་གྱིས་ཀྱང་མི་ཆོག་སྟེ་བློ་སྟོབས་ཆུང་ན་མདོ་འདུལ་ལྟར་སྤངས་དགོས། བློ་སྟོབས་ཆེ་ན་སྔགས་ཕྱི་པ་ལྟར་བསྒྱུར་དགོས། བློ་སྟོབས་ཤིན་ཏུ་ཆེ་བའི་རྣལ་འབྱོར་པ་རབ་རྣམས་ཀྱིས་ནི་སྔགས་ནང་པ་ལྟར་མ་སྤང་ལམ་དུ་ཁྱེར་བ་སྟེ། ལས་དང་པོ་པས་སྟག་མཆོངས་སར་ཝ་མཚོངས་ན་རང་ཉིད་ཉམ་ཉེས་པར་འགྱུར་བས་འདོད་ཡོན་ལམ་ཁྱེར་ནི་སྨོན་པ་ཙམ་སྟེ། རང་བཞིན་ཡེངས་སུ་ཤེས་པའི་མོས་བསྒོམ་བྱ་བ་ཉིད་གནད་དུ་ཆེའོ། །འདོད་ཆགས་ཀྱིས་ནི་འཁོར་བའི་རྩ་བ་བྱེད། །ཅི་དགར་བཞག་ན་བུང་ལྔར་ཉིང་མཚམས་སྦྱར། །ཞེ་སྡང་ལ་སོགས་ཉེས་ཀུན་སྣ་འདྲེན་བྱེད། །སྤངས་ན་འགྲོ་བརྒྱུད་ལྔའི་ཉེར་ལེན་གཅོད། ལམ་ཁྱེར་ཤེས་ན་བདེ་སྟོང་ཆོས་སྐུ་འགྲུབ། །འདོད་ཆགས་ཕུང་པོ་རི་བོ་ཙམ་སླ་ཡི། །ཞེ་སྡང་སྐད་ཅིག་མ་ནི་དེ་ལྟ་མིན། །ཁོང་ཁྲོ་སྐད་ཅིག་སྐྱེས་པས་བསྐལ་མང་དུ། །བསགས་པའི་དགེ་རྩ་ཀུན་ཀྱང་འཇོམས་པར་བྱེད། །རང་བཞིན་ཤེས་ན་གསལ་སྟོང་ལོངས་སྐུ་དངོས། །མ་ཤེས་འབུར་འཇོམས་སྤང་ལ་ནན་ཏན་མཛོད། །ཉོན་མོངས་ཀུན་གྱི་འབྱུང་གནས་གཏི་མུག་སྟེ། །རྒྱ་མཚོ་མེད་ན་ཆུ་བྲན་ག་ལས་འབབ། །མུན་


LT36_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་ན་ལམ་ལོག་ཅི་ཕྱིར་ཁུར། །མ་རིག་གཏི་མུག་མུན་པའི་གཏིང་ཆེ་ཡང་། །རིག་པའི་ཉི་མ་ཤར་ན་དཀའ་ཚེགས་མེད། །རང་རིག་ངང་དུ་མཉམ་གཞག་གེམས་པར་འཚལ། །ཡོན་ཏན་ཡོད་ན་ང་རྒྱལ་དགོས་པ་མིན། །མཁས་པའི་བློ་དེ་ནམ་མཁའ་ཡངས་པ་འདྲ། །བཟང་ངན་ཆེ་ཆུང་ཀུན་ཤོང་གུ་དོགས་མེད། །ཡོན་ཏན་མེད་ལ་ང་རྒྱལ་ཆེ་བ་ན། །མྱུར་བ་ཉིད་དུ་རང་སྨ་རང་གིས་འབེབས། །ཡོན་ཏན་ཅུང་ཟད་སྐྱེས་ཚེ་ང་རྒྱལ་ན། །བདུད་ཀྱི་གེགས་ཏེ་སྔར་ཡོད་ཡོན་ཏན་འགྲིབ། །ཕྱིན་ཆད་ཡོན་ཏན་སྐྱེ་དཀའ་འགྲོ་དོན་འགགས། །སངས་རྒྱས་བྱང་སེམས་ཡོན་ཏན་བསམ་ཙ་ན། །ཉི་ཟླའི་འོད་དང་སྲིན་བུམ་ཁྱེར་འདྲ། །ཆོས་པ་ང་རྒྱལ་མ་ཞུགས་གལ་རེ་ཆེ། །གཞན་གྱི་བསོད་ནམས་མངའ་ཐང་འགྲོ་དོན་ལ། །ཕྲག་དོག་ལན་གཅིག་སྐྱེས་པས་རང་ཉིད་ཀྱི། །བསོད་ནམས་མངའ་ཐང་འགྲོ་དོན་ཕྱགས་མས་འདེབས། །རང་ལས་ལྷག་ན་ཕྲག་དོག་བྱས་ཅི་ཕན། །རང་ཉིད་ཚོགས་མ་བསགས་བའི་འབྲས་བུ་ཡིན། །རང་དང་མཉམ་ན་ཕྲག་དོག་བྱེད་ཅི་དགོས། །རང་རང་ལས་འབྲས་སོ་སོར་སྤྱོད་པ་ཡིན། །ཆོས་པ་ཕྲག་དོག་ཆེ་བས་ཕུང་བ་མང་། །དེ་བས་བདག་འཛིན་འདུལ་ལ་བརྩོན་པར་འཚལ། །ཉོན་མོངས་ཁ་ཡན་བཏང་ན་ཐ་མལ་པ། །ཉོན་མོངས་མགོ་བོ་ནོན་ན་དགེ་སྦྱོང་སྟེ། །ཉོན་མོངས་ཡེ་ཤེས་འཆར་ན་རྣལ་འབྱོར་པ། །སྤང་བསྒྱུར་ཤེས་


LT36_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རང་བློའི་ཚོད་དང་དཔག །ཉོན་མོངས་རང་གར་ནམ་ཡང་གཏོང་མི་བྱ། །དེང་སང་སྒོམ་ཆེན་ཁ་བཤད་མཁན་མང་ཡང་། །དུས་ཀྱི་དབང་གིས་ཉོན་མོངས་ཆོམ་པ་དཀོན། །རྟོགས་ལྡན་ཉོན་མོངས་ཅན་དང་འགྲོགས་པ་ན། །འོ་མ་བཟང་པོ་སྐྱུར་དང་འགྲོགས་པ་ལྟར། །རང་རྒྱུད་དག་ཀྱང་མ་རུང་བྱེད་པས་ན། །དྲན་ཤེས་བག་ཡོད་ཁོ་ནར་སྙིང་ནོར་མཛོད། །ཆོས་སྒོར་ཞུགས་ཀྱང་ལྟ་སྒོམ་སྤྱོད་པའི་གནད་མི་ཤེས་པ་དང་། ཤེས་ཀྱང་ཉམས་སུ་མི་ལོན་པའི་གང་ཟག་ལས་དང་པོ་པ་རྣམས་ཀྱིས་མདོ་དང་འདུལ་བའི་དགོངས་པ་བཞིན་ཉོན་མོངས་པ་སྤང་བར་བྱ་སྟེ། འདོད་ཆགས་སྐྱེས་པའི་ཚེ་ཆགས་ཡུལ་དེ་ཕྱི་བགས་པའི་གཡོགས་སྲབ་མོས་བསྒྲིབས་པ་ལས། ནང་ན་ཤ་ཁམ་པ། ཁྲག་དམར་པོ། ཆུ་སེར་གྱི་ལྗན་ལྗིན། སྣབ་ལུད་གཅིན་རྟུག་སོགས་མི་གཙང་བའི་རྗེས་སུམ་ཅུ་སོ་གཉིས་ཀྱིས་སྐྱུགས་ལྡོག་པ། དྲི་ང་བ། ཁྱི་ཕག་གི་ཁོག་བ་ཁ་ཕྱེས་པ་དང་ཁྱད་པར་མེད་པར་བསམ། དེས་མ་ཞི་ན་ཆགས་ཡུལ་དེ་ཤི་པའི་རོ་བམ་པ། རུལ་བ། སྔོ་བ། ཧམ་པ། འབུས་མྱགས་པ། དུལ་དྲི་ཅན་བསམས་ནས་མི་སྡུག་པའི་འདུ་ཤེས་བསྒོམ་པས་ཀྱང་མ་ཞི་ན། དེའི་ལུས་ཀེང་རུས་སྐྱ་ཁྲོ་ལེ། མིག་དམར་ཧ་རེ་བ་ལ་ཡུན་རིང་སེམས་གཏད། མཐར་ཀེང་རུས་དེ་འདྲས་སྣང་ཡུལ་གང་བར་བསམ་པས་ངེས་པར་ཞིའོ། །ནོར་རྫས་སོགས་ལ་རྣེ་ལམ་གྱི་ནོར་རྫས་


LT36_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སེམས་འཁྲུལ་པའི་རང་གཟུགས་ལས་བདེན་པར་མ་གྲུབ་བ། ཆུའི་ལྦུ་བ་ལྟར་སྙིང་པོ་མེད་པ། འབྱོར་རྒུད་གཉིས་ཀ་མི་རྟག་པ་བསམ་པ་སོགས་བྱའོ། །ཞེ་སྡང་སྐྱེས་ན་ཉེས་དམིགས་དྲན། ཞེ་སྡང་སྐྱེ་ཡུལ་དེ་དགྲ་གཉེན་སུ་ཡིན་ཀྱང་རང་གི་རྩ་བའི་མ་དང་སྲིང་མོ་ལྟ་བུ་བསྒོམས་ལ་ཚད་མེད་བའི་བྱམས་པ་དང་སྙིང་རྗེ་བསྐྱེད། སེམས་ཅན་དུ་གྱུར་ཚད་རང་གི་ཕ་མ་མིན་པ་གཅིག་ཀྱང་མེད་པ་ལ། བདག་གིས་ཕ་མ་ལ་ཕན་མ་ཐོགས་པའི་སྟེང་། བདག་ལ་བརྟེན་ནས་ཕ་མ་ཞེ་སྡང་སྐྱེ་བས་ཆུད་ཟོས་སུ་བཏང་བ་ཨ་ཙ་མ། ཕ་མ་བདག་ལ་ཁྲོས་ཀྱང་བདག་ཕ་མ་ལ་ཁྲོ་ཐབས་གར་ཡོད་སྙམ་དུ་བསམ། གཏི་མུག་མ་རིག་པ་དང་མི་ཤེས་པ་ཐམས་ཅད་ཡིན་པས་དེའི་གཉེན་པོ་ཐོས་བསམ་སྒོམ་གསུམ་ལ་འབད་པ་ཡིན་ཀྱང་། བྱེ་བྲག་གཉིད་འཐིབས་ཚེ་མ་རིག་པ་ལས་འདུ་བྱེད་འབྱུང་། དེ་ནས་རིམ་བཞིན་རྣམ་པར་ཤེས་པ། མིང་དང་གཟུགས། སྐྱེ་མཆེད་དྲུག །རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤིའི་བར་དུ་བྱུང་ནས་འཁོར་བའི་འཁོར་ལོ་ཆེན་པོ་འདི་གྲུབ། མ་རིག་པ་འགགས་ན་འདུ་བྱེད་འགགས་པ་ནས། རྒ་ཤིའི་བར་དུ་འགགས་ཏེ། འཁོར་བའི་འཁྲུལ་འཁོར་ལྡོག་པར་འགྱུར་བའི་ཚུལ་བསམ། གཞན་ཡང་ཐུབ་པའི་སྐྱེས་རབས། སངས་རྒྱས་བྱང་སེམས་མཁས་གྲུབ་རྣམས་ཀྱི་རྣམ་ཐར་ཤེས་ན་དེ་རྣམས་བསམ། མ་ཤེས་


LT36_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ན་རང་གི་རྩ་བའི་བླ་མ་དང་སྐྱེས་ཆེན་རྣམས་དང་། མཆེད་གྲོགས་སོགས་ཀྱི་ཡོན་ཏན་མཛད་ཕྲིན་ངོ་མཚར་རྣམས་ཡིད་ལ་དྲན་ཅིང་དད་གུས་བསྒོམ་སྟེ་མདོར་ན་དགེ་བའི་རྣམ་རྟོག་སྤྲོ་བར་བྱ། གཉིད་ཁར་རང་གི་སྤྱི་བོར་མར་མེ་ཤིན་ཏུ་གསལ་བ་ཞིག་བསྒོམ་པ་ལ་རིག་པ་གཏད་པའང་གཉིད་སྲབ་པའི་གདམས་ངག་ཡིན་ནོ། །ང་རྒྱལ་དང་ཕྲག་དོག་སོགས་སྐྱེས་ན་གོང་དུ་ཚིགས་བཅད་དུ་བརྗོད་པ་ལྟར་ཉེས་པ་ཆེ་བ་དང་། ང་རྒྱལ་བྱ་རིན་མི་ཆོག་ཅིང་། ཕྲག་དོག་བྱེད་དོན་མེད་པར་བསྒོམས་ནས་སྤང་བར་བྱ་སྟེ། ཉོན་མོངས་པ་དེ་དག་བྱུང་མ་ཐག་ཏུ་པང་དུ་སྦྲུལ་བྱུང་བ་ལྟར་འཇིགས་པ་ཆེན་པོར་བལྟས་ནས་རྩད་མེད་རྨིང་མེད་དུ་སྤོང་བ་ཡིན་ནོ།། ༈ །།དབང་བསྐུར་ཐོབ་ཅིང་བསྙེན་སྒྲུབ་ལ་བརྩོན་པའི་གསང་སྔགས་མོས་པ་ལམ་བྱེད་རྣམས་ཀྱིས་ཉོན་མོངས་པ་བསྒྱུར་བར་བྱ་སྟེ། འདོད་ཆགས་སྐྱེས་པའི་ཚེ་རང་དང་འདོད་ཆགས་ཀྱི་རྟོག་པ་དབྱེར་མེད་པ་འོད་དཔག་མེད་དུ་དཀྲོང་ངེ་བསྒོམ། སྣོད་ཐམས་ཅད་བདེ་བ་ཅན། བཅུད་ཐམས་ཅད་འོད་དཔག་མེད། ཆགས་ཡུལ་ཐམས་ཅད་ཀྱང་འོད་དཔག་མེད་དུ་བསྒོམ། ལྷ་ལ་འདོད་ཆགས་བྱེད་དུ་མི་རུང་བ་དང་། འདོད་ཆགས་རང་གར་ཤོར་ན་སྔགས་ཀྱི་དམ་ཚིག་དང་འགལ་བ་དང་། འདོད་ཆགས་ཉིད་རྒྱལ་བ་འོད་དཔག་མེད་དུ་གནས་གྱུར་པས་ཉོན་མོངས་པ་ཡེ་ཤེས་ཀྱི་གྲོགས་སུ་སོང་བ་ལ་དགའ་བ་བསྐྱེད་དེ། རྣམ་རྟོག་རང་ཡན་དུ་མ་


LT36_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཤོར་བར་སྙིང་རུས་བསྐྱེད་དེ་བསྒོམ། །ཞེ་སྡང་ལ་སྣོད་མངོན་པར་དགའ་བ། བཅུད་མི་བསྐྱོད་པ། གཏི་མུག་ལ་ཞིང་སྟུག་པོ་བཀོད་པ། བཅུད་རྣམ་པར་སྣང་མཛད། ང་རྒྱལ་ལ་ཞིང་དཔལ་དང་ལྡན་པ། བཅུད་རིན་ཆེན་འབྱུང་ལྡན། ཕྲག་དོག་ལ་ཞིང་ལས་རབ་རྫོགས་པ། བཅུད་དོན་ཡོད་གྲུབ་པ། སྒོམ་ཚུལ་གཞན་འདོད་ཆགས་བསྒྱུར་སྐབས་ཀྱིས་རིགས་འགྲོའོ།། ༈ །།ཕྱག་རྫོགས་སོགས་རླུང་སེམས་ལ་སྦྱངས་པ་གཙོ་བོར་བྱེད་པ་རྣམས་ཀྱིས་ཉོན་མོངས་པའི་རང་བཞིན་ཤེས་པས་ལམ་དུ་ཁྱེར་དགོས་པ་ཡིན། དེ་ཡང་རྟོག་པ་རང་ཁ་མ་དེ་སྐྱོང་བས་ལམ་དུ་འགྲོ་བ་མིན། རྟོག་པ་དེ་ཉམས་སུ་མྱོང་ན་ཁ་ན་ཞིག་ཡོད་པ་ལ་དེར་འཛིན་གྱི་ཤེས་པ་མེད་པའི་གཞི་མེད་རང་གྲོལ་གྱི་རིག་སྟོང་རྗེན་པ་བསྐྱང་བས་ལམ་དུ་འགྲོ་བ་ཡིན། དེ་ཡང་རང་བཞིན་ཡོངས་ཤེས་ཟེར་བ་དེ་དཔེར་ན་སོག་མ་གཅིག་བཅད་ནས་བལྟས་པས་ནང་སྟོང་པར་མཐོང་བས་སོག་མ་གཞན་དུ་ཡོད་ཀྱང་དེ་དང་འདྲ་བར་ནང་སྟོང་པར་ཤེས་པ་བཞིན་དུ། ཉོན་མོངས་པའི་རྣམ་རྟོག་གཅིག་སྐྱེ་དུས་སྐྱེ་ཡུལ་གྱི་རྗེས་སུ་ཕར་མི་མངགས་པར་སྐྱེ་མཁན་གྱི་ཤེས་པ་ལ་ཁ་ནང་ལོག་ཏུ་བལྟས་པས་རྣམ་རྟོག་དེ་དངོས་མེད་རང་གྲོལ་ལ་སོང་ནས་སྟོང་པར་མཐོང་། དེ་ལྟར་ཡང་ཡང་ཉམས་སུ་མྱོང་བས་རྣམ་རྟོག་ཐམས་ཅད་ཀྱི་སྤྲོས་པ་ཆོད་ནས་སྟོང་པ་ཡིན་མིན་ལ་ཐེ་ཚོམ་མི་དགོས། སྟོང་པ་ཡིན་ཙ་ན་སྟོང་པས་ཕན་


LT36_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་གནོད་སྐྱེ་ལ་གང་ཅིའང་མེད་པས་ཉོན་མོངས་པ་སྐྱེས་མ་སྐྱེས་པ་བླང་དོར་དགའ་སྡུག་རེ་དོགས་གང་ཡང་མི་དགོས་པར་སྐྱེས་པ་དང་ངོས་ཟིན་པ་དང་གྲོལ་བ་གསུམ་པོ་དུས་མཉམ་དུ་འགྱུར་བ་ཡིན་ནོ། །ལར་རྣམ་རྟོག་དང་ཉོན་མོངས་པ་གང་ལའང་ལས་དང་པོ་པས་ཁབ་མིག་ཏུ་སྐུ་དང་སྤྲད་པ་ལྟར་བསྒྲིམས་ནས་དེའི་རྗེས་སུ་མི་འབྲང་། རྒྱུན་མི་མཐུད། དེ་གྲོལ་མ་གྲོལ་གྱི་ཞེན་འཛིན་ཀྱང་མ་ཞུགས་པར་སྐྱེ་མཁན་གྱི་ངོ་བོ་དེ་སྐྱོང་ཤེས་པར་བྱེད་དགོས། རང་གྲོལ་ཡིན་པར་རློམས་ནས་ཁ་ཡེངས་མིག་ཡེངས་ལ་བཏང་ན་རྒྱུད་ཇེ་ལོད་དུ་འགྲོ། བརྟན་པ་ཐོབ་ཙ་ན་རང་རེས་རང་གྲོལ་བཟོ་མི་དགོས། ཁོ་རང་རང་གྲོལ་དུ་འགྲོ་བ་ཡིན། རང་རེ་རྣམས་སྒོ་ལྔའི་རྣམ་ཤེས་མ་ལྡོག་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་མ་སྤངས་པའི་གནད་ཀྱིས་ཡུལ་དང་འཕྲད་ན་ཉོན་མོངས་མི་སྐྱེ་བ་མི་འོང་ཡང་། ཉོན་མོངས་པའི་རྗེས་སུ་མི་འབྲང་། དེ་ལག་ཏུ་མི་འདེབས་པ་སྐད་ཅིག་དང་པོ་ལ་ཉོན་མོངས་སྐྱེས་ཀྱང་སྐད་ཅིག་གཉིས་པ་ལ་དྲན་པས་སླེབ་ཐུབ་པར་བྱས་ནས་སྐད་ཅིག་གསུམ་པ་ལ་སྤང་བསྒྱུར་ཤེས་གསུམ་གང་རུང་གིས་ལམ་དུ་བཏང་དགོས་པ་ཡིན། རྣམ་རྟོག་གི་འཆར་སྒོ་མི་ཁེགས། བཀག་དགོས་སྐྱེ་མི་རུང་སྙམ་བདེ་བློ་ཡིན། བློའི་ཡིད་བྱེད་ཐམས་ཅད་བཅོས་མ་ཡིན། མ་བཅོས་པ་ཟེར་ཙ་ན་ཡིད་བྱེད་ཐམས་ཅད་དང་བྲལ་དགོས་པ་ཡིན། རྣམ་རྟོག་ཇི་ཙམ་ཤར་ཡང་རྒྱ་མཚོ་ལ་ཆར་བབ་པ་ལྟར་


LT36_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུ་སྟོང་སྐྱེ་མེད་དུ་གྲོལ་བས་དགག་བློ་མེད་པ། མ་ཤར་ཡང་སྤྲིན་ཐག་ཆད་པའི་ནམ་མཁའ་ལྟར་རིག་སྟོང་དང་སོ་ན་གནས་པས་བསྒྲུབ་བློ་མེད་པ། མདོར་ན་དུས་རྟག་ཏུ་རིག་པའི་རང་ངོ་ཁོན་བསྐྱང་བ་ལས་ཙབ་ཙུབ་མང་པོ་མི་དགོས། ནད་བརྒྱ་སྨན་གཅིག་ཡིན། དེ་བསྐྱང་བ་ལ་མོས་གུས་དྲན་ཤེས་གཉིས་དང་མ་བྲལ་བ་ཁོན་གལ་ཆེ། དེ་གཉིས་ཡོད་ན་བྱིན་རླབས། ཉམས་རྟོགས། སྙིང་རྗེ། དག་སྣང་ཐམས་ཅད་ཞོར་ལ་འབྱུང་བས་དུས་རྟག་ཏུ་མོས་གུས་དང་། དྲན་ཤེས་ཀྱིས་མ་ཡེངས་པར་བསྐྱང་བ་ལ་འབད་པར་ཞུ། ཁྱད་པར་བླ་མེད་རྒྱུད་སྡེ་ལས། །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་ཉིད་ཀྱིས་ནི་འགུགས་པ་དང་། །མེས་ཚིག་རྨ་ལ་མེས་གདུང་ལྟར། །ཉོན་མོངས་ཉིད་ཀྱིས་ཉོན་མོངས་པ། །སྦྱོང་བྱེད་བཟློག་པའི་བསྒོམ་པར་གསུངས། །སྐྱེས་བུ་འདོད་ཆགས་ཅན་དག་གིས། །རང་ལུས་ཐབས་ལྡན་གདམས་པ་དང་། །གཞན་ལུས་ཕོ་ཉའི་ཟབ་ལམ་སྦྱངས། །ཞེ་སྡང་ཅན་རྣམས་དྲག་སྔགས་ཀྱིས། །ཞིང་བཅུ་ཚང་བའི་བསྟན་དགྲ་བསྒྲལ། །གཉིད་ནི་སྤང་བར་མི་བྱ་ཞིང་། །སྲབ་མཐུག་འོད་གསལ་སྦུབས་སུ་བསྟིམ། །ཐ་མལ་ཞེན་རྟོག་སྤངས་ནས་སུ། །སྒོ་གསུམ་ལྷ་ཡི་ང་རྒྱལ་གཟུང་། །སྲས་བཅས་རྒྱལ་བའི་རྣམ་ཐར་ཀུན། །རང་ཉིད་གཅིག་པུས་བསྒྲུབ་སྨོན་ཏེ། །ཕྲག་དོག་ལམ་དུ་ཁྱེར་བར་བྱ། །ཀུན་ལ་རང་བཞིན་ཡོངས་ཤེས་དང་། །སེམས་བསྐྱེད་རྣམ་


LT36_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

དག་མེད་ཐབས་མེད། །ཕལ་ཆེར་རྣལ་འབྱོར་མཆོག་གི་ལམ། །ཐ་མལ་འཇུག་པའི་ཡུལ་མིན་ཀྱང་། །ཐོས་དང་མོས་པ་ཙམ་གྱིས་ཀྱང་། །ཟབ་མོའི་སྣོད་དུ་རུང་བ་ཡི། །བསོད་ནམས་ཆེན་པོ་གསག་འགྱུར་བས། །ཐབས་ཤེས་གནད་ཀྱིས་ཉོན་མོངས་པ། །མི་སྤངས་ལམ་དུ་ཁྱེར་ནུས་པའི། །སྨོན་ལམ་ཁ་ཙམ་མིན་པར་བྱ། །སྣོད་དང་འཚམས་ན་གདམས་ཟབ་ཀྱི། །རིམ་པ་བླ་མའི་ཞལ་ལས་ལོངས། །ད་ནི་ཁྱད་པར་དུ་སྤང་བསྒྱུར་ཤེས་གསུམ་གྱི་ལམ་དེ་དག་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཁྲིད་རིམ་དང་བསྟུན་ཏེ་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་དཔལ་ལྡན་ཕག་མོ་གྲུ་པ་ཡབ་སྲས་ཀྱི་བཀའ་སྲོལ་རྒྱལ་བ་ཡང་དགོན་པས་རྩལ་དུ་བཏོན་པ་ནི། ཐོག་མར་འདོད་ཆགས་ཀྱི་རྟོག་པ་སྐྱེས་ན་དེ་མ་ཐག་ཏུ་འབུར་འཇོམས་མི་བྱ་བར་དྲན་པས་ཟིན་བཞིན་པའི་ངང་། འདོད་ཆགས་དེ་རྩལ་རྫོགས་སུ་བཅུག །དེ་ནས། བདག་གིས་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འདོད་ཆགས་ཀྱི་རྟོག་པ་རང་རྒྱུད་པ་སྐད་ཅིག་ཀྱང་བྱེད་རེ་ཤི་སྙམ་པའི་སྤོང་སེམས་བརྟན་པོ་བྱ། ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་རྣམས་ཀྱི་རྒྱུད་ལ་ཡོད་པའི་རྒྱུ་ཉོན་མོངས་པ་འདོད་ཆགས། འབྲས་བུ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཇི་སྙེད་ཡོད་པ་རྣམས་དང་། ཁྱད་པར་རང་གིས་ཐོག་མེད་ནས་བསགས་པའི་འདོད་ཆགས་ཀྱི་ལས་འབྲས། ལམ་ཞུགས་དགེ་


LT36_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གྲོགས་པོ་རྣམས་ཀྱི་ཐུགས་རྒྱུད་ལ་བར་དུ་གཅོད་པའི་འདོད་ཆགས་གང་ཡོད། འདོད་ཆགས་དེས་བར་དུ་བཅད་ནས་སྲུང་སྡོམ་ཉམས་པ་སོགས་ཀྱིས་ངན་སོང་དུ་སྐྱེ་བའི་ལས་འབྲས་ཇི་སྙེད་གང་ཡོད་ཐམས་ཅད་རང་གི་རྟོག་པ་དེ་ལ་འུབ་ཀྱིས་བསྡུས་པས། འགྲོ་བ་ཐམས་ཅད་འདོད་ཆགས་མེད་པའི་དགེ་རྩ་དང་ལྡན་པར་མོས། ད་རེས་བདག་རྒྱུད་ལ་སྐྱེས་པའི་འདོད་ཆགས་ཀྱི་རྟོག་པ་འདི་ལ་བརྟེན་ནས་འགྲོ་བ་གཅིག་ཀྱང་མ་ལུས་པ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ལ་འགོད་པར་བྱའོ། །དེའི་ཕྱིར་རིམ་པ་གཉིས་ཀྱི་ལམ་བསྒོམ་པར་བྱའོ་སྙམ་དུ་སེམས་བསྐྱེད། སྐད་ཅིག་རང་ཉིད་ཡི་དམ་གྱི་ལྷ་ཡབ་ཡུམ་ཞལ་སྦྱོར་གསར་མ་ཡིན་ན་བདེ་དགྱེས་དང་། རྙིང་མ་ཡིན་ན་བཀའ་དགོངས་ལྟ་བུ་གང་རུང་བསྒོམ། བསྐྱེད་རིམ་ཤིན་ཏུ་གསལ་བ་དང་། གདན་དང་རྒྱན་སོགས་རྫོགས་པར་བསྒོམ་པ་གནད་ཆེ། གསལ་ཐེབས་ནས་ཡབ་ལ་རིག་པ་ཧྲིལ་གྱིས་གཏད། ཡུམ་ལ་ཧ་ཅང་སེམས་གཏད་པར་མི་བྱ། རང་ཉིད་ལྷར་གསལ་བའི་ཐུགས་ཀར་པད་ཟླའི་སྟེང་འོད་ཕུང་གི་དབུས་སུ་རང་གི་རྩ་བའི་བླ་མ་ཞལ་འཛུམ་བག་དང་བཅས། བག་གྲོ་འུར་རེ་བཞུགས་པར་བསམས་མོས་གུས་སྙིང་ཐག་པ་ནས་བསྐྱེད་དེ། བླ་མ་རིན་པོ་ཆེ་བདག་གཞན་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་འདོད་ཆགས་ཀྱི་རྟོག་པ་ཐམས་ཅད་སོ་སོར་རྟོག་པའི་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། ཕྱིན་ཆད་


LT36_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་ཀྱི་རྒྱུ་འབྲས་རྩད་ནས་ཆོད་དེ་སེམས་ཅན་གཅིག་གི་རྒྱུད་ལའང་འདོད་ཆགས་ཀྱི་རྟོག་པ་རང་ག་མ་མི་སྐྱེ་བར་མཛད་དུ་གསོལ། ཁྱད་པར་བདག་རྒྱུད་ལ་སྐྱེས་པའི་འདོད་ཆགས་ལམ་དུ་ལོངས་ནས་བདེ་སྟོང་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་གསོལ་འདེབས་དར་དྲག་ལ་སྣང་བ་འགྱུར་ངེས་བྱ། དེ་ནས་བླ་མ་དང་ལྷ་དང་ཉོན་མོངས་པའི་རྟོག་པ་ཤེས་མཁན་གྱི་རང་ངོ་ལ་ཆེ་རེ་བལྟས་པས་སྟོང་ཁྱམས་ཀྱིས་སོང་བ་སྙམ་བྱེད་ན། སྟོང་འཛིན་དེ་ལ་རྩིས་སུ་མི་བྱེད་པར་སྟོང་ངོ་སྙམ་མཁན་གྱི་ཤེས་པ་གསལ་རིག་གི་རིག་པ་དེའི་རང་ངོ་ལ་བལྟ། རང་ངོ་ལ་བལྟ་ཟེར་ཡང་བལྟ་བྱ་ལྟ་བྱེད་གཉིས་སུ་ཡོད་པ་མིན། དཔེར་ན་རང་གི་གདོང་པ་རང་གིས་མི་མཐོང་བ་དང་མཚུངས། བལྟ་བྱ་ལྟ་བྱེད་གཉིས་སུ་མི་ཕྱེད་ལ་གཉིས་སུ་མེད་དོ་སྙམ་པའི་ཤེས་པའང་མེད་པར་བློ་དང་བྲལ་བའི་རིག་སྟོང་རྗེན་པ་འཆར་བདེ་བསྐྱང་། རྟོག་པ་འོག་འགྱུ་བྱུང་ན་དེའི་དབང་དུ་མི་བཏང་བར། མོས་གུས་དང་དྲན་ཤེས་སྦྲེལ་ཏེ་བསྒྲིམས་ནས་བསྐྱང་། ཡུན་རིང་ཐུང་ཐོག་མར་ཉོན་མོངས་སྐྱེས་ནས་ལམ་དུ་ཁྱེར་བའི་མགོ་ཚུགས་པའི་བར་ཙམ་ལས་ཐུང་ཐབས་མེད། རིང་ན་ལེགས་ཀྱང་བར་རྣམས་སུ་རྣམ་རྟོག་སྣ་ཚོགས་སྐྱེས་ན་ཕྱིས་ཀྱི་རྟེན་འབྲེལ་མང་པོ་ལ་གནོད་པས་ཉ་ལེ་ཉོ་ལེ་མི་བྱ་བར་རིག་པ་བསྒྲིམས་ནས་དར་དྲག་ལ་ཡུན་རིང་ཐུང་གློ་ཚོད་དང་དཔག་བར་བྱའོ། །མཐར། དགེ་བ་འདི་དང་བདག་གཞན་གྱི། །


LT36_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་དགེ་རྩ་ཅི་བསགས་མཐུས། །འགྲོ་བ་ཀུན་གྱི་ཉོན་མོངས་ཞི། །སྐུ་ལྔ་ཡེ་ཤེས་མངོན་གྱུར་ཤོག །ཁྱད་པར་འདོད་ཆགས་མ་སྤང་དག །སོར་རྟོག་ཡེ་ཤེས་ཉིད་གྱུར་ཅིག །བདག་འཚང་རྒྱ་བའི་ཞིང་ཁམས་སུ། །ཉོན་མོངས་སྡུག་བསྔལ་སྒྲ་མི་གྲགས། །ཡེ་ཤེས་བདེ་བའི་དཔལ་འབྱོར་གྱིས། །མཁའ་མཉམ་འགྲོ་ཀུན་ཉེར་འཚོར་ཤོག །བདག་ཉིད་མཐོང་ཐོས་དྲན་རེག་ཀུན། །ཉོན་མོངས་སངས་ཞིང་ཡེ་ཤེས་རྒྱས། །བདེ་ཆེན་དག་པའི་ཞིང་ཁམས་སུ། །བརྫུས་སྐྱེས་དོན་གཉིས་ལྷུན་གྲུབ་ཤོག །ཅེས་སོགས་བསྔོ་སྨོན་བྱའོ། །འདིས་སྐྱོན་མང་པོ་དག །ཡོན་ཏན་མང་པོ་འཕེལ། རྟེན་འབྲེལ་མང་པོ་འགྲིགས་པའི་གནད་མཆོག་ཏུ་ཟབ་པའོ། །དེས་ཞེ་སྡང་སོགས་དུག་ལྔ་ཀར་འགྲེ་སྟེ། ཞེ་སྡང་ལ་ལྷ་སྤྱན་རས་གཟིགས་དང་མི་བསྐྱོད་པ་ལྟ་བུ་ཞི་བ་ཁོ་ན་བསྒོམ། ཞེ་སྡང་གི་རྟོག་པ་མེ་ལོང་ཡེ་ཤེས་གསལ་སྟོང་ཕྱག་རྒྱ་ཆེན་པོ་སོགས་བསྒྱུར་ཤེས་པར་བྱ། གཏི་མུག་ལ་འཇམ་དབྱངས་དང་རྣམ་པར་སྣང་མཛད་ལྟ་བུ་བསྒོམ། ཆོས་དབྱིངས་ཡེ་ཤེས། རིག་སྟོང་ཕྱག་རྒྱ་སོགས་བསྒྱུར། ང་རྒྱལ་ལ་རྡོ་རྗེ་གཞོན་ནུ་དང་རིན་ཆེན་འབྱུང་ལྡན་ལྟ་བུ་བསྒོམ། མཉམ་ཉིད་ཡེ་ཤེས། དྲན་སྟོང་ཕྱག་རྒྱ་སོགས་བསྒྱུར། ཕྲག་དོག་ནི་གཤིན་རྗེའི་གཤེད་དང་དོན་ཡོད་གྲུབ་པ་ལྟ་བུ་བསྒོམ། བྱ་གྲུབ་ཡེ་ཤེས་དང་ཚོར་སྟོང་ཕྱག་རྒྱ་ཆེན་པོ་སོགས་བསྒྱུར། དེའང་


LT36_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་རང་བཞིན་སྐྱེས་ན་སྐྱེས་པ་དེ་རྩལ་རྫོགས་ནས་ལམ་དུ་ཁྱེར་བ་ཡིན། ཉོན་མོངས་པ་ཧ་ཅང་མི་རགས་ཀྱང་རྟོག་པ་ཕྲ་མོ་རྒྱུན་ཆད་མེད་བས་ཏིང་འཛིན་ལ་གེགས་བྱེད་ན་བག་ལ་ཉལ་བ་ཡིན་པས། རྟོག་པ་ཆེད་དུ་བསྐྱེད་ནས་ཉོན་མོངས་མངོན་གྱུར་དུ་ལྡངས་ཚེ་ལམ་དུ་ཁྱེར་བས་རྩད་ཆོད་པར་འགྱུར། ཁྱད་པར་བསྐྱེད་རྫོགས་ལ་བློ་ཕྱོགས་ནས་རིག་པ་དྭངས་ཤིང་གསལ་བའི་ཚེ་བཟང་ངན་གྱི་རྟོག་པ་གང་སྐྱེས་པ་དེ་ཉིད་ནུས་པ་ཤིན་ཏུ་ཆེ་བ་ཡིན་པས་བཏང་སྙོམས་སུ་མི་བཞག་པར་སོ་སོའི་ངོ་བོ་ལ་བལྟ་བ་སོགས་ཀྱིས་འཕྲལ་མར་ལམ་དུ་ཁྱེར་བ་གལ་ཆེའོ། །ཆོས་རྣམས་ཉོན་མོངས་འདུལ་ཐབས་ཁོ་ནར་གསུངས། དེང་སང་ཉོན་མོངས་འདུལ་བའི་ཆོས་པ་དཀོན། ཁ་ཅིག་མི་སྤང་ལམ་དུ་ཁྱེར་རོ་ལོ། །ཕྱི་སྙན་ནང་སྟོང་རྔ་སྒོག་དག་དང་མཚུངས། །ཆོས་བཞིན་བྱས་ན་ཁྱི་བཞིན་ཉམ་ཆུང་ཡང་། །སངས་རྒྱས་བསྟན་པ་འཛིན་པའི་དགེ་སྦྱོང་ཡིན། །ཆོས་གཟུགས་འབྱོར་ལྡན་ཉོན་མོངས་ནང་རྫོང་ཅན། །བསྟན་པ་འཇིག་པའི་ཐོ་ཆེན་དེ་མིན་སུ། །བདག་རྒྱུད་ཉོན་མོངས་མེས་བསྲེགས་ཀྱང་། །སྙིང་ནས་གཞན་ལ་ཕན་པའི་བློས། །ཆོས་དང་མཐུན་པར་བྲིས་པའི་དགེས། །འབྲེལ་ཚད་འགྲོ་ཀུན་རང་གྲོལ་ཤོག །ཅེས་པའང་ཆོས་མཛད་མོས་ལྡན་འགའི་དགེ་སྦྱོར་གསལ་འདེབས་སུ་ཡོན་ཏན་རྒྱ་མཚོས་དབན་པའི་རི་ངོགས་སུ་འཕྱི་སྒོམ་གྱི་བརྟུལ་ཞུགས་འཛིན་པའི་སྐབས་


LT36_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྲིས་པ་འགྲོ་བ་མང་པོར་ཕན་ཐོགས་བར་ཤོག་ཅིག །དགེ་ལེགས་འཕེལ། ༈ །ཡེ་ཤེས་ཀློང་ནས་བྱིན་རླབས་འབེབས་པ། །རྡོ་རྗེའི་བླ་མ་པདྨཱ་ཀ་ར། །དབྱེར་མེད་སངས་རྒྱས་པདྨ་ཉིན་བྱེད། །སྙིང་དབུས་དྭངས་མའི་ཐིག་ལེར་མཆོད་དོ། །དད་པ་དམ་ཚིག་ལྡན་པའི་རྣལ་འབྱོར། །ཟང་པོའི་ལམ་ལ་བརྩོན་འགྲུས་མཛད་པ། །སྐལ་བཟང་ཁྱེད་ལ་གདམས་པའི་མདོ་འགག །གང་ཤར་ལྷུག་པར་སྨྲ་འདིར་གསོན་ཅིག །ཀྱེ་ལགས། མིའི་ལུས་འདི་ཤིན་ཏུ་རྙེད་པར་དཀའ་སྟེ་དབུལ་པོས་ཡིད་བཞིན་གྱི་ནོར་བུ་རྙེད་བ་ལྟ་བུའོ། །མི་ལུས་རིན་པོ་ཆེ་འདི་ལ་མ་བརྟེན་པར་ཐར་པ་སྒྲུབ་པའི་ཐབས་མ་མཆིས་སོ། །དལ་འབྱོར་ཆུད་མ་གསན་ཅིག །གཞན་དག་ལ་ཡང་དེ་ལྟར་དུ་གདམས་ཤིག །ཞལ་གདམས་དང་པོའོ། །ལྟོ་རྒྱབ་ཙམ་གྱི་ཆེད་དུ་སྡིག་པ་ལ་ཚོམ་ཚོམ་མེད་པར་འཇུག་པ་ནི་དལ་འབྱོར་ཆུད་གསན་པའོ། །མི་དགེ་བ་ཤ་སྟག་ལ་དུས་རྟག་ཏུ་སྤྱོད་པ་ནི་དལ་འབྱོར་ཆུད་གསན་པའོ། །ཚེ་འདིའི་ཆེ་ཐབས་བསྒྲུབ་པ་ནི་དལ་འབྱོར་ཆུད་གསན་པའོ། །ཕྱི་མ་སྐད་ཅིག་ཀྱང་མི་དྲན་པ་ནི་དལ་འབྱོར་ཆུད་གསན་པའོ། །ཆོས་སྒོར་ཞུགས་ཀྱང་ཆོས་བཞིན་མི་བྱེད་པ་ནི་དལ་འབྱོར་ཆུད་གསན་པའོ། །སྡོམ་པ་དམ་ཚིག་རས་སུ་བོར་བ་ནི་དལ་འབྱོར་ཆུད་གསན་པའོ། །ཆོས་བརྒྱད་ལ་ནང་རྫོང་བྱེད་པ་ནི་དལ་འབྱོར་ཆུད་གསན་པའོ། །སྙན་གྲགས་དང་སྟོབས་འབྱོར་བསྒྲུབ་པ་ནི་དལ་འབྱོར་ཆུད་གསན་པའོ། །ཡུལ་ཁམས་


LT36_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དང་དུས་ཚོད་འདི་ལྟ་བུ་ལ་དལ་འབྱོར་ཆུད་གསན་པ་ནི་ཆེས་མང་ངོ་། །དལ་འབྱོར་དོན་ཡོད་དུ་བྱེད་པ་ནི་ཉུང་ངོ་། །མདོར་ན་དམ་པའི་ཆོས་མི་བསྒྲུབ་ན་བསམ་སྦྱོར་ཐམས་ཅད་དལ་འབྱོར་ཆུད་གསན་པའི་རྒྱུ་ལས་མ་འདས། དམ་པའི་ཆོས་མ་བསྒྲུབ་ན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་བཟོད་དཀའ་བ་ལས་ཐར་པའི་ཐབས་མ་མཆིས་སོ། །དམ་པའི་ཆོས་ནི་འཕྲལ་ཡུན་ཐམས་ཅད་དུ་བདེ་ལེགས་མ་ལུས་པ་འབྱུང་བའི་གནས་ཏེ་ལོ་ཏོག་ལེགས་པ་དང་འདྲའོ། །དམ་པའི་ཆོས་བསྒྲུབ་པ་ལ་ནན་ཏན་དུ་མཛོད་ཅིག །གཞན་དག་ལའང་དེ་ལྟར་དུ་གདམས་ཤིག །ཞལ་གདམས་གཉིས་པའོ། །རང་ཉིད་ཆེ་འདོད་ཀྱིས་དགེ་སྦྱོར་བྱེད་པ་ནི་དམ་པའི་ཆོས་མ་ཡིན་ནོ། །གཞན་ལ་འགྲན་འདོད་ཀྱིས་ཚོགས་གསོག་བྱེད་པ་ནི་དམ་པའི་ཆོས་མ་ཡིན་ནོ། །སེམས་ཅན་ལ་གནོད་པའི་རྟེན་བཞེངས་དང་གནས་བསྐོར་ལ་སོགས་པའང་དམ་པའི་ཆོས་མ་ཡིན་ནོ། །ངས་བྱས་ཅན་གྱི་མཆོད་སྦྱིན་བྱེད་པའང་དམ་པའི་ཆོས་མ་ཡིན་ནོ། །རློམ་སེམས་ཅན་གྱི་ཚུལ་ཁྲིམས་སྲུང་བའང་དམ་པའི་ཆོས་མ་ཡིན་ནོ། །ང་རྒྱལ་ཅན་གྱི་ཐོས་བསམ་བྱེད་པའང་དམ་པའི་ཆོས་མ་ཡིན་ནོ། །མཆོག་འཛིན་ཅན་གྱི་སྟོང་ཉིད་བསྒོམ་པའང་དམ་པའི་ཆོས་མ་ཡིན་ནོ། །ཕྱོགས་རིས་ཅན་གྱི་སྙིང་རྗེ་བྱེད་པའང་དམ་པའི་ཆོས་མ་ཡིན་ནོ། །བླུན་ཞེན་ཨུ་ཚུགས་སྙིང་ལ་ཞེན་པའང་དམ་པའི་ཆོས་མ་ཡིན་ནོ། །རང་རྒྱུད་མ་སྨིན་གཞན་དོན་བྱེད་པའང་དམ་པའི་ཆོས་མ་ཡིན་ནོ། །


LT36_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་བསྒོམས་བསྒྲུབས་བསྒྲུབས་བྱས་བྱས་མང་པོའང་དམ་པའི་ཆོས་མ་ཡིན་ནོ། །མདོར་ན་ཆོས་པར་ཁས་འཆེ་བ་གྲོག་མའི་ཚང་ལྟར་བརྡོལ་ཡང་ཆོས་དང་རང་རྒྱུད་འདྲེས་པ་ཉིན་མོའི་སྐར་མ་བཞིན་དུ་དཀོན་པ་ལ་ལྟོས། རང་རྒྱུད་ཆོས་དང་འདྲེས་ན་ཆོས་ལམ་དུ་སོང་བ་བྱ་བ་ཐར་ལམ་གྱི་རྨངས། སངས་རྒྱས་ཀྱི་ལམ། གྲུབ་པ་རྣམས་ཀྱི་གཤེགས་ཤུལ་ཡིན་ནོ། །རང་རྒྱུད་ཆོས་དང་འདྲེས་པར་མཛོད་ཅིག །གཞན་དག་ལའང་དེ་ལྟར་དུ་གདམས་ཤིག །ཞལ་གདམས་གསུམ་པའོ། །ལྟོ་གོས་རྙེད་བཀུར་སྙན་གྲགས་ལ་ལྟོས་པ་མེད་ན་རང་རྒྱུད་ཆོས་དང་འདྲེས་པ་ཡིན་ནོ། །ཚེ་འདིའི་བྱ་བ་གཏད་མེད་ལིངས་ཀྱིས་འབོར་ནུས་ན་རང་རྒྱུད་ཆོས་དང་འདྲེས་པ་ཡིན་ནོ། །ཚུལ་འཆོས་དང་མཛེས་ཁྲིགས་ཀྱི་རྩིས་གདབ་མེད་ན་རང་རྒྱུད་ཆོས་དང་འདྲེས་པ་ཡིན་ནོ། །རང་ཆེ་ང་རྒྱལ་སྤངས་ནས་དམན་པའི་ས་ཟིན་ན་རང་རྒྱུད་ཆོས་དང་འདྲེས་པ་ཡིན་ནོ། །ལས་རྒྱུ་འབྲས་མིག་གི་འབྲས་བུ་ལྟར་མཐོང་ན་རང་རྒྱུད་ཆོས་དང་འདྲེས་པ་ཡིན་ནོ། །གྲུབ་མཐའ་ལ་ཕྱོགས་རིས་མི་འབྱུང་ན་རང་རྒྱུད་ཆོས་དང་འདྲེས་པ་ཡིན་ནོ། །དག་སྣང་རིས་མེད་དུ་འབྱོངས་ན་རང་རྒྱུད་ཆོས་དང་འདྲེས་པ་ཡིན་ནོ། །ཆོས་ལ་ཚོད་ཡོད་མི་བྱེད་ན་རང་རྒྱུད་ཆོས་དང་འདྲེས་པ་ཡིན་ནོ། །གང་ཟག་གི་རྒྱུད་ཚོད་མི་བཟུང་ན་རང་རྒྱུད་ཆོས་དང་འདྲེས་པ་ཡིན་ནོ། །ཆེན་པོ་ལ་མཐོ་སྡང་མི་བྱེད་ན་རང་རྒྱུད་ཆོས་དང་འདྲེས་པ་ཡིན་ནོ། །ཉམ་ཆུང་ཁྱད་དུ་མི་གསོད་ན་རང་རྒྱུད་ཆོས་དང་འདྲེས་པ་ཡིན་ནོ། །


LT36_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་སྐྱོན་མི་རྟོག་རང་སྐྱོན་རྟོག་ན་རང་རྒྱུད་ཆོས་དང་འདྲེས་པ་ཡིན་ནོ། །བདུད་ཀྱི་ཕྱི་གཏོར་མི་འགམ་ན་རང་རྒྱུད་ཆོས་དང་འདྲེས་པ་ཡིན་ནོ། །རང་ཕྱོགས་ཀྱི་མགོ་འདོན་མི་བྱེད་ན་རང་རྒྱུད་ཆོས་དང་འདྲེས་པ་ཡིན་ནོ། །གཞན་ཕྱོགས་ཀྱིས་བརྙས་དོགས་མི་འབྱུང་ན་རང་རྒྱུད་ཆོས་དང་འདྲེས་པ་ཡིན་ནོ། །ཟབ་མོའི་དོན་ལ་ཐེ་ཚོམ་བྲལ་ན་རང་རྒྱུད་ཆོས་དང་འདྲེས་པ་ཡིན་ནོ། །ལམ་རྟགས་ལ་རློམ་སེམས་མི་བྱེད་ན་རང་རྒྱུད་ཆོས་དང་འདྲེས་པ་ཡིན་ནོ། །འབྲས་བུ་ལ་རེ་བ་མི་བྱེད་ན་རང་རྒྱུད་ཆོས་དང་འདྲེས་པ་ཡིན་ནོ། །ལམ་ལས་ཕྱིར་ལྡོག་མི་བྱེད་ན་རང་རྒྱུད་ཆོས་དང་འདྲེས་པ་ཡིན་ནོ། །བློ་སྣ་རི་ལྟར་དུ་བརྟན་ན་རང་རྒྱུད་ཆོས་དང་འདྲེས་པ་ཡིན་ནོ། །མང་དུ་སྨོས་པས་ཅི་བྱ་ཆོས་པའི་གཟུགས་བརྙན་དང་སེང་གེའི་གསོབ་གཉིས་ལ་དགོས་དུས་སུ་འབྲས་བུས་སྟོང་པ་ཡིན་ཀྱང་། དེང་སང་སེང་གེའི་གསོ་བ་གྱོན་པ་མང་བས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་སྒྲུབ་བརྒྱུད་སྙིང་པོའི་བསྟན་པ་ཉི་མ་ནུབ་ཁའི་ཟེར་ཐག་ལྟ་བུ་འདིའང་མི་སྣང་བའི་ཐབས་ཁོ་ན་ལ་བརྩོན་པར་སྣང་གི། གསོབ་མགྱོན་ཅིག །དེ་ལས་ཐ་མལ་པ་རང་དགའོ། །ཐ་མལ་པ་དཀོན་མཆོག་ལ་བརྟེན་པའི་སྡིག་པ་ཆེར་བསགས་བ་མ་ཡིན་ནོ། །ཆོས་ལམ་དུ་མི་འགྲོ་བའི་རྒྱུ་དེ་ཚེ་འདི་བློས་མ་ཐོང་བ་ལས་འབྱུང་། ཚེ་བློས་མི་ཐོང་བ་དེ་རྒྱུ་བདག་འཛིན་བག་ཆགས་ངན་པ་དང་། རྐྱེན་འཆི་བ་མ་དྲན་པ་ལས་བྱུང་བས་མི་རྟག་པའི་འདུ་ཤེས་ཀྱིས་སྙིང་ལ་


LT36_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

གཟེར་ཐོབ་ཅིག །གཞན་དག་ལའང་དེ་ལྟར་དུ་གདམས་ཤིག །ཞལ་གདམས་བཞི་པའོ། །ཆོས་ལ་བརྩོན་འགྲུས་རྩོམ་པ་ཡང་འཆི་བ་དྲན་པ་ལས་འབྱུང་ངོ་། །ཚེ་འདིའི་ཆེ་ཐབས་མི་བསྒྲུབ་པའང་འཆི་བ་དྲན་པ་ལས་འབྱུང་ངོ་། །རྒྱུ་འབྲས་འཇོལ་ཉོག་ཏུ་མི་སྤྱོད་པའང་འཆི་བ་དྲན་པ་ལས་འབྱུང་ངོ་། །ཆོས་ལས་ཕྱིར་ལྡོག་མི་འབྱུང་བ་ཡང་འཆི་བ་དྲན་པ་ལས་འབྱུང་ངོ་། །འཁོར་བའི་བཙོན་ར་ལས་ཐར་བ་ཡང་འཆི་བ་དྲན་པ་ལས་འབྱུང་ངོ་། །ཆོས་བརྒྱད་ཀྱི་ཁོང་མ་ཚང་བྲུད་པ་ཡང་འཆི་བ་དྲན་པ་ལས་འབྱུང་ངོ་། །ཆགས་སྡང་གི་སྒྲོག་ལས་གྲོལ་བ་ཡང་འཆི་བ་དྲན་པ་ལས་འབྱུང་ངོ་། །བདུད་ཀྱི་སྤྱོད་པ་སྤང་བ་ཡང་འཆི་བ་དྲན་པ་ལས་འབྱུང་ངོ་། །གྲོགས་ངན་གྱི་སྤྱོད་པ་མི་འགོ་བ་ཡང་འཆི་བ་དྲན་པ་ལས་འབྱུང་ངོ་། །མིག་ལྟོས་ངན་པའི་རྗེས་སུ་མི་འབྲེང་བ་ཡང་འཆི་བ་དྲན་པ་ལས་འབྱུང་ངོ། །བྱས་པ་དོན་མེད་དུ་མི་འགྱུར་བ་ཡང་འཆི་བ་དྲན་པ་ལས་འབྱུང་ངོ་། །རང་མགོ་རང་གིས་མི་བསྐོར་བ་ཡང་འཆི་བ་དྲན་པ་ལས་འབྱུང་ངོ་། །རང་སྐྱོན་རང་གིས་མཐོང་བ་ཡང་འཆི་བ་དྲན་པ་ལས་འབྱུང་ངོ། །སྨྱོན་པས་རང་ངོ་ཟིན་པ་ཡང་འཆི་བ་དྲན་པ་ལས་འབྱུང་ངོ་། །གཏན་གྱི་འདུན་མ་འགྲུབ་པ་ཡང་འཆི་བ་དྲན་པ་ལས་འབྱུང་ངོ་། །འཆི་བ་དྲན་པའི་རྗེས་སུ་ཆོས་ལ་རྡོ་རུས་གཏུགས་ཤིག །གཞན་དུ་ཡི་མུག་གི་སེམས་ཁྲལ་ཙམ་དུ་འགྱུར་རོ། །ཆོས་ཐམས་ཅད་ཀྱི་རྩ་བ། སངས་རྒྱས་ཀྱི་ས་བོན། རྒྱལ་


LT36_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྲས་བཅས་ཀྱི་ཐུགས་དམ་ནི་ཀུན་རྫོབ་དང་དོན་དམ་གྱི་བྱང་ཆུབ་སེམས་རིན་པོ་ཆེ་རྣས་པ་གཉིས་ཡིན་ལ། དོན་དམ་ཡང་ཀུན་རྫོབ་ལ་བརྟེན་ནས་སྐྱེ་བས་བྱམས་པ་དང་སྙིང་རྗེའི་སེམས་དང་རྟག་ཏུ་མི་འབྲལ་བར་མཛོད་ཅིག །གཞན་ལའང་དེ་ལྟར་དུ་གདམས་ཤིག །ཞལ་གདམས་ལྔ་པའོ། །ཅི་བྱེད་རང་དོན་གྱི་འཁྲིས་མེད་ན་བྱང་ཆུབ་ཀྱི་སེམས་འབྱོངས་པའོ། །དགྲ་དང་གཉིན་བཤེས་ངོ་མཉམ་ན་བྱང་ཆུབ་ཀྱི་སེམས་འབྱོངས་པའོ། །མཐོ་རིས་ཀྱི་བདེ་བ་ལ་མི་ཆགས་ན་བྱང་ཆུབ་ཀྱི་སེམས་འབྱོངས་པའོ། །ངན་སོང་གི་སྡུག་བསྔལ་ལ་མི་འཚེར་ན་བྱང་ཆུབ་ཀྱི་སེམས་འབྱོངས་པའོ། །འཁོར་བ་དང་དུ་ལེན་ནུས་ན་བྱང་ཆུབ་ཀྱི་སེམས་འབྱོངས་པའོ། །མྱང་འདས་ཆེད་དུ་མི་གཉེར་ན་བྱང་ཆུབ་ཀྱི་སེམས་འབྱོངས་པའོ། །མི་འདོད་པ་སྤང་བྱ་མེད་ན་བྱང་ཆུབ་ཀྱི་སེམས་འབྱོངས་པའོ། །རང་འདོད་ཀྱི་དོན་འབྲས་བསྒྲུབ་བྱ་མེད་ན་བྱང་ཆུབ་ཀྱི་སེམས་འབྱོངས་པའོ། །རང་གི་བདེ་བ་གཞན་ལ་སྦྱིན་ནུས་ན་བྱང་ཆུབ་ཀྱི་སེམས་འབྱོངས་པའོ། །གཞན་གྱི་སྡུག་བསྔལ་རང་གིས་ལེན་ནུས་ན་བྱང་ཆུབ་ཀྱི་སེམས་འབྱོངས་པའོ། །ཐང་ལྷོད་དང་ཕྱོགས་རིས་མེད་ན་བྱང་ཆུབ་ཀྱི་སེམས་འབྱོངས་པའོ། །འགྲོ་ཀུན་ཕ་མར་ཤེས་ན་བྱང་ཆུབ་ཀྱི་སེམས་འབྱོངས་པའོ། །ངས་བྱས་ཀྱི་ཁོང་ཡུས་དང་བྲལ་ན་བྱང་ཆུབ་ཀྱི་སེམས་འབྱོངས་པའོ། །འདི་དང་གཏན་གྱི་བདེ་སྐྱིད་ཇི་སྙེད་མཆིས་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཁོ་


LT36_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལས་བྱུང་པས། བྱང་ཆུབ་སེམས་ཀྱི་ཡོན་ཏན་ནི་ཚད་མེད་དཔག་ཏུ་མ་མཆིས། འཚང་རྒྱ་བའི་ལམ་མི་ཚོལ་ན་དེར་ཟད། ཚོལ་ནས་སངས་རྒྱས་ཀྱི་འབྲས་བུ་འདོད་ཕྱིན་ཆད་ལོ་ཏོག་འདོད་པ་ལ་ས་བོན་དང་ཆུ་ལུད་ལྟ་བུ་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཡིན་པས་འདི་དང་མ་བྲལ་བར་འཆི་ཁར་དབུགས་ལ་སླེབ་པར་གྱིས་ཤིག །རྒྱུད་ཐོག་ཏུ་མི་ཁེལ་བའི་ཟབ་ཟབ་མང་པོས་བསླུའོ། །ཞོན་རྟ་བརླིང་བ་གཅིག་གིས་ཆུ་རབ་ཆོད་པ་ཡིན་ནོ། །ཉམས་ལེན་གུ་ཡངས་པ་གཅིག་གིས་སངས་རྒྱས་ཀྱི་སར་སྐྱེལ་བ་ཡིན་ནོ། །བདག་འཛིན་རྩ་བ་མ་ཆོད་པའི་སྙིང་རྗེ་ཁོན་ཡང་ཕྱོགས་གཅིག་པའི་གོལ་ས་ཡིན་གྱི། བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེ་བར་མཛད་འཚལ། དེ་ལ་དཔྱད་སྦོམ་པའི་ལུགས་དེ་ཁ་འབྱོངས་པས། བྱིན་རླབས་ཀྱི་རིག་པ་དང་འཇོག་སྒོམ་གྱི་ཞབས་སུ་ལྡན་པས་སྲིད་པའི་རྩ་བ་བདེ་བླག་ཏུ་བཅད་འཚལ། དཔྱད་པས་ཀྱང་བདེན་འཛིན་ཅུང་ཟད་འཇིག་མོད། ཡེ་ཤེས་སྙིང་ལ་མ་བེབ་བར་དུ་གཏུག་མའི་རང་ཞལ་མཇལ་བར་མི་འགྱུར་བས་རྣམ་རྟོག་གི་སྟོང་སྐོར་ལ་ཡང་དག་པའི་སྒོམ་པར་མ་རློམས་ཤིག །ཡེ་ཤེས་ནི་བྱིན་རླབས་ལས་རང་བྱུང་དུ་འཆར་བར་འགྱུར་ཞིང་། བྱིན་རླབས་མོས་གུས་ལས་འབྱུང་བས་མོས་གུས་ནི། བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་གཤེགས་ཤུལ། གསང་སྔགས་ལམ་གྱི་ཡང་སྙིང་། དད་ལྡན་ཀུ་སཱ་ལི་རྣམས་ཀྱི་བསྒྲུབ་བྱ། ཁྱད་པར་ནཱ་རོ་བཀའ་བརྒྱུད་ཀྱི་གཅེས་ནོར་ཡིན་པས་བླ་མའི་མོས་གུས་


LT36_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྒྲུབ་པའི་གཅེས་ནོར་མཛོད་ཅིག །གཞན་ལའང་དེ་ལྟར་དུ་གདམས་ཤིག །ཞལ་གདམས་དྲུག་པའོ། །མོས་གུས་ཀྱིས་རྟོགས་པ་རང་བྱུང་དུ་ཤར་རོ། །མོས་གུས་ཀྱིས་རིག་པ་སྙིང་དབུས་སུ་སད་དོ། །མོས་གུས་ཀྱིས་རང་རིག་ཆོས་སྐུ་རུ་མཐོང་ངོ་། །མོས་གུས་ཀྱིས་སྣང་སྲིད་བླ་མ་རུ་མཐོང་ངོ་། །མོས་གུས་ཀྱིས་འཁྲུལ་སྣང་བཙན་ཐབས་སུ་འགག་གོ། །མོས་གུས་ཀྱིས་རླུང་སེམས་དབུ་མ་རུ་འཇུག་གོ། །མོས་གུས་ཀྱིས་སྣང་སེམས་རོ་གཅིག་ཏུ་འདྲེའོ། །མོས་གུས་ཀྱིས་སྡིག་ལྟུང་རང་བཞིན་དུ་འདག་གོ། །མོས་གུས་ཀྱིས་སྣང་གྲགས་ལྷ་སྔགས་སུ་ཤེས་སོ། །མོས་གུས་ཀྱིས་ཆོས་མིན་རྟོག་པ་ཀུན་ཞིའོ། །མོས་གུས་ཀྱིས་གེགས་དང་གོལ་ས་ཀུན་གྲོལ་ལོ། །མོས་གུས་ཀྱིས་ས་ལམ་བདེ་མྱུར་དུ་བགྲོད་དོ། །མོས་གུས་ཀྱིས་གཅིག་ཤེས་ཀུན་གྲོལ་དུ་འགྱུར་རོ། །བཟློག་ཏུ་མེད་པ་དུས་མཐའི་མེ་ལྟ་བུའི་མོས་གུས་དེ་གང་ལ་བྱ་ན་བླ་མ་ལ་བྱ། བླ་མ་རྟོགས་པའི་ཆུ་རྒྱུན་མ་ཆད། ཉམས་རྟོགས་ཀྱི་སྲོལ་ཀ་མ་ནུབ། སྒྲུབ་པའི་རྒྱལ་མཚན་མ་བསྙལ། དམ་སེལ་གྱི་རྙོག་པས་མ་བསླད། བར་ཆད་ཀྱི་བྱུར་འདྲེ་མ་ཞུགས། རྣམ་གཡེང་གི་རླུང་གིས་མ་ཁྱེར། ཆོས་དང་རང་རྒྱུད་མ་འཛོལ་བ་ཞིག་ལ་བྱ། སོ་སྐྱེའི་རྟེན་ལ་སྐྱོན་དུ་མངོན་པ་རེ་ཅིས་ཀྱང་འོང་བས་བླ་མའི་སྐྱོན་ལ་མི་རྟོག་པ་ཁག་ཆེ། བླ་མ་དང་སྔགས་ལ་ཐེ་ཚོམ་ཞུགས་ན་དངོས་གྲུབ་ཀྱི་འབྲས་བུ་མི་འབྱུང་གི་སྟེང་དུ་ངན་སོང་


LT36_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཚོགས་ཆེན་པོ་སྒྲུབ་པ་ཡིན། དེ་ལྟར་མོས་གུས་ཀྱི་ཤུགས་ལས་རང་བྱུང་གི་ཡེ་ཤེས་ཤར་བ་དེ་ཉིད་དྲན་པ་དང་ཤེས་བཞིན་གྱིས་ཐང་ལྷོད་མེད་པར་སྐྱོང་བ་གདམས་པ་ཐམས་ཅད་ཀྱི་སྙིང་པོ་སྟེ། དྲན་པ་དང་ཤེས་བཞིན་གྱི་རྣལ་འབྱོར་ལ་རྟག་ཏུ་བརྩོན་པར་མཛོད། གཞན་ལའང་དེ་ལྟར་དུ་གདམས་ཤིག །ཞལ་གདམས་བདུན་པའོ། །དྲན་ཤེས་ཅན་ལ་མི་དགེ་བའི་སྤྱོད་པ་མི་འབྱུང་ངོ། །དྲན་ཤེས་ཅན་ལ་ཉེས་པ་དང་ལྟུང་བ་མི་འབྱུང་ངོ། །དྲན་ཤེས་ཅན་ལ་མ་བརྟགས་པའི་སྤྱོད་པ་མི་འབྱུང་ངོ། །དྲན་ཤེས་ཅན་ལ་ཕ་རོལ་གྱི་གཡོ་སྒྱུས་མི་བརྫིའོ། །དྲན་ཤེས་ཅན་ལ་བདུད་རིས་ཀྱིས་བར་དུ་མི་ཆོད་དོ། །དྲན་ཤེས་ཅན་ལ་འབྱུང་པོ་མི་གླགས་ལྟས་མི་ཁེལ་ལོ། །དྲན་ཤེས་ཅན་ལ་ཡེངས་འཁྲུལ་གྱི་བར་གསེར་མི་ཞུགས་སོ། །དྲན་ཤེས་ཅན་ལ་ཉམས་མྱོང་གི་སྒྲོན་མེ་འབར་རོ། །དྲན་ཤེས་ཅན་ལ་ཞི་གནས་ཀྱི་རྒྱ་མཚོ་འཁྱིལ་ལོ། །དྲན་ཤེས་ཅན་ལ་རྟོགས་པའི་ཉི་མ་འཆར་རོ། །དྲན་ཤེས་ཅན་ལ་ཡོན་ཏན་གྱི་ཡར་ཟླ་རྒྱས་སོ། །དྲན་ཤེས་དེ་ལྟ་བུས་གང་བསྐྱང་ན་རང་སེམས་ཀྱི་ངོ་བོ་བསྐྱང་བ་ཡིན་ནོ། །སེམས་ལས་སངས་རྒྱས་འབྱུང་། ཆོས་སྐུ་ནང་ནས་འཆར། ནོར་བུ་ལག་མཐིལ་ནས་རྙེད། དེས་ན་ཆོས་བྱེད་པ་ལ་རང་གི་སེམས་ལ་རང་དབང་ཅི་ཐོབ་མ་གཏོགས་ཕྱི་རོལ་དུ་སྤུ་ཙམ་ཡང་རག་མ་ལུས་པ་ཞིག་དགོས། གདམས་ངག་ཐམས་ཅད་ཀྱི་ཡང་སྙིང་། ཆོས་ཐམས་ཅད་ཀྱི་མདོ། ཟབ་ལམ་ཐམས་ཅད་ཀྱི་རྩ་བ་ཡིན་པས།


LT36_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

རང་སེམས་ཀྱི་ངོ་བོ་བསྐྱང་བ་ལ་རྟག་ཏུ་བརྩོན་པར་མཛོད། གཞན་དག་ལའང་དེ་ལྟར་དུ་གདམས་ཤིག །ཞལ་གདམས་བརྒྱད་པའོ། །དེའང་ལས་དང་པོས་སྐད་ཅིག་ཀྱང་ཡེངས་སུ་མི་གཞུག །རྟ་རྒོད་བརྟུལ་བ་ལྟར་བསྐྱང་། དེ་ལ་ཡུན་ཐུང་གྲངས་མང་བ་དགོས། གནས་པའི་སྣེ་ཟིན་ནས་གྲིམས་ལྷོད་རན་པོས་བྲམ་ཟེ་སྐུད་པ་འཁལ་བ་ལྟར་བསྐྱང་། དེ་ལ་འདུ་འཛིས་དབེན་པ་དགོས། འགྱུ་བ་རང་ཐོག་ཏུ་སོང་ནས་བསྒོམ་དུ་རྡུལ་ཙམ་མེད་ལ་ཡེངས་སུ་སྐད་ཅིག་ཀྱང་མེད་པར་རང་བབ་ཧད་པོར་བསྐྱང་། དེ་ལ་དྲན་ཤེས་ཀྱི་སོ་བ་དགོས། ངོ་བོ་རྗེན་པར་མཐོང་ནས་བཟོ་བཅོས་བློས་བྱས་དང་བྲལ་བར་གཤིས་ལུགས་ཆམ་འཇོག་ཏུ་བསྐྱང་། །དེ་ལ་བརྩོན་འགྲུས་ཀྱི་ལྕག་དགོས། གནས་ལུགས་ཀྱི་མཚད་རིག་ནས་སྣང་སྟོང་ལ་ཉེ་རིང་མེད་པ་ཐམས་ཅད་གཉུག་མའི་ཡོ་ལངས་རིན་ཆེན་གསེར་གླིང་དུ་ཕྱིན་པ་ལྟ་བུར་བསྐྱང་། དེ་ཐམས་ཅད་དུ་མོས་གུས་ཀྱི་གཟེར་དགོས། མདོར་ན་རང་སེམས་ཝ་ལེ་ཧྲིག་གེ་བ་འདི་ཉིད་ལྷན་སྐྱེས་ཀྱི་ཡེ་ཤེས་ཡིན་པས་བཟོ་བཅོས་མ་བྱས་པར་ཧྲིག་གེ་བ་དེ་ངོ་ཤེས་པས་ཆོག །རྣམ་རྟོག་སྣ་ཚོགས་སུ་འཆར་བ་འདི་ཡེ་ཤེས་ཀྱི་རང་མདངས་ཡིན་པས་གང་ཤར་ལ་ཆེར་ཆེར་བལྟས་པས་རང་ཞི་རང་གྲོལ་དུ་སོང་བ་དེ་ཉམས་ལེན་གྱི་མཐིལ་ཡིན། ཉམས་བཟང་པོ་ལ་འཐས་ནས་གནས་པ་ཤས་ཆེ་བ་ནི་ཉམས་བཟང་པོ་ལྟ་བུའི་ངན་པ་ཡིན་པས་དེ་ལ་མ་འཐས་པ་དགོས། ཉམས་ཡལ་ནས་རིག་པ་དྭངས་


LT36_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སངས་སྔོན་ལས་རྣམ་རྟོག་སྤུན་པ་དེ་ལྷག་མཐོང་སྐྱེ་འདོད་པ་ཡིན་པས་ཉམས་ངན་པ་འདྲ་བའི་བཟང་པོ་ཡིན། དེའི་དུས་སུ་རྟོག་པ་རང་གྲོལ་དུ་བསྐྱང་དགོས། མདོར་ན་གྲུབ་ཆེན་ས་ར་ཧས། སོ་མ། ལྷུག་པ། རང་དྭངས་ལ་ཞོག་ཅེས་གནད་གསུམ་གསུངས་པ་འདི་ཕྱག་རྒྱ་ཆེན་པོ་པ་རྣམས་ཀྱི་བསྒོམ་བྱ་ཡིན་ཏེ། སོ་མ་ཞེས་པ་རང་སེམས་ལ་བཟོ་བཅོས་མ་བྱས་པ། ལྷུག་པ་ཞེས་པ་འབད་རྩོལ་མེད་པ། རང་དྭངས་ནི་རྣམ་རྟོག་ལ་གཉེན་པོས་མ་སྤང་པ་སྟེ་ཉམས་ལེན་གྱི་གནད་ཐམས་ཅད་ནི་དེ་གསུམ་ལ་འདུའོ། །ལྟ་བ་ཐམས་ཅད་རང་སེམས་ཀྱི་གནས་ལུགས་ཡིན་ནོ། །སྒོམ་པ་ཐམས་ཅད་རང་སེམས་ཀྱི་རང་མདངས་ཡིན་ནོ། །སྤྱོད་པ་ཐམས་ཅད་རང་སེམས་ཀྱི་རྩལ་སྦྱོང་ཡིན་ནོ། །འབྲས་བུ་ཐམས་ཅད་རང་སེམས་རང་གིས་རྟོགས་པ་ལ་འདུའོ། །ཆོས་ཐམས་ཅད་རང་གི་སེམས་འདུལ་ཐབས་སུ་གསུངས་སོ། །ལྷ་འདྲེ་ཐམས་ཅད་རང་གི་སེམས་ཀྱི་ཆོ་འཕྲུལ་དུ་ཟད་དོ། །འཁོར་འདས་ཐམས་ཅད་རང་སེམས་རྟོགས་དང་མ་རྟོགས་ཀྱི་ཁྱད་དོ། །སྐྱོན་ཐམས་ཅད་རང་སེམས་ཀྱི་འཁྲུལ་སྣང་ཡིན་ནོ། །ཡོན་ཏན་ཐམས་ཅད་རང་སེམས་ཀྱི་རང་བབ་ལ་ཡོད་དོ། །མདོར་ན་རང་གི་སེམས་ཀྱི་ངོ་བོ་རྟོགས་པ་ལས་སངས་རྒྱས་གུད་ན་མེད་པས། གནས་ལུགས་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། རྡོ་རྗེ་འཆང་ནས་རྩ་བའི་བླ་མ་པདྨ་ཉིན་བྱེད་ཀྱི་བར་དུ་བྱོན་པ་རྣམས་ཀྱི་ཐུགས་རྒྱུད་ལ་བརྙེས་པ་གང་ཡིན་པ་དེ་སྐལ་ལྡན་ཁྱོད་


LT36_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྙིང་ལ་འཕོས་ནས་མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པ་སྒྲོལ་བའི་དེད་དཔོན་དམ་པར་གྱུར་ཅིག །ཨ་ཧོ། བློ་གྲོས་མཐའ་ཡས་མིང་ཅན་འདུ་ཤེས་ནི་གསུམ་པ། །འཇིག་རྟེན་ཆོས་དང་མ་མཐུན་བྱུང་རྒྱལ་དུ་སྤྱོད་ཀྱང་། །སངས་རྒྱས་སྤྲུལ་པའི་སྐུར་བཞེངས་པདྨ་ཡི་ཉིན་བྱེད། །ཡིད་བཞིན་ནོར་བུ་ལྟ་བུ་བཅུ་ཕྲག་ནི་གསུམ་གྱི། །མཚན་ལྡན་བླ་མའི་ཞབས་བསྟེན་སྨིན་གྲོལ་གྱི་མཛོད་ཐོབ། །མིག་བཙུམ་མཆི་མ་འདོན་པའི་སྟོང་ཡུས་འདྲ་མེད་ཀྱང་། །མོས་གུས་རྡོ་ཡི་རི་མོ་འགྱུར་བ་ནི་མི་འདུག །དངོས་གྲུབ་ནོར་བུའི་ཕ་ཕོགས་ཐོབ་པ་ཞིག་ལོས་ཡོང་། །བླ་མ་མ་ནོར་བརྒྱུད་ལྡན་བྱིན་རླབས་ཀྱི་གཏེར་མཛོད། ལྟ་བ་མ་ནོར་ངེས་དོན་དབུ་མ་ནི་ཆེན་པོ། །སྒོམ་པ་མ་ནོར་ཕྱག་རྫོགས་ཐེག་པ་ཡི་ཡང་རྩེ། །སྤྱོད་པ་མ་ནོར་མདོ་སྔགས་རང་གཞུང་བཞིན་ཞུགས་པས། །འབྲས་བུ་མ་ནོར་རྩོལ་མེད་ལྷུན་གྲུབ་ཏུ་ལོས་ཐོབ། །སྤངས་རྟོགས་ཡོན་ཏན་གཞལ་ན་རི་བོང་གི་རྭ་མཚུངས། །མཁྱེན་བརྩེ་ནུས་པའི་རང་བཞིན་མོ་གཤམ་གྱི་བུ་བཞིན། །བདག་འདྲས་གཞན་ལ་ཕན་པའི་རེ་བ་ནི་མེད་ཀྱང་། །འབྲེལ་ཚད་དོན་དང་ལྡན་པའི་སྨོན་ལམ་འདྲ་བཏབ་པས། །ཅལ་ཅོལ་ཚིག་གི་ཐ་སྙད་དོན་དམ་དུ་འགྱུར་སྲིད། །འུར་སྒྲ་འབྲུག་ལྟར་ལྡིར་བའི་འགྲོ་དོན་ནི་མེད་ཀྱང་། །བསམ་སྦྱོར་ཐམས་ཅད་གཞན་དོན་ཁོ་ན་རུ་བསྔོས་ཡོད། །བྱང་ཆུབ་ལམ་དང་སྣེ་འཛོལ་མ་གྱུར་ཙམ་བྱུང་ན། །དོན་གཉིས་


LT36_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་རུ་ཕྱིན་པའི་རྟེན་འབྲེལ་འདྲ་ལོས་འགྲིག །མངོན་ཤེས་གྲུབ་རྟགས་ལ་སོགས་སྙན་གྲགས་ཀྱི་འཕྱོར་ཆས། །ཐ་མལ་སྐྱེ་བོ་མགུ་བའི་རྣམ་དཔྱོད་དེ་མེད་ཀྱང་། །རང་བྱུང་རིག་པའི་ཁྱེའུ་གྲོགས་སུ་ནི་འཐམས་པས། །ལྷན་སྐྱེས་རང་ཞལ་ལྟ་ལ་ཐེ་ཚོམ་འདྲ་མི་འདུག །བཀའ་བརྒྱུད་གྲུབ་པའི་གཤེགས་ཤུལ་རིང་པོ་ན་མེད་དམ། །དེ་ཕྱིར་ཉེ་ལམ་ཟབ་མོ་སྙིང་པོ་རུ་བྱེད་ན། །བློ་བྲལ་ཐ་མལ་ཤེས་པ་ཆོས་སྐུ་ཡི་རང་བཞིན། །རང་ལུགས་རིག་པ་རྐྱང་དེད་འཕྲང་ལམ་ལ་བཅུར་ནས། །ཐེ་ཚོམ་རེས་འཇོག་མེད་པར་གཅིག་ཚུགས་སུ་བསྐྱངས་ཏེ། །གནས་ལུགས་ལྷུམས་སུ་ཚུད་པའི་རྟོགས་ལྡན་ཞིག་མཛོད་དང་། །ཡུ་བུ་འབྲལ་མེད་གདོད་མའི་གྲུབ་མཐའ་དེ་བསྙོགས་ནས། །བླ་མའི་ཐུགས་དགོངས་རྫོགས་པའི་རྟེན་འབྲེལ་འདྲ་ཞུའོ། །ཞེས་པའང་སྒྲུབ་པ་ལ་སྙིང་པོར་མཛད་པ་བླ་མ་འོད་འཕྲོས་ཡང་ཡང་གསུང་བསྐུལ་ངོར་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་དབེན་ཁྲོད་དུ་སྨྲས་པ་གཞན་ལ་ཕན་པར་གྱུར་ཅིག། ༈ །།བཀའ་བརྒྱུད་གདུང་འཚོབ་རྗེ་བཙུན་པདྨའི་ཞབས། །གསོལ་བ་འདེབས་སོ་ཐར་པའི་ལམ་སྣ་དྲོངས། །འཆི་རྒྱུ་ཡིན་པར་ཀུན་གྱིས་ཤེས་ན་ཡང་། །ནམ་འཆི་ཆ་མེད་གནད་དུ་མ་ཕོག་པས། །ཅི་བྱས་འཁོར་བ་ངན་སོང་རྒྱུ་རུ་སོང་། །མགོ་ལ་སྐྲ་དཀར་ཟུག་ཀྱང་འདུག་ཆིས་སྒྲུབ། ཁ་ནས་སོ་གྲལ་ཞིག་ཀྱང་བློ་སྣ་རིང་། །སྡོམ་པ་དམ་ཚིག་


LT36_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་མཚམས་ངོ་མི་ཤེས། །ཐར་པའི་སྲོག་གཅོད་དཀོར་ལ་ཆོག་ཤེས་མེད། །བྱུར་ངན་ཆགས་སྡང་འདི་དང་འདྲིས་དྲགས་པས། །དོན་མེད་འཁྲུལ་རྟོག་ངང་དུ་མི་ཚེ་ཟད། །རྒས་རྒས་སྡོད་ལོང་སུ་ཡང་མི་འདུག་པས། །མི་ཚེ་སྟོང་ཟད་ཆིས་ལ་མི་འབད་པར། །ནམ་འཆི་ཆ་མེད་སྙིང་ནས་དྲན་པར་མཛོད། །འདི་གྱིས་འདི་བྱས་མང་པོའི་ཁོ་ན་མེད། །འཆི་བ་དྲན་ན་ཆོས་ཕྱེད་ཚར་བ་ལགས། །བཀའ་གཏེར་ཆོས་ལ་ཟད་པའི་མཐའ་མེད་ཅིང་། །ཉམས་སུ་བླང་ན་ཕན་ཡོན་ཆེ་མཉམ་ཡང་། །ཀུན་གྱི་རྩ་བ་རང་སེམས་ངོ་བོ་སྐྱོངས། །བྱ་སླ་དོན་ཆེ་ཆོས་ཀྱི་མཐར་ཐུག་ལགས། །གནས་འགྱུའི་དོ་ལྟ་ཙམ་ནི་སྔར་ནས་ཤེས། །རིག་ཐོག་རྡོ་རུས་འཕྲོད་པའི་ཉམས་རྟོགས་མེད། །བོགས་དང་ཡོན་ཏན་གོང་དུ་མ་འཕེལ་བས། །ཆོས་གོ་ཆོད་མིན་ཐེ་ཚོམ་ཟ་མི་དགོས། །ཕྱི་རུ་མ་ཡེངས་ཡེངས་མཁན་ངོ་བོ་ལྟོས། །ནང་དུ་མ་སྒོམས་སྒོམ་མཁན་རྩད་གདར་ཆོད། །སྒོམ་སྙམ་ཤེས་པ་ཕྱི་མས་ལྷན་མ་གདབ། །ཡིད་ཆེས་རྟོག་པའི་རྐུན་བུ་ནང་མ་གཞུག །མདོར་ན་གང་ཡང་ཡིད་ལ་མི་བྱེད་པར། །ཐ་མལ་ཤེས་པ་རང་ངོ་ཤེས་ཙམ་དང་། །དགག་སྒྲུབ་བཟོ་བཅོས་མེད་པར་སྐྱོང་ཤེས་ན། །ཆོས་སྐུའི་རང་ཞལ་རིམ་གྱིས་མཇལ་བར་འགྱུར། །ལམ་ལྔ་ས་བཅུའི་མངོན་རྟོགས་མ་ལུས་པ། །བླ་མའི་མོས་གུས་ཁོ་ནས་བགྲོད་གསུངས་ཕྱིར། །གཅིག་ཆོག་རྒྱལ་པོ་རྩ་བའི་བླ་མ་ལ། །སྤྱོད་ལམ་རྣམ་བཞིར་མོས་


LT36_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གུས་འབྲལ་མེད་བྱ། །དབང་ལུང་གདམས་ཕྲན་རེ་ཙམ་ཀུན་ནས་ཐོབ། །ལྟར་སྣང་དད་ཞེན་རང་ཕྱོགས་ཀུན་ལ་ཡོད། །གཅེར་མཐོང་རང་ངོ་སུས་ཀྱང་སྤྲོད་མ་མྱོང་། །རྩ་བའི་བླ་མ་སུ་ཡིན་མི་འཚལ་ན། །རྒྱལ་བས་ཕྱག་ཆེན་བདག་པོར་ལུང་བསྟན་ཅིང་། །མ་འོངས་བརྒྱུད་འཛིན་གསོལ་བ་འདེབས་ནུས་ན། །རྟོགས་པ་སྐྱེ་བར་ཉིད་ཀྱིས་ཞལ་བཞེས་པ། །མཉམ་མེད་དྭགས་པོ་རྩ་བའི་བླ་མར་ཟུངས། །འབྲེལ་ཐོགས་བླ་མ་རྣམས་དང་དབྱེར་མེད་སྒོམས། །སྤྱོད་ལམ་རྣམ་བཞིར་མི་བརྗེད་དྲན་བརྟན་གྱིས། །མོས་གུས་གསོལ་བ་སྙིང་གི་དཀྱིལ་ནས་ཐོབ། །ཐུགས་ཡིད་བསྲེས་ལ་རང་ངོ་བཅོས་མེད་སྐྱོང་། །གདུལ་བྱ་གང་ལ་གང་འདུལ་མ་གཏོགས་པ། །སངས་རྒྱས་ཐམས་ཅད་ཆོས་སྐུར་དབྱེ་བ་མེད། །དེ་ཕྱིར་ལྷ་གཅིག་བསྒྲུབས་པས་ཐམས་ཅད་འགྲུབ། །གཅིག་ལས་གཅིག་ལེགས་གཉིས་འཛིན་སྤང་བླང་བློས། །ཐམས་ཅད་བསྒྲུབས་པས་གཅིག་ཀྱང་མི་འགྲུབ་རྒྱུ། །དེ་ཕྱིར་ཡི་དམ་ལྷ་གཅིག་ཕུར་ཚུགས་སྒོམས། །དབང་ལུང་རྣམས་གྲངས་ཤིན་ཏུ་མང་པོ་ཐོབ། །གྲངས་བསྙེན་འབྲེལ་བ་ཐོགས་པའི་དཀྱིལ་འཁོར་མང་། །འདི་ཡང་ལེགས་སྙམ་སྤུ་བསྡུ་སྣ་ཚོགས་འདོན། །ཡི་དམ་གང་ཡིན་ངེས་ཏིག་མེད་པ་ན། །བོད་ཀྱི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས། །ཆོས་སྐལ་གསང་སྔགས་ཡི་གེ་དྲུག་མ་སྟེ། །ལྷ་སྔགས་འདི་ལས་ཕན་ཡོན་ཆེ་བའི་ཆོས། །དུས་གསུམ་སངས་རྒྱས་ཀུན་གྱིས་


LT36_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

མ་གསུངས་ཤིང་། །རང་རེ་བོད་ཀྱིས་བསྒྲུབ་ན་འགྲུབ་ཐག་ཉེ། །བློ་སྣ་མང་ཡང་ཨ་ཐང་ཆད་པའི་རྒྱུ། །ལྷ་གཅིག་སྔགས་གཅིག་འདི་ལ་ནན་ཏན་མཛོད། །བདེ་བ་བཏང་ཞིང་སྡུག་བསྔལ་ལེན་པ་དང་། །སྐྱེ་མེད་རྡོར་བཟླས་དེ་ཡི་གྲོགས་སུ་ཁྱེར། །སྐྱབས་འགྲོ་སེམས་བསྐྱེད་ཆོས་ཀྱི་སྔོན་འགྲོ་ཡིན། །མོས་གུས་སྙིང་རྗེ་ཆོས་ཀྱི་སྙིང་པོ་ཡིན། །བསྐྱེད་རྫོགས་ཟུང་འཇུག་ཆོས་རྣམས་ཀུན་གྱི་སྲོག །བསྔོ་བ་སྨོན་ལམ་ཆོས་ཀྱི་རྗེས་བསྡུ་ཡིན། །སེམས་ཅན་བློ་ཡི་རྣམ་རྟོག་མ་ཟད་པར། །དེ་སྲིད་ཆོས་ཀྱི་ཕ་མཐའ་ཟད་པ་མེད། །དེ་ཀུན་ལག་ཏུ་ལོན་པའི་ཐབས་མེད་པས། །རང་སེམས་གཅིག་རྟོགས་དེ་ཀུན་མཚན་ཉིད་ཤེས། །དེ་བས་གཅིག་ཤེས་ཀུན་གྲོལ་འབད་པར་འཚལ། །འདི་ཡང་གུ་རུ་བྷཻ་ཥ་ཛྱ་ཉིད་ཀྱི། །བཞེད་པ་སྐོང་སླད་དཔལ་སྤུངས་ཡང་ཁྲོད་དུ། །འཁོས་མེད་བྱ་བས་ཚུར་ལ་བཏང་བའི་མི། །ཡོན་ཏན་རྒྱ་མཚོས་རང་ལ་དཔགས་ནས་བྲིས། །དགེ་བས་གྲུབ་པའི་རྒྱལ་ས་ཟིན་པར་ཤོག། ༈ །།སྐྱབས་དུས་གསུམ་ཀུན་མཁྱེན་པདྨ་དང་། །དབྱིངས་གཅིག་གྱུར་པདྨ་ཉིན་བྱེད་དབང་། །བདག་མོས་པའི་བུ་ལ་བྱིན་རླབས་སྩོལ། །གསོན་དང་རིག་འཛིན་བགྲེས་པོ་ལགས། །ཆོས་མ་ཤེས་ནས་འཁོར་བར་འཁྱམས་པ་མིན། །ལག་ཏུ་མ་བླངས་པས་རང་རེ་བསླུས། །མཐོ་མཐོ་ཟབ་ཟབ་གཅིག་འདོད་འདོད་ནས། །ཐོས་ཚད་ལ་ཆེད་


LT36_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་མེད་པ་དེ། །རྒྱུད་ཐ་མལ་དུ་ལུས་པའི་སྔ་ལྟས་སུ་གདའ། །བཀའ་མདོ་རྒྱུད་རྣམས་སུ་མ་འཐུས་པའི། །གདམས་ངག་ཏུ་རློམ་པའི་ཚིགས་བཅད་སོགས། །ཆོས་གསར་པའི་ཁོང་ན་ཅི་ཡང་མེད། །རྒྱལ་བའི་བཀའ་དང་གྲུབ་ཐོབ་གསུང་། །བྱིན་རླབས་ཅན་གྱི་ཚིག་གཅིག་དེས། །ཐེ་ཚོམ་མདུད་པ་མང་བཀྲོལ་བས། །སོ་སྐྱེས་མཛེས་མཛེས་བསྒྲིགས་པ་ཡི། །པུ་སྟི་མང་པོས་དོ་ཟླ་མིན། །བཀའ་དང་མཐུན་ན་ཆོས་པ་ཡིན། །ལུང་དང་མཐུན་ན་ཉམས་མྱོང་ཡིན། །ཐེ་ཚོམ་ཆོད་ན་རྟོགས་ལྡན་ཡིན། །རློམ་སེམས་སྤངས་ན་བཙུན་པོ་ཡིན། །རྒྱུན་ཆད་མེད་ན་རྣལ་འབྱོར་ཡིན། །ཆོས་ཁ་བཤད་ཤེས་པ་མང་ལགས་ཀྱང་། །སེམས་ཆོས་དང་འདྲེས་པ་ཉིན་མོའི་སྐར། །བློ་རྒྱུད་གཉའ་རེངས་སུ་བཏང་བས་ལན། །དེ་འཆི་བ་རྒྱུད་ལ་མ་དྲན་པས་ལན། །ནམ་འཆི་ཆ་མེད་འདི་མ་གོ་བའི། །མིང་ཆོས་པར་བཏགས་ནས་ཆོས་བརྒྱད་དང་། །སྐད་ཅིག་ཀྱང་འབྲལ་བར་མི་ཕོད་པའི། །བདག་ལྟ་བུའི་སོར་གཟུགས་གྲོག་ཚང་ལྟར། །བརྡོལ་ནས་བསྟན་ལ་རྨ་འབྱིན་པར། །ཡི་ལན་བརྒྱར་ཆད་ཀྱང་ལས་ཀྱི་མཐུས། །རང་དབང་རང་གིས་མ་འདུས་པར། །ཉིན་མཚན་ཆོས་མིན་གྱི་འཁོར་ལོ་བསྐོར། །ལས་རྒྱུ་འབྲས་ཀྱི་རང་གཟུགས་བསླུ་མེད་དེ། །རང་ཐོག་ཏུ་མྱོང་འགྱུར་དྲན་ཙ་ན། །སྙིང་ཚལ་པར་མི་འགྲོ་འདི་ཅི་ཞིག །དཔལ་འབྱོར་རྩྭ་རྩེར་ཆགས་པ་ཡི། །ཟིལ་པ་ཕྲ་རབ་ཙམ་ཞིག་ལ། །


LT36_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བློ་འབྲལ་བར་མ་བཟོད་དལ་འབྱོར་ལུས། །ཡིད་བཞིན་གྱི་ནོར་བུ་ལས་ལྷག་པ། །ཆོས་མིན་གྱི་བསམ་སྦྱོར་ཤེས་ཚད་ཀྱིས། །ཆུད་ཟོས་སུ་བཏང་བ་བདག་འདྲ་བས། །དེང་སང་རྒྱལ་ཁམས་ཀུན་གདབ། །འདི་མཐོང་ཚེ་མཐོ་རིས་ཐར་པའི་ལམ། །མིང་ཙམ་དུ་གྱུར་སྙམ་རབ་ཏུ་སྐྱོ། །ཁྱེད་རྣལ་འབྱོར་དབང་པོ་ཇི་ལྟར་དགོངས། །འོན་ཀྱང་རྒྱལ་བ་སྲས་བཅས་ཀྱིས། །ཐབས་མཁས་འགྲོ་ཕན་མཛད་པ་ལ། །ཚུལ་སྟོན་དུ་སྣ་ཚོགས་གཟུགས་འཆང་དང་། །ནང་གི་རྣལ་འབྱོར་ལ་གནས་པ་སོགས། །ཁོང་ཡེ་ཤེས་སྤྱན་ལྡན་མ་གཏོགས་པ། །སོ་སྐྱེའི་བརྟགས་དཔྱད་ཇི་ཙམ་དུ། །ལེགས་ཀྱང་རྒྱུད་ཚོད་མི་ཟིན་པས། །དག་སྣང་འདི་ཆོས་ཀྱི་སྙིང་པོ་ཡིན། །གྲུབ་མཐའི་རང་ཚུགས་ཤོར་དོགས་པས། །སོ་སོའི་ས་ན་ཆེ་བཤད་ཀྱིས། །གཞན་གྱི་སྐྱོན་འདོན་མང་ལགས་ཀྱང་། །རང་རེལ་ཚུགས་ཀའི་གཉེར་མེད་པས། །ཤེས་བཞིན་དུ་ཐར་ལམ་མི་སྒྲིབ་པར། །དག་སྣང་གི་བློ་རྒྱ་བསྐྱེད་པར་འཚལ། །དག་སྣང་ཕྱོགས་མེད་མཁན་གོ་བའི་སླད། །ཆོས་ཐོས་ཚད་ཉན་ལ་ལག་ལེན་མེད། །དབང་བསྐུར་ཚད་ཞུ་ཡང་ཉམས་ལེན་མེད། །བླ་མ་མཐོང་ཚད་བསྟེན་ལ་དམ་ཚིག་མེད། །སྙིགས་དུས་མི་བློ་བདུད་ཀྱིས་བསྒྱུར། །བསྟན་བཤིག་ཟོག་པོ་འགྲིམ་སྒོ་ཆེ། །གསེར་ར་གན་ནོར་ཉེན་འདུག་པས་ན། །དག་སྣང་ཕལ་ཆེར་ཕུང་བའི་རྒྱུ། །དེ་འདྲ་འཆལ་བ་


LT36_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་སྤང་། །ཀུན་རྫོབ་འཁྲུལ་སེམས་ཀྱིས་བསྡུས་པའི་ཆོས། །རྨི་ལམ་རྨིས་པའི་མྱོང་ཚོར་ལྟར། །དོན་དམ་གྱི་གཤིས་སུ་མ་གྲུབ་ཀྱང་། །ཇི་སྲིད་འཁྲུལ་སྣང་མ་དག་པ། །དེ་སྲིད་ལས་འབྲས་ཕྲ་མོ་ཡང་བསླུ་བ་མེད་ལ་ངེས་རྙེད་ན། །ངན་འགྲོའི་སྒོ་ཁེགས་མཐོ་རིས་ཀྱི། །སྒོ་ཆེན་ཕྱེད་འགྱུར་འཇིག་རྟེན་པའི། །ཡང་དག་ལྟ་བ་དེ་ཙམ་ཞིག །མི་ལྡན་སྟོང་པའི་རྦད་ཁམས་ཅན། །འབྲེལ་ཚད་ལོག་པའི་འདྲེན་སྟོན་ཡིན། །སྣང་ཙམ་འདི་བཀག་ཀྱང་མི་ཁེགས་ཀྱི། །འཛིན་ཞེན་གྱི་སླད་ཀྱིས་མ་བསླད་ན། །སྣང་ཤེས་གཉིས་སྟོང་པ་ཉིད་དུ་མཉམ། །གནས་ལུགས་སྤྲོས་དང་བྲལ་བས་ན། །བཅོས་མའི་དགག་སྒྲུབ་རང་བཅིང་རྒྱུ། །མཚན་འཛིན་རྟོག་པས་སྟོང་པ་དེ། །རྒྱལ་བས་སྟོང་པར་མཐོང་ཞེས་གསུངས། །འཇིག་རྟེན་ལས་འདས་པའི་ཤེས་རབ་ཡིན། །བློ་ཡིས་བྱས་པའི་སྤྲོས་བྲལ་དེ། །ཡུལ་དུ་བྱས་པའི་སྟོང་ཉམས་ཏེ། །མེད་དགག་གི་ཞེན་ལ་འཐེན་འཐེན་ནས། །ལྟ་བར་ཉེས་ན་ཕུང་ཁྲོལ་ཆེ། །རྣམ་རྟོག་གི་བུན་ལོང་སྟོང་པར་མཐོང་། །མཐོང་བ་པོ་གཏད་མེད་ཀྱི་ངང་དུ་གྲོལ། །འཛིན་མེད་ཀྱི་རིག་པ་ཟང་ཐལ་དེ། །ཡིད་དཔྱོད་ཀྱི་མུན་པས་མ་བསྒྲིབས་ན། །འོད་གསལ་གྱི་ཉི་མ་ཁོར་ཡུག་ཤར། །རྩོལ་མེད་ཀྱི་རང་ས་མ་ཟིན་ན། །རྩོལ་བཅས་ཀྱི་བསམ་གཏན་འཆིང་བའི་རྒྱུ། །བྱ་བ་སྙིང་ནས་མ་ཐོང་ན། །བཏང་བས་རྩོལ་བ་ཚུར་ལ་འཁོར། །


LT36_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་མ་རྟགས་ཀྱི་རེ་དོགས་སངས་པ་ན། །རྟོགས་པ་ཀུན་གྱི་མཆོག་ཏུ་གྱུར། །དེང་སང་ལྟ་བའི་སྙིགས་མ་བདོ། །ཆོས་བཤད་སྐྱེ་བོ་ཕོ་མོ་མཁས། །སྒོམ་ཁ་ལ་ལབ་པས་ས་སྟེང་གང་། །རྒྱུད་ཉོན་མོངས་དུལ་བ་རི་བོང་རྭ། །མི་ཚེ་ཟབ་ཟོབ་ཀྱི་ངང་དུ་ཟད། །འགྲོ་བའི་འདྲེན་པར་རློམ་ན་ཡང་། །ལམ་སྣ་ཕྱོགས་ཙམ་མ་ཟིན་པ། །སྐལ་དམན་རྣམས་དེ་འདྲ་ལ་ངོ་མཚར་བྱེད། །དམ་པའི་ཆོས་དང་མི་མཐུན་པའི། །སེར་གཟུགས་དེ་གཉིས་ཕུང་གི་ཐོབ་ཡིན། །དེ་ལ་ངོ་མཚར་ཅི་ཞིག་ཡོད། །ཆོས་དང་སྣེ་གཅིག་མི་ཐུན་གྱུར་ན། །རྟོགས་པ་དམན་ཀྱང་ངོ་མཚར་ཆེ། །ཆོས་མིན་གྱི་སར་བརྒྱད་བསྲེགས་བསྲེགས་ནས། །མི་རྗེས་མ་སླེབ་པའི་སྡུག་གཏམ་ལགས། །ཁྱེད་བདེན་པ་གཟིགས་ལ་ཞུ་བ་མིན། །བསྟན་པར་ཁག་བསྙད་ཀྱི་འཁྲུགས་རྩེད་དང་། ཁམ་ཆུ་བུན་སྐྱེད་ཚོང་ཁེ་སོགས། །གཞན་གནོད་ཀྱིས་ཕུག་ཏུ་འཚང་བཞིན་དུ། །འདུལ་འཛིན་དུ་རློམ་བ་སྨྱོན་པ་དངོས། །གཞན་གནོད་གཞིར་བཅས་སྤངས་པ་དེ། །ཁྱིམ་ན་གནས་ཀྱང་ཚངས་སྤྱོད་ཀྱི་མཆོག །ལོག་འཚོ་སྡུད་ཐབས་ཀྱི་འཕྱོར་གོས་དེ་མེད་ཀྱང་བཟོད། །བྱང་ཆུབ་དོན་དུ་གཉེར་བའི་བློ། །འབྲལ་བ་མེད་དེར་སངས་རྒྱས་ཀྱི། །ཆོས་ཀུན་འདུས་པ་རྒྱལ་བས་གསུངས། །ཆོས་ཐམས་ཅད་འདུན་པའི་རྩ་བར་གནས། །འདུན་པ་མ་ཞུམ་པ་ཞིག་འཚལ། །


LT36_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད། །མི་འབྲལ་གཞན་ཕན་གཞིར་བཅས་སྤྱོད། །ཐེག་ཆེན་ལམ་གྱི་རྩ་བ་སྟེ། །སངས་རྒྱས་བསྒྲུབ་ལ་མེད་ཀ་མེད། །རང་འདོད་ཅན་གྱི་སྙིང་རྗེ་དང་། །བདག་གཅེས་འཛིན་ཅན་གྱི་འགྲོ་ཕན་དེ། །བྱང་ཆུབ་ཀྱི་སྤྱོད་དང་འགལ་ན་ཡང་། །ཆོས་པ་བཟང་བརྫུས་བསླུས་པ་མང་། །གསང་སྔགས་ཀྱི་སྒོ་རུ་ཞུགས་ཕྱིན་ཆད། །དམ་ཚིག་མེད་ན་ཁང་སྟོང་ཡིན། །དམ་ཚིག་གི་སྙིང་པོ་མོས་གུས་ཡིན། །བཅོས་མིན་གྱི་མོས་གུས་སྐྱེས་པ་ལ། །མཆོག་གི་ཡེ་ཤེས་འབབ་ཅིང་འཁོར། །བླ་མ་སངས་རྒྱས་སུ་མཐོང་བ་ལ། །རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་འཇུག །ཟང་ཟིང་གི་གནད་སྦྱིན་ངོ་བསྟོད་སོགས། །མཐུན་འཇུག་འདོད་ཐོག་ཏུ་བྱུང་ཙ་ན། །སངས་རྒྱས་དངོས་སུ་འདུག་པ་སྐད། །ཆོས་བརྒྱད་དང་གཡོ་སྒྱུ་མི་ལྡན་ན། །མི་ཆོས་མ་མཁས་པས་ཕུང་བ་སྐད། །རང་འདོད་ཀྱིས་བླ་མ་བཟང་ངན་བཅོས། །ཅི་མཛད་ལེགས་པར་མ་མཐོང་བའི། །བཅོས་མའི་མོས་གུས་དེ་ཡི་ཆད་རྒྱུ། །སྙིགས་མའི་འགྲོ་བ་བསོད་ནམས་ཆུང་། །ཟོག་པོ་རྣམས་ནི་སངས་རྒྱས་སུ་མཐོང་། །དམ་པ་རྣམས་ནི་ཁྱི་ལྟར་ལོོད། །དགེ་སྡིག་ཀྱང་དེ་བཞིན་གོ་ལྡོག་སྤྱོད། །རྒྱུ་དེས་བསྐྱེད་མི་འདོད་སྣ་ཚོགས་འབྱུང་། །སོ་སྐྱེའི་རང་འདོད་ལ་གཏད་སོ་ཅི། །རྒྱལ་བའི་བཀའ་ལ་དཔང་པོ་འཚལ། །དེང་སང་དུས་ཀྱི་དབང་གྱུར་པས། །སངས་རྒྱས་འབྱོན་ནས་ཆོས་གསུངས་ཀྱང་། །མགོ་རིལ་རིལ་བྱེད་པ་མ་


LT36_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པ། །ཡིད་ཆེས་ཐོབ་པ་འབྱུང་དཀའ་བས། །གྲོང་ཚིག་གི་ཕྲེང་བས་ཅི་ཞིག་བྱ། །འོན་ཀྱང་དམ་པའི་གསུང་གི་ལན། །མདོར་བསྡུས་བྱུང་རྒྱལ་དུ་སྨྲས་ཏེ་ཕུལ། །འབྲེལ་ཐོགས་རྒྱུད་ལ་ཕན་པར་ཤོག །ཅེས་རིག་འཛིན་གྱི་རྣལ་འབྱོར་མངྒ་ལའི་མཚན་ཅན་གྱི་བཞེད་ངོར་ཡོན་ཏན་རྒྱ་མཚོས་སྨྲས་པ་དགེ། ༈ །བླ་མ་ཡི་དམ་དབྱེར་མེད་ཕྲིན་ལས་ཀྱི། །ལྷ་མཆོག་དེ་ཡི་བྱིན་རླབས་རྐྱེན་ཉིད་དང་། །བསླབ་གསུམ་རྒྱུ་ཚོགས་འཕྲད་པའི་རྟེན་འབྲེལ་ལས། །གང་ཉིད་ཆོས་ལ་བརྩོན་པའི་འབྲས་བུའི་སྣེ། །རྙེད་པར་གདའ་བས་ཆུད་ཟོས་མ་བཏང་མཛོད། །གྲྭ་སར་ཞུགས་ཚེ་ཡོན་ཏན་ཆེ་བ་ཡིས། །མཆོག་དམན་ཀུན་གྱིས་བཀུར་བའི་གནས་ཐོབ་ཀྱང་། །རང་རྒྱུད་ཐ་མལ་ངང་དུ་མི་ཚེ་ཟད། །མདོ་སྔགས་འདི་དང་རང་རྒྱུད་མཐུན་ནོ་ཞེས། །བློ་བདེ་ཚགས་སུ་ཚུད་པ་མི་འབྱུང་བས། །ཚེ་གཅིག་སྤྲོས་བཅས་རྣམ་གཡེང་འབྱམས་པ་ལས། །ངེས་འབྱུང་སྐྱོ་ཤས་སྐད་ཅིག་སྐྱེས་པ་དགའ། །མི་རྟག་འཆི་བ་སྙིང་ནས་དྲན་པ་ནི། །འདུ་ཤེས་ཀུན་གྱི་ནང་ནས་མཆོག་གོ་ཞེས། །ཐམས་ཅད་མཁྱེན་པ་དེ་ཡིས་ནན་ཏན་གདམས། །སྔོན་བྱོན་མཁས་གྲུབ་རྣམས་ཀྱང་གདམས་ངག་འདིས། །མྱུར་དུ་ས་ལམ་ཡོན་ཏན་རྫོགས་པ་ལགས། །དེང་སང་ཆོས་པས་འཆི་བ་མ་དྲན་པས། །ལོ་ཟླ་སོང་བཞིན་རྟག་འཛིན་ཕྱི་ཕྱིར་ཆེ། །དགོས་དགོས་ངང་ལ་མི་ཚེ་ཡུད་ཀྱིས་འདའ། །ཆོས་སུ་རློམ་པའི་


LT36_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་སྦྱོར་བྱས་ཚད་ཀུན། །ཉོན་མོངས་གྲོགས་སུ་སོང་ནས་རང་རྒྱུད་གྱོང་། །དམ་ཆོས་ཚུལ་བཞིན་མ་གྲུབ་འཇིག་རྟེན་གྱི། །བྱ་བཞག་རྣམས་ཀྱང་འདོད་ཐོག་མ་འཁྱོལ་བའི། །གཉིས་མེད་སེང་གེས་དལ་འབྱོར་ཡིད་བཞིན་ནོར། །ཆུད་ཟོས་བཏང་བ་དེས་ཀྱང་མ་ཆོག་པར། །དཀོན་མཆོག་ལ་བརྟེན་སྡིག་པ་ཚབ་ཆེ་བས། །ངན་འགྲོའི་གནས་སུ་གཏན་ཡུལ་བྱས་ལ་གཟིགས། །དེ་ལྟ་བས་ན་ངེས་འབྱུང་སྐྱོ་ཤས་ཀྱིས། །རྟག་ཏུ་རང་རྒྱུད་འཁུལ་བར་མཛད་པ་ན། །ཆོས་པ་ཀུན་གྱི་ཡང་རྩེར་སོན་པར་འགྱུར། །ངེས་འབྱུང་ཡོད་ན་དམ་ཆོས་ཤུགས་ཀྱིས་འགྲུབ། །སྐྱོ་ཤས་ཅན་ལ་མོས་གུས་ངང་གིས་འབྱུང་། །ཞེན་ལོག་ཅན་ལ་མཐུན་རྐྱེན་རང་བཞིན་འབྱོར། །ཇི་ཙམ་འདོད་ཞེན་ཆེ་བ་དེ་ཙམ་དུ། །འདོད་ཐོག་མི་འགྲོ་མི་འདོད་ཐོབ་ཏུ་བབ། །ཇི་ཙམ་རེ་བ་ཆེ་བ་དེ་ཙམ་དུ། །བསམ་རྒུ་མི་འགྲུབ་དགོས་དོན་ཕྱིན་ཅི་ལོག །མི་ཚེ་གཅིག་ནི་མདངས་སུམ་རྨི་ལམ་འདྲ། །བཟང་ངན་གཉིས་ཀ་རྗེས་ཤུལ་བསྡད་པ་མེད། །ད་ལོའི་སྐྱིད་སྡུག་སང་ཕོད་ཡལ་ནས་འགྲོ། །བདེན་མེད་སྒྱུ་མ་ལྟ་བུའི་འཁྲུལ་སྣང་ལ། །རེ་དོགས་ལིངས་ཀྱིས་བོར་ན་བདེ་བ་ཆེ། །གཞན་ལས་མ་བཙལ་རང་གི་སེམས་ལས་རྙེད། །རང་འདོད་ཅན་གྱིས་སྨོན་ལམ་བཏབ་ན་ཡང་། །བདེ་བ་ཅན་གྱི་ཞིང་དུ་ཕྱིན་པར་དཀའ། །བསམ་པས་བདེ་བ་འདོད་ཀྱང་སྦྱོར་བ་ནི། །སྡུག་བསྔལ་བསྒྲུབ་པ་འཁོར་བ་སྤྱི་ཡི་ལུགས། །


LT36_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་བཟང་ན་བྱས་ཚད་ཆོས་ཡིན་ཀྱང་། །རང་འདོད་འཁྲི་བ་ཟད་ནས་གཞན་དོན་ལས། །བྱ་རྒྱུ་མེད་པའི་སེམས་བསྐྱེད་ཤིན་ཏུ་དཀའ། །དང་པོའི་སེམས་ཀྱི་འཕེན་པ་ཙམ་ཞིག་ལས། །ཕལ་ཆེར་སྣང་ཤས་རྗེས་སུ་འགྲོ་བ་མང་། །དེ་འདྲ་བྱང་ཆུབ་སེམས་དཔའི་སྤྱོད་མིན་པས། །བྱ་བྱེད་མང་ཡང་ལམ་དུ་འགྲོ་བ་མིན། ཁ་ཡིས་སེམས་བསྐྱེད་ཞེ་ལ་རང་དོན་སྒྲུབ། །ཆོས་ཚུགས་བཟང་ཡང་ཉན་རང་འཐོབ་པའི་རྒྱུ། །བྱང་ཆུབ་སེམས་ཀྱི་བསྔགས་པ་རྗོད་བྱེད་ཀྱང་། །བྱང་ཆུབ་སེམས་གཉིས་རང་ལ་མི་ལྡན་ན། །དབུལ་པོས་ནོར་བུའི་བསྔགས་པ་བརྗོད་དང་མཚུངས། །སྙིང་རྗེ་ཟོལ་མེད་སེམས་ལ་སྐྱེ་བ་ན། །རྣམ་གཞག་བཤད་མི་ཤེས་ཀྱང་རྒྱལ་བའི་སྲས། །རང་སེམས་ངོ་བོ་འཁྲུལ་མེད་རྟོགས་པ་ན། །གྲུབ་རྟགས་སྟོན་མ་ནུས་ཀྱང་བརྒྱུད་པ་ཟིན། །དེས་ན་ལྟར་སྣང་དགེ་བ་འབུམ་ཕྲག་ལས། །མོས་གུས་སྙིང་རྗེ་གཏིང་ནས་སྐྱེ་བ་དང་། །རང་སེམས་ངོ་བོ་སྐད་ཅིག་མཐོང་བ་མཆོག །ཉམས་ཀྱི་འཆར་སྒོ་ལྷོ་སྤྲིན་ན་བུན་འདྲ། །རང་སེམས་སྟོང་པའི་ཀློང་ནས་ཅི་ཡང་ཤར། །གང་ཤར་སེམས་ལས་གཞན་དུ་མ་གྲུབ་པས། །དོན་ལ་ཕན་གནོད་མེད་ཅིང་དེ་ཉིད་ལ། །བདེན་འཛིན་བྱས་ན་སྒོམ་ཆེན་སྒོམ་གྱིས་བསླུ། །རེ་དོགས་བྱས་ན་གེགས་དང་བར་ཆད་འཇུག །དགག་སྒྲུབ་བྱས་ན་མཚན་མའི་གོལ་སས་འཆིང་། །འོན་ཀྱང་མ་བསྒོམ་པ་ལ་


LT36_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་མི་སྐྱེ། །སྐྱེས་པ་སྐད་ཀྱང་གནད་ལ་བཅར་ན་བརྫུན། ཁམས་འདུས་ལ་སོགས་བཟང་ངན་ཅི་བྱུང་ཡང་། །སྒོམ་པ་གནད་དུ་སོང་བའི་རྟགས་ཡིན་ཕྱིར། །གང་ཤར་རང་གི་སེམས་སུ་ཐག་ཆོད་པས། །རེ་དོགས་དགག་སྒྲུབ་མེད་པར་དབྱིངས་སུ་བསྐྱུར། །ཤར་མཁན་ངང་དུ་བཞག་པས་འཆར་སྒོ་ཡང་། །བྱ་ལམ་རྗེས་མེད་རྟོགས་པའི་བོགས་ཐོན་ཅིང་། །རྟོགས་པའི་རང་རྩལ་འཁོར་འདས་སྣང་ཆ་ཀུན། །མ་སྒྲིབ་འཆར་བས་ཉམས་ཀྱི་བོགས་ཀྱང་འབྱིན། །དེང་སང་རྟོགས་ལྡན་གྲུབ་ཐོབ་མཚན་ཅན་དང་། །གྲུབ་མཐའ་སྐྱོང་རྒྱུ་མེད་ཀྱང་སྡེ་རིས་ཀྱི། །ཕྱོགས་འཛིན་དམ་པའི་ཆེ་རྒུ་ཕལ་མོ་ཆེ། །རྒྱལ་བའི་བཀའ་དང་འཇིག་རྟེན་ཕྱི་མ་ལ། །ཡིད་མི་ཆེས་པས་རང་དང་རང་ཉིད་ལ། །འབྲེལ་པ་ཟབ་ཚད་ངན་འགྲོའི་ཕྱོགས་སུ་འཕུལ། །ཁྱིམ་པ་རྣམས་ལ་བསྟན་པའི་གཉེར་མེད་ཀྱང་། །བསོད་ནམས་ཟད་པས་ཕྱོགས་རིས་ཁ་འཛིན་བྱེད། །རིམ་གྱིས་ཚབ་ཆེ་སྡེ་འཁྲུགས་ཕུང་ལ་སྦྱོར། །དེ་འདྲའི་ཕྱོགས་དེར་ཕྱི་མ་ལྟ་ཅི་སྨོས། །མཐོང་ཆོས་ལ་ཡང་བཀྲ་མི་ཤེས་ཀུན་འབྱུང་། །དེས་ན་རང་འདྲའི་ཉམ་ཆུང་གང་ཟག་རྣམས། །ཆོས་ནས་བཤད་ཚོད་ཉམས་ལེན་ཐེབས་དཀའ་ཡང་། །ཆོས་སྤངས་ལས་མ་བསགས་པ་ཙམ་བྱུང་ན། །སྙིགས་མའི་སྐྱེ་བོ་རྣམས་ལ་དོ་གལ་ཆེ། །གཉིད་དང་ཆང་ལ་བག་མེད་སྤྱོད་པ་དང་། །ལེ་ལོ་སྙོམ་ལས་ལྟར་སྣང་ཆོས་སྤྱོད་ཀྱི། །རྣམ་པར་གཡེང་བས་མི་ཚེ་ཐབས་ཀྱིས་རྐུ། །


LT36_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པའི་གྲོགས་པོས་མ་ཚོར་ངན་འགྲོར་ཁྲིད། །ཐོས་ཆུང་ང་རྒྱལ་ཆེ་བས་བདུད་ལས་གྲུབ། །ལྷ་མཐོང་འདྲེ་མཐོང་སྡོམ་པ་ཞོར་ལ་འཇིག །ལོག་འཚོའི་རྙེད་པས་རྩ་བའི་ལྟུང་བ་འགྲུབ། །བདག་བསྟོད་གཞན་སྨོད་བསོད་ནམས་རྨངས་ནས་སྒྱིལ། །ཕྱོགས་རིས་ཆགས་སྡང་འབྲེལ་ཚད་ལོག་ལྟར་བཅུད། །ཆོས་པ་ཆོས་ལྟར་བཅོས་པའི་མཚང་ངན་དེ། །གཞན་ལ་མི་ངོམ་རང་ངོ་ཤེས་སྲིད་ན། །དེང་སང་གྲུབ་ཐོབ་ཀུན་གྱི་རྒྱལ་པོ་ལགས། །གོ་བ་ལྷན་པོ་འདྲ་བས་རྐྱེན་མི་ཐེག །ཉམས་མྱོང་འཇའ་ཚོན་འདྲ་བས་གྲུལ་མི་ཐུབ། །རྟོགས་པའི་རང་ཞལ་ནང་ནས་མཇལ་བ་དེ། །ནམ་ཡང་མི་འགྱུར་དགོས་དུས་ཁྲིག་གེར་སླེབ། །ལན་རེ་སེམས་རྒྱུད་ཆོས་དང་འདྲེས་འདྲ་ཡང་། །ཡུལ་སྣང་འཕྲད་ཚེ་རྐྱེན་གྱི་དབང་དུ་འཆོར། །དེ་རྗེས་འབྲང་ནས་བསམ་སྦྱོར་སྔ་རབས་ལོད། །སྐབས་རེར་རང་སེམས་ངོ་བོ་མཐོང་འདྲ་ཡང་། །དྲན་པས་མ་ཟིན་ཐ་མལ་ངང་དུ་འབྱམས། །རྩེ་གཅིག་མངོན་རྟོགས་ཙམ་ཡང་རྒྱུད་ལ་མེད། །འཆི་བ་སྙིང་ཟུག་མི་ཚེ་སྒྲུབ་པ་ལ། །སྐྱོལ་བའི་སྙིང་རུས་ཅན་ཞིག་མ་གཏོགས་པ། །ཤེས་སྙམ་ཡིན་སྙམ་ངང་ལ་ལུས་པ་མང་། །བདག་འདྲའི་འཆི་བ་མ་དྲན་ཆོས་གཟུགས་རྣམས། །འགྱོད་པ་རྟས་མི་སླེབ་ཀྱང་ཕྱིས་པ་ཙམ། །སྐལ་ལྡན་གྲོགས་དག་སྙིང་རུས་འདོན་པར་འཚལ། །མ་བཅོས་སྤྲོས་བྲལ་འོད་གསལ་གཉུག་མའི་དོན། །བཟོ་མེད་ཐ་མལ་ཤེས་པ་འདི་ཡིན་


LT36_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །ཡིན་མིན་བཤད་པ་མང་པོའི་ཁ་ན་མེད། །མོས་གུས་བྱིན་རླབས་ལམ་དུ་ལྷོངས་པ་ལས། །གདིང་ནས་ངེས་ཤེས་རྙེད་ན་དེ་ཀས་ཆོག །རང་ངོ་ཤེས་པ་ཙམ་གྱིས་མི་ཆོག་སྟེ། །ཡེངས་མེད་དྲན་པས་རྟག་ཏུ་སྐྱོང་ནུས་དགོས། །མ་བསྐྱངས་རྒྱལ་བུ་དམངས་སུ་འཁྱམས་དང་མཚུངས། །ཤེས་རིག་རང་ཚུགས་མི་ཐུབ་འཁྲུལ་པས་གཡེངས། །དེ་འདྲ་ཐ་མལ་པ་དང་ཁྱད་ཅི་ཡོད། །འོན་ཀྱང་ཡེངས་དོགས་བརྗེད་དོགས་ཤུགས་ཆེན་པོས། །ཧ་ཅང་བཙིར་ན་དེ་ཉིད་འཆིང་བའི་རྒྱུ། །ལྷོད་ཀྱིས་ཀློད་ལ་ཧྲིག་གིས་རིག་པའི་ངང་། །མ་བརྗེད་དྲན་པའི་བྱ་རས་རྒྱང་སོ་བཙུགས། །དེ་ཚེ་ཐོལ་སྐྱེས་རྣམ་རྟོག་འཕྲལ་དུ་རིག །རིག་མཁན་སྟོང་པར་ཡལ་ཚེ་ལས་དང་པོ། །རིག་མཁན་རྣམ་རྟོག་གཉིས་ཀ་དབྱེར་མེད་དུ། །ཤར་ནས་རང་བཞིན་སྟོང་པ་འབྲིང་གིས། །ཐ་མལ་ངང་དུ་འཕྲོག་ནས་ཐ་སྙད་བྲལ། །ཤར་དང་མ་ཤར་སྤྱོད་པའི་དྲན་པ་ཡལ། །རིག་བྱ་རིག་བྱེད་གཉུག་མ་ཟང་ཐལ་དུ། །ཤར་ན་སྒོམ་པ་བདག་པོའི་ལག་ཏུ་འཁྱོལ། །དེ་འདྲ་ཚད་དུ་འཁྱོལ་ན་སྙིང་པོ་ཡི། །བསྟན་ལ་ཞུགས་པའི་དགོས་དོན་མ་སྟོང་ཙམ། །སྒོམ་ཆེན་དྲན་པ་བརྟེན་པ་མང་མོད་ཀྱང་། །དྲན་ཙམ་ཉིད་ལས་སྐྱོང་རྒྱུ་མེད་པ་དང་། །རྣམ་རྟོག་ངོ་ཤེས་ཁོ་ནས་ཆོག་གོ་ཞེས། །རིག་སྟོང་རྗེན་པའི་རང་ཞལ་མ་མཐོང་བའི། །མཆོག་འཛིན་ལམ་གྱིས་སྒོམ་ཆེན་བསླུས་པ་མང་། །དྲན་ཙམ་ཆོག་པའང་


LT36_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཞེན་ཕྲ་མོས་བསླད། །རྣམ་རྟོག་མཐར་འདེད་ཉིད་འཁྲུལ་ལུ་གུ་རྒྱུད། །ཕྱོགས་ཙམ་ཡིན་ཀྱང་གནད་དུ་མ་འཁྱོལ་བའི། །སྒོམ་པས་རང་གཞན་བསླུས་ན་ཚབ་ཆེ་བས། །དྲན་འཁྲུལ་མཉམ་རྗེས་ལ་སོགས་བཅོས་མའི་བློས། །དགག་སྒྲུབ་མ་བྱས་ཆོས་ཉིད་རྣལ་མ་ལ། །འཛིན་སྟངས་བཤིགས་པའི་རྟོག་མེད་རང་གསལ་ངང་། །རང་བབ་འཇོག་པ་ལམ་གྱི་སྙིང་པོ་ལགས། །ཐོས་པ་མེད་པའི་སྒོམ་ཆེན་མུན་པར་འཁྱམས། །མན་ངག་མེད་པའི་སྒོམ་ཆེན་འོ་བརྒྱལ་ཆེ། །དྲན་མང་སྒོམ་ཆེན་མཐའ་གཞུག་རླུང་གིས་ཁྱེར། །མོས་གུས་མེད་པའི་སྒོམ་ཆེན་རྟོགས་པས་དབེན། །སྙིང་རུས་མེད་ན་གནས་ནས་འཕགས་དུས་མེད། །རང་སེམས་ཁོ་ན་བལྟས་པས་ཆོག་ཟེར་ཡང་། །དེ་དོན་རྟོགས་ལ་དེ་རྣམས་མེད་ཐབས་མེད། །ཟབ་དོན་སྙིང་པོར་དྲིལ་བའི་ཚིགས་བཅད་འདི། །བསླབ་པ་གསུམ་ལྡན་རྡོར་སློབ་རཏྣ་ལ། །དགེ་སྦྱོར་སྐྱེས་པའི་ཐུགས་དམ་གསལ་འདེབས་སུ། །སངས་རྒྱས་དངོས་བྱོན་པདྨའི་མཚན་ཅན་སོགས། །དམ་པས་རྗེས་སུ་བཟུང་ཡང་སྤྲ་འཁྱལ་དུ། །མི་ཚེ་རྒས་པ་བློ་གྲོས་མཐའ་ཡས་ཀྱིས། །ཀུན་བཟང་བདེ་ཆེན་གླིང་གི་དབེན་ཁྲོད་དུ། །གང་དྲན་སྨྲས་པ་ཁྱེད་ཐུགས་ལ་སྨིན་ནས། །སྐལ་མཉམ་གཞན་ལའང་ཕན་པ་འབྱུང་བར་ཤོག །དགེའོ། །


LT36_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རྗེ་བཙུན་གྱི་རྒྱལ་པོ་ཐུགས་རྗེ་ཅན། །པདྨ་ཉིན་བྱེད་དབང་པོར་འདུད། །སྤྱིར་གསང་སྔགས་ལ་ཞུགས་པ་སྐལ་བ་བཟང་། །སྒོས་རྫོགས་རིམ་ཉམས་ལེན་ལམ་ཐག་ཉེ། །ཡང་སྒོས་སྒྲུབ་བརྒྱུད་ཀྱི་གདམས་ངག་བྱིན་རླབས་ཆེ། །དཔལ་རྡོ་རྗེ་འཆང་ནས་ད་ལྟའི་བར། །གྲུབ་ཐོབ་ཀྱི་ཕྲེང་བ་བར་མ་ཆད། ཁ་བཤད་དང་ཚིག་སྐམ་ཙམ་མིན་པར། །བློ་གཏད་ཐུབ་དེས་ཀྱི་ཟབ་ཆོས་དང་། །བྱིན་རླབས་ཡོད་ངེས་ཀྱི་བརྒྱུད་པ་ལགས། །དུས་དེང་སང་སྙིགས་མའི་མཐའ་ལ་ཐུག །ལས་སྐལ་བ་བཟང་ལྡན་ཉིན་སྐར་འདྲ། །ཆོས་ཟབ་ཆོས་ལས་ཀྱང་ཁ་ཆོས་བྲིན། །རྗེ་མཚན་ལྡན་ལས་ཀྱང་ཟོག་པོས་དགའ། །བཀའ་མདོ་རྒྱུད་རྣམས་ལས་ཟོག་ཆོས་གདམ། །ལྷ་ཡི་དམ་རྣམས་ལས་གདུག་འདྲེ་དད། །ཆོས་སྣེ་གཅིག་ཚུལ་བཞིན་མི་སྤྱོད་པར། ཁ་ལྟོ་རྒྱབ་ཕྱིར་དུ་འདི་ཕྱི་བརྗེ། །མི་སྐལ་ལྡན་ཆོས་མཐུན་རེ་རེ་ཡང་། །བདུད་འབྱུང་པོའི་བར་ཆད་འཚེ་བ་མང་། །བློ་ལང་ཤོར་མ་གྱུར་རེ་རེ་ཙམ། །ཚེ་ཆོས་མིན་ངང་ལ་ཧྲིལ་གྱིས་ཟད། །ཕུག་གཏན་འདུན་འགྲུབ་པ་རེ་རེ་ཙམ། །ལར་དེ་འདྲའི་གྲལ་དུ་འཁྱོགས་པ་ནི། །ཆོས་རྣལ་མ་འགྲུབ་པར་མི་སྲིད་པས། །ཚེ་ནམ་འཆི་ཆ་མེད་བློ་སྣ་ལྟུངས། །གནས་འཁོར་བ་འདི་ལ་སྐྱོ་བ་སྐྱེད། །ལས་རྒྱུ་འབྲས་དོན་ལ་ཡིད་ཆེས་སྒོམས། སྐྱབས་དཀོན་


LT36_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་ལ་བློ་སྙིང་གཏོད། །མ་འགྲོ་དྲུག་ཀུན་ལ་སྙིང་རྗེ་སྐྱེད། །ཐབས་རྩ་རླུང་ཐིག་ལེའི་ལམ་བཟང་དེ། །གནད་གཞན་ལས་འཕགས་ཤིང་ལམ་མྱུར་ཡང་། །གེགས་ཆེ་ལ་དེ་བཞིན་ཁེ་ཡང་ཆེ། །གེགས་སེལ་བའི་ཐབས་ནི་མང་བཤད་ཀྱང་། །ཀུན་གོ་གཅིག་ཆོད་ལ་མོས་གུས་དང་། །ཐེ་ཚོམ་མེད་པ་གནད་དུ་ཟབ། །རླུང་བཟུང་བའི་ཡུལ་དང་དུས་གནང་སོགས། །གཞུང་ཞལ་གདམས་ཚད་ལྡན་དག་དང་བསྟུན། །གཏུམ་མོ་སྡུག་བསྔལ་གྱི་དུས་སུ་བརྩོན་འགྲུས་གནད། །བར་འདོད་ཆགས་དུས་སུ་ཞེ་བཅད་ཟབ། །མཐར་བདེ་བའི་དུས་སུ་མཐར་འདོན་ཟབ། །ཐམས་ཅད་ཀྱང་མཐར་ཕྱིན་གནད་དུ་ཆེ། །ཅིས་ཀྱང་མི་ཕན་གེགས་ཆེ་ན། །སྔོན་ལས་ངན་གྱི་འབྲས་བུ་སྨིན་པའམ། །གསང་སྔགས་ཀྱི་དམ་ཚིག་ལ་སེལ་ཡོད་པས། །ཕྱག་བསྐོར་དགེ་སྦྱོར་གང་འགྲུབ་དང་། །ཡིད་གནོང་འགྱོད་དྲག་པོའི་གདུང་ཤུགས་ཀྱིས། །དཔལ་རྡོར་སེམས་སྒོམ་བཟླས་གནད་དུ་བསྣུན། །ཆོས་ཟབ་མོ་འདི་ཡི་སྒོར་ཞུགས་ནས། །གནད་མ་ནོར་རྩེ་གཅིག་ཉམས་བླངས་ན། །ཚེ་གཅིག་གིས་གྲོལ་བར་སྨོས་ཅི་དགོས། །ཞག་བདུན་ཙམ་ཐོས་ནས་ཉམས་བླངས་ན། །ཕྱིར་མི་ལྡོག་གྲོལ་བར་འགྱུར་ཞེས་གསུངས། །གཞན་ཆོས་དྲུག་སྤྱི་ཡི་གནད་ཞལ་གདམས། །ཟབ་རྒྱས་ཀྱི་མན་ངག་མར་མཆིས་ཀྱང་། །


LT36_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བླ་མ་བསྟེན་དང་བཀའ་བརྒྱུད་པ། །གོང་མ་ཡི་གསུང་ལས་སྒྲོ་འདོགས་བཅད། །མདོ་གནད་དུ་ཆེ་བ་ཉམས་ལེན་ཡིན། །དེ་ཡི་རྩ་བ་དྲན་ཤེས་ཏེ། །བག་ཡོད་ཀྱི་རྩི་དང་མ་བྲལ་འཚལ། །ཚིག་དེ་སྐད་སྐལ་བཟང་ཆོས་སྤྱོད་པ། །དགེ་འདུན་ཕུན་ཚོགས་ཀྱི་གསུང་བསྐུལ་ངོར། །གནས་ཙཱ་འདྲ་རིན་ཆེན་བྲག་གི་མགུལ། །དཔལ་ཀུན་བཟང་བདེ་གླིང་ནགས་ཁྲོད་དུ། །མི་སྙོམ་ལས་ཆོས་ལྟར་བཅོས་པའི་གཟུགས། །མིང་ཡོན་ཏན་རྒྱ་མཚོར་གྲགས་དེས་སྨྲས། མངྒ་ལཾ། ༈ །སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་བྱིན་རླབས་སྩོལ། །རང་གིས་སྙིང་ནས་དམ་ཆོས་མ་དྲན་ན། །གཞན་གྱིས་ཆོས་བཤད་ཚོང་དུས་གཏམ་སྙན་འདྲ། །དེ་ལེགས་དེ་དགོས་སྙམ་པའི་ངང་དུ་ལུས། །ཉམས་མྱོང་རྟོགས་པ་ནང་ནས་མ་སྐྱེས་ན། །ངོ་སྤྲོད་མང་པོ་ས་རྒྱབ་རྟེན་བཤད་འདྲ། །ཕྱོགས་རེ་ཙམ་ལས་དོན་ཐོག་ཁེལ་བ་མེད། །མ་གོ་མ་ཤེས་ཁོ་ནས་བསླུས་པ་མིན། །ཐོས་པའི་དོན་ལ་ཡིད་ཆེས་མ་སྐྱེས་ཤིང་། །བློ་ཐག་མ་ཆོད་པ་ཡིས་རང་རེ་བསླུས། །ཡིད་ཆེས་ཡོད་ན་དམ་ཆོས་ཚིག་གཅིག་གིས། །རང་རྒྱུད་སངས་རྒྱས་ས་རུ་སྐྱེལ་བ་ལགས། །དེ་ཕྱིར་རྒྱལ་བའི་བཀའ་དང་ཚད་མའི་ལུང་། །སྐྱེས་མཆོག་གོང་མའི་རྣམ་ཐར་གསུང་སྒྲོས་ནི། །ཚིག་རེ་ཡིན་ཀྱང་རང་གི་རྒྱུད་ལ་སྦྱར།


LT36_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་ཐོབ་བར་དུ་དེ་ཉིད་མཐར་ཕྱིན་འཚལ། །བྱས་བྱས་མང་པོས་དགོས་དུས་བསླུ་བར་གདའ། །ཐོག་མར་ཅིས་ཀྱང་དགོས་མེད་ངེས་འབྱུང་དང་། །བར་དུ་ལས་འབྲས་ཡིད་ཆེས་སྤང་བླང་དང་། །ཐ་མར་གང་ཤར་རང་གྲོལ་ལྟ་སྒོམ་དང་། །རྣམ་ཀུན་ཕྱོགས་ཞེན་མེད་པའི་སྙིང་རྗེ་དང་། །གཅིག་ཆོག་རྩ་བའི་བླ་མར་མོས་གུས་ཏེ། །ལྔ་པོ་འདི་ལ་དམ་ཆོས་ཐེག་ཆེན་གྱི། །སྙིང་པོའི་ལག་ལེན་མ་ཚང་མེད་པ་ལགས། །ཚེ་འདིའི་སྣང་བ་སྒྱུ་མ་རྨི་ལམ་འདྲ། །ཡད་ཡུད་ཙམ་ལས་ཡུན་རིང་རྟག་མི་ཐུབ། །མཐོ་དམན་ཕྱུག་དབུལ་ལ་སོགས་ཕན་ཚུན་འགྱུར། །མཛའ་བའི་གཉེན་གྲོགས་ཕོངས་པའི་ནོར་རྫས་དང་། །གཅེས་པའི་སྲོག་ཀྱང་མྱུར་དུ་འབྲལ་དགོས་ན། །ཆགས་ཞེན་བྱེད་པ་བློ་ཆུད་འཁྲུལ་པའི་མཚངས། །སྒྱུ་མའི་ལྟད་མོར་མགོ་བོ་འཁོར་བ་སྟེ། །ད་ལྟ་ཉིད་ནས་ཞེན་ཆགས་སྤང་ན་ལེགས། །ཆགས་ཞེན་མེད་ན་བྲལ་ཡང་སྡུག་བསྔལ་མེད། །ཞེན་ཆགས་ཆེ་ན་ནམ་ཡང་སྡུག་བསྔལ་རྒྱུ། །ཁྱད་པར་འཆི་ཁར་ཆགས་ན་ངན་འགྲོར་འཕེན། །ཚངས་དང་བརྒྱ་བྱིན་འཁོར་ལོས་སྒྱུར་རྒྱལ་དང་། །དབུལ་མོ་གོས་ཧྲུལ་ཟས་ལྷག་སྡུད་པ་གཉིས། །སྐྱེ་བ་ཕྱི་མའི་གདིངས་ལ་ཁྱད་པར་མེད། །མཐོ་རིས་ངན་སོང་གནས་རིས་མཐོ་དམན་ཀུན། །སྡུག་བསྔལ་རང་བཞིན་མེ་ཡི་འོབས་ལྟ་བུར། །


LT36_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་ནས་མི་རྟག་ངེས་འབྱུང་བསྐྱེད་པར་མཛོད། །ལས་འབྲས་རྩ་བ་རང་གི་སེམས་ལ་ཐུག །ཞེ་གནག་སྤྱོད་ཚུལ་ལེགས་ཀྱང་སྡིག་པ་འཕེལ། །ལྷག་བསམ་བཟང་ལ་སངས་རྒྱས་ཆོས་ཀུན་འདུས། །དགེ་རྩ་ཆུང་ངུ་ཡིན་ཀྱང་ཅི་ལྕོགས་བསྒྲུབ། །སྡིག་པ་ཆུང་ངུ་ཡིན་ཀྱང་དུག་བཞིན་སྤང་། །དགེ་སྡིག་འབྲས་བུ་མི་འཆོལ་སོ་སོར་སྨིན། །རང་གིས་བྱས་པའི་ལས་འབྲས་ཆུད་མི་ཟ། །ལས་མ་བསགས་བའི་འབྲས་བུ་སྨིན་མི་སྲིད། །བསྟན་དང་བླ་མའི་དོན་ལ་ཁག་བསྙད་དང་། །ཕ་མ་བུ་ཚ་གཉེན་འདུན་ནོར་གྱི་ཕྱིར། །མི་བྱ་མེད་པའི་ལས་ངན་བྱས་པའི་འབྲས། །གཞན་ལ་མི་སྨིན་བྱེད་པ་པོ་ལ་སྨིན། །དོན་ཆུང་ཚེ་འདིའི་ཆེད་དུ་ལྟ་ཅི་སྨོས། །ཆོས་ཀྱི་ཕྱིར་ཡང་ཆོས་འགལ་བྱེད་མི་རུང་། །གཞན་ལ་གཏན་ཏུ་ཕན་ཚད་དགེ་བ་ཡིན། །འདི་ཕྱིར་གཞན་གནོད་འགྱུར་ཚད་སྡིག་པ་ཡིན། །རང་དོན་འཕྲལ་སྣང་ཙམ་ལ་ངེས་པ་མེད། །དགེ་རྩ་གོང་འཕེལ་སོང་ན་སེམས་རྒྱུད་གྲོལ། །སེམས་རྒྱུད་གྲོལ་ལ་རྟོགས་པ་ཤུགས་ཀྱིས་འཆར། །རྒྱུ་འབྲས་མི་ཤེས་རང་རྒྱུད་མ་དུལ་བའི། །མཁས་དང་གྲུབ་པའི་གྲགས་པས་རང་གཞན་བསླུ། །བསླུ་མེད་རྒྱུ་འབྲས་སྤང་བླང་ལེགས་སྤྱད་ན། །འཇིག་རྟེན་པ་ཡི་ཡང་དག་ལྟ་བ་ཡིན། །འཁོར་འདས་ཐམས་ཅད་སེམས་ཀྱི་རང་གཟུགས་ཏེ། །འཁྲུལ་སྣང་ཙམ་ལས་དོན་དུ་གྲུབ་པ་


LT36_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །མ་གྲུབ་བཞིན་ཏུ་བདེ་སྡུག་སྣ་ཚོགས་མྱོང་། །འདི་དག་དངོས་པོ་མཚན་མར་བཟུང་བས་ལེན། །དངོས་འཛིན་རྩ་བ་བཅད་ན་སྟོང་པར་རྟོགས། །འཇིག་རྟེན་འདས་པའི་ཤེས་རབ་སྐྱེ་བ་ལགས། །ཆོས་ཀུན་གནས་ལུགས་འོད་གསལ་དེ་བཞིན་ཉིད། །བདག་གཞན་འཁོར་འདས་ཀུན་ལ་མཚུངས་པར་ཁྱབ། །རང་གི་སེམས་ཉིད་གདོད་ནས་ཆོས་ཀྱི་སྐུ། །རང་ངོ་ཤེས་ན་འབྲས་བུ་ལོགས་སུ་མེད། །ཉམས་བླངས་ངེས་ཤེས་སྐྱེས་ན་ལྟ་བ་ལགས། །ཐ་སྙད་བཤད་པའི་ལྟ་བ་ཚིག་ཙམ་ཟད། །ལྟ་བ་ཕྱི་རུ་མ་ཚོལ་ནང་དུ་ལྟོས། །ཐོག་མར་འཛིན་པའི་སེམས་ཀྱི་རང་ངོར་བལྟ། །འཛིན་བྱེད་མཁན་པོ་དབྱིངས་སུ་ཡལ་བའི་ཚེ། །ཕྱི་ཡི་གཟུང་ཡུལ་ཤུགས་ལ་དག་པར་འགྱུར། །འགྱུ་བ་ཕྱི་མ་མ་སྐྱེས་སྔ་མ་འགགས། །རིབ་ཙམ་ཝ་ལེ་ཁྱུག་གེ་དེ་ཉིད་ཀྱི། །རང་ངོ་རིག་ནས་བཟོ་བཅོས་མི་བྱ་བར། །གསལ་རིག་འགག་པ་མེད་པར་རྟག་ཏུ་བསྐྱང་། །ཉོན་མོངས་ལ་སོགས་རྟོག་པ་གང་སྐྱེས་ཀྱང་། །རྣམ་རྟོག་ཡིན་སྙམ་བློ་བཟོ་མི་བྱ་བར། །ངོ་ཤེས་མཁན་པོའི་རང་ཞལ་བལྟ་བར་གཅེས། །སྣང་ཙམ་ཉིད་ནས་འདི་ཡིན་འདི་མིན་གྱི། །ངོས་བཟུང་མེད་པ་རང་ཉིད་རང་གསལ་དུ། །རྟོགས་ན་སྣང་བ་རང་སར་གྲོལ་བ་ཟེར། །བསྒོམ་རྒྱུའི་དམིགས་གཏད་ཡོད་ན་


LT36_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་མ་ཡིན། །བཅོས་མའི་སྒོམ་པས་གནས་ལུགས་དོན་མི་རྟོགས། །བསྒོམ་རྒྱུ་རྡུལ་ཙམ་མེད་པས་རང་སར་ཞོག །ཡེངས་སུ་སྐད་ཅིག་མ་གཞུག་དྲན་ཤེས་བརྟེན། །མ་བཅོས་ཐ་མལ་གཉུག་མའི་ཤེས་པ་ལ། །དུས་གསུམ་རྒྱལ་བའི་དགོངས་པ་འདུས་པ་ལགས། །གནས་ལུགས་རྟོགས་པ་ཚུལ་བཞིན་ཐོབ་པའི་ཚེ། །རྩལ་མདངས་སྙིང་རྗེར་ཤར་ནས་གཞན་གྱི་དོན། །འབད་མེད་ལྷུན་གྲུབ་འབྱུང་བ་ཆོས་ཉིད་ཀྱང་། །དེང་སང་ཕལ་ཆེར་ཚིག་གི་ལྟ་བར་འབྱམས། ཁ་ཅིག་བླུན་སྒོམ་ང་རྒྱལ་ལམ་དུ་གོལ། །བྱང་སེམས་བསྔགས་པ་འབའ་ཞིག་བརྗོད་རྣམས་ཀྱང་། །གཞན་ཕན་ཆུང་ངུ་ལག་ཏུ་ལེན་པ་མེད། །སེམས་བསྐྱེད་ཟེར་ཞིང་རང་དོན་གཅེས་པར་བཟུང་། །བྱང་སེམས་གཟུགས་བརྙན་ཐེག་ཆེན་སྤྱོད་དང་འགལ། །སྙིང་རྗེ་མེད་ན་ཉན་རང་ལམ་དུ་གོལ། །གཞན་དོན་ལྟ་ཅི་རང་དོན་མཐར་མི་ཕྱིན། །མཁས་བཙུན་རྟོགས་ལྡན་སྒོམ་ཆེན་གྲུབ་ཐོབ་སོགས། །མངོན་པའི་ང་རྒྱལ་སྙིང་རྗེའི་འགལ་ཟླ་ཡིན། །ང་རྒྱལ་སྤངས་ནས་རང་གི་སྐྱོན་ལ་བརྟག །དྲང་པོའི་སེམས་ཀྱིས་བདེན་པའི་ཚིག་སྨྲ་ཞིང་། །གཞན་ལ་ཕན་པའི་ལྷག་བསམ་རྟག་ཏུ་བསྐྱེད། །དངོས་སུ་ཕན་ན་གང་ཕན་ལག་ཏུ་ལེན། །དགེ་རྩ་བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ། །སངས་རྒྱས་ཆོས་ཀུན་


LT36_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བསགས་སྒྲིབ་སྦྱོང་གི། །ཐབས་སུ་གསུངས་ཀྱང་གསང་སྔགས་ཉེ་ལམ་ལ། །གཅིག་ཆོག་རྒྱལ་པོ་བླ་མའི་མོས་གུས་ཟབ། །རྩ་བའི་བླ་མ་སངས་རྒྱས་ཀུན་ལས་ལྷག །དཀོན་མཆོག་ཀུན་འདུས་ངོ་བོར་ཐག་ཆོད་ནས། །མཛད་སྤྱོད་བཟང་ངན་ཇི་ལྟར་མཐོང་ན་ཡང་། །ལོག་ལྟ་ཁུ་འཕྲིག་སྤུ་ཙམ་མེད་པ་ཡི། །ཐག་ཆོད་མོས་གུས་དྲག་པོ་གལ་རེ་ཆེ། །གནས་ལུགས་སྟོང་ཉིད་རྟོགས་པ་མཐོ་དམན་ཀྱང་། །མོས་གུས་ཆེ་ཆུང་རྗེས་སུ་འགྲོ་བ་ཡིན། །དེ་དོན་རྒྱུད་དང་གྲུབ་པའི་རྣམ་ཐར་དང་། །སོ་སོའི་ཉམས་སུ་མྱོང་བའི་རྟགས་ཀྱིས་གསལ། །བླ་མའི་མཛད་པར་སྐྱོན་དུ་མཐོང་བ་དེ། །རང་ཉིད་འཁྲུལ་སྣང་ལོག་ལྟས་བསྒྲིབས་པའི་རྟགས། །དེ་དབང་ཤོར་ན་རྡོ་རྗེའི་དམྱལ་བར་འགྲོ། །སྤྱིར་ན་གཞན་སྐྱོན་མཐོང་ཚད་རང་གི་སྐྱོན། །བཞིན་རས་ངན་པ་མེ་ལོང་ནང་དུ་འཆར། །མེ་ལོང་སྐྱོན་མིན་རང་གི་གདོང་པའི་སྐྱོན། །དེ་ལྟར་ཤེས་ནས་ཕྱོགས་རིས་མེད་པ་ལ། །དག་སྣང་འབྱོངས་ཚེ་མངོན་དགའ་བདེ་ལྡན་སོགས། །དག་པའི་ཞིང་མཆོག་ཕྱི་རུ་ཚོལ་མི་དགོས། །སྐུ་དང་ཞིང་ཁམས་རང་གི་སེམས་ལས་རྙེད། །རྣམ་གྲོལ་གཏན་གྱི་འདུན་མ་འགྲུབ་པར་འགྱུར། །ཛཾ་ཐང་རྗེ་དབོན་དམ་ཆོས་བཞེད་སྐོང་སླད། །གང་ཤར་ཚིགས་སུ་བཅད་པའི་གདམས་ངག་འདི། །ངེས་དོན་སྙིང་པོའི་


LT36_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ལ་རབ་གུས་ཤིང་། །དོན་སྒོམ་སྤོང་བ་པ་ཡི་གཟུགས་བརྙན་ཅན། །བློ་གྲོས་མཐའ་ཡས་ཞེས་བྱའི་ཀུ་སཱ་ལིས། །ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྨྲས། །དགེ་བས་ཉམས་རྟོགས་ཡར་ཟླ་ལྟར་རྒྱས་ཤོག །དགེ་ལེགས་འཕེལ། ༈ །རྗེ་དཔལ་ལྡན་བླ་མ་རིན་པོ་ཆེ། །བདག་སྙིང་ནས་གདུང་བས་གསོལ་འདེབས་ན། །ཚིག་དོན་དང་ལྡན་པར་བྱིན་གྱིས་རློབས། །རང་རྒྱུད་ལ་སྤང་རྟོགས་མི་ལྡན་པས། །གཞན་ལ་གདམས་པ་བརྗོད་དཀའ་ཡང་། །ཁྱེད་སྙིང་ནས་གུས་པའི་དམ་ཚིག་ཅན། །གསུང་མི་གཅོག་ཕྱིར་དུ་ཚིག་གི་འགག །ཚེ་མ་ཚོར་ངང་དུ་ཟད་ལ་ཐུག །འདི་གཏན་འདུན་ཉེས་པའི་ལྟས་སུ་འདུག །དུས་རྟག་ཏུ་ལོངས་མེད་དྲན་པ་ཡིས། །ཚེ་འདིར་ལྟོས་བྱ་བཞག་མ་སྒྲུབས་མཛོད། །ཚེ་འདིར་སྣང་ཐམས་ཅད་རྨི་ལམ་ལྟར། །ཅི་བྱུང་གང་བྱུང་དུ་བོར་ལ་ཐོང་། །དེས་ཆོས་ཀྱི་ཕྱེད་ཀ་ཚར་བ་ལགས། །བློ་གཏོད་ས་མ་ནོར་དཀོན་མཆོག་གསུམ། །རང་དེ་རྗེས་ཞུགས་པ་དྲན་མཛོད་ལ། །ཆོས་འགལ་ཀུན་རྨི་ལམ་དུ་ཡང་སྤོངས། །ཆོས་བྱ་རྒྱུ་མ་ནོར་ཐེག་པ་ཆེ། །རང་དོན་གྱི་ཡིད་བྱེད་མེད་པ་ཡིས། །ཚོགས་གཉིས་ལ་ཅི་འགྲུབ་གསག་པར་འཚལ། །ལམ་བགྲོད་ས་མ་ནོར་རྫོགས་པ་ཆེ། །ཡིད་དཔྱོད་ཀྱི་ལྟ་སྒོམ་བྲལ་བ་ཡིས། །དོན་རང་རིག་མངོན་སུམ་བསྐྱང་བར་ཞུ། །ཕྱི་སྣང་བ་བཞི་ཡི་སྣང་ཉམས་དང་། །ནང་


LT36_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

རིག་སྟོང་རྟོགས་པ་ཟུང་འབྲེལ་བ། །ཐེ་ཚོམ་དང་ལེ་ལོ་སྤངས་པ་ཡིས། །མངོན་སུམ་གྱི་གནད་ལ་གཅུན་ནུས་ན། །ཚེ་འདི་ལ་འཚང་རྒྱའི་སྐལ་མེད་ཀྱང་། །བར་དོ་རུ་གྲོལ་བར་ཐེ་ཚོམ་མེད། །ལྟ་བ་མཐོ་ལ་སྤྱོད་པ་ཞིབ། །སྒོམ་ལུགས་ཡངས་ལ་བཤད་ལུགས་དོགས། །ང་རྒྱལ་ཆུང་ལ་སྙིང་རྗེ་ཆེ། །རང་ཚུགས་བརླིང་ལ་དག་སྣང་འབྱོངས། །ཆོས་དང་མཐུན་པའི་རྣམ་ཐར་ཡིན། །སངས་རྒྱས་ཉིད་སྟོན་པར་འཛིན་ཕྱིན་ཆད། །རྣམ་ཐར་དེ་འདྲ་བསྐྱང་བར་ཞུ། །དེང་སང་གི་ལུགས་སྲོལ་ཕལ་མོ་ཆེ། །ཆོས་དང་འགལ་བའི་ལོག་སྤྱོད་ཡིན། །དེ་མ་འགྲུབ་པ་ལ་རྩི་ཞིག་འགྱོད། །དོན་མདོ་རྩ་ཡིན་ནོ་སྐལ་པ་ཅན། །ཚིག་བརྗོད་པ་མང་པོས་ཅི་ཞིག་བྱ། །གནས་ཙཱ་འདྲ་རིན་ཆེན་བྲག་གི་མགུལ། །ཀུན་བཟང་བདེ་ཆེན་འོད་གསལ་གྱི། །གླིང་རྟག་གནས་སྤོང་བ་པ་ཡི་གཟུགས། །བློ་གྲོས་མཐའ་ཡས་དེ་སྐད་སྨྲ། །ཁྱེད་སྐུ་ཚེ་རྡོ་རྗེ་ལྟར་བརྟན་ཅིང་། །ཉམས་རྟོགས་པ་ཡར་ཟླའི་ངོ་བཞིན་རྒྱས། །བསམ་དོན་ཀུན་ཡོངས་སུ་འགྲུབ་པ་ཡི། །སྨོན་ལམ་དང་འདུན་པའི་རྟེན་འབྲེལ་ཞུ། ཞེས་པའང་གང་ན་ས་ཆེན་པོ་རྟ་རྣ་དགོན་དམར་སྤྲུལ་པའི་སྐུའི་ཐུགས་བཞེད་སྐོང་སླད་དུ་སྨྲས་པ་མངྒ་ལཾ། ༈ །ན་མོ་གུ་རུ། ལྟ་སྒོམ་བཤད་ཚུལ་མང་ལགས་ཀྱང་། །རང་སེམས་ངོ་བོ་སྐྱོང་ལ་འདུས། །སེམས་ཞེས་གཞན་དུ་


LT36_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་མིན། །ད་ལྟའི་རྣམ་རྟོག་འདི་ཀ་ཡིན། །དེ་རྗེས་ཕྱི་རུ་མི་འབྲང་བར། །ཁོ་རང་རང་ངོ་བལྟས་པའི་ཚེ། །བལྟ་བྱ་ལྟ་བྱེད་གཉིས་སུ་མེད། །སྟོང་པ་ཡིན་པས་དངོས་པོ་མེད། །གསལ་བ་ཡིན་པས་རང་གིས་རིག །ཐ་དད་མ་ཡིན་ཟུང་དུ་འཇུག །ཅི་ཡང་མེད་ལས་ཅི་ཡང་འཆར། །དེ་ཉིད་རང་ངོ་ཤེས་ཙམ་གྱི། །མི་བརྗེད་དྲན་པས་བསྐྱང་བ་ལས། །བསྒོམ་བྱ་གཞན་དུ་མི་འཚོལ་ཞིང་། །ཡིན་མིན་བཟོ་བཅོས་རེ་དོགས་ཀྱིས། །མ་བསླད་རང་སར་བཞག་པ་ཡིན། །ཐ་མལ་ཤེས་པ་བཟོ་མེད་འདི། །ཆོས་སྐུ་འོད་གསལ་མཐར་ཐུག་ཡིན། །ཕྱག་རྫོགས་ཆོས་སྐད་གྲངས་མང་ཡང་། །ཉམས་ལེན་རྩ་བ་འདི་རུ་འདུས། །དེ་ཡིས་མི་ཆོག་སངས་རྒྱས་ཞེས། །བཟང་པོ་གཞན་དུ་ཚོལ་བ་དེ། །རེ་དོགས་འཆིང་བ་ཡིན་ཕྱིར་སྤོངས། །དེ་འདྲ་ཇི་བཞིན་རྟོགས་པའི་ཐབས། །མོས་གུས་ཚོགས་བསགས་གལ་ཆེ་བས། །རྟག་ཏུ་བླ་མ་ཨོ་རྒྱན་རྗེར། །མོས་གུས་གནད་དུ་བསྣུན་པ་དང་། །སྒོ་གསུམ་དགེ་ལ་འབད་པར་འཚལ། །སྒ་སྟོད་ཁྲི་འདུའི་རིག་སྔགས་འཆང་། །རང་སློབ་པདྨ་ཆོས་འཕེལ་ངོར། །བློ་གྲོས་མཐའ་ཡས་ཀུ་སཱ་ལིས། །བདེ་ཆེན་འོད་གསལ་གླིང་ནས་བྲིས། །དགེ་ལེགས་འཕེལ། ༈ །མཚན་ལྡན་གྱི་བླ་མ་རིན་པོ་ཆེ། །རྗེ་པདྨའི་མཚན་ཅན་དབྱིངས་ནས་གཟིགས། །བདག་སྐལ་


LT36_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

དམན་སྙིགས་དུས་སུ་སྐྱེས་པའི་བུ། །བཟང་ངན་གྱི་འབྲེལ་པ་ཐོགས་ཚད་ཀུན། །ཁྱེད་མ་གཏོགས་རེ་ས་གཞན་མེད་པས། །འཁོར་བ་དང་ངན་སོང་དུ་མ་བཏང་བར། །ཐར་པ་བྱང་ཆུབ་ཀྱི་ལམ་ལ་འདྲེན་ཏུ་གསོལ། ཀྱེ་མ། མི་ལུས་ཐོབ་ཁ་རུ་ཁྱི་ལུས་དང་། །དམྱལ་བར་འགྲོ་ཁ་རུ་དཔོན་ལུས་བཞིན། །བླ་འདོད་ཙམ་དོན་དུ་མ་གཉེར་ཡང་། །རང་ཤུགས་ཀྱིས་བླ་མའི་མིང་སྙན་ཐོབ། །བདག་འདྲ་བའི་བླ་མའི་གཟུགས་བརྙན་ལ། །སྔོན་ལས་ཀྱི་གཡེར་གྲགས་མ་གཏོགས་པ། །དོན་རང་རྒྱུད་ལ་ཡོན་ཏན་ཏིལ་ཙམ་མེད། །དེ་མེད་པས་མི་ཡི་ནང་ནས་བུད། །གནས་ས་སྟོང་ལྐོག་ཉལ་བྱས་ནས་སུ། །དུག་ལྔ་པོ་ཁ་ཡན་སྤྱོད་ན་ཡང་། །དེ་ཡོན་ཏན་ཡིན་པར་མཐོང་ནས་སུ། །མི་ཀླད་མེད་རང་འདྲ་ཁ་ཅིག་གིས། །སྦྱིན་བདག་བྱས་ནས་བསྙེན་བཀུར་བསྟབས། །སློབ་མ་རུ་བྱས་ནས་དབང་ཆོས་ཞུས། །ཐ་ནའང་ཞལ་མཇལ་ཕྱག་དབང་ཟེར། །མི་མདོ་མེད་ཀླད་པ་ཆུང་བའི་དོན། །ངོ་མ་ཆོག་ཅི་ཟེར་ཁ་ལ་ཉན། །དགོས་ཟེར་ཚད་མཐའ་རུ་ཕྱིན་པ་ན། །ཕན་མ་བཏགས་གནོད་པ་བྱས་པ་འདྲ། ཁ་ཅིག་གིས་ངོ་སྲུང་མི་འདུག་ཟེར། ཁ་ཅིག་གིས་སྣ་ལེན་མ་བྱས་ཟེར། ཁ་ཅིག་གིས་སྤྱོད་པ་ཆོབ་འདུག་ཟེར། ཁ་ཅིག་གིས་བཟང་མེད་ངན་མེད་ཟེར། །ལར་དུས་ངན་གྱི་སྐབས་འདིར་རང་གཞན་ཀུན། །འདོད་ཁམས་ཀྱི་བདག་པོས་


LT36_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབས། །ངོ་མ་ཤེས་གོང་ནས་བླ་མར་བསྟེན། །ཡིད་མ་ཆེས་གོང་ནས་སློབ་མར་བཟུང་། །ཚིག་ཐོས་ལོངས་མེད་པར་སྒྲུབ་ལ་ཞུགས། །དོན་རྟོགས་ལོངས་མེད་པར་བཤད་སྙིང་འདོད། །སེམས་གཏད་སོ་མེད་པར་གཞན་དོན་སྤྱོད། །བདག་བླ་མའི་ཡོན་ཏན་མི་ལྡན་ཅིང་། །དབང་ཁྲིད་སོགས་ལོངས་སྐབས་མེད་བྱས་ཀྱང་། །ཚོགས་མ་བསགས་པ་ཡི་མི་འགའ་ཞིག །ཚིག་ཐོས་པ་ཙམ་གྱིས་གྲོལ་འདྲ་བའི། །ནན་ཆེན་པོས་དོན་དུ་གཉེར་བའི་མཐར། །སྔགས་བླ་མེད་ཀྱི་དབང་བཞི་ཡོངས་རྫོགས་བསྐུར། །དོན་སྙིང་པོའི་གདམས་པ་ཟབ་མོ་ཉན། །འདའ་དཀའ་བའི་དམ་ཚིག་གཉན་པོས་སྦྲེལ། །དེ་ཚར་ནས་ཕན་ཚུན་ཐག་ཆོད་པ། །ཕོ་ཁྲམ་པ་ཟས་ལ་ཚོགས་བ་བཞིན། །ཆོས་གདམས་ངག་ཐོས་ཀྱང་རྒྱུད་མ་དུལ། །དོན་བདེན་པ་བཤད་ཀྱང་ཡིད་མི་ཆེས། །ལས་ཅི་དྲག་བྱས་ཀྱང་མགུ་དུས་མེད། །ཐག་རིང་ཚད་ཀུན་གྱི་རྣ་སྙན་ལབ། །འདྲིས་ཆེ་ཚད་ཀུན་གྱི་སྐྱོན་མཚངས་བརྗོད། ཁ་དང་དད་འདྲ་ཡང་གཏིང་ལ་མེད། །འཕྲལ་བཟང་བཟང་འདྲ་ཡང་ཕུགས་སུ་རྩུབ། །ནོར་འབུལ་བ་བླངས་ན་འཕྲོག་པའང་། །ལས་བྱ་བ་བཅོལ་ན་ཐབས་ཀྱིས་བྱོལ། །ཚིག་དྲང་པོར་སྨྲས་ན་ངོ་འཛུམ་གནག །རྫུན་བསྟོད་ར་བཏང་ན་སོ་རྩ་དཀར། །རྒྱུ་ཟང་ཟིང་མཐོང་ཚེ་ཁྱི་བཞིན་གུས། །གཞན་བསྟོད་མཁན་མཐོང་ཚེ་ཚིག་པ་ཟ། །


LT36_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྨད་གྲོགས་འཛོམ་ན་སེམས་རྩ་སྐྱིད། །ལར་བསྟོད་པའི་ཞོར་ལ་སྨད་པ་བཏང་། །མཐར་སྒྲོ་སྐུར་མང་པོས་མི་སྙན་བརྗོད། །སྐྱོན་གང་ཡོད་ངོམས་ཤིང་ཡོན་ཏན་སྦེད། །གཞི་བཟང་པོ་ཕལ་ཆེར་སྐྱོན་ཏུ་བཅོས། །སྐྱོན་ཆེན་པོ་འགའ་ཞིག་ཡོན་ཏན་མཐོང་། །བླ་མ་ལ་ཚུར་བསྙགས་མི་དྲན་པར། །དབང་མེད་དུ་ཁྲལ་ལ་ཕབ་པ་བཞིན། །བཤེས་གཉེན་ལ་དགྲ་རུ་མཐོང་བ་མང་། །བཀའ་མདོ་རྒྱུད་ནས་ཇི་སྐད་གསུངས་པ་ཡི། །བླ་སློབ་ཀྱི་མཚན་ཉིད་བསྟེན་ཚུལ་སོགས། །གོ་ལྡོག་གི་ལག་ལེན་དར་དུས་འདིར། །སྤྱིར་རྡོ་རྗེ་ཐེག་པའི་བསྟན་པ་ཉམས། །སྒོས་གསང་སྔགས་གཉན་པོ་ཚུལ་མིན་སྤྱོད། །མ་མཁའ་འགྲོ་ལྷ་སྲིན་སྡེ་བརྒྱད་འཁྲུགས། །རྒྱལ་ཁམས་ལ་མི་དགེ་སྣ་ཚོགས་འབྱུང་། །ཚེ་ཕྱི་མར་རྡོ་རྗེའི་དམྱལ་བར་འགྲོ། །རྒྱུ་དེ་འདྲ་ལག་ཏུ་ལེན་བཞིན་ཏུ། །ཉམས་པ་རྣམས་པོ་ཚོད་ཧམ་པ་མཐོ། །ཆོས་དམ་ཚིག་ཆུ་ནང་འཕེན་བཞིན་ཏུ། །ཤི་དམྱལ་བར་འགྲོ་སྙམ་ཡིད་ལ་མེད། །ཉེས་བཤགས་སྡོམ་ཚུལ་བཞིན་བྱེད་པ་དཀོན། །ཕ་བླ་མ་རྡོ་རྗེ་འཆང་ཆེན་ཀྱེ། །དུས་སྙིགས་མའི་བླ་སློབ་རྣམས་ལ་གཟིགས། །ཁྱེད་དམིགས་མེད་སྙིང་རྗེའི་ཀློང་ཡངས་ནས། །དོན་ཡེ་ཤེས་དྲི་མ་མེད་པའི་བཅུད། །དཔལ་རྡོ་རྗེ་སེམས་དཔའི་ཁྲུས་ཆུ་སྩོལ། །བདག་བཟང་འབྲེལ་ངན་


LT36_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་གྱུར་ཚད་རྣམས། །རྒྱུད་ཉེས་ལྟུང་རྣམ་དག་ཚངས་པར་མཛོད། །མཆོག་མི་འགྱུར་རྡོ་རྗེ་གསུམ་པོའི་ངང་། །ཐབས་ཤེས་རབ་ཟུང་འཇུག་སྡོམ་པ་ཡིས། །ཨེ་ཝྃ་གྱི་ཕྱག་རྒྱ་ཆེ་འགྲུབ་ཤོག །བདག་དང་བདག་འདྲའི་དུས་ངན་བླ་སློབ་འབྲེལ་ཚུལ་ལ་སྙིང་ནས་སྐྱོ་བ་སྐྱེས་ཏེ་བདེན་པར་སྨྲས་པའི་གླུའོ། ༈ །དུས་དེང་སང་སྙིགས་མའི་མཐའ་ལ་ཐུག །མི་ཐམས་ཅད་ལས་དང་བསོད་ནམས་དམན། །སེམས་རྨུ་རྒོད་ཉོན་མོངས་མེ་ལྟར་འབར། །བདེན་ཕུག་བཞག་བྱེད་མཁན་ཉིད་སྐར་འདྲ། །ཚེ་འདི་ཕྱི་ལས་འབྲས་ཁྱད་དུ་གསོད། །ཁྲེལ་ངོ་ཚ་བསམ་པ་ཡིད་ལ་མེད། །ནོར་ཏིལ་འབྲུ་ཙམ་ལ་འདི་ཕྱི་བརྗེ། །ལྷ་དཀོན་མཆོག་གསུམ་ལ་ལོག་པར་ལྟ། །དྲིན་ཆེ་བའི་ཕ་མ་ཁྱད་དུ་བསད། །གཏན་ཚེ་རོག་ཡིན་ཀྱང་རྒས་ནས་བསྐྱུར། །ཕན་བཏགས་པའི་ལན་དུ་གནོད་པ་བསྐྱེལ། །དྲིན་ཆེ་ཚད་རྣམས་ཀྱི་ཡི་ཐག་བཅད། །རང་རྒྱལ་ཁ་ཐོབ་པས་མི་ཆོག་པར། །ཕ་རོལ་པོ་གཏན་ནས་མེད་པར་འདོད། །ཕུ་ཉེས་མེད་རི་དྭགས་རྩད་ནས་སྐམ། །དེས་དཀར་ཕྱོགས་དབུ་འཕང་དམའ་བའི་རྟགས། །ལས་དགེ་བ་སྤྱོད་རྣམས་དོན་མི་འགྲུབ། །བར་གཡོ་ཁྲམ་རྫུན་གྱི་འཁོར་ལོ་བསྐོར། །དེས་ལྷ་སྲིན་སྡེ་བརྒྱད་འཁྲུགས་པའི་རྟགས། །རིམས་ས་གཡོ་བཙའ་སད་སེར་བས་བཅོམ། །མདའ་མནའ་ཟ་ཁྲེལ་འགོམ་རྐུ་འཕྲོག་


LT36_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། །བདུད་ནག་ཕྱོགས་འབྱུང་པོ་ཁ་རྒྱལ་ནས། །ལས་མི་དགེ་སྤྱོད་ཚད་བསམ་དོན་འགྲུབ། །ཚེ་མེད་པས་སྐྱེས་ལུས་ཡུད་ཀྱིས་རྫོགས། །ལོ་མ་ལོན་གོང་ནས་བསམ་མནོ་ལོན། །ལོ་ལོན་དུས་བསམ་མནོ་ཕྱིན་ཅི་ལོག །ནང་བསོད་ནམས་མེད་པའི་ཕྱི་རྟགས་སུ། །མགོ་སྐྲ་ཡི་གསེབ་ནས་ཐལ་རྡུལ་ཁོལ། །གདོང་སྣུམ་བཅུད་བཀྲག་མེད་སྐྱ་ལ་ཧོམ། །གོས་བཀྲག་མེད་མེ་ཏོག་སད་ཁྱེར་འདྲ་བློ་བཟང་པོ་མི་དྲན་ངན་པ་དྲན། །དོན་བདེན་པ་བཤད་ན་ཐེ་ཚོམ་སྐྱེ། །སྡིག་མི་དགེའི་ཕྱོགས་སུ་ནམ་ཡང་ལངས། །ལས་བཟང་པོ་བསླབས་ཀྱང་ལོབ་དུས་མེད། །བསླབ་མ་དགོས་སྤྱོད་ངན་སྣ་ཚོགས་ཤེས། །མི་གསར་པ་འཕྲད་ན་ལྷ་རུ་ལྟ། །ཆས་གསར་པ་རྣམས་ལ་རྩིས་སུ་བྱེད། །ལོ་རེ་ལ་བཟང་ངན་འགྱུར་ལྡོག་མང་། །བརྡུང་ཐུབ་ན་ཕ་མགོ་ཡིན་ཀྱང་བརྡུང་། །འཕྲོག་ཐུབ་ན་བླ་མའི་དཀོར་ཡང་བཅོམ། །གཡོ་དགོས་ན་མ་རྒན་མགོ་བོ་བསྐོར། །ཁྲམ་དགོས་ན་ཚེ་རོག་ཟས་སྐལ་བཅད། །རྫུན་ཕྱི་རྐུབ་བུད་ཀྱང་ངོ་ཚ་མེད། །གཏམ་དེ་རིང་སྨྲས་པ་སང་ཉིན་བརྗེད། །ལས་ད་ལྟ་བརྩམས་པ་ད་ལྟ་བསྐྱུར། །དུས་ད་ལྟ་བཤད་པ་དོ་དགོངས་མེད། །མི་འཕྲད་མ་ཐག་ཏུ་ངོ་ཤེས་བསྒྲིགས། །ངོ་ཤེས་མ་ཐག་ཏུ་སྙིང་གཏམ་བཤད། །རྒྱུས་མ་ལོན་གོང་ནས་ནང་མི་བྱེད། །རྒྱུས་ལོན་ནས་མནའ་བཞག་ཤག་པོ་བསླུ། །བློ་གཏོད་པའི་


LT36_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

འདྲིས་ཡོད་ཐབས་ཀྱིས་བསྒྱུར། །དྲིན་ཆེ་བའི་གཉེན་བཤེས་རྒྱང་དུ་བོར། །དོན་ཆུང་ཆུང་ལ་ཡང་འདི་ཕྱི་བརྗེ། །ཟས་ངན་དོན་ཙམ་ལ་ངོ་ཚ་བོར། །མནའ་ནག་པོ་ཞིམ་ཟས་བཞིན་ཏུ་ཟ། །སྡིག་མི་དགེ་ཕ་ཟོག་བཞིན་ཏུ་བསགས། །བདེན་ཡ་རབས་སྤྱོད་པ་ཐན་ཏུ་ལྟ། །ཆོས་དཀར་པོ་དགེ་བ་དུག་བཞིན་སྤང་། །ལར་གནས་སྐབས་ཡུད་ཙམ་མ་གཏོགས་པ། །ལོ་རྗེས་མར་ཅི་འགྱུར་མི་དྲན་ན། །ཚེ་ཕྱི་མར་ལྟ་ཡང་ཅི་ཞིག་སྨོས། །ལོ་རེ་རི་ལས་རེ་རེས་ངན་ཏུ་སོང་། །མི་སྔ་མ་ལས་ཕྱི་མས་ཞན་ཏུ་སོང་། །སྡིག་མི་དགེ་སྤྱོད་པ་ཇེ་མང་སོང་། །བློ་བསམ་ཤེས་ལྡན་པ་ཇེ་དཀོན་སོང་། །རྗེ་རྒྱལ་བའི་བསྟན་པ་ནུབ་རིར་ཕྱོགས། །ཚད་ལྡན་གྱི་རྗེས་འཇུག་ཉིན་མོའི་སྐར། །ད་དུང་ཡང་ཇེ་ལས་ཇེ་ཞན་འགྲོ། །དུས་ངན་པའི་མཐར་ཐུག་འདི་འདྲ་བར། །ལུས་བླངས་པའི་སེམས་ཅན་བསོད་ནམས་དམན། །ལར་གང་ནས་བསམ་ཡང་ཡི་མུག་སྐྱེ། །ཁྱོད་ཁོང་པར་དོན་སྙིང་ཡོད་པ་རྣམས། །དུས་བཟང་པོ་ཤར་སྒུག་རེ་བ་ཡིས། །ཚེ་འདི་ལ་རྟག་འཛིན་མ་ཆེ་བར། །མཐོང་ཚད་ལ་སྐྱོ་ཤས་དྲག་པོ་དང་། །ཐོས་ཚད་ལ་ངེས་འབྱུང་བསྐྱེད་ནས་སུ། །མི་རང་མགོ་ཐོན་པའི་ལྷ་ཆོས་མཛོད། །ཆོས་ལག་ཏུ་ལོན་ཚད་རྒྱལ་བ་ལགས། །བདག་རང་ཡང་དུས་ངན་སྙིགས་མའི་མི། །སྐྱེས་ཕོ་ཡི་གྲལ་མཐའ་མ་གཏོགས་པ། །མི་གཞན་སྐྱོན་རྟོགས་པའི་ཡོན་ཏན་


LT36_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །ཡ་རབས་ཀྱི་ཚུགས་ཁ་མི་འདུག་ཀྱང་། །མི་གསར་སྐྱེས་ཕལ་ལ་དཔག་པ་ན། །སྐྱེ་སྔ་བའི་ཡོན་ཏན་ཅུང་ཟད་འདུག །ལོ་ལོན་པས་མགོ་ལ་སྐྲ་དཀར་སྐྱེས། །སྐྱིད་མཐོང་བས་ལུས་ལ་གྱ་རྒུད་མེད། །བློ་དྲང་བས་ཀུན་གྱིས་བདེན་པར་འཛིན། །གཡོ་མེད་པས་ཀུན་དང་སྣང་བ་མཐུན། །ཆོས་བྱས་པས་བླ་མའི་མིང་ཡང་ཐོགས། །སྤོང་ཀློག་གི་ལག་རྗེས་ཅུང་ཟད་བདོག །དེ་གཅིག་ཏུ་སྔོན་བསགས་ལས་འཕྲོ་དང་། །རྗེ་བླ་མ་དཀོན་མཆོག་ལ་བློ་གཏད་པའི། །ཐུགས་རྗེ་དང་བྱིན་རླབས་བསླུ་མེད་ལགས། །སྐྱབས་འདི་ལ་བསླུ་བ་མི་འདུག་པས། །བསམ་བློ་ཡི་ངལ་བ་བརྒྱ་ཕྲག་གིས། །ཐབས་རྩོལ་བ་མང་པོ་ཕར་བཞག་ནས། །བློ་བླ་མ་དཀོན་མཆོག་ལ་གཏོད་ནུས་ན། །ཚེ་འདི་ཕྱིའི་བསམ་དོན་ཀུན་འགྲུབ་ཅིང་། །གཏན་བདེ་བའི་འདུན་མ་འབྱུང་ངེས་པས། །ཁྱེད་ད་ལྟར་བཞུགས་དང་སླད་ནས་འབྱོན། །ཚིག་འདི་ཡང་ཐུག་ལ་གཅག་པར་ཞུ། སྙིགས་མ་མཐར་ཐུག་པའི་དུས་དང་སྐྱེ་བོ་མི་སྲུན་པ་རྣམས་ཀྱི་འགྱུར་བས་སྐྱོ་ཤས་ཁ་ཙམ་མིན་པར་སྐྱེས་ཏེ་ཐལ་བྱུང་གི་སྨྲེ་སྔགས་བློ་གྲོས་མཐའ་ཡས་ཀྱི་མགྲིན་པའི་ལམ་ནས་ཐོན་པའོ།། ༈ །།ཁྱོད་མདོ་མེད་མི་དེ་དྲན་རྒྱུ་མང་། ཁ་བདེན་བདེན་འདྲ་ཡང་དོན་ལ་མེད། ཁ་བལྟས་ན་རྒྱལ་ཁམས་ཉི་མ་ཤར། །དོན་


LT36_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཏུ་ལེན་དུས་མུན་པ་རུབ། །ཁྱོད་རྩོལ་ཆུང་མི་དེ་ཟེར་རྒྱུ་མང་། །སེམས་དྲན་ཚད་ཐམས་ཅད་ཁ་རུ་འདོན། ཁས་སྨྲས་ཚད་ལག་ལེན་གཅིག་ཀྱང་མེད། །ལག་བླང་ན་མ་རབས་བྱ་བ་བྱེད། །ཁྱོད་བློ་མང་མི་དེ་བྱེད་རྒྱུ་མང་། །ལས་གཅིག་འགོ་མི་ཐོན་གཉིས་ལ་འཇུག །ཡར་མཐོ་ས་བཞག་ལ་ཕྱིར་ལ་བསྙགས། །དམའ་རང་མལ་མི་ཟུག་མཐོ་བསྙབ་བྱེད། །ཁྱོད་སེམས་ཆུང་མི་དེ་དགའ་སྡུག་མང་། །ཚིག་མཐོ་དམན་ཙམ་གྱི་གནད་མི་ཁྱག །ངོ་དཀར་ནག་ཙམ་གྱིས་རང་མཚངས་ཕོག །ཟས་བཟང་ངན་ཙམ་གྱིས་མགུ་འཁོང་སྐྱེན། །ཁྱོད་སྤྲོ་ཐུང་མི་དེ་འགྱུར་ལྡོག་མང་། །སེམས་སྐྱིད་དུས་བྱང་ཆུབ་སེམས་དཔའ་འདྲ། །སེམས་སྡུག་དུས་སྦྲུལ་ལ་གཙེས་པ་འདྲ། །དུས་རྟག་ཏུ་རྒྱུས་པ་མིས་ཚིག་འདྲ། །ཁྱོད་ཐ་ཆད་མི་དེ་འདྲིས་རོག་མང་། །འདྲིས་རྙིང་ཚད་རྣམས་དང་རིམ་པར་བྱེ། །མི་རྒྱུས་མེད་རྣམས་དང་གསར་འདྲིས་ཚོལ། །ཉམས་བཅར་ན་བློ་གཏད་གཅིག་ཀྱང་མེད། །ཁྱོད་མར་པས་མི་དེ་ཟ་རོག་མང་། །ལྟོ་འབོལ་དུས་ངོ་དགའ་མཁས་ཚང་བསྡུ། །ལྟོ་ལྟོག་དུས་ཁྲེལ་དང་ངོ་ཚ་བོར། །ལས་རང་བྱས་ལ་ཕྱི་མིག་ལྟ་མི་ཤེས། །ཁྱོད་འདོད་ཅན་མི་དེ་ཆགས་པ་ཆེ། །གདོང་སྐྱ་སྐྱ་མཐོང་ན་འཛུམ་ཆུང་ཤོར། །ནོར་བཟང་བཟང་མཐོང་ན་སེམས་རྩ་འགུལ། །མི་དབུལ་པོས་བསླངས་ཀྱང་སེར་སྣ་དམ། །ཁྱོད་


LT36_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་མེད་མི་དེ་རང་འདོད་ཆེ། །མིས་དྲང་པོར་ལབ་ཀྱང་བདེན་མི་འཛིན། །སེམས་གཡོ་སྒྱུ་ཆེ་ཡང་ངོ་ཚ་མེད། །མི་གཞན་མགོ་གཡོགས་ཀྱང་ཤ་ཚ་མེད། །ཚེ་ཐོག་མེད་ནས་ལས་ངན་ཁུར་པོ་ཁུར། །ཉོན་མོངས་པའི་གྲོགས་དང་ཡུན་རིང་འདྲིས། །དུས་དེང་སང་མི་ལུས་རིན་ཆེན་ཐོབ། །ཆོས་སངས་རྒྱས་བསྟན་པ་མཇལ་བའི་དུས། །ལས་ཅི་བྱེད་རང་གི་ལག་ཏུ་གདའ། །ལྕགས་སྲ་མོ་བཏུལ་ན་བཟོ་ཆས་ཐོན། །རྡོ་མཁྲེགས་པ་བཞུས་ན་རིན་ཆེན་འབྱུང་། །ཞིང་ཐ་རེངས་རྨོས་ན་ལོ་ཏོག་སྐྱེ། །ཕྱུགས་མི་སྲུན་བཏུལ་ཡང་ཞོན་ཁལ་ཕེར། །ཚིག་གོ་ཤེས་ཡོད་པ་མི་ཡི་བུ། །སྙིང་ཁོང་པའི་གདིང་ནས་མ་དུལ་ན། །ལམ་ཐར་པར་བགྲོད་ལ་དཀའ་ཚེགས་མེད། །ལས་རང་ལག་ཡོད་ཀྱང་གཞན་དབང་ཤོར། །ཆོས་བྱེད་བསམ་ངང་དུ་མི་ཚེ་ཟད། ཁ་ལྟོ་རྒྱབ་རྗེས་སུ་རྒྱུག་རྒྱུག་ནས། །ཆོས་ཐོས་བསམ་སྒོམ་གསུམ་དབྱིངས་སུ་ཡལ། །དྲིན་ཆེ་བའི་སྐྱོན་ལ་བརྟགས་བརྟགས་ནས། །སྡོམ་དམ་ཚིག་ཆུ་ཡི་ནང་དུ་བོར། །ངག་དོན་མེད་གཏམ་གླེང་མང་མང་ནས། །འདོན་བཟླས་བརྗོད་ས་རྒྱབ་ལྐོག་ལངས་བྱས། །ཡིད་འབྲས་མེད་བསམ་བློ་བཏང་བཏང་ནས། །བསྐྱེད་རྫོགས་པ་མི་མངོན་དབྱིངས་སུ་ཐིམ། །ལས་ཅི་བྱས་འདི་བྱས་མེད་པ་དང་། །དོན་ཅི་ཐོན་འདི་ཐོན་གཅིག་ཀྱང་མེད། །ལར་ད་ལྟའི་དུས་ན་བདག་འདྲ་


LT36_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །ལུས་སེར་གོས་གྱོན་པའི་བནྡེ་དང་། །ལག་བགྲང་ཕྲེང་ཐོགས་པའི་མཚམས་པ་དང་། །སེམས་རྣལ་དུ་མི་གནས་རྟོགས་ལྡན་དང་། །དཀོར་གྲོང་ཆོག་སྡུད་པའི་བླ་གཟུགས་རྣམས། །སྐྱབས་དཀོན་མཆོག་གསུམ་པོའི་བཀའ་དྲིན་གྱིས། །ལྟོ་ཕོ་བ་རྒྱགས་ཀྱང་ཁོག་ནད་ཆེ། །གོས་མིག་སྔར་མཛེས་ཀྱང་ཞེ་ལ་གཟན། །ནོར་ཅི་འདོད་འབྱོར་ཡང་ཞེན་པ་ལོག །ཚེ་འདི་གང་སྐྱིད་ཀྱང་ཕྱི་མར་སྡུག །འཕྲལ་ནམ་ཕུག་གཉིས་ཀར་ཕན་པའི་ཆོས། །དོན་བཤད་མཁན་ཡོད་ཀྱང་ཉན་མཁན་མེད། །ཚིག་ཉན་མཁན་ཡོད་ཀྱང་གོ་མཁན་མེད། །ཕྱོགས་གོ་ཡང་ལག་ཏུ་ལེན་པ་དཀོན། །ལག་བླངས་ཀྱང་མཐའ་རུ་ཕྱིན་པ་དཀོན། །བཤད་ཤེས་ཀྱང་རང་ཉམས་ལེན་པ་དཀོན། །གང་བྱས་ཀྱང་ལས་འཕྲོ་དམན་པའི་མི། །གར་བལྟས་ཀྱང་དུས་ངན་སྙིགས་མའི་རྟགས། །ད་འདི་འདྲའི་དུས་སུ་ཆོས་མཐུན་གྱི། །བསམ་སྦྱོར་བ་སྣེ་གཅིག་མཐར་ཕྱིན་ན། །དེ་མི་རྗེས་སླེབ་པའི་ཕ་ཡི་བུ། །ཕྱིར་མི་ལྡོག་གཏན་འདུན་འགྲུབ་པ་ལགས། །རང་གཞན་སྙིགས་དུས་ཀྱི་སྤྱོད་ཚུལ་ཡ་ང་ལ་སྐྱུགས་བྲོ་བ། དུ་བྲོ་ལ་ཉམས་མཚར་བས་ན་བུན་གྱི་ཕྲེང་བ་བཞིན་ཏུ་གཡེང་བར་མཐོང་ནས་དབེན་པའི་རི་ངོགས་སུ་བློ་གྲོས་མཐའ་ཡས་ཀྱིས་ཤུགས་འབྱུང་སྨྲ་བ་ཟང་ཐལ་དུ་སོང་བ་ལགས་སོ། །ཕ་རྗེ་བཙུན་བླ་མའི་


LT36_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ལ་འདུད། །བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །ཚེ་ཕ་རོལ་བདེ་བར་འདོད་པ་རྣམས། །ཚེ་འདི་ལ་རྟག་པར་མ་འཛིན་ཅིག །མཐོ་ནམ་མཁའི་སྤྲིན་དཀར་ལང་མ་ལིང་། །དུས་གཏན་དུ་སྡོད་ད་སྡོད་འདྲ་ན་ཡང་། །གློ་བུར་དུ་སྐྱི་སེར་རླུང་གིས་གཏོར། །དགུང་སྔོན་སྟོང་པ་མཐོང་ཚེ་སྐྱོ་བའི་རྒྱུ། །ཆབ་ཀོ་མོག་མཚོ་ཆུང་ཉལ་མ་ཉིལ། །དུས་གཏན་དུ་འཁྱིལ་འཁྱིལ་འདྲ་ན་ཡང་། །གློ་བུར་དུ་ཐན་པའི་ངད་ཀྱིས་སྐམ། །འདམ་པ་སྒོག་པོ་མཐོང་ཚེ་སྐྱོ་བའི་རྒྱུ། །ཤོང་ལྗོན་པའི་སྐྱེད་ཚལ་ལོ་འདབ་སྔོ། །དུས་རྟག་ཏུ་རྒྱས་རྒྱས་འདྲ་ན་ཡང་། །སྟོན་བ་སིར་བུས་རྙིང་ཞིང་ཐང་ལ་ལྷགས། །སྡོང་པོ་སྐྱ་ཟེང་མཐོང་ཚེ་སྐྱོ་བའི་རྒྱུ། །ཐང་སྤང་ལྗོངས་མེ་ཏོག་ཚེམ་མ་བུས་མཛེས། །དུས་གཏན་དུ་སྐྱིད་སྐྱིད་འདྲ་ལགས་ཀྱང་། །སྟོན་བ་མོས་ཞག་གཅིག་ཉིད་ལ་སྐམ། །ཐང་ཆེན་སྐྱ་བོ་མཐོང་ཚེ་སྐྱོ་བའི་རྒྱུ། །དབྱར་མེ་ཏོག་ཕྲེང་བ་ལྟ་ན་སྡུག །དུས་རྟག་ཏུ་མཛེས་མཛེས་འདྲ་ལགས་ཀྱང་། །སད་སེར་བས་སྐད་ཅིག་ཉིད་ལ་ཡལ། །ཡུ་བ་གོག་པོ་མཐོང་ཚེ་སྐྱོ་བའི་རྒྱུ། །གཞོན་ཕོ་མོ་དཀར་དམར་བཀྲག་མདངས་ཅན། །དུས་རྟག་དུ་གཅེས་གཅེས་འདྲ་ལགས་ཀྱང་། །རྒས་ལང་ཚོ་རྙིང་ནས་མི་སྡུག་གཟུགས། །འཚོ་བའི་ཐ་མར་གྱུར་ཚེ་སྐྱོ་བའི་རྒྱུ། །མི་


LT36_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་ལང་ཚོ་དར་ལ་བབས། །དུས་རྟག་ཏུ་སྡོད་སྡོད་འདྲ་ལགས་ཀྱང་། །གློ་བུར་དུ་འཆི་བའི་ནད་ཀྱིས་ཐེབས། །མལ་ས་སྟོང་པ་མཐོང་ཚེ་སྐྱོ་བའི་རྒྱུ། །ཚེ་རིང་པོ་ཞིག་ཏུ་འཚོ་སྙམ་ཡང་། །ཤི་མི་རྟག་པ་ལ་དུས་བཏབ་མེད། །འཕྲལ་ཆོས་ལ་བརྩོན་འགྲུས་མ་བརྩམས་ན། །འདི་བྱ་སྙམ་ངང་དུ་མི་ཚེ་འདའ། །རྒས་རྒས་སུ་སྡོད་པ་སྲིད་མཐའ་ཙམ། །ཚེ་ངེས་པ་མེད་པ་གློ་བུར་འཆི། །བྱ་བྱེད་ཀྱི་ཤོམ་ར་འདིང་བ་ཀུན། །བསམ་ཐོག་ཏུ་ཁེལ་བ་རེ་རེ་ཙམ། །ལས་བྱེད་འཕྲོ་ཕལ་ཆེར་ཤུལ་དུ་ལུས། །ཡུལ་བོད་དུ་སྐྱེས་པའི་བཀའ་དྲིན་གྱིས། །ཚེ་ཕྱི་མར་ཆོས་ཀྱིས་ཕན་ནོ་ཞེས། །ཕྱུགས་གནག་རྫི་ཡན་ཆད་སྨྲ་བ་གཅིག །ལག་ལོན་པ་ཆོས་པ་ལ་ཡང་དཀའ། ཁ་ཆོས་བྱེད་ཟེར་བ་མང་ཡོད་ཀྱང་། །ཆོས་སྙིང་ནས་སྒྲུབ་པ་ཉིན་སྐར་འདྲ། །གཟུགས་བརྙན་གྱི་ཆོས་པས་ས་སྟེང་གང་། །ཆོས་རྒྱུད་ཐོག་འབྱོར་བ་ཤིན་ཏུ་དཀོན། །ལུས་སེར་གོས་གྱོན་པའི་རབ་བྱུང་གཟུགས། །སེམས་ཉོན་མོངས་འཁྲུགས་པའི་མི་ནག་པ། །ཁ་ལྟོ་རྒྱབ་ཙམ་གྱི་གྲུབ་དོན་ལ། །གཏན་འདུན་མ་ཕུང་བའི་བློ་ཉེས་པོ། །མཐོང་ཚད་ཀུན་འཆི་བའི་སྐུ་ལ་འདེབས་དང་། །ཐོས་ཚད་ཀུན་མི་རྟག་རང་བཞིན་དེ། །དུས་རིང་པོར་མི་ཐོགས་རང་ཉིད་ལ། །འབྱུང་ངེས་པའི་བློ་ཐག་གཅོད་དུས་བབས། །


LT36_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བབས་མ་ཟད་རེ་ཞིག་ཕྱིས་པའི་སྐྱོན། །མགོ་སྐྲ་དཀར་ལྷ་ཡི་ཕོ་ཉ་དང་། །གདོང་གཉེར་མ་གཤིན་རྗེའི་ཁོང་འཛུམ་དང་། །བར་དབང་པོ་རྒུད་པའི་ཕྲིན་པ་རྣམས། །དུས་གཅིག་ཏུ་འཛོམ་ཚེ་སེམས་རྩ་སྐྱོ། །འཆི་མི་རྟག་དྲན་པས་བློ་སྙིང་འདར། །ལོ་ཟླ་བ་ལྟ་ཅི་སང་ཉིན་ཙམ། །སྡོད་ངེས་པའི་བློ་གདིང་མེད་པའི་དུས། །ཆོས་དྲན་ཀྱང་ཨ་ཐང་ཆད་པའི་རྒྱུ། །ཆོས་བྱེད་ན་རང་དབང་ཡོད་དུས་གྱིས། །རྟེན་དལ་བརྒྱད་འབྱོར་བཅུ་ཚང་བའི་མི། །ལས་བཟང་པོས་རྒྱལ་བསྟན་མཇལ་བ་རྣམས། །རྨི་ལམ་ན་དབུལ་པོས་ནོར་རྙེད་བཞིན། །མི་སྲིད་པའི་མནོག་ཆེན་ཐོབ་པའི་དུས། །སེམས་ངེས་འབྱུང་དྲག་པོས་བློ་ཐག་སྟུངས། །བློ་ཕྱི་བཤོལ་མ་བྱེད་ཆོས་ལ་གཤེགས། །ཆོས་བྱང་ཆུབ་སེམས་གཉིས་རྒྱུད་ལ་སྦྱོར། །རྒྱུད་ཆོས་དང་འདྲེས་ཚེ་སྐྱིད་ཐོག་སླེབ། །སྐྱིད་ཞེ་བློ་བདེ་ན་ཆོས་དོན་འགྲུབ། །ཚིག་འདི་ཙམ་སྨྲས་པའང་དོན་ཡོད་ཅིང་། །ཡོང་སྐལ་ལྡན་རྣམས་ལ་ཕན་པར་ཤོག །ཅེས་པའང་འཇམ་པའི་རྡོ་རྗེ་དཔོན་སློབ་རིན་པོ་ཆེའི་རིགས་དཔོན་འཕགས་ནོར་བདུན་གྱིས་རྒྱུད་ཕྱུག་བ་གང་དེའི་བཞེད་སྐོངས་སུ་བློ་གྲོས་མཐའ་ཡས་པའི་སྡེས་སྤང་ལྗོངས་སྐྱེད་མོས་ཚལ་གྱི་གྲིབ་བསིལ་དུ་ངེས་པར་འབྱུང་བའི་བློ་དང་བཅས་ཏེ་སྨྲས་པའོ།། ༈ །།རྗེ་འགྲན་ཟླ་ཀུན་བྲལ་རྡོ་རྗེ་འཆང་། །


LT36_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་པདྨ་ཉིན་བྱེད་ཞབས་ལ་འདུད། །ཚེ་འདི་སྣང་བདེན་མེད་རྨི་ལམ་འདྲ། །མི་རྟག་པ་ནམ་འོང་ཆ་མ་མཆིས། །བྱུང་དུས་སུ་བཟློག་ཐབས་ཅད་མེད་པས། །སྐབས་དེ་དུས་ཕན་པར་ངེས་པ་ནི། །དམ་པ་ཡི་ཆོས་མཆོག་ཁོ་ན་ཡིན། །ཆོས་ཀུན་གྱི་རྩ་བ་རང་གི་སེམས། །སེམས་འདུལ་ན་ཆོས་སྒོ་ཐམས་ཅད་འདུས། །ཆོས་བྱས་བྱས་མང་པོས་ཚེ་ཟད་ཀྱང་། །སེམས་མ་ཐུལ་ཐར་པའི་འབྲས་མི་ཐོབ། །སེམས་འདུལ་ཐབས་མདོ་རྒྱུད་ཐམས་ཅད་ནས། །ཐབས་དཔག་ཏུ་མེད་པ་གསུང་ན་ཡང་། །མདོར་བསྡུ་ན་ཀུན་རྫོབ་དོན་དམ་གྱི། །བྱང་ཆུབ་སེམས་གཉིས་པོ་སྦྱོང་ཐབས་ལགས། །དེ་ཇི་བཞིན་རྒྱུད་ལ་འབྱོར་པ་ནི། །ཚེ་བློས་བཏང་ཆོས་པ་མ་གཏོགས་པ། །མི་ཕལ་པས་ཉམས་སུ་ལོན་པར་དཀའ། །འོན་ཀྱང་རང་དབང་ཡོད་དུས་སུ། །དད་པ་དང་བརྩོན་འགྲུས་མ་ཆུང་ན། །སྤྱོད་ལམ་ཀུན་བྱང་ཆུབ་ལམ་བསྒྱུར་བ། །ཐེག་ཆེན་དང་གསང་སྔགས་ཁྱད་ཆོས་ཡིན། །དེ་བས་ན་འདི་བཞིན་ཉམས་ལེན་མཛོད། །སེམས་ཅན་ཀུན་ཕམ་ཡིན་ཤེས་པས། །སྙིང་རུས་པའི་གཏིང་ནས་བརྩེ་བ་ཡི། །བྱམས་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ནས། །དེ་དག་ཀུན་སངས་རྒྱས་ཐོབ་པའི་ཕྱིར། །ལུས་ངག་ཡིད་དགེ་ལ་བཀོལ་བ་ཡི། །བློ་བཅོས་མ་མིན་པས་གཞི་བཟུང་ནས། །སྣོད་བཅུད་དང་རང་གཞན་


LT36_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་གཉེན་ཀུན། །སྒྱུ་མ་དང་རྨི་ལམ་སྣང་བ་བཞིན། །བདེན་མེད་ཀྱི་འདུན་པ་རྟག་ཏུ་སྦྱང་། །ཚུར་རང་གི་སེམས་ལ་བལྟས་ཙམ་ན། །གཟུགས་དངོས་པོར་མ་གྲུབ་སྟོང་པ་ཉིད། །ཅང་མེད་པ་མ་ཡིན་གསལ་ཞིང་རིག། སྟོང་གསལ་ཉིད་གནས་ལུགས་གཉུག་མའི་གཤིས། །དེ་བཟོ་བཅོས་མི་བྱེད་རང་བབ་བཞག །བརྗེད་མེད་ཀྱི་དྲན་པས་རྟག་ཏུ་བསྐྱང་། །སྒྲིམས་དྲགས་ན་རྟོག་པ་འཕྲོ་རྐྱེན་བྱེད། །གློད་དྲགས་ན་མ་ཚོར་ཡུལ་ལ་ཡེངས། །དེ་བས་ན་སྒྲིམས་གློད་རན་པོ་ཡིས། །ཡུན་ཐུང་ལ་གྲངས་མང་མཉམ་པར་བཞག །ལས་དང་པོ་ལ་གཅེས་པའི་གདམས་ངག་ཡིན། །སེམས་ཟེར་བ་ད་ལྟའི་རྣམ་རྟོག་ནི། །སྣ་ཚོགས་སུ་འཕྲོ་མཁན་འདི་ཉིད་ཡིན། །དེ་འཕྲོ་སའི་ཡུལ་ལ་མི་དཔྱད་པར། །འཕྲོ་མཁན་དང་གནས་མཁན་གྱི་རང་ངོ་ལ། ཁ་ནང་དུ་ལོག་ནས་བལྟས་པ་ཡིས། །བརྗོད་མི་ཤེས་ཀྱང་མྱོང་རྒྱུ་ཡོད་པ་ཡི། །གསལ་སྟོང་གི་ཤེས་པ་ལྷག་གེར་འཆར། །སེམས་ངོ་བོ་ལྟ་བ་དེ་ལ་ཟེར། །ཡུན་རིང་དུ་གོམས་ན་ཉམས་རྟོགས་སྐྱེ། །ལར་ཉམས་ལེན་སྙིང་ནས་བྱེད་པ་ལ། །དགོས་མེད་ཀྱི་བློ་སྣ་ཐུང་བ་དང་། །བླ་མ་ལ་མོས་གུས་འབྲལ་མེད་དང་། །དྲན་ཤེས་ཀྱིས་ཡང་ཡང་གསལ་འདེབས་རྣམས། །མེད་ཐབས་མེད་པའི་གདམས་ངག་ཡིན། །


LT36_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དེ་དག་ཐུགས་ལ་གཅག་པ་ནས། །ཆོས་བཞིན་གྱི་བསམ་པ་མཐར་ཕྱིན་ཅིང་། །བྱང་ཆུབ་ཀྱི་ལམ་སྣ་ཟིན་པ་ཞིག །སྙིང་ཐག་པ་ནས་སྨོན་ལམ་ཞུ་བ་ལགས། །ཅེས་དལ་འབྱོར་གྱི་སྡོང་པོ་ལ་ཆོས་ལྡན་གྱི་ཡལ་ག་རྒྱས་པ་ནཱ་ཐ་ལ།།།བཞེད་ངོར་གུ་ས་སྨྲས་པ་དགེ། ༈ །ན་མོ་གུར་བེ། ཐོག་མར་ནམ་འཆི་ཆ་མེད་བློ་སྣ་སྟུངས། །བར་དུ་ལས་ཀྱི་རྣམ་སྨིན་བསླུ་མེད་སོམས། །རྟག་ཏུ་བླ་མའི་མོས་གུས་མི་འབྲལ་བར། །ད་ལྟའི་ཐ་མལ་ཤེས་པ་སྐད་ཅིག་མར། །རང་ངོ་རིག་ཐོག་བཟོ་བཅོས་དགག་སྒྲུབ་དང་། །རེ་དོགས་བཅོས་བསྒྱུར་གང་ཡང་མི་བྱེད་པར། །དྲན་པ་རྒྱུན་ཆད་མེད་པས་རྟག་ཏུ་བསྐྱང་། །རང་སེམས་ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །གསལ་བ་ལོངས་སྐུ་རིག་རྩལ་སྤྲུལ་པའི་སྐུ། །དབྱེར་མེད་རང་ངོ་ཤེས་ཤིང་བསྐྱང་ནུས་ན། །འབད་རྩོལ་མི་དགོས་སངས་རྒྱས་སེམས་ལས་རྙེད། །སྣང་སྲིད་ཆོས་སྐུ་གཉུག་མའི་ཡོ་ལངས་ཉིད། །གདོད་ནས་སུ་ཡང་འཁྲུལ་མ་མྱོང་བས་ན། །ཐམས་ཅད་རང་གྲོལ་ཡེ་སངས་རྒྱས་པའི་དོན། །རིག་པ་སྙིང་དབུས་སད་ནས་གདོད་མའི་གཞིར། །མངོན་པར་བྱང་ཆུབ་དགེ་ལེགས་དཔལ་འབར་ཤོག །ཅེས་པའང་བན་ཆེན་དགོན་གྱི་ཚེ་མཚམས་དགེ་འདུན་ངོར་གུ་ས་སྨྲས་པ་དགེ། ༈ །རྒྱལ་བ་ཀུན་འདུས་པདྨ་དབང་། །རང་གཞན་


LT36_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་དགྲོལ་བྱིན་གྱིས་རློབས། །ཆོས་ཀུན་རྩ་བ་རང་སེམས་ལ། །འདུས་པས་རང་སེམས་རྟག་ཏུ་སྐྱོངས། །མཁར་ལ་རྩིགས་རྨིང་མེད་ཐབས་མེད། །ཆོས་ལ་སྔོན་འགྲོ་མེད་ཐབས་མེད། །རྨིང་གཞི་ལེགས་ན་ཁང་མཁར་བརྟན། །སྔོན་འགྲོ་འབྱོངས་ན་ཉམས་རྟོགས་སྐྱེ། །དེ་བས་དུས་རྒྱུན་མི་རྟག་པའི། །འདུ་ཤེས་སྙིང་ལ་གཟེར་བ་དང་། ཁམས་གསུམ་འཁོར་བར་ཞེན་ལོག་ནས། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བརྩོན། །གཞན་དོན་བྱང་ཆུབ་མཆོག་སེམས་བསྐྱེད། །ཡིག་བརྒྱས་སྒྲིབ་པ་ཉམས་ཆགས་སྦྱོང་། །མཎྜལ་གྱིས་ནི་ཚོགས་ཆེན་བསག །ཁྱད་པར་བླ་མའི་རྣལ་འབྱོར་བརྩོན། །བླ་མའི་བྱིན་རླབས་མ་ཞུགས་པར། །རྟོགས་པའི་ཡེ་ཤེས་མི་འཆར་ཞིང་། །ཅུང་ཟད་འཆར་ཡང་འགྲིབ་པར་འགྱུར། །དེ་བས་རྟོགས་པ་སྐྱེ་འདོད་ན། །ལོ་ཏོག་སྐྱེད་ལ་རླན་དྲོད་ལྟར། །མོས་གུས་ཁོ་ན་གལ་རེ་ཆེ། །འཆི་བ་སྙིང་ནས་དྲན་པ་དང་། །མོས་གུས་དག་སྣང་ཆེ་བ་དང་། །ལས་འབྲས་མིག་ལྟར་སྲུང་བ་ན། །རང་བྱུང་རྟོགས་པ་ཤུགས་ལ་འཆར། །འདི་ཕྱིར་བདེ་བའི་མགོ་ལོ་ཚུགས། །ཟོབ་ཆོས་བརྒྱ་ཡིས་དོ་ཟླ་མིན། །དེ་ཀུན་སྤྱི་ཡི་བསླབ་བྱ་ལགས། །དངོས་གཞི་ཞི་གནས་ནས་བཟུང་སྟེ། །སྒོམ་མེད་ཆེན་པོར་སླེབ་ཀྱི་བར། །ཐད་ཀར་སྐྱོང་


LT36_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་སྐྱེ་ཚུལ་དང་། །ངོ་སྤྲོད་གདབ་ཚུལ་རེ་རེ་ཡོད། །གཅིག་དཔེ་ཀུན་ལ་མཚུངས་པ་མིན། །དང་པོར་བསམ་མཁན་བསམ་ཡུལ་གཉིས། །འཕྲད་པའི་སྐད་ཅིག་དང་པོ་དེར། །ཆོད་ན་སྣད་ཚད་སེམས་སུ་ཆོད། །མ་ཆོད་སྐད་ཅིག་གཉིས་པ་ནས། །སྣང་བ་རིག་པ་ཕར་ཚུར་ལུས། །འཁྲུལ་པ་རང་ག་མ་རུ་འབྱམས། །དེས་ན་གང་ཤར་ངོ་བོ་ལ། །དཔྱོད་པ་དང་པོའི་སྐྱོང་ཚུལ་མིན། །བཅད་མཁན་སྐད་ཅིག་མ་དེ་ཡང་། །མི་སྤང་མི་འདེད་རང་ཐོག་ན། །རྩོལ་མེད་ཀློང་ས་བཞག་པ་དེ། །གོམས་ན་གང་ཤར་སྐད་ཅིག་མ། །ཡུལ་མེད་རང་རིག་རང་གསལ་རྟོགས། །སྒོམ་ཆེན་གསར་བུའི་བློ་རྟེན་ཡིན། །རང་གི་སེམས་ལ་བཟོ་མི་འཆོས། །ལེགས་སུ་རེ་དང་མ་ལེགས་དོགས། །ཡིན་མིན་ཐེ་ཚོམ་ཁུ་འཕྲིག་སྤང་། །རིག་པ་རྟེན་མེད་གཅེར་བུར་བཞག །སྒོ་ལྔ་རང་ཡན་ངང་དུ་ཐོང་། །འགྱུ་བ་རང་གྲོལ་ཆུ་རླབས་བཞིན། །མདོར་ན་བསམ་མནོ་ཀུན་སྤངས་ནས། །མ་བཅོས་རང་བབ་བཞག་པ་ནི། །ད་ལྟའི་སྒོམ་ཆེན་ཕ་མཁར་ཡིན། །བཞག་ཤེས་མང་ཡང་བཤིགས་ཤེས་དཀོན། །མ་བཤིགས་ཉམས་ཀྱི་རྩི་ལ་འབྱར། །སྒོམ་མོ་སྙམ་པའི་དྲན་ཐག་བཅད། །སྒོམ་མཁན་རང་གི་ངོ་བོར་ལྟོས། །ཆེད་དུ་མི་བསྒོམ་དྲན་ཐག་མཐུད། །མདོར་ན་དྲན་པ་ཁོ་ན་ལས། །བསྒོམ་དུ་ཅི་


LT36_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མེད་པ་ནི། །བསྒོམ་མེད་ཡེངས་མེད་གནད་ཀ་ཡིན། །ཕྱི་ནང་འཆར་ཚུལ་ཐད་ཀར་ཆོད། །སྤྱོད་ལམ་རྣམ་བཞི་ཅི་བྱས་ཀྱང་། །རིག་པ་རྩོལ་མེད་ལྷུག་པ་ལས། །མི་འདའ་རང་བྱུང་རང་གསལ་ངང་། །བྱ་རྒོད་གནམ་འཕང་གཅོད་པ་ལྟར། །ཡིད་ཆེས་དཔའ་བའི་གདིང་ཐོབ་ནས། །རྟོགས་ལྡན་མིང་དུ་འབོད་པ་ཡིན། །འཕྲོ་རྒོད་ཚབ་ཚུབ་སྐྱོང་མི་བདེ། །རིག་པ་ཀློད་མ་ཤེས་པས་ལེན། །ཤེས་ཤེས་འདྲ་ལ་མི་ཤེས་པ། །ཉེ་བཞག་རྒྱངས་ནས་བསྐོར་བས་ལེན། །ཉི་མ་སྤྲིན་སྒྲིབ་ཆུ་རྙོགས་འདྲ། །རིག་པ་དྭངས་སྙིགས་མ་ཕྱེད་ལེན། །དེ་ལ་འཇམ་རླུང་བག་ཙམ་བཟུང་། །ལྟ་སྟངས་སྤྲིན་མེད་མཁའ་ལ་གཏད། །ཤེས་པ་མིག་ཏུ་བཅུག་ནས་ནི། །རིག་པ་ངར་སྐྱེད་མཁའ་དང་བསྲེ། །ཡུལ་སེམས་གང་ལའང་མི་དཔྱོད་པར། །རྩ་བྲལ་ཧྲིག་གེ་རྗེན་ནེར་བཞག །བོགས་འདོན་གདམས་པ་ཟབ་མོ་ཡིན། །མདོར་ན་ལུས་གནད་ལྟ་སྟངས་བཅས། །དང་པོ་རིག་པ་མ་བཅོས་པར། །སྒོམ་མེད་ངང་དུ་ཡེངས་མེད་འཇོག། བར་དུ་སྒོམ་མཁན་རང་ངོར་བལྟ། །བསྒོམ་མེད་ངང་དུ་ཤིག་གེར་བཤིག །ཐ་མལ་དྲན་ཐག་མ་ཆད་པར། །རིག་པ་རྟེན་མེད་ངང་དུ་བསྐྱང་། །གོམས་ནས་འཇོག་བཤིག་མི་དགོས་པར། །དྲན་རིག་ལྷོངས་


LT36_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བུད་པ་ན། །ཐུན་བསྒོམ་མཐའ་རུ་ཕྱིན་པ་ཡིན། །ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །རང་བཞིན་གསལ་བ་ལོངས་སྤྱོད་རྫོགས། །ཐུགས་རྗེ་འགག་མེད་སྤྲུལ་པའི་སྐུ། །སྐུ་གསུམ་རང་སེམས་གཅིག་ལ་ཚང་། །ངོ་འཕྲོད་ཐེ་ཚོམ་ཆོད་པ་ན། །སངས་རྒྱས་སེམས་ལས་རྙེད་པའི་ཕྱིར། །ཟབ་ཆོས་སྐུ་གསུམ་ངོ་སྤྲོད་གསུང་། །དབྱིངས་རིག་རང་རྩལ་གསུམ་གྱི་དོན། །བོན་རྣམས་མ་བུ་རྩལ་གསུམ་ཟེར། །ཆོས་སྐད་ཙམ་ལས་དོན་དུ་གཅིག །དོན་འདི་ཡུན་རིང་གོམས་དགོས་ཏེ། །ལན་རེ་དྲན་ཀྱང་བརྟན་ཐོབ་མིན། །བསྒོམ་ཡུན་ཤི་དང་མཉམ་ཞེས་གསུངས། །ཞི་གནས་ཙམ་ལ་ཡིད་བརྟོན་ན། །མགྲོན་པོ་ལམ་དུ་གཉིད་ལོག་འདྲ། །ཞི་གནས་མེད་པར་ལྷག་མཐོང་བཙལ། །ཆུ་སྣོད་མེད་པའི་ཟླ་གཟུགས་འདྲ། །ཞི་ལྷག་ཟུང་འབྲེལ་རྒྱལ་བའི་ལམ། །གོ་ན་འཁོར་བ་དོང་ནས་སྤྲུགས། །མྱོང་བས་ཐར་པའི་ལམ་སྣ་ཟིན། །རྟོགས་པ་བརྟན་ན་གྲུབ་ཐོབ་འགྱུར། །གཤེན་བཙུན་དྲུང་མུའི་མིང་ཅན་གྱི། །ཐུགས་དམ་གསལ་འདེབས་བཞེད་དོན་དང་། །མཐུན་པར་བློ་གྲོས་མཐའ་ཡས་ཀྱིས། །ཉིན་ལྷུང་དབེན་པའི་རི་ངོགས་སུ། །ཤར་མར་གདམས་འདིས་འགྲོ་ཕན་ཤོག །མངྒ་ལཾ། ༈ །ན་མོ་གུ་རུ། ཞི་གནས་རྩེ་གཅིག་སེམས་འཛིན་ནི། །ལས་དང་པོ་པ་ལ་གཅེས་པ་ཡིན། །


LT36_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་ནས་རང་ངོ་ཤེས་པ་ཡི། །ལྷག་མཐོང་མེད་ན་གོ་མི་ཆོད། །ཅིས་ཀྱང་སྒོམ་ཆེན་རྒན་པོ་ཡིས། །གནས་དང་མི་གནས་འགྱུ་མི་འགྱུའི། །དགག་སྒྲུབ་རེ་དོགས་བྱེད་དོན་མེད། །གང་ཤར་རང་བབ་ངང་དུ་ཞོག། བཟོ་བཅོས་མེད་པའི་རང་ངོ་སྐྱོང་། །རྣམ་རྟོག་ཆོས་སྐུར་ཤེས་པར་མཛོད། །སྐད་ཅིག་རང་སར་གྲོལ་བ་ཡིན། མངྒ་ལཾ། ༈ །རྡོ་རྗེ་འཆང་དངོས་པདྨ་ཉིན་བྱེད་ཞབས། །བདག་སྙིང་ཆུ་སྐྱེས་དབུས་ནས་བརྩེར་དགོངས་ལ། །སྐལ་ལྡན་རྒྱུད་ལ་ཡེ་ཤེས་དབང་བསྐུར་སྩོལ། །སྐྱེས་མཆོག་དམ་པ་སྒྲུབ་ལ་བརྩོན་པ་ཁྱེད། །སྒོ་གསུམ་ཐ་མལ་ལུས་པ་བདག་ལྟ་བུའི། །ཚིག་གིས་ཆོས་ལ་བསྐུལ་བ་མི་འཚལ་ཡང་། །གཞན་ཕན་ཕྱིར་དུ་བཀའ་ཡིས་བསྐུལ་བའི་ལེན། །ལྟ་སྒོམ་སྤྱོད་པའི་གནས་ཚུལ་ཅུང་ཟད་གསོལ། །ཡང་དག་ལྟ་བ་རྟོགས་ན་གནས་ལུགས་ཡིན། །གནས་ལུགས་ཞེས་པ་གདོད་མའི་བཞུགས་ཚུལ་ལགས། །དེ་ལས་གཞན་པའི་སངས་རྒྱས་གུད་ན་མེད། །སྟོང་གསལ་གཉིས་སུ་མེད་པའི་ཡེ་ཤེས་འདི། །སུས་ཀྱང་མ་བྱས་རང་བྱུང་རང་ཤར་ལ། །བློ་ཡི་ཡུལ་ལས་འདས་པས་སྤྲོས་དང་བྲལ། །རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་སྐུ་དང་། །ཐ་མར་འགྲོ་བ་ཀུན་གྱི་གཤིས་ལུགས་ལ། །


LT36_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ངན་ཆེ་ཆུང་མེད་དེ་ཀུན་ལ་ཁྱབ། །རྒྱལ་བའི་ཆོས་སྐུ་གཉིས་མེད་ཡེ་ཤེས་ཀྱིས། །འཁོར་འདས་ལམ་གསུམ་རྟག་ཏུ་ཁྱབ་པས་ན། །རང་སེམས་འོད་གསལ་འདི་ཡང་དེའི་ཆ། །དབྱིངས་ཀྱི་ངོ་བོ་འཕོ་འགྱུར་མེད་པས་རྟག །གློ་བུར་དྲི་མ་དག་ན་ཡེ་ཤེས་དེ། །མངོན་གྱུར་རྒྱལ་བའི་དབྱིངས་དང་རོ་གཅིག་གྱུར། །འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན་ཡིན་པའི། །གཏན་ཚིགས་དེ་ཡིན་རང་བྱུང་རྒྱལ་བ་དང་། །ཀུན་མཁྱེན་ཡབ་སྲས་བཞེད་དགོངས་འཁྲུལ་མེད་ལགས། །སྒོམ་པས་ཉམས་སུ་ལེན་སྐབས་ཕྱོགས་རེ་བའི། །བཅོས་མའི་སྒོམ་པས་མ་བཅོས་དོན་མི་མཐོང་། །མོས་གུས་སྟོབས་ཀྱིས་གཉུག་མའི་ཤེས་པ་དེ། །སྙིང་ལ་སད་ན་རང་བྱུང་ཡེ་ཤེས་ཡིན། །དང་པོའི་ལས་ཅན་འདུ་བྱེད་དྲན་པ་བསྟེན། །དྲན་པ་ཉམས་ན་དགེ་བའི་ཆོས་ཀུན་འཇིག །ཇི་སྲིད་དྲན་དང་ཤེས་བཞིན་མ་ཉམས་པ། །དེ་སྲིད་སྲིད་པའི་ས་བོན་རང་སར་འགག །ཀློང་དུ་གྱུར་ན་དྲན་པའི་བཏོད་ཕུར་བུད། །འཛིན་དྲན་དག་ཚེ་སེམས་ཀྱི་ལྷད་མེད་པས། །འཁོར་འདས་ཀུན་ཀྱང་རིག་པའི་མདངས་སུ་ཤར། །ཅི་སྣང་ཆོས་སྐུའི་ཡོ་ལངས་ངོ་མཚར་ཆེ། །སྟོང་གསལ་འགག་པ་མེད་པ་རིག་པའི་འགྲོས། །རང་བབ་གཉུག་མའི་ལམ་ལས་མི་འཁྱོག་ན། །དེ་ཚེ་རྣལ་འབྱོར་


LT36_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་ཆེན་རྫོགས་པ་ཡིན། །ཚིག་གི་ལོ་མ་མང་པོས་ཅི་ཞིག་བྱ། །དེ་ཡིས་མ་ཚིམས་བཅོས་མ་སྒོམ་པ་ནི། །རྒྱ་མཚོ་བོར་ནས་སྨྲིག་རྒྱུ་འདོད་དང་མཚུངས། །འགྲོ་བ་འདི་རྣམས་དེ་ལྟར་མ་རྟོགས་པས། །སྡུག་བསྔལ་འཁོར་མོ་ཡུག་ཏུ་སྤྱོད་པ་ལ། །སྟོང་པའི་རང་མདངས་སྙིང་རྗེ་ཤར་བ་དེ། །ནམ་མཁའ་ཇི་སྲིད་གཞན་དོན་ལྷུན་གྲུབ་རྒྱུ། །སོ་སྐྱེའི་འགྲོ་དོན་རང་གཞན་མགོ་བསྐོར་ཡིན། །འཁོར་བའི་གནས་སུ་ཐོག་མ་མེད་པ་ནས། །སྔར་བསགས་སྒྲིབ་པའི་ཁུར་པོ་ལྗིད་དྲག་ན། །སྡོམ་གསུམ་ཆགས་ཉམས་དང་རྫས་གཤིན་སྐོར་སོགས། །སླར་ཡང་སྒྲིབ་པའི་ཁ་བསྣོན་ལན་ཕོད་དམ། །སྒྲིབ་པ་ཅན་ལ་ལོག་པར་ལྟ་བ་འཕེལ། །ལྟ་ལས་ཉམས་ན་སྤྱོད་པ་ཅི་བཟང་ཡང་། ཁམས་གསུམ་འཁོར་བའི་གནས་ལས་འཕགས་མི་ནུས། །སྒྲིབ་པ་དག་ན་རྟོགས་པ་ངང་གིས་འཆར། །ཚོགས་ཆེན་རྫོགས་ན་ཡོན་ཏན་ཤུགས་ལ་འཕེལ། །བཅོས་མའི་སྤྱོད་པ་མཐའ་རུ་འཁྱོལ་བར་དཀའ། །མི་འགྲུབ་དམ་བཅའ་མང་པོ་རང་ཕུང་རྒྱུ། །མ་བཅོས་སྤྱོད་པ་རྒྱལ་བ་དགྱེས་པའི་ལམ། །དེ་ཡང་བབ་ཅོལ་སྤྱོད་ལ་ཟེར་བ་མིན། །མི་དགེའི་ལས་དང་རང་འདོད་འཁྲིས་མེད་པར། །མོག་གུས་སྙིང་རྗེ་སྟོང་ཉིད་རྣལ་འབྱོར་གྱིས། །ཆེད་དུ་མ་སྤང་ཆེད་དུ་མ་བླང་བར། །དྲན་དང་ཤེས་བཞིན་


LT36_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ལམ་རྣམ་པ་བཞིན། །བྱང་ཆུབ་ལམ་དུ་སྒྱུར་དེ་སྤྱོད་པའི་མཆོག །ཚུལ་འཆོས་བརྟུལ་ཞུགས་མང་པོས་དོ་ཟླ་མིན། །འོན་ཀྱང་རང་རེ་སྟོན་པའི་རྗེས་འཇུག་གི། །རྣམ་པ་ཡིན་ཕྱིར་ཚུལ་ཁྲིམས་མིག་ལྟར་བསྲུང་། །རྒྱལ་བས་གསུངས་པའི་སྡོམ་པ་སྣེ་གཅིག་ཙམ། ཁ་ཞེ་ངོ་ལྐོག་མེད་པར་བསྲུང་ནུས་ན། །ལྟར་སྣང་དགེ་བ་འབུམ་ཕྲག་ལས་ཀྱང་འཕགས། །དགོས་ངེས་སྡོམ་པ་དམ་ཚིག་རྒྱབ་ཏུ་བོར། །ཆོས་བརྒྱད་འཁོར་ལོ་ཧིན་ཧང་མཚན་དུ་བསྐོར། །གཡོ་འཕྲུལ་དུ་མས་འདྲེ་ཡང་དབང་དུ་སྡུད། །སྙིགས་དུས་བསོད་ཟད་རྣམས་ཀྱི་སྐྱབས་གྱུར་པའི། །ཟོག་པོས་རྒྱལ་ཁམས་གང་ནས་རྒྱལ་བའི་བསྟན། །ཡུད་ཙམ་ཐལ་བར་བྱེད་པ་འདི་མཐོང་ཚེ། །རང་བློ་རྣལ་དུ་གནས་པའི་སྐབས་མེད་ནའང་། །ངན་འགྲོའི་ལས་ཅན་རྗེས་སུ་འཇུག་ཕོད་དམ། །ད་ནི་བསྟན་པའང་རྟགས་ཙམ་འཛིན་པར་གྱུར། །སྤྱི་རུ་རྒྱལ་བསྟན་ཡུན་ཏུ་མི་གནས་ལ། །སྒོས་སུ་སྙིང་པོའི་བསྟན་པ་མུན་རུམ་ན། །གློག་འགྱུ་ཙམ་ཡིན་ཁྱད་པར་སྙིགས་མའི་ཚེ། །རླུང་ནང་མར་མེ་བཞིན་ཏུ་མི་བརྟན་ཅིང་། །ཚེ་ཕྱེད་མཇུག་འདི་ནུབ་ཁའི་ཉི་མ་འདྲ། །གཉེན་འདུན་ལོངས་སྤྱོད་ཇི་ཙམ་འཛོམ་གྱུར་ཀྱང་། །རྨི་ལམ་དཔལ་འབྱོར་ཙམ་ཡིན་སྙིང་པོ་མེད། །སྙིང་པོ་མེད་ལ་བློ་གཏད་བྱས་ལ་


LT36_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བསླུ། །རང་གིས་རང་ཉིད་གཡང་སར་མ་བསྐྱུར་ན། །གཞན་དག་ཇི་ལྟར་ངན་ཡང་འཕེན་མི་ནུས། །བློ་སྣ་རྦད་ཀྱིས་བསྟུངས་ནས་སྐད་ཅིག་ཀྱང་། །སྒོ་གསུམ་ཐ་མལ་ལམ་དུ་མ་ལུས་པར། །རང་གིས་རང་བཅུན་རྡོ་རུས་མ་གཏུག་ན། །ཡིན་ཡིན་ཡོང་ཡོང་གོ་བབ་ཙམ་གྱི་ངང་། །རང་མགོ་རུལ་བ་སྣ་ཡིས་མ་ཚོར་བར། །དོན་མེད་ངང་དུ་ཀླད་པ་ཟད་ཉན་གདའ། །མདོར་ན་རང་སེམས་ཐོག་ཏུ་ཐག་ཆོད་ཚེ། །རེ་དོགས་རྩོལ་སྒྲུབ་མདུད་པ་གྲོལ་བས་ན། །གཏད་མེད་ངང་དུ་འཁོར་འདས་སྣང་ཆ་ཀུན། །དགག་སྒྲུབ་སྤང་བླང་མེད་པར་བསྐྱུར་ཆོག་ན། །སེམས་དང་ཆོས་སུ་འདྲེས་པའི་ཉམས་ལེན་ཡིན། །ཁ་ཡིས་ཆོས་བཤད་སེམས་ལ་ཆོས་མེད་པ། །སངས་རྒྱས་བསྟན་པ་འཇིག་པའི་གཡོ་ཅན་ལགས། །རང་སེམས་ངོ་བོ་མཐོང་ན་ལྟ་བའི་རབ། །དྲན་པ་རྒྱུན་ཆད་མེད་པ་སྒོམ་པའི་རྩེ། །རེས་འཇོག་སྤང་བླང་མེད་པ་སྤྱོད་པའི་ཕུལ། །སངས་རྒྱས་སེམས་ལ་རྙེད་པ་འབྲས་བུའི་མཆོག །རྨི་ལམ་ལྟ་བུའི་འཇིག་རྟེན་བྱ་བཞག་དང་། །སྤྲོས་བཅས་ཆོས་སྤྱོད་ཟར་ཟིར་མང་པོ་ཡིས། །མི་གཡེངས་འཁྲུལ་པའི་སེམས་ཀྱི་ཁུངས་རྡིབ་སྟེ། །འོད་གསལ་ཆོས་སྐུ་མངོན་ཏུ་བྱེད་པར་ཤོག །ཅེས་པའང་སྒྲུབ་ཆེན་དོན་དམ་གྱི་རྣལ་འབྱོར་རྗེ་དབོན་བླ་མ་རིན་པོ་ཆེ་ཆོས་


LT36_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་རྒྱ་མཚོའི་བཀའ་བསྐུལ་མ་གཅོག་ཙམ་དུ་ཡོན་ཏན་རྒྱ་མཚོས་གཡུ་ཐོག་རྣམ་རྒྱལ་དགོན་ནས་ཕུལ་བ་དགེ་ལེགས་འཕེལ། ༈ །ན་མོ་གུ་རུ། རྩ་བའི་བླ་མ་དུས་གསུམ་གྱི་སངས་རྒྱས། །འབྲེལ་ཚད་དོན་ལྡན་ཐར་ལམ་གྱིས་མཁན། །སྐལ་ལྡན་སློབ་མའི་སྙིང་དཀྱིལ་དུ་ཤར་བའི། །བཟོད་ཐབས་མེད་པའི་མོས་གུས་ནི་དྲག་པོས། །གསོལ་བ་འདེབས་སོ་ཐུགས་རྗེ་ཡིས་གཟིགས་ཤིག །སྲས་བཅས་རྒྱལ་བའི་གཉིས་མེད་ཀྱི་ཡེ་ཤེས། །འགྲོ་ཀུན་གཞི་རྒྱུད་བདེ་གཤེགས་ཀྱི་སྙིང་པོ། །མཚོན་བྱ་རྟོགས་པ་དོན་བརྒྱུད་ཀྱི་བླ་མ། །རྗེ་བཙུན་བླ་མའི་དགོངས་པ་དང་རོ་གཅིག །འགྱུར་མེད་རིག་སྟོང་ཟང་ཐལ་གྱི་ངང་དུ། །གསོལ་བ་འདེབས་སོ་ཐུགས་རྗེ་ཡིས་གཟིགས་ཤིག །དཀོན་མཆོག་རྒྱལ་བ་རྒྱ་མཚོ་ཡི་བཀོད་པ། །རྩ་གསུམ་ཞི་ཁྲོའི་དཀྱིལ་འཁོར་གྱི་འཁོར་ལོ། །མཚོན་བྱེད་དཔེ་དང་གཟུགས་སྐུ་ཡི་བླ་མ། །དཔལ་ལྡན་བླ་མའི་ཡེ་ཤེས་ཀྱི་ཆོ་འཕྲུལ། །དག་སྣང་རབ་འབྱམས་རྒྱ་ཡན་གྱི་ངང་ནས། །གསོལ་བ་འདེབས་སོ་ཐུགས་རྗེ་ཡིས་གཟིགས་ཤིག །རྟེན་འབྱུང་རང་རྩལ་ཤེས་བྱ་རུ་སྲིད་ཚད། །རང་ངོ་སྤྲོད་པའི་སློབ་དཔོན་གྱི་མཆོག་གྱུར། །སྣང་བ་བརྡ་དང་ཐ་སྙད་ཀྱི་བླ་མ། །དྲིན་ཆེན་བླ་མའི་ཐུགས་རྗེ་ཡི་རང་མདངས། །ཅི་


LT36_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཆོས་ཉིད་འཁོར་ལོ་ཡི་ངང་ནས། །གསོལ་བ་འདེབས་སོ་ཐུགས་རྗེ་ཡིས་གཟིགས་ཤིག །གདོད་ནས་རང་བྱུང་གཤིས་ལུགས་ཀྱི་རིག་སྟོང་། །མཁའ་ལྟར་ཀུན་ཁྱབ་འཕོ་འགྱུར་དང་བྲལ་བ། །རང་སེམས་དོན་དམ་ཆོས་ཉིད་ཀྱི་བླ་མ། །དཔལ་ལྡན་བླ་མའི་ཐུགས་རྒྱུད་དང་དབྱེར་མེད། །མི་ཡེངས་མི་སྒོམ་རང་བབས་ཀྱི་ངང་ནས། །གསོལ་བ་འདེབས་སོ་ཐུགས་རྗེ་ཡིས་གཟིགས་ཤིག །བདག་དང་མཁའ་ཁྱབ་མ་གྱུར་གྱི་འགྲོ་དྲུག །ལས་ཉོན་བག་ཆགས་གཞན་དབང་དུ་གྱུར་པས། །དོན་མེད་རྒྱ་འབྱམས་རྨི་ལམ་ལྟར་འཁྲུལ་ཏེ། ཁམས་གསུམ་འཁོར་བའི་སྡུག་བསྔལ་ནི་དྲག་པོ། །ཟློག་པར་དཀའ་བ་བར་མེད་ཀྱིས་གཙེས་པས། །སྐྱབས་མེད་ཉམ་ཐག་གྱུར་པ་ལ་གཟིགས་ཤིག །རེས་བླ་མ་དམ་པ་ལས་མེད་དོ། །ཅི་མཛད་ཐུགས་རྗེའི་བདག་ཉིད་ཁྱེད་མཁྱེན་ནོ། །འཁྲུལ་སྣང་སྨྱོ་ཚབ་གཏད་མེད་དུ་སངས་ཤིང་། །ལས་ཤུགས་དྲག་པོ་བྱིན་རླབས་ཀྱིས་བཟློག་མཛོད། །རྡོ་རྗེའི་ཡེ་ཤེས་སྙིང་དབུས་སུ་ཕབ་སྟེ། །ཐ་མལ་ཤེས་པ་རང་ཤར་དུ་སད་ནས། །དགག་སྒྲུབ་སྤང་བླང་བཅོས་བསྒྱུར་དང་བྲལ་བའི། །ཕྱག་རྒྱ་ཆེན་པོ་གཉུག་མ་ཡི་འོད་གསལ། །འདུ་འབྲལ་རྩོལ་མེད་འཁོར་ཡུག་ཏུ་འཆར་བ། །


LT36_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་བཞིའི་དབང་ཕྱུག་བླ་མ་ཁྱེད་མཁྱེན་ནོ། །ཆོས་བཞིན་སྒྲུབ་པའི་བར་ཆད་ཀུན་ཞི་ཞིང་། །རང་གཞན་དོན་གཉིས་ལྷུན་གྲུབ་ཏུ་འབྱུང་བ། །དཔལ་ལྡན་བླ་མའི་གསང་བ་མཆོག་གསུམ་དང་། །བདག་གི་སྒོ་གསུམ་དབྱེར་མེད་དུ་ཤོག་ཅིག །ཅེས་པ་འདིའང་སྒྲུབ་བརྩོན་བླ་མ་ཀརྨ་འཆི་མེད་ཀྱིས་བཞེད་ངོར་ཡོན་ཏན་རྒྱ་མཚོས་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔར་གཡུ་ཐོག་རྣམ་རྒྱལ་དགོན་དུ་བྲིས་པ་དགེ་ལེགས་འཕེལ། ༈ །མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་ལྟ་སྒོམ་ལ་ངེས་པ་ཆ་ཙམ་རྙེད་པའི་གླུ་གཉུག་མ་རང་ཤར་ཞེས་བྱ་བ། རྡོ་རྗེ་འཆང་ཞེས་གཡེར་པོ་ཆེ། །ཡོན་ཏན་བརྒྱད་ལྡན་ཏུ་སྐད་པ་དེ། །བདག་ཐ་མལ་སྣང་ངོར་མི་ཡི་གཟུགས། །མགོན་པདྨའི་མཚན་ཅན་བྱིན་རླབས་ཅན། །སྙིང་པདྨ་འདབ་བརྒྱད་གུར་ཁང་དུ། །དུས་སྐད་ཅིག་མ་བྲལ་གསོལ་བ་བཏབ། །རྟོགས་གྲོལ་དུས་མཉམ་གྱི་སྐལ་མེད་ཀྱང་། །རང་ངོ་ཤེས་ཙམ་གྱི་བྱིན་རླབས་ཐོབ། །ཆོས་བརྒྱད་གཉེར་ཁ་ཆུང་ངུ་སོང་། །འོད་གསལ་ཆོས་སྐུ་སྒྲ་པོ་ཆེ། །ཐུགས་ཡིད་བསྲེས་པས་ལྷག་གེར་མཐོང་། །རྣམ་རྟོག་སྟེང་དུ་མི་རྟོག་རྙེད། །བློ་བྲལ་ངང་ནས་ཡེ་ཤེས་ཤར། །སངས་རྒྱས་དྭགས་པོའི་བུ་བརྒྱུད་དང་སྤྲོ་བས། །རྗེས་ཤེས་ཀྱི་མགྲིན་པ་བཏེགས་སྙིང་འདོད། །ནུབ་ཨོ་


LT36_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་མཁའ་འགྲོའི་གསང་མཛོད་ནས། །གྲུབ་ཐོབ་ཏེ་ལོ་ཆེན་པོ་ཡིས། །ནོར་བུ་རྣམ་གསུམ་གཏེར་ཁ་ཕྱེས།། །བྱང་མེ་ཏོག་མདངས་འཕྲོག་དགོན་པ་ན། །མཁས་པ་ནཱ་རོ་པ་ཆེན་གྱིས། །རླུང་སེམས་གཉིས་མེད་ཀྱི་གྲུབ་རྟགས་ཐོན། །ལྷོ་གྲོ་བོ་ལུང་གི་སྨན་ལྗོངས་སུ། །དགྱེས་མཛད་སྤྲུལ་པའི་ལོ་ཙཱ་ཡིས། །གྲུབ་ཐོབ་ཡོངས་ཀྱི་ཆུ་འགོ་བཙུགས། །ནུབ་ལ་ཕྱི་གངས་ཀྱི་རབ་ན། །སྐྱེས་མཆོག་བཞད་པ་རྡོ་རྗེ་ཡིས། །ཚེ་གཅིག་ལ་ཟུང་འཇུག་གོ་འཕང་བསྒྲུབས། །ཤར་དྭགས་ལ་སྒམ་པོའི་ཞིང་ཁམས་ནས། །རྒྱལ་བ་གཉིས་པ་འཚོ་བྱེད་ཞབས། །ས་བཅུ་པའི་ཏིང་འཛིན་མངོན་ཏུ་གྱུར། །གནས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ན། །ཆེ་བཞི་ཆུང་བརྒྱད་གྲུབ་པའི་ཁྱུ། །ཕྱག་རྒྱ་ཆེན་པོའི་སྲོག་མཐུ་གྲུབ། །སངས་ལ་མི་རྒྱ་ཀ་མེད་བྱུང་། །བྱང་ཆུབ་སེམས་ཀྱི་དབང་སྡུད་མཁས། །འགྲོ་དོན་མི་འབྱུང་ཀ་མེད་བྱུང་། །ཚོགས་གཉིས་རྫོགས་པའི་ནོར་སྒྲུབ་ཟབ། །ལོངས་སྤྱོད་མི་རྫོགས་ཀ་མེད་བྱུང་། །གཅིག་ཤེས་ཀུན་གྲོལ་མཁྱེན་པ་རྒྱས། །ལུང་ཆེན་མི་ཐོབ་ཀ་མེད་བྱུང་། །ཕ་བསགས་པ་ཅན་གྱི་བུ་རྒྱུད་ལ། །ནོར་རང་བཞིན་ཆེ་བ་སྔོན་གྱི་ལས། །སེད་དཀར་མོ་ཁྱུང་ཆེན་ཕྲུ་གུ་རྣམས། །རྩལ་རང་བཞིན་རྫོགས་པ་རིགས་ཀྱི་མཐུ། །བཀའ་གྲུབ་ཐོབ་བརྒྱུད་པའི་


LT36_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་འཇུག་ལ། །སྒོམ་རང་བཞིན་སྐྱེ་བ་བྱིན་རླབས་སྟོབས། །ལོ་གྲངས་མང་པོའི་སྡུག་ཡུས་དང་། །སོས་དལ་དུ་བསྡད་པའི་ང་རྒྱལ་དང་། །སྡུག་ཨུ་ཚུག་བྱས་པའི་ཧམ་པ་དང་། །གཞན་ཁྱད་གསོད་བྱེད་པའི་ཕོ་ཚོད་དང་། །རང་སོ་སྐྱེ་རྣམ་རྟོག་གྲངས་འདེབས་ལ། །ས་ལམ་གྱི་མངོན་རྟོགས་བརྩི་བ་སོགས། །སྙིགས་དུས་ཀྱི་བླུན་སྒོམ་ཁྱད་ཆོས་རྣམས། །མི་ལྡན་གྲུབ་ཐོབ་ཀྱི་མིང་མེད་ཀྱང་། །དཔེ་བརྒྱུད་པ་བཟང་པོའི་གདམས་ངག་གིས། །དོན་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མཐོང་། །གཞི་ཕྱག་ཆེན་ལྟ་བའི་གནས་ལུགས་གོ། ལམ་ཕྱག་ཆེན་སྒོམ་པ་ཉམས་སུ་མྱོང་། །འབྲས་ཕྱག་ཆེན་སངས་རྒྱས་སེམས་སུ་རྟོགས། །མི་ང་རང་ངན་ཏེ་བླ་མ་བཟང་། །དུས་སྙིགས་མར་སྐྱེས་ཀྱང་སྐལ་པ་ཆེ། །སྙིང་རུས་ཆུང་ཡང་གདམས་ངག་ཟབ། །གཞི་ཕྱག་རྒྱ་ཆེན་པོ་ཟེར་ཙ་ན། །གནས་ལུགས་དང་འཁྲུལ་ལུགས་གཉིས་སུ་གདའ། །འཁོར་འདས་ཀྱི་རིས་སུ་མ་ཆད་ཅིང་། །སྒྲོ་སྐུར་སྤྲོས་པའི་མཐའ་དང་བྲལ། །རྒྱུ་ཡིས་མ་བསྐྱེད་རྐྱེན་མ་བསྒྱུར། །འཁྲུལ་པས་ངན་ཏུ་མ་སོང་ཞིང་། །རྟོགས་པས་བཟང་དུ་མ་སོང་བ། །འཁྲུལ་མ་མྱོང་ལ་གྲོལ་མ་མྱོང་། །ངོ་བོ་གང་དུའང་མ་གྲུབ་པས། །རྣམ་པ་འགག་མེད་ཅིར་ཡང་འཆར། །འཁོར་འདས་ཀུན་ཁྱབ་ནམ་མཁའ་བཞིན། །འཁྲུལ་དང་གྲོལ་བ་ཀུན་གྱི་གཞི། །རང་གསལ་ཤེས་པ་


LT36_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་རུང་ཅན། །ཀུན་གཞིའི་རྣམ་པར་ཤེས་དང་བཅས། །ལུང་མ་བསྟན་དེའི་རིག་པའི་ཆ། །ངོ་བོ་སྟོང་ལ་རང་བཞིན་གསལ། །དབྱེར་མེད་རིག་པའི་སྙིང་པོ་ཅན། །ངོས་བཟུང་མེད་པ་བར་སྣང་ཁམས། །དྲི་མེད་རིན་ཆེན་དྭངས་པའི་ཤེལ། །རང་རིག་རང་གསལ་མར་མེའི་མདངས། །བརྗོད་དུ་མེད་པ་ལྐུགས་པའི་ཉམས། །མ་བསྒྲིབས་ཡེ་ཤེས་ཟང་ཐལ་བ། །འོད་གསལ་ཆོས་སྐུ་བདེ་གཤེགས་སྙིང་། །གདོད་ནས་རྣམ་དག་ལྷུན་གྱིས་གྲུབ། །དཔེ་སུས་ཀྱང་མཚོན་པར་མི་ནུས་ཤིང་། །ཚིག་གང་ཡང་བརྗོད་པར་མི་ནུས་ལ། །བློས་དཔྱད་པར་མི་བཟོད་ཆོས་ཀྱི་དབྱིངས། །འདི་ཐོག་མ་ཉིད་དུ་གཏན་ལ་དབང་། །སྒྲོ་འདོགས་ཐམས་ཅད་བཅད་ཀྱང་འཚལ། །ལྟ་ཐོག་ནས་སྒོམ་པ་སྐྱོང་བ་དེ། །མཁའ་ལྡིང་གནམ་འཕངས་གཅོད་པ་འདྲ། །གང་ལའང་ཉམ་ང་བག་ཚ་མེད། །ལྟ་བ་མེད་པའི་སྒོམ་པ་དེ། །དམུས་ལོང་ཐང་དུ་འཁྱམས་པ་འདྲ། །ལམ་ངེས་པ་ཡིན་མིན་གཏད་སོ་མེད། །སྒོམ་པར་མི་ནུས་ལྟ་བ་ཡང་། །ཕྱུག་པོ་སེར་སྣས་བཅིངས་པ་འདྲ། །རང་གཞན་ལ་དགོས་པའི་འབྲས་མི་འབྱིན། །ཟུང་འབྲེལ་དུ་སྐྱོང་བ་དམ་པའི་ལུགས། །ལུང་མ་བསྟན་པའི་གཏི་མུག་ཆ། །རྒྱུ་མཚན་ལྔས་རང་ངོ་མ་ཤེས་པས། །ལྷན་སྐྱེས་མ་རིག་རྒྱ་མཚོ་ལས། །བདག་འཛིན་འཁྲུལ་པའི་རྦ་རླབས་གཡོས། །རིག་པ་བདག་དང་རང་སྣང་ཡུལ། །


LT36_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་འཛིན་གྱི་བག་ཆགས་འཐས་པ་ལས། །ལས་བསགས་ཤིང་དེ་ལས་རྣམ་སྨིན་བྱུང་། །འཁོར་བ་ཟོ་ཆུའི་ཁྱུད་མོ་འཁོར། །འཁོར་བཞིན་ཏུ་ངོ་བོ་དྲི་མ་མེད། །སྣང་དུས་ཉིད་ནས་བདེན་པས་སྟོང་། །སྣང་ཙམ་ཡང་སྐུ་གསུམ་བཀྲ་ལམ་མེ། །སྐྱེས་པའི་རང་བཞིན་མ་སྐྱེས་པ། །མ་སྐྱེས་པ་དེ་འགག་པ་མེད། །གཉིས་མེད་བར་ན་གནས་པ་བྲལ། །བརྗོད་པར་དཀའ་བའི་སེམས་ཉིད་ལས། །འཁོར་འདས་ཀྱི་ཆོ་འཕྲུལ་སྣ་ཚོགས་ཤར། །རང་གྲོལ་དུ་ཤེས་པ་ལྟ་བའི་མཆོག །རྟོགས་ན་ཐམས་ཅད་དེ་བཞིན་ཉིད། །དགག་སྒྲུབ་མེད་ན་གཉུག་མའི་གཤིས། །བློ་ལས་འདས་ན་མཐར་ཐུག་ལགས། །ལམ་ཕྱག་རྒྱ་ཆེན་པོ་ཟེར་ཙ་ན། །སེམས་ཉིད་དང་སྣང་སྲིད་ཕྱག་རྒྱ་ཆེ། །སེམས་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་སྐྱེས་ཆོས་སྐུའི་འོད། །དཔལ་ལྡན་བླ་མའི་བྱིན་རླབས་དང་། །རང་གི་ལས་འཕྲོ་འཛོམ་པ་ན། །སྔར་འདྲིས་ཀྱི་མི་བཞིན་རང་ངོ་འཕྲོད། །བཤད་བཤད་མང་པོའི་ཁ་ན་མེད། །ལས་དང་པོ་པ་ལ་གང་ཡང་དགོས། །འདས་མ་འོངས་རྟོག་པའི་སྐྱེལ་བསུ་སྤང་། །ད་ལྟར་གྱི་ཤེས་པ་སྐད་ཅིག་མར། །བཟོ་མ་བྱས་གཉུག་མ་གཤིས་ཀྱི་ངང་། །བློས་ཆེད་དུ་བསྒོམ་རྒྱུ་རྡུལ་ཙམ་མེད། །ཡེངས་འཁྲུལ་པར་སྐད་ཅིག་མ་ཤོར་བར། །མ་ཡེངས་མི་སྒོམ་བཟོ་མེད་གནད། །


LT36_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

སོ་མ་ལྷུག་པ་རང་དྭངས་ངང་། །རྣམ་ཐར་སྒོ་གསུམ་གྱི་ནམ་མཁའ་ལ། །དྲན་ཤེས་བཞིན་བྱ་ར་ལེགས་བཀོད་ནས། །སེམས་སྒྲིམ་ཀློད་རན་པོས་རྟག་བསྐྱངས་པས། །ཕྲ་རག་སྦོམ་གསུམ་གྱི་རྟོག་ཚོགས་ཞི། །སེམས་མ་བཅོས་རང་བབ་ངང་ལ་གནས། །ཉམས་རིམ་པ་བཞི་པོ་རིམ་གྱིས་སྐྱེ། །འོད་གསལ་གྱི་ཉི་མ་ཁོར་ཡུག་འཆར། །སྒོམ་ཕྱག་རྒྱ་ཆེན་པོའི་རྩ་བ་ཚུགས། །འདི་མེད་པའི་རྟོགས་པ་མཐོའོ་སྐད། །རྨེངས་མེད་པའི་མཁར་གྱི་རྣམ་བཞག་འདྲ། །འདིར་ཧ་ཅང་ཞེན་པའང་བདུད་ཀྱི་ལས། །ཐོས་ཆུང་སྙིང་རུས་ཅན་ཕལ་ཆེར། །ལྟར་སྣང་ཡོན་ཏན་གྱིས་བློ་བྲིད་ནས། །རང་གཞན་ངན་འགྲོའི་ལམ་སྣ་བྱེད། །ཉམས་བཟང་པོ་བདེ་གསལ་མི་རྟོག་ཀྱང་། །འཛིན་པ་ཡོད་ན་འཁོར་བའི་རྒྱུ། །མོས་གུས་ཀྱིས་སྙིང་ལ་གཟེར་བཏབ་ནས། །རིག་ཐོག་ཏུ་རྡོ་རུས་འཕྲོད་པ་ན། །བྱིན་རླབས་ཀྱི་དོན་བརྒྱུད་འཕོས་པ་ལས། །ཤོར་ས་བཞི་རུ་མ་ཤོར་ཞིང་། །གོལ་ས་གསུམ་དུ་མ་ལྷུང་བ། །དགའ་བཞི་ལས་འདས་རྐྱེན་གསུམ་བྲལ། །སྐྱེ་ལུགས་གསུམ་གྱིས་མཚམས་སྦྱར་བས། །ཆེན་པོ་གསུམ་གྱི་བློས་མ་རེག །ཉམས་མྱོང་བས་མ་སྦགས་རང་བྱུང་གཤིས། །སྤྲིན་མེད་ནམ་མཁའི་དཀྱིལ་ལྟ་བུ། །རང་རིག་རང་གསལ་སྨྲར་མི་བཏུབས། །དཔེ་


LT36_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་མི་རྟོག་ཡེ་ཤེས་ཏེ། །ཐ་མལ་ཤེས་པ་རྗེན་པ་ཉིད། །གོ་ཡུལ་དང་ཕོ་ཚོད་དུ་མ་ལུས་པར། །ཆོས་ཀྱི་སྐུ་རུ་ལྷག་གིས་མཐོང་། །ཚོགས་དྲུག་གི་ཡུལ་སྣང་ཆུ་ཟླ་བཞིན། །ཡེ་ཤེས་ཀྱི་ངང་དུ་ས་ལ་ལ། །གང་ཤར་བཟོ་མེད་གཉུག་མའི་ངང་། །ཅིར་སྣང་ཕྱག་རྒྱ་ཆེན་པོའི་གཤིས། །སྣང་སྲིད་ཆོས་སྐུ་བདེ་བ་ཆེ། །སྒོམ་རང་བབ་འཇོག་པའི་ཞི་གནས་དང་། །དོན་མཐོང་མེད་མཐོང་བའི་ལྷག་མཐོང་གཉིས། །གནས་འགྱུ་རིག་གོ་ཅོག་ཀུན་ལ། །ཡ་བྲལ་མ་ཡིན་ཟུང་དུ་འཇུག །རྣམ་རྟོག་འཁྲུལ་པ་སྤང་དུ་མེད། །གཉེན་པོའི་དགེ་སྦྱོར་བསྒྲུབ་ཏུ་མེད། །རང་སར་སླེབ་པའི་དུས་ཤིག་མཆིའོ། །རྟོགས་པའི་རང་སོ་ཟིན་པ་ལ། །སྒོམ་མིན་པ་ཅི་ཡང་ཡོད་མིན་ཞིང་། །བྲལ་ཐོབ་མེད་པའི་ས་མཚམས་ན། །སྒོམ་པ་ཉིད་ཀྱང་མེད་མོད་ཀྱི། །བློ་ཡི་སྤུ་རིས་མ་ཡལ་བའི། །ལས་དང་པོ་པ་ལ་སྒོམ་པ་གཅེས། །སྒོམ་པའི་ཐོག་ནས་མྱོང་བ་འབྱུང་། །མྱོང་བ་རིག་པའི་རྒྱན་དུ་ཤར། །ལམ་ཁྱད་པར་དབྱེ་ན་རྣལ་འབྱོར་བཞི། །སེམས་རང་ངོ་ཤེས་པ་རྩེ་གཅིག་ཡིན། །དེ་ཆུང་འབྲིང་ཆེན་པོའི་རིམ་པ་ལས། །བདེ་གསལ་གྱི་ངོ་བོ་རེས་འཇོག་མཐོང་། །མཉམ་བཞག་གི་ཏིང་འཛིན་རང་དབང་ཐོབ། །ཉམས་འོད་གསལ་སྣང་བ་ཁོར་མོ་ཡུག །སེམས་རྩ་བྲལ་དུ་རྟོགས་པ་སྤྲོས་


LT36_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ཡིན། །དེ་ཆུང་འབྲིང་ཆེན་པོའི་དབྱེ་བ་ལས། །སྐྱེ་འགག་གནས་གསུམ་སྟོང་པར་རྟོགས། །སྣང་འཛིན་སྟོང་འཛིན་གྱི་གཞི་རྩ་བྲལ། །ཆོས་ཀུན་ལ་སྤྲོས་པའི་སྒྲོ་འདོགས་ཆོད། །སྣང་སེམས་འདྲེས་པ་རོ་གཅིག་ཡིན། །དེ་ཆུང་འབྲིང་ཆེན་པོའི་རིམ་པ་ལས། །གཉིས་བསྡུས་ཀྱི་ཆོས་རྣམས་རིམ་པར་འདྲེས། །སྣོད་སེམས་ཆུ་ལ་ཆུ་བཞག་བཞིན། །རོ་གཅིག་ལས་ཡེ་ཤེས་དུ་མ་འཆར། །བློ་གཏན་ཟད་དུ་སོང་བ་སྒོམ་མེད་ཡིན། །དེ་ཆུང་འབྲིང་ཆེན་པོའི་རིམ་པ་ལས། །བསྒོམ་བྱ་སྒོམ་བྱེད་ཀུན་དང་བྲལ། །ཤེས་སྒྲིབ་ཀྱི་བག་ཆགས་རིམ་གྱིས་བྱང་། །འོད་གསལ་མ་བུ་འདྲེས་པ་ལས། །ཆོས་དབྱིངས་ཡེ་ཤེས་ཀློང་དུ་འབྱམས། །མདོར་ན་མཉམ་པར་བཞག་པ་ལ། །སེམས་ཅི་འདོད་དུ་གནས་པ་རྩེ་གཅིག་སྟེ། །ཐ་མལ་གྱི་ཤེས་པའི་རང་ངོ་མཐོང་། །གཞི་མེད་དུ་རྟོགས་པ་སྤྲོས་བྲལ་ཡིན། །ཆོས་གཉིས་སུ་འཛིན་པ་ཇི་སྙེད་གུན། །རིག་ཐོག་ཏུ་གྲོལ་བ་རོ་གཅིག་སྟེ། །སྒོམ་མི་སྒོམ་གྱི་ཐ་སྙད་ཀུན་ལས་འདས། །བག་ཆགས་ཟད་པ་སྒོམ་མེད་ཅེས། །རྣལ་འབྱོར་དབང་ཕྱུག་ཆེན་པོའི་ས། །ནཱ་རོ་མཻ་ཏྲིས་དབུ་བཟུང་ནས། །རྗེ་བླ་མ་པདྨ་དབང་ཆེན་བར། །བཀའ་བརྒྱུད་པ་གསེར་གྱི་ཕྲེང་བ་རྣམས། །སྒོམ་མེད་ཆོས་སྐུའི་རྒྱལ་སར་གཤེགས། །


LT36_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་གཉིས་ཀྱི་མུན་པ་དབྱིངས་སུ་སངས། །མཁྱེན་པ་གཉིས་ཀྱི་རྩལ་ཆེན་རྒྱས། །གཞན་དོན་མཁའ་ཁྱབ་ཀྱི་གཏེར་ཁ་བྱེ། །བློ་ཐེ་ཚོམ་མེད་པའི་སྐྱབས་སུ་བཞུགས། །བཀའ་བརྒྱུད་གཅིག་ལ་གཅིག་བརྟེན་ཅེས། །ཚིག་ཙམ་མ་ཡིན་དོན་ལ་གྲགས། །མི་རྨུ་རྒོད་སོ་སྐྱེ་བདག་འདྲ་ཡང་། །རྗེ་ཁྱེད་ཀྱི་བརྒྱུད་པའི་རྟགས་འཛིན་པས། །སྒོམ་མེད་ཀྱི་རྒྱལ་སར་མྱུར་དུ་དྲོངས། །བློ་གཏན་ཟད་དུ་མཛོད་ཅིག་ཐུགས་རྗེ་ཅན། །འབྲས་ཕྱག་རྒྱ་ཆེན་པོ་སྐད་པ་དེ། །གཞི་གཉུག་མའི་སྐུ་གསུམ་རང་ངོ་འཕྲོད། །ལམ་ལྟ་སྒོམ་གནད་དུ་བསྣུན་པ་ལས། །འབྲས་དྲི་བྲལ་སྐུ་གསུམ་མངོན་དུ་འགྱུར། །གཤིས་སྟོང་ཉིད་སྤྲོས་བྲལ་ཆོས་ཀྱི་སྐུ། །གདངས་རང་བཞིན་གསལ་བ་ལོངས་སྤྱོད་རྫོགས། །རྩལ་སྣ་ཚོགས་འགག་མེད་སྤྲུལ་པའི་སྐུ། །དངོས་པོ་ཀུན་གྱི་ཁྱབ་བདག་སྟེ། །ཟུང་འཇུག་རང་བཞིན་ཕྱག་རྒྱ་ཆེ། །སྤང་ཐོབ་མེད་པ་ཆོས་ཀྱི་དབྱིངས། །ཟག་མེད་བདེ་བའི་ལང་ཚོ་ཅན། །ཡེ་ཤེས་ཀྱི་ལོངས་སྤྱོད་རྒྱ་ཆེ་བ། །ཐུགས་རྗེའི་རང་གཟུགས་བསམ་ལས་འདས། །ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་པར། །རྩོལ་མེད་ཀྱི་ཕྲིན་ལས་ལྷུན་གྱིས་གྲུབ། །གཞི་ལམ་གྱི་འོད་གསལ་མ་བུ་འདྲེས། །གཞི་འབྲས་གཉིས་པོ་ལྟོ་བ་འབྱོར། །སངས་རྒྱས་རང་གི་སེམས་ལས་རྙེད། །དགོས་འདོད་ཀྱི་


LT36_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཁ་ནང་ནས་བརྡོལ། །ཨེ་མ་ངོ་མཚར་རྨད་དུ་བྱུང་། །ཕྱག་རྒྱ་ཆེན་པོའི་ལྟ་བ་ལ། །འདི་ཡིན་གྱི་དཔྱད་ར་མི་འཇུག་པས། །ཡིད་བྱེད་ཀྱི་ཤེས་པ་རྒྱང་དུ་བསྐྱུར། །ཕྱག་རྒྱ་ཆེན་པོའི་སྒོམ་པ་ལ། །འདི་སྙམ་གྱི་འཛིན་སྟངས་མ་མཆིས་པས། །བཅོས་པའི་མཉམ་བཞག་བོར་ལ་ཐོང་། །ཕྱག་རྒྱ་ཆེན་པོའི་སྤྱོད་པ་ལ། །འདི་བྱེད་ཀྱི་གཏད་སོ་མི་བདོག་པས། །བྱ་དང་མི་བྱའི་རྟོག་པ་ཕྲལ། །ཕྱག་རྒྱ་ཆེན་པོའི་འབྲས་བུ་ལ། །འདི་བསྒྲུབ་ཀྱི་གསར་ཐོབ་མ་མཆིས་པས། །རེ་དོགས་འདོད་བློ་རིང་དུ་བཏང་། །འདི་བཀའ་རྒྱུད་ཡོངས་ཀྱི་དགོངས་པའི་མཐིལ། །སྲས་བཅས་རྒྱལ་བའི་བགྲོད་གཅིག་ལམ། །སྲིད་པའི་འཁྲུལ་འཁོར་ཟློག་པའི་ཐབས། །ཚེ་གཅིག་སངས་རྒྱས་ཐོབ་པའི་ཆོས། །བཀའ་མདོ་རྒྱུད་ཡོངས་ཀྱི་ཉིད་ཁུ་སྟེ། །མི་བདག་དང་མཁའ་ཁྱབ་འགྲོ་བ་ཀུན། །ཆམས་གཅིག་ཏུ་རྟོགས་གྲོལ་དུས་མཉམ་ནས། །ཕྱག་རྒྱ་ཆེན་པོའི་མཆོག་གྲུབ་ཤོག །འདིའང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་རྣམ་པ་རྡོ་རྗེ་འཛིན་པའི་ཟོལ་དུ་སྣང་བའི་གསུང་རྣམ་པ་ཐམས་ཅད་པའི་རྒྱ་ལས་མི་འདའ་བའི་སླད་དུ། པདྨའི་འབངས་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས། །དེ་བཱཻ་ཀོ་ཊི་གསུམ་པ་ཙ་འདྲ་རིན་ཆེན་བྲག་གི་གཡོན་མགུལ་ཀུན་བཟང་བདེ་ཆེན་འོད་གསལ་


LT36_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་དུ་སྨྲས་པ་ཤུ་བྷམ། ༈ །ཟབ་ལམ་ནཱ་རོ་ཆོས་དྲུག་གི་གསང་དོན་ངེས་པས་དྲངས་པའི་གླུ་ཟབ་དོན་རྒྱན་གྱི་མེ་ཏོག་ཅེས་བྱ་བ། །རྗེ་པདྨའི་མཚན་ཅན་རྡོ་རྗེ་འཆང་། །ཁྱེད་ཐུགས་རྗེ་ཅན་གྱི་སྤྲུལ་པའི་སྐུ། །སངས་རྒྱས་ཀུན་འདུས་སུ་ཁོ་ཐག་བཅད། །གསོལ་འདེབས་ཀྱི་འོ་དོད་ལྷང་ལྷང་པོས། །བཅོས་མིན་གདུང་ཤུགས་འབྲལ་བ་མེད། །སྣང་བ་ཡང་བཀྲག་མེད་བུན་ལང་སོང་། །ཤུགས་འབྱུང་གི་སྒོམ་པ་ཉམས་སུ་མྱོང་། །སྤྲོས་བྲལ་གྱི་ལྟ་བའི་གནས་ལུགས་ཤེས། །སྤྱོད་པ་ཡང་བཅོས་མེད་རང་བབ་དང་། །རེས་འགའ་ཤེས་པ་རྒྱ་ཡན་གྱི་ཉམས། །དག་སྣང་ཅན་ལ་སྔོན་སྦྱངས་བཞིན། །རེས་འགའ་འཐིབས་ཤིང་རྨུགས་པའི་ཉམས། །ཀུན་སྣང་དུ་བླུན་པོ་ཁ་ལྐུགས་པོ། །རེས་འགའ་གནས་ལུགས་གཡོ་མེད་ཉམས། །ཉམས་ཅན་ངོར་དྲན་རྗེ་སྐྱོང་པ་འདྲ། །རེས་འགའ་དུག་ལྔ་རང་གྲོལ་ཉམས། །ལོག་རྟོག་ཅན་ལ་ཅོལ་ཆུང་འདྲ། །རེས་འགའ་གཏང་མེད་ཟད་ཐལ་ཉམས། །གཞན་གྱིས་བལྟས་ན་སེམས་རླུང་འདྲ། །ཕལ་ཆེར་འཁྲུལ་པའི་གཞན་དབང་ཅན། །རང་ཉིད་ཡི་རྨུག་ཁོང་ནས་སྐྱེ། །སྐབས་སུ་གོ་རྟོགས་སྤྲིན་བར་ཉི། །ཤེས་པ་འུར་ལ་སེམས་དབང་ས་མཐོ། །ཁྱི་ཁོག་ནས་གསེར་ཆུ་སྐྱུག་སྙིང་འདོད། །སྐབས་དེ་དག་ཏུ་ཡང་ཐུགས་རྗེ་ཅན། །རྗེ་པདྨ་མ་གཏོགས་བསམ་


LT36_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མེད། །དོན་ཟབ་མོ་འགའ་རེ་ཁོང་ནས་བརྡོལ། །ཚིག་ཡ་མ་ཟུང་འགའ་ཁ་ནས་ཤོར། །ཤེར་བརྩོན་ཆེ་བ་མ་ལགས་ཏེ། །ལས་འཕྲོའི་གསེར་ཐག་མ་ཆད་སྙམ། །རྡོ་རྗེ་སློབ་དཔོན་དུ་མ་ཡི། །ཞབས་པདྨོར་རེག་ནས་སྨིན་གྲོལ་ནོས། །སྐྱེ་ཚེ་རབས་ལས་ཀྱི་འཕྲོ་བཟང་བྱས། །ཁྱད་པར་དྲིན་ལྡན་ཞལ་གཉིས་དང་། །ཡང་ལྷག་པར་ཕ་གཅིག་པདྨ་དེས། །སྐུ་བྱིན་རླབས་གཟི་བརྗིད་ལྷམ་མེར་བསྟན། །གསུང་ཟབ་གསང་ཆོས་སྒྲ་ལྷང་ལྷང་བསྒྲགས། །ཐུགས་ཏིང་འཛིན་སྒོ་བརྒྱར་འཇུག་ཅིང་ལྡངས། །ཞལ་དགྱེས་པའི་མདངས་ཀྱིས་དབུགས་ཕྱུངས་ནས། །སྤྱིར་བླ་མེད་ཀྱི་སྨིན་བྱེད་དུ་མ་ཡིས། །རྒྱུད་སྐུ་བཞིའི་ས་བོན་གསོས་སུ་བཏབ། །ཐུན་མོང་དང་ཐུན་མིན་གྱི་ཁྲིད་རིམ་གྱིས། །མཆོག་ཐུན་འགྲུབ་པར་བྱིན་གྱིས་བརླབས། །ཟབ་ཆོས་སྐུ་བཞི་ངོ་སྤྲོད་ཀྱིས། །རྟོགས་པ་དོན་བརྒྱུད་ཀྱི་དངོས་གྲུབ་བསྩལ། །སྒོས་རྒྱུད་སྡེ་བཞི་ཡི་གསང་བའི་བཅུད། །ལོ་ཙཱ་ཆེན་པོའི་ཁྱད་པར་ཆོས། །ཟབ་ལམ་ནཱ་རོ་ཆོས་དྲུག་ཅེས། །བོད་གངས་ཅན་ཙམ་ན་སྙན་པར་གྲགས། །མཁས་གྲུབ་ཡོངས་ཀྱི་སྤྱི་ནོར་དེ། །སྙིང་གི་བདུད་རྩི་ལྷུག་པར་བསྩལ། །བསྲེ་དང་འཕོ་བའི་དོན་རྣམས་གོ། །རླུང་སེམས་གཉིས་མེད་གནད་ཀྱང་རིག། དྭགས་བརྒྱུད་ཀྱི་རྣམ་ཐར་ལ་ངེས་ཤེས་སྐྱེས། །ཉོན་མོངས་ལ་


LT36_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་པའི་ཡེ་ཤེས་བདེ། །འཁོར་འདས་ཀུན་སྒྱུ་མའི་ལུས་སུ་སྣང་། །འཁྲུལ་སྣང་ཆོས་སུན་རྨི་ལམ་བཞིན། །ཆོས་ཀུན་གྱི་གནས་ལུགས་འོད་དུ་གསལ། །གཉིས་སྣང་གི་འཁྲུལ་རྟོག་བར་དོའི་ངང་། །མ་འཁྲུལ་བའི་ཆོས་ཀྱིས་གོང་འཕོ་ཐོབ། །ཚིག་དོན་གྱི་ཆོས་དྲུག་ཐོས་པས་གོ། །མདོ་སྔགས་ཀྱི་གཞུང་ལུགས་གཉིས་སུ་བཞུགས། །ཙཎྜི་དམ་ཚིག་ཕྱག་རྒྱས་བཅིངས། །ཡུལ་སྣང་ལྷ་སྐུ་སྒྱུ་མར་བལྟ། །རྨི་ལམ་འདུན་པའི་གནད་ཀྱིས་བཟུང་། །རིལ་འཛིན་རྗེས་གཞིག་འོད་གསལ་སྤྱང་། །བར་དོ་རང་ངོ་ཤེས་པས་བཅད། །འདའ་ཀའི་ཡེ་ཤེས་གོང་དུ་འཕོ། །སྤྱི་དོན་གྱི་ཆོས་དྲུག་བསམ་བས་མྱོང་། །ཐུན་མོང་དང་ཁྱད་པར་གྱི་གདམས་པ་སྣང་། །བདེ་དྲོད་མི་རྟོག་རྩལ་ཆེན་རྫོགས། །རླུང་སེམས་ལྷ་ཡི་སྐུ་རུ་ཤར། །སྟོང་བ་བཞི་ལས་ལྷ་སྐུར་ལྡངས། །།།དོན་འོད་གསལ་རང་ངོ་འཕྲོད། །སྣང་སྟོང་ཟུང་འཇུག་འཇའ་ཚོན་སྐུ། །འོད་ཀྱི་གོང་བུ་སྒྲ་ཡིས་འཕོ། །སྦས་དོན་གྱི་ཆོས་དྲུག་སྒོམ་པས་རྟོགས། །ཉམས་དང་རྟོགས་པའི་དབྱེ་བསལ་ཡོད། །ཚིག་དེ་ཡི་རྗེས་སུ་མ་ཟློས་ན། །དོན་དེ་ལ་སྦོམ་ཡོར་ཞད་ཅིག་ཕོག །གོ་མྱོང་རྟོགས་ལ་གདིང་མེད་ཀྱང་། །གནས་ལུགས་ཀྱི་ངང་ནས་ཡིན་ལུགས་བྱུང་། །ཡིན་ལུགས་མྱོང་བའི་སྟེང་དུ་འཕྲོད། །ཅར་ཕོག་གི་གླུ་དེ་རང་བྱུང་འདྲ། །ཐུན་མིན་ངེས་པ་བཤད་ཙ་ན། །ཞུ་


LT36_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བདེའི་རང་བཞིན་སྣང་སྟོང་ལུས། །རྣམ་གྲོལ་རང་རྩལ་གཉུག་མའི་ངང་། །རང་གྲོལ་རླུང་སེམས་མཁའ་ལ་སྤྱོད། །ཐུན་མིན་གྱི་ཆོས་དྲུག་ངོ་བོ་ཡིན། །བདེ་དྲོད་ངང་ནས་མི་རྟོག་འཆར། །སྣང་ཡང་བདེན་འཛིན་གྱི་ཤེས་པས་སྟོང་། །ཉིང་འཁྲུལ་ཁ་ལོ་འདོད་ཐོག་སྒྱུར། །གསལ་སྟོང་ཤེས་པ་མཐའ་དབུས་མེད། །འཛིན་མེད་སྒྱུ་མ་ལོངས་སྤྱོད་རྫོགས། །རླུང་སེམས་མདའ་གཞུ་གྱེན་ཏུ་འཕེན། །ཐུན་མིན་གྱི་ཆོས་དྲུག་མཚན་ཉིད་ཡིན། །སྙོམས་འཇུག་དགའ་བཞིའི་རོལ་མོར་སྦྱོང་། །སད་པའི་འཁྲུལ་རྟོག་ལྷ་རུ་སྒྱུར། །རྨི་ལམ་དྲྭ་བ་བཙན་ཐབས་གཅོད། །གཉིད་མཐུག་མུན་པའི་སྒྲིབ་གཡོགས་ཕྲལ། །བར་དོའི་འཇིགས་པའི་རྫུག་ཕུག་གཏིབས། །འཆི་རྟོག་སྐུ་གསུམ་བཙན་སར་སྐྱེལ། །ཐུན་མིན་གྱི་ཆོས་དྲུག་བྱེད་ལས་ཡིན། །འགྱུར་མེད་ཀྱི་བདེ་སྟོང་ཟུང་དུ་འཇུག །ཆགས་སྔར་རང་གྲོལ་བདེ་བ་ཆེ། །སྦྲུལ་སྒྱུར་སེམས་ཀྱི་རྩལ་ཆེན་རྫོགས། །གཉུག་མ་རྒྱ་འབྱམས་ཆོས་སྐུའི་ཀློང་། །སྲེད་ལེན་མཚམས་སྦྱོར་ལོངས་སྐུར་ཐིམ། །སྡིག་པོ་ཆེ་ཡང་ཐར་ལམ་རྙེད། །ཐུན་མིན་གྱི་ཆོས་དྲུག་དགོས་པ་སོགས། །ཕྱི་སྣང་སྟོང་ཡི་དམ་ལྷ་ཡི་སྐུ། །ནང་རྩ་གསུམ་འཁོར་ལོ་འཁོར་ཕྲན་བཅས། །བར་ཨ་ཧཾ་དཔྱིད་ཐིག་ཁ་སྦྱོར་ནི། །རླུང་བུམ་ཅན་འཕྲུལ་གྱིས་འབར་འཛག་དང་། །


LT36_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་འོག་རང་གཞན་ལུས་ལ་བརྟེན། །སེམས་བདེ་གསལ་མི་རྟོག་ཉམས་ཀྱིས་བརྒྱན། །རྩ་བ་གཏུམ་མོའི་བསྒོམ་བྱར་གྲགས། །ཐབས་ལམ་གྱི་རྣལ་འབྱོར་ངོ་རེ་མཚར། །ཕྱི་སྣང་བ་ཐམས་ཅད་བདེན་པས་སྟོང་། །ནང་སྒོ་གསུམ་སྒྱུ་མའི་དཔེ་དང་མཚུངས། །བར་ལྷ་སྐུ་སྣང་སྟོང་ཟུང་འཇུག་དང་། །རང་བཞིན་ལྷུན་གྲུབ་ཀྱི་དབེན་གསུམ་ལ། །སེམས་ཟིན་པས་སྣང་གསུམ་ལུགས་འབྱུང་ལས། །ལུགས་ལྡོག་སྒྱུ་མ་མཚན་དཔེའི་སྐུ། །དག་མ་དག་ཐུན་མིན་སྒོམ་པ་ཅན། །སྒྱུ་ལུས་ཀྱི་རྣལ་འབྱོར་ཡ་མཚན་ཆེ། །ཉིན་པར་འདུན་པ་རྒྱུན་ཆགས་དང་། །མཚན་མོ་གདམས་ངག་བཙན་ཐབས་ཀྱིས། །རྨི་ལམ་དུ་ངོ་ཤེས་སེྤལ་ཅིང་སྒྱུར། །སྒྱུ་མས་སྒྱུ་མའི་རྣམ་ཐར་སྦྱོང་། །དེ་ཁོ་ན་ཉིད་ཀྱི་མཁའ་དབྱིངས་སུ། །རྨི་ལམ་རྫུན་གྱི་རི་མོ་ཡལ། །ཉིང་འཁྲུལ་དྲི་མ་འཁྲུད་པའི་ཆུ། །རྩལ་རྫོགས་ཀྱི་རྣལ་འབྱོར་ཡིད་རེ་དགའ། །ལུས་གནད་ལྟ་སྟངས་ཕྱི་ཡི་གནད། །སྙིང་ག་སྣ་རྩེ་ནང་གི་གནད། །ཡིག་འབྲུ་ཐིག་ལེ་འདུན་པའི་གནད། །དུས་གྲོགས་དམ་ཚིག་མཐུན་པའི་གནད། །གནད་དེ་དང་འབྲེལ་པའི་གདམས་ངག་གིས། །རླུང་ཟླ་ཉི་སྒྲ་གཅན་སྙིང་གར་ཟིན། །ཉིན་སྣང་བ་མི་རྟོག་ལྷུམས་སུ་གཞུག །མཚན་གཏི་མུག་འོད་གསལ་སྦུབས་སུ་བསྟིམ། །གཉིད་སྲབ་མཐུག་བློ་འདས་ཆོས་སྐུའི་ངང་། །ཤིན་ཏུ་ཕྲ་བའི་


LT36_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་སེམས་ཀྱང་། །རིལ་འཛིན་དང་རྗེས་སུ་གཞིག་པ་ལས། །དོམ་དམ་རྡོ་རྗེ་གསུམ་གྱི་ཀློར། །འོད་གསལ་གྱི་ཉམས་ལེན་མ་འཁྲུལ་བ། །གདིང་ཐོབ་ཀྱི་རྣལ་འབྱོར་བློ་རེ་བདེ། །སྣང་མཆེད་ཐོབ་གསུམ་ཐ་མ་རུ། །འོད་གསལ་མ་བུ་འདྲེས་པ་ལས། །མི་རྟོག་ཆོས་སྐུའི་རང་ཞལ་ལྟ། །སྣང་གསུམ་ལུགས་ལྡོག་ཏུ་འཆར་བ་ན། །སྒྱུ་ལུས་ཡི་དམ་ལྷ་ཡི་སྐུ། །མི་སློབ་ཟུང་འཇུག་གི་ངོ་བོར་ལྡངས། །ངོས་མ་ཟིན་བར་དོ་གསུམ་པ་ཤར། །མངལ་གདམ་ཞིང་སྐྱེ་བདག་པ་ཡི། །གནད་ད་ལྟ་སྦྱོང་བའི་ལས་འཕྲོ་ཅན། །བློ་ཆོད་ཀྱི་རྣལ་འབྱོར་གདིར་རེ་ཟབ། །རབ་འཆི་བ་འོད་གསལ་ཆོས་སྐུར་འཕོ། །འབྲིང་བར་ངོ་སྒྱུ་ལུས་ལོངས་སྐུར་འཕོ། །ཐ་མ་སྐྱེ་བ་སྤྲུལ་སྐུར་འཕོ། །སྒོ་བརྒྱད་འཁོར་བའི་སྐར་ཁུང་དགག །སྒོ་གཅིག་ཐར་པའི་གསང་ལམ་དབྱེ། །རྩ་དབུ་མའི་ལམ་ལས་སེམས་ཀྱི་མདའ། །རླུང་སྒྲ་ཡི་གཞུ་མོས་སྟེང་དུ་འཕེན། །ཡེ་ཤེས་གོང་འཕོའི་གསེབ་ལམ་ཅན། །མཁའ་སྤྱོད་ཀྱི་རྣལ་འབྱོར་རླབས་རེ་ཆེ། །ཐུན་མིན་ཆོས་དྲུག་གི་སྒོམ་རིམ་ཡིན། །གེགས་སེལ་དང་བོགས་འདོན་འཁྲུལ་འཁོར་སོགས། །ཐབས་ཀྱི་ཡན་ལག་མཐའ་ཡས་ཀྱང་། །གེགས་སེལ་གྱི་བསྡུས་དོན་གཟེར་ལྔ་ཡིན། །བོགས་འདོན་གྱི་རྒྱལ་པོ་དད་བརྩོན་ཡིན། །འཁྲུལ་འཁོར་གྱི་མདོ་རྩ་ལུས་གནད་


LT36_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །དོན་དེ་དང་མི་འབྲལ་ཕ་ཡི་བུ། །བཀའ་བཞི་བརྒྱུད་པའི་གཅེས་ཕྲུག་རྣམས། །རླུང་བཅུ་བོ་དབུ་མའི་ནང་དུ་འགགས། །རྟགས་དུ་བ་ལ་སོགས་བཅུ་པོ་འཆར། །ལས་བཞི་གྲུབ་བརྒྱད་ཐུན་མོང་དང་། །ཐུན་མིན་གྱི་ས་ལམ་ཡོན་ཏན་ཐོབ། །བདེ་སྟོང་ཟུང་འཇུག་འགྱུར་བ་མེད། །འཇའ་ལུས་སྒྲིབ་བྲལ་སྒྱུ་མའི་ཚུལ། །སྣང་སྟོང་རང་ཤར་སོ་སོར་རྟོག། །ཆོས་སྐུ་ཀློང་འབྱམས་ཡེ་ཤེས་ངང་། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས། །གང་དུའང་འཕོ་མེད་མཁའ་སྤྱོད་ཆེ། །མཐར་ཐུག་གི་ཆོས་དྲུག་མངོན་ཏུ་འགྱུར། །བདེ་ཆེན་གྱི་བཙན་ས་ཟིན་པའི་མི། །ཨེ་མ་ངོ་མཚར་རྨད་དུ་བྱུང་། །གྲུབ་ཐོབ་ཀུན་གྱི་ལམ་པོ་ཆེ། །དུས་ཀྱི་དབང་གིས་འགགས་ལ་ཉེ། །ད་དུང་ཕ་རྗེས་ཟིན་པའི་བུ། །ལས་ཀྱི་འཕྲོ་ལྡན་རྒྱུན་མི་ཆད། །རི་ཁ་བ་ཅན་ལྗོངས་ཁེངས་པར་བྱོན། །ལམ་འདི་ལས་གྲུབ་པ་མཐར་ཐུག་ཐོབ། །ཆོས་འདི་ཡིས་ས་སྟེང་ཁྱབ་པ་ཡིས། །སྒྲུབ་བརྒྱུད་ཀྱི་བསྟན་པ་རབ་འབར་ཤོག །ཅེས་པ་འདིའང་རྡོ་རྗེའི་ལམ་ལས་མཐར་ཐུག་གི་གསང་བ་གྲུབ་པ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པའི་བཀའ་ཡིས་གནང་བ་ལས། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས། ཐོལ་བྱུང་མགྲིན་པའི་པི་ཝི་དེ་བཱི་ཀོ་ཊཱི་ཙ་འདྲ་རིན་ཆེན་བྲག་གི་དབེན་ལྗོངས་སུ་བརྡུངས་པའོ།། ༈ །།ཟབ་ལམ་ནི་གུ་ཆོས་དྲུག་


LT36_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྡོ་རྗེའི་གནས་བས་པའི་མགྲིན་གླུ་ཀ་ལ་པིངྐའི་སྒྲ་དབྱངས་ཞེས་བྱ་བ། །རྡོ་རྗེ་འཆང་ནས་བརྩམས་ཏེ་བརྒྱུད་པ་རིན་པོ་ཆེ་རྣམ་བདུན། །མི་མིན་མི་ཡི་ཚུལ་བཟུང་རྒྱུན་མཐའི་བྱང་སེམས་ཀྱི་གསེར་ཕྲེང་། །སངས་རྒྱས་རྗེན་པར་སྩོལ་བའི་དཔལ་ལྡན་རྩ་བ་ཡི་བླ་མ། །ཞབས་ཀྱི་པདྨོར་འདུད་དོ་ཉམས་རྟོགས་གོང་འཕེལ་དུ་མཛོད་ཅིག །ཨེ་མ་སྙིང་པོའི་ལམ་འདིར་ཁོ་བོ་སྐལ་བ་ནི་བཟང་ལྡན། །རྡོ་རྗེ་འཆང་གི་ཞལ་ལུང་ཡེ་ཤེས་ཌཱ་ཀི་ཡི་གསང་ཚིག །གྲུབ་ཐོབ་བརྒྱུད་པའི་ཉམས་མྱོང་རྩ་བའི་བླ་མ་ཡི་ཕ་ཐོག །སྙིང་གི་ནོར་བུར་བཅངས་པས་བློ་ཡི་གཏད་སོ་འདྲ་བདོག་གོ། །གངས་ཅན་བོད་ཀྱི་ལྗོངས་འདིར་ཆོས་རྒྱལ་ལོ་པ་གྱི་དྲིན་ལས། །མདོ་སྔགས་ཆོས་ཀྱི་རིན་ཆེན་ཀུན་ལ་ཐང་མ་རུ་བརྡལ་ཡང་། །གྲུབ་ཐོབ་བར་མ་ཆད་ཅིང་མྱོང་རྟགས་མངོན་སུམ་དུ་ཐོན་པ། །མཁས་གྲུབ་ཁྱུང་པོའི་གསེར་ཆོས་ཡིད་བཞིན་ནོར་བུ་ལས་ལྷག་གོ། །མཐར་ཐུག་རྣམ་ལྔ་སྟོན་མཛད་སུ་ཁ་སིདྡྷི་དང་ནི་གུ། །གསང་བའི་ལམ་མཆོག་སྣང་བྱེད་ཡེ་ཤེས་དཀྱིལ་འཁོར་ནི་ལྔ་ལྡན། །བཤད་སྒྲུབ་བཀའ་སྲོལ་འཛིན་པ་སར་གནས་བྱང་སེམས་ཀྱི་གདུང་བརྒྱུད། །མ་བསྒྲུབས་བྱིན་རླབས་སྒོ་འཆར་བསྒྲུབས་ན་གྲུབ་པ་ལྟ་ཅི་སྨོས། །མཁའ་ལྡིང་ཁྱུང་ཆེན་ཞེས་པའི་མིང་གི་མངོན་བརྗོད་ཙམ་ཁོ་ནས། །བྱ་བྲན་གཞན་གྱི་གནས་ལུགས་ཇི་མི་སྙམ་པ་ཡི་སེམས་


LT36_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། །ཁྱུང་པོའི་གསེར་ཆོས་ཞེས་པའི་མཚན་གྱི་གཟི་བརྗིད་ཀྱི་ཟིལ་གྱིས། །རང་རྟོགས་ཡི་གེ་རིས་ལ་གུས་པ་ལྷོད་པོ་རུ་བྱེད་དོ། །ཁ་ནག་ཡིག་ནག་སྤྲད་པའི་བསྙེན་སྒྲུབ་བཟླས་བརྗོད་ནི་བྱེ་བས། །ཆོས་འདི་ཡུད་ཙམ་བསྒོམས་པའི་ཉམས་མྱོང་རྟགས་ཚད་ལ་མི་ཉེ། །རྟོག་གེའི་རིག་པའི་འཁོར་ལོ་ལོ་དང་ཟླ་བ་རུ་བསྐོར་ཡང་། །དོན་འདི་ཉམས་སུ་བླངས་པའི་ཤེས་རབ་ཆ་ཤས་སུ་མི་ཕྱིན། །དེང་སང་དུས་ཀྱི་དབང་གིས་རྩེ་གཅིག་སྒོམ་ནུས་མཁན་དཀོན་ཀྱང་། །ཡིད་གཉིས་ཐེ་ཚོམ་མེད་པའི་ཆོས་ལ་ངེས་ཤེས་ནི་ཆེན་པོས། །སྤང་བླང་རེས་འཇོག་མེད་པར་རྒྱུན་གྱི་ཉམས་ལེན་ཙམ་འབད་ན། །རིང་མིན་མཆོག་དངོས་འགྲུབ་པ་ཡེ་ཤེས་མཁའ་འགྲོ་ཡི་ཐ་ཚིག །སྒྲུབ་ལ་སྙིང་རུས་ཆུང་བས་ཉམས་རྟོགས་རྩལ་ལ་ནི་མ་རྫོགས། །ཅོལ་ཆུང་རྣམ་པར་གཡེང་བས་དྲོད་ཚད་མངོན་སུམ་འདྲ་དབེན་ཀྱང་། །དཀར་པོའི་ལས་ཀྱི་འཕྲོ་ཡིས་ཆོས་འདིར་ཡིད་ཆེས་ནི་གདེངས་ཁེ་ལ། །སྙིང་དང་སྲོག་ལྟར་གཅེས་པའི་མོས་པ་ལྷན་སྐྱེས་སུ་འདུག་གོ། གསེར་ཆོས་རིན་ཆེན་མཛོད་ལས་རྒྱུད་ཆེན་སྡེ་ལྔ་ཡི་ཡང་བཅུད། །མཚན་གྱི་གྲགས་པ་གསལ་ལྡན་རྩ་བ་ནི་གུ་ཡི་ཆོས་དྲུག །སྟན་ཐོག་གཅིག་གི་སྟེང་དུ་ཉམས་རྟོགས་མྱུ་གུ་ནི་འཁྲུངས་ལ། །ཚེ་ལུས་གཅིག་གི་ཁོངས་སུ་མཆོག་གི་འབྲས་སྟེར་འདི་རྨང་ངོ་། །གདོད་ནས་སྐྱེ་མེད་ཡིག་འབྲུ་འཁོར་འདས་ཆོས་ཀུན་གྱི་སྒོ་མོ། །


LT36_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་འཁོར་ལོར་ཤར་བུའི་དག་བྱེད་བདུད་རྩི་ཡི་ཁྲུས་ཀྱིས། །སྡིག་སྒྲིབ་ནད་གདོན་བཀྲུས་ལས་སྟོང་གསལ་རྗེན་པ་ཡི་ཉམས་ལྡན། །དག་བྱེད་སྟོང་རའི་ཐབས་འདི་གནད་དུ་ཕྱིན་པ་ཡི་སྔོན་འགྲོ། །ཚེ་གཅིག་སངས་རྒྱས་སྒྲུབ་ན་བདེ་སྟོང་ཟུང་འཇུག་ལས་གཞན་པའི། །ཐབས་ལམ་ཡོད་པ་མ་ཡིན་དེ་རྒྱུ་རང་ལུས་ནི་ཐབས་ལྡན། །རྩ་རྒོད་རླུང་རྒོད་འདུལ་ལ་གཏུམ་མོ་མེ་རྒོད་ཉིད་མྱུར་བས། །བདུན་ཕྲག་གསུམ་གྱི་ཞག་ནས་རས་དཀར་བླ་གོས་ཀྱིས་འཁྱོངས་སོ། །རྟེན་གཞི་རྡོ་རྗེའི་ལུས་ལ་རྩ་གསུམ་འཁོར་ལོ་བཞིའི་སྟོང་རར། །སྦྱོར་བ་བཞི་དང་ལྡན་པའི་བུམ་ཅན་ཚད་ལྡན་དུ་ཁེགས་པས། །ཨ་ཧཾ་འབར་འཇག་འཕྲུལ་ལས་སྐད་ཅིག་དགའ་བ་བཞིས་བརྒྱན་པ། །ཐབས་ལམ་བདེ་དྲོད་རང་འབར་འཕགས་བོད་གྲུབ་ཐོབ་ཀྱི་སྙིང་ནོར། །གཏུམ་མོ་ཟས་སུ་ཟོས་པས་བདེ་སྟོང་གཞོན་ཤ་ནི་ཆགས་ལ། །གཏུམ་མོ་གོས་སུ་གྱོན་པས་བདེ་དྲོད་བཟོང་མེད་དུ་འབར་བ། །གདན་བཏིང་རྟ་རུ་ཞོན་པས་བརྟན་ཅིང་གང་འདོད་དུ་ཕྱིན་པ། །ཐུན་མོང་ཙམ་དང་མི་མཉམ་བླ་མེད་རྒྱུད་རྒྱལ་གྱི་དགོངས་པ། །མོས་གུས་བླ་མའི་ལམ་ལས་ཅིར་སྣང་བདེན་མེད་དུ་ཤར་ཞིང་། །སྣང་སྟོང་ལྷ་སྐུ་རང་ཤར་ཅིར་སྣང་སྒྱུ་མ་རུ་མཐོང་བ། །སྒྱུ་ལུས་སྙིང་པོ་ཡིན་ཀྱང་ཉམས་འོག་ཆུད་པ་ནི་དཀོན་འདུག །བླ་མ་གྲུབ་པའི་དབང་པོས་ཐུགས་དམ་མཐིལ་ཕྱིན་ཏུ་མྱོང་


LT36_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

སོང་། །སད་པའི་རྐྱེན་བཞི་བྲལ་པས་འགྲོ་དྲུག་སྒྱུ་མ་རུ་འཆར་བྱེད། །འདུན་པ་བརྒྱད་གསུམ་སྨྲགས་ཤིང་ནད་གདོན་སྒྱུ་མ་ལྟར་ཤེས་པས། །ཡོན་ཏན་ཚོགས་དྲུག་འཆར་ཞིང་ཨ་འཐས་སྦྲུལ་བདུད་ཉིད་དཀྲོལ་བ། །དང་པོའི་ལས་ཅན་རྣམས་ལ་སྙིང་གི་བདུད་རྩི་རུ་འདུག་གོ། །ཉིང་འཁྲུལ་སྣང་བ་རང་ཟིན་དབང་བཞི་ཐིག་ལེ་ཡི་གདམས་ངག །མ་ཟིན་འཆུག་མེད་གནད་དགུས་འཁྲུལ་པ་ཐུག་ཕྲད་དུ་བཟུང་ནས། །སྤྱོད་སྤེལ་སྒྱུར་བའི་གནད་ཀྱིས་རང་རྩལ་ཕྱོགས་མེད་དུ་སྦྱངས་པས། །ཡུལ་སྣང་གཏན་ལ་ཕེབ་ཅིང་རྨི་ལམ་རྣམ་ཐར་ཡང་འབྱོངས་ཏེ། །རྩོལ་མེད་ལྷ་སྐུ་རང་ཤར་མཐར་ཐུག་འོད་གསལ་དུ་བསྟིམ་པས། །ཉིང་འཁྲུལ་བཙན་ཐབས་གཅོད་པ་གདམས་ངག་ཟབ་དགུ་ཡི་ཡང་རྩེ། །བླུན་པོ་བ་ལང་རྫི་ཡང་སངས་རྒྱས་ཉིན་རྒྱུགས་སུ་བཏང་འདིར། །བླ་མ་སངས་རྒྱས་དྲིན་ལས་འབྲེལ་པ་གཡར་ཁྲལ་ཙམ་བཞག་གོ། །མི་རྟག་སྐྱོ་ཤས་སྤྱོད་ལམ་དམ་རྫས་ཐབས་ལམ་དང་གསོལ་འདེབས། །རྩ་བ་ཡལ་ག་ལོ་མ་མེ་ཏོག་འཁྲི་ཤིང་ནི་རྒྱས་ལས། །སྲབ་མཐུག་འོད་གསལ་འབྲས་བུ་བཟུང་ཞིང་སྐུ་གསུམ་དུ་ཁྱེར་ཏེ། །གསལ་སྟོང་མཉམ་བཞག་རྗེས་ཐོབ་ཉིན་མཚན་བདེ་སྟོང་དག་བསྲེས་པས། །གཏི་མུག་གཉིད་ཀྱི་མུན་ཁང་འོད་གསལ་སྒྲོན་མེ་ཡིས་བཅོམས་ཏེ། །རླུང་སེམས་འདུས་པའི་རྟེན་འབྲེལ་ཁྱད་པར་བླ་མ་ཡི་བྱིན་གྱིས། །བདེ་གསལ་སྟོང་པ་དབྱེར་


LT36_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཟབ་ཞི་སྤྲོས་བྲལ་གྱི་འོད་གསལ། །ཁོར་མོ་ཡུག་གི་སྦུབས་སུ་གཉིས་སྣང་བར་ལག་འདྲ་འགྱེས་སོ། །ཆོས་སྐུ་དེ་བཞིན་ཉིད་དེ་ལོངས་སྐུ་ཟུང་འཇུག་གི་ཡི་དམ། །བྱིན་རླབས་བླ་མའི་སྟོབས་དང་འཆུག་མེད་མཁའ་སྤྱོད་ཀྱི་གོང་འཕོས། །དབང་པོའི་རིམ་དང་མཐུན་པར་འདའ་ཀའི་མཚམས་སྦྱོར་འདྲ་བགྱིད་པ། །ད་ལྟའི་སྔགས་སྤྱོད་ཀུན་གྱི་བསྐྱེད་རྫོགས་གྲུབ་མཐའ་ནི་འདི་ལོ། །འོད་གསལ་ཆོས་ཀྱི་སྐུ་དང་རྒྱལ་བ་ལོངས་སྤྱོད་ནི་རྫོགས་པ། །སྤྲུལ་སྐུ་འགག་མེད་རང་ཤར་སྤྱི་གནད་འཆུག་མེད་དང་བཅས་པས། །བར་དོ་གསུམ་ལ་གྲོལ་བྱེད་དབང་པོའི་རིམ་པ་དང་མཐུན་པར། །དལ་དུས་གྲབས་སུ་བཙུད་པས་བྲེལ་དུས་སླེབ་པ་རན་འགྱུར་རོ། །སྔོན་འགྲོ་རང་བབ་གསུམ་གྱིས་ཞི་ལྷག་ཏིང་འཛིན་ནི་བསྐྱེད་ནས། །དངོས་གཞི་ངོ་སྤྲོད་ཟབ་མོས་སྐྱོན་བཞི་རང་གྲོལ་དུ་བཏང་སྟེ། །རྗེས་ཤེས་གསལ་སྟོང་ཟུང་འཇུག་སྐུ་གསུམ་རང་ཤར་དུ་ཤེས་པ། །ཕྱག་རྒྱ་ཆེན་པོའི་ལམ་འདི་ཆོས་ཀྱི་སྡོང་པོ་ཉིད་ཡིན་ནོ། །ཡེ་ཤེས་ཌཱ་ཀི་རྣམ་གཉིས་མི་ཏྲི་གུཔྟ་ཡི་ཞལ་ལུང་། །བཟོ་མེད་རང་བབ་ངོ་བོ་གླང་ཆེན་ལྟ་སྟངས་དང་འགྲོགས་པས། །ངོས་བཟུང་ཀུན་དང་བྲལ་བའི་ཐ་མལ་ཤེས་པ་ནི་སོ་མ། །སྐུ་གསུམ་རྗེན་པར་འཆར་བས་སངས་རྒྱས་སྦར་བཅང་དུ་རྙེད་དོ། །ཅིར་སྣང་བླ་མར་ཤེས་པའི་མོས་གུས་ཕྱོགས་མེད་ནི་དང་པོ། །སྣང་གྲགས་ལྷ་སྔགས་རང་བཞིན་དག་


LT36_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཕྱོགས་མེད་ནི་གཉིས་པ། །སྣང་སེམས་སྒྱུ་མ་རྨི་ལམ་བདེན་མེད་ལམ་ཁྱེར་ནི་གསུམ་པ། །ཡལ་གའི་མཚན་དུ་གསོལ་ཡང་མདོ་སྔགས་ཆོས་ཀུན་གྱི་སྙིང་པོ། །ཟླ་བ་ལི་ཁྲིའི་མདངས་ཅན་རྡོ་རྗེ་རྣལ་འབྱོར་མའི་ཏིང་འཛིན། །ཁྱད་འཕགས་གསོལ་འདེབས་ཞུགས་ཀྱིས་སྙིང་རྗེའི་ཆུ་རྒྱུན་ནི་བསྐུལ་ཞིང་། །འཁོར་ལོ་བཞི་ཡི་མར་མེས་ཆགས་གྲོལ་བདེ་སྟོང་ལ་བསླབས་པས། །མཁའ་སྤྱོད་མེ་ཏོག་ཚལ་དུ་ལྷན་སྐྱེས་མཛེས་མ་ཡིས་བསུའོ། །རང་སེམས་སྐྱེ་བ་མེད་པས་འགག་ཅིང་འཆི་བ་ཡང་མེད་ལ། །ལུས་ཉིད་བེམ་པོའི་རང་བཞིན་འཆི་བའི་གདགས་གཞི་ཙམ་མ་གྲུབ། །རླུང་སེམས་དབྱིངས་སུ་བསྡམས་ཞིང་འཁྲུལ་འཁོར་ཁ་ལོ་འདྲ་བསྒྱུར་བས། །འཛག་མེད་དགའ་བཞིའི་ཡོ་ལང་འབྲས་བུ་ཐད་བརྡལ་དུ་སྤྱད་ཆོག །བླ་མ་མགོན་པོ་དབྱེར་མེད་སྐུ་ལྔའི་འཕྲུལ་ཆེན་ནི་བསྒྱུར་བས། །ལས་བཞི་མཆོག་གི་དངོས་གྲུབ་ལོ་ཟླའི་ཤས་ཙམ་གྱིས་སྟེར་བ། །ལྷག་པར་བར་དོའི་འཇིགས་སྐྱོབ་མྱུར་མཛད་སྤྱན་རས་ནི་གཟིགས་དབང་། །མོས་གུས་སྙིང་རྗེའི་ཕྱག་རྒྱས་གཏན་གྱི་སྙིང་ནོར་དུ་བཅངས་ཡོད། །སངས་རྒྱས་ཐུབ་པའི་བསྟན་པ་དྲང་ངེས་རང་ཐང་དུ་བདེན་ཅིང་། །གྲུབ་ཐོབ་བརྒྱུད་པའི་གདམས་ངག་ཆེ་བཤད་རང་ས་ན་ཡོད་ཀྱང་། །གཞན་ལ་མཚན་ཙམ་དཀོན་པ་མཁས་གྲུབ་ཁྱུང་པོ་ཡི་གསེར་ཆོས། །བདུད་རྩིའི་བཅུད་ལ་འཐུང་ཚོ་ཆང་ལ་འགྲམ་ཆུ་འདྲ་མི་ལྡངས། །བྱེད་ལུགས་


LT36_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཟོམ་ཟོམ་ངང་ལ་བསམ་ལུགས་དོན་ཐོག་ཏུ་བཅར་བ། །སྣང་ལུགས་ཀླད་མེད་འདྲ་ལ་ཡིན་ལུགས་གཅིག་ཐོག་ཏུ་གྲིམས་པ། །ཟེར་ལུགས་བཅོས་མ་ཉིད་ལ་བྱུང་ལུགས་རང་བཞིན་གྱི་བབ་གཤིས། །བཏང་སྙོམས་སྡོད་པར་མ་ནུས་སྤྲང་པོ་བློ་གྲོས་ཀྱི་སུ་ག་རྗེས། །སྐྱེ་དང་ཚེ་རབས་ཀུན་ཏུ་གསེར་ཆོས་ཡིད་བཞིན་གྱི་ནོར་བུ། །སྙིང་གི་དཔལ་བེར་བཅངས་ཏེ་ཟུང་འཇུག་རྡོ་རྗེ་ཡི་རྒྱལ་སར། །མཁའ་ཁྱབ་འགྲོ་བ་སྒྲོལ་བའི་སྐྱོབ་པ་གཉིས་མེད་ནི་གཟིགས་པ། །རྩ་བརྒྱུད་བླ་མའི་ཐུགས་རྗེས་མྱུར་དུ་འགྲུབ་པ་དུ་མཛོད་ཅིག །ཅེས་པའང་ཀུན་མཁྱེན་མ་ཧཱ་གུ་རུའི་དོན་ཆེན་རྡོ་རྗེའི་ལྗགས་བརྐྱངས་པས་མོས་པའི་མྱུ་གུ་བསྲོས་པ་ལས་སྨྲ་བའི་པདྨོ་དབང་མེད་དུ་བྱེ་སྟེ། དབེན་པའི་སྐྱེད་ཚལ་དེ་བཱི་ཀོ་ཌཱི་ཙཱ་འདྲ་རིན་ཆེན་བྲག་གི་གཡོན་མགུལ་དུ། པདྨའི་འབངས་སྤོ་དང་པའི་གཟུགས་བརྙན་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་ཟབ་དོན་བུང་བའི་མགྲིན་གླུ་ཅུང་ཟད་ཅིག་བླངས་པ་དགེ། མངྒ་ལཾ། ༈ །བླ་ན་མེད་པའི་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་གི་གནས་ལ་དད་པའི་པདྨོ་མཆོག་ཏུ་རྒྱས་པའི་དབྱངས་ཚིག་རིགས་ལྡན་དགྱེས་གླུ་ཞེས་བྱ་བ། ཨོཾ་རང་བྱུང་མཆོག་ཏུ་མི་འགྱུར་མཚན་དཔེའི་སྐུ། །ཨཱཿསེང་གེ་ནཱ་དའི་སྒྲ་དབྱངས་མཐའ་ཡས་ཚིག །ཧཱུྃ། རྣམ་པ་ཀུན་ལྡན་བརྗོད་མེད་ཡང་དག་མཐའ། །ཧོཿབརྟན་གཡོའི་ཁྱབ་བདག་ཡེ་ཤེས་རྡོ་རྗེ་འཆང་། །ཧཾ་འཕོ་བའི་འཇིགས་བཅོལ་


LT36_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་ལང་ཚོ་གང་། །ཀྵ་ཉི་རྡུལ་རབ་བརྟན་གནས་མེད་དཀྱིལ་འཁོར་མགོན། །དད་པོའི་སངས་རྒྱས་དཔལ་ལྡན་རྡོ་རྗེ་སེམས། །སྲིད་པ་ལས་འདས་སྲིད་གསུམ་རྣམ་པ་ཅན། །སྐྱེ་བའི་ཕྲེང་བར་སྙིང་གི་ཆུ་སྐྱེས་ལ། །ཆགས་པའི་ཅོལ་ཆུང་མགྲིན་པ་བྱེ་བའི་གླུ། །བུང་བའི་རོལ་མོ་ཡིད་འགྱུར་སྦྲང་རྩིས་བསྐུལ། །སོས་ཀས་མྱོས་པའི་གཟུང་གནས་རྣ་བ་བློག །ཨ་ཧོ། སངས་རྒྱས་ཉག་གཅིག་ལམ་ལ་མི་ཚེ་འདིས། །བགྲོད་པར་འདོད་པའི་སྐལ་བཟང་བློ་ཆེན་པོ། །ཨུ་དུམྦར་སྙིགས་མའི་ནགས་ཚལ་དུ། །འཁྲུངས་པ་ཡོད་ན་འདིར་བྱོན་ཡིད་གཏོད་དང་། །རྒྱལ་བའི་གསང་ཚིག་མཁས་གྲུབ་སྙིང་གི་བཅུད། །བདག་གི་སེམས་ཀྱི་རིན་ཆེན་ཡིད་གཉིས་དང་། །ཐེ་ཚོམ་དྲི་མས་མ་གོས་ནོར་བུའི་སྒྲོམ། །དཔལ་ལྡན་བླ་མའི་དྲིན་གྱིས་དབྱེ་བཟོད་པས། །གྲོགས་དག་གཏན་གྱི་དབུལ་བ་མི་འཕྲོག་གམ། །རྡོ་རྗེའི་ཕྱག་རྒྱས་རྒྱུད་རྒྱལ་དུ་མ་རུ། །སྦས་རྣམས་མཆོག་གི་དང་པོའི་སངས་རྒྱས་སུ། །གསལ་བར་གསུངས་པ་ཟུང་འཇུག་བཞི་པའི་ལམ། །སྐུ་ཡི་རྡོ་རྗེའི་རྣམ་ཆ་མཐོང་བ་དང་། །གསུང་གི་རྡོ་རྗེ་ཉམས་སུ་མྱོང་བར་བྱེད། །བདག་ཉིད་ཐུགས་དང་ཡེ་ཤེས་རྡོ་རྗེ་ལ། །ཞུགས་པའི་སྒོ་ནས་གདོད་མའི་རྡོ་རྗེ་བཞི། །མངོན་སུམ་ལམ་དུ་བྱེད་ཀྱི་མོས་པས་མིན། །ཡེ་ཤེས་རྗེས་སུ་དཔག་ཅིང་སྣ་འདྲེན་པ། །མངོན་སུམ་འབེབས་པའི་ལམ་འདིར་སྙིང་རྗེའི་ཡུལ། །ཁྱབ་བྱ་ཁམས་ལྔའི་གོང་བུ་


LT36_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ལྡན་པ། །ཁྱབ་བྱེད་ཡེ་ཤེས་མར་ཁུ་དེ་འདྲ་བས། །ཀླུ་དབང་གཙུག་གི་རྒྱན་གྱིས་ཆ་ཙམ་ཡང་། །མི་བསྒྲུན་ལུས་དང་ཆོས་འདི་མཚུངས་པར་བྱུང་། །རྒྱལ་བས་རྒྱུད་གཞན་ལས་ཀྱང་གསལ་བར་གསུངས། །རྩ་བརྒྱུད་བླ་མས་རྣལ་འབྱོར་ཚད་དུ་ཕྱིན། །ཉིན་ཞག་གཅིག་ཏུ་རྡོ་རྗེའི་ཡེ་ཤེས་ཆ། །འབེབས་པས་རྨི་ལམ་དུ་ཡང་ཡིད་ཆེས་གསུམ། །མ་བྲལ་རྡོ་རྗེའི་རྣལ་འབྱོར་སྒོ་མཐོང་བ། །ཆོས་གཞན་རྟོགས་ལས་འདི་དོན་ཆེ་བའི་ཕྱིར། །ཨེ་མ་སྐལ་བཟང་བཞིན་གྱི་ཆུ་སྐྱེས་འཛུམ། །བདེ་གཤེགས་སྙིང་པོ་རང་བཞིན་འོད་གསལ་ཁམས། །གསང་གསུམ་ཡེ་ཤེས་ཐིག་ལེའི་ངོ་བོ་ཉིད། །ཀུན་རྫོབ་ལས་འདས་དོན་དམ་སྣང་བ་ཅན། །ཁམས་ལྔའི་དྭངས་མ་སྟོང་ཆེན་ཡི་གེ་ལྔ། །ཕུང་པོའི་ཆོས་ཉིད་སྟོང་པ་འགྱུར་མེད་དྲུག །ཟུང་འཇུག་རང་བཞིན་ཀུན་འགྲོ་ཀུན་ཁྱབ་པ། །སྙིང་ནང་གཞོམ་མེད་འབར་ཡང་གློ་བུར་སྦུབས། །གནས་སྐབས་བཞི་ཡི་བག་ཆགས་ཀྱིས་གཡོགས་ཏེ། །ཡོན་ཏན་བརྒྱད་དང་དེ་ལས་གཞན་འབྱུང་བས། །འཁོར་བའི་འཁོར་ལོ་རྟག་ཏུ་འདུ་བྱེད་པ། །རྩ་བ་འགྱུར་མེད་འཕོ་བའི་བག་ཆགས་བཅས། །རགས་པ་ལ་བརྟེན་ཕྲ་བའི་དབུ་མར་ཡང་། །མོད་ལ་རེག་བྱེད་རྣམ་པར་མི་རྟོག་སེམས། །རྡོ་རྗེའི་ལུས་ལ་བསྣུན་པའི་ཏིང་ངེ་འཛིན། །རྒྱུན་མཐའི་སྟོབས་དང་ལྡན་པས་ཅིས་མི་བཅོམ། །ལྟོས་


LT36_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བཞི་ཡིས་རྫོགས་པའི་ལྷ་སྐུ་བསྙེན། །སོར་བསམ་སྲོག་འཇན་དངོས་གཞིར་ཉེར་སྒྲུབ་ཅིང་། །འདོད་ཆགས་རྗེས་སུ་དྲན་པས་ཆགས་ཆེན་སྒྲུབ། །ཏིང་ངེ་འཛིན་གྱིས་ཡེ་ཤེས་མཆོག་གི་སྐུ། །སྒྲུབ་པ་ཆེན་པོ་བགྲོད་གཅིག་ལམ་མཆོག་ལས། །རྣལ་འབྱོར་དབང་ཕྱུག་དང་པོའི་རྒྱལ་སར་འགྲོ། །རྟོག་གེའི་མིག་གིས་མ་མཐོང་སྙིང་རེ་རྗེ། །རྣལ་འབྱོར་ཕལ་གཅིག་མ་བགྲོད་དེ་བས་ཀྱང་། །གྲུབ་པ་འདི་ཉིད་མ་གྲུབ་མཚང་རེ་ཆེ། །ཐུན་མིན་གཞན་གྲོགས་སོས་ཀའི་སྨན་ལྗོངས་སུ། །ལུས་ངག་སེམས་དང་འཕོ་བའི་ལོངས་སྤྱོད་ལ། །མི་ལྟོས་དབང་པོ་བཅིངས་ཤིང་ཕུང་པོ་བཀག །རྟོག་མེད་དབུ་མའི་མྱུ་གུ་ཁ་བྱེ་བར། །སྙིང་པོ་ནམ་མཁའི་མེ་ཏོག་བཞད་པའི་རྡུལ། །དང་པོའི་བློ་ཡི་བུང་བས་གཞིབས་སོ་ཀྱེ། །མཁའ་ལ་འཁོར་ལོ་ཅན་གྱི་ཁྲོ་བོ་ཡི། །ལྟ་སྟངས་བྱེད་པ་བཅིངས་པའི་བརྟུལ་ཞུགས་འདིས། །ཡུལ་དང་ཡུལ་ཅན་འབྲེལ་པ་སོ་སོར་བཅད། །རྣམ་ཤེས་སྤྲེའུའི་གར་མཁན་ནང་དུ་སྡུད། །གཞན་གྱི་ཡུལ་ལྔར་ཡེ་ཤེས་དབང་པོ་སྤྱོད། །གཡས་གཡོན་ཐབས་ཤེས་དཀྱིལ་འཁོར་འགགས་པ་ལས། །དུ་བ་སྨྲིག་རྒྱུ་མཁའ་སྣང་མར་མེའི་ཕྲེང་། །འབར་བ་ཟླ་བ་ཉི་མ་སྒྲ་གཅན་དང་། །མཆོག་ཆ་ཐིག་ལེ་སྲིད་གསུམ་སྟོང་པའི་གཟུགས། །མ་བྲིས་རང་བྱུང་རེ་ཁཱའི་ལྟད་མོ་མཐོང་། །ངོ་མཚར་ཆེའོ་ལུས་བསམ་ཐབས་ཤེས་ཆོས། །འཆིང་བྱེད་


LT36_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་མཚན་རྣལ་འབྱོར་ཉིན་ཞག་གཅིག །བརྩོན་པའི་སྐལ་ལྡན་དེ་ལ་རྒྱལ་བ་དགྱེས། །སྣ་ཚོགས་གཟུགས་བརྙན་ལས་སྣང་བཅས་པ་ཡང་། །ཕྱི་རུ་མ་གྲུབ་ནང་དང་གཞན་གྱི་མདངས། །གཟུགས་སེམས་ངོ་བོ་མཉམ་པའི་རང་བཞིན་ལ། །གཡོ་མེད་མཉམ་པར་འཇོག་པའི་བསམ་གཏན་ཀྱང་། །ཤེས་རབ་རྟོག་དཔྱོད་དགའ་དང་གཡོ་མེད་བདེ། །ཡན་ལག་རྫོགས་ལས་ངེས་པ་གསུམ་ལྡན་གྱི། །ལོངས་སྤྱོད་སྐུ་བཞུགས་ཐིག་ལེའི་ཕྲེང་བ་ཡིས། །རབ་བརྒྱན་ཆོས་ལྔ་ལྡན་པའི་སྣང་བརྙན་དང་། །གདམས་ངག་བསྲེས་པས་འོད་གསལ་ཁང་བཟང་དུ། །ལས་སྣང་ཞི་བའི་སྟོང་པའི་ལོངས་སྤྱོད་དང་། །གཞན་ལ་ལྐོག་ཏུ་གྱུར་པའང་ལོངས་སྤྱོད་པས། །སྡུག་བསྔལ་བྲལ་བའི་རྣལ་འབྱོར་དབང་ཕྱུག་བདེ། །བདུད་རྩིའི་ལྟ་བ་རྡོ་རྗེའི་བཟླས་པའི་རིམ། །དབུག་དགང་རེངས་སོགས་རྩ་ཡི་ལམ་འབྱངས་ནས། །དགང་ཞིང་གཏོང་བ་འཇམ་པོའི་རླུང་སྦྱོར་གྱིས། །སྲོག་དང་རྩོལ་བ་དྷཱུ་ཏིའི་ཁྱིམ་དུ་གཞུག །འཆི་བ་མེད་པའི་སྦྲང་རྩི་དེ་ཡང་བཏུང་། །ལྷག་མར་རྒྱུ་བ་བུམ་ཅན་ལྕགས་ཀྱིས་སྒྲོག །མ་ཆིངས་ཉི་ཟླའི་འགྲོ་ལམ་བཙན་ཐབས་དགག །འོག་སྒོ་འགགས་པ་སྟེང་གི་སྦྱོར་བས་དགྲོལ། །སྟེང་འོག་གོང་བུར་འདྲེས་པ་རྫོགས་པའི་སྔགས། །སྟོང་གཟུགས་འཇུག་གནས་ལྡང་དང་དབྱེར་མི་ཕྱེད། །ཡོན་པོ་འགགས་པས་སྲོག་གཟུགས་གྲུབ་


LT36_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། །སྲས་བཅས་རྒྱལ་བས་བྱིན་གྱིས་རློབ་པར་མཛད། །དགས་པ་དཀྱིལ་འཁོར་བཅུ་པོ་ཐབས་ཀྱིས་བཅིངས། །ཕྲ་བ་རྣམ་རྟོག་བཞོན་པ་རྟོག་མེད་བརྟན། །ཤིན་ཏུ་ཕྲ་བ་དྭངས་མ་འོད་གསལ་བ། །སྟོང་གཟུགས་ཕྱག་རྒྱ་ཆེན་མོས་གཅེར་ཕུད་དོ། །རབ་བརྟན་བུམ་པ་ཅན་དང་ལྕེ་གསུམ་པོ། །སྐྱོད་པས་ནང་གི་བདུད་རྩི་མྱོང་ལ་སོགས། །བཙན་ཐབས་སྦྱོར་བས་གོང་བུར་འདྲེས་པའི་རླུང་། །འཁོར་ལོ་དྲུག་དང་མཐར་ཐུག་དག་གི་དབུས། །མི་ཤིགས་ཐིག་ལེར་ཐིམ་པ་ལྔ་ཕྲག་ལྔས། །གཞོམ་མེད་སྒྲ་དང་འབར་བའི་སྣང་བ་ཡི། །ལྷ་སྐུའི་དཀྱིལ་འཁོར་བརྟན་ལས་བདེ་བ་ཡི། །ཡེ་ཤེས་དཔྱིད་ཀྱི་མྱུ་གུ་ཁ་འབུས་པས། །བདུད་དང་ཉོན་མོངས་གདུང་བ་ཉམས་པ་དང་། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ་བའི་མཆོག །སྒོ་གསུམ་སྟོབས་ཀྱིས་རྒྱས་སོ་ཨ་ལ་ལ། །དབང་བརྟུལ་ཐིག་ལེ་སླབས་ལས་ཀྱི་རྒྱ། །དབང་འབྲིང་ཅུང་ཟད་སྐལ་ཡི་རྒྱ་སྟེ། །དབང་རྣོན་བྱང་སེམས་ཤིན་ཏུ་བསྐབ་ན། །ཕྱག་རྒྱ་ཆེན་མོས་བདེ་དང་སྟོང་པའི་གཟུགས། །རྗེས་སུ་དྲན་ལས་དེ་དག་ཡོན་ཏན་གྱི། །ཁྱད་པར་ཆོས་བཅས་བྱེ་བ་སྙེད་འཕེལ་བས། །རྩཱ་ཡི་དྲྭ་བ་འགྱུར་མེད་ཐིག་ལེས་གང་། །འོད་ཀྱི་དཀྱིལ་འཁོར་ཐུག་པ་མེད་པར་སྣང་། །དག་པའི་གཟུགས་བརྙན་ཉིད་ལ་བརྟན་ཐོབ་པས། །མ་དག་སྲིད་པ་གསུམ་གྱི་སྤྱོད་ཚུལ་དང་། །རྡོ་རྗེ་ལུས་ཀྱི་གནས་ལུགས་ཇི་བཞིན་གཟིགས། །རྟེན་


LT36_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཕྱོགས་མེད་བསྒྲིགས་པས་འགྲོ་བའི་དོན། །རྒྱ་ཆེར་མཛད་པ་སྔོན་བྱོན་གྲུབ་པའི་གཏམ། །སྙིགས་མའི་སྐྱེ་བོའི་སྐལ་པར་མ་ཤོང་བས། །རིང་པོར་མི་ཐོགས་ལམ་འདང་ཇི་བཞིན་པར། །འཇུག་ནུས་སྨོན་ལམ་ཙམ་ལ་ཡི་དམ་བགྱིད། །སྟོང་གཟུགས་ཕྱག་རྒྱ་ཆེན་མོའི་དབང་གྱུར་ལུས། །ཡིད་རིག་མཛེས་མར་སྦྱོར་བའི་བྱང་ཆུབ་སེམས། །གཟུང་ཟློག་འགྲེམས་བསྲེ་ཡེ་ཤེས་ཆེན་པོར་བསྐྱལ། །སྐད་ཅིག་བཞི་ཡི་དགའ་བའི་ལང་ཚོ་གང་། །མཚན་ཉིད་ཁ་དོག་དྲུག་ལྡན་དུས་ཀྱི་མེས། །འཁོར་ལོ་ལྔ་དབུས་དབྱངས་ཡིག་ཕུག་ཅིང་བསྲེགས། །ཟླ་བ་ཞུ་བའི་བདུད་རྩིའི་ཆར་རྒྱུན་གྱིས། །གསོས་ཤིང་ཡེ་ཤེས་རྡོ་རྗེར་ཁྲུས་གསོལ་བས། །བ་སྤུའི་མཐར་ཐུག་བདེ་བའི་རོལ་མོས་ཁྱབ། །དགའ་བ་བཅུ་དྲུག་སྟོང་པའི་གཟུགས་སྤེལ་བ། །རྗེས་མཐུན་རྣལ་དུ་འབྱོར་འདིའང་བྱང་ཆུབ་ལམ། །ཕྱག་ཆེན་རྟགས་བཅུས་ལུགས་འབྱུང་ལུགས་ཟློག་གི། །ཞུ་བདེ་རྫོགས་པར་དྲངས་པ་ནོར་བུའི་རྩེར། །སྟོང་པའི་གཟུགས་ཀྱིས་བཅིངས་པས་ཁུ་རྡུལ་རླུང་། །རབ་འགགས་འགྱུར་བ་མེད་པའི་སྐད་ཅིག་མ། །དང་པོ་ནས་བརྩམས་བཅུ་གཉིས་ས་ཡི་བར། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས་འགགས་ཤིང་། །འགྱུར་མེད་དགའ་བ་དེ་སྙེད་འཕེལ་བ་ཡི། །ཤེས་རབ་ཐབས་ཀྱི་བདག་ཉིད་ཏིང་ངེ་འཛིན། །གཟུང་འཛིན་དང་བྲལ་དམིགས་བཅས་


LT36_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་མེད། །རོ་མཉམ་གནས་འགྱུར་ཐིག་ལེས་འཁོར་འདས་ཀུན། །དབྱིངས་སུ་ཟོས་པའི་མི་འགྱུར་བདེ་བ་དང་། །རྣམ་པ་ཀུན་མཆོག་ལྡན་པའི་ཕྱག་རྒྱ་ཆེ། །གཉིས་མེད་ཟུང་འཇུག་ཡེ་ཤེས་ཆེན་པོའི་སྐུ། །ཐོབ་པའི་ལམ་འདིར་ནན་ཏན་སྙིང་པོར་བྱ། །རྡོ་རྗེའི་རྣལ་འབྱོར་ཉིད་ལ་གཞུང་བཟུང་ནས། །སྤྲོས་བཅས་སྤྲོས་མེད་སྤྱོད་པས་མཚམས་སྦྱོར་ཏེ། །རྡོ་རྗེ་འཛིན་པ་སྒྲུབ་པའི་ཡན་ལག་ཏུ། །རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་མཆོག་བླངས་ཏེ། །གཉིད་དང་འདའ་ཀ་འོད་གསལ་བར་དོ་དང་། །མཉམ་རྗེས་བསྲེ་བའི་མན་ངག་ཟབ་དགུ་ཡིས། །བློ་ཡི་བུམ་པ་གང་བའི་བློ་གྲོས་སྤྲོ། །ཐོག་མར་དགེ་བ་སོར་བསམ་སྐུ་རྡོ་རྗེས། །ཞི་གནས་གཞི་བཅའ་ལྷག་མཐོང་སྒྲོན་མེ་སྦར། །བར་དུ་དགེ་བ་སྲོག་རྩོལ་གསུང་རྡོ་རྗེས། །རླུང་དང་སེམས་བསྲེ་འཁོར་ལོའི་སྒོ་མོ་དབྱེ། །ཐ་མ་དགེ་བ་དྲན་ཏིང་ཐུགས་རྡོ་རྗེས། །འགྱུར་མེད་བདེ་བ་ཡེ་ཤེས་སྐུ་རུ་བསྒྲུབ། །རྒྱུ་འབྲས་ཚུལ་གནས་རྣལ་འབྱོར་ཡན་ལག་ཀུན། །བྱེད་བཅིངས་ཕྱག་རྒྱ་གསུམ་གྱིས་སྒྲུབ་པ་པོ། །ལུས་ངག་ཡིད་ལ་རྡོ་རྗེའི་ཡེ་ཤེས་ཕེབ། །རྩ་རླུང་ཟུག་སློང་འཕར་གཡོའི་འཁྲུལ་འཁོར་སོགས། །སྣ་ཚོགས་ཉམས་ཀྱིས་སྒོ་གསུམ་མདུད་པ་བཀྲོལ། །འཁོར་ལོ་དྲུག་དག་རྒྱལ་བ་རིགས་དྲུག་འགྲུབ། །སྒོམ་སྐྱོན་མ་ཡིན་དབུ་མ་བྱེ་བའི་ལྟས། །གེགས་མིན་འོད་གསལ་བདེ་གཤེགས་སྙིང་པོ་དང་། །བླ་མ་རིགས་


LT36_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རྣམས་ཀྱི་བྱིན་རླབས་ཉིད། །བྱུང་རྒྱལ་བསྐྱངས་པས་ཕ་ཡི་བུ་ཚོ་འཚེངས། །ཞི་གཅོད་རིམ་ལྔ་ལམ་འབྲས་ ཆོས་དྲུག་སོགས། །རྫོགས་རིམ་ཀུན་གྱི་སྐྱེལ་སོ་ཐེག་པའི་རྩེ། །རྒྱལ་བ་ཀུན་གྱི་དགོངས་པའི་ཞེ་ཕུག ་འདིར། །འཇུག་ཅིང་སྤྱོད་པ་རྨི་ལམ་རྒྱལ་སྲིད་ཉིད། །ལམ་འདིའི་རྟོགས་པ་མཐའ་རུ་ཕྱིན་པ་དང་། །རྒྱུད་འདིའི་དོན་ལ་མི་འཇིགས་སྤོབས་པ་བརྙེས། །གསང་བ་རྒྱ་མཚོའི་མཛོད་ལ་དབང་ཐོབ་ནས། །དཔལ་ལྡན་རྡོ་རྗེ་སེམས་དཔའི་གནས་འདུག་སྟེ། །མཁའ་ཁྱབ་འགྲོ་ལ་འགྱུར་མེད་བདེ་སྟེར་ཤོག །ཅེས་པའང་ཀུན་མཁྱེན་བླ་མ་དུས་ཀྱི་འཁོར་ལོས་གནང་བ་བསྩལ་བའི་རྐྱེན་ལས། དང་པོའི་སངས་རྒྱས་པདྨའི་མཚན་ཅན་གྱི་འབངས་ཐ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས། དེ་བཱི་ཀོ་ཊི་གསུམ་པ་ཙཱ་འདྲ་རིན་ཆེན་བྲག་གི་གཡོན་མགུལ་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྨྲས་པ་དགེ་ལེགས་འཕེལ། ༈ །ཨ་ཧོ། བསིལ་ལྡན་འཛིན་མའི་ལྗོངས་ལ་སྙན་པར་ཡོངས་སུ་གྲགས་པ། །འཆི་མེད་ཚེ་ཡི་ཀེའུ་ཚང་མཱ་ར་ཏི་ཀ་གཉིས་པ། །ཟག་མེད་རྡོ་རྗེའི་སྐུ་ཅན་ཨོ་རྒྱན་བླ་མའི་ཕོ་བྲང་། །ཆུ་བུར་མིག་གིས་མཇལ་འདི་ཨེ་མ་ངོ་མཚར་ཆེའོ། །ཕྱི་ལྟར་ས་ཡི་དཔྱད་ལེགས་རིན་ཆེན་བྲག་གི་བ་གམ། །ནང་ལྟར་རིག་འཛིན་མཁའ་འགྲོའི་འཆི་མེད་ཚེ་ཡི་སྒྲུབ་ཁང་། །གསང་བ་སྒྱུ་འཕྲུལ་རྡོ་རྗེ་པདྨ་དྲྭ་བའི་དཀྱིལ་འཁོར། །


LT36_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

རང་དབང་བཞིན་ཏུ་སྤྱོད་འདི་ཨེ་མ་ངོ་མཚར་ཆེའོ། །བཟང་ཤིང་དྲི་ཡི་ངད་པས་ཁམས་དང་དབང་པོ་དྭངས་ཤིང་། །སྤྲུལ་པའི་བྱ་རིགས་སྐད་སྙན་རྣ་བར་སིམས་པ་སྐྱེད་བྱེད། །འཆི་མེད་བདུད་རྩིའི་ཆུ་རྒྱུན་རིང་འཚོར་བཅུད་ལན་སྦྱིན་པ། །བསོད་ནམས་དཔལ་དུ་གྲུབ་འདི་སྤྱད་ནུས་སྐལ་ལྡན་མཆིས་སམ། །རྡོ་རྗེའི་སྐུ་ཅན་མང་པོ་ཡེ་ཤེས་རོལ་པས་བཞུགས་ཤིང་། །འཆི་མེད་དྲང་སྲོང་ཚོགས་རྣམས་ཟག་མེད་ཏིང་འཛིན་སྒོམ་ལ། །ལྷ་ཀླུ་གནོད་སྦྱིན་ཁྱེའུ་མཆོད་པའི་གར་གྱིས་རྩེ་བ། །ཐར་པ་དོན་གཉེར་མཆིས་ན་རྡོ་རྗེའི་གནས་འདིར་ཤོག་ཅིག །རྒྱལ་ཚབ་ལོ་ཙཱ་ཆེན་པོ་རྣམ་པར་སྣང་མཛད་ཞབས་སོགས། །རྗེ་འབངས་གྲུབ་ཐོབ་རྒྱ་མཚོས་མཆོག་གི་གོ་འཕང་བསྒྲུབས་པའི། །རང་བྱུང་རྡོ་ཡི་ཕུག་པ་བྱིན་རླབས་གཟི་འོད་འབར་བ། །འདི་དག་བདག་གིར་བཟུང་ནས་བདུད་རྩི་ནམ་ཞིག་འཐུང་འགྱུར། །ལེགས་པའི་རྟེན་འབྲེལ་མང་པོ་གནས་འདིར་རང་བཞིན་འགྲིགས་ཤིང་། །སྔོན་ནས་ཡུན་རིང་བསྡད་འདྲའི་བག་ཕེབ་དགའ་སྤྲོ་ཉམས་ལྡན། །དབུས་འགྱུར་ཚལ་དུ་ཕྱིན་འདི་ད་རེས་དོན་ཆེན་གྱུར་སོང་། །དགེ་བའི་མཐུན་རྐྱེན་གནང་ཚོ་ཨེ་མ་བཀའ་དྲིན་ཆེའོ། །སྒྱུ་འཕྲུལ་ཚེ་མཐའ་ཡས་པའི་བསྙེན་སྒྲུབ་ཆུ་བོའི་རྒྱུན་ཆེན། །རིས་མེད་བསྟན་འཛིན་ཡོངས་ཀྱི་སྐུ་ཚེའི་བཅུད་ལེན་ཉིད་དུ། །གངས་ལྗོངས་འཛིན་མའི་བདག་པོ་གོང་ས་མཆོག་ནས་བཙུགས་པའི། །


LT36_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མའི་རྟེན་འབྱུང་སྣ་ཁྲིད་ཁོ་བོ་རང་ནས་གྲུབ་སོང་། །དག་སྣང་རིས་མེད་སྦྱངས་པའི་ཐུགས་རྗེ་བསླུ་མེད་ཉིད་དང་། །ཨོ་རྒྱན་གུ་རུའི་ཐུགས་རྗེ་སྨོན་ལམ་ལས་འཕྲོ་འཛོམས་པས། །བཅོས་མིན་ལུང་གིས་བསྟན་པའི་དོན་ཆེན་གྲུབ་ནས་སོང་ངོ་། །བཟང་པོ་སྤྱོད་པའི་གྲོགས་ཚོ་བསམ་བཞིན་བཀའ་དྲིན་ཆེའོ། །རིགས་འདུས་སྒྱུ་འཕྲུལ་དྲྭ་བ་རིགས་རྣམས་ཀུན་གྱི་སྤྲོ་གཞི། །འཆི་མེད་རྡོ་རྗེའི་འཁོར་ལོར་ངོ་མཚར་ཆེན་པོར་སྣང་བ། །དྲི་མེད་རྡོ་རྗེའི་གསུང་དེ་གནས་མཆོག་འདི་རུ་སྒྲོག་ན། །བསྟན་འཛིན་སྐུ་ཚེ་བརྟན་པའི་རྟེན་འབྲེལ་རང་བཞིན་འགྲིགས་འདྲ། །དགུང་སྔོན་དབྱིངས་ནས་ཤར་བའི་སྣང་བྱེད་ཉི་ཟླའི་ཁྱེའུ། །གླིང་བཞིའི་མུན་པ་སེལ་ན་འོད་ལྡན་དགོས་པ་གྲུབ་བོ། །ལྷོ་སྤྲིན་ནང་ནས་བབ་པའི་དུས་ཀྱི་སྦྲང་ཆར་སིལ་མ། །འབྲུ་བཅུད་ལོ་ཏོག་སྨིན་ན་དུས་ཆར་དགོས་པ་གྲུབ་བོ། །འཇོག་པོའི་གཙུག་ནས་འོངས་པའི་ནོར་བུ་དབང་གི་རྒྱལ་པོ། །འགྲོ་བའི་རེ་འདོད་སྐོང་ན་འདོད་འབྱུང་དགོས་པ་གྲུབ་བོ། །ལྷག་བསམ་ཀློང་ནས་འཁྲུངས་པའི་དགེ་བློ་འབྲལ་མེད་སྐྱེས་བུ། །གཞན་ལ་ཕན་པ་འགྲུབ་ན་ལས་སྨོན་དགོས་པ་གྲུབ་བོ། །ཨ་ལ་ལ་ཧོ། སྒྲུབ་གནས་ཆེན་པོ་བྲག་དམར་གཡའ་མ་ལུང་འཆི་མེད་ཚེའི་ཀེའུ་ཚང་དུ། རྒྱལ་ཁམས་པ་བློ་གྲོས་མཐའ་ཡས་སེམས་རྩ་སྤྲོ་སྣང་འཆར་བའི་ཉིན་མོར་སྨྲས་པའོ།། ༈ །།ཨེ་མ་ལ་ཨ་ཧོ་


LT36_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་སྐྱེས་རྡོ་རྗེ་འཆང་འབྲལ་མེད་སྙིང་དབུས་སུ་མཆོད་དོ། །གངས་ལྗོངས་པདྨ་འོད་མཆིམས་ཕུ་མཇལ་བ་འདི་སྐྱིད་དོ། །ཀློང་དགུའི་ཕོ་བྲང་དངོས་ཀེའུ་ཚང་བསྟེན་པ་འདི་དགའ་ཡོ། །རྡོ་རྗེའི་ཚོགས་ཁང་དུ་འདུ་བ་ཐོབ་པ་འདི་སྤྲོའོ། །གུ་རུའི་སྐུ་ཚབ་ལས་བྱིན་རླབས་ཞུ་བ་འདི་བྲོད་དོ། །རྩ་བ་གསུམ་པོ་ལ་བྱིན་རླབས་སྤྲིན་ཕུང་ནི་འཁྲིགས་གདའ། །ཡིད་ལ་ཅི་འདོད་ཀྱི་དངོས་གྲུབ་སྦྲང་ཆར་ནི་འབེབས་གདའ། །སྐལ་ལྡན་སྙིང་རུས་ཅན་ཞིང་ས་ཡོད་ན་ནི་ཚིམས་གདའ། །གྲུབ་པའི་རིག་འཛིན་གྱི་ཐུགས་རྗེའི་བྱིན་རླབས་ནི་ཐིབས་ཐིབ། །དཔལ་ཆེན་ཧེ་རུ་ཀའི་གར་དགུའི་གཟི་བརྗིད་ནི་ལམས་ལམ། །དཔའ་བོ་རྣལ་འབྱོར་མའི་ཚོགས་ཀྱི་འདུ་བ་ནི་སྤུངས་སྤུངས། །གནས་གཏེར་སྲུང་མ་ཡི་མཐུ་སྟོབས་དྲག་རྩལ་ནི་ཁྱུགས་ཁྱུག །རྣལ་འབྱོར་རིག་པ་ལ་འཛིན་མེད་ཆོས་སྐུ་ནི་ལྷག་ལྷག །ཕྱི་ཡི་སྣང་བ་ཀུན་མ་སྐྱེས་ཆོས་ཉིད་ཀྱི་རང་རྩལ། །ནང་གི་ཤེས་པ་ཀུན་རང་གྲོལ་ཆོས་སྐུ་ཡི་རང་བཞིན། །སྣང་ཤེས་བར་ལག་ན་འཛིན་རྟོག་གཞི་ཐོག་ཏུ་གྲོལ་བ། །བློ་ཟད་ཆོས་ཟད་ལ་བྲལ་ཐོབ་མེད་པ་ཚོ་སྐྱིད་དོ། །མཐའ་འཁོབ་སྲིན་པོའི་གླིང་དམ་ཆོས་འབྱུང་གནས་སུ་བསྒྱུར་བའི། །ཐར་པའི་མིག་གཅིག་པོ་པདྨ་རྒྱལ་པོ་ཡི་དྲིན་འདི། །གངས་ཅན་འགྲོ་བ་ཡིས་འཁོར་ཐབས་རྩ་བ་ནས་མི་སྣང་། །ཤེས་མེད་ང་རྒྱལ་ཅན་རང་སྒོའི་ཕོ་ཟོ་རེ་འཕྱར་ནས། །དྲིན་གསོབ་


LT36_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཁར་དྲིན་ལན་ལོག་འཇལ་མཁན་སྣང་ངོ། །ཀྱེ་མ་ཐུགས་རྗེ་ཅན་རྨོངས་པ་འདི་ཚོལ་གཟིགས་ཤིག །བདག་གི་བླ་མ་མཆོག་འཆི་མེད་པདྨ་ཡི་ཞལ་ནས། །རོ་ལྡན་བདུད་རྩི་ཡི་སྐྱུགས་པ་ཤར་ཤར་དུ་ཕེབ་པ། །ལས་འཕྲོའི་མགྲིན་པ་རུ་འཐུང་པའི་དགའ་བ་འདྲ་མྱང་བྱུང་། །བརྒྱ་ལམ་ནམ་མཁའ་རུ་གསེར་གྱི་མེ་ཏོག་ནི་འཁྲུངས་པ། །ཡིད་ཆེས་ལེག་པ་ཡིས་གང་འདོད་རང་དབང་དུ་ཐོབ་པས། ཁམས་དབུས་སྐལ་ལྡན་གྱི་གཙུག་རྒྱན་བརྟན་པོ་རུ་འཇོག་ཡོད། །ཆོས་ཀྱི་འབྱོར་པ་ཅན་མཆིམས་ཕུའི་ཚོགས་ཁང་དུ་སྡོད་འདི། །ནོར་བུའི་ཤིང་རྟ་ཅན་དེད་དཔོན་ཁྱིམ་སླེབ་དང་འདྲའོ། །པདྨ་དྲྭ་བའི་ཞིང་བསམ་ཡས་མཆིམས་ཕུ་རུ་སྣང་ངོ་། །ཟླ་གམ་དབང་གི་དལ་བྲག་དམར་ཀེའུ་ཚང་རང་གདའ་འོ། །གསུང་གི་རྡོ་རྗེ་འཛིན་མངོན་སུམ་བཞུགས་པ་དག་ཅི་སྨོས། །བདེ་གཤེགས་འདུས་པ་ཡི་ཚོགས་མཆོད་བརྒྱ་ཕྲག་ལྷག་འགྲུབ་སོང་། །བླ་མ་དགོངས་འདུས་ཀྱི་པཱུ་ཛའི་དམ་ཚིག་ཀྱང་དེ་མཚུངས། །ཡི་དམ་དགོངས་འདུས་ཀྱི་ཏན་གན་དེ་ཙམ་ལ་ལོངས་སྤྱད། །གཏེར་གསར་ཐུགས་སྒྲུབ་ནི་ལང་ལིང་ཞར་བྱུང་དུ་བརྡལ་ལ། །དགོངས་འདུས་ལྷག་མ་གཉིས་རིང་མིན་རྟེན་འབྲེལ་ལ་འཇོག་གོ། །རྟེན་འབྱུང་སྣ་ཁྲིད་ནི་གུ་རུ་པདྨ་རང་མཁྱེན་ནོ། །ཤ་ཐང་ཆད་ཆད་དུ་གསོལ་བ་གདབ་པ་ལ་དགོངས་ཤིག །ཚིག་ལམ་བྱང་བྱང་དུ་སྨོན་ལམ་


LT36_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདི་འགྲུབ་མཛོད། །སྔོན་གྱི་ལས་འཕྲོ་འདི་ཤིན་ཏུ་བཙན་པ་ཞིག་འདུག་གོ། །ལྷག་བསམ་མོས་པ་འདི་ནམ་ཕུག་འགྲུབ་ངེས་སུ་གདའ་འོ། །སྐྱབས་གནས་དཀོན་མཆོག་འདི་སླུ་བ་མེད་ངེས་སུ་འདུག་གོ། །གུ་རུ་པདྨ་འདིས་ཐུགས་རྗེས་གཟིགས་ངེས་སུ་སྣང་ངོ་། །དད་གུས་མ་ཆུད་ན་གསོལ་བ་ཐེབས་ངེས་སུ་གདའ་འོ། །ཨ་ཧོ་རྨད་དུ་བྱུང་ཨེ་མ་ངོ་མཚར་གྱི་དཔལ་འབར། །བསམ་ཡས་མཆིམས་ཕུ་དང་ཡིད་ཀྱི་མེ་ཏོག་ནི་མཉམ་བཞད། །པདྨའི་ཟེའུ་འབྲུ་ལ་དགོངས་འདུས་སྦྲང་རྩིའི་བཅུད་འཐུང་བའི། །ཐབས་ཤེས་འཕུར་ལྡིང་ཅན་བུང་བའི་རྒྱལ་པོ་རུ་གྱུར་ནས། །ཕྱོགས་མེད་ཡོ་ལངས་ཀྱི་བརྟུལ་ཞུགས་བདུད་རྩིར་ནི་གྱུར་ཏེ། །བསྟན་འགྲོའི་སྲོག་པ་རྩ་བ་དེ་བའི་རྡོ་རྗེ་རུ་བསྒྲུབས་པས། །གུ་རུའི་རྗེས་འཇུག་རྣམས་བསམ་དོན་ཀུན་འགྲུབ་ཏུ་ཤོག་ཅིག །བོད་ཡུལ་སྒྲུབ་གནས་ཐམས་ཅད་ཀྱི་རྒྱལ་པོ་བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་དུ་སྤྲོ་ཞིང་དད་པའི་ཉམས་ཟིལ་གྱིས་མི་ནོན་པའི་ཐོལ་བྱུང་མགྲིན་པའི་པི་ཝཾ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་བརྡུངས་པའོ།། ༈ །།གནས་མཆོག་ཁྱད་འཕགས་ཡར་ལུང་གི་ཤེལ་བྲག །ཧེ་རུ་ཀ་ཡི་འདུ་ཁང་ནི་གཉིས་པ། །དཔའ་བོ་ཌཱ་ཀི་སྤྲིན་ཕུང་ལྟར་འདུ་ཞིང་། །གནས་ཀྱིས་གང་ཟག་བྱིན་རློབ་དེ་དགའ་ཡོ། །སྦྱིན་བདག་ཁྱད་འཕགས་ཀརྨ་པ་ཆེན་པོ། །གནས་སའི་དབང་ཕྱུག་དགའ་ལྡན་གྱི་ཕོ་བྲང་། །


LT36_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་བསྐྱེད་དག་པའི་མཐུན་རྐྱེན་གྱི་དྲིན་ལས། །བསམ་དགུ་ཡིད་བཞིན་འགྲུབ་པ་འདི་དགའ་ཡོ། །བསྒྲུབ་བྱ་ཁྱད་འཕགས་རྩ་བརྒྱད་ལ་སྟོང་སྦྱར། །བསྲེ་བསླད་མེད་པའི་གཏེར་བྱོན་གྱི་དམ་རྫས། །སྣེ་གྲངས་བྱས་ན་བརྒྱ་རྩ་ལས་བརྒལ་བ། །འབད་མེད་ལག་ཏུ་འཚོགས་པ་འདི་དགའ་ཡོ། །སྒྲུབ་ཐབས་ཁྱད་འཕགས་རྡོར་སེམས་ནི་སྒྱུ་དྲྭ། །ཨོ་རྒྱན་རྗེ་དང་བདག་ཅག་གི་བར་དུ། །གྲུབ་ཐོབ་གཅིག་ཆོག་ཌཱ་ཀི་ཡི་ཞལ་རླངས། །ཐོ་ལེར་འཐུལ་བའི་གསང་འཛིན་འདི་དགའ་ཡོ། །ཡོ་བྱད་ཁྱད་འཕགས་བྲམ་ཟེ་ནི་ཉི་སྙིང་། །མནྡེ་བཟང་མོ་ཨོ་རྒྱན་གྱི་ཕྱག་ཐོད། །སྐུ་གསུང་ཐུགས་རྟེན་སྒྲོལ་ཕུར་གྱི་བར་དུ། །གཏེར་བྱོན་ཤ་སྟག་འཚོགས་པ་འདི་དགའ་ཡོ། །རྟེན་མཆོག་ཁྱད་འཕགས་ཤེལ་ཕུག་གི་སྐུ་ཚབ། །གུ་རུའི་སྐུ་ཆོས་ཐོད་པ་དང་ཁ་ཊྭཱཾ། །ཞབས་ཆགས་ལ་སོགས་བྱིན་རླབས་ཀྱི་གཟི་འབར། །རྟག་ཏུ་བཞུགས་སར་འཛོམ་པ་འདི་དགའ་ཡོ། །དུས་ཚོད་ཁྱད་འཕགས་རྒྱུད་ལུང་ནས་བསྔགས་པའི། །རྩི་བཅུད་ཐོག་མར་རྒྱས་པ་ཡི་སོས་ཀ །མཁས་གྲུབ་སྐྱེས་མཆོག་དུ་མ་ཡི་དུས་ཆེན། །མ་བསྒྲིགས་ལྷུན་གྱིས་གྲུབ་པ་འདི་དགའ་ཡོ། །སྒྲུབ་པོ་ཁྱད་འཕགས་ཟོལ་མེད་ཀྱི་ལུང་ཟིན། །གུ་རུའི་བྱིན་རླབས་འཇུག་པ་ཡི་སྣོད་རུང་། །བཀའ་གཏེར་གདམས་ངག་རྒྱ་མཚོ་ཡི་སྐལ་ལྡན། །འགྱུར་མེད་རིག་འཛིན་རྩལ་


LT36_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་འདི་དགའ་ཡོ། །འདུས་པ་ཁྱད་འཕགས་སར་གནས་ཀྱི་སྐྱེས་བུ། །བསམ་བཞིན་སྲིད་པའི་སྣང་བརྙན་ཅན་རྣམས་དང་། །དམ་ཚིག་རྩ་བརྟན་ལས་མཐུན་གྱི་སྤུན་གྲོགས། །ཇི་ལྟར་བསྒོས་བཞིན་མཛད་པ་འདི་དགའ་ཡོ། །ཕྱག་བཞེས་ཁྱད་འཕགས་བཀའ་གཏེར་གྱི་འབྱུང་ཁུངས། །ཨོ་རྒྱན་སྨིན་གྲོལ་གླིང་པ་ཡི་རིང་ལུགས། །ཟབ་མོའི་མན་ངག་ལེགས་དགུ་ཡིས་བརྒྱན་པའི། །གསེར་སྡོང་གཡུ་ཁྲས་བཏབ་པ་འདི་དགའ་ཡོ། །འགྲོ་དོན་ཁྱད་འཕགས་གངས་ཅན་གྱི་མགོན་པོ། །ཡས་ཕྱིན་ཟུང་གི་ཕྲིན་ལས་ཀྱིས་གང་ཁྱབ། །བསྒྲུབ་རྫས་བདུད་རྩི་ཆོས་སྨན་གྱིས་ཁྱབ་པའི། །རྒྱ་ཆེན་རྒྱུན་མི་འཆད་པ་དེ་དགའ་ཡོ། །བྱ་བ་ཁྱད་འཕགས་གངས་ཅན་གྱི་བདེ་ཐབས། །ཟབ་གཏེར་གསར་བྱོན་འགྲོ་དོན་གྱི་སྣ་ཁྲིད། །དུས་གསུམ་མཁྱེན་པས་རྗེས་སུ་ནི་བསྟན་པའི། །རྡོ་རྗེའི་ལུང་དོན་འགྲུབ་པ་འདི་དགའ་ཡོ། །རྟེན་འབྲེལ་ཁྱད་འཕགས་གནས་དུས་དང་གང་ཟག །ཟབ་ཆོས་དམ་རྫས་ཡོ་བྱད་དང་སྦྱིན་བདག །ཆེད་དུ་བཙལ་ཡང་རྙེད་པ་རང་དཀའ་བ། །མ་བསྒྲིགས་ལྷུན་གྲུབ་རང་བབ་འདི་དགའ་ཡོ། །ངོ་མཚར་བྱས་ན་ཁྱད་འཕགས་ཀྱི་དཔལ་བརྩེགས། །གྲངས་སུ་བཏབ་ན་བཅུ་གསུམ་གྱི་རྩེ་མོ། །བྱུང་ཁུངས་བསམ་ན་གཏེར་ཆེན་གྱི་བླ་མའི། །སྐུ་དྲིན་གཞལ་ན་འཁོར་ཐབས་དང་བྲལ་ལོ། །དེ་དག་ཀུན་ཀྱང་ཨོ་རྒྱན་གྱི་གུ་རུར། །ཆུང་ནས་ལྡོག་


LT36_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དད་པ་ནི་བརྟན་པའི། །ཐུགས་རྗེའི་འཇུག་པ་ཤས་ཙམ་དུ་ཤེས་ནས། །སླར་ཡང་ཨོ་རྒྱན་པདྨ་རང་དྲན་ནོ། །སོ་སྐྱེའི་ངག་ལ་རྒྱག་གཏད་ནི་མེད་ཀྱང་། །དེ་རིང་སྐབས་སུ་ཐོལ་བྱུང་དུ་བླངས་པའོ། །དགའ་སྤྲོའི་གླུ་འདི་གནས་ལུགས་སུ་འགྱུར་བས། །རིག་འཛིན་རྒྱ་མཚོ་དགྱེས་སྐྱེད་དུ་ཤོག་ཅིག། ཡུལ་ལ་སྔ་བ་ཡར་མོ་ལུང་། གནས་ཀྱི་རྒྱལ་པོ་ཤེལ་བྲག་པདྨ་བརྩེགས་པར་འདུས་པ་སུམ་ཅུ་བརྒལ་བས་བདུད་རྩི་སྨན་གྱི་སྒྲུབ་ཆེན་བགྱིས་ནས་གྲུབ་པའི་ཚེ། །པདྨ་དགྱེས་པའི་འབངས་པདྨ་གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་པའི་སྡེས་སྨྲས་པའོ།། ༈ །།ཁྱབ་བདག་མཚོ་སྐྱེས་རྡོ་རྗེ། །དབྱེར་མེད་པདྨ་དབང་ཆེན། །ཞལ་རས་དགྱེས་པའི་ཉིན་བྱེད། །སྙིང་དབུས་པད་མཚོར་གསལ་ལོ། །བོད་ཡུལ་དབུས་སུ་བགྲོད་ནས། །ཡུལ་གྱི་བདུད་རྩི་བསྟེན་པའི། །བསམ་དོན་སྣ་ཚོགས་གྲུབ་བོ། །དད་པས་བྱང་ཁོག་བརྒྱངས་ནས། །དལ་བ་ཁྱད་དུ་བསད་པའི། །དགོས་པ་ཕྲན་བུ་གྲུབ་པོ། །བསམ་ཤེས་དབང་པོ་ལྡན་པས། །དོན་ཆེན་ལྟད་མོ་མཐོང་ངོ་། །ལྟད་མོ་མིག་གི་བདུད་རྩི། །འཁྲུལ་སྣང་གཟུགས་བརྙན་མ་བལྟས། །རྡོ་རྗེའི་གནས་ལ་བལྟས་པས། །མ་ཚང་མེད་པར་མཐོང་བྱུང་། །ཁྱད་པར་ལྷོ་བྲག་མཁར་ཆུ། །རྟ་གདོང་དཀར་མོ་སྐུ་གནས། །མཐོང་བ་ཙམ་དུ་མ་ཟད། །རྡོ་རྗེའི་འཕྲེལ་ཟབ་བཞག་ཡོད། །


LT36_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

རི་བོ་གཡས་ལ་བཞུགས་པ། །མཁོ་མཐིང་རྣམ་སྣང་རྒྱབ་བརྟེན། །རྩེ་མོ་ཤེལ་གྱི་མཆོད་རྟེན། །གངས་རི་འོད་ཟེར་ལྷག་ལྷག །རྐེད་པར་ཆོས་ཀྱི་ཁྲི་འཕང་། །མཆོད་རྫས་སྣ་ཚོགས་ལྷུན་གྲུབ། །རྩ་བར་ཡིག་དྲུག་རང་བྱོན། །འགྲོ་དྲུག་འདྲེན་པ་ཆད་མེད། །རི་བོ་གཡོན་ལ་བཞུགས་པ། །མཁའ་སྤྱོད་ཙཱ་རི་གཉིས་པ། །ཉེ་བའི་འཐུང་སྤྱོད་ཆེན་པོ། །དཔལ་གྱི་དེ་བཱི་ཀོ་ཊ། །རིགས་ལྔའི་རྒྱལ་བ་སོགས་དང་། །བདེ་མཆོག་འཁོར་ལོ་ཡབ་ཡུམ། །རིན་ཆེན་བྲག་གི་རྣམ་པ། །དཔའ་བོ་རྣལ་འབྱོར་མ་ཚོགས། །ནགས་ལ་བྱ་ཚོགས་བརྒྱན་པ། །རི་ཆེན་དབུས་ན་བཞུགས་པ། །ཧེ་རུ་ཀ་ཡི་ཚོགས་ཁང་། །ཡང་དག་ཐུགས་ཀྱི་གནས་མཆོག །ཕུ་ན་འོད་གསལ་ཆོས་རྫོང་། །མདའི་ན་མཉམ་མེད་སང་རྫོང་། །བར་ན་ཁྱུང་གཤོག་མཁའ་རྫོང་། །རྫོང་ཆེན་གསུམ་གྱི་འཛོམ་ན། །བོད་དུ་གྲགས་པ་ཆེ་བ། །མཁར་ཆུ་གནམ་སྐས་ཅན་གྱི། །གཡས་ན་དཔལ་གྱི་ཕུག་རིང་། །གཡོན་ན་ལྕགས་ཕུར་ཅན་དང་། །ཀོ་ཏི་གསང་བའི་བྲག་ཕུག །བྱིན་རླབས་གཟི་བྱིན་ལམ་ལམ། །བཀའ་སྲུང་དྲག་རྩལ་ཁྱུགས་ཁྱུག །དཔའ་བོ་ཌཱ་ཀི་ཐིབས་ཐིབས། །རི་རྩེ་ཁ་བའི་རྡུལ་བརྩེགས། །གངས་རི་འོད་མདངས་ལམ་ལམ། །དེ་ལ་གཡུ་ཡི་ན་བུན། །དེ་ལས་སྦྲང་ཆར་སིལ་སིལ། །དབང་བཞིའི་བྱིན་རླབས་ཆད་མེད། །རྐེད་པར་ཤེལ་གྱི་བྲག་རི། །རྩ་གསུམ་སྐུ་ཡི་དབྱིབས་ཅན། །ནང་ན་ཟབ་གཏེར་


LT36_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བང་མཛོད། །ཕྱི་རོལ་བཀའ་རྟགས་སྣ་ཚིགས། །གྲུབ་གཉིས་འདོད་རྒུ་འཇོ་བ། །ཀུན་ཏུ་སྣ་ཚོགས་ལྗོན་ཤིང་། །ནགས་ཚལ་གཞོན་ནུ་ལྷུན་འཐུག །རྩེ་མོར་སྐད་སྙན་བྱ་ཚོགས། །རྩ་བར་གཅན་གཟན་གཏུམ་པོ། །ཌཱ་ཀི་ཆོས་སྲུང་རྣམ་རོལ། །བར་དུ་གཏིང་ཟབ་མཚོ་ཆེན། །དགེ་བསྙེན་དགྱེས་པའི་ཁང་བཟང་། །མྱང་གྲོལ་ཀླུ་བདུད་རྡོ་རྗེའི། །ཟིལ་པ་ཆད་མེད་འབྱུང་བ། །སྐལ་ལྡན་འོད་ལུས་སྒྲུབ་བྱེད། །བཟང་དགུའི་ཡོན་ཏན་ཚང་ཞིང་། །ལེགས་དགུའི་ཡ་མཚན་ལྡན་པའི། །རྡོ་རྗེའི་ཕོ་བྲང་ཆེན་པོར། །རྣལ་འབྱོར་ཕྱི་ནང་གསང་བའི། །རྟེན་འབྲེལ་གནད་འདྲ་བསྒྲིགས་ཡོད། །ཁྱད་པར་མཆོག་སྒྲུབ་ཟབ་པ། །ཡང་དག་ཐུགས་ཀྱི་ཐིག་ལེའི། །བསྙེན་སྒྲུབ་རྣམ་བཞིར་ཞུགས་ནས། །གཟུགས་སྣང་ཧེ་རུ་ཀ་དཔལ། །གྲགས་སྟོང་རུ་ལུའི་རང་སྒྲ། །འགྱུ་དྲན་འོད་གསལ་ཕྱག་རྒྱ། །ཏིང་འཛིན་སྒོ་མོས་བཅིངས་པའི། །ཕྱག་རྒྱ་ཆེན་པོའི་ཉེ་རྒྱུ། །ལྷུན་གྲུབ་རིག་འཛིན་གསེབ་ལམ། །མཐར་སོན་སྐལ་པས་དབེན་ཀྱང་། །རྟེན་འབྱུང་སྣེ་ཟིན་ཙམ་ཞིག །རྩེ་གཅིག་དད་པས་འབད་ཡོད། ཨ་ཧོ། བེ་རཀ་འདོམ་འཇལ་གྱི་ཤུགས་མེད་ཀྱང་། །ཁྲལ་རྟ་རྒྱུགས་ལམ་དུ་མ་བསད་པ་འདི་དགའ་ཡོ། །ཉོ་བཅའ་རྒྱབ་ཁུར་གྱི་སྟོབས་མེད་ཀྱང་། །བོད་རྒན་སྡུག་གྲི་རུ་མ་བཏང་བ་འདི་དགའ་ཡོ། །སྟོང་མཆོད་ཁྲི་མཆོད་ཀྱི་རྫས་མེད་ཀྱང་། །


LT36_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཁང་ནས་རྐུན་པོ་མ་རྒྱགས་པ་འདི་དགའ་ཡོ། །དབུས་རྫས་ཁམས་འགེལ་གྱི་ཟོང་མེད་ཀྱང་། །ལྷ་རྟེན་སྟོང་མཇལ་དུ་མ་བྱས་པ་འདི་དགའ་ཡོ། །ས་སྟོང་ཀུན་སྐོར་གྱི་ནུས་མེད་ཀྱང་། །བྲག་ཕུག་སྟོང་སྐོར་དུ་མ་ལོག་པ་འདི་དགའ་ཡོ། །དད་པ་བྱས་ན་སེམས་ཀྱི་དཀྱིལ་ན་བཞག །མགོ་ཐུག་ལག་ཐུག་མང་པོ་མ་བྱས་བསྐྱུར། །གསོལ་འདེབས་བྱས་ན་རྟག་ཏུ་ཤུབས་ཤུབ་བཏབ། །འར་འུར་ཀ་ཀུ་མང་པོ་དེ་ཡང་བསྐྱུར། །སྙིང་རྗེ་བྱས་ན་ཀུན་སྙོམས་མི་འབྲལ་བསྐྱེད། །ཤ་ཚ་སྡུག་གི་ཚིག་ཙམ་མ་བྱས་བསྐྱུར། །ལས་འབྲས་བྱས་ན་རྟག་ཏུ་བསླུ་མེད་དྲན། །རང་མགོ་སྐོར་བའི་གཡོ་ཟོལ་མ་བྱས་བསྐྱུར། །ཚུལ་ཁྲིམས་བྱས་ན་བག་ཡོད་རྒྱུན་ཏུ་བསྟེན། །རྒྱུས་མེད་ཡུལ་དུ་བག་མེད་མ་བྱས་པས། །མདོ་མེད་འདི་ཡང་མདོ་དོན་ཆོད་ཚུལ་ལ། །ཤེས་མེད་མཐའ་ཡས་བློ་དེ་ལྷག་པ་སྙམ། །དེ་སྐད་ལྷོ་བྲག་ནགས་མའི་ཚལ་གྱི་ལྗོངས། །སྒྲུབ་གནས་རྒྱལ་པོ་མཁར་ཆུ་ལྕགས་ཕུར་ཅན། །རྡོ་རྗེ་བཙུན་མོའི་བྷ་ག་དགྱེས་པ་ན། །རུ་ལུ་འབྲུ་བརྒྱད་དགོངས་པར་མཉམ་བཞག་ཚེ། །པདྨ་གར་དབང་བློ་གྲོས་མཐའ་ཡས་སྡེ། །སྤྲོ་བའི་བློས་བཏེགས་ཤུགས་འབྱུང་མགྲིན་ལམ་ནས། །ཐོན་འདིས་སྐལ་པ་མཚུངས་རྣམས་དགྱེས་སྐྱེད་ཤོག །མངྒ་ལཾ། ༈ །ཆུ་འབབས་པ་ཁ་འབབས་རྣམ་བཞིའི་རྒྱུན། །ཕུག་གཏུགས་ན་མ་དྲོས་མཚོ་ཆེན་སྐད། །བཀའ་བརྒྱུད་པ་ཆེ་བཞི་ཆུང་བརྒྱད་སྲོལ། །མཐར་


LT36_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

གཏུགས་ན་མར་པའི་རྗེས་ཞུགས་རྐྱང་། །དོན་དེ་ཕྱིར་དགྱེས་མཛད་སྤྲུལ་པའི་སྐུ། །སྙིང་རུས་པའི་གཏིང་ནས་དེ་རིང་དྲན། །རྒྱུད་བྱིན་གྱིས་རློབས་ཤིག་རིན་པོ་ཆེ། །རྗེ་མར་པ་ལོ་ཙཱར་མཚན་གྲགས་པ། །བོད་གངས་ཅན་ཙམ་ན་ཁྱད་འཕགས་ཞིག །ལྷོ་གྲོ་བོ་ལུང་དུ་བྱོན་ནོ་སྐད། །བྱིན་རླབས་ཀྱི་གཟི་བརྗིད་ཆེན་པོ་ཡིས། །མི་ཐ་མལ་སྣང་བ་བསྒྱུར་རོ་སྐད། །བླ་མ་དེ་འདྲ་མཇལ་ན་དགའ་བ་ལ། །དེ་འདྲ་མཇལ་ན་སྐྱིད་པ་ལ། །བྱོན་པའི་ཤུལ་རྗེས་འདི་མཐོང་བས་ཡི་རེ་སྐྱོ། །དགྱེས་གསང་དང་སྒྱུ་ཐོད་གདན་བཞི་སོགས། །བླ་མེད་ཀྱི་རྒྱུད་སྡེ་མཐའ་ཡས་པ། །སྨིན་གྲོལ་བཤད་པའི་རྒྱུན་ཆེན་བཙུགས། །ཆོས་དབང་པོ་དང་འཚམས་པར་བསྟན་ཏོ་སྐད། །ཆོས་དེ་འདྲ་ཞིག་ཐོས་ན་དགའ་བ་ལ། །དེ་འདྲ་ཞིག་ཐོས་ན་སྐྱིད་པ་ལ། །ཆོས་ཁྲི་སྟོང་པ་འདི་མཐོང་བས་ཡི་རེ་སྐྱོ། །ཁོང་ཀ་ཆེན་བཞི་པོས་དབུ་མཛད་པའི། །སྐལ་ལྡན་གྱི་བུ་སློབ་ཀུན་ནས་འདུས། །མཆོག་ཐུན་གྱི་དངོས་གྲུབ་ལེགས་ཐོབ་པའི། །སྔགས་པའི་ལྷ་གྲལ་རིང་ངོ་སྐད། །གྲོགས་དེ་འདྲ་ཞིག་འཚོགས་ན་དགའ་བ་ལ། །དེ་འདྲ་ཞིག་ཚོགས་ན་སྐྱིད་པ་ལ། །སེར་ཉོག་སྡུག་གེ་འདི་མཐོང་བས་ཡི་རེ་སྐྱོ། །རྣམ་ཤེས་གྲོང་འཇུག་རོལ་རྩེད་ཀྱིས། །ཤ་བ་བླ་གཡེའི་མཐོང་དུ་རྒྱུག །ལུ་གུ་ཤི་བ་གར་ཐབས་འཁྲབ། །ཕུག་རོན་མ་བུ་དགའ་བས་རྩེ། །རྫུ་འཕྲུལ་དེ་འདྲ་


LT36_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་མཐོང་ན་དགའ་བ་ལ། །དེ་འདྲ་ཞིག་མཐོང་ན་སྐྱིད་པ་ལ། །མཛད་པའི་རྣམ་ཐར་འདི་ཐོས་པས་ཡི་རེ་སྐྱོ། །དཔལ་བཀའ་བཞི་བརྒྱུད་པའི་གདམས་ངག་རྣམས། །ལོ་ཟླ་བ་སྦྲེལ་ནས་སྨིན་ཁྲིད་མཛད། །ཁྲིད་ཚར་ནས་གྲུབ་ཐོབ་འབྱུང་ངོ་སྐད། །དགེ་སྦྱོར་མ་སྐྱེས་པ་ནི་མི་འབྱུང་སྐད། །ཁྲིད་དེ་འདྲ་ཐོབ་ན་དགའ་བ་ལ། །དེ་འདྲ་ཐོབ་ན་སྐྱིད་པ་ལ། །ཁྲིད་ལུང་རྒྱང་དུ་སོང་པས་ཡི་རེ་སྐྱོ། །རྗེ་མི་ལ་ཞེས་བྱའི་བུ་ཆེན་དེའི། །རྒྱུད་གནས་ངན་ལེན་གྱི་སྒྲིབ་སྦྱོང་དང་། །ཕྱི་རབས་ལ་དཔེ་རུ་བསྟན་པའི་ཕྱིར། །སྦྱོ་བ་ཆེན་པོ་བརྒྱད་བཏང་སྐད། །སྦྱོ་ཆུང་གཉིས་དང་བཅུ་བཏང་སྐད། །ལོག་ལྟ་སྤུ་ཙམ་མ་སྐྱེས་པར། །སླར་མོས་གུས་གོང་དུ་འཕེལ་ལོ་སྐད། །དད་མོས་དེ་འདྲ་ཞིག་ཡོད་ན་དགའ་བ་ལ། དེ་འདྲ་ཞིག་ཡོད་ན་སྐྱིད་པ་ལ། །རྒྱུད་མི་སྲུན་པར་གྱུར་པ་འདིས་ཡི་རེ་སྐྱོ། །མཁར་ཞི་དྲག་དབང་གསུམ་བརྩིགས་པ་བཤིགས། །རྡོ་མཐེ་བོང་ཙམ་ཞིག་སྐྱེལ་རོག་མེད། །ཤིང་ལྕགས་ཡུ་ཙམ་ཞིག་ཐུ་རོག་མེད། །སྐུ་རྒལ་པར་ཕོ་ལ་མིག་གསུམ་ཙམ་བརྡོལ། །མཁར་བཟོ་བའི་ལག་ཆ་མ་འབྱོར་བ། །རྡོ་སྟ་མ་སྟེའུ་ཕྱག་རྗེས་ཅན། །དུས་ད་ལྟ་མིག་གིས་མཇལ་དུ་ཡོད། །དཀའ་སྤྱད་དེ་འདྲ་ཞིག་ནུས་ན་དགའ་བ་ལ། །དེ་འདྲ་ཞིག་ནུས་ན་སྐྱིད་པ་ལ། །སྐྱིད་འདོད་སྡུག་མི་ཁྱག་འདིས་ཡི་རེ་སྐྱོ། །ཐུགས་གཏིང་ནས་


LT36_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་པས་རྗེས་སུ་བཟུང་། །ཆོས་གདམས་ངག་བུམ་པ་གང་བྱོར་གནང་། །མཚན་མ་ལ་རྡོ་རྗེ་རྒྱལ་མཚན་གསོལ། །སྒྲུབ་པའི་རྒྱལ་མཚན་བཙུགས་སོ་སྐད། །ཚེ་གཅིག་ལ་སངས་རྒྱས་གྲུབ་བོ་སྐད། །ཐུགས་རྗེས་དེ་འདྲ་ཞིག་གཟིགས་ན་དགའ་བ་ལ། །དེ་འདྲ་ཞིག་གཟིགས་ན་སྐྱིད་པ་ལ། །རྒྱབ་འགལ་བླ་མ་ལ་བྱེད་པ་འདིས་ཡི་རེ་སྐྱོ། །རྔོག་ཆོས་རྡོར་ཞེས་བྱའི་མཁའ་སྤྱོད་པས། །སྤང་དག་གི་འབུལ་ཆེན་ལན་གསུམ་ཕུལ། །ལན་གསུམ་ཕུལ་བའི་ཕྱི་མ་ལ། །རམ་རྐང་ཆག་མ་ཡང་ལེན་ཏུ་ཕྱིན། །ལེན་ཏུ་ཕྱིན་ནས་སྐུ་རྒྱབ་བསྣམས། །རྗེ་མངའ་བདག་གཏིང་ནས་མཉེས་སོ་སྐད། །སྐུ་མ་སྤངས་མཁའ་སྤྱོད་ཆེན་པོར་ཕེབ། །རྔོག་བདུན་བརྒྱུད་ཉིད་དང་མཉམ་མོ་སྐད། །མཉེས་པ་དེ་འདྲ་ཞིག་འགྲུབ་ན་དགའ་བ་ལ། །དེ་འདྲ་ཞིག་འགྲུབ་ན་སྐྱིད་པ་ལ། །ཆོས་ཕྱོགས་སུ་སེར་སྣས་བཅིངས་པ་འདིས་ཡི་རེ་སྐྱོ། །རྗེ་ལོ་ཙཱ་ཆེན་པོའི་བཀའ་བརྒྱུད་ཀྱིས། །རྒྱ་བོད་ཀྱི་ས་སྟེང་མ་ལུས་ཁེངས། །རྒྱལ་ཁམས་ཀྱི་མི་ཕྱེད་རྣལ་འབྱོར་གྱུར། །རྣལ་འབྱོར་གྱི་ཕྱེད་ཀས་གྲུབ་པ་བརྙེས། །ཆོས་བཤད་སྒྲུབ་ཀྱིས་ས་སྟེང་ཁྱབ་བོ་སྐད། །བསྟན་པ་དེ་འདྲ་ཞིག་དར་ན་དགའ་བ་ལ། །དེ་འདྲ་ཞིག་དར་ན་སྐྱིད་པ་ལ། །གནས་དགོན་སྟོང་ཤུལ་རྣམས་མཐོང་བས་ཡི་རེ་སྐྱོ། །དཔལ་མར་པའི་བཀའ་བརྒྱུད་སྐད་པ་དེ། །


LT36_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདི་ལ་ཕྱི་མིག་མ་བལྟས་པར། །ཆོས་བརྒྱད་པོ་དྲིལ་མ་དུ་ཡང་སྤང་། །ཚེ་འདི་ལྟོས་ཐམས་ཅད་ལིངས་ཀྱིས་བོར། །དཀའ་སྤྱད་བརྩོན་འགྲུས་ལ་ཐང་ལྷོད་མེད། །ལུས་རྩ་རླུང་བདེ་དྲོད་མེ་ལྟར་འབར། །ངག་རྡོ་རྗེའི་མགུར་དབྱངས་ཆུ་ལྟར་བརྡོལ། །སེམས་རྟོགས་པའི་ཏིང་འཛིན་མཁའ་དང་མཉམ། །སྐྱེ་འཆི་དང་འབྱུང་བཞིར་རང་དབང་བསྒྱུར། །མ་འགྲོ་བ་རིགས་དྲུག་བདེ་ལ་བཀོད། །ཡ་མཚན་པོ་ཤ་སྟག་བྱོན་ནོ་སྐད། །རྗེས་དེ་འདྲ་ཞིག་ཟིན་ན་དགའ་བ་ལ། །དེ་འདྲ་ཞིག་ཟིན་ན་སྐྱིད་པ་ལ། །མི་ཚེ་དཀོར་རྗེས་སུ་ཟད་པ་འདིས་ཡི་རེ་སྐྱོ། །རྗེ་མར་པའི་བཀའ་བརྒྱུད་གྲུབ་ཐོབ་ཁུངས། །ནམ་ཐོ་རངས་སྐར་མ་བཀྲག་མི་བཀྲག །ཁྱོད་རྗེས་འཇུག་རྣམ་པའི་བྱེད་པས་ཤེས། །ཆོས་ཚུལ་བཞིན་བྱེད་ན་རྒྱལ་བ་དགྱེས། །རྒྱུད་དམ་ཚིག་གཙང་ན་མཁའ་འགྲོ་འདུ། །དོན་རྩེ་གཅིག་བསྒོམ་ན་རྟོགས་པ་འཆར། །ཚོགས་རྒྱ་ཆེན་བསགས་ན་བསོད་ནམས་འབྱུང་། །བྱམས་སྙིང་རྗེ་ལྡན་ན་འགྲོ་དོན་ཆེ། །བསྟན་སྐྱོང་ན་ཆོས་སྐྱོང་ཤུགས་ཀྱིས་འཁོར། །རྒྱལ་ཤཱཀ་ཐུབ་བསྟན་པ་ནམ་གནས་བར། །རྗེ་མར་པའི་སྒྲུབ་བརྒྱུད་མི་ཆད་པ། །གསུང་བདེན་པའི་ཚིག་གིས་ལུང་བསྟན་ཀྱང་། །དུས་སྙིགས་མ་ལྔ་པོ་ཇེ་ཆེར་བདོ། །མི་མཆོག་དམན་སེམས་རྒྱུད་ཕྱི་ཕྱིར་གྱོང་། །ནང་ཉོན་མོངས་དུག་ལྔ་ཕྱི་ཕྱིར་རྒྱས། །ཕྱི་སེར་གོས་གྱོན་པ་བརྒྱ་སྟོང་ནང་། །སེམས་རང་རྒྱུད་འདུལ་


LT36_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་གཅིག་ཙམ་དཀོན། །ཕར་བལྟས་ན་ཤ་ཟའི་ཚང་བརྡོལ་འདྲ། །ཚུར་བལྟས་ན་མུན་པ་འཁྲིགས་པ་འདྲ། །གཉིས་བར་ནས་དོན་བརྒྱུད་སྟོར་གྱིས་དོགས། །སེམས་མ་དགའ་བླ་མ་རྗེ་ལ་བོས། །བློ་མ་བདེ་གསོལ་བ་ལྷ་ལ་བཏབ། །རྗེ་མངའ་བདག་ལོ་ཙཱ་སྤྲུལ་པའི་སྐུ། །དུས་དེང་སང་ཏཱ་ཡི་སི་ཏུ་ར་གྲགས། །དཔལ་པདྨ་ཉིན་བྱེད་ཐུགས་རྗེ་ཅན། །བདག་དྲེད་པོ་ཆོས་རྡུགས་ལ་གཟིགས་སམ་ཀྱེ། །རྒྱུད་ཆོས་དང་མཐུན་པར་བྱིན་གྱིས་རློབས། །རྗེ་མར་མིའི་བསྟན་པས་འཛམ་གླིང་གི། །ཁྱོན་མཐའ་དག་ཉི་མའི་གདུགས་ལྟར་ཁེབས། །དེ་གཟུགས་བརྙན་ཙམ་དུ་མ་སོང་བར། །ལུང་རྟོགས་པའི་གཟི་འོད་རྒྱས་པར་ཤོག །བཀའ་བརྒྱུད་ཀྱི་རྟགས་ཙམ་འཆང་བའི་ཐ་ཤལ་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་བོད་ཡུལ་ལྷོ་རྒྱུད་ཀྱི་གནས་ཆེན་པོ་རྣམས་ལ་ཚོགས་གཉིས་ཀྱི་འབྲེལ་འཇོག་བགྱིད་པ་ན། ལྷོ་གྲོ་བོ་ལུང་གི་གདན་ས་དང་། སྲས་མཁར་སྤྲུལ་པའི་ཕོ་བྲང་མཇལ། །སྔོན་གྱི་རྣམ་ཐར་རྒྱ་མཚོའང་དྲན། །ད་ལྟའི་གནས་ཚུལ་མཐའ་དག་མཐོང་བས་སྐྱོ་གླུ་རིང་མོ་ཐོལ་བྱུང་དུ་སྨྲས་པའོ།། ༈ བོད་ཁ་བ་ཅན་གྱི་ནགས་ཚལ་དུ། །དཔེ་འགྲན་མེད་ཨུ་དུམྦ་ར་འཁྲུངས། །དེ་སྲིད་པ་གསུམ་གྱི་གཙུག་གི་རྒྱན། །ཆོས་སྒྲུབ་པོ་ཡོངས་ཀྱི་དཔེར་འོས་པ། །མཚན་བརྗོད་ན་མི་ལ་རས་པ་ཞེས། །མཚན་ཙམ་ཡང་འཇིག་རྟེན་གསུམ་ན་དཀོན། །རས་རྒྱང་པ་ཟླ་བའི་


LT36_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

འོད་མདངས་ཅན། །ནང་མཆོག་གི་གཏུམ་མོ་འབར་བའི་རྟགས། །ཡིད་རྩེ་གཅིག་ངང་ནས་རས་ཆེན་དྲན། །བདག་རྗེས་འཇུག་གོས་ཀྱི་ཞེན་པ་གྲལ། །མཆོག་ཙཎྜི་འབར་བར་བྱིན་གྱིས་རློབས། །སྡིག་མི་ཟས་སྤངས་ནས་ཟཱ་ཚོད་གསོལ། །མ་མཁའ་འགྲོ་མཉེས་པའི་དམ་རྫས་བརྟེན། །ནང་ཏིང་འཛིན་ཟས་ཀྱིས་འཚོ་བའི་རྟགས། །ཡིད་རྩེ་གཅིག་ངང་ནས་མི་ལ་དྲན། །བདག་རྗེས་འཇུག་ཟས་ཀྱི་འཁྲི་བ་ཆོད། །ཟས་ཏིང་འཛིན་ཟ་ནུས་བྱིན་གྱིས་རློབས། །རི་གངས་དཀར་ལྟོང་ན་སེང་ལྟར་འགྱིང་། །ཚེ་འདི་སྣང་ཐམས་ཅད་ལིངས་ཀྱིས་བོར། །དགྲ་ཉོན་མོངས་འཁྲུལ་རྟོག་ཟིལ་གྱིས་མནན། །འཁོར་བ་དང་རྒྱབ་གྱེས་མཛད་པའི་རྟགས། །ཡིད་རྩེ་གཅིག་དད་པས་རྗེ་བཙུན་དྲན། །བདག་རྗེས་འཇུག་འཇིག་རྟེན་བྱ་བ་ཐེང་། །གནས་རི་ཁྲོད་འགྲིམ་ནུས་བྱིན་གྱིས་རློབས། །བྲག་སྤོ་མཐོན་དཀྱིལ་ན་རྒོད་པོ་ལྟར། །ཆོས་ཉིད་ཀྱི་གནམ་འཕང་མཐོན་པོ་གཅོད། །ཆོས་ཅན་གྱི་གཡང་སར་ཉམ་ང་མེད། །འཁོར་འདས་ཀུན་ཆོས་སྐུར་ཤར་བའི་རྟགས། །བློ་རྩེ་གཅིག་ཐོས་པ་དགའ་བ་དྲན། །བདག་རྗེས་འཇུག་རྟོགས་པ་མཁའ་དང་མཉམ། །གནས་བྲག་ཕུག་བཟུང་ནུས་བྱིན་གྱིས་རློབས། །གྲོང་འདུ་འཛིའི་གསེབ་ཏུ་དངུལ་ཆུ་ལྟར། །རྡུལ་ཙམ་གྱི་སྣང་ཤས་མ་འདྲེས་པར། །དོན་གཡོ་མེད་ངང་ནས་འགྲོ་བ་འདྲེན། །ཆོས་


LT36_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ལ་ཐོག་བརྫིས་མཛད་པའི་རྟགས། །བློ་རྩེ་གཅིག་རྗེ་བཙུན་མི་ལ་དྲན། །བདག་རྗེས་འཇུག་ཆོས་བརྒྱད་སྒྲོག་ལས་གྲོལ། །ཆོས་དགོས་དུས་སླེབ་པར་བྱིན་གྱིས་རློབས། །རྩ་ཐམས་ཅད་ཕྲ་རབ་དྷཱུ་ཏིར་ཐིམ། །སྤྲུལ་སྒྱུར་གྱི་ཆོ་འཕྲུལ་དུ་མ་སྟོན། །སྐྱེ་འཆི་དང་འབྱུང་བཞིར་རང་དབང་སྒྱུར། །སྐུ་རྡོ་རྗེར་རྫོགས་སངས་རྒྱས་པའི་རྟགས། །ཡིད་རྩེ་གཅིག་རྡོ་རྗེ་རྒྱལ་མཚན་དྲན། །བདག་རྗེས་འཇུག་དངོས་འཛིན་བག་ཆགས་བཅོམ། །ལུས་སྤྲུལ་སྐུར་འགྲུབ་པར་བྱིན་གྱིས་རློབས། །རླུང་ཐམས་ཅད་ཡེ་ཤེས་རླུང་དུ་དག །གསུང་དོ་ཧའི་ཆོས་དབྱངས་མཚོ་ལྟར་བརྡོལ། །བཀའ་ཅི་བསྩལ་བདེན་ཚིག་བསླུ་མེད་འགྲུབ། །གསུང་རྡོ་རྗེར་ལོངས་སྤྱོད་རྫོགས་པའི་རྟགས། །ཡིད་རྩེ་གཅིག་བཞད་པ་རྡོ་རྗེ་དྲན། །བདག་རྗེས་འཇུག་སྒྲར་འཛིན་བག་ཆགས་བཅོམ། །ངག་ལོངས་སྐུར་འགྲུབ་པར་བྱིན་གྱིས་རློབས། །ཐིག་ལེ་ཀུན་འོད་གསལ་ཆེན་པོར་ཞུགས། །རྡུལ་མེད་པའི་སྤྱན་དང་མངོན་ཤེས་མངའ། །ཚད་མེད་པའི་ཏིང་འཛིན་རྩལ་ཆེན་རྫོགས། །ཐུགས་རྡོ་རྗེར་མངོན་བྱང་ཆུབ་པའི་རྟགས། །ཡིད་རྩེ་གཅིག་གྲུབ་ཐོབ་རྒྱལ་པོ་དྲན། །བདག་རྗེས་འཇུག་འཁྲུལ་རྟོག་བག་ཆགས་བཅོམ། །ཡིད་ཆོས་སྐུར་འགྲུབ་པར་བྱིན་གྱིས་རློབས། །རྗེ་གཅིག་ལ་ངོ་མཚར་རྨད་བྱུང་བ། །བོད་ཁ་བ་ཅན་གྱི་རྣ་


LT36_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱན། །དཔལ་བཞད་པ་རྡོ་རྗེ་རིན་པོ་ཆེ། །རྗེ་མི་ལ་རས་པ་མཁའ་སྤྱོད་དབང་། །བདག་རྩེ་གཅིག་གདུང་བས་གསོལ་བ་འདེབས། །བུ་དྲེད་པོའི་བློ་སྣ་ཆོས་ལ་སྒྱུར། །ཉམས་བཟང་པོ་དབྱར་གྱི་ཆུ་ལྟར་བརྡོལ། །དོན་རྟོགས་པའི་ཡེ་ཤེས་མཁའ་དང་མཉམ། །ཚེ་གཅིག་ལ་སྐུ་གསུམ་རྒྱལ་ས་ཟིན། །མ་མཁའ་མཉམ་འགྲོ་བའི་དོན་བྱེད་པར། །རྗེ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ངག་གི་དབང་ཕྱུག་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེ་སྔོན་གྱི་རྣམ་དཀར་གྱི་འབྲས་བུས་གངས་རིའི་ཁྲོད་ཀྱི་སྒྲུབ་གནས་བྱིན་རླབས་ཅན་གཙོ་ཆེ་བ་ཕལ་མོ་ཆེར་ཕྱིན་ཅིང་ཚོགས་གཉིས་ཀྱི་འབྲེལ་འཇོག་ཇི་ལྟར་འདོད་པ་གྲུབ་པའི་སྐབས་སུ། རྗེ་བཙུན་མི་ལའི་སྒྲུབ་གནས་ཐམས་ཅད་ཀྱི་ཐོག་མ་གཉའ་གཉའ་ལུང་བསྟན་ཕུག་ཏུ་རྡོ་རྗེ་རྣལ་འབྱོར་མའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ཅིང་ཚོགས་ཀྱི་འདུ་བ་ལ་སྤྱོད་པའི་རྗེས་ཐོག་ཏུ་གུས་པའི་ཡིད་ཀྱིས་གསོལ་བ་བཏབ་པའོ།། ༈ །།རྗེ་ངོ་མཚར་བསམ་གྱིས་མི་ཁྱབ་པ། །འགྲོ་མགོན་རིན་པོ་ཆེ་ལ་འདུད། །སྐུ་ཟླ་ཞལ་མདོ་ཁམས་ཕྱོགས་སུ་གསལ། །བོད་ཡོངས་གྲགས་ཀྱི་མཁས་གྲུབ་མ་ལུས་བསྟེན། །དཔལ་དྭགས་པོ་ལྷ་རྗེའི་ཐུགས་སྲས་གྱུར། །སྦྱངས་རྟོགས་ཀྱི་ཡོན་ཏན་བསམ་མི་ཁྱབ། །ཆོ་འཕྲུལ་གྱིས་འཛམ་གླིང་མཐའ་དབུས་གང་། །གངས་ཅན་ན་སངས་རྒྱས་ཀྱི་མཛད་པ་


LT36_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན། །བཀའ་བརྒྱུད་པ་གསེར་རིའི་ཕྲེང་བ་ལ། །དབུས་ལྷུན་པོ་བཞིན་ཏུ་བརྗིད་པ་དེ། །དཔལ་ཕག་མོ་གྲུ་པ་མ་ལགས་སམ། །གནས་ཀུན་ཏུ་བཟང་པོའི་ནགས་ཁྲོད་ན། །ཕྱི་སྣང་ཚད་སྟུག་པོ་བཀོད་པའི་རྒྱན། །ནང་སྐྱེས་ཚད་སར་གནས་རྒྱལ་བའི་སྲས། །སྒྲ་གྲགས་ཚད་ཐེག་ཆེན་ཆོས་ཀྱི་དབྱངས། །ཡིད་ཆོས་ཉིད་གཅུག་མར་བྱིན་བརླབས་པ། །གྲུབ་ཐོབ་ཀྱི་རྒྱལ་པོ་སྙིང་ནས་དྲན། །རྐྱེན་ལན་ཅིག་མ་ཡིན་ལྷན་སྐྱེས་སུ། །ཞལ་ཟས་དེ་སྙིང་གི་ཐིག་ལེ་རུ། །གསལ་ལྷག་གེ་སྔར་འདྲིས་བཞིན་ཏུ་གདའ། །སྐབས་དེ་འདྲ་ཙ་ན་ཐུགས་ཡིད་བསྲེས། །ཐ་མལ་གྱི་ཤེས་པ་ཕག་ཏུ་སད། །བློ་བྲལ་གྱི་ཆོས་སྐུ་ལྐོག་ལངས་རྒྱབ། །འདི་ཡིན་དང་འདི་མིན་མ་རྙེད་པར། །བཟང་ངན་ཀུན་འབྱམས་ཡུག་ངང་དུ་ལུས། །ལར་གོ་པ་འདྲ་བའི་རྟོགས་པ་ཤར། །རྗེ་བྱིན་རླབས་ཅན་གྱི་ཐུགས་རྗེར་ཤེས། །ཐུབ་ཆེན་འཛམ་གླིང་གྲགས་པ་ལ། །རྒྱལ་བས་ལུང་བསྟན་དག་པའི་འཁོར། །ལྔ་བརྒྱའི་ནང་ནས་འགྲོ་དོན་གྱི། །བཀའ་བབས་འགྲོ་མགོན་རིན་པོ་ཆེ། །ཐིམ་ཕུག་ཏུ་ཌཱ་ཀིའི་ལུང་བསྟན་ཐོབ། །མཐའ་རྩ་རུ་མཆོག་གི་དངོས་གྲུབ་བརྙེས། །སླར་གདན་ས་ཡི་མཐིལ་དུ་དགོངས་གཏད་པ། །རང་བྱུང་ལ་བྲག་གི་བ་གམ་སྟེང་། །བྱང་ཆུབ་ཀྱི་རྩྭ་ཡི་


LT36_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིལ་བུའི་ནང་། །སྐུ་གཡོ་མེད་བཞུགས་སྟངས་དྲང་པོའི་ངང་། །ཐུགས་མི་གཡོ་མངོན་པར་བྱང་ཆུབ་ནས། །གསུང་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། །ཞི་བའི་བདུད་རྩི་གསོལ་ནས་ཀྱང་། །མཆོག་གི་གོ་འཕང་ལ་མྱུར་གཤེགས་པ། །གྲུབ་ཐོབ་ཀྱི་འབྱུང་གནས་གླིང་རྗེ་རས། །ངོ་མཚར་ལ་རྨད་བྱུང་ཁྲོ་ཕུ་པ། །རྟེན་འབྲེལ་གྱི་བཀའ་བབ་འབྲི་གུང་པ། །མོས་གུས་ལ་མཐར་ཕྱིན་སྟག་ལུང་པ། །སྐལ་ལྡན་གྱི་རྒྱལ་པོ་ཟ་ར་བ། །རྟོགས་པའི་མངའ་བདག་གྱེར་སྒོམ་ཆེ། །རྩོད་མེད་ཀྱི་གྲུབ་ཐོབ་སྨར་པ་རྗེ། །སངས་རྒྱས་ཀྱི་གར་མཁན་ཡེལ་བའི་ཞབས། །ཟུང་བཞི་ཡ་བརྒྱད་ཀྱི་ཆུ་མགོ་བྱུང་། །ས་སྟེང་དུ་གྲུབ་ཐོབ་ཀྱི་ཚང་ཆེན་བརྡོལ། །བརྟུལ་ཞུགས་ཀྱི་རྒྱལ་པོ་ཉག་རས་དང་། །ཕྱག་རྒྱའི་བཀའ་བབ་ཞིག་ཆེན་རྗེ། །ཆོས་ཉིད་མངོན་གྱུར་ཆོས་སྐུ་བ། །མིང་ཅན་ལ་གདུགས་ཐོགས་ལྔ་བརྒྱར་གྲགས། །མིང་མེད་ཀྱི་སྐྱེས་བུ་བསམ་ཡས་བྱོན། །འཁོར་བ་དོང་ནས་ལན་གཅིག་སྤྲུགས། །རྗེ་འགྲོ་བའི་མགོན་པོའི་གདན་ས་ན། །དཔལ་བཀའ་བཞི་བརྒྱུད་བའི་ཆོས་འབྱུང་ཁང་། །ཤར་མགོན་པོ་འབྲི་ཁུང་པ་ཡིས་བརྩིགས། །ལྷོ་འགྲན་མེད་གཡའ་བཟང་བ་ཡིས་བརྩིགས། །ནུབ་ཁྲོ་ཕུ་རྒྱལ་ཚ་ཁུ་དབོན་བརྩིགས། །བྱང་ཉེ་གནས་སྟག་ལུང་ཐང་པས་བརྩིགས། །དབུས་འཇག་སྤྱིལ་དུ་ཀ་


LT36_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་འདོམ་བཅུ་བསླངས། །ངོ་མཚར་གྱི་ཕྱག་རྗེས་རྡོ་ལ་བཞག །བྲག་སྲ་མཁྲེགས་གཞལ་ཡས་ཁང་དུ་བཅོས། །རྒྱལ་ཚབ་ཏུ་ཉིད་ལས་མི་ཞན་པ། །ཁོང་སྤྱན་སྔར་བཀའ་བརྒྱུད་བཅོ་ལྔ་ཕེབ། །ཆོས་བཤད་སྒྲུབ་གཉིས་ཀྱིས་ས་སྟེང་ཁྱབ། །ཁྲི་གདུགས་ཀྱི་འོག་ན་ཕྱག་རྗེས་ཆེ། །སྐུ་སྟོང་ཕྲག་མང་པོའི་གཞལ་མེད་ཁང་། །བཀྲ་ཤིས་པའི་སྒོ་མང་མཆོད་རྟེན་བརྒྱད། །ལྷ་མི་ཡི་རིན་ཆེན་ལས་གྲུབ་པ། །དཔལ་མཐོང་གྲོལ་རྒྱལ་བ་མཆེད་བརྒྱད་སོགས། །བོད་གངས་ཅན་ཙམ་ན་འགྲན་མེད་པ། །ཕྲིན་ལས་ཀྱི་འཁོར་ལོའི་ཤུལ་མོ་ཆེ། །དུས་ད་ལྟ་ཡང་མིག་གི་བདུད་རྩིར་བཞུགས། །ཨ་ལ་ལ་བཀའ་བརྒྱུད་ཀྱི་ཕྱག་རྗེས་ལ། །ཨ་ལ་ལ་སྒྲུབ་བརྒྱུད་ཀྱི་ངོ་མཚར་ལ། །རྗེ་དྲན་ནོ་དེ་ཕག་མོ་གྲུབ་པ་དྲན། །རྗེ་དྲན་ནོ་དེ་བདེ་གཤེགས་ཁམས་པ་དྲན། །རྗེ་ཁྱེད་འདྲའི་རྣམ་ཐར་དྲན་པའི་ཚེ། །ཡིད་མི་བཟོད་མོས་གུས་གཏིང་ནས་གཡོ། །སྤོང་ཀློག་གི་འདུ་འཛིས་གཡེང་བ་གཞན། །རྗེ་ཁྱེད་འདྲའི་ཐད་ནས་གཟུགས་བརྙན་ཙམ། །དུས་སྙིགས་མའི་བསོད་ནམས་མ་ཆུན་པས། །ཁྱེད་བསྟན་དངོས་ཕལ་ཆེར་ཡོལ་ཟིན་ཀྱང་། །ཆོས་བརྒྱུད་པ་འཛིན་པ་ཐོར་ཙམ་དང་། །ཕྲིན་ལས་ཀྱི་ལྷག་མ་ཅུང་ཟད་འདིས། །ས་བོན་ཏུ་བྱས་ནས་བཀའ་བརྒྱུད་དང་། །ཕྲིན་ལས་ཀྱིས་འཛམ་གླིང་ཀུན་ཏུ་ཁྱབ། །


LT36_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མི་ནུབ་བྱམས་མགོན་ཕེབ་ཀྱི་བར། །ཁྱེད་བསྟན་གྱི་ཉིན་བྱད་བརྡལ་བ་ཞིག །རྗེ་འགྲོ་བའི་མགོན་པོས་བྱིན་གྱིས་རློབས། །བདག་ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན། །གཞན་དོན་ལ་ནམ་མཁའི་མཐའ་དང་མཉམ། །ཚེ་འདི་ཡིས་མཆོག་དངོས་འགྲུབ་པ་ཞིག །རྗེ་འགྲོ་བའི་མགོན་པོས་བྱིན་གྱིས་རློབས། །སྨྲས་ཚད་ཆོས་སུ་འགྲོ་བ་དང་། །བྱས་ཚད་དགེ་བར་འགྱུར་བ་དང་། །འབྲེལ་ཚད་དོན་དང་ལྡན་པ་ཞིག །རྗེ་འགྲོ་བའི་མགོན་པོས་བྱིན་གྱིས་རློབས། །རང་བྱུང་གི་ཆོས་སྐུ་ཁ་ཡན་པོ། །བཟང་འཛིན་གྱི་གཉེར་ཁ་ལས་གྲོལ་ནས། །ཅི་སྣང་ཀུན་གཉུག་མར་ཐིམ་པ་ཞིག །རྗེ་འགྲོ་བའི་མགོན་པོས་བྱིན་གྱིས་རློབས། །སྤྱིར་སེམས་ཅན་སྒོས་སུ་བོད་ཡུལ་གྱི། །དུས་ངན་གྱི་རྒུད་པ་ཀུན་ཞི་ཞིང་། །བདེ་སྐྱིད་ལ་རྟག་ཏུ་ལོངས་སྤྱོད་པར། །རྗེ་འགྲོ་བའི་མགོན་པོས་བྱིན་གྱིས་རློབས། །འདིའང་སྐལ་པ་བཟང་པོས་ཁྱད་པར་དུ་བྱས་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའི་མིང་ཅན་བོད་ཡུལ་དབུས་འགྱུར་འཆད་དུ་ཕྱིན་པའི་ཚེ། དཔལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ་སླེབ། འཇག་སྤྱིལ་གྱི་སྐུ་འདྲ་རིན་པོ་ཆེ་མཇལ། ཕྱི་ནང་གསང་བའི་ཚོགས་བསགས་ཀྱང་ཇི་ལྟར་འདོད་པ་གྲུབ། དགེ་སྦྱོར་ཀྱང་ལེགས་པར་བསྐྱང་དུ་བྱུང་། ངོ་མཚར་བའི་ཆོ་འཕྲུལ་མཐའ་ཡས་པའང་མཐོང་བས་དད་པ་དང་སྤྲོ་བའི་ཤུགས་ཆེན་པོས་ཐོལ་བྱུང་དུ་བརྗོད་པའོ།། ༈ །།སྐྱབས་རྒྱལ་བ་ཀུན་


LT36_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཙུག་གི་རྒྱན། །དཔལ་པདྨ་ཉིན་བྱེད་རྩེ་གཅིག་དྲན། །དུས་གནས་སྐབས་ཀུན་ཏུ་ཐུགས་རྗེས་གཟིགས། །རྒྱུད་རྟོགས་གྲོལ་དུས་མཉམ་ཆེན་པོ་རུ། །རྗེ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །མཐོ་དགུང་སྔོན་འདི་ལ་ཡར་བལྟས་པས། །རྗེ་བཀའ་བརྒྱུད་རྣམས་ཀྱི་ལྟ་བ་དྲན། །དཔེ་ཀུན་ཁྱབ་རྩ་བྲལ་ཕྱོགས་ལྷུང་མེད། །དོན་སྤྲོས་པ་དང་བྲལ་བ་འདི་ངོ་མཚར་ཆེ། །དམའ་རྒྱ་མཚོ་འདི་ལ་མར་བལྟས་པས། །རྗེ་བཀའ་བརྒྱུད་རྣམས་ཀྱི་སྒོམ་པ་དྲན། །དཔེ་རྙོགས་མེད་གཏིང་བྲལ་གཡོ་བ་མེད། །དོན་རྟོག་པའི་རླབས་རང་གྲོལ་འདི་ངོ་མཚར་ཆེ། །བར་རི་བོ་འདི་ལ་ཕར་བལྟས་པས། །རྗེ་བཀའ་བརྒྱུད་རྣམས་ཀྱི་སྒྲུབ་ཚུགས་དྲན། །དཔེ་ཅིས་ཀྱང་མི་གཡོ་རང་སོ་ཟིན། །དོན་ན་ཐུབ་འཆི་ཐུབ་འདི་ངོ་མཚར་ཆེ། །རྩེ་གངས་རི་འདི་ལ་ཡར་བལྟས་པས། །རྗེ་བཀའ་བརྒྱུད་རྣམས་ཀྱི་རྣམ་ཐར་དྲན། །དཔེ་དཀར་བ་ལ་དུས་ཀྱི་ཁྱད་པར་མེད། །དོན་སྡོམ་གསུམ་ཡར་ལྡན་འདི་ངོ་མཚར་ཆེ། །ལོག་ནགས་ཚལ་འདི་ལ་མར་བལྟས་པས། །རྗེ་བཀའ་བརྒྱུད་རྣམས་ཀྱི་ཡོན་ཏན་དྲན། །དཔེ་ལྷུན་འཐུག་རོ་ལྡན་འབྲས་བུ་སྨིན། །དོན་གསུང་རབ་དང་མཐུན་པ་འདི་ངོ་མཚར་ཆེ། །བར་རླུང་པོ་འདི་ལ་ཕར་བལྟས་པས། །རྗེ་བཀའ་བརྒྱུད་རྣམས་ཀྱི་སྤྱོད་པ་དྲན། །དཔེ་ཆགས་ཐོགས་མེད་པར་ཀུན་ལ་འགྲོ། །དོན་སྤང་


LT36_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

བླང་དང་བྲལ་བ་འདི་ངོ་མཚར་ཆེ། །མདའ་ཆུ་རྒྱུན་འདི་ལ་མར་བལྟས་པས། །རྗེ་བཀའ་བརྒྱུད་རྣམས་ཀྱི་ཕྲིན་ལས་དྲན། །དཔེ་རྒྱུན་མི་འཆད་པར་ཀུན་ལ་ཕན། །དོན་རིས་སུ་མ་ཆད་པ་འདི་ངོ་མཚར་ཆེ། །མཐར་རྣལ་འབྱོར་རང་ལ་ཚུར་བལྟས་པས། །ཕྱི་སྙིགས་མའི་བཙུན་གཟུགས་གྱ་མ་དོ། །ནང་གཏད་སོ་མེད་པའི་ཐོབ་སྟོང་པོ། །བར་ཉོན་མོངས་ཁ་རྒྱས་འཁྲུལ་པའི་གསོབ། །རྐྱེན་གནད་ཐོག་མི་ཁྱག་གཟེ་རེ་ཆེ། །གཞན་ཟུར་ཁྱད་གསོད་པའི་ལྕེ་བདེ་པོ། །རང་ཕེར་ཤ་སྒྲོག་འདོད་ངོ་མཐུག་པོ། །དོན་གདིང་ཚད་མི་ལྡན་ཐ་མལ་པ། །ཡིད་གཏིང་ནས་ཆད་དོ་བླ་མ་རྗེ། །ཞེན་པ་གཏིང་ནས་ལོག་གོ་ཐུགས་རྗེ་ཅན། །ཚེ་འདི་འདྲའི་ངང་ལ་མི་ཡོལ་བར། །གནས་བྲག་ཕུག་ནང་ནས་མགུར་གླུ་འཐེན། །ཚེ་སྒྲུབ་པ་མཉམ་ཞིང་གྲུབ་པ་ཐོབ། །བདུད་བཞི་ཡི་དགྲ་ལ་ཐོག་བརྫིས་བཏང་། །ཆོས་བརྒྱད་ཀྱི་འཇིགས་པའི་འཕྲང་ལས་གྲོལ། །མ་འགྲོ་བ་མཐོང་ཐོས་དྲན་རེག་གྲོལ། །མཆོག་ཐུན་མོང་དངོས་གྲུབ་གཉིས་ཐོབ་ནས། །ཕྱོགས་ཀུན་ལས་རྣམ་པར་རྒྱལ་བ་ཞིག །སྤྱིར་བཀའ་བརྒྱུད་བླ་མས་བྱིན་གྱིས་རློབས། །སྒོས་པདྨའི་རྒྱལ་ཚབ་ཐུགས་རྗེས་ཟུངས། །བློ་ལིངས་ཀྱིས་བཀལ་ལོ་ཁྱེད་རང་མཁྱེན། །བསམ་དོན་ཆོས་བཞིན་འགྲུབ་པར་ཤོག །སྐུ་ལྷ་མཁའ་རིའི་ངོགས། །སྒྲུབ་མཚོ་པདྨ་གླིང་གི་འགྲམ། དཔལ་


LT36_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་དང་། བཀའ་བརྒྱུད་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་ཆེན་པོར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ཐོལ་བྱུང་དུ་སྨྲས་པ་དགེ། ༈ །གཉུག་མའི་དེ་ཉིད་གསལ་བར་སྟོན་པ་ཐལ་བྱུང་དོ་ཧའི་གླུ་ཕྲེང་རྡོ་རྗེ་ལམ་གྱི་ཕྲེང་བ་ཞེས་བྱ་བ། འཆི་མེད་གྲུབ་པའི་རྒྱལ་བ་བཀའ་དྲིན་ཅན་རྣམ་གཉིས་ལ་ཐུགས་རྗེ་བསྐུལ་བའི་གདུང་དབྱངས་དཔྱིད་ཀྱི་དབྱངས་སྙན་ཞེས་བྱ་བ། ཨ་ཧོ། དགུང་སྔོན་ཡངས་པའི་ཀློང་ན་གསལ་བྱེད་ཀྱི་ཉི་ཟླ། །གདོས་བཅས་དབང་པོའི་དྭངས་མ་མཐང་བྱད་ཀྱི་མིག་ཟུང་། །མཚུངས་མེད་ཐུབ་པའི་བསྟན་ལ་ཞལ་ཚབ་ནི་རྣམ་གཉིས། །དེང་འདིར་དད་ལྡན་མོས་པའི་བུ་ལ་ཡང་དགོངས་དང་། །དུས་གསུམ་རྒྱལ་བ་ཀུན་དངོས་པདྨ་ཡི་སཾ་བྷ། །འཕོ་ཆེན་འཇའ་སྐུར་བཞུགས་པ་དྲི་མེད་ཀྱི་བཤེས་གཉེན། །འོད་གསལ་རྡོ་རྗེ་སྙིང་པོའི་སྟོན་པ་ཟུང་དྲན་ནོ། །སྙིང་ཁུང་རུས་པའི་གཏིང་ནས་གསོལ་བ་རེ་འདེབས་སོ། །དུས་གསུམ་ཤེས་བྱ་ཀུན་མཁྱེན་ཨོ་རྒྱན་གྱི་སློབ་དཔོན། །པ་ཆེན་ལྔ་བརྒྱའི་གཙུག་རྒྱན་བི་མ་ལ་མི་ཏྲ། །བསྟན་པ་ཉིན་མོར་བྱེད་པའི་པ་ཆེན་ཟུང་དྲན་ནོ། །གསོལ་བ་སྙིང་ནས་འདེབས་སོ་མཁྱེན་བརྩེ་ཡིས་གཟིགས་ཤིག །སྐྱེ་འཆི་བགྲེས་རྒུད་བྲལ་བ་མཚོ་སྐྱེས་ཀྱི་རྡོ་རྗེ། །གདོས་བཅས་འོད་དུ་དེངས་པ་ཕྱག་རྒྱ་ཡི་རྒྱ་


LT36_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན། །འཆི་མེད་རིག་འཛིན་བརྙེས་པའི་གྲུབ་ཆེན་ཟུང་དྲན་ནོ། །བཅོས་མིན་གདུང་ཤུགས་དྲག་པོས་ཐུགས་རྗེ་རེ་བསྐུལ་ལོ། །ཁ་སྦྱོར་གཉུག་མའི་ལྷ་སྐུ་བདེ་བ་ནི་ཆེན་པོ། །སྣང་བཞི་ཟད་སར་འཁྱོལ་བ་ཁ་ཆེ་ཡི་སློབ་དཔོན། །འཇའ་ལུས་རྡོ་རྗེའི་སྐུར་བཞུགས་བླ་མ་ཟུང་དྲན་ནོ། །དད་མོས་སྙིང་ནས་ཤོར་རོ་བྱིན་རླབས་འདྲ་གནང་ཤོག །གདུག་པའི་ལྷ་སྲིན་ཀུན་འཇོམས་རྡོ་རྗེ་ཡི་ཐོད་ཕྲེང་། །འོད་གསལ་རྒྱལ་བརྒྱུད་སྤེལ་མཛད་བྱེ་མ་ལ་མུ་དྲ། །བཀའ་དྲིན་འགྲན་ཟླ་བྲལ་བའི་སྐྱབས་མགོན་ཟུང་དྲན་ནོ། །བསམ་རྒྱུ་ཁྱེད་ལས་མེད་དོ་ཐུགས་རྗེ་ཡིས་གཟིགས་ཤིག །གངས་ཅན་སྐྱེ་དགུའི་སྐྱབས་གཅིག་ཨོ་རྒྱན་གྱི་གུ་རུ། །སྐལ་ལྡན་འགྲོ་བའི་མིག་གཅིག་ཁ་ཆེ་ཡི་པ་ཆེན། །རྒྱལ་བ་གཉིས་པར་གྲགས་པའི་སློབ་དཔོན་ཟུང་དྲན་ནོ། །རེ་ས་ཁྱེད་ལས་མེད་དོ་སྐྱབས་འོག་ཏུ་ཚུད་ཅིག །འཆི་མེད་རིག་འཛིན་བརྙེས་པའི་རྒྱལ་བ་ཡི་རྗེས་འཇུག་ཚེ་ཐུང་ནད་གདོན་མང་བའི་བར་ཆད་ཀྱིས་གཙེར་ན། །ཟག་མེད་བདུད་རྩིའི་ཆར་རྒྱུན་ལྷུག་ལྷུག་ཏུ་འཇོ་བས། །ཚེ་དབང་མཐའ་རུ་ཕྱིན་པའི་དངོས་གྲུབ་རེ་སྩོལ་ཅིག །མཁས་པའི་གཙུག་གི་རྒྱན་གྱུར་པ་ཆེན་གྱི་རྗེས་འཇུག །སྤང་དང་བླང་བྱ་མི་ཤེས་མུན་ནག་ཏུ་འཁུམས་ན། །ཤེས་བྱ་མཐའ་དག་རྟོགས་པའི་བློ་གྲོས་ཀྱི་སྣང་བས། །རྣམ་དཔྱོད་སྤོབས་པའི་གཏེར་ཁ་འཛད་མེད་དུ་ཕྱེས་ཤིག །གསང་ཆེན་ལམ་


LT36_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་སོན་པའི་གྲུབ་ཆེན་གྱི་རྗེས་འཇུག །མ་གྲུབ་གྲུབ་པར་བརྫུ་བས་རང་སྨ་འདྲ་འབེབས་ན། །བྱིན་རླབས་ཐུགས་རྗེའི་སྤྲིན་ཕུང་ལང་ལིང་དུ་གཡོ་བས། །བརྟུལ་ཞུགས་དབྱར་གྱི་རྔ་སྒྲ་སྒྲོགས་ནུས་སུ་མཛོད་ཅིག །བདུད་འདུལ་རིག་སྔགས་འཆང་བའི་དཔའ་བོ་ཡི་རྗེས་འཇུག །བདུད་བཞིའི་སྐུད་འཕྲད་དམ་པོས་ཐར་མེད་དུ་བཀག་ན། །མཐུ་སྟོབས་ནུས་པའི་གནམ་ལྕགས་ཐལ་བྱུང་དུ་འབེབས་པས། །ལྷན་སྐྱེས་སྲིད་པའི་འཁྲུལ་འཁོར་ཐལ་བ་རུ་རློགས་ཤིག །གདོད་མའི་རྒྱལ་ཐབས་བརྙེས་པའི་ཆོས་སྐུ་ཡི་རྗེས་འཇུག །འགྱུར་མེད་རིག་པའི་ཁྱེའུ་ཆུང་བག་ཆགས་ལ་འཐས་ན། །སྲིད་ཞི་རོ་མཉམ་ཆེན་པོའི་སྟོང་མདངས་འདྲ་ཕྱེས་ལ། །བློ་འདས་ཀ་དག་གཉུག་མའི་རང་ཞལ་དང་སྤྲོད་ཅིག །འཇའ་ལུས་འོད་སྐུར་བཞུགས་པའི་འཕོ་ཆེན་གྱི་རྗེས་འཇུག །གདོས་བཅས་ཕུང་པོའི་གདོས་སུ་ཁོར་ཡུག་ཏུ་འཐོགས་ན། །འདའ་ཀ་འོད་ཀྱི་གོང་བུ་ལྷུན་གྲུབ་ཏུ་སྤོར་ཏེ། །དུས་བཞི་མཉམ་ཉིད་གྲུབ་མཐའ་ཟད་ས་རུ་སྐྱོལ་ཅིག །མ་བཅོས་ཅོག་བཞག་ཆོག་པ་ཀུན་བཟང་གི་དགོངས་པ། །རྟོགས་གྲོལ་ཟང་ཐལ་རིག་པ་བཟང་མོ་ཡི་སྙིང་ཁྲག །ཡེ་ནས་འདུ་འབྲལ་མེད་པའི་རང་རིག་གིས་མ་ཚིམས། །སངས་རྒྱས་གཞན་དུ་ཚོལ་བའི་རྩོལ་སྒྲུབ་དེས་འཁྲུལ་ལོ། །བཅོས་པའི་འཆིང་གྲོལ་ཨ་འཐས་ཡིད་བྱེད་ཀྱི་ལམ་ནས། །


LT36_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

དགག་སྒྲུབ་སྤྲོས་པ་བྲལ་བའི་གཤིས་ལུགས་ནི་མ་མཇལ། །རང་གྲོལ་ཆུ་ཡི་གཉེར་མ་གྲངས་འདེབས་ལ་ཞེན་པས། །ཆོས་སྐུ་ལྷུན་ལ་འབྱམས་པའི་གོ་སྐབས་ནི་མི་འདུག །བུ་ཆུང་ཡུལ་ལ་བལྟས་པས་རང་ངོ་ནི་མ་མཐོང་། །རྨ་བྱ་མདོངས་ལ་ཡེངས་བས་རང་རྩལ་དུ་མ་རྟོགས། །སྒེག་མོ་བྱང་ལ་ཆགས་པས་རང་སྣང་ཉིད་མ་ཤེས། །རྟོག་པ་ཕྱིར་གསལ་མཆེད་པས་འཁྲུལ་སྣང་དུ་འབྱམས་སོ། །ད་ནི་སྐྱབས་གཅིག་སངས་རྒྱས་རྣམ་གཉིས་ཀྱི་ཐུགས་རྗེས། །བདག་ལ་དབང་བཞིའི་ཡེ་ཤེས་ཚང་སྤྲུགས་སུ་སྐྱེད་ཅིང་། །དོན་བརྒྱུད་རྡོ་རྗེའི་བྱིན་རླབས་རྩལ་སྤྲུགས་སུ་གནང་ནས། །གཞི་ཐོག་རིག་པ་སྐད་ཅིག་རང་གྲོལ་དུ་མཛོད་ཅིག །མ་སྐྱེས་རིག་པ་ཟང་ཐལ་རང་ལུགས་སུ་བཞག་པས། །འགྱུ་སྟོང་ཆུ་ཡི་རི་མོ་རང་ཡལ་དུ་སོང་ནས། །དགག་སྒྲུབ་མཚན་མའི་གོས་བྲལ་གཅེར་བུ་རུ་ལྡིང་བའི། །གཡོ་མེད་གཉུག་མའི་རྟོགས་པ་རང་གསལ་དུ་མཛོད་ཅིག། ཡིད་དཔྱོད་གྲུབ་མཐའ་ལས་འདས་གཉུག་མ་ཡི་གསང་ལམ། །སྒྲོན་དྲུག་སྣང་བཞིའི་ལམ་ནས་ཆོས་ཟད་དུ་འཁྱོལ་ཏེ། །བདེ་ཆེན་སྙིང་རྗེའི་རང་མདངས་འཕོ་ཆེན་གྱི་འཇའ་སྐུས། །འཁོར་བ་ཇི་སྲིད་འགྲོ་བའི་དེད་དཔོན་ཏུ་ཤོག་ཅིག །དངོས་མེད་རྟོག་པའི་འཕྲོ་འདུ་གཞི་ཐོག་ཏུ་ཡལ་ཞིང་། །ལས་སྣང་འཁྲུལ་པའི་བག་ཆགས་འཇའ་འོད་དུ་ཟད་དེ། །དངོས་དང་དངོས་མེད་གཉིས་


LT36_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་མཐའ་གྲོལ་དུ་ཐིམ་ནས། །གཏིང་གསལ་གཞོན་ནུ་བུམ་སྐུའི་རྒྱལ་ས་རུ་སྐྱོལ་ཅིག །གྲངས་མེད་རྩ་ཡི་དྲ་བ་འོད་སྦུབས་སུ་ཡལ་ཏེ། །འཕོ་བཅས་རླུང་གི་རྒྱུ་བ་ཡེ་ཤེས་སུ་གྲོལ་ཞིང་། །སྣ་ཚོགས་ཐིག་ལེའི་འཕྲོ་འདུ་དྭངས་སྐུ་རུ་སྨིན་ནས། །ཕུང་ཁམས་འཇའ་ལུས་ཆོས་སྐུར་དེངས་པ་རུ་མཛོད་ཅིག །སངས་རྒྱས་རྣམ་གཉིས་བྱང་ཆུབ་གོ་འཕང་ནི་བརྙེས་ཀྱང་། །རྗེས་འཇུག་བདག་ཅག་འཁོར་བར་གཏན་འཁྱམས་སུ་གྱུར་པས། །ཕྱིན་བཅུའི་མཐའ་རུ་ཕྱིན་པའི་བསོད་ནམས་ཀྱི་འབྲས་བུས། །སྲིད་མཚོ་ལས་བསྒྲལ་བྱང་ཆུབ་ནོར་གླིང་དང་སྤྲོད་ཅིག །མགོན་པོ་རྣམ་གཉིས་གདོད་མའི་གྲོལ་གཞི་ལ་བཞུགས་ཀྱང་། །རྗེས་འཇུག་བདག་ཅག་འཁྲུལ་རྟོག་བར་ལག་ཏུ་ཆུད་པས། །གྲོལ་བ་བཞི་ལྡན་བྱ་བྲལ་རྩོལ་མེད་ཀྱི་བདེན་པས། །སྐད་ཅིག་གཅིག་ལ་རྟོགས་གྲོལ་དུས་མཉམ་དུ་མཛོད་ཅིག །གུ་རུ་རྣམ་གཉིས་བྱིན་རླབས་གཟི་བརྗིད་དང་ལྡན་ཀྱང་། །རྗེས་འཇུག་བདག་ཅག་ཉམ་ཆུང་སྲིན་བུ་ལས་དམན་པས། །ཐུགས་རྗེའི་སྟོབས་དང་གསོལ་འདེབས་མོས་གུས་ཀྱི་མཐུ་ལས། །མཆོག་ཐུན་དངོས་གྲུབ་པ་ཕོག་ལྷུག་པ་རུ་སྩོལ་ཅིག །སློབ་དཔོན་རྣམ་གཉིས་ཆགས་མེད་སྤྱན་ལྔ་དང་ལྡན་ཀྱང་། །རྗེས་འཇུག་བདག་ཅག་མ་མཐོང་རྫུན་གསོབ་ཏུ་ཞུགས་པས། །འགྲོ་འདུལ་ཐབས་མཁས་སྒོ་མོ་ཅི་


LT36_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དུ་དབྱེ་ན། །མངོན་པར་ཤེས་པས་གཞན་རྒྱུད་འདུལ་ནུས་སུ་མཛོད་ཅིག །གྲུབ་ཆེན་རྣམ་གཉིས་བརྟུལ་ཞུགས་ཕྱོགས་མེད་དུ་གྲུབ་ཀྱང་། །རྗེས་འཇུག་བདག་ཅག་རང་སྣང་དགྲ་རུ་ནི་ལྡངས་པས་སྣང་སེམས་དབང་དུ་མཛད་པའི་བསྔགས་པ་འདི་བདེན་ནོ། །ཐོགས་མེད་རྫུ་འཕྲུལ་རྐང་པས་བགྲོད་ནུས་སུ་མཛོད་ཅིག །རིག་འཛིན་རྣམ་གཉིས་འཆི་མེད་ཚེ་དབང་ནི་བརྙེས་ཀྱང་། །རྗེས་འཇུག་བདག་ཅག་སྐྱེ་འཆི་ལུག་རྒྱུད་དུ་བསྟར་བས། །མོས་ལྡན་རེ་བ་སྐོང་བའི་ཐུགས་དམ་ལ་གནས་ན། །རྟག་བརྟན་ཚེ་མཆོག་གྲུབ་པའི་བཅུད་ལེན་ནི་སྩོལ་ཅིག །ལྷུན་གྲུབ་སྦུབས་སུ་བརྟན་པ་མ་ཐོབ་ཀྱི་བར་དུ། །འགྲན་གྱི་དོ་མེད་རྡོ་རྗེའི་སློབ་དཔོན་ནི་རྣམ་གཉིས། །སྤྱི་བོའི་རྒྱན་དང་སྙིང་གི་ཐིག་ལེ་རུ་བཞུགས་ནས། །འབྲལ་མེད་ཐུགས་རྗེའི་བྱིན་རླབས་ཁོར་ཡུག་ཏུ་ཕོབ་ཅིག །སྐྱེ་དང་ཚེ་རབས་ཕྲེང་བར་ཐུགས་རྗེ་ཡིས་བཟུང་ནས། །བར་ཆད་བདུད་ཀྱི་གཡུལ་ངོ་རྟག་པ་རུ་ཟློག་ཅིག །དོན་གཉིས་ལྷུན་གྲུབ་འདོད་པ་འབད་མེད་དུ་འཇོ་བས། །བསམ་དོན་ཡོངས་གྲུབ་བཀྲ་ཤིས་དཔལ་འབར་དུ་ཤོག་ཅིག །ཅེས་འཆི་མེད་གྲུབ་པའི་རྒྱལ་བ་བཀའ་དྲིན་ཅན་རྣམ་པ་གཉིས་ཀྱི་ཐུགས་རྗེ་བསྐུལ་བའི་གདུང་དབྱངས་དཔྱིད་ཀྱི་དབྱངས་སྙན་འདིའང་ཨ་ཏི་ཡོ་ག་ལ་མོས་པ་ལམ་དུ་བྱེད་པའི་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དབེན་པའི་རི་ངོགས་སུ་སྨྲས་


LT36_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགེ། ༈ །གྲུབ་ཐོབ་རྒྱ་མཚོའི་ཆུ་འགོ་བཀའ་རྒྱུད་ཀྱི་སྟོན་པ་བཀའ་དྲིན་ཅན་རྣམས་ཀྱི་ཐུགས་རྗེ་མངོན་པར་བསྐུལ་བའི་གླུ་དབྱངས་བུ་ཆུང་མ་ལ་འབོད་པའི་གདུང་དབྱངས་ཞེས་བྱ་བ། དགྱེས་མཛད་ཧེ་རུ་ཀ་དཔལ། །མར་སྟོན་ཆོས་ཀྱི་བློ་གྲོས། །གངས་ཅན་གྲུབ་པའི་གཙུག་རྒྱན། །དབང་ཕྱུག་བཞད་པ་རྡོ་རྗེ། །ངེས་དོན་བསྟན་པའི་བདག་པོ། །ཆོས་རྒྱལ་ཟླ་འོད་གཞོན་ནུ། །སྲས་བཅས་རྒྱལ་བའི་ཕྲིན་ལས། །དཔལ་ལྡན་ཀརྨ་བཀའ་བརྒྱུད། །ཀུན་འདུས་རྡོ་རྗེ་འཆང་ཆེན། །པདྨ་ཉིན་བྱེད་དབང་པོ། །སྙིང་ནས་གསོལ་འདེབས་བུ་ལ། །ཐུགས་རྗེའི་སྤྱན་གྱིས་གཟིགས་དང་། །ང་ཡི་གཏན་གྱི་རེས། །གྲུབ་ཆེན་མར་མི་དྭགས་གསུམ། །འགྲོ་འདུལ་ཐབས་ལ་མཁས་པ། །ཚད་མེད་ཐུགས་རྗེའི་བདག་ཉིད། །འཁོར་བ་དོང་སྤྲུགས་ནུས་པའི། །སྐུ་བཞིའི་དབང་ཕྱུག་དམ་པ། །རྡོ་རྗེའི་ཡེ་ཤེས་འབར་བས། །བྱིན་རླབས་འཕོ་བ་བསྩལ་བ། །ཉམས་རྟོགས་རྒྱུན་ཆད་མེད་པས། །རྒྱལ་ཀུན་དྲན་ལས་མཛད་པ། །རྟོགས་ལྡན་ཀུན་གྱི་རྒྱལ་པོ། །བསྟན་འཛིན་ཀུན་གྱི་ཁྱུ་མཆོག། གྲུབ་ཐོབ་ཀུན་གྱི་གཙུག་རྒྱན། །ཤིང་རྟ་ཀུན་གྱི་འདྲེན་པ། །ཆོས་མཛད་ཀུན་གྱི་གཙོ་བོ། །བྱ་བཏང་ཀུན་གྱི་ཡང་རྩེ། །སྐྱེས་ཆེན་ཀུན་གྱི་རྩོད་མེད། །འགྲོ་བ་ཀུན་གྱི་སྐྱབས་གཅིག། དད་


LT36_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་མོས་པའི་བུ་ལ། །ཡེ་ཤེས་སྤྱན་གྱིས་གཟིགས་དང་། །ཚོགས་དྲུག་ཡུལ་སེམས་འཕྲད་ཚེ། །འཁྲུལ་བ་རྒྱ་འབྱམས་སོང་དུས། །ཆགས་སྡང་སྦྲུལ་མདུད་ཞིག་པ། །མར་པ་ལོ་ཙཱ་དྲན་ནོ། །སྙིང་ཁོང་གཏིང་ནས་དྲན་ནོ། །འཁྲུལ་སྣང་འཇིག་རྟེན་གཡེང་བས། །ཅོལ་ཆུང་རང་སེམས་བསླུས་ཚེ། །ཆོས་བརྒྱད་རྩྭ་ལྟར་དོར་བ། །རྗེ་བཙུན་མི་ལ་དྲན་ནོ། །སྙིང་ཁོང་གཏིང་ནས་དྲན་ནོ། །བཟང་འདོད་རྟོག་པའི་བུན་ལོང་། །གཉུག་མའི་རང་ཞལ་བསྒྲིབས་ཚེ། །སྣང་སྲིད་ཆོས་སྐུར་ཤར་བ། །དྭགས་པོ་ལྷ་རྗེ་དྲན་ནོ། །སྙིང་ཁོང་གཏིང་ནས་དྲན་ནོ། །རྐྱེན་ངན་ཐོག་བརྫིས་མ་ནུས། །རང་སྣང་དགྲ་རུ་ལངས་དུས། །བརྟུལ་ཞུགས་ཕྱོགས་མེད་གྲུབ་བ། །ཀརྨ་པཀྵི་དྲན་ནོ། །སྙིང་ཁོང་གཏིང་ནས་དྲན་ནོ། །གང་ཤར་བཟོ་མེད་མ་འཁྱོངས། །ཞེ་འདོད་ལམ་དུ་འཁྱོགས་ཚེ། །ཞེན་མེད་རྣལ་འབྱོར་དབང་ཕྱུག །ཏཱ་ཡི་སི་ཏུ་དྲན་ནོ། །སྙིང་ཁོང་གཏིང་ནས་དྲན་ནོ། །ས་སྟེང་འགྲན་ཟླ་བྲལ་བ། །ལུང་དང་རྟོགས་པའི་མངའ་བདག །གངས་རིའི་ཁྲོད་ཀྱི་རྒྱལ་བ། །བཀའ་བརྒྱུད་ཡོངས་ཀྱི་ཆུ་འགོ། །སྙིགས་མའི་གདུལ་བྱ་འདུལ་ལ། །ཡེ་ཤེས་འདོད་དགུར་སྒྱུར་བ། །བཀའ་བབ་བྱིན་རླབས་ཆུ་རྒྱུན། །གཅིག་ཏུ་འདུས་པའི་རྒྱ་མཚོ། །རྗེ་བཙུན་མར་མི་དྭགས་གསུམ། །


LT36_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་འཇུག་བླུན་དད་ཅན་ཚོ། །ལམ་སྣ་ཐར་པར་དྲོངས་དང་། །ཆོས་སྐུ་གདོད་ནས་བརྙེས་ཀྱང་། །གཡའ་གངས་དབེན་པའི་ཁྲོད་དུ། །ལུས་སྲོག་ལྟོས་མེད་བོར་ཏེ། ཁམས་གསུམ་སྲིད་པའི་བདེ་ལ། །རྨི་ལམ་དུ་ཡང་མ་ཆགས། །སྒྲུབ་པའི་རྒྱལ་མཚན་བཙུགས་པས། །ཡེ་ཤེས་སྙིང་ལ་ཤར་ནས། །འཁྲུལ་པའི་རྫུན་ཕུག་དིབ་སྟེ། །དངོས་གྲུབ་ལག་རྩེར་སོན་པ། །གྲོལ་བ་ཕྱི་དུས་མི་རེ། །བདེ་ཆེན་དང་པོའི་རྒྱལ་བ། །ཚེ་ལུས་གཅིག་ལ་བརྙེས་པ། །སངས་རྒྱས་མར་མི་དྭགས་གསུམ། །བུ་སློབ་སྡུག་ཞེན་ཅན་ཚོ། །བློ་སྣ་ཆོས་ལ་སྒྱུར་དང་། །སྔོན་དུས་རི་སུལ་འདི་ཀུན། །བཀའ་བརྒྱུད་གྲུབ་པའི་དབང་ཕྱུག །ཕ་རྗེས་བུས་རྙེགས་མང་པོས། །རང་གཞན་དོན་གཉིས་བསྒྲུབས་ཀྱང་། །དེང་སང་སྙིགས་མའི་ཡང་མཐར། །བཀའ་བརྒྱུད་རྣམ་ཐར་འཛིན་པ། །རི་བོང་རྭ་ལྟར་དཀོན་ལ། །བསྟན་པ་ཟད་པའི་གཞུག་གུ། དབུགས་རྔ་མ་ཆད་ཙམ་ལ། །སྤྱོད་ཀྱང་རྙེད་བཀུར་ཆོས་བརྒྱད། །ཟང་ཟིང་ལང་ལོང་མང་པོས། །རང་མགོ་རང་གིས་བསྐོར་ནས། །ཉིན་མཚན་ཆགས་སྡང་འཁོར་ལོ། །ལྟོ་གོས་གཏམ་གྱི་ཁོལ་པོ། །རྣམ་གཡེང་རླུང་ཁྱེར་སྨྱོན་པ། །རང་རྒྱུད་ཤིང་ལྟར་རེངས་ཤིང་། །ཚེ་འདི་བློ་ཡིས་མ་ཐེངས། །དབེན་རི་མིག་གིས་མ་མཐོང་། །


LT36_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་ལོག་ཡིད་ལ་མ་འགྱུས། །མོས་གུས་ཡུད་ཙམ་མ་ཤར། །དག་སྣང་ཏིལ་ཙམ་མ་འབྱོངས། །རྒྱུ་འབྲས་རྡུལ་ཙམ་མ་གོ། །མྱོང་བ་སྣེ་གཅིག་མ་སྐྱེས། །གཉུག་མར་འཕྲིགས་ཙམ་མ་ཚུད། །སྙིང་ནས་ཆོས་མ་ནུས་པའི། །དཀོར་ནག་ཧབ་ཐོབ་མཁན་པོ། །ཁྱེད་ཀྱི་རྗེས་འཇུག་བདག་དང་། །བདག་འདྲ་ཚོ་ལ་གཟིགས་དང་། །ཡེ་ཤེས་མཁའ་ཁྱབ་བརྙེས་པ། །སངས་རྒྱས་མཛད་པ་མཛད་པ། །མཐུ་སྟོབས་རྫུ་འཕྲུལ་མངའ་བ། །ཐོགས་མེད་མངོན་ཤེས་ལྡན་པ། །བྱིན་རླབས་རྒྱུན་ཆད་མེད་པ། །དཀོན་མཆོག་མར་མི་དྭགས་གསུམ། །གྲུབ་ཆེན་ཀརྨ་པཀྵི། །དྲིན་ཆེན་པདྨ་ཉིན་བྱེད། །གསོལ་བ་སྙིང་ནས་འདེབས་སོ། །མགོ་བྲེགས་གོས་དམར་གྱོན་ལ། །བཀའ་བརྒྱུད་གྲངས་སུ་རློམས་པའི། །ཆོས་མིན་ཆོས་ལྟར་བཅོས་པ། །བདག་འདྲ་ཐུགས་རྗེས་ཟུང་དང་། །ཚད་མེད་སྙིང་རྗེ་ཆེན་པོས། །འཁོར་བའི་གཡང་ལས་སྐྱོབས་དང་། །དཔག་མེད་ཐུགས་རྗེའི་འོད་ཀྱིས། །སྡིག་ལྟུང་མུན་པ་སོལ་དང་། །ལེ་ལོ་བཏང་སྙོམས་མེད་པར། །བྱིན་རླབས་སྙིང་ལ་ཕོ་བ་དང་། །འདུ་འཛིའི་གཡེང་བས་མི་འཆིངས། །སྐྱིད་འདོད་འགོང་པོ་མ་ཞུགས། །གལ་ཆུང་ཆོས་ལ་མ་ཤོར། །སྙིང་རུས་ཞེ་བཅད་དྲག་པོས། །མོས་གུས་ཚད་དུ་ལོངས་ཏེ། །ཉམས་རྟོགས་རྩོལ་མེད་འཆར་ནས། །རྗེ་བཙུན་ཁྱེད་


LT36_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གོ་འཕང་། །མྱུར་དུ་འགྲུབ་པར་ཤོག་ཅིག །སྐུ་གསུམ་གཤིས་ལ་ཚང་བའི། །ཐ་མལ་ཤེས་པ་ཟང་ཐལ། །ཡ་ཀི་རྡོ་རྗེ་འཆང་ནས། །མ་ཀི་སྲིན་བུ་ཡན་གྱི། །གཉུག་མ་ལྷན་ཅིག་སྐྱེས་པ། །ཀུན་གྱི་སྙིང་ལ་སད་ནས། །སྤང་བླང་བསལ་བཞག་མེད་པར། །རང་ངོ་རང་གིས་ཤེས་ཏེ། །ཁྱེད་ཀྱི་གསང་བ་གསུམ་དང་། །སྒོ་གསུམ་དབྱེར་མེད་གྱུར་ནས། །འཁོར་བ་དོང་ནས་སྤྲུགས་པའི། །ཕྲིན་ལས་བདག་ཉིད་ཁོ་ནས། །མྱུར་དུ་འགྲུབ་པར་ཤོག་ཅིག །ཅེས་པའང་འོག་མིན་ས་སྤྱོད་ཀརྨའི་རི་སུལ་དུ་རས་དཀར་གྱི་ཁྱིམ་ལ་བརྟེན་པའི་ཚེ་ཡོན་ཏན་རྒྱ་མཚོས་གང་དྲན་ཐོལ་བྱུང་དུ་གསོལ་བ་བཏབ་པ་མངྒ་ལཾ། ༈ །གཏན་སྐྱབས་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་མངོན་པར་དྲན་པའི་མོས་གུས་ཀྱི་དབྱངས་ལྷར་བཅས་རྣ་བའི་བཅུད་ལེན་ཞེས་བྱ་བ། །གནས་འོག་མིན་ཡིད་དགའ་ཆོས་འཛིན་ན། །རྗེ་པདྨས་ལུང་བསྟན་རྒྱལ་བ་བཞུགས། །མཚན་ཐོས་པ་དོན་ལྡན་སྤྲུལ་པའི་སྐུ། །དཔལ་པདྨ་ཉིན་བྱེད་དབང་པོ་ཞེས། །སྤྱིར་བསྟན་འགྲོ་ཡོངས་ཀྱི་མགོན་གཅིག་པུ། །སྒོས་སྒྲུབ་བརྒྱུད་བསྟན་པའི་ཉིན་བྱེད་དེ། །དུས་དེང་སང་མདོ་ཁམས་ལྗོངས་སུ་ཤར། །སྐུ་མཚན་དཔེའི་གཟི་བརྗིད་ལྷམ་མེར་འབར། །གསུང་ངེས་དོན་ཆོས་ཀྱི་སྒྲ་དབྱངས་སྒྲོགས། །ཐུགས་གཡོ་མེད་


LT36_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་འཛིན་སྒོ་བརྒྱ་འབྱེད། །མི་ཟད་པ་རྒྱན་གྱི་འཁོར་ལོའི་སྤྲིན། །གང་འདུལ་སྤྲུལ་པ་ཡི་སྒྱུ་འཕྲུལ་ཤར། །དེ་བཞིན་ཉིད་ལས་གཡོས་པ་མེད། །སེམས་བརྗོད་མེད་གཉུག་མ་མཁའ་ཁྱབ་ན། །རྗེ་བླ་མ་རིག་སྟོང་ཆོས་སྐུར་བཞུགས། །རང་བྱུང་གི་ཡེ་ཤེས་རྒྱུན་ཆད་མེད། །མཚན་བརྗོད་ན་དང་པོའི་སངས་རྒྱས་ཞེས། །རྟོགས་གྲོལ་དུས་མཉམ་གྱི་བྱིན་རླབས་བསྩལ། །གཞི་རྡོ་རྗེའི་ལུས་སེམས་འོད་གསལ་སྦུབས། །རྗེ་བླ་མ་གསལ་སྟོང་ལོངས་སྐུར་བཞུགས། །སྐུ་ཞིང་ཁམས་རྒྱ་མཚོ་རྒྱུན་ཆད་མེད། །མཚན་བརྗོད་ན་དྲུག་པ་རྡོ་རྗེ་འཆང་། །རང་སྣང་ངོ་སྤྲོད་ཀྱི་ཟབ་དོན་བསྩལ། །ཡུལ་སྣང་རང་ཤར་རང་གྲོལ་ན། །རྗེ་བླ་མ་སྣང་སྟོང་སྤྲུལ་སྐུར་བཞུགས། །ཐབས་མཁས་ཀྱི་འདུལ་ཐབས་རྒྱུན་ཆད་མེད། །མཚན་བརྗོད་ན་ཤཱཀ་ཐུབ་དང་མ་ཕམས་པ། །དཔེ་དོན་ཟུང་འབྲེལ་གྱི་གདམས་ངག་བསྩལ། །དྷཱུ་ཏིས་ཟོས་པའི་སྲིད་གསུམ་དབུས། །རྗེ་བླ་མ་ཨ་ཧཾ་མཉམ་སྦྱོར་བཞུགས། །འཕོ་མེད་ཀྱི་བདེ་ཆེན་རྒྱུན་ཆད་མེད། །མཚན་ཧེ་རུ་ཀ་དང་རྣལ་འབྱོར་མ། །ལྷན་སྐྱེས་དགའ་བཞིའི་ཡེ་ཤེས་བསྩལ། །གནས་རྔ་ཡབ་ཟངས་མདོག་དཔལ་གྱི་རིར། །རྗེ་བླ་མ་འཕོ་ཆེན་འཇའ་སྐུར་བཞུགས། །འགྲོ་འདུལ་གྱི་ཕྲིན་ལས་རྒྱུན་ཆད་མེད། །མཚན་བརྗོད་ན་སངས་རྒྱས་ཐོད་པ་རྩལ། །མངོན་སུམ་ལག་གཏོད་ཀྱི་


LT36_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་བསྩལ། །སྐལ་ལྡན་འདུས་པའི་ཚོགས་དབུས་སུ། །རྗེ་བླ་མས་བཀའ་བརྒྱུད་ཀྱི་ཆུ་འགོ་བཙུགས། །གྲུབ་ཐོབ་ཀྱི་གསེར་ཕྲེང་རྒྱུན་ཆད་མེད། །མཚན་བརྗོད་ན་མར་པ་ལོ་ཙཱ་ཞེས། །སྙན་བརྒྱུད་བདུད་རྩིའི་ཕ་ཕོག་གནང་། །ཁོང་གདུལ་བྱ་ཀོར་རྩེའི་སྣང་ངོ་རུ། །རྗེ་བླ་མས་སྒྲུབ་བསྟན་ལ་ཕྱག་རྗེས་བཞག །འཆད་རྩོམ་གྱི་རྣམ་དཔྱོད་རྒྱུན་ཆད་མེད། །མཚན་བརྗོད་ན་བསྟན་པའི་ཉིན་བྱེད་ཅེས། །རྗེས་འཇུག་ལ་ཤེས་བྱའི་སྒོ་འཕར་ཕྱེས། །བདག་སོ་སྐྱེ་བླུན་པོའི་ཁྱུ་ནང་དུ། །སངས་རྒྱས་ཀུན་དངོས་སྤྲུལ་པའི་སྐུ། །འབྲེལ་ཚད་དོན་ལྡན་རིན་པོ་ཆེ། །ཟབ་དོན་བསྩལ་མཛད་བཀའ་དྲིན་ཅན། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དེ། །སྐལ་མཉམ་མི་ཡི་ཟོལ་དུ་བཞུགས། །དོན་དམ་དུ་སྐུ་གསུང་ཐུགས་ཡེ་ཤེས། །རྡོ་རྗེ་བཞི་ཡི་རྣམ་པར་ཐར། །མགོན་ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་ཉིད། །ཀུན་རྫོབ་ཏུ་རིགས་མཐུན་བསྟན་ན་ཡང་། །འདམ་ལས་སྐྱེས་པའི་པདྨོ་བཞིན། །སྲིད་པའི་དྲི་མས་མ་གོས་པར། །བདག་ཆོས་དྲེད་ཅན་གྱི་དཀོར་ཟན་ལ། །གདམས་ངག་རྣམ་ཐར་སྒོ་ནས་སྟོན། །སྡོམ་དམ་ཚིག་སྤྱན་གྱི་འབྲས་བུ་ལྟར། །གཅེས་སྤྲས་སུ་མཛད་པ་མཐོང་ཙ་ན། །བདག་ཟོག་པོ་རང་མགོ་སྐོར་བ་རྣམས། །ངན་སོང་གི་གཏན་ཡུལ་ལ་བློ་ཐག་ཆོད། །མཚན་


LT36_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་གྱི་སྒྲིབ་ཤིང་ལ་བརྟེན་ནས། །ལོག་འཚོ་ལྔ་སྡུད་པའི་འགྲོ་དོན་དེ། །རིང་དུ་དོར་བ་མཐོང་ཙ་ན། །བདག་བཟང་བརྫུ་ཅན་གྱི་འདྲེས་ཁྱེར་རྣམས། །གཞན་མགོ་བསྐོར་བ་འཁྲུལ་ཚབ་ཆེ། །ཐོབ་གོ་སའི་བསེ་འབག་མི་གྱོན་པར། །ཆོས་བཞིན་གྱི་མཛད་སྤྱོད་མཐོང་ཙ་ན། །བདག་སྤྲང་པོ་ལྟོ་རྒྱབ་གཉིས་དོན་ཙམ། །ཆོས་འགལ་བྱེད་ནུས་སྙིང་རེ་རུལ། །སྐྱེས་ཐོབ་ཟབ་མོའི་ཤེས་རབ་ཀྱིས། །ཆོས་ཀྱི་གནད་ཏིག་དཀྲོལ་ཙ་ན། །བདག་གོ་བའི་འུད་གོག་འཐགས་པ་རྣམས། །མཁས་འདོད་ཀྱི་ཁུར་པོ་རང་བཅིངས་རྒྱུ། །འཕྲལ་མི་ཆོས་ཞིབ་ཞིབ་འདྲ་བ་ལ། །ཕུག་རང་གྲོལ་ཆེན་པོ་མཐོང་ཙ་ན། །བདག་ཁ་དོན་མི་མཚུངས་པའི་གྲོལ་བརྫུ་ཅན། །ཆུ་སྐྱར་གྱི་བརྟུལ་ཞུགས་འདིས་བསླུ་བསླུ་འདྲ། །གཏིང་དཔག་དཀའ་བ་རྡོ་རྗེའི་གསུང་། །ཚིག་རེ་རེས་དོན་ཆེན་མཛད་ཙ་ན། །གཞན་རྒྱུད་མི་གྲོལ་འཆད་ཉན་ཟོལ། །ནེ་ཙོའི་ཁ་སྦྱང་འདི་དོན་གོ་ཆུང་། །གཡོ་ཟོལ་ངོ་ལྐོག་མེད་པ་ཡིས། །བསྟན་འགྲོ་ཕན་ཁོ་ན་མཛད་ལུགས་ཀྱིས། །བདག་ལྟོ་རྒྱབ་གཉིས་ལས་མི་དྲན་པ། །བྱང་ཆུབ་ལམ་དང་རྒྱང་ཐག་རིང་། །ཆོས་བརྒྱད་ཀྱི་འཁྲུལ་པ་གཏན་ནས་ཞིག ཚེ་འདིར་སྣང་གི་ངོ་སྲུང་མི་མཛད་པར། །བློ་ཆོས་མཐུན་ལ་དགྱེས་པ་དེ་དྲན་ཙ་ན། །བདག་ཟོབ་རྐྱལ་ཆོས་བརྒྱད་ཀྱི་གྲུབ་ཐོབ་རྣམས། །རྨི་ལམ་ལ་འཁྲུལ་


LT36_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཚོད་དེ་གས་ཆོག །སྣང་གྲགས་སྒྱུ་མའི་ཡོ་ལངས་ལ། །གཏད་ས་མེད་པའི་རྟོགས་པ་ཅན། །སྣང་བ་གདོང་འདེད་ཀྱི་འཁྲུལ་ཞིག་ལ། །བློ་ཁྱད་ཀྱི་མཐོང་ཚུལ་ཅི་ཡང་སྣང་། །ལན་རེ་ཞིབ་ཏིག་ཅན་ལྟར་སྟོན། །རྩིད་སྤྱོད་ཕཊ་རལ་གྱི་སེམས་རྩ་གཅུན། །ལན་རེ་ཅི་ལའང་མི་རྟོག་པས། །ཨ་འཐས་ཅན་གྱི་འཇུར་མདུད་དཀྲོལ། །ལན་རེ་ཐོས་བསམ་མཁན་ལ་བསྔགས། །བླུན་སྒོམ་རྣམས་ཀྱི་མཆོག་འཛིན་བརྟོལ། །ལན་རེ་སྒོམ་གྱི་བསྔགས་པ་མཛད། །མཁས་རློམས་རྣམས་ཀྱི་དྲེགས་པ་བསྙིལ། །རྩོད་མེད་དུས་གསུམ་སངས་རྒྱས་ཁྱེད། །ཐ་མལ་པ་ལྟར་བརྫུ་བ་དེས། །མངོན་ཤེས་ཉི་ཚེ་འཆད་པ་སོགས། །བདུད་ཀྱིས་བསླུས་རྣམས་ཟིལ་གྱིས་མནན། །ངེས་པར་དགོས་པའི་དབང་གཟིགས་ན། །དུས་གསུམ་སྒྲིབ་པ་མེད་པའི་སྤྱན། །བདེན་གསུང་སེང་གེའི་སྒྲ་བསྒྲགས་པས། །ལོག་ལྟ་ཅན་རྣམས་སྦ་བཀོངས་ཤིང་། །དད་པ་ཅན་རྣམས་ཡིད་ཆེས་སྐྱེད། །དད་ཅན་དང་དད་མེད་ཀྱི་ཁ་གསག་དང་། །སྡོམ་ལྡན་དང་སྡོམ་མེད་ཀྱི་ཚུལ་འཆོས་དང་། །ཆོས་མཐུན་དང་ཆོས་ལྟར་བཅོས་པ་སོགས། །གཞན་རྒྱུད་ས་ལེར་མཁྱེན་པ་ཡིས། །ཆོས་བཞིན་གྱི་རྗེས་འཛིན་མ་གཏོགས་པར། །མཐོ་དམན་དང་ཉེ་རིང་སུ་ལ་ཡང་། །མི་ཆོས་ཀྱི་རྩིས་གདབ་མི་


LT36_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བས། །ཁོང་ལ་ལས་སངས་རྒྱས་དངོས་སུ་མཐོང་། །ཁོང་ལ་ལས་མ་བཅོས་ལྷུག་པར་མཐོང་། །ཁོང་ལ་ལས་རང་ཆེ་ང་རྒྱལ་མཐོང་། །ཁོང་ལ་ལས་གཏི་ཐུག་གླེན་པར་མཐོང་། །ཁ་ཅིག་བསྔགས་བརྗོད་གསོལ་འདེབས་འུར། ཁ་ཅིག་ལོག་ལྟ་ལྐོག་ལབ་བྱེད། །འབྲེལ་ཚད་ཀུན་ཐར་པའི་ལམ་དུ་སྦྱོར། །ལུང་རྟོགས་རྟགས་ཙམ་འཛིན་པའི་དུས། །མགོན་ཤཱཀྱའི་བསྟན་པའི་སྙིགས་མ་ལ། །ལོག་སྒྲུབ་བཟོད་པའི་གོ་ཆ་དང་། །ཆོས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཅན། །ངེས་པ་དོན་གྱི་བླ་མ་དེ། །རྗེ་པདྨ་ཉིན་བྱེད་མ་ལགས་སམ། །བརྒྱུད་པ་ཡི་ཆུ་མགོ་གངས་ལ་ཐུག །རྡོ་རྗེ་འཆང་གསང་སྔགས་འབྱུང་ཁུངས་བཟང་། །སྤྲུལ་པས་སྤྲུལ་པའི་བརྒྱུད་འཛིན་ཕྱིར། །བར་ཆད་དང་དམ་སེལ་གྱི་རྙོགས་མ་མེད། ཁ་ནང་ལྟས་ཉམས་རྟོགས་ཀྱི་སྲོལ་ཚུགས་པས། །བྱིན་རླབས་ཀྱི་ཆུ་བོ་ཕྱི་ཕྱིར་རྒྱས། །རྟོགས་པ་དོན་གྱི་བསྟན་པ་ཡིས། །ཐུབ་བསྟན་ཉི་ལྟར་གསལ་བ་ལ། །དཔལ་འཛམ་གླིང་གྲགས་པ་ལུང་དུ་བསྟན། །མགོན་དེ་ཡི་ཕྲིན་ལས་དབང་སྒྱུར་མཆོག །ཁོང་ཐམས་ཅད་མཁྱེན་པ་ཀརྨ་པ། །དབྱིངས་རོ་མཉམ་གང་འདུལ་སྤྲུལ་པའི་གར། །ཞིང་ཀུན་ཏུ་ཏཱ་ཡི་སི་ཏུར་གྲགས། །དབང་རབ་ཀྱི་སྐལ་བཟང་རྣམས་ཀྱི་ངོར། །རྗེ་མངའ་བདག་ཆེན་པོའི་


LT36_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་དེ། །དུས་དེང་སང་བླུན་པོ་སྐལ་མེད་ངོར། །འབད་པ་མེད་པར་སྟོན་པར་ནུས། །བདག་འདྲའི་རོ་ལངས་ཀྱང་ངོ་མཚར་སྐྱེས། །ཡི་ག་དེ་དྭགས་བརྒྱུད་པ་ལ་ཤོར། །བློ་སྙིང་དེ་བླ་མ་རྗེ་ལ་གཏད། །བསམ་བློ་དེ་བསྟན་པའི་ཕྱོགས་སུ་བཏང་། །རྣམ་ཐར་དེ་གོང་མའི་རྗེས་སུ་སྨོན། །ས་སྟེང་གི་སེམས་ཅན་གདིངས་ཚད་ཅན། །བསམ་བློ་ཆགས་སྡང་གི་ཕྱོགས་སུ་ཁྲིད། །རང་འདོད་ཁ་འཁྱལ་སྨྲ་བ་ལ། །ཕོ་རྒོད་དུ་རློམས་པའི་མགོ་སྟོང་དེ། །མཐོང་ཙ་བདག་ཀྱང་འདུན་མ་ལེགས། །གྲགས་སྐམ་དང་སྟོབས་འབྱོར་གྱི་མིག་བྲིད་ལ། །སངས་རྒྱས་དང་བྱང་སེམས་སུ་བརྗོད་ན་ཡང་། །ཆོས་བརྒྱད་ལ་ནང་ནོར་བྱས་བྱས་ནས། །རང་སྙིང་རུལ་བ་མ་ཚོར་བར། ཁ་བཤད་ཆུ་ཡི་ལྦུ་བ་དཀྲུག །སྤྲོས་བཅས་འཇའ་ཚོན་རི་མོ་བྲི། །ལྟར་སྣང་གི་མངོན་ཤེས་གྲུབ་རྟགས་སོགས། །ལྷ་བུའི་བདུད་ཀྱི་ཕ་ཕོག་ཅན། །དམ་ཉམས་དང་འདྲེས་ཁྱེར་གྱི་བརྒྱུད་འཛིན་ལ། །མིང་སྙན་དགུས་འབོད་པའི་ཟོབ་སྟོང་དེ། །མི་ཚོགས་མ་བསགས་རྣམས་སངས་རྒྱས་སུ་མཐོང་། །ཡོད་དགུ་རྩལ་སྤྲུགས་ཀྱི་ཟང་ཟིང་ཕུལ། །ཕྱོགས་རིས་ཆགས་སྡང་གི་སྤྱན་ལྟོས་ལོབ། །བསོད་ནམས་དང་སྙན་གྲགས་ནུས་མཐུ་སོགས། །ཐར་པའི་བར་ཆད་ཀྱི་བྱིན་


LT36_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཐོབ། །ལས་དཀར་འབྲས་བུ་གནག་པ་དེ། །མི་བྱའི་དབང་མེད་བསགས་རྒྱབ་ཞན། །དེ་སྟེང་སྙིགས་མའི་གེགས་དབང་བཙན། །བདག་སྐལ་ལྡན་རང་ཞིག་མ་ལགས་ཀྱང་། །དེ་འདྲའི་གྲལ་དུ་མ་འཁྱོགས་པ། །རྗེ་པདྨ་རྫོགས་སངས་རྒྱས་དེའི་མཐུ། །ཡུལ་སེམས་ཀྱི་ཟར་ཟིར་སྣ་ཚོགས་པ། །འལ་འོལ་སྒྱུ་མ་ཙམ་དུ་སྣང་། །སྒྱུ་མར་འཛིན་པའང་སྟོང་པར་རྟོགས། །རྗེས་ཤེས་ཀྱི་ལྷན་པ་མ་གདབ་པའི། །དང་པོའི་ཤེས་པ་སྐད་ཅིག་མ། །རྩོལ་དྲན་མ་དགོས་རྗེན་ལ་བུད། །གཤིས་ལུགས་ཀྱི་རིག་སྟོང་ལ་ངེས་ཤེས་ཞིག་སྐྱེས། །རྗེ་བླ་མའི་ཐུགས་དང་རང་གི་སེམས། །གསེར་བུམ་དང་རྫ་བུམ་གྱི་ནམ་མཁའ་བཞིན། །གསལ་རིག་སྟོང་གསུམ་ཀློང་དུ་གཅིག །བསྲེ་བསྣན་གྱི་དགག་སྒྲུབ་མ་དགོས་པར། །དྲན་སྟོང་ལས་ལོགས་སུ་མེད་པར་རྟོགས། །མཆོག་གི་དངོས་གྲུབ་བྱས་ཀྱང་ཆོག །དམྱལ་བར་སོང་ཡང་འགྱོད་པ་མེད། །ད་དུང་ཡང་བྱང་ཆུབ་སྙིང་པོའི་བར། །སྐྱབས་ཁྱེད་ལས་རེ་ས་གཞན་མེད་པས། །ཐུགས་རྗེས་ཟུངས་དང་རིན་པོ་ཆེ། །བྱིན་གྱིས་རློབས་དང་རྫོགས་སངས་རྒྱས། །བར་ཆད་སོལ་དང་རྡོ་རྗེ་འཆང་། །ལམ་སྣ་དྲོངས་དང་སྤྲུལ་པའི་སྐུ། །ཁྱད་པར་ཆོས་མིན་གྱི་ལམ་གེགས་སོལ། །རྟོགས་པ་དོན་བརྒྱུད་ཀྱི་ཡེ་ཤེས་སྩོལ། །རྩ་དག་པ་


LT36_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཡི་རྡོ་རྗེ་ནས། །ཆ་མེད་ཀུན་འགྲོའི་ཞུ་བ་དེ་ཡིས། །ལུས་སྤྲུལ་པའི་སྐུ་རུ་སྨིན་པར་མཛོད། །རླུང་དག་པ་གསུང་གི་རྡོ་རྗེ་ནས། །དུས་སྦྱོར་རྡོ་རྗེའི་བཟླས་པར་འགག །ངག་ཁ་སྦྱོར་ལོངས་སྤྱོད་རྫོགས་པར་མཛོད། །ཐིག་ལེ་དག་པ་ཐུགས་རྡོ་རྗེས། །དཔྱིད་ཐིག་མཆོག་ཏུ་མི་འགྱུར་བར། །ཡིད་ཆོས་སྐུའི་བདེ་བ་གྲུབ་པར་མཛོད། །ཡེ་ཤེས་རྡོ་རྗེ་རྡུལ་སྤངས་པ། །རྣམ་ཀུན་མཆོག་ལྡན་ལྷན་ཅིག་སྐྱེས། །ངོ་བོ་ཉིད་སྐུའི་རྩལ་རྫོགས་ནས། །མཁའ་ཁྱབ་ཀྱི་འགྲོ་བ་བསྒྲལ་ནུས་པ། །རྗེ་རྡོ་རྗེ་འཆང་ཆེན་པདྨ་ཡི། །གསང་གསུམ་གྱི་རྣམ་ཐར་མྱུར་རྫོགས་ཤོག །ཅེས་པའང་གདན་ས་ཆེན་པོ་དཔལ་སྤུངས་ཀྱི་ཡང་ཁྲོད་ནས་རྣམ་ཐར་གླུ་རུ་བླངས་པ་ཚེ་རབས་ཀུན་ཏུ་དཔལ་ལྡན་བླ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། ༈ །།དཔལ་རྡོ་རྗེ་འཆང་ཆེན་སྤྲུལ་པའི་སྐུ། །རྗེ་པདྨའི་མཚན་ཅན་ཐུགས་རྗེ་ཅན། །སྙིང་རུས་པའི་གདིངས་ནས་གསོལ་བ་འདེབས། །སྤྲང་བསམ་དོན་ཆོས་བཞིན་འགྲུབ་བ་དང་། །བློ་ཆོས་ལ་འགྱུར་བར་བྱིན་གྱིས་རློབས། །ལུས་དལ་འབྱོར་ཡིད་བཞིན་ནོར་བུ་འདི། །དུས་ད་རེས་ལོ་བརྒྱ་ཐོག་གཅིག་ཡིན། །ཆུད་ཟོས་སུ་བཏང་བ་ཨ་ཙ་མ། །ཐོབ་དཀའ་དེ་སྟོང་ལོག་བྱེད་


LT36_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཀན། །ལུས་སྒྱུ་ལུས་བསྒོམས་ནས་སྤྲུལ་སྐུར་བསྒྲུབ། །ངག་སྲོག་རྩོལ་ལམ་གྱིས་ལོངས་སྐུར་བསྒྲུབ། །ཡིད་ཙཎྜི་བདེ་སྟོང་ཆོས་སྐུར་བསྒྲུབ། །འགྲུབ་ནུས་པ་བླ་མས་བྱིན་གྱིས་རློབས། །དགྲ་འཆི་བདག་ནམ་མཁའི་ཐོག་རྒོད་དེ། །བཀག་བསམ་ཡང་ཁེགས་མི་མེད་པ་ཡིན། །ནམ་འོང་མི་ཤེས་ཨ་ཙ་མ། །ད་འཆི་བདག་ནམ་འོང་མི་བསྒུག་རེ། །ལུས་མི་ཡེངས་ལྷ་སྐུ་ཞུ་བདེ་སྐྱང་། །ངག་མི་ཡེངས་རྡོ་རྗེའི་བཟླས་པ་སྦྱང་། །སེམས་མི་ཡེངས་ཕྱག་རྒྱ་ཆེན་པོ་སྦྱང་། །འབྱོངས་ནུས་པ་བླ་མས་བྱིན་གྱིས་རློབས། །ལས་རྒྱུ་འབྲས་དཔྱིད་བཏབ་ས་བོན་དེ། །དཀར་ནག་མ་འདྲེས་སོ་སོར་སྨིན། །ལས་རྒྱུ་འབྲས་མི་ཤེས་ཨ་ཙ་མ། །དཀར་ནག་རུ་ཤ་ན་མི་དབྱེ་རེ། །ལུས་རང་གཞན་ཀུན་གྱི་གཡོག་ཆུ་བཀོལ། །ངག་ཐམས་ཅད་དམ་པའི་ཆོས་སུ་སྨྲ། །སེམས་རེས་མེད་བྱང་ཆུབ་སེམས་བློ་རུ། །སྦྱང་ནུས་པ་བླ་མས་བྱིན་གྱིས་རློབས། །སྲིད་གསུམ་གྱི་བདེ་འབྱོར་ཧ་ལའི་དུག །འབྲེལ་ཕྱིན་ནས་སྲོག་རྩ་བཅད་ངེས་ཡིན། །ཞི་མ་དུ་ཚོར་བ་ཨ་ཙ་མ། །བློ་ལྟར་སྣང་བདེ་ལས་མི་ལྡོག་རེ། །ལུས་བས་མཐའི་སྐྱིབས་སུ་དཀའ་ཐུབ་དང་། །ངག་ལོངས་གཏམ་སྤང་བའི་སྨྲ་བཅད་དང་། །ཡིད་འཁོར་བའི་བྲེང་ཐག་ཆད་པ་རུ། །འབད་ནུས་པ་བླ་


LT36_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

མས་བྱིན་གྱིས་རློབས། །བདག་དང་ཕ་མ་འགྲོ་དྲུག་རྣམས། །འཁྲུལ་རྒྱ་འབྱམས་ཀྱི་དབང་དུ་མི་ཤོར་བར། །དཀར་པོ་དགེ་བའི་ལས་སད་ནས། །ལོངས་མེད་ཀྱི་བློ་སྣ་ཐུང་བར་ཤོག །དང་པོ་ཞེན་པ་ལོག་པ་དང་། །བར་དུ་ངེས་པར་འབྱུང་བ་དང་། །ཐ་མ་དད་པའི་རྨིང་རྡོ་ཚུགས། །ལས་རྒྱུ་འབྲས་ལ་ཡིད་ཆེས་སྐྱེ་བར་ཤོག །སྤྱིར་མཉམ་མེད་དྭགས་པོ་བཀའ་བརྒྱུད་དང་། །སྒོས་སྒྲུབ་རྒྱུད་ཀརྨ་ཀཾ་ཚང་གི། །བསྟན་རྣམ་དག་སྒོ་རུ་ཞུགས་ནས་ཀྱང་། །བསྟན་པ་ལ་བྱི་དོར་བྱེད་པར་ཤོག །རྗེ་རྒྱལ་བའི་དབང་པོ་ཀརྨ་པ། །སྐྱབས་བསླུ་མེད་ཏཱ་ཡི་སི་ཏུ་སོགས། །རྒྱལ་ཡབ་སྲས་མཉེས་པ་བསྒྲུབས་པ་ཡིས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་ཤོག། ༈ །།སྐྱབས་དཀོན་མཆོག་ཀུན་འདུས་ངོ་བོ་ཉིད། །དཔལ་པདྨ་ཉིན་བྱེད་ཞབས་ལ་འདུད། །མཁའ་མཉམ་ཕ་མ་སྡུག་གུ་རྣམས། །སྐྱབས་འོག་ཏུ་ཚུད་པར་བྱིན་གྱིས་རློབས། །སྤྱིར་དུ་མཁའ་མཉམ་སེམས་ཅན་སྐྱབས། །སྒོས་སུ་དྲིན་ཆེན་ཕ་མ་སྐྱབས། །ཡང་སྒོས་སྡང་བའི་དགྲ་བོ་སྐྱབས། །ཉིང་སྒོས་གནོད་བྱེད་བགེགས་རིགས་སྐྱབས། །དགྲ་གཉེན་མེད་པའི་སེམས་ཅན་སྐྱབས། །ཕྱོགས་རིས་མེད་པའི་འགྲོ་བ་སྐྱབས། །མཐོ་དམན་མེད་པའི་ལུས་ཅན་


LT36_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས། །འཁོར་བའི་འཇིགས་པ་སེལ་ཕྱིར་སྐྱབས། །གཏན་བདེའི་གོ་འཕང་ཐོབ་ཕྱིར་སྐྱབས། །ལོག་ལྟའི་གཡང་ལས་སྲུང་ཕྱིར་སྐྱབས། །སྤྱོད་ངན་སྤུ་གྲིའི་སོ་ལས་སྐྱབས། །འདོད་པ་མེ་ཡི་འོབས་ལས་སྐྱབས། །ཆོས་བརྒྱད་སྒྲོག་གིས་འཆིངས་ལས་སྐྱབས། །ཆགས་སྡང་བཙོན་དོང་ཚུད་ལས་སྐྱབས། །མ་རིག་མུན་པའི་འཕྲང་ལས་སྐྱབས། །སྤྱིར་བླ་མེད་དཀོན་མཆོག་གསུམ་ལ་སྐྱབས། །སྒོས་དྲིན་ལྡན་རྩ་བའི་བླ་མར་སྐྱབས། །ཡང་སྒོས་སེམས་ཉིད་ཀློང་དུ་སྐྱབས། །དོན་སྐྱབས་ཡུལ་བསྐྱབ་བྱ་སྐྱབས་འགྲོ་ཡང་། །མིང་ཙམ་བརྡ་ཙམ་རྟོག་པ་ཙམ། །རང་སེམས་མ་བཅོས་གཉུག་མ་ཉིད། །རྗེ་སྐྱབས་ཡུལ་ཀུན་འདུས་ངོ་བོ་སྟེ། །གུད་དུ་མེད་པ་ཁོ་ཐག་ཆོད། །ཐུན་མོང་གི་དངོས་གྲུབ་ཞུ་བའི་ཕྱིར། །ཕྱི་མཆོག་གསུམ་རྩ་བ་གསུམ་ལ་སྐྱབས། །མཆོག་གི་དངོས་གྲུབ་ཞུ་བའི་ཕྱིར། །རྗེ་སུམ་ལྡན་རྡོ་རྗེ་འཆང་ལ་སྐྱབས། །སངས་རྒྱས་ལག་བཅང་ཞུ་བའི་ཕྱིར། །ནང་རང་སེམས་ཡིད་བཞིན་ནོར་བུར་སྐྱབས། །ཤེས་པ་ཡུལ་ཕྱིར་འབྲེང་བ་ལ། །ཡུལ་འཛིན་མེད་ཆོས་སྐུའི་ངང་དུ་སྐྱབས། །འཁྲུལ་རྟོག་སྒོམ་དུ་སེམས་པ་ལ། །སེམས་རང་གྲོལ་ཕྱག་རྒྱ་ཆེན་པོར་སྐྱབས། །སྟོང་ཉིད་ཡིད་ལ་བྱེད་པ་ལ། །ཡིད་གཉུག་མ་གཟའ་གཏད་བྲལ་བར་སྐྱབས། །


LT36_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་སྣང་བ་བརྡ་ཡི་སྐྱབས་གནས་ལ། །མཚོན་བྱེད་ཚིག་གིས་སྐྱབས་འགྲོ་བྱས། །ནང་རང་རིག་སྐུ་གསུམ་འདུས་པ་ལ། །མཚོན་བྱེད་དྲན་པས་གསལ་འདེབས་བྱས། །ཕྱི་རུ་ཉམས་ཀྱི་བྱིན་རླབས་ཞུགས། །ནང་དུ་རྟོགས་པའི་བྱིན་རླབས་ཞུགས། །ཕྱིན་ལོག་བདུད་ཀྱིས་ཁྱེར་སྙམ་མེད། ཁམས་གསུམ་ཕ་མ་སེམས་ཅན་ཀུན། །སྐྱབས་ན་དེ་འདྲར་སྐྱོབས་པར་ཤོག །སྐྱོབ་པ་དེ་འདྲས་སྐྱབས་པར་ཤོག །སྐྱབས་ཕྱིན་ཅི་ལོག་ལམ་འདའ་བར་ཤོག །ཡང་དག་པའི་ལམ་དུ་ཚུད་པར་ཤོག །དཀོན་མཆོག་བླ་མའི་བྱིན་རླབས་འཇུག་པར་ཤོག །བཀའ་མདོ་རྒྱུད་རྒྱ་ཆེ་གྲངས་མང་ཡང་། །དོན་སྐྱབས་འགྲོའི་ཉམས་ལེན་ཁོ་ན་ཡིན། །འབད་ན་འདི་འདྲར་འབད་པར་འཚལ། །འབད་པ་མཐའ་རུ་དབྱུང་བ་འཚལ། །བླ་མ་དཀོན་མཆོག་སྐྱབས་འོག་ཏུ། །མ་འགྲོ་བ་རིགས་དྲུག་ཚུད་ནས་ཀྱང་། །གཏན་བདེ་བའི་ངལ་གསོ་ཐོབ་གྱུར་ཅིག །བཀྲ་ཤིས། ༈ །རྗེ་དམིགས་པ་མེད་པའི་སྙིང་རྗེ་ཅན། །པདྨ་ཉིན་བྱེད་དབང་པོར་འདུད། །མཁའ་མཉམ་ཕ་མ་འགྲོ་དྲུག་རྣམས། །རྒྱུད་བྱང་ཆུབ་སེམས་མཆོག་འབྱོང་བ་དང་། །བྱང་ཆུབ་ཐོབ་པར་བྱིན་གྱིས་རློབས། །གཞི་སྟོང་པ་ཉིད་ཀྱི་སེམས་བསྐྱེད་འདི། །མ་རིག་སེལ་བའི་ཉི་མ་ཡིན། །


LT36_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མཚན་མ་མེད་པའི་སེམས་བསྐྱེད་འདི། །གཉིས་འཛིན་གཅོད་པའི་སྟྭ་རེ་ཡིན། །འབྲས་སྨོན་པ་མེད་པའི་སེམས་བསྐྱེད་འདི། །རེ་དོགས་བཅུ་པའི་ཆུ་རྒྱུན་ཡིན། །སྤང་བླང་མེད་པའི་སེམས་བསྐྱེད་འདི། །འཆིང་བ་བརྡལ་བའི་རལ་གྲི་ཡིན། །ཕྱོགས་རིས་མེད་པའི་སེམས་བསྐྱེད་འདི། །ངོས་ལྐོགས་བྲལ་བའི་དམ་ཚིག་ཡིན། །དགྲ་གཉེན་མེད་པའི་སེམས་བསྐྱེད་འདི། །ཆོས་བརྒྱད་བཤིགས་པའི་རིག་སྔགས་ཡིན། །སྙེམས་ཐག་ཆོད་པའི་སེམས་བསྐྱེད་འདི། །གཉན་ཐོག་གཅོད་པའི་བརྟུལ་ཞུགས་ཡིན། །རང་དོན་སྤངས་པའི་སེམས་བསྐྱེད་འདི། །སྡུག་བསྔལ་སེལ་བའི་སྨན་མཆོག་ཡིན། །གཟའ་གཏད་བྲལ་བའི་སེམས་བསྐྱེད་འདི། །སྡིག་སྒྲིབ་འདེད་པའི་ཕྱགས་ཤིང་ཡིན། །མཉམ་པ་ཉིད་ཀྱི་སེམས་བསྐྱེད་འདི། །འབྲེལ་པ་ཐོག་ཆོག་ནོར་བུ་ཡིན། །དམིགས་པ་མེད་པའི་སེམས་བསྐྱེད་འདི། །གཞན་དོན་འབྱུང་བའི་གཏེར་སྒོ་ཡིན། །ལར་ཐམས་ཅད་ཐམས་ཅད་སེམས་བསྐྱེད་ཡིན། །སེམས་བསྐྱེད་ཀྱི་སྙིང་པོ་སྟོང་ཉིད་ཡིན། །ཐམས་ཅད་ཐམས་ཅད་སྟོང་ཉིད་ཡིན། །སྟོང་ཉིད་ཀྱི་སྙིང་པོ་སྙིང་རྗེ་ཡིན། །ཕ་བླ་མ་དུས་གསུམ་སངས་རྒྱས་དང་། །ལྷ་རབ་འབྱམས་ཞི་ཁྲོའི་རྣམ་འགྱུར་དང་། །མ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་། །བྱང་ཆུབ་


LT36_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་རང་རྩལ་ཡིན། །དེ་ཡང་བསམ་པའི་རང་གཟུགས་ཡིན། །དེ་ཡང་གཉུག་མའི་རང་མདངས་ཡིན། །ཆོས་ཀུན་གྱི་རྩ་བ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱིས་དབང་བྱས་ན། །མི་དགེ་ཕལ་ཆེར་དགེ་བར་འགྱུར། །མཁའ་ལ་ཉི་མ་ཤར་བ་བཞིན། །སྤྲིན་ཡོད་ཀྱང་གསལ་ལ་མེད་ཀྱང་གསལ། །བྱང་ཆུབ་སེམས་དང་མི་ལྡན་པའི། །དགེ་བ་ཡིན་ཀྱང་མི་དགེར་འགྱུར། །རྩ་བ་རུལ་བའི་ལྗོན་ཤིང་བཞིན། །བཅད་ཀྱང་འགྱེལ་བ་བསློང་ཡང་འགྱེལ། །བྱང་ཆུབ་སེམས་དང་ལྡན་གྱུར་ན། །ལས་ཅི་བྱས་སྟོང་ཉིད་སྙིང་རྗེའི་ངང་། །འཁོར་ལོས་སྒྱུར་བའི་རྒྱལ་པོ་འདྲ། །ཅི་མཛད་ཀྱང་ཕུན་ཚོགས་ངང་གིས་འདུ། །ལས་རྒྱུ་འབྲས་ལ་ཡིད་ཆེས་མི་སྐྱེ་ཞིང་། །བྱང་ཆུབ་ཀྱི་སེམས་བློ་མ་སྦྱང་བའི། །སྟོང་པ་ཉིད་ལ་བློ་ཕྱོགས་ཀྱང་། །སྒྲིབ་གསུམ་དྲུང་འབྱིན་མི་ནུས་ཏེ། །ཐིབ་འོག་ཆུད་པའི་སེམས་ཅན་འདྲ། །རང་ཐོག་གིས་ཕུང་མ་བསལ་ན། །ཕྱིའི་ནམ་མཁའ་དྲན་དང་མ་དྲན་མེད། །ལར་ཆོས་མཛད་མང་སྟེ་བྱང་སེམས་དཀོན། །སེམས་བསྐྱེད་པ་མང་སྟེ་སྤྱོད་པ་དཀོན། །སྤྱོད་པ་མང་སྟེ་གནད་ཐེབས་དཀོན། །ཚེ་ཐོག་མ་མེད་ནས་བསོད་ནམས་ཀྱི། །ཚོགས་དཔག་ཏུ་མེད་པ་བསགས་མོད་ཀྱང་། །གནད་བྱང་ཆུབ་སེམས་


LT36_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མ་ཟིན་ཞིང་། །རྗེས་དམིགས་མེད་བསྔོ་བས་མ་ཐེབས་པས། །ལྷ་ཚངས་དབང་འཁོར་ལོས་སྒྱུར་རྒྱལ་སོགས། །ཚུར་མཐོང་གི་བདེ་འབྱོར་བག་ཙམ་ལས། །གཏན་བདེའི་གོ་འཕང་མ་ཐོབ་བོ། །ཡིན་མིན་མོད་རྒྱུད་ཀུན་ལ་དྲིས། །དལ་འབྱོར་མི་ལུས་ཐོབ་པ་ཡང་། །ཚོགས་བསགས་པའི་འབྲས་བུ་ཡིན་མོད་ཀྱི། །སྨྱུག་སྦྲུལ་ལྟ་བུའི་གནས་སྐབས་འདི། །འདུན་མ་ལ་བློ་ཉེས་བྱུང་བས་ལེན། །ཡིན་མིན་འཕགས་པ་རྣམས་ལ་ལྟོས། །ད་བདག་དང་འགྲོ་དྲུག་སེམས་ཅན་རྣམས། །དང་པོ་ཆོས་དང་འཕྲད་པར་ཤོག །མཚན་ལྡན་གྱི་བླ་མ་མཇལ་བར་ཤོག །ཐུགས་རྗེས་རྗེས་སུ་འཛིན་པར་ཤོག །དེ་ནས་མི་དང་ངས་མི་སྐྲག་པར། །ཐབས་ཤེས་རབ་གཉིས་ལ་རྟོག་པ་ཆུག །སྟོང་ཉིད་སྙིང་རྗེ་འབྱོང་བར་ཤོག །བྱང་སེམས་ཀྱི་རྩ་བ་ཟུག་པར་ཤོག །ཕར་ཕྱིན་གྱི་སྡོང་པོ་བརྟན་པར་ཤོག །བསྡུ་བཞི་ཡི་ཡལ་འདབ་རྒྱས་པར་ཤོག །བདེ་ལེགས་ཀྱི་མེ་ཏོག་འཁྲུངས་པར་ཤོག །སྐུ་གསུམ་གྱི་འབྲས་བུ་སྨིན་པར་ཤོག །དུས་འདི་ནས་སྙིང་པོ་བྱང་ཆུབ་བར། །བློ་བརྗེད་པ་ལ་སོགས་བར་ཆད་ཀྱིས། །བྱང་ཆུབ་སེམས་ཉམས་པར་མ་གྱུར་ཅིག །གཞི་བྱང་སེམས་བདེ་གཤེགས་སྙིང་པོ་ལ། །ལམ་སྙིང་རྗེ་བྱང་ཆུབ་སེམས་འབྱོང་ནས། །འབྲས་བྱང་ཆུབ་


LT36_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་རང་གཟུགས་སྨིན། །དོན་གཉིས་ལྷུན་གྱིས་འགྲུབ་གྱུར་ཅིག །རྗེ་ཐུགས་རྗེའི་རང་གཟུགས་པདྨའི་མཚན། །སྨོན་ལམ་འགྲུབ་བར་བྱིན་གྱིས་རློབས། །ཅེས་དཔལ་སྤུངས་སྒྲུབ་ཁང་བསམ་གཏན་གླིང་དུ་རང་ལོ་ཉེར་བཞི་པར་ཕྱག་ཆེན་སྔོན་འགྲོ་འབུམ་ཐེར་བསགས་སྐབས་སྐྱབས་སེམས་ལ་ངེས་པ་ཅུང་ཟད་སྐྱེས་པའི་ཁུལ་དུ་ཞུན་མར་ངོགས་སུ་བྲིས་པ་དགེ། ༈ །དྲིན་ལྡན་ཀརྨ་བདེ་ལེགས་ཡེ་ཤེས་བཟང་པོ་ནས། མ་གཟའ་དམ་གསུམ་གཏོར་ཆོག་ཉུང་བསྡུས་བསྐུལ་མ་དང་། ལར་ཉམས་ལེན་སྐྱོང་ན་ཕྱི་རོལ་གཏོར་མའི་གོ་ཆོད་མིན་གསུང་ལེན་བྱུང་རྒྱལ་དུ་ཕུལ་བ་ནི། རྗེ་པདྨའི་མཚན་གྱིས་བྱིན་གྱིས་རློབས། །དྲིན་འཁོར་མཐའ་བྲལ་བའི་བླ་རྒན་ལགས། །རང་སེམས་རང་ཚོ་མ་ཟིན་པས། །འཁོར་འདས་ཀྱི་སྣང་ཆ་ཤར་བ་ལ། །སྤང་དང་བླང་བྱ་གཉིས་སུ་མེད། །སེམས་སྣ་ཚོགས་སུ་འཆར་བས་སྣ་ཚོགས་སྲིད། །རང་ཚོ་མ་ཐུབ་ཞེ་སྡང་གི། །རང་མདངས་ཆོས་སྐྱོང་དུ་གདགས་པ་ལ། །རང་ངོ་ཤེས་པས་མི་མཆོད་པར། །ཕྱི་རོལ་དུ་སུ་ལ་གང་གིས་མཆོད། །འདུ་འབྲལ་མེད་པའི་རང་རིག་ཉིད། །ངོ་ཤེས་དུས་མེད་པའི་སྒྲིབ་པ་ཡི། །རང་སེམས་ཀྱི་གསལ་ཆ་ཤར་བ་ལ། །ཕྱི་རོལ་གྱི་ཡུལ་དུ་བཟུང་བཟུང་ནས། །ལྷ་དང་འདྲེ་ཞེས་ཐ་སྙད་བྱས། །རང་


LT36_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

གིས་རང་ཉིད་མ་རྟོགས་པར། །མིན་ལ་ཡིན་པར་སྒྲོ་བཏགས་ཏེ། །ཡིན་ལ་མིན་པར་བསྐུར་པ་བཏབ། །མི་འགྱུ་དགུ་འགྱུའི་རང་བཞིན་ཅན། །སངས་དུས་མེད་པའི་རྣམ་རྟོག་ཁོ། །ཆོས་སྐུ་ཟང་མར་མ་ཤེས་ནས། །སངས་རྒྱས་ཕྱིས་ཤིག་སྒྲུབ་བོ་ལོ། །གཉིས་མེད་ཀྱི་ཤེས་པ་ཡེ་གྲོལ་དེ། །གཉིས་འཛིན་བློས་བསྒོམ་དུ་ནན་གྱིས་གཅུན། །རྣམ་རྟོག་གིས་རྣམ་རྟོག་དེད་དེད་ནས། །མཐའ་བྲལ་གྱི་གནས་ལུགས་བསྒོམ་མོ་སྐད། །ཨེ་མ་ངོ་མཚར་མི་ཆེའམ། །བལྟ་རྒྱུ་ཡོད་ན་བློས་བྱས་དང་། །བསྒོམ་རྒྱུ་ཡོད་ན་འཁྲུལ་པ་དང་། །ངེས་ཤེས་སྐྱེས་ན་བདག་འཛིན་ཏེ། །ཕུང་ཀྲོལ་རྩ་བ་དེ་ཀ་ལགས། །ཅི་ཡང་མ་ཡིན་པའི་གནས་ལུགས་ལ། །མ་མཐོང་བ་མཐོང་བ་མ་ལགས་སམ། །ཡེངས་ན་ཐ་མལ་པ་ཡིན་ལ། །སྒོམ་ན་སྒོམ་ཆེན་མ་ཡིན་ནོ། །མ་བཅོས་པ་ཡི་རང་སེམས་དེ། །ཡེ་གདོད་ནས་སྤྲོས་པ་ཀུན་བྲལ་ཕྱིར། །ངོ་ཤེས་པ་ཙམ་གྱིས་གྲོལ་བར་གདའ། །སྣ་ཚོགས་སུ་ཤར་ཡང་ངོ་བོས་དབེན། །སེམས་སྟོང་ཉིད་ཡིན་པའི་གནད་དུ་གདའ། །མེད་བཞིན་འགག་མེད་ཅི་ཡང་འཆར། །སྟོང་ཉིད་རྟེན་འབྲེལ་ཡིན་པའི་གནད་དུ་གདའ། །སྐྱེ་བ་མེད་པའི་འཁྲུལ་ཚུལ་ལ། །སེམས་ཅན་ཞེས་སུ་བརྗོད་པར་གདའ། །འགག་པ་མེད་པའི་གྲོལ་ཚུལ་ལ། །སངས་


LT36_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཞེས་སུ་བརྗོད་པར་གདའ། །གཉིས་མེད་ལམ་དུ་ཁྱེར་བ་ལ། །རྣལ་འབྱོར་ཞེས་སུ་བརྗོད་པར་གདའ། །ཨ་ཅང་དེ་ཙམ་ཀུ་རེ་ཡིན། །ཀུ་རེའི་གསེབ་ནས་ངག་འཁྱལ་ཡིན། །ངག་འཁྱལ་གྱི་གསེབ་ནས་དོན་དམ་ཡིན། །བདག་གིས་འདི་དག་ཤེས་མིན་ཏེ། །བླ་མའི་དྲིན་གྱིས་ཅུང་ཟད་ཤར། །ཕྱོགས་འགོ་ཙམ་ཞིག་གོའམ་སྙམ། །ཐུགས་དགྱེས་པ་སྐྱེད་པའི་རོལ་མོར་ཤོག། ༈ །ཆོས་ཉིད་ཀྱི་བདེན་པ་གཟིགས་པ་ཡིས། །ཆོས་བརྒྱད་ཀྱི་འཁྲུལ་པ་གཏན་ནས་ཞིག །རྗེ་པདྨ་ཉིན་བྱེད་བྱིན་རླབས་ཅན། །སེམས་ཆོས་བརྒྱད་རླབས་འདི་ཞི་བར་མཛོད། །བདག་འཛིན་གྱི་འདྲེ་རྒོད་མ་ཐུལ་བས། །རང་འདོད་དེ་ཕུགས་སུ་བཅུག་ནས་ཀྱང་། །མཁས་ཤིང་གྲུབ་འདོད་ཀྱི་རྣམ་དཔྱོད་དང་། །བཟང་གོས་མང་པོའི་འཕྱོར་ཆས་དང་། །ཚེར་མ་དར་བཏུམས་ཀྱི་ཞི་དུལ་སོགས། །མིང་བསྟན་དང་འགྲོ་དོན་བཏགས་ནས་སུ། །ལོག་འཚོ་སྡུད་པའི་ཁ་ཐབས་དེ། །བདག་སྤྲང་པོས་ཐོན་པའི་མཁོས་ཀྱང་མེད། །ངུར་སྨྲིག་གི་རྒྱལ་མཚན་ཐོགས་ནས་སུ། །བསྟན་བཤིགས་ཀྱི་གཙོ་བོ་མི་བྱེད་པ། །སྨོན་ལམ་དེ་ཁ་ཞེ་མེད་པར་འདེབས། །ཐར་ལམ་རང་གིས་མི་བཅད་པར། །བློ་ཆོས་མཐུན་ཙམ་ཞིག་བྱུང་གྱུར་ན། །སྡུག་ལྟོགས་གྲིར་ཤི་


LT36_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བསམ་དོན་འགྲུབ། །ཁོང་སྤྲུལ་པའི་སྐྱེས་ཆེན་མ་གཏོགས་པ། །མི་ཕལ་པའི་འགྲོ་དོན་གཉིས་ཕུང་རྒྱུ། །རང་མ་སྨིན་པའི་གཞན་དོན་དེ། །ནམ་གཞུག་ཟད་ཀའི་ཆར་པ་འདྲ། །འཕྲལ་དུ་མཛེས་ཀྱང་ཕུགས་སུ་མེད། །ནང་ན་མེད་པའི་ཆོས་བཤད་དེ། །ནེ་ཙོའི་ཁ་ཡི་ཡིག་དྲུག་འདྲ། །གཞན་ལ་བཤད་ཀྱང་རང་ལ་མེད། །ཡོན་ཏན་མེད་པའི་འཕྱོར་ཆས་དེ། །ཉེ་ཆར་འདྲེས་པའི་འཇའ་ཚོན་འདྲ། །མིག་སྔར་མཛེས་ཀྱང་སྙིང་པོ་མེད། །ཉམས་མྱོང་མེད་པའི་ཁ་ལྟ་དེ། །ནད་པས་སྨན་ཡིག་ཀློག་པ་འདྲ། །ཐོས་དུས་ཚིམས་ལ་དགོས་དུས་མེད། །བླ་ཆེན་ཟང་ཟིང་གི་འདུ་ལོངས་ཅན། །ཆོས་བརྒྱད་ཀྱི་སྒྲུབ་ཆེན་ཤུགས་ལ་ཚུགས། །དགོས་ངེས་ཀྱི་ཉམས་རྟོགས་འཇའ་ལྟར་ཡལ། ཁ་ཅིག་བྱ་བཏང་སྤྲོས་མེད་ཚུལ། །མི་ཚེ་ཟོབ་སྟོང་ལ་རྒས་རྒས་ནས། །སྒྲུབ་པའི་ཉམས་ལེན་རླུང་ལ་བསྐུར། །ཁོང་མཁས་པ་ལ་ལ་དགག་སྒྲུབ་མང་། །དོན་མེད་དུ་ཆགས་སྡང་ས་བོན་བཏབ། །ཕྱོགས་ལྷུང་ཅན་ངན་འགྲོའི་གཡང་ལ་འཕངས། ཁ་ཅིག་བརྒལ་བརྟགས་ཀྱི་ཁུར་པོ་བོར། །དོན་བཟང་ངན་མི་འབྱེད་བླུན་པོའི་ཁྱུ། །ཆོས་རྣམ་དབྱེ་མེད་པར་རྩྭ་ལྟར་ལེན། །ཁོང་ཆེན་པོ་ལ་ལ་ཕྱོགས་རིས་ཆེ། །རྗེས་འཇུག་ལ་ཆོས་སྤངས་ཀྱི་ཕ་ཕོག་གནང་། །


LT36_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ཐོས་ཀྱི་སྣང་བ་དགྲ་རུ་བསླངས། ཁ་ཅིག་ཕྱོགས་རིས་མེད་དོ་སྐད། །ཁྱི་ཕག་པ་མིན་པ་སྐྱབས་སུ་བསྟེན། །བར་ཆད་དང་དམ་སེལ་གྱི་དངོས་གྲུབ་ཐོབ། །ཁོང་ལ་ལ་ཐོས་བསམ་ལ་མི་ཚེ་རྒས། །གཞན་ཁྱད་གསོད་ང་རྒྱལ་གྱི་འཆད་རྩོམ་མཛད། །འབྲེལ་ཚད་གཉིས་ཕུང་གི་ལམ་དུ་བཀོད། ཁ་ཅིག་གནས་ལུགས་སྒོམ་མོ་སྐད། །བཀའ་མདོ་རྒྱུད་རྣམས་དང་རྒྱབ་འགལ་མཛད། །བཟང་འཛིན་ལ་རྟོགས་པའི་མཆོག་ཏུ་རློམས། །མི་ལ་ལ་བདུད་ཀྱིས་ཤེས་པ་བསྒྱུར། །མ་གྲུབ་གྲུབ་བརྫུའི་སྤྱོད་པ་ཡིས། །མགོན་ཤཱཀྱའི་བསྟན་པ་ཐབས་ཀྱིས་བསྣུབས། ཁ་ཅིག་ཚུལ་ཁྲིམས་མཆོག་འཛིན་ཆེ། །གསང་སྔགས་ལྟ་སྤྱོད་དུག་ལྟར་སྤངས། །སྐལ་དམན་ལ་ལོག་ལྟའི་ལམ་སྲོལ་ཕྱེ། །ཕྱི་སྒྲོབ་སྒྲོབ་གཅིག་ཆེ་གཉིས་ཆེ་ལ། །ནང་ཉམས་རྟོགས་ནི་རི་བོང་རྭ་ལས་དཀོན། །ཕྱི་ཆོས་ཀྱི་ཆར་པ་གཞན་ལ་ཕབ། །ནང་རང་རྒྱུད་ལ་ཆོས་ཀྱི་རླན་ཙམ་མེད། །གྲགས་འདོད་ཅན་ཆོས་བརྒྱད་ཀྱི་སྨྱོ་ཆུ་འཐུང་། །དེས་མི་ཆོག་ལོག་འཚོའི་བཙན་དུག་འགམ། །ཕྱུག་འདོད་ཅན་དབང་ཆོས་ཀྱི་ཚོང་ཁེ་བྱེད། །དེས་མི་ཆོག་ངམ་སྡོམ་ལྷན་ཅིག་འདོར། །མཁས་འདོད་ཅན་རྩོམ་པོད་ཀྱི་གྲངས་ཀ་འདྲེན། །དེས་མི་ཆོག་སྐལ་མེད་མགོ་བོ་བསྐོར། །གྲུབ་བརྫུ་རྣམས་ཉམས་


LT36_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོང་འོ་དོད་འབོད། །དེས་མི་ཆོག་མི་ཆོས་རྫུན་ཕུག་བཞུགས། །ཕྱི་འབྱུང་བའི་གཡོ་འཁྲུགས་ལ་ཕར་བལྟས་ཙ། །སྙིགས་དུས་ཀྱི་ཐ་མ་མངོན་ཏུ་གྱུར། །བདེ་སྐྱིད་མི་འབྱུང་ཁོ་ཐག་ཆོད། །ནང་སྐྱ་སེར་བྱེད་སྤྱོད་ལ་བལྟས་ཙ་ན། །རྟགས་ཙམ་འཛིན་པའི་ཡང་མཐར་སླེབ། །ཚུལ་ལྡན་མི་འབྱུང་ཁོ་ཐག་ཆོད། །ཕར་རང་གི་སེམས་ལ་བལྟས་ཙ་ན། །གང་ཤར་ཀུན་འཁྲུལ་པའི་ཡོ་ལངས་ཉིད། །སྙིང་པོ་མེད་པར་ཁོ་ཐག་ཆོད། །ཕྱི་སྣང་བའི་ཡུལ་ལ་མི་ཆགས་ཤིང་། །ནང་མཁས་འདོད་གྲུབ་འདོད་ཀྱི་བདུད་མ་ཞུགས། །བར་ཉམས་རྟོགས་མཆོག་འཛིན་གྱིས་མ་བཅིངས་པར། །ཐ་མལ་ཤེས་པ་སྐྱོང་བཞིན་ཏུ། །གཉེར་ཁ་མེད་པའི་རི་དྭགས་བཞིན། །གཏད་མེད་ལུང་སྟོང་དུ་འཆི་ནུས་ན། །བྱ་བཏང་གི་འདུན་མའི་ཡང་རྩེ་ལགས། །ཅེས་པའང་རང་ལ་སྙིང་བརྩེ་བ་མང་པོས་ཁྱོད་མཁོས་།།།ཐབས་ཞན་འདུག་སོགས་ཟེར་བའི་ཚེ་རང་གིས་རང་ལ་དཔའ་བཀོན་པའོ།། ༈ །།རྗེ་བླ་མ་སངས་རྒྱས་སྙིང་ནས་དྲན། །རྒྱུད་བྱིན་གྱིས་རློབས་དང་རིན་པོ་ཆེ། །བདག་གྲུབ་མཐའི་ཐ་སྙད་ལེགས་ཤེས་ཀྱང་། །ལུས་ལ་ན་ཚས་མནར་བའི་ཚེ། །གྲུབ་མཐའི་ཆོས་སྐད་ཀྱིས་ཕན་མ་ཐོགས། །དེར་ཡང་བློ་སྦྱོང་དགོས་པར་བྱུང་། །དེར་ཡང་སྟོང་ཉིད་དགོས་པར་བྱུང་། །རིག་


LT36_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱི་བཤད་པ་མཁས་ལགས་ཀྱང་། །སེམས་ལ་ཉོན་མོངས་བྱུང་བའི་དུས། །བཤད་པའི་ཆོས་ཀྱིས་མགོ་མ་ནོན། །དེར་ཡང་བློ་སྦྱོང་དགོས་པར་བྱུང་། །དེར་ཡང་སྟོང་ཉིད་དགོས་པར་བྱུང་། །སྙན་ངག་གི་རྩོམ་པའི་ཉམས་ཤེས་ཀྱང་། །སང་འཆི་གནང་འཆིའི་སྐབས་ཐུག་ཚེ། །འཆི་བདག་ལ་རྩོམ་པས་ཤག་མ་ཐེབས། །དེར་ཡང་བློ་སྦྱོང་དགོས་པར་བྱུང་། །དེར་ཡང་སྟོང་ཉིད་དགོས་པར་བྱུང་། །ལུས་བདེ་སེམས་བདེ་འདུག་པའི་དུས། །རང་གིས་རང་ལ་སེམས་མགུ་ཡང་། །རྐྱེན་ངན་སྡུག་བསྔལ་གྱིས་མནར་བའི་ཚེ། །མཁས་འདོད་གྲུབ་འདོད་ཀྱིས་གོ་མ་ཆོད། །དེར་ཡང་བློ་སྦྱོང་དགོས་པར་བྱུང་། །དེར་ཡང་སྟོང་ཉིད་དགོས་པར་བྱུང་། །བཟའ་བཏུང་ཟས་གོས་འཛོམ་པའི་དུས། །བདག་འཛིན་མེད་མེད་འདྲ་ན་ཡང་། །གནད་ཐོག་མེ་བཙས་གདུང་བའི་ཚེ། །ཐ་མལ་པ་དང་ཁྱད་མི་གདའ། །དེར་ཡང་བློ་སྦྱོང་དགོས་པར་བྱུང་། །དེར་ཡང་སྟོང་ཉིད་དགོས་པར་བྱུང་། །དབེན་པར་འདོད་ཡོན་འབོལ་བའི་དུས། །ཆོས་བརྒྱད་མགོ་བོ་སྙོམས་འདྲ་ཡང་། །རྐྱེན་དང་འཕྲད་ན་རང་རྟགས་སྟོན། །དེར་ཡང་བློ་སྦྱོང་དགོས་པར་བྱུང་། །དེར་ཡང་སྟོང་ཉིད་དགོས་པར་བྱུང་། །རྐྱེན་ངན་སྣ་རེས་ཡིད་ཕྱུང་ཚེ། །བྱ་བ་སྙིང་


LT36_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐོང་འདྲ་ཡང་། །ལུས་སེམས་བདེ་ན་དུག་རོ་ལངས། །དེར་ཡང་བློ་སྦྱོང་དགོས་པར་བྱུང་། །དེར་ཡང་སྟོང་ཉིད་དགོས་པར་བྱུང་། །བསྒོམ་བཟླས་ཀྱི་ང་རྒྱལ་ཆེན་ཡང་། །གདོན་ཆེན་དྲག་པོར་འཕྲད་པའི་ཚེ། །རྟོགས་ལྡན་དང་ནུས་ལྡན་གྱི་མཚངས་ཆེན་བརྟོལ། །དེར་ཡང་བློ་སྦྱོང་དགོས་པར་བྱུང་། །དེར་ཡང་སྟོང་ཉིད་དགོས་པར་བྱུང་། །མོ་དང་རྨི་ལམ་རྣོ་མཐོང་གིས། །གཞན་ལ་ཁ་ཚོན་བཅད་ན་ཡང་། །རང་ལ་མི་འདོད་གློ་བུར་བ། །རྫུན་མཚངས་སྟོན་པའི་མེ་ལོང་དེ། །རང་གིས་བརྡུངས་ནས་གཞན་ལ་ངོམས། །དུས་ངན་ཆོས་གཟུགས་བདག་འདྲ་བ། །མཁས་འདོད་ཀྱི་བསླབ་སྦྱང་བྱས་ན་ཡང་། །ལེགས་བཤད་སྤྲོ་བའི་རྣམ་དཔྱོད་མེད། །གྲུབ་འདོད་ཀྱི་སྒོམ་པ་བྱེད་ལོ་ཡང་། །ཉམས་མྱོང་རྟོགས་པའི་དྲོད་རྟགས་མེད། །མི་ཚེ་ཡང་ཡེང་ངང་དུ་ཟད། །ལྟོ་རྒྱབ་གཉིས་ཀྱང་གཞན་ལ་རེ། །ཅི་བྱས་ཆོས་ལ་བསྟེན་པའི་སྡིག །གང་ཟོས་དཀོན་མཆོག་གསུམ་གྱི་དཀོར། །བསྐྱེད་རིམ་འ་ལེ་འོ་ལེ་ལ། །བརྟན་པ་མི་ཐོབ་ཞེ་སུན་པོ། །སེམས་ངོ་དྲན་ཙམ་རིག་ཙམ་ལ། །བོག་སྐྱེད་མི་ཐོན་ཡི་མུག་པོ། །ཆོས་སྤྱོད་ཟ་རེ་ཟི་རེ་ཡིས། །ནམ་ཟླ་འཕུལ་བའི་མདོ་མེད་པ། །བློ་སྦྱོང་རྡོ་རུས་མ་འཕྲོད་པའི། །རྐྱེན་ཐོག་མི་


LT36_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཁེལ་དོན་མེད་པོ། །བྱེད་རྒྱུ་དྲན་རྒྱུ་མང་པོ་ཡིས། །མདོ་རྩ་ཤོར་བའི་ཀླད་མེད་པོ། །རྫུན་མའི་བུ་ཁྱོད་བསམ་བློ་ཁུག །རྐྱག་གཏད་མེད་པའི་བཀྲ་ཤིས་ཤོག །ཅེས་མེ་རྟ་ལོར་སྔོན་ལས་ཀྱི་སློང་དང་མཚམས་སྒྲུབ་ལ་བར་གསེང་ཤོར་བས་རྐྱེན་བྱས་ནད་ཆེན་སུམ་བཏུད་ཀྱིས་མནར་ནས་སླར་ཁམས་ཅུང་ཟད་དྭངས་པའི་སྐབས་སུ་སྡུག་བསྔལ་དང་གདོང་འཕྲད་བྱུང་དུས་སྟོང་ཉིད་སྙིང་རྗེའི་བསྲེ་བ་ལས་གཞན་ཅིས་ཀྱང་ཕན་ཐོགས་མེད་པ་གཏེང་ནས་གོ་སྟེ་ཐོལ་བྱུང་དུ་སྨྲས་པའོ།། ༈ །།ཕ་བླ་མ་དུས་གསུམ་སངས་རྒྱས་མཁྱེན། །ཡུལ་སྣང་སྒྱུ་མའི་འགྱུར་ལྡོག་གིས། །བློ་སྣ་བསྟུང་བ་བཀའ་དྲིན་ཆེ། །མི་རྟག་དྲན་པ་བླ་མའི་དྲིན། །ཉེ་འབྲེལ་ལན་ཆགས་བདའ་དེད་འདི། །མ་བཀུག་ཀྱང་སྔོན་གྱི་ལས་ཀྱིས་འཁོར། །འཁོར་གཡོག་ཟག་པའི་གཞི་མ་འདི། །མ་བོས་ཀྱང་སྔོན་གྱི་ལས་ཀྱིས་འདུས། །ན་ཚ་སྡུག་གི་ཁུར་པོ་འདི། །མ་བཙལ་ཡང་སྔོན་གྱི་ལས་ཀྱིས་བཀལ། །བསླབ་ཤེས་རང་བརྡུངས་ཐོབ་འདི། །མ་འབད་ཀྱང་སྔོན་གྱི་ལས་ཀྱིས་འཕྲད། །རྐྱེན་ངན་བར་ཆད་སྣ་ཚོགས་པ། །མ་བསམ་ཡང་སྔོན་གྱི་ལས་ཀྱིས་བྱུང་། །སྡིག་སྡུག་གཏམ་ངན་གཞི་མ་འདི། །མི་འདོད་ཀྱང་སྔོན་གྱི་ལས་ཀྱིས་འགྲུབ། །རྒྱལ་བས་ལྷས་བྱིན་རབ་


LT36_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བྱུང་། །ལེགས་པའི་སྐར་མ་ཉེ་གནས་བཞག །ཨོ་རྒྱན་པདྨའི་དབང་གྲལ་དུ། །བདུད་བློན་སྐ་ལ་བདོ་རྣམས་འཚོགས། །བརྟགས་མ་མཁས་པ་ཞིག་མ་ལགས་ཏེ། །སྔོན་གྱི་ལས་ལ་བཅོས་སུ་མེད། །སྔོན་གྱི་ལས་ལ་བཅོས་ཡོད་ན། །ལས་ཀྱི་རྣམ་སྨིན་མ་གཏོགས་ཞེས། །ཁོང་ཐམས་ཅད་མཁྱེན་པས་ཅི་སྟེ་གསུངས། །འདུན་གྲོས་དཔོན་པོ་ཆགས་ཆེན་དང་། །བཙན་ཕྱུགས་དར་གསུམ་འཛོམ་རྣམས་དང་། །ཕོ་གྲུང་མོ་གྲུང་མང་པོས་ཀྱང་། །བསམ་ཚད་ཐོག་ཏུ་མ་ཁེལ་བས། །འདོད་པ་རྣམས་དང་རིང་དུ་བྲལ། །མི་འདོད་པ་དང་ཏུག་གི་འཕྲད། །ཡིད་ཁོང་དུ་ཆུད་པའི་ངོ་ནག་གིས། །གྱོད་ཁ་ལེ་ལེན་བདའ་བ་དེ། །རྒྱུ་འབྲས་བསླུ་མེད་ཀྱི་རང་གཟུགས་ཡིན། །མི་རྟག་ཅེས་པའི་གོ་དོན་ཡིན། །ལན་ཆགས་ཟུག་པའི་ངོ་སྤྲོད་ཡིན། །བུ་ལོན་བསྙགས་པའི་དེད་པ་ཡིན། །བྱེད་དྲན་མང་ན་ཡང་སྙིང་པོ་མེད། །དོན་གྱི་མདོ་རྩ་རླུང་གིས་ཁྱེར། །ཧ་ཅང་བརླིང་ན་ཡང་སྙིང་པོ་མེད། །གླེན་པས་རང་རྟུག་གསེར་དུ་སྒོམ། །བརྟགས་དཔྱད་མཁས་ཀྱང་སྙིང་པོ་མེད། །འཁོར་བ་ན་སྐྱོན་མེད་ཀྱི་དངོས་མི་སྲིད། །མ་བརྟགས་པའི་ཅི་དྲན་ཡང་སྙིང་པོ་མེད། །རང་ཆུ་ལ་མཆོངས་ན་སྨྱོན་པ་ཡིན། །ལར་ལེགས་པར་བརྟགས་ཤིང་དཔྱད་པ་ན། །


LT36_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདས་ཀྱི་ཆོས་ལ་བདེན་པ་མེད། །རྨི་ལམ་སྒྱུ་མའི་འཁྲུལ་འཁོར་ལ། །བདེན་ཞན་བྱས་ན་རང་ཉིད་བསླུ། །གང་བྱུང་སྔོན་ལས་སུ་མ་ཤེས་ན། །ཅི་བྱས་སྡུག་གི་བསྣོན་མ་ཡིན། །རང་ཉམས་ཀྱིས་དོགས་པའི་ཁོང་སྐྲན་གྱིས། །བརྟགས་དཔྱད་ཞིབ་ཀྱང་འཁྲུལ་རྟོག་ཡིན། །ཆོས་པ་འཁྲུལ་རྟོག་གི་རྗེས་འབྲེང་ན། །ཆོས་དང་རང་སེམས་ཇི་ལྟར་བསྲེ། །གཞན་གྱི་བསྟོད་སྨད་བྲག་ཆའི་སྒྲ། །བྲག་ཆས་བསླུས་ན་རི་དྭགས་དངོས། །འགྱུར་མེད་རིག་པའི་རང་མདངས་ལ། །སྙིང་རྗེའི་རླན་དང་མ་བྲལ་བར། །ཆོས་མིན་གྱི་སྤྱོད་པ་ཤེས་ཚད་སྤངས། །ལས་སྟབས་ཀུན་ཅི་རེད་གང་རེད་ལ་བཏང་། །ང་སྤྲང་ཡོན་གྱི་ལས་གོ་དེ་ཀས་ཆོད། །ཅེས་ཉེ་གནས་པས་གོ་མ་ཆོད་བྱུང་དུས་གཞན་རྣམས་ཀྱིས་ཁྱོད་རང་ཅི་བྱུང་གང་བྱུང་བྱས་པས་དུས་རྒྱུན་མ་ལོ་མ་ཉེན་རྐྱང་རེང་གསུངས་སྐབས་དེ་བདེན་ཡང་རང་ལ་སེམས་གསོས་ཚུལ་དུ་སྨྲས་པའོ།། ༈ །།དཔལ་རྫོགས་པའི་སངས་རྒྱས་ཀརྨ་པ། །ཕ་དེ་དང་དབྱེར་མེད་རིན་པོ་ཆེ། །རྗེ་པདྨ་ཉིན་བྱེད་སྤྲུལ་པའི་སྐུ། །ང་ཚོ་འཁྲུལ་སྣང་གི་གཡང་ས་ལས་ལྡོག་རེ་རན། །མི་འདི་ཚོས་གཞན་ལ་བཙོག་ལྟས་བྱེད། །གླེན་པ་ང་རང་ལ་བཙོག་སྣང་ཤོར། །ལུས་ཤ་ཁྲག་སྣབ་ལུད་ཁུ་བ་སོགས། །མི་གཙང་


LT36_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་སྣ་དུ་མས་གང་། །གཅིན་རྟུག་གི་བུམ་པ་རུམ་ན་བཙུད། །དཀོར་སྡིག་ལ་ཡོག་ཟས་ཡོག་འཐུང་བྱེད། །རང་འདོད་གཡོ་སྒྱུ་ཕུག་ན་བཙང་། །ཁྲེལ་ངོ་ཚའི་སྤྱོད་པ་གཏིང་ནས་དོར། །མི་རུང་སྣ་དགུའི་ངན་སྤྱོད་ཀྱི། །རང་བཙོག་འདིས་རང་ལ་བརྫད་ངེས་གདའ། །གཞན་བཙོག་གོས་ཀྱང་ཨའུ་ཙི། །མི་གཞན་ཚོའི་དགྲ་བོ་ཕྱི་ནས་ལངས། །མཁོས་ཆུང་ངའི་དགྲ་བོ་ནང་ན་གདའ། །བདག་འཛིན་གྱི་གདོན་རྒོད་སྙིང་ལ་ཞུགས། །རིག་པའི་སྐྱེས་བུའི་དགྲ་རུ་ལངས། །འཆོར་མེད་འདོད་ཆགས་ཞགས་བས་བཏབ། །ཞེ་སྡང་སྤུ་གྲི་རྣོན་པོས་དྲ། །གཏི་མུག་མུན་པའི་དོང་དུ་བཅུག །ལྷན་སྐྱེས་ཡེ་ཤེས་རྒྱང་དུ་དོར། །ལས་བདེ་སྡུག་སྣ་ཚོགས་དང་དུ་བླང་། །འདྲེ་རྒྱང་དུ་ཡོད་པ་རྩ་རུ་བོས། །སྡུག་ཡན་གར་ཡོད་པ་རང་ཐོག་སྤུངས། །དགྲ་ཉོན་མོངས་འདི་ཡི་མགོ་ནོན་ན། ཁམས་གསུམ་གཡོས་ཀྱང་བཟོད་པའི་གྲོགས། །མི་འདི་ཚོས་གཞན་ལ་འཕྱ་ཁྲེལ་བྱེད། །ཐ་ཤལ་ང་རང་སྤྱོད་ལ་གཏིང་ནས་ཁྲེལ། །རང་དོན་བསྒྲུབ་དུས་སྙིང་རུས་མེད། །གཞན་དོན་བྱེད་དུས་ཕན་སེམས་མེད། །བེར་གོས་བྱོན་ལ་བསྲུང་བྱ་མེད། །སྡོམ་པ་བསྲུང་ན་ངོ་སྐོག་མང་། །དམ་ཚིག་བླངས་ན་གཡོ་ཟོལ་བྱེད། །ཡོན་ཏན་མེད་ལ་ང་རྒྱལ་ཆེ། །ཆོས་བརྒྱད་ཕྱེར་ཤི་ཡང་བཟོད་པ་ལ། །


LT36_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཕྱིར་དུ་ལྟོ་ཡང་གཅོག་མི་ནུས། །ཟང་ཟིང་ཕྱིར་ཀླད་པ་སླ་བ་ལ། །དག་སྣང་གི་མགོ་བོ་རྡོ་ལས་སྲ། །རང་ཁྲེལ་གྱིས་རང་ལགས་པ་འདི། །མཐོང་ན་གཞན་སྐྱོན་ཤུགས་ལ་དག །ནོར་ཡོད་ཚོའི་ཇག་རྐུན་ཕྱི་ནས་འོང་། །ང་སྤྲང་པོའི་རྐུན་ཇག་ནང་ནས་ལངས། །དྲན་ཤེས་ཀྱི་སོ་པས་མ་ཚོར་བར། །དུག་ལྔའི་ཇག་པ་གློ་བུར་རྒྱུགས། །བསླབ་པ་གསུམ་གྱི་ནོར་བུ་དེ། །ཡང་ཡང་བསྲུངས་ཀྱང་ཡང་ཡང་འཕྲོག །རྩལ་རང་བཞིན་གཉིས་པོ་གདོང་འཐབ་ཤོར། །མ་རིག་པའི་སྐུང་འཕྲང་བཙན་དང་གཅིག །བག་ཆགས་ཀྱི་དགྲ་རྐུན་མང་དང་གཉིས། །གེགས་བར་ཆད་ཀྱི་ནང་བྱ་ན་རྒོད་དང་གསུམ། །དགེ་བའི་ནོར་ལ་རྔམས་དྲག་སྟེ། །དུས་འབྲལ་བ་མེད་པར་དོ་བསྔོ་བས། །རང་གྲོལ་གྱི་བཙན་ས་མ་ཟིན་བར། །བསྲུངས་པས་འཁྱོངས་པ་གདའ་ལགས་སམ། །རྣམ་རྟོག་གི་རྐུན་བུ་འདི་ཟིན་པ་ན། །ཕྱི་ཡི་རྐུན་མ་གཟུགས་བརྙན་འདྲ། །གྲུང་པོ་ཚོས་གཞན་ལ་རྫུན་མ་ཟེར། །ཤེས་མེད་ངས་རྫུན་རྒན་རང་དུ་མཐོང་། ཁ་ཡེངས་སེམས་ཡེངས་ཀྱི་ལྟོགས་རྒུར་ལ། །མཚམས་སྒྲུབ་ཏུ་བཏགས་ནས་ལོ་ཟླ་བགྲང་། །དཀོར་ལོག་འཚོས་རང་ལྟོ་ཚོལ་བ་ལ། །འགྲོ་དོན་དུ་བཏགས་ནས་མི་ཚེ་གཟད། །ཆོས་མིན་བྱུང་རྒྱལ་དུ་སྤྱོད་པ་ལ། །


LT36_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་འཛིན་ཏུ་རློམས་ནས་གཉིས་ཕུང་སྒྲུབ། །སེམས་ཀྱི་བྱུང་ཚོར་ཤེས་ཙམ་ལ། །རྟོགས་ལྡན་ཏུ་རློམས་ནས་སྒྲོག་གིས་བཅིངས། །གཞུང་འགྲེལ་ཁ་ཤས་ཐོས་བ་ལ། །མཁས་པ་རུ་བསྒྲགས་ནས་གཞན་སུན་འབྱིན། །ཆོས་བརྒྱད་ཀྱི་ཆེ་ཐབས་འགྲན་པ་ལ། །ཚོགས་གསོག་ཏུ་རློམས་ནས་ངོ་སོ་འཕྱར། །རྫུན་པོ་ཆེ་འདི་རྩད་ཆོད་ན། །ངག་བྲག་ཆའི་རྗེས་སུ་ཅི་ལ་འབྲང་། །མི་སྒྱི་པའི་དུས་ངན་ཕྱི་རུ་ཤར། །ང་ཆོས་མེད་ཀྱི་དུས་ངན་ནང་ནས་ཤར། །དམ་ཚིག་དང་སྡོམ་པའི་ལོ་ཏོག་དེ། །ཉོན་མོངས་སད་སེར་གྱིས་རྟག་ཏུ་བཅོམ། །དུག་ལྔའི་འདུ་བ་གཏིང་ནས་འཁྲུགས། །རང་སྣང་འཁྲུལ་པ་དགྲ་རུ་ལངས། །ཆོས་རྒྱ་མཚོའི་འགྲམ་དུ་སྒོམ་གྲིར་ཤི། །དགེ་བཅུའི་མཐུན་རྐྱེན་གསེར་ལས་དཀོན། །འགལ་རྐྱེན་མི་དགེའི་རླུང་དམར་འཚུབས། །རྩོད་མེད་དམ་ཆོས་ཀྱི་ཕ་ཞེང་ཤོར། །བླ་མ་དང་ཆོས་ཀྱི་མུ་གེ་ཕོག །བསམ་སྤྱོད་ཕྱིན་ལོག་གི་རིམ་ཡམས་འགོས། །ཉམས་རྟོགས་ཀྱི་ལོངས་སྤྱོད་འཛོམ་དུས་མེད། །འཕགས་ནོར་གྱི་ཁང་བཟང་ཧྲུལ་པོར་གྱུར། །སྤྱོད་ངན་གྱི་དུས་འདི་བཅོས་ནུས་ན། །བདེ་སྐྱིད་ཀྱི་དུས་བཟང་ཤུགས་ལ་འབྱུང་། །འཁྲུལ་སྣང་གི་གཟུགས་བརྙན་སེམས་ལས་བྱུང་། །རང་སེམས་ལ་གཉེར་ཁ་མ་ཐུབ་ན། །རྨི་ལམ་དང་


LT36_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་གཉེར་ཟད་མཐའ་མེད། །འགྱུ་བ་གཤིས་ཐོག་ཏུ་ཕེབ་ཙ་ན། །མོ་གཤམ་གྱི་བུ་ལ་ཆགས་སྡང་བྲལ། །ཐག་ཁྲ་ལ་སྦྲུལ་དུ་འཛིན་པ་ཞིག །རི་བོང་རྭ་རྣོ་བརྟུལ་སུ་ཞིག་རྩོད། །རིག་པ་ཡུལ་ཕྱིར་མི་འབྲེང་བར། །ཞེན་པ་ལ་གཉེན་པོ་མེད་པར་གྲོལ། །ལྷུན་འབྱམས་ཀློང་དུ་བཞུགས་པར་འཚལ། །ལན་ཅིག་ཡུལ་སྣང་སྒྱུ་མས་མིག་བྲིད། །རྣམ་པར་གཡེང་བའི་ལྟད་མོ་ལ་འབྱམས་ཙ་ན། ཁ་ཅིག་བཙོག་ལྟས་བྱེད། ཕལ་མོ་ཆེས་དགྲ་རྐུན་ལ་ཟོན་བྱེད། །འགའ་ཞིག་དུས་ངན་གྱི་གླེང་བསླང་གིས་དུས་འདའ་བའི་ཚེ་དེ་དག་ལ་གཏིང་ནས་ཞེ་ཁྲེལ་བ་ཞིག་གིས་རྐྱེན་བྱས་ཤུར་མར་བྲིས་པའོ།། ༈ །།ང་སྤྲང་པོ་ཟ་ཉལ་བྱེད་པ་ལ། །ལས་སྟབས་ལེགས་ཀྱང་དགོས་རྒྱུ་ཆུང་། །སྟབས་ཀ་ཉེས་ཀྱང་འགྱོད་པ་མེད། །སྙན་གྲགས་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །བློ་ནང་དུ་ཁུག་དང་འདོད་པ་ཅན། །ང་དམ་ཆོས་སྙིང་ནས་བསྒྲུབ་པ་ལ། །བློ་ཤེས་སྒོ་ཡངས་ཀྱང་དགོས་རྒྱུ་ཆུང་། །མཁོས་ཁ་ཐབས་ཞན་ཀྱང་འགྱོད་པ་མེད། །མི་ཆོས་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །འདིང་རང་ལ་རྒྱོབ་དང་མགོ་རིལ་པོ། །ང་བཀའ་བརྒྱུད་གོང་མའི་རྗེས་འཐུག་ལ། །རྒྱུ་ཟས་ནོར་འཛོམ་ཡང་དགོས་རྒྱུ་


LT36_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་། །ཁྱི་ལྟར་ཤི་ཡང་འགྱོད་པ་མེད། །མིག་འཕྲུལ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །བློ་ཆོག་ཤེས་གྱིས་དང་དཀོར་ཟན་པོ། །ང་སངས་རྒྱས་དྭགས་པོའི་བུ་བརྒྱུད་ལ། །སྒོམ་ཞི་གནས་བརྟན་ཀྱང་དགོས་རྒྱུ་ཆུང་། །སེམས་རྣམ་རྟོག་འཚུབ་ཀྱང་འགྱོད་པ་མེད། །དུག་ལྔ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །སེམས་རང་གྲོལ་ཐོང་དང་གུ་ཡངས་པོ། །ང་ཀློང་ཆེན་རབ་འབྱམས་རྒྱལ་བརྒྱུད་ལ། །ཉམས་ཀྲ་ཀྲི་ཤར་ཡང་དགོས་རྒྱུ་ཆུང་། །སྒོམ་ཧད་པོར་སོང་ཡང་འགྱོད་པ་མེད། །ཡེངས་འཁྲུལ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །བློ་རྩིས་མེད་དུ་ཞོག་དང་རྣལ་འབྱོར་པ། །ང་ཀ་དག་ལྷོངས་སུ་གྱུར་པ་ལ། །ཐ་སྙད་ཀྱི་མཛུབ་ཚུགས་དགོས་རྒྱུ་ཆུང་། །བློ་ལ་མ་ཤོངས་ཀྱང་འགྱོད་པ་མེད། །གྲུབ་མཐའ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །ཆོས་ཟད་སར་སྐྱོལ་དང་སྐལ་པ་ཅན། །ང་རིག་པ་ཟང་ཐལ་སྐྱོང་བ་ལ། །ཡོད་མེད་ཀྱི་སྒྲོ་འདོགས་དགོས་རྒྱུ་ཆུང་། །ལམ་རྟགས་མེད་ཀྱང་འགྱོད་པ་མེད། །སྤང་ཐོབ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །བློ་ཐ་མལ་དུ་བསྐྱུར་དང་སྙོམ་ལས་པ། །ང་དྲན་པའི་རྩ་བ་སྟོར་བ་ལ། །བློས་བྱས་ཀྱི་གཉུག་མ་དགོས་རྒྱུ་ཆུང་། །ཉམས་མཐོ་དམན་བྱུང་ཡང་འགྱོད་པ་མེད། །འཆར་སྒོ་ཀུན་ཇི་ལྟར་དགྱེས་


LT36_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་མཛོད། །གཞི་རྩ་ཆོད་དང་སྒྱུ་མའི་བུ། །ང་གཏད་སོ་མེད་པའི་བྱ་བཏང་ལ། །ཀད་ཀད་ཀྲིག་ཀྲིག་གིས་དགོས་རྒྱུ་ཆུང་། །མི་རྗེས་མ་སླེབ་ཀྱང་འགྱོད་པ་མེད། །སྣང་ཤས་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །བཅོས་མིན་ཏུ་སྤྱོད་དང་མདོ་མེད་པོ། །ང་ཀུན་རྫོབ་འཁྲུལ་པའི་མཚངས་རིག་པས། །བསླབ་ཤེས་མང་ཡང་དགོམ་རྒྱུ་ཆུང་། །མི་མཁས་ཟེར་ཡང་འགྱོད་པ་མེད། །གཞུང་འགྲེལ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །སེམས་གཏན་ལ་ཕོབ་དང་རེ་དོགས་ཅན། །ང་ཆོས་ཀྱི་གནད་ཏིག་གོ་བ་ལ། །མང་ཐོས་ཀྱི་ཆོས་བཤད་དགོས་རྒྱུ་ཆུང་། །ཆོས་དྲེད་ཟེར་ཡང་འགྱོད་པ་མེད། །སྟོན་པ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །ཆོས་རྒྱུད་ལ་སྦྱོར་དང་ཕ་ཡི་བུ། །ང་ཐག་སྒོ་གཅིག་ཐོག་གཅོད་པ་ལ། །བློ་ཚབ་ཚུབ་མང་པོས་དགོས་རྒྱུ་ཆུང་། །གཏི་མུག་ཟེར་ཡང་འགྱོད་པ་མེད། །ཕར་ཡང་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །རང་དབང་དུ་ཚུགས་དང་དགོས་པ་འགྲུབ། །གཞན་རྦེར་གྱི་ཁ་ལ་ཉན་པ་ཡི། །བློ་སྣ་ཁ་མང་པོས་སྒོམ་ཆེན་བསླུ། །ད་དུང་བརྟན་པ་མ་ཐོབ་པར། །སྒྲུབ་པ་ལ་བར་ཆད་མེད་པར་ཤོག །ཡང་རེ་ཞིག་ཆོས་བཤད་མཁན་དག་གི་བཤད་པ་ཁ་ཅིག་ཀྱང་ཐས། སེམས་བརྩེ་བ་རྣམས་ཀྱིས་འཇིག་རྟེན་གྱི་གྲོས་འདེབས་


LT36_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་བྱུང་། འོན་ཀྱང་རང་ཉིད་ལུགས་ཟུང་གཉིས་ཆར་རང་ཐག་སྔར་ནས་ཆོད་ཟིན་པས་འཕྲལ་སྣང་ཅི་འདྲ་ཡང་གཏིང་ནས་བློ་འགྱུར་ལྡོག་ཆེར་མེད་པས་གསལ་འདེབས་སུ་སྨྲས་པའོ།། ༈ །།ཕ་དྲན་ཆོག་གི་རྒྱལ་པོ་པདྨའི་མཚན། །སེམས་རིག་སྟོང་གི་ངང་དུ་ལྷག་གེར་ཤར། །མཐའ་བྲལ་ཙམ་གྱི་གོ་བ་དང་། །བློ་འདས་ཀྱི་ཡིད་དཔྱོད་མ་ཞིག་བར། །རྟོགས་སོ་སྙམ་པའི་ཁོག་འཚངས་ཀྱིས་བརྒྱངས། །ལྟ་བ་བློས་བྱས་ཀྱི་ཞད་ཅིག་དེ་ན་གདའ། །དྭངས་པའི་ཤེལ་ལ་འཇའ་ཚོན་བཞིན། །སྣང་སེམས་ཀྱི་ཆོ་འཕྲུལ་སྣ་ཚོགས་ཀྱང་། །རིག་སྟོང་ལ་འཕོ་འགྱུར་རྡུལ་ཙམ་མེད། །ཅོག་བཞག་གི་ལྟ་བ་མི་ཟེར་རམ། །གནས་འགྱུ་ལ་ཨ་འཐས་འགྱུ་དྲན་གྱིས་བཟུང་། །ཡེ་གྲོལ་ལ་ཡོངས་གྲོལ་གྱི་འཛིན་རྟོག་བསྒྲུབས། །རང་བྱུང་ལ་བཟོ་བཅོས་ཀྱི་ལྷན་པ་གདབ། །སྒོམ་པ་མཚན་འཛིན་གྱི་ཞད་ཅིག་དེ་ན་གདའ། །སེམས་གསལ་རིག་སྟོང་གསུམ་ཟུང་འཇུག་ཉིད། །གང་ཤར་གྱི་རང་འགྲོས་སྐྱོང་བ་ཡི། །བཟོ་མེད་ཀྱི་རིག་པ་ཟང་ཐལ་ལ། །རང་བབ་ཀྱི་སྒོམ་པ་མི་ཟེར་རམ། །བཙུན་ཚུགས་བཟུང་དང་བརྟུལ་ཞུགས་སྤྱོད། །སྨྱོ་སྤྱོད་ཐོ་ཅོ་ལ་སོགས་པ། །འཁྲུལ་སྣང་ཨ་འཐས་ཀྱི་འཁོར་ལོ་བསྐོར། །སྤྱོད་བ་ཚུལ་འཆོས་ཀྱི་ཞད་ཅིག་དེ་ན་གདའ། །བདེན་ཞེན་དང་ཡེངས་འཁྲུལ་མ་ཞུགས་ན། །སྤྱོད་


LT36_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཀུན་ཆོས་ཉིད་ཀྱི་རོལ་པ་ལ། །དགག་སྒྲུབ་བྱེད་བློས་མི་བཅིངས་པ། །ཤུགས་འབྱུང་གི་སྤྱོད་པ་མི་ཟེར་རམ། །གཞི་ལམ་འབྲས་གསུམ་རང་སེམས་ཀྱི་འཁྲུལ། །མཚན་རྟོག་ལ་གཉེར་ཁ་མི་བྱེད་པར། ༈ །རྣམ་རྟོག་གི་འགྱུ་བ་རང་འགྲོས་སུ། །རང་རིག་རང་གསལ་གྱི་དྲན་པར་དག །རང་གྲོལ་གྱི་ངང་དུ་རྒྱུན་ཆད་མེད། །འབྲས་བུ་ལྷུན་རྫོགས་ཀྱི་བྱིན་རླབས་དུས་འདིར་སྩོལ། །དཔལ་སྤུངས་དབེན་རིར་བདག་གུ་་སྣང་བ་དྭངས་སྐབས་སྨྲས་པ་དགེ། ༈ །སྐྱབས་དུས་གསུམ་ཀུན་མཁྱེན་པད་འབྱུང་དང་། །དབྱིངས་གཅིག་གྱུར་པདྨ་ཉིན་བྱེད་དབང་། །བདག་མོས་པའི་བུ་ལ་བྱིན་རླབས་སྩོལ། །གསོན་དང་རིག་འཛིན་བགྲེས་པོ་ལགས། །ཆོས་མ་ཤེས་ནས་འཁོར་བར་འཁྱམས་པ་མིན། །ལག་ཏུ་མ་བླངས་པས་རང་རེ་བསླུས། །མཐོ་མཐོ་ཟབ་ཟབ་ཅིག་འདོད་འདོད་ནས། །ཐོས་ཚད་ལ་ཆེད་གཉེར་མེད་པ་དེ། །རྒྱུད་མ་ཐལ་དུ་ལུས་པའི་སྔ་ལྟས་སུ་གདའ། །བཀའ་མདོ་རྒྱུད་རྣམས་སུ་མ་འཐུས་པའི། །གདམས་ངག་ཏུ་རློམས་པའི་ཚིགས་བཅད་སོགས། །ཆོས་གསར་པའི་ཁོང་ན་ཅི་ཡང་མེད། །རྒྱལ་པའི་བཀའ་དང་གྲུབ་ཐོབ་གསུང་། །བྱིན་རླབས་ཅན་གྱི་ཚིག་གཅིག་དེས། །ཐེ་ཚོམ་མདུད་པ་མང་དཀྲོལ་


LT36_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

བས། །སོ་སྐྱེས་མཛེས་མཛེས་བསྒྲིགས་པ་ཡི། །པུ་སྟི་མང་པོས་དོ་ཟླ་མིན། །བཀའ་དང་མཐུན་ན་ཆོས་པ་ཡིན། །ལུང་དང་མཐུན་ན་ཉམས་མྱོང་ཡིན། །ཐེ་ཚོམ་ཆོད་ན་རྟོགས་ལྡན་ཡིན། །རློམས་སེམས་སྤངས་ན་བཙུན་པོ་ཡིན། །རྒྱུན་ཆད་མེད་ན་རྣལ་འབྱོར་ཡིན། །ཆོས་ཁ་བཤད་ཤེས་པ་མང་ལགས་ཀྱང་། །སེམས་ཆོས་དང་འདྲེས་པ་ཉིན་མོའི་སྐར། །བློ་རྒྱུད་གཉའ་རེངས་སུ་བཏང་བས་ལེན། །དེ་འཆི་བ་རྒྱུད་ལ་མ་དྲན་པས་ལེན། །ནམ་འཆི་ཆ་མེད་འདི་མ་གོ་བའི། །མིང་ཆོས་པར་བཏགས་ནས་ཆོས་བརྒྱད་དང་། །སྐད་ཅིག་ཀྱང་འབྲལ་བར་མི་ཕོད་པ། །བདག་ལྟ་བུའི་སེར་གཟུགས་གྲོག་ཚང་ལྟར། །བརྡོལ་ནས་བསྟན་ལ་རྨ་འབྱིན་པར། །ཡི་ལན་བརྒྱར་ཆད་ཀྱང་ལས་ཀྱི་མཐུས། །རང་དབང་རང་གིས་མ་འདུས་པར། །ཉིན་མཚན་ཆོས་མིན་གྱི་འཁོར་ལོ་བསྐོར། །ལས་རྒྱུ་འབྲས་ཀྱི་རང་གཟུགས་བསླུ་མེད་དེ། །རང་ཐོག་ཏུ་མྱོང་འགྱུར་དྲན་ཙ་ན། །སྙིང་ཚལ་བར་མི་འཐོར་འདི་ཅི་ཞིག །དཔལ་འབྱོར་རྩྭ་རྩེར་ཆགས་པ་ཡི། །ཟིལ་པ་ཕྲ་ར་བ་ཙམ་ཞིག་ལ། །བློ་འབྲལ་བར་མ་བཟོད་དལ་འབྱོར་ལུས། །ཡིད་བཞིན་གྱི་ནོར་བུ་ལས་ལྷག་པ། །ཆོས་མིན་གྱི་བསམ་སྦྱོར་ཤེས་ཚད་ཀྱིས། །ཆུད་ཟོས་སུ་བཏང་བ་བདག་


LT36_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བས། །དེང་སང་རྒྱལ་ཁམས་ཀུན་གང་བ། །འདི་མཐོང་ཚེ་མཐོ་རིས་ཐར་པའི་ལམ། །མིང་ཙམ་དུ་གྱུར་སྙམ་རབ་ཏུ་སྐྱོ། །ཁྱེད་རྣལ་འབྱོར་དབང་པོ་ཇི་ལྟར་དགོངས། །འོན་ཀྱང་རྒྱལ་བ་སྲས་བཅས་ཀྱིས། །ཐབས་མཁས་འགྲོ་ཕན་མཛད་པ་ལ། །ཚུལ་སྟོན་ཏུ་སྣ་ཚོགས་གཟུགས་འཆང་དང་། །ནང་གི་རྣལ་འབྱོར་ལ་གནས་པ་སོགས། །ཁོང་ཡེ་ཤེས་ཀྱི་སྤྱན་ལྡན་མ་གཏོགས་པ། །སོ་སྐྱེའི་བརྟགས་དཔྱད་ཇི་ཙམ་དུ། །ལེགས་ཀྱང་རྒྱུད་ཚོད་མི་ཟིན་པས། །དག་སྣང་འདི་ཆོས་ཀྱི་སྙིང་པོ་ཡིན། །གྲུབ་མཐའི་རང་ཚུགས་ཤོར་དོགས་པས། །སོ་སོའི་ས་ན་ཆེ་བཤད་ཀྱིས། །གཞན་གྱི་སྐྱོན་འདོན་མང་ལགས་ཀྱང་། །རང་རེ་ལ་ཚུགས་ཀའི་གཉེར་མེད་པས། །ཤེས་བཞིན་ཏུ་ཐར་ལམ་མི་སྒྲིབ་པར། །དག་སྣང་གི་བློ་རྒྱ་བསྐྱེད་པར་འཚལ། །དག་སྣང་ཕྱོགས་མེད་མཁན་གོ་བའི་སླད། །ཆོས་ཐོས་ཚད་ཉན་ལ་ལག་ལེན་མེད། །དབང་སྐུར་ཚད་ཞུ་ཡང་ཉམས་ལེན་མེད། །བླ་མ་མཐོང་ཚད་བསྟེན་ལ་དམ་ཚིག་མེད། །སྙིགས་དུས་མི་བློ་བདུད་ཀྱིས་བསྒྱུར། །བསྟན་བཤིགས་ཟོག་པོ་འགྲིམ་སྒོ་ཆེ། །གསེར་རག་ན་ནོར་ཉན་འདུག་པས་ན། །དག་སྣང་ཕལ་ཆེར་ཕུང་བའི་རྒྱུ། །དེ་འདྲ་འཆལ་པ་ཡིན་པས་སྤངས། །ཀུན་རྫོབ་


LT36_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་སེམས་ཀྱིས་བསྡུས་པའི་ཆོས། །རྨི་ལམ་རྨིས་པའི་མྱོང་ཚོར་ལྟར། །དོན་དམ་གྱི་གཤིས་སུ་མ་གྲུབ་ཀྱང་། །ཇི་སྲིད་འཁྲུལ་སྣང་མ་དག་པ། །དེ་སྲིད་ལས་འབྲས་ཕྲ་མོ་ཡང་། །བསླུ་བ་མེད་ལ་ངེས་རྙེད་ན། །ངན་འགྲོའི་སྒོ་ཁེགས་མཐོ་རིས་ཀྱི། །སྒོ་ཆེན་ཕྱེད་འགྱུར་འཇིག་རྟེན་པའི། །ཡང་དག་ལྟ་བ་དེ་ཙམ་ཞིག། མི་ལྡན་སྟོང་པའི་རྦད་ཁམས་ཅན། །འབྲེལ་ཚད་ལོག་པའི་འདྲེན་སྟོན་ཡིན། །སྣང་ཙམ་འདི་བཀག་ཀྱང་མི་ཁེགས་ཀྱི། །འཛིན་ཞེན་གྱི་བསླད་ཀྱིས་མ་བསླད་ན། །སྣང་ཤེས་གཉིས་སྟོང་པ་ཉིད་དུ་མཉམ། །གནས་ལུགས་སྤྲོས་དང་བྲལ་བས་ན། །བཅོས་མའི་དགག་སྒྲུབ་རང་བཅིང་རྒྱུ། །མཚན་འཛིན་གྱི་རྟོག་པས་སྟོང་པ་དེ། །རྒྱལ་བས་སྟོང་པ་མཐོང་ཞེས་གསུངས། །འཇིག་རྟེན་ལས་འདས་པའི་ཤེས་རབ་ཡིན། །བློ་ཡིས་དཔྱད་པའི་སྤྲོས་བྲལ་དེ། །ཡུལ་དུ་བྱས་པའི་སྟོང་ཉམས་ཏེ། །མེད་དགག་གི་ཞེན་ལ་འཐེན་འཐེན་ནས། །ལྟ་བར་ཉེས་ན་ཕུང་ཁྲོལ་ཆེ། །རྣམ་རྟོག་གི་བུན་ལོང་སྟོང་པར་མཐོང་། །མཐོང་བ་པོ་གཏད་མེད་ཀྱི་ངང་དུ་གྲོལ། །འཛིན་མེད་ཀྱི་རིག་པ་ཟང་ཐལ་དེ། །ཡིད་དཔྱོད་ཀྱི་མུན་པས་མ་བསྒྲིབས་ན། །འོད་གསལ་གྱི་ཉི་མ་ཁོར་ཡུག་ཤར། །རྩོལ་མེད་ཀྱི་རང་ས་མ་ཟིན་ན། །རྩོལ་བཅས་ཀྱི་བསམ་


LT36_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་འཆིང་བའི་རྒྱུ། །བྱ་བ་སྙིང་ནས་མ་ཐོང་ན། །བཏང་བའི་རྩོལ་བས་ཚུར་ལ་འཁོར། །རྟོགས་མ་རྟོགས་ཀྱི་རེ་དོགས་སངས་པ་ན། །རྟོགས་པ་ཀུན་གྱི་མཆོག་ཏུ་གྱུར། །དེང་སང་ལྟ་བའི་སྙིགས་མ་བདོ། །ཆོས་བཤད་སྐྱེ་བོ་ཕོ་མོ་མཁས། །སྒོམ་ཁ་ལ་བབ་པས་ས་སྟེང་གང་། །རྒྱུད་ཉོན་མོངས་དུལ་བ་རི་བོང་རྭ། །མི་ཚེ་ཟབ་ཟོབ་ཀྱི་ངང་དུ་ཟད། །འགྲོ་བའི་འདྲེན་པར་རློམས་ན་ཡང་། །ལམ་སྣ་ཕྱོགས་ཙམ་མ་ཟིན་པ། །སྐལ་དམན་རྣམས་དེ་འདྲ་ལ་ངོ་མཚར་བྱེད། །དམ་པའི་ཆོས་དང་མི་མཐུན་པའི། །སེར་གཟུགས་དེ་གཉིས་ཕུང་གི་ཐོ་བ་ཡིན། །དེ་ལ་ངོ་མཚར་ཅི་ཞིག་ཡོད། །ཆོས་དང་སྣེ་གཅིག་མཐུན་གྱུར་ན། །རྟོགས་པ་དམན་ཀྱང་ངོ་མཚར་ཆེ། །ཆོས་མིན་གྱིས་རང་རྒྱུད་བསྲེགས་བསྲེགས་ནས། །མི་རྗེས་མ་སླེབ་པའི་སྡུག་གཏམ་ལགས། །ཁྱེད་བདེན་པ་གཟིགས་ལ་ཞུ་བ་མིན། །བསྟན་པར་ཁག་བསྙད་ཀྱི་འཁྲུགས་རྩོད་དང་། ཁ་མཆུ་བུན་སྐྱེད་ཚོང་ཁེ་སོགས། །གཞན་གནོད་ཀྱིས་ཕུག་ཏུ་འཚང་བཞིན་ཏུ། །འདུལ་འཛིན་ཏུ་རློམས་པ་སྨྱོན་པ་དངོས། །གཞན་གནོད་གཞིར་བཅས་སྤངས་པ་དེ། །ཁྱིམ་ན་གནས་ཀྱང་ཚངས་སྤྱོད་ཀྱི་མཆོག །ལོག་འཚོ་སྡུད་ཐབས་ཀྱི་འཕྱོར་གོས་དེ་མེད་ཀྱང་བཟོད། །


LT36_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་དོན་དུ་གཉེར་བའི་བློ། །འབྲལ་བ་མེད་དེར་སངས་རྒྱས་ཀྱི། །ཆོས་ཀུན་འདུ་བར་རྒྱལ་བས་གསུངས། །ཆོས་ཐམས་ཅད་འདུན་པའི་རྩ་བར་གནས། །འདུན་པ་མ་ཞུམས་པ་ཞིག་འཚལ། །སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད། །མི་འབྲལ་གཞན་ཕན་གཞིར་བཅས་སྤྱོད། །ཐེག་ཆེན་ལམ་གྱི་རྩ་བ་དེ། །སངས་རྒྱས་སྒྲུབ་ལ་མེད་ཀ་མེད། །རང་འདོད་ཅན་གྱི་སྙིང་རྗེ་དང་། །བདག་གཅེས་འཛིན་ཅན་གྱི་འགྲོ་ཕན་དེ། །བྱང་ཆུབ་ཀྱི་སྤྱོད་དང་འགལ་ན་ཡང་། །ཆོས་པ་བཟང་བརྫུས་བསླུས་པ་མང་། །གསང་སྔགས་ཀྱི་སྒོ་རུ་ཞུགས་ཕྱིན་ཆད། །དམ་ཚིག་མེད་ན་ཁོང་སྟོང་ཡིན། །དམ་ཚིག་གི་སྙིང་པོ་མོས་གུས་ཡིན། །བཅོས་མིན་གྱི་མོས་གུས་སྐྱེས་པ་ལ། །མཆོག་གི་ཡེ་ཤེས་འབབ་ཅིང་འཁོར། །བླ་མ་སངས་རྒྱས་སུ་མཐོང་བ་ལ། །རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་འཇུག །ཟང་ཟིང་གི་གནང་སྦྱིན་ངོ་བསྟོད་སོགས། །མཐུན་འཇུག་འདོད་ཐོག་བྱུང་ཙ་ན། །སངས་རྒྱས་དངོས་སུ་འདུག་པ་སྐད། །ཆོས་བརྒྱད་དང་གཡོ་སྒྱུ་མི་ལྡན་ན། །མི་ཆོས་མ་མཁས་པས་ཕུང་བ་སྐད། །རང་འདོད་ཀྱིས་བླ་མ་བཟང་ངན་བཅོས། །ཅི་མཛད་ལེགས་པར་མ་མཐོང་བའི། །བཅོས་མའི་མོས་གུས་དེ་ཡི་ཆད་རྒྱུ། །སྙིགས་མའི་འགྲོ་བ་བསོད་ནམས་ཆུང་། །ཟོག་པོ་


LT36_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་སངས་རྒྱས་སུ་མཐོང་། །དམ་པ་རྣམས་ནི་ཁྱི་ལྟར་ལོད། །དགེ་སྡིག་ཀྱང་དེ་ལྟར་གོ་ལྡོག་སྦྱོང་། །རྒྱུ་དེས་བསྐྱེད་མི་འདོད་སྣ་ཚོགས་འབྱུང་། །སོ་སྐྱེའི་རང་འདོད་ལ་གཏད་སོ་ཅི། །རྒྱལ་བའི་བཀའ་ལ་དཔང་པོ་འཚལ། །དེང་སང་དུས་ཀྱི་དབང་གྱུར་བས། །སངས་རྒྱས་བྱོན་ནས་ཆོས་གསུངས་ཀྱང་། །མགོ་རིལ་རིལ་བྱེད་པ་མ་གཏོགས་པ། །ཡིད་ཆེས་ཐོབ་པ་འབྱུང་དཀའ་བས། །གྲོང་ཚིག་གི་ཕྲེང་བས་ཅི་ཞིག་བྱ། །འོན་ཀྱང་དམ་པའི་གསུང་གི་ལེན། །མདོར་བསྡུས་བྱུང་རྒྱལ་དུ་སྨྲས་ཏེ་ཕུལ། །འབྲེལ་ཐོགས་རྒྱུད་ལ་ཕན་པར་ཤོག །ཅེས་རིག་འཛིན་གྱི་རྣལ་འབྱོར་མངྒ་ལའི་མཚན་ཅན་གྱི་བཞེད་ངོར་ཡོན་ཏན་རྒྱ་མཚོས་སྨྲས་པ་དགེ། ༈ །ཆོས་རྒྱལ་ཟླ་འོད་གཞོན་ནུ་པདྨ་ཡི་ཉིན་བྱེད། །བདག་དང་དད་ལྡན་བློ་སྣ་ཆོས་ལ་རང་སྒྱུར་མཛོད། །དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་ནི་རིན་ཆེན། །རྨི་ལམ་རྒྱལ་སྲིད་བཞིན་ཏུ་ཡུད་ཙམ་ལ་ཐོབ་པ། །མི་རྟག་རྩྭ་ཁའི་ཟིལ་དང་རླུང་ནང་གི་མར་མེ། །སྐད་ཅིག་རང་དབང་ཡོད་དུས་ལྷ་ཆོས་ལ་བརྩོན་ནས། །རང་མགོ་རང་གིས་འདོན་འཚལ་ཤེས་ལྡན་གྱི་གྲོགས་པོ། །བསླབ་ཤེས་རྣམ་གྲངས་མང་དྲག་མཐའ་རྒྱ་ནི་མི་ཆོད། །ཤེས་ཀྱང་རྒྱུད་ལ་ཁེལ་བའི་


LT36_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་ཡང་དཀོན་པས། །བྱས་བྱས་ཤེས་ཤེས་མང་པོའི་རྣམ་དཔྱོད་ནི་ཆེ་ཡང་། །གཉིད་དང་རྣམ་གཡེང་མི་ཚེ་སྟོང་ཟད་ལ་སོང་བ། །རྨོངས་པ་བདག་འདྲ་རང་གིས་རང་བསླུས་ལ་འགྱོད་དོ། །ཕ་མ་ཉེ་མཛའ་ཤག་རོག་ཐར་ལམ་གྱི་ཕུང་ཀྲོལ། །ཤ་ཆང་གཟུགས་མཛེས་བསླུ་བྲིད་ངན་སོང་གི་གཏིང་རྡོ། །ཆོས་མིན་ཆོས་ལྟར་བརྫུ་བ་རང་རྡུང་གི་ཐོ་བ། །ཐ་སྙད་སྙིང་པོར་བཟུང་བ་ཟབ་ཆོས་ཀྱི་སྐལ་ཆད། །མ་གྲུབ་གྲུབ་བརྫུའི་འཆོལ་སྤྱོད་རྒྱལ་བསྟན་གྱི་རྐང་འདྲེན། །གསང་ཆོས་ཁྲོམ་དུ་བསྒྲགས་པ་གསང་སྔགས་ཀྱི་དམ་སྲི། །ངན་འགྲོའི་གཡས་ས་ཆེ་ཤོས་དེ་འདྲ་ལས་གྲོལ་ནས། །མ་ནོར་ཟབ་ལམ་སྙིང་པོའི་ལམ་བཟང་ནས་བྱོན་མཛོད། ཨ་ཧོ། ལྟ་སྒོམ་གནད་དོན་ཉིད་ཀྱིས་ཡི་གེ་རུ་བྲིས་པ། །ནོར་འཁྲུལ་མི་འདུག་དེ་ལྷག་བརྗོད་རྒྱུ་ཡང་མི་འདུག །འོན་ཀྱང་གཉུག་མའི་རང་འགྲོས་ཐ་མལ་གྱི་ཤེས་པ། །སྒོམ་འདོད་བཟོ་བཅོས་མེད་པའི་རང་བབ་ལ་བསྐྱུར་ནས། །དྲན་རིག་རང་ཚུགས་མ་ཤོར་ཐ་མལ་དུ་བསྡད་པས། །དགག་སྒྲུབ་མཚན་འཛིན་མཁན་པོ་ཆོས་ཉིད་དུ་ཡལ་ནས། །ཡེ་གྲོལ་ཆོས་སྐུའི་གཤིས་ལ་ངེས་ཤེས་ཤིག་སྐྱེས་ཚེ། །ལྟ་སྒོམ་ཡོད་ན་ཡོད་ཆུག་མེད་ན་ཡང་མེད་ཆུག །རང་རྒྱུད་ཆོས་དང་འདྲེས་པའི་མགོ་བོ་ནི་ཚུགས་པས། །ནང་རྟགས་ཕྱི་


LT36_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཤར་བའི་མཐུན་སྣང་གི་མངོན་རྟགས། །གཟུང་འཛིན་འབྲེལ་ཐག་ཆད་པའི་རང་བཞིན་གྱི་རང་མདངས། །འདིར་སྣང་ཆོས་མིན་ལྟ་ཅི་དམ་པ་ཡི་ཆོས་ཀྱང་། །ཞེ་འདོད་རློམས་པས་མི་སྒྲུབ་འཁྲི་བ་ཀུན་ཟང་པ། །བྱ་བཏང་རྣལ་འབྱོར་ཆེན་པོ་སངས་རྒྱས་ཀྱི་གསང་ལམ། །སྐལ་ལྡན་དམ་པའི་སྙིང་ལ་མྱུར་བ་རུ་འཕོས་ནས། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་རྗེས་སྙེགས་སུ་ཤོག་ཅིག །ཅེས་པའང་དད་དམ་འགྱུར་མེད་ཚེ་དབང་ནས་ཉམས་ལེན་དྲི་བའི་དོགས་སེལ་དུ་དཔལ་སྤུངས་དབེན་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་ནས་ཕུལ་བ་དགེ། ༈ །རྗེ་པདྨའི་མཚན་ཅན་རྡོ་རྗེ་འཆང་། །བུ་རྗེས་འཇུག་བློ་སྣ་ཆོས་ལ་བསྒྱུར། །བདག་རྒྱུད་ཆོས་དང་མ་འདྲེས་པས། །ཆོས་གཞན་ལ་བཤད་པ་ནེ་ཙོའི་གླུ། །མདོ་དོན་ཉམས་སུ་མ་མྱོང་ན། །ཚིག་བཤད་ཡམས་མང་པོ་ནམ་མཁའི་འཇའ། །སྤྱིར་སྙིགས་དུས་དམ་ཆོས་རྣལ་མ་མེད། །སྒོས་ཆོས་གཟུགས་རྣམས་ཆོས་དང་རྒྱབ་འགལ་བྱེད། །ཉམས་ལེན་རྡོ་རུས་མ་འཕྲོད་པའི། །ཆོས་བྱས་ལོ་མང་པོས་རང་མགོ་གཡོགས། །འཆི་ཀ་གཏད་སོ་མེད་ཉན་གདའ། །དུས་ད་ལྟ་མི་འཆིའི་གདེངས་མེད་ཅིང་། །འཆི་ན་གར་འགྲོའི་


LT36_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་སོ་མེད། །ལུས་ལོངས་སྤྱོད་འཁོར་གཡོག་མཛའ་བཤེས་བཅས། །ཤིང་ཁའི་བྱ་བཞིན་མྱུར་དུ་གྱེས། །མི་རྟག་པ་ཀམ་ཀམ་དྲན་པར་མཛོད། །འཆི་བ་སྙིང་ནས་མ་དྲན་ན། །བློ་ཆོས་བརྒྱད་དང་བྲལ་དུས་མི་གདའ་བས། །གང་བྱས་ཚེ་འདིའི་ལག་ཆ་སྟེ། །ཆོས་དང་འཇིག་རྟེན་ཟུང་འཇུག་གི། ཁ་མཁོས་ལེགས་ལེགས་བཟང་བཟང་པོ། །རང་གཞན་གཉིས་ཕུང་རྒྱུ་ཡིན་པས། །དེ་འདྲའི་གྲལ་དུ་མ་རེ་བར། །བཀའ་བརྒྱུད་རྣམ་ཐར་དྲན་པར་མཛོད། །ཐུན་མགོར་སྐྱབས་སུ་འགྲོ་བ་དང་། །སེམས་བསྐྱེད་རྣམ་དག་བྱང་ཆུབ་སེམས། །དར་དྲག་སྣང་བ་འགྱུར་ངེས་བྱ། །དངོས་གཞི་རང་ལུས་ཡི་དམ་གྱི། །ལྷ་སྐུ་ཁྱད་པར་བཞི་ལྡན་བསྒོམ། །ཆ་ཤས་ནས་བཟུང་རྫོགས་པའི་བར། །རེ་རེ་བཞིན་ཏུ་སེམས་བཟུང་བས། །ཐུན་བཏང་ལན་བཅས་མོང་ཞི་གནས་ཞར་ལ་འགྲུབ། །ཁྱད་པར་བླ་མའི་རྣལ་འབྱོར་གྱིས། །མོས་གུས་ཁོ་ནར་མཐིལ་ཕུར་བཅའ། །སེམས་བཟོ་མེད་གཉུག་མའི་རང་འགྲོས་སྐྱོང་། །རྗེས་འཁོར་གསུམ་ཡོངས་དག་བསྔོ་སྨོན་སྤེལ། །ཕྱག་ཆེན་ལྔ་ལྡན་ཞེས་བྱ་བ། །བཀའ་མདོ་རྒྱུད་ཡོངས་ཀྱི་སྙིང་པོ་སྟེ། །ཕ་བཀའ་བརྒྱུད་བླ་མ་གཤེགས་པའི་ཤུལ། །མི་རང་རང་དད་བརྩོན་མ་ཞེན་ན། །ཚེ་གཅིག་གིས་རྡོ་རྗེ་འཆང་དངོས་འགྲུབ། །ཁྱད་པར་ཕྱག་ཆེན་མཉམ་བཞག་ལ། །རྣམ་


LT36_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་སྔ་མ་འགགས་ནས་སུ། །ཕྱི་མ་མ་སྐྱེས་ད་ལྟར་གྱི། །ཤེས་པ་བཟོ་མེད་ཧད་པོ་ཉིད། །རང་བབ་བཞག་ལ་རང་འགྲོས་སྐྱོངས། །མི་གནས་རྣམ་རྟོག་གང་འཕྲོ་ཡང་། །བྱུང་གནས་འགྲོ་གསུམ་རྩ་བ་ནི། །ལན་གཅིག་མིན་པར་ཡང་ཡང་བཅད། །གོ་ཡུལ་ཙམ་དུ་མ་ལུས་པའི། །རིག་ཐོག་མྱོང་བ་ཐོན་བྱས་ན། །ཁོ་ཐག་ཆོད་ཅིང་ངེས་ཤེས་སྐྱེ། །གནས་འགྱུ་རིག་གསུམ་དབྱེར་མེད་རྟོགས། །དེ་ཚེ་བླ་མའི་མོས་གུས་དང་། །རྟག་ཏུ་དྲན་ཤེས་བསྟེན་ནུས་ན། །འགྱུར་མེད་རྟོགས་པ་ཐོབ་པར་འགྱུར། །འོན་ཀྱང་དབེན་པར་དཀའ་སྤྱད་ཀྱིས། །ངེས་འབྱུང་སྙིང་རྗེ་དག་སྣང་གིས། །རྒྱུད་སྦྱོར་ཚོགས་བསགས་སྒྲིབ་སྦྱོང་སོགས། །སྒོམ་མགོ་རྐང་ཅུང་ཟད་མ་ཚང་བར། །འཕགས་པའི་ཡེ་ཤེས་གཏིང་ཟབ་པ། །རང་ནམ་འདོད་དུས་སུ་མི་མཐོང་བས། །ཆོས་ཕྱིར་དཀའ་བ་སྤྱད་པར་མཛོད། །སྒོམ་ལ་ཚོགས་བསགས་མི་དགོས་དང་། །བསྐྱེད་རྫོགས་རེ་རེས་ཆོག་ཅེས་དང་། །ཞི་གནས་མེད་པར་ལྷག་མཐོང་སྤྲད། །མ་བཅོས་ཞོག་དང་རང་ངོ་ལྟོས། །ཅི་ཡང་ཡིད་ལ་མ་བྱེད་སོགས། །དབང་པོ་རབ་ཀྱི་སྤྱོད་ཡུལ་དེ། །སོ་སྐྱེ་བླུན་པོའི་རྣ་བ་རུ། །བསྐྲགས་རྣམས་བདུད་ཀྱི་གསང་ཚིག་ཡིན། །གོལ་ས་ཤོར་སར་འགྲོ་ཉེན་མཆི། །བདག་གོང་སྨོས་མདོ་རྒྱུད་དཔང་ཡོད་པས། །བློ་ཆོས་


LT36_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་ཞིག་མཛད་ན་དེ་ལྟར་མཛོད། །སཱ་ལའི་ནགས་ཁྲོད་གྲུབ་པའི་གནས། །ཀུན་བཟང་བདེ་ཆེན་འོད་གསལ་གླིང་། །གནས་དེ་ན་བསྟི་བའི་ཆོས་གཟུགས་ནི། །མིང་ཡོན་ཏན་རྒྱ་མཚོར་འབོད་དེས་བྲིས། །མཐོང་ཐོས་ཀྱི་འགྲོ་རྣམས་སྨིན་གྲོལ་ཤོག །ཞེས་དགེ་སློང་ཀརྨ་དབང་ལྡན་ངོར་ཡོན་ཏན་རྒྱ་མཚོས་སོ། །མངྒ་ལཾ། ༈ །སངས་རྒྱས་ཀུན་དངོས་པདྨའི་མཚན། །བདག་སྙིང་པདྨའི་ཟེའུ་འབྲུར་བཞུགས། །གཉུག་མའི་རང་ཞལ་ཟེར་བ་དེ། །མ་བལྟས་བཞག་པས་མཇལ་བ་ཡིན། །གདོད་མའི་གནས་ལུགས་ཟེར་བ་དེ། །མ་བཙལ་ཀློང་ན་ཐོབ་པ་ཡིན། །ཆོས་སྐུ་ཕྱག་རྒྱ་ཆེན་པོ་དེ། །རང་གི་སེམས་ལ་ཟེར་བ་ཡིན། །ལྟ་སྤྱོད་སྒོམ་པ་རྣམ་མང་ཡང་། །དྲན་ཤེས་གཅིག་པུར་འདུ་བ་ཡིན། །དྲན་པས་རང་ཉིད་བཅིངས་པ་མང་། །ལྷོད་ཀྱིས་ཀློད་ན་དྲན་པ་ཡིན། །རང་སེམས་རང་གིས་མ་བཅིངས་པར། །གུ་ཡང་ངང་དུ་རང་འགྲོས་སྐྱོང་། །རྣམ་རྟོག་སེམས་ཀྱི་རང་རྩལ་ཡིན། །འགྱུ་བ་མི་འགགས་རང་གྲོལ་ཐོང་། །སྤྲིན་ཆར་ཐོག་གློག་ཅི་བྱུང་ཡང་། །ནམ་མཁའ་སྟོང་པར་ཕན་གནོད་མེད། །སེམས་ལ་རྟོག་པ་ཅི་ཤར་ཡང་། །ཆོས་ཀྱི་དབྱིངས་སུ་རོ་གཅིག་མཉམ། །བསྒོམ་མོ་སྙམ་པའི་ཤེས་པ་དེ། །རྟོག་པས་རང་ངོ་བསྒྲིབ་པ་ཡིན། །ཡིད་བྱེད་ཐམས་ཅད་བློ་ཡིན་པས། །


LT36_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་མི་བྱེད་ཕྱག་རྒྱ་ཆེ། །བཟོ་བཅོས་དགག་སྒྲུབ་སྤང་བླང་དང་། །རེ་དོགས་བྱས་པས་མཐོང་བ་མིན། །ཐ་མལ་ཤེས་བ་རྗེན་པ་དང་། །རང་བྱུང་རིག་པ་འདུ་འབྲལ་མེད། །བཟོ་མེད་ངང་དུ་ཚོགས་དྲུག་ཀུན། །སྣང་ལ་མ་ཞེན་བསྐྱང་བར་འཚལ། །གནས་ལུགས་རྟོགས་པར་ཐེ་ཚོམ་མེད། །འབྲས་བུ་ཐོབ་པར་སོམ་ཉི་ཅི། །གཙོ་བོར་བླ་མའི་མོས་གུས་དང་། །འགྲོ་ལ་བྱམས་དང་སྙིང་རྗེ་བསྒོམ། །དམ་ཚིག་སྡོམ་པ་རྣམ་དག་མཛོད། །དགེ་བའི་བསགས་རྒྱབ་བསྒྲུབ་པ་ན། །རང་བྱུང་ཡེ་ཤེས་ཤུགས་ལ་འཆར། །གཞན་ཕན་སྨོན་ལམ་སྟོབས་ཀྱིས་འབྱུང་། །དེ་སྐད་དགེ་བློས་རྒྱུད་ཕྱུག་པ། །པྲཛྙཱའི་མཚན་ཅན་བཞེད་པའི་ངོར། །ཡོན་ཏན་རྒྱ་མཚོས་གང་དྲན་བྲིས། །འབྲེལ་ཚད་ཕྱག་རྒྱ་ཆེ་ཐོབ་ཤོག །མངྒ་ལཾ། ༈ །པད་འབྱུང་བླ་མ་དབྱེར་མེད་པ། །སྙིང་དབུས་དྭངས་མའི་ཐིག་ལེར་མཆོད། །གནས་ལུགས་ལྟ་བ་སྐྱོང་འདོད་ན། །སྤྲོས་བྲལ་གཏན་ལ་ཕེབས་དོགས་པས། །ཐོས་བསམ་ཤེས་པ་བསྐྱེད་པར་གཅེས། །རང་བབ་སྒོམ་ལ་བརྩོན་འདོད་ན། །མོས་གུས་སྟོབས་ཀྱིས་འཆར་དགོས་པས། །དྲན་ཤེས་མོས་གུས་འབྲལ་མེད་གཅེས། །བཅོས་མིན་སྤྱོད་ལ་གནས་འདོད་ན། །དགག་སྒྲུབ་བློ་དང་བྲལ་དགོས་པས། །རེ་དོགས་ཟད་


LT36_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་གཅོད་པར་གཅེས། །རྣལ་འབྱོར་གྲལ་དུ་བསྙེགས་འདོད་ན། །སྒྲུབ་བརྒྱུད་རྣམ་ཐར་བསྐྱང་དགོས་པས། །ལང་ཤོར་དབང་དུ་མི་བཏང་འཚལ། །གདམས་པའི་གནད་འགག་འདི་ལ་ཚང་། །མང་དུ་སྨོས་ཀྱང་ཚིག་ཏུ་ཟད། །དགེ་བས་ཁྱེད་ལ་སོགས་པ་ཡི། །འབྲེལ་ཐོགས་འགྲོ་ཀུན་སྨིན་གྲོལ་ཤོག །མངྒ་ལཾ། ༈ །ན་མོ་གུ་རུ། །བཀའ་བརྒྱུད་གྲུབ་པའི་ཚོགས་དང་བླ་མ་རྗེས། །འགྲོ་ཀུན་རྟོགས་གྲོལ་དུས་མཉམ་དངོས་གྲུབ་སྩོལ། །ཕྱག་རྒྱ་ཆེན་པོ་དཀར་པོ་གཅིག་ཐུབ་ཏུ། །གྲགས་ཀྱང་གནད་ཀྱི་མན་ངག་མི་ལྡན་པར། །གནས་འགྱུ་གང་ཤར་རང་ངོ་ཤེས་ཙམ་གྱིས། །ས་ལམ་བགྲོད་མིན་འཁྲུལ་རྟོག་ཁ་བསྣོན་ཉིད། །དེས་ན་ཐོག་མར་སྲིད་གསུམ་བདེ་འབྱོར་ལ། །ངེས་འབྱུང་དྲག་པོས་གོས་མེད་སྐྱེ་བར་མཛོད། །ནམ་འཆི་ཆ་མེད་སྙིང་ལ་གཟེར་བ་ཡིས། །ཆོས་བརྒྱད་རྣམ་རྟོག་ཡན་པ་ནང་དུ་ཁུག །སྐྱབས་འགྲོ་སེམས་བསྐྱེད་ཐེག་ཆེན་ཆོས་ཀྱི་རྨངས། །གལ་ཆུང་མི་བྱ་ཉམས་ལེན་སྙིང་པོར་བརྩོན། །སྒྲིབ་པ་བྱང་ཞིང་ཚོགས་གཉིས་རྫོགས་པ་ན། །རྟོགས་པའི་ཡེ་ཤེས་རང་བཞིན་འཆར་བར་གསུངས། །སྒྲིབ་སྦྱོང་མཐར་ཐུག་རྡོར་སེམས་བསྒོམ་བཟླས་དང་། །ཚོགས་བསགས་སྙིང་པོ་མཎྜལ་ཉིད་ལ་འབུངས། །དབུལ་པོའི་ལག་ཏུ་རིན་ཆེན་མི་ཐོབ་ལྟར། །མོས་གུས་


LT36_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་གྱིས་ཕོངས་པའི་གང་ཟག་གིས། །གནུབ་ལུགས་རྟོགས་པའི་རིན་ཆེན་མི་ཐོབ་པས། །བཀའ་བརྒྱུད་གྲུབ་བརྙེས་གཤེགས་པའི་ལམ་པོ་ཆེ། །མོས་གུས་གསོལ་འདེབས་གདུང་ཤུགས་ཁོར་ཡུག་བསྐྱེད། །གསང་སྔགས་བསྟན་པའི་སྙིང་པོ་སྐྱེད་རྫོགས་གཉིས། །དབང་བསྐུར་ཐོབ་ནས་དམ་ཚིག་མ་ཉམས་པས། །སྣང་གྲགས་ལྷ་དང་སྔགས་ཀྱི་འཁོར་ལོར་བལྟ། །ཡིད་ནི་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ངང་། །སྒྱུ་མ་ཙམ་དུ་དགེ་སྒྲུབ་སྡིག་སྤོང་སོགས། །ཆོས་བཞིན་འབད་པས་མཆོག་ཐུན་དངོས་གྲུབ་གཉིས། །སྐྱེ་བ་འདི་དང་ཕྱི་མར་ངེས་ཐོབ་པ། །བསླུ་མེད་ཚད་མ་རྒྱལ་བའི་བཀའ་ཡིན་པས། །ཐུགས་ལ་བཞག་ནས་ཚུལ་ལྡན་ལྟ་སྤྱོད་འདིས། །དོན་གཉིས་ལྷུན་གྲུབ་བཀྲ་ཤིས་དཔལ་འབར་ཤོག། ༈ །།རྗེ་དྲིན་ལྔ་གྱི་རྩ་བའི་བླ་མར་འདུད། །ཁྱེད་རིག་ཐོག་ཏུ་ཉམས་ལེན་བརྩོན་འདོད་ན། ཁ་ཕྱིར་བལྟས་ཀྱི་ཤེས་པས་མི་གྲོལ་བས། །ནང་རིག་མཁན་གྱི་རང་ཞལ་མཇལ་བར་ཞུ། །དྲན་ཤེས་བཞིན་མི་ལྡན་ཉམས་ལེན་མཁན། །གནད་ཤེས་ཀྱང་རྒྱལ་པོ་དམངས་འཁུམས་འདྲ། །ངོ་འཆུག་མེད་ལེགས་པར་འཕྲོད་ཕྱིན་ནས། །དུས་རྟག་ཏུ་སྐྱོང་བ་གདམས་ངག་ཟབ། །སྤྲོས་བཅས་དང་སྤྲོས་མེད་ལ་སོགས་པ། །ཀུན་དྲིལ་ནས་ཉམས་སུ་ལེན་པ་ལས། །


LT36_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཁྱད་དུ་གསོད་པ་མི་རུང་བས། །བློས་གང་ལྕོགས་ལག་ཏུ་ལེན་པར་འཚལ། །སྒོམ་ཕྱག་ཆེན་ཟེར་བའི་གཡེར་པོ་ཆེ། །ཐ་མལ་གྱི་ཤེས་པ་ལས་གཞན་མེད་ཀྱང་། །ཟབ་དྲགས་པས་རང་ངོ་མ་ཤེས་ཤིང་། །ཉེ་དྲགས་པས་རང་ཡིད་མ་ཆེས་སྐྱོན། །གནད་ཁེལ་གྱི་རྟོགས་པའི་གདིང་ལྡན་དཀོན། །ཁ་སྟོང་ལྟ་མཁན་གྱིས་ཕྱོགས་ཀུན་ཁྱབ། །རྒྱུད་མི་གྲོལ་ཆོས་ཀྱི་རྐང་འདྲེན་པ། །བློ་ཆོས་བརྒྱད་དབང་དུ་ཤོར་བས་ལེན། །སྒོམ་མཐོན་པོ་ལ་ཧབ་ཤ་མ་ཆེ་བར། །སེམས་མི་རྟག་དྲན་པས་ཞུན་ཐར་བཅད། །ཆོས་ཆེ་ཆུང་མེད་པ་རང་རྒྱུད་ལ། །སྦྱོར་མཛོད་དང་མཆོག་དངོས་འབྲས་ཐོབ་འགྱུར། །མངྒ་ལཾ། ༈ །དཔལ་ལྡན་བླ་མའི་ཞབས་ལ་འདུད། །ཁོ་བོ་ཐོས་དང་སྒོམ་པ་ཡི། །སྦྱངས་པ་ཆུང་བས་ཟབ་མོའི་དོན། །རྒྱ་ཆེར་སྨྲ་བར་མ་སྤོབས་ཀྱང་། །ཁྱེད་ཀྱི་བཞེད་པ་སྐོང་བའི་སླད། །ཟབ་མོའི་གནད་འགག་ཉུང་ངུ་གསོལ། །འཁོར་བའི་བདེ་འབྱོར་འཇའ་ཚོན་འདྲ། །སྙིང་པོ་མེད་པ་མཁྱེན་པར་མཛོད། །དལ་འབྱོར་མི་རྟག་ཆུ་བུར་འདྲ། །མྱུར་དུ་ཡལ་བ་མཁྱེན་པར་མཛོད། །ལས་འབྲས་དཔྱིད་བཏབ་ས་བོན་འདྲ། །བསླུ་མེད་སྨིན་ངེས་མཁྱེན་པར་མཛོད། །དགེ་བའི་བཤེས་གཉེན་ལོང་ཁྲིད་འདྲ། །མེད་ཐབས་མེད་པ་མཁྱེན་པར་མཛོད། ཁ་ཆོས་ཕྱི་ནས་བྱུག་པ་འདྲ། །དགོས་དུས་ཕན་


LT36_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མཁྱེན་པར་མཛོད། །བྱང་ཆུབ་སེམས་གཉིས་གསེར་དང་འདྲ། །ཅིས་ཀྱང་འགྱུར་མེད་མཁྱེན་པར་མཛོད། །རང་སེམས་ཅོལ་ཆུང་བྱིས་པ་འདྲ། །རྣམ་ཀུན་འཚོ་དགོས་མཁྱེན་པར་མཛོད། །ཆོས་སྐུ་ས་འོག་གཏེར་དང་འདྲ། །རང་ལ་ཡོད་པ་མཁྱེན་པར་མཛོད། །རྣམ་རྟོག་ཉོན་མོངས་སྤྲུལ་མདུད་འདྲ། །ཀློད་ན་གྲོལ་བ་མཁྱེན་པར་མཛོད། །རང་རིག་ཤེལ་གོང་དྭངས་པ་འདྲ། །སྣང་ལ་མ་འདྲེས་མཁྱེན་པར་མཛོད། །ལྟ་སྤྱོད་འཛོམ་པ་མཁའ་ལྡིང་འདྲ། །གང་ལའང་ཐོགས་མེད་མཁྱེན་པར་མཛོད། །མཁྱེན་པ་ཙམ་དུ་མི་འཇོག་པར། །རང་རྒྱུད་ཆོས་དང་འདྲེས་གྱུར་ནས། །བཀའ་བརྒྱུད་རྒྱལ་ས་ཟིན་པ་ཡི། །དགེ་ལེགས་བཀྲ་ཤིས་དཔལ་འབར་ཤོག །གདམས་པའི་མགུར་ཆུང་ལེ་ཚན་བཞི་པོ་ཕྱོགས་ཐ་དད་ནས་བསྐུལ་བ་པོ་སོ་སོའི་བཞེད་ངོར་གང་དྲན་འཕྲལ་དུ་བྲིས་པའོ།། ༈ །།འཇམ་དབྱངས་བླ་མའི་ཞལ་ལུང་གཏན་གྲོས་དང་། །ཞལ་གདམས་བསྐྱེད་རྫོགས་གནད་བསྡུས་ལེགས་བཤད་སྐོར། །ཡོངས་རྫོགས་གཉེར་མིང་པདྨ་ཆོས་འཕེལ་པས། །ཡོན་སྦྱར་ཆོས་སྦྱིན་སྤར་དུ་བསྒྲུབས་པའི་དགེས། །གདམས་ངག་ཉི་མས་མྱོང་བའི་འདབ་གྲོལ་ལས། །ཐེག་གསུམ་སྦྲང་རྩི་སྐྱུགས་པའི་སྐལ་བཟང་གི། །མེ་ཏོག་གསར་པས་ནོར་འཛིན་གང་གྱུར་ཅིག །སརྦ་དཱ་ཤུ་བྷ་བྲྀདྡྷ་རསྟུ། །


previousརང་གཞན་ལ་གཏན་གྲོས་གདམས་ངག་གི་ཚུལ་དུ་བརྗོད་པའི་ཕྲེང་བ་སྙིང་གི་བདུད་རྩི།no next