དབུས་གཙང་གི་གནས་བསྟོད་སྣ་ཚོགས།
ཧེ་ཨདྦྷུ་ཏཾ་དྲྀཥྚ། །དགའ་ལྡན་གནམ་དུ་ཡིད་དགའ་ཆོས་འཛིན་ཏེ། །རྩ་གསུམ་གྲོང་དབུས་རྣམ་རྒྱལ་ཁང་པ་བཟང་། །ལྷ་ལྡན་འཕྲུལ་སྣང་སྤྲུལ་པའི་གཞལ་མེད་ཁང་། །མཚུངས་པ་སྤངས་པའི་སྒྲ་འདི་གཅིག་ཏུ་འཛིན། །དབུ་རུ་སྐྱི་ཤོད་ཡུལ་དབུས་མ་ག་དྷར། །འཛམ་གླིང་བདེ་སྐྱིད་ལྷན་ཅིག་སྤུངས་པ་བཞིན། །གངས་ཅན་དཔལ་འབྱོར་མཐའ་དག་ཤེ་མང་གིས། །བསྡུས་པ་མིན་ནམ་མཐོ་རིས་དཔལ་ཀུན་འཚོགས། །ངུར་སྨྲིག་འཛིན་པས་ས་ཆེན་དོགས་པོར་བྱེད། །མཁས་དང་གྲུབ་པའི་སྐྱེས་བུ་མཐའ་དག་འཚོགས། །ས་སྐྱོང་རྒྱལ་བློན་ཆོས་ལྡན་ཁྲིམས་ཀྱིས་འཚོ། །སྐྱེ་བོ་རྣམས་ཀྱང་རྟག་ཏུ་དགའ་བདེར་སྤྱོད། །མཁའ་ངོས་ཉིན་བྱེད་ཛམྦུའི་ཆུ་གསེར་གྱི། །འོད་ཀྱིས་འགོག་བྱེད་རྒྱ་ཕིབ་གྲངས་མེད་དང་། །རིན་ཆེན་མར་མེའི་ཕྲེང་བས་མཛེས་པའི་ཁང་། །སུམ་རྩེན་ས་ལ་འཕོས་འདྲའི་གྲོང་ཁྱེར་དབུས། །སྲིད་གསུམ་དབང་ཕྱུག་རྣམས་ཀྱིས་གཅེས་པའི་དབྱིག །འཇིག་རྟེན་ཀུན་གྱིས་ཕྱག་འོས་མཆོད་འོས་པ། །རྒྱལ་རྣམས་གཟུགས་བརྙན་ཆོ་གས་སྦས་པའི་རྟེན། །ནོར་བུའི་གྲམ་པ་བརྡལ་འདྲས་མདུན་བལྟས་པར། །སྤྲུལ་པའི་རྒྱལ་པོས་བཞེངས་པའི་གཙུག་ལག་ཁང་། །ཉི་ཟླའི་སྙིང་པོ་མཛེས་བྱེད་ཐུབ་དབང་མཆེད། །ས་སྟེང་མུན་པ་འཇོམས་པའི་སྣང་བ་ཅན། །མཐོང་བའི་ཡིད་ཀྱི་དགའ་བདེ་འབྲལ་མ་གྱུར། །ཡིད་བྱེད་ཙམ་ལ་སྐྱབས་སུ་འཆའ་དགོས་པའི། །བདག་གི་སྟོན་པ་
མཚུངས་མེད་མངོན་སུམ་བཞིན། །མཐོང་བ་དོན་ལྡན་སྐྱེ་བོ་ཇི་སྙེད་པས། །རྟག་ཏུ་མཐོང་བས་དལ་འབྱོར་དོན་ཡོད་ཤོག །ཅེས་པའང་ལྷ་ལྡན་སྤྲུལ་པའི་གནས་ཀྱི་ངོ་མཚར་བ་མཐོང་ནས་ཆེད་དུ་བརྗོད་པ་འདིའང་ཀརྨ་ངག་དབང་ཡོན་ཏན་རྒྱལ་ཚོས་སོ། །ཨེ་མ། །གྲགས་པའི་འོད་དཀར་ནམ་མཁའི་མཐར་བསྙེགས་པས། །སྙིང་གི་ཀུ་མུད་གཟོད་ནས་བཞད་གྱུར་ཀྱང་། །ཡ་མཚན་རྫོགས་པའི་དཀྱིལ་འཁོར་འདྲེན་བྱེད་ཀྱིས། །དེ་རིང་མཐོང་འདི་དག་པའི་རྨི་ལམ་བཞིན། །དགེ་ལེགས་ཡོངས་སུ་འདུ་བའི་བྲག་དམར་ལྗོངས། །དམ་ཆོས་འབྱུང་གནས་བཀྲ་ཤིས་འོམ་པུའི་ཚལ། །བྱིན་རླབས་ཟིལ་ཆེ་རང་བཞིན་གྲུབ་པའི་ཞིང་། །ཛམྦུས་མཚན་པའི་གླིང་འདིར་སྲིད་པ་ཙམ། །རིན་ཆེན་རང་བཞིན་ལྷུན་པོ་དང་མཚུངས་ཀྱང་། །ལྟ་བས་མི་ངོམས་མཐོང་གྲོལ་རྟེན་རྣམས་དང་། །ཁྲིམས་ལྡན་འདུས་པའི་འཁོར་སས་བསྐོར་བ་ཡི། །དབུ་རྩེ་རིམ་གསུམ་རི་དབང་ལས་ཀྱང་འཕགས། །གླིང་བཞི་གླིང་ཕྲན་བརྒྱད་དང་ཉི་ཟླ་གཉིས། །སྲིད་པ་ལྡེག་གནོན་འཕྲུལ་གྱི་ཐུགས་རྟེན་བཞི། །ཁོར་ཡུག་མཆོད་སྡོང་སྟོང་གི་ཕྲེང་བ་ཅན། །བསམ་ཡས་སྣོད་བཅུད་དགེ་མཚན་གཅིག་ཏུ་རྫོགས། །མཁན་ཆེན་ཞི་འཚོ་རྣམ་སྣང་ལོ་ཙཱ་ཡི། །རིན་ཆེན་ཆོས་ཁྲི་ཆོས་སྐུའི་མཆོད་སྡོང་དང་། །ཇོ་མོ་བྱང་ཆུབ་སེམས་མའི་ཐུགས་དམ་གླིང་། །ངོ་མཚར་གཞལ་མེད་ཁང་པས་ཟུར་ནས་བརྒྱན། །བལྟས་ཀྱང་མི་ངོམས་སྒྱུ་མའི་ལྟད་མོ་དང་། །དད་པས་ཚིམས་མེད་ལྷ་ཡི་བདུད་
རྩི་བཞིན། །འབྲལ་དཀའ་ཡུན་རིང་འདྲིས་པའི་བཤེས་ལྟ་བུ། །གང་ཁྱོད་སེམས་ཀྱི་སྐྱེས་བུས་སྦྲུལ་ལམ་ཅི། །ཕྱོགས་མཚམས་གནས་མཆོག་དུ་མས་ཁྱུད་མོར་བསྐོར། །ཆོས་ནོར་རིན་ཆེན་གཏེར་ཁ་ཕྱུར་བུར་སྤུངས། །གྲུབ་བ་ལྷ་དང་ཌཱ་ཀི་སྤྲིན་བཞིན་འདུ། །གཉུག་མར་གནས་པའང་གྲུབ་པའི་ཁྱིམ་ལོངས་སྤྱོད། །ཧེ་རུ་ཀ་དཔལ་སངས་རྒྱས་གཉིས་པ་དང་། །བྱང་སེམས་ཆོས་རྒྱལ་ལོ་པ་བརྒྱ་རྩ་སོགས། །ཞལ་འཛོམ་བཤད་སྒྲུབ་ཉིན་མོར་མཛད་པའི་གླིང་། །དྲན་པས་གདུང་ཤུགས་འཆི་མའི་དོགས་བས་གཤེར། །ཕྱག་རྒྱའི་མཚན་མ་རབ་སྦས་མཁྱེན་པའི་གཏེར། །གངས་ཅན་ས་ཡི་བདག་དེས་མགྲིན་བཟང་དུ། །སྔོན་མེད་བློ་གྲོས་འཁྲུངས་པའི་ཕྱག་རིས་ནི། །ཚངས་ཆེན་བྱེ་བས་རྣམ་པར་འཕྲུལ་མི་ཤེས། །སྐྱེ་དགུའི་བསོད་ནམས་རླབས་ཕྲེང་དགུང་ལ་འཕྱུར། །དཀོན་མཆོག་ཐུགས་རྗེའི་ཆུ་འཛིན་དབྱར་ལྟར་འཁྲིགས། །ཐུབ་བསྟན་ཉི་མ་སྒྲིབ་མེད་གསལ་འཆར་བ། །དང་པོའི་དུས་དེ་ད་རུང་ཚེས་གྱུར་ཅིག །འཐུག་པོ་བཀོད་པའི་ཞིང་སྐུའི་སྤྲིན་རྒྱ་མཚོ། །ས་ལ་མངོན་སུམ་འཕོས་འདྲའི་གཙུག་ལག་ཁང་། །འཁྲུལ་སྣང་འབྱུང་བའི་སྒྲིབ་སོགས་མ་གོས་པར། །ཞིང་འདིར་རྡོ་རྗེ་ལྟ་བུར་བཞུགས་སུ་གསོལ། །ཡིད་ཅན་ཇི་སྙེད་གང་ལ་དད་ཐོབ་ནས། །ཉམས་པ་གསོ་ཞིང་བཀུར་སྟི་དཔག་མེད་བཅས། །རྟག་བརྟན་འགྱུར་བ་མེད་བཞུགས་བཀའ་དྲིན་གྱི། །སྣང་བས་འཛམ་གླིང་
ཁྱོན་ཀུན་བརྒྱན་གྱུར་ཅིག །པདྨའི་མགོན་པོ་ལ་རབ་ཏུ་དད་པའི་འབངས་ཡོན་ཏན་རྒྱ་མཚོས་མཁན་སློབ་ཆོས་གསུམ་གྱི་ཕྱག་རྗེས་ཁྱད་པར་ཅན་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་དད་པའི་མིག་གིས་མཇལ་བའི་སྐལ་པ་བཟང་པོ་ཐོབ་པ་ན་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་པའོ། ཨ་ཧོ། །རྒྱལ་སྲས་འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་མཛོད། །ཤཱཀྱའི་གཙོ་བོས་ཐབས་ཀྱིས་བརྟོལ་བ་ལས། །དག་པའི་ཞིང་གི་དཔལ་ཡོན་བློས་བཏང་ནས། །རྙོགས་ལྡན་པྲེ་ཏའི་རྒྱལ་ཁམས་སྙེགས་པ་བཞིན། །བྱེ་རུའི་མདངས་འཛིན་ཨ་མི་ཏ་བྷའི་ཞལ། །ཀཱ་ཤིའི་ལ་ཐོད་གསར་པས་སྒྲིབ་བརྩོན་པ། །གངས་ཅན་མི་ཡི་ལྷ་གཅིག་སྲོང་བཙན་རྗེའི། །རྣམ་འཕྲུལ་ནམ་མཁའི་མཐའ་ནི་གཞལ་བར་དཀའ། །སྤྱོད་ལམ་བཞི་ལས་དོན་ཏུ་གཉེར་མེད་པ། །གདོང་དམར་ཡུལ་ལྗོངས་དགུན་དུས་ཕྱུགས་ཀྱི་ཁྱུར། །དཀོན་མཆོག་སྨན་གྱི་མྱུ་གུ་ཁ་འབུས་པའི། །དུས་ཀྱི་དང་པོ་གཡོ་རུའི་ལྗོངས་སུ་བྱུང་། །གཞན་དོན་ཐུགས་རྗེ་རྟག་ཏུ་སྐུལ་མཛད་པ། །འཕགས་པའི་ཞལ་ངོ་བསྐྱུང་བར་མ་བཟོད་པས། །རིགས་ལྔ་ཉེ་བའི་སྲས་བརྒྱད་རྗེ་བཙུན་མ། །གཟུགས་བརྙན་ཟོལ་གྱིས་གནས་མལ་འཆའ་བའི་གནས། །ཁྲ་འབྲུག་ཅེས་གྲགས་སྤྲུལ་པའི་གཙུག་ལག་ཁང་། །ནོར་བུའི་འོད་རྣོན་འཕྲོ་བའི་ལྷུན་པོ་བཞིན། །མཆོད་སྡོང་རྩེ་མོ་ལྔ་པས་ཟུར་ནས་བརྒྱན། །འོད་སྟོང་བདག་པོའི་རྣ་ཆས་
སྒེག་པ་བཞིན། །གནའ་དུས་བཞེངས་པའི་རྟེན་མཆོག་དུ་མ་ཡིས། །ཕྱོགས་མཚམས་རབ་བསྐོར་གསེར་རིའི་ཕྲེང་བ་འདྲ། །དཔལ་འབྱོར་མུ་ཏིག་ལྦུ་བའི་འཛུམ་དཀར་ཅན། །ཁྱིམ་དང་ཁྱིམ་བདག་རོལ་མཚོར་ལྷུན་གྱིས་གྲུབ། །ཚོགས་བསྒྲུབས་པའི་རྟེན་གྱིས་མཐའ་དབུས་གང་། །རང་བྱུང་རྟེན་མཆོག་འདི་དང་མཚུངས་པ་མེད། །འབྲས་ལྡན་ལྗོན་པའི་སྐྱེད་ཚལ་འབད་པས་གྲུབ། །ཡོངས་འདུས་འཁྲི་ཤིང་བསོད་ནམས་ཤུགས་ལས་བྱུང་། །འདྲེན་བྱེད་སྟོང་གིས་བཙལ་ཀྱང་འདི་མཚུངས་རྟེན། །མ་རྙེད་བརྒྱ་བྱིན་ཉེ་དབང་གཡོག་དང་བཅས། །ཉིན་རེར་ལྷ་རྫས་དུ་མས་མཆོད་འདྲ་བ། །འདིར་ནི་སྐྱེ་དགུ་ཐམས་ཅད་འདུད་གྱུར་ཅིག །འབྱོར་ལྡན་ཁྱིམ་བདག་རྣམས་ཀྱིས་ཟང་ཟིང་དང་། །བློ་ལྡན་སྡེ་གཉིས་བཤད་དང་སྒྲུབ་པས་ཏེ། །བཀུར་སྟི་མཆོད་པའི་ཁྱད་པར་དཔག་མེད་བཅས། །བྱམས་ཆེན་འཚང་རྒྱའི་བར་དུ་རྟག་བཞུགས་གསོལ། །ཅེས་པའང་གཡོ་རུ་ཁྲ་འབྲུག་བྱམས་པ་མི་འགྱུར་ལྷུན་གྱིས་གྲུབ་པའི་རྟེན་དང་བརྟེན་པར་བཅས་པ་ལེགས་བྱས་ཀྱི་མིག་གིས་མཇལ་བའི་སྐབས་རྙེད་པ་ན་ཆེད་དུ་བརྗོད་པ་སྟེ། །ཡོན་ཏན་རྒྱ་མཚོས་ཞར་བྱུང་སུག་རྗེས་ཀྱི་སྲིན་རིས་སོ།། །།བསོད་ནམས་བྱེ་བ་ལས་བྱས་རིན་ཐང་ཅན། །གནག་སྣུམ་དབུ་སྐྲ་ལྕང་ལོ་པུང་པའི་མདོག །ལན་བུའི་རྩེ་ལ་དར་ཆེན་ཡུག་བཏགས་ཏེ། །སྡེ་གཉིས་ཞབས་ནས་བཀུར་བའི་ཁྲི་རལ་རྗེ། །རྣམ་པར་
དཀར་བའི་སྙིང་སྟོབས་རྦ་རླབས་ནི། །སྲིད་རྩེར་འཆེལ་བའི་ཆོས་སྲུང་ཕྲིན་ལས་ཀྱིས། །གསང་བའི་བདག་པོ་མི་ཡི་བརྫུ་བག་གི། །ཟོལ་གྱིས་སྦེད་པའི་ཆོ་ག་སྒྲིབ་པར་བྱེད། །ཡིད་སྲུབ་དུག་གི་ཆུས་མྱོས་དར་མའི་མགོར། །དཔལ་གྱི་རྡོ་རྗེའི་མདའ་ཡི་ཐོག་ལྷུངས་ཏེ། །བསྟན་པའི་ཉི་མ་སྒྲིབ་བྲལ་གསལ་བ་ཡི། །ཕྲིན་ལས་རྒྱུན་འདི་ནམ་ཡང་མི་ཐུབ་ཤོག །ལྷ་སོགས་ཡིད་དབང་དབང་མེད་འགུགས་པའི་གླུ། །དམ་པ་རྣམས་ཀྱི་རྣམ་ཐར་འདྲ་བ་མེད། །དེ་ལས་མེས་དབོན་བྱུང་བ་དྲི་ཟའི་དབྱངས། །ས་གསུམ་རྣ་བར་ཡུན་རིང་བསྒྲག་གྱུར་ཅིག །ཅེས་པའང་ཆོས་ཀྱི་རྒྱལ་པོ་ཁྲི་རལ་པ་ཅན་གྱི་ཕྱག་རྗེས་ནམ་མཁའི་ཁྱོན་ཁེབས་པའི་སྤྲིན་དབྱིངས་སུ་ཞི་བའི་ཆ། འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་ཉམས་པ་གསོས་པའི་རྟེན་གཙོ་གངས་ཅན་མཚོ་རྒྱལ་བྱིན་རླབས་ཀྱི་གཟི་འོད་འབར་བའི་ཁྲི་དྲུང་དུ། བློ་གྲོས་མཐའ་ཡས་པའི་སྡེས་ཆེད་དུ་བརྗོད་པ་ཤུབྷཾ། །ཟུར་མཁར་རྡོའི་མཆོད་རྟེན་གྱི་རྟོགས་པ་བརྗོད་པ་ངོ་མཚར་རླབས་ཕྲེང་ཞེས་བྱ་བ། ཨ་ཧོ། འཕགས་པའི་ཡུལ་ནས་སངས་རྒྱས་གཉིས་པ་བྱོན། །བོད་ཡུལ་འཇམ་དཔལ་སྤྲུལ་པའི་རྒྱལ་བས་བསུས། །མཆོད་ཡོན་ཉི་ཟླ་ཐོག་མར་ཞལ་འཛོམ་པ། །དབུས་ཀྱི་མཆོད་སྡོང་པདྨས་བརྒྱན་པ་ནི། །རྣམ་ཐར་སྒོ་མོ་གསུམ་གྱི་བང་རིམ་མཐོ། །གཞན་བཞི་ཐབས་དང་ཤེས་རབ་སྟེགས་བུ་ལ། །ཆོས་སྐུའི་ཕོ་བྲང་བུམ་པ་ཟླུམ་པོས་བརྒྱན། །ཐུགས་རྗེ་ཚད་མེད་
བྲེ་ཕུལ་གྱིས་བཏེགས་པོའི། །བྱང་ཆུབ་ཡན་ལག་བདུན་ལྡན་ཆོས་འཁོར་སྟེང་། །འཕགས་ལམ་ཡན་ལག་ཡངས་པའི་གདུགས་མཆོག་ཕུབ། །སྐུ་གཉིས་རང་གསལ་ཉི་ཟླ་བརྩེགས་པ་ལ། །ཆོས་སྐུ་ལྷུན་གྲུབ་ཡིད་བཞིན་ནོར་བུས་བརྒྱན། །ཕྱི་ལྟར་ངོ་མཚར་རྡོ་ཡི་མཆོད་རྟེན་ལྔ། །ནད་ལྟར་རྡོ་རྗེ་དབྱིངས་ཀྱི་གཞབ་མེད་ཁང་། །གསང་བ་རང་བྱུང་སྐུ་ལྔའི་ཕོ་བྲང་ཆེ། །ཆོས་ནོར་ཟབ་པའི་གཏེར་ཁ་དུ་མས་བརྒྱན། །མཐོང་བ་ཙམ་གྱིས་ངན་སོང་སྒོ་ཁེགས་ཤིང་། །དད་ཅིང་མོས་པས་དམ་ཚིག་ཉམས་ཆགས་འབྱངས། །འབྲེལ་ཚད་དོན་དང་ལྡན་པའི་རྟེན་མཆོག་ལ། །བདག་གིས་འགྲོ་ཀུན་དོན་ཏུ་ཕྱག་བགྱི་ཞིང་། །མཆོད་པས་རབ་མཆོད་ཉམས་ཆགས་སྡིག་ཀུན་བཤགས། །སེམས་ཅན་དོན་ཏུ་འཁོར་བ་མ་སྟོངས་བར། །འགྲོ་བ་འདྲེན་ཅིང་བཞུགས་པར་གསོལ་བ་འདེབས། །བདག་གིས་འདྲེལ་བཅས་སྡིག་ལྟུང་རབ་སྦྱངས་ནས། །མི་གནས་བྱང་ཆུབ་ཆེན་པོའི་གོ་འཕང་ལ། །བདེ་བླག་འདྲེན་པར་ནུས་པ་བྱིན་གྱིས་རློབས། །ཅེས་པ་འདི་ཟུང་མཁར་ངོ་མཚང་རྡོ་ཡི་མཆོད་རྟེན་དུ་ཡང་དག་ཐུགས་ཀྱི་ཐིག་ལེའི་ཚོགས་མཆོད་ཕུལ་བའི་རྗེས་འབྲེལ་དུ་བློ་གྲོས་མཐའ་ཡས་ཀྱིས་བྲིས་ལ་དགེ་ལེགས་འཕེལ། །གུང་ཐང་གཙུག་ལག་ཁང་གི་རྟོགས་པ་བརྗོད་པ་རྣམ་འཐུལ་ར་བསྙན་ཅེས་བྱ་བ། །མཁའ་ཁྱབ་འོད་གསལ་ཕྱག་རྒྱ་ཆེན་པོའི་ཞིང་། །རྡོ་རྗེ་འཆང་གི་རྒྱལ་ཚབ་གཅིག་གྱུར་པ། །འགྲོ་བའི་མགོན་པོ་བརྩོན་འགྲུས་
གྲགས་པར་བདུད། །བུང་ཐང་ཆོས་ཀྱི་རྒྱལ་ཁབ་ཆེན་པོ་ན། །གྲུབ་པའི་དབང་ཕྱུག་བདེ་བའི་རྡོ་རྗེ་སོགས། །སྐུ་གཅིག་མཚན་བརྒྱད་སྤྲུལ་པའི་ཆོ་འཕྲུལ་གྱིས། །སྲིད་གསུམ་འགྲོ་བ་འདུལ་ལ་ཕྱག་འཚལ་བསྟོད། །གུ་རུ་མཚན་བརྒྱད་ཞང་གི་སྐུ་མཆོག་བརྒྱད། །ཀརྨ་རབས་བརྒྱད་དབྱིངས་གཅིག་མཁའ་འདྲ་ཡང་། །རྣམ་པ་ཐ་དད་མཛད་པའི་རོལ་མོ་ནི། །འཇིག་རྟེན་ཀུན་ཏུ་སྙན་པར་གྲགས་ལ་འདུད། །ཡེ་ཤེས་སེམས་དཔའ་མངོན་སུམ་བཞུགས་པའི་རྟེན། །བྱིན་རླབས་གཟི་ལྡན་གུང་ཐང་གཙུག་ལག་ཁང་། །མཐོང་ཐོས་དྲན་རེག་སྐལ་ལྡན་ཇི་སྙེད་པར། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ་ལ་འདུད། །དྲི་གཙང་ཁང་དུ་བཀྲ་ཤིས་དཔལ་འབར་ཞེས། །འཛམ་གླིང་ཀུན་ཏུ་གྲགས་པའི་ཐུབ་ཆེན་སྐུ། །རྒྱལ་དང་བྱང་སེམས་རྟ་མགྲིན་མི་གཡོ་བས། །ཕྱག་བརྙན་བགེགས་ཚོགས་འདུལ་བའི་རིམ་གྲོ་མཛད། །གཡས་ཀྱི་དང་པོར་འགྲོ་མགོན་སྐྱེ་མེད་ཞང་། །མངོན་སུམ་བཞུགས་མཚུངས་སྣང་བརྙན་གཡས་ གཡོན་ཏུ། །རྩ་བརྒྱུད་བླ་མ་ཐུགས་ཀྱི་སྲས་མཆེད་སོགས། །བཀའ་བརྒྱུད་གསེར་གྱི་ཕྲེང་བ་ཚར་དུ ་དངར། །གཉིས་པར་མགོན་པོ་ཚེ་དཔག་མེད་པའི་འཁོར། །སངས་རྒྱས་ཚོགས་དང་རྒྱལ་བའི་བསྟན་པ་འཛིན། །བཀའ་བསྟན་གླེགས་བམ་ཟུར་ཤཱཀྱ་ཡེ་ཤེས། དང་མ་གཞོན་ནུ། ཆེན་ཆོས་དབྱིངས་རྗེའི། །ཆོས་སྐུའི་མཆོད་སྡོང་ལ་སོགས་རྨད་དུ་བྱུང་། །གསུམ་པར་རིན་ཆེན་མང་སྤྲུལ་རྒྱལ་པོ་ཆེ། །
འགྲོ་བའི་དབུལ་ཕོངས་སྐྱོབ་བྱེད་གསེར་གྱི་མདོག །གདོང་ལྔའི་ཁྲི་སྟེང་ཤིན་ཏུ་བརྗིད་ཆགས་ཤིང་། །བཀའ་སྡོང་མདུང་དམར་འཛིན་པའང་མདུན་ན་འཁོད། །གཡོན་གྱི་དང་པོར་འགྲོ་བའི་མགོན་པོ་ཡི། །ཐུགས་ལྗགས་སྤྱན་གསུམ་བཞུགས་པའི་ཆོས་སྐུའི་རྟེན། །སྒྲོལ་མ་མེ་རྡུགས་འཇིགས་བརྒྱད་སྐྱོབ་པའི་འཁོར། །ལི་ལས་གྲུབ་པའི་རྟེན་རྙིང་བྱིན་རླབས་འབར། །གཉིས་པར་དགའ་ལྡན་ལྷ་བརྒྱའི་མགོན་པོ་ལ། །གསང་འདུས་བདེ་མཆོག་རྡོ་རྗེ་འཇིགས་པར་བྱེད། །ཆགས་བྲལ་ཐུབ་པའི་ཚོགས་དང་དེ་ལས་གཞན། །གཙོ་ལ་ལྟ་བའི་འཁོར་ཚོགས་སྐུ་བརྙན་མང་། །བཞི་པ་བསིལ་བའི་ཚལ་མཚུངས་ཕོ་བྲང་ཆེར། །ཕྱག་བཞིས་མཚན་པའི་དཔལ་ལྡན་ནག་པོ་ཆེ། །དྲེལ་ཞོན་ལྷ་མོ་ལ་སོགས་དམག་དང་མེ། །འཇིགས་པས་མ་ཚུགས་བདུད་ལས་རྒྱལ་བར་བཞུགས། །ཡེ་ཤེས་མགོན་པོས་གདོང་ལྔའི་རྟན་སྤྲུལ་ནས། །འགྲོ་མགོན་ཙཱ་རིར་བཏེགས་ཤིང་སླར་ཕེབ་དུས། །དངོས་ཐིམ་མ་འོངས་རྒྱ་གར་ཐེག་འགྱུར་ཞེས། །རིམ་པར་འགུལ་བའི་རྡོ་ཡི་སེང་གེ་དང་། །ཚད་མེད་བཞི་སྟེང་བུམ་པ་ཟླུམ་པོ་ལ། །བྲེ་ཡི་ལྷ་ཁང་ཆོས་འཁོར་གདུགས་ལ་སོགས། །ཛམྦུའི་གསེར་གྱིས་སྤྲས་པའི་འབུམ་མོ་ཆེ། །མཆོད་སྡོང་གདན་པས་མདུན་ནས་ཕྲེང་བར་བསྟར། །དྭགས་སྒོམ་ཚུལ་ཁྲིམས་སྙིང་པོས་བཀའ་གནང་ཞིང་། །མ་གཅིག་དཔལ་གྱི་ལྷ་མོས་ལུང་བསྟན་ཏེ། །ལྷ་སའི་གཙུག་ལག་ཁང་གི་ཞབས་
ཏོག་ཏུ། །རྟེན་དང་བརྟེན་པར་བཅས་འདི་བསྐྲུན་པར་མཛད། །སྔོན་ཚེ་གྲུབ་པ་ཡོངས་ཀྱི་རྒྱལ་པོ་དེས། །གནས་མཆོག་འདི་རུ་ཆོ་འཕྲུལ་མཐའ་ཡས་བསྟན། །འགྲོ་ཀུན་ཆོས་དབྱིངས་ཕྱག་རྒྱ་ཆེན་པོར་བསྒྲལ། །གྲགས་པའི་བ་དན་སྲིད་པའི་རྩེ་མོར་བསྒྲེངས། །དེང་སང་རྟན་དང་གཏམ་གྱི་ཆ་ཤས་ཙམ། །ཡིད་ལ་གདུང་བསྐྱེད་བྱེད་འདི་མཐོང་བས། །དྲེད་པོ་ཆོས་རྡུགས་བློ་སྣ་བསྟུངས་བ་ཡི། །མི་རྟག་མཐའ་བཞིའི་ཆོ་འཕྲུལ་སྟོན་ཏམ་སྙམ། །ཁྱོད་ཀྱི་གསང་གསུམ་ཆོས་དབྱིངས་ནམ་མཁའ་དང་། །སྙོམས་ཞུགས་མཛད་པའི་ཕྲིན་ལས་རྒྱུན་གྱིས་རྟག །གདུལ་བྱའི་མཚན་འཛིན་དྲི་མས་མི་སྒྲིབ་པར། །བསྟན་པའི་མེ་རོ་དགུང་དུ་སྦར་དུ་གསོལ། །རྟོགས་གྲོལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང་། །མཁའ་མཉམ་འགྲོ་བའི་སྐྱོབ་པ་མཆོག་གྱུར་པར། །གསོལ་བ་བཏབ་པའི་འབྲས་བུ་མི་བསླུ་བ། །མྱུར་དུ་ཐོབ་ནས་ཁྱོད་དང་མཚུངས་པར་ཤོག །ཅེས་པ་ནི་གུང་ཐང་གི་གཙུག་ལག་ཁང་དད་པས་མཇལ་བའི་སྐབས་རྙེད་པ་ན་དྲན་གསོས་དང་ཆབ་གཅིག་ཀུ་སཱ་ལི་བློ་གྲོས་མཐའ་ཡས་ཀྱིས་ཤར་མར་བྲིས་པ་དགེ། ཨ་ཧོ། །གང་དུ་བསོད་ནམས་དུས་ཀྱི་དབྱར་ཚེས་ནས། །བཀའ་བརྒྱུད་གྲུབ་པའི་ཆུ་ཀླུང་འབབ་རྩོམ་པ། །ངོ་ཚ་དགའ་བ་རྒྱས་པའི་མ་དྲོས་པ། །མཚུར་ཕུ་ཞེས་གྲགས་རིན་ཆེན་འབྱུང་གནས་འཁྱིལ། །བཅོམ་ལྡན་སེང་གེ་བྱང་ཆུབ་སྤྱོད་པའི་ཞིང་། །འཇིག་རྟེན་དབང་ཕྱུག་སྙིང་རྗེས་རྩེ་བའི་གནས། །
མཆོད་པས་ལག་བྲེལ་སིང་གསུམ་སྐྱེ་དགུའི་མགྲོན། །འགུགས་བྱེད་པདྨའི་ལྕགས་ཀྱུ་གཉེན་ལྕུགས་ཅན། །ཞིང་སྔགས་ལྷན་ཅིག་སྐྱེས་གྲུབ་ཕོ་ཉ་མོས། །འདུ་བར་བོས་པའི་དཔའ་བོ་གྲུབ་རྣམས་ཀྱི། །འཁོར་ལོ་སྡོམ་མཛད་བཅོམ་ལྡན་རྟག་རོལ་པ། །མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ་སྙིང་པོའི་སྤོར། །གངས་ཅན་མགོན་པོ་རྒྱལ་བའི་སྲས་བཅས་ཀྱིས། །སྲིད་པའི་རྒྱ་མཚོ་དོང་ནས་སྤྲུགས་པ་དང་། །དྲི་མེད་འཁོར་ལོ་གསུམ་གྱིས་ཐུབ་བསྟན་ལ། །རླབས་ཆེན་སྲི་ཞུ་ཡུན་རིང་མཛད་པའི་གནས། །རྟག་ཆགས་གངས་རི་ག་བུར་དད་པས་བགོས། །ལྷུན་སྟུག་ས་འཛིན་སྤོས་ཀྱི་ནགས་ཚལ་འཁྲིགས། །སྔོ་སངས་བྲག་རི་རང་བྱུང་རྟེན་གྱིས་གཏམས། །སྐལ་དམན་སྐྱི་གཡའ་སྐལ་ལྡན་ཉམས་རྟོགས་སྤེལ། །ལྷར་བཅས་འཇིག་རྟེན་གསུམ་གྱི་རྣ་ལམ་དུ། །ཡོངས་སུ་གྲགས་པའི་མི་མཆོག་སེང་གེ་རྣམས། །མཆོག་གི་བདུད་རྩི་གསོལ་བའི་གཞལ་མེད་ཁང་། །མ་བཅོས་བྲག་གི་ཕུག་པ་ཡིད་དུ་འོང་། །མདའ་བསྣུན་གཉིས་པ་ཆོས་ཀྱི་བླ་མ་ཡིས། །ངོ་མཚར་རྫུ་འཕྲུལ་རྣམ་པར་རྩེ་བའི་གར། །མཐོང་གྲོལ་ཐུབ་ཆེན་འཛམ་གླིང་རྒྱན་གཅིག་སོགས། །རྟེན་གྱིས་གཏམས་པའི་གཙུག་ལག་ཁང་ཆེན་འཕགས། །དེ་ན་དུས་གསུམ་གཤེགས་པས་མངའ་གསོལ་ཞིང་། །རྒྱལ་སྲས་བྱེ་བའི་གཙུག་གི་ནོར་བུ་ནི། །འཇིག་རྟེན་གསུམ་གྱི་རྣམ་འདྲེན་ཀརྨ་པ། །གསང་གསུམ་ཉི་མའི་དཀྱིལ་འཁོར་
ལྷམ་མེར་གསལ། །དེ་ཡི་སྣང་བས་བགོས་པའི་རྒྱུ་མི་རྒྱུ། །ཉིན་མོང་གྱུར་པའི་དངོས་པོའི་བྱེ་བྲག་བཞིན། །ལྟ་ན་མཛེས་ཤིང་བླང་དོར་ཕྱེད་པ་དང་། །བློ་གྲོས་གོམས་སྟབས་བསོད་ནམས་གནས་ལ་འཆོལ། །ཁྱོད་ཞལ་ལྟ་ལ་དད་པས་རིངས་པ་ཡི། །སྐད་རིགས་མི་གཅིག་སྐྱེ་བོ་གྲངས་མེད་པ། །སྐད་ཅིག་རེ་རེར་སྨིན་པར་མཛད་པའི་མཁའ། །བློ་ཆེན་རླབས་ཀྱིས་གཞལ་ཡང་མཐའ་མི་རྙེད། །རྒྱལ་བ་ཁྱོད་སྐུས་བཟུང་ན་གནས་འདི་ཙམ། །མ་ཟད་གངས་ཅན་གྲུ་འཛིན་དཔལ་ལ་སྙེགས། །དེ་བས་ཁྱོད་ཞབས་བསྐལ་བརྒྱར་བརྟན་པ་དང་། །བསྟན་པའི་ཉི་མས་གླིང་བཞིའི་མུན་སེལ་ཤོག །བཀའ་བརྒྱུད་ཆུ་ཀླུང་འབབས་པའི་གཞི། །འོག་མིན་མཚུར་ཕུའི་གནས་མཆོག་རྟེན་དང་བརྟེན་པར་བཅས་པ་ལ་ཆེད་དུ་བརྗོད་པ་འདིའང་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་སོ། །ཨེ་མ། །བསིལ་ལྡན་འདུས་པའི་སྡེ་ཀུན་མཛེས་པའི་རྒྱན། །མདོ་སྔགས་བསྟན་པའི་སྙིང་པོ་གནས་པའི་གཞི། །གཟུང་གནས་བློ་ལྡན་ཡོངས་ཀྱིས་དཔེར་འོས་པ། །ཨོ་རྒྱན་སྨིན་གྲོལ་གླིང་ཞེས་སྲིད་ན་གྲགས། །གསང་བདག་ཆོས་ཀྱི་རྒྱལ་པོ་མཆེད་བཅས་ཀྱི། །རྣམ་དཔྱོད་གསེར་གྱི་པདྨོ་འཛུམ་པའི་དཔལ། །ངེས་དོན་ལྷ་ཡི་དགའ་ཚལ་རྒྱས་པ་འདིར། །དཔྱོད་ལྡན་ཡིད་ཀྱི་གདུང་བ་ངལ་སོས་སོ། །ལྟར་སྣང་འབྱོར་པ་རྒྱས་པའི་བསྟི་གནས་སུ། །རང་སྣང་འབྲིད་པའི་ཟང་ཟིང་བཀོད་ལེགས་བཅས། །ཆོས་བརྒྱད་
བུན་ལོང་གཡོ་བའི་གྲོང་མོ་ཆེ། །དབེན་པའི་མིང་གིས་བསྔགས་ལས་ཁྱད་འཕགས་པ། །ཉེས་པར་སྤྱོད་དང་ཁྱིམ་པའི་རྟགས་འཆང་བའི། །རྭ་ཅན་ཕྱུགས་དང་ཡུད་ཙམ་འདྲེར་མེད་ཅིང་། །སྤང་དང་ཀློག་པའི་ལང་ཚོ་དར་བབ་པ། །ཚངས་སྤྱོད་ཅང་ཤེས་ཁྱུ་ཚོགས་གཡས་སུ་འདུ། །ཐུབ་མཆོག་མཚན་དཔེའི་ཉི་མས་བརྒྱན་པ་ཡི། །ཀུན་དགའ་ར་བ་རྒྱལ་བྱེད་ཚལ་གཉིས་པར། །དགེ་འདུན་དེ་དག་ལས་ཀྱི་ཆོ་གེ་ལ། །པདྨའི་རྫིང་བུར་ངང་པའི་ཁྱུ་བཞིན་རོལ། །གཡོན་ཕྱོགས་རྡོ་རྗེ་བཀོད་པའི་གཞལ་མེད་ཁང་། །ཆོས་འཁོར་ལྷུན་པོར་ཞེས་གྲགས་སེང་གེའི་ཁྲིར། །རིག་འཛིན་རྒྱལ་པོ་སྨྱོས་སྟོན་རྡོ་རྗེ་འཛིན། །གོས་དཀར་ལྕང་ལོའི་ཕྲེང་བས་སྒེག་པ་ཅན། །གྲུབ་པ་ལྷ་དང་ཌཱ་ཀིའི་ཁྲོམ་ཚོགས་ཤིང་། །རྡོ་རྗེའི་ཆོས་སྒྲས་ཞིང་བརྒྱ་མངོན་པར་གཡོ། །ཟག་མེད་བདེ་ཆེན་རོལ་པའི་ཏིང་འཛིན་གྱིས། །འཁོར་འདས་བརྟན་གཡོ་མ་ལུས་བྱིན་གྱིས་རློབ། །དེ་དབུས་ཨོ་རྒྱན་དྷརྨ་གཉྫ་གཞན། །གསང་སྔགས་འབྱུང་གནས་གསང་སྔགས་ཕོ་བྲང་དུ། །ཉིན་རེར་དུས་དྲུག་རྣལ་འབྱོར་འདུ་བ་དང་། །དུས་སུ་གསང་ཆེན་སྒྲུབ་པའི་རྒྱལ་མཚན་སྒྲེང་། །བཀའ་གཏེར་ཚོམ་བུའི་ཚོགས་སུ་འདུས་པ་དག །སྤྱོད་ལམ་མཐུན་པ་ལྷ་ཡི་གར་མཁན་བཞིན། །དགོངས་པ་གཡོ་མེད་རྒྱ་མཚོ་ཆེན་པོའི་མཇིངས། །བྱིན་རླབས་གཟི་བརྗིད་སྐལ་ལྡན་བློ་ངོར་ཆགས། །བོད་ཡུལ་མཐའ་དབུས་བདེ་སྐྱིད་སྤེལ་བའི་
བཙས། །འབྲེལ་ཚད་པདྨོ་ཅན་ཏུ་ལུང་བསྟན་པ། །རྣམ་པར་རྒྱལ་བའི་མཆོད་སྡོང་ལ་སོགས་པ། །ཕུན་ཚོགས་དཔལ་ཡོན་ནོར་བུའི་གླིང་བཞིན་ཚོགས། །གངས་ལྗོངས་རྣམ་གནོན་ཚུལ་གྱི་ཆོས་འཁོར་འདིར། །དུ་རུཥྐ་ཡི་སྣ་འདྲེན་སྡིག་ཏོ་ཅན། །ད་དུང་དེ་དག་མིང་ཡང་མི་གནས་ཤིང་། །སྤྲིན་བྲལ་ཉི་མས་འཇིག་རྟེན་སྣང་བྱེད་ཤོག །རིན་ཆེན་ཉི་མའི་སྙིང་པོ་འདི་ཇི་སྲིད། །སྔ་འགྱུར་ཆོས་ཀྱི་རྒྱ་མཚོ་མི་བསྐམས་པས། །གནས་མིན་འབྱོར་པའི་ཤེ་མོང་ལྡན་རྣམས་ཀྱང་། །གང་འདིའི་གཟི་བརྗིད་སྐྱེད་པའི་མཐུ་ཐོབ་ཤོག །འདི་བསྟན་སྲུང་དང་གོང་དུ་སྤེལ་དེ་དག །འཆི་མེད་སློབ་དཔོན་རྣམ་གསུམ་གཅེས་པའི་སྲས། །ཡེ་ཤེས་གཟིགས་པས་ནམ་ཡང་འདོར་མིན་ཕྱིར། །རིས་བྲལ་ཆེ་དགུས་འདི་བསྟན་འཛིན་གྱུར་ཅིག །གངས་རིའི་ཁྲོད་ཀྱི་པདྨ་འོད་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོར། ལས་འཕྲོ་བཟང་པོའི་གོམས་སྟབས་ཤུགས་འབྱུང་དུ་འཆེལ་ཏེ་སྟན་ཆགས་པ་ན། །དགའ་བ་དང་སྐྱོ་བའི་ཉམས་ཟུང་དུ་འབྲེལ་བ་ལས་སྐྱེས་པའི་ཆེད་དུ་བརྗོད་པ་འདིའང་ཡོན་ཏན་རྒྱ་མཚོར་བློ་གྲོས་མཐའ་ཡས་པའི་རླབས་གཡོས་པ་ལས་སོ། ཨ་ཧོ། །ཡར་རྒྱབ་ས་ཡི་དབང་ཕྱུག་དཔལ་འབྱོར་མཚོ། །བསོད་ནམས་རྣམ་གཉིས་བསོད་ནམས་བློ་གྲོས་ཀྱིས། །བསྲུབས་སྐྱེས་ནོར་བུའི་རང་བཞིན་མནྡཱ་ར། །དཔལ་ལྡན་འབྲས་སྤུངས་མཆོད་སྡོང་ས་འདིར་བྱུང་། །ངག་གི་དབང་ཕྱུག་བྱམས་པ་གླིང་བའི་སྡེ། །སྙིང་སྟོབས་ཉིན་བྱེད་མཁའ་མཐར་ཆས་པ་ན།
ཁྲུས་ཁང་ལོ་ཙཱའི་བློ་གྲོས་སྐྱ་རེངས་ཀྱིས། །ལེགས་པར་བསུས་ལག་ངོ་མཚར་སྣང་བ་བརྡལ། །ཕྱི་རུ་བདེ་གཤེགས་མཆོད་སྡོང་བཀོད་ལེགས་ཤིང་། །གསེར་གཡུ་སྤེལ་མའི་ཐོག་ཕུབ་ཏོག་འོད་འབར། །ནང་དུ་མདོ་སྔགས་ལྷ་བརྒྱའི་གཞལ་མེད་ཁང་། །རི་དབང་ལྷུན་པོའི་ཁོང་གསེང་བརྟོལ་བ་འདྲ། །འོག་ཁང་ཁྱམས་དབུས་བྱམས་ཆེན་མི་ཕམ་མགོན། །ད་ལྟ་དགའ་ལྡན་གནམ་ནས་བབ་འདྲའི་ གཡོན། །རིན་ཆེན་ལས་གྲུབ་ནོར་བུ་དུ ་མའི་རྒྱན། །འཛམ་གླིང་ཕྱེད་ཀྱི་རིན་ཐང་ལོངས་པ་ཅན། །རྡོ་རྗེ་འཆང་ཆེན་ཟག་མེད་དགའ་སྐྱེད་འཁོར། །གནས་བརྟན་གཡོག་བཅས་གྲུབ་ཆེན་བརྒྱད་ཅུ་སོགས། །སྐལ་བཟང་ཚེ་ལོ་བརྒྱ་པའི་ལུས་ཀྱི་ཚད། །ཛམྦུའི་ཆུ་གསེར་ཤས་མཐུག་འོད་འབར་བ། །ལས་སྣ་ཚོགས་པས་བསྐྲུན་འདྲའི་ཤ་ཚུགས་ཅན། །དཔལ་གྱི་མགུར་ནས་ཆོས་ཀྱི་སྒྲ་འབྱུང་ན། །མི་ལས་འདས་པའི་སྐྱེ་མཆེད་ལྟར་མི་ངོམས། །བར་གྱི་གཞལ་ཡས་ཚད་མེད་བཞི་བརྩེགས་ནང་། །རིགས་གསུམ་རྣམ་སྣང་མངོན་བྱང་རྡོར་དབྱིངས་སོགས། །བྱ་སྤྱོད་རྣལ་འབྱོར་ལྷ་ཚོགས་ནམ་མཁའི་སྐར། །འབུར་དང་རི་མོ་ཟ་འོག་གུར་ཁྱིམ་བཀྲ། །བུམ་ནང་མཁའ་འགྲོ་དྲྭ་བ་སྡོམ་པ་དང་། །འཇིགས་མཛད་རྡོ་རྗེ་གཙོར་གྱུར་བླ་མེད་རྒྱུད། །ཐབས་ཤེས་ཀྱིས་ཕྱེ་རྡོ་རྗེའི་དཀྱིལ་འཁོར་ལ། །དྭངས་པའི་མཁའ་ལ་དབང་པོའི་གཞུ་རིས་བཞིན། །བྲེ་མཆོག་རྡོ་རྗེ་སེང་གེའི་ཁྲིར་འཛེགས་པ། །ཆོས་འཁོར་འོད་གསལ་རྣམ་ཀུན་མཆོག་
ལྡན་དབྱིངས། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་འཁོར་ལོའི་དབུས། །དང་པོའི་སངས་རྒྱས་རིགས་བརྒྱའི་མགོན་ཏུ་བཞུགས། །ད་སྟེང་སྡོམ་གསུམ་སྤྱི་དང་ཁྱད་པར་གྱི། །བརྒྱུད་པའི་བླ་མ་ནོར་བུའི་ཕྲེང་བ་རྣམས། །དངོས་སམ་གཟུགས་བརྙན་རྣམ་པར་འབྱེད་དཀའ་བ། །ཡེ་ཤེས་ཀློང་ནས་མཆོག་གི་བྱིན་རླབས་འབེབས། །ཡུངས་འབྲུ་ལྟ་བུའི་རིང་བསྲེལ་གྲངས་མེད་དང་། །རྒྱལ་བ་མཆོག་དབྱངས་གདུང་གི་དྭངས་མ་སོགས། །རིང་བསྲེལ་རྣམ་བཞིས་ཕྱུར་བུར་བཀང་བ་ཡི། །ཕྱི་རོལ་མཆོད་པའི་འཁོར་ས་བཀོད་རེ་ལེགས། །གངས་ཅན་མཛེས་པའི་རྒྱན་གྱུར་རྟེན་མཆོག་འདིར། །སྐྱེ་དགུ་ཀུན་ཀྱང་སྲི་ཞུའི་གནས་ལ་འདུན། །མུ་མཐའ་མེད་པའི་འགྲོ་བ་སྒྲོལ་བཞིན་ཏུ། །མི་ཉམས་རྡོ་རྗེ་ལྟ་བུར་འཚོ་གཞེས་གསོལ། །རིག་པའི་འབྱུང་གནས་གྲྭ་ནང་དགའ་བ་ཅན་ཏུ་ངག་གི་དབང་ཕྱུག་བྱམས་པ་གླིང་བ་བསོད་ནམས་རྣམ་པར་རྒྱལ་བའི་ཕྱག་རྗེས་ཁྱད་པར་ཅན་མཐོང་བ་ན། །དད་ཅིང་ངོ་མཚར་བའི་སེམས་ཀྱིས་མགྲིན་པའི་རྒྱུད་མངས་བཏེགས་ཏེ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ཆེད་དུ་བརྗོད་པའོ།། །དགེ་ལེགས་འཕེལ།། །།