བརྡ་སྤྲོད་གཞུང་ལུགས་ཀྱི་མཚན་གྱི་མངོན་བརྗོད་ཕྲེང་བ་བསྟར་བ་ལྷའི་རྔ་བོ་ཆེའི་སྒྲ་དབྱངས།
བརྡ་སྤྲོད་གཞུང་ལུགས་ཀྱི་མཚན་གྱི་མངོན་བརྗོད་ཕྲེང་བ་བསྟར་བ་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །
འཇིགས་མེད་སྨྲ་བའི་སེང་གེ་རྡོ་རྗེ་དབྱངས་ཅན་བཞད་པ་གཙུག་ལག་ཉི་མ་ཚངས་པའི་སྒྲ་དབྱངས་དོན་ཐམས་ཅད་གྲུབ་པའི་དཔལ། །
ཤིན་ཏུ་བརྟག་དཀའ་རྡོ་རྗེའི་ཚིག་ནི་རྣལ་འབྱོར་ས་ལ་བརླིང་། །མཚན་མའི་ཚིག་གི་ཆུ་གཏེར་ཟ་བ་སོ་སོར་རྟོག་པའི་མེ། །
། བྲི་གང་མེད་པར་ཡོན་ཏན་སྡུད་པའི་ངང་ཚུལ་ཟོལ་གྱིས་འདིར། །ཡེ་ཤེས་ཕུང་པོ་ཀརྨ་ཤོ་ཙེ་རྟག་ཏུ་རྒྱལ་གྱུར་ཅིག །
ཕྱོགས་ལས་རྣམ་པར་རྒྱལ་བའི་བཀའ་ལུང་གི། །སྤྲིང་ཡིག་ཡོངས་སུ་གྲུབ་པས་བཏབ་པ་ཡི། །འཇིག་རྟེན་གསུམ་འདི་དྲི་མས་མི་མཇེད་ཀྱང་། །སྒྲོན་མེའི་ཞིང་ཞེས་དོན་དང་ལྡན་པར་བྱས། ༢ །ཆོས་ཉིད་གཟིགས་པའི་ཤེས་རབ་ཇི་ལྟ་བ། །ཆོས་དབྱིངས་མུ་མཐའ་མེད་པའི་རྗེས་འགྲོ་ཕྱིར། །ཤེས་སོགས་འཛིན་པའི་ཁམས་ཀྱིས་བསྙད་པའི་ཆོས། །ཐམས་ཅད་མཁྱེན་པ་གདོད་ནས་བརྙེས་ལགས་གྲངས། །ཕན་པས་སྐྱོང་བ་མཐོ་རིས་དགའ་ཚལ་ན། །འོད་ཀྱི་ཐུར་མས་ཕྱེས་པའི་པདྨོ་བཞིན། །བློ་གསལ་ཚོགས་ཀྱི་བློ་གྲོས་གསོ་བའི་སླད། །གཟུངས་དང་རིག་པ་ཉི་མའི་དཔལ་ཡོན་བཟུང་། ༤ །ནོར་བུའི་རྐང་བཏེག་བཀྲ་བའི་གསེར་གྱི་ཁྲི། །རིན་ཆེན་མྱུ་གུ་གསར་བའི་འདབ་ལྡན་ལ། །གཡོ་མེད་སྙིང་རྗེའི་སྤྱན་རས་དཀྱུས་རིང་བས། །གཞོན་ནུའི་རྫུ་བག་སྲིད་པའི་མཐོང་བ་སྒྲུབ། ༥ །ཁྱོད་ཀྱི་གཟིགས་བ་དུ་མ་རོ་གཅིག་སྟེ། །ཤེས་རབ་རྡུལ་དང་བྲལ་བའི་མཐར་འཛེགས་ཀྱང་། །ཐུབ་པའི་བསྟན་ལ་མཛད་པ་བགྱི་སླད་དུ། །རྟོག་དང་གོམས་པས་རིག་པའི་མཐར་གཤེགས་མཛོད། ༦ །ཇི་ལྟར་བཞིན་གྱི་སྣོད་དུ་པྲ་ཕབ་པའི། །གཞན་མཆོག་སྡོམ་པས་ཕྲ་རབ་རྡུལ་གྱི་ཆོས། །ཕྱི་ནང་ཀུན་རྫོབ་དྲྭ་བ་སྡོམ་པ་ཡི། །འཕོ་མེད་གསུང་གི་འཁོར་ལོས་སྒྱུར་མོད་ཀྱི། ༧ །སྙིགས་ལྔ་མུན་པའི་ཁྲོད་དུ་
ཐུབ་བསྟན་གྱི། །སྒྲོན་མེ་གཅིག་བུ་དེ་ནི་ཁྱོད་མཆིས་པས། །གང་དེ་སྲིད་འདིར་ཡུན་རིང་བགྱི་བའི་སླད། །ད་དུང་གསུང་རབ་རྒྱ་མཚོས་ངོམས་མེད་མཛོད། ༨ །ཆོས་ལ་གོམས་དང་གཟུ་བོའི་བློར་གནས་པ། །མ་མཆིས་བརླང་པོར་སྤྱོད་པའི་སྦྲུལ་གདུག་གི། ཁ་རླངས་རབ་ཏུ་གཏིབ་པས་ཐུབ་བསྟན་གྱི། །སྒྲོན་མེ་མོག་པོར་གྱུར་པ་འདི་གཟིགས་ལ། ༩ །རྩོད་པའི་གནམ་ལྕགས་ལོག་ལྟའི་ཀླད་པར་ཕོབ། །འཆད་པ་ཉིན་མོར་བྱེད་པའི་སྣང་བ་སྦོར། །ལེགས་བཤད་རྩོམ་པའི་དབྱངས་ཀྱི་རྒྱུན་དག་གིས། །སྲིད་པའི་མཐའ་ཡི་བར་དུ་བསྐལ་བཟང་མཛོད། ༡༠ །མཆོག་བསྟན་རྩོད་པའི་དུག་ཅན་མར་བྱིང་བ། །ཉམ་ཆུང་སྲིན་བུའི་ནུས་པར་ཡིད་བརྟོན་ན། །ཐོགས་མེད་བླ་རུ་འདེགས་ལ་འགྲམ་སྐྱོང་གི། །ནུས་འཆང་ཁྱོད་ཀྱིས་བཏང་སྙོམས་མཛད་སྲིད་དམ། ༡༡ །སྙིང་སྟོབས་དཔག་པར་དཀའ་བའི་རྒྱལ་རྣམས་ཀྱི། །ཕྲིན་ལས་གོང་བུར་འདྲིལ་བ་པད་དཀར་འཆང་། །མཁྱེན་བརྩེས་གདུལ་དཀའ་འདུལ་བའི་ཐབས་མཁས་ཀྱིས། །བྱང་སེམས་གཞན་རྣམས་།ཐུགས་ཁྲལ་བསྐྱུང་བ་བཞིན། ༡༢ །གཞན་གྱིས་བསྟན་པ་གྲིས་པའི་མར་མེ་སྟེ། །ཁྱོད་གསུང་ལེགས་པའི་ལམ་སྟོན་མཆོག་ཡིན་ཕྱིར། །མཉམ་པར་བཞག་བཞིན་ཟབ་དང་རྒྱ་ཆེའི་ཆོས། །རྟག་ཏུ་འདོམས་ལ་ངལ་བ་མེད་པར་མཛོད། ༡༣ ཁ་བའི་ལྗོངས་
འདིར་ཀུན་མཁྱེན་ཀརྨ་པ། །ཁྱོད་ཉིད་ཡོད་པས་རྒྱལ་བསྟན་གནས་པར་གྱུར། །དེས་ནི་དགེ་བཅུའི་སྣང་བ་དེ་ཡིས་ཀྱང་། །སྐྱེ་དགུའི་ཕན་དང་བདེ་བའི་པད་ཚལ་རྒྱས། ༡༤ །དེ་བས་བསྟན་འགྲོའི་རྒུད་པས་ཐུགས་དྲངས་ཏེ། །ཐུགས་བསྐྱེད་གོ་ཆ་རྒྱལ་རྣམས་གཡར་ལམ་དུ། །བཞེས་པ་གང་དེ་སྐྱོང་བས་ལྷོད་མིན་པར། །བྱང་ཆུབ་སྤྱོད་པའི་ཕྲིན་ལས་མི་བརྟུལ་མཛོད། ༡༥ །སྲིད་པའི་ཆུ་གཏེར་ཕ་མཐའ་བྲལ་བ་ལས། །འགྲོ་བ་འདོན་པའི་བློ་གྲོས་རབ་འཕགས་པས། །སྙིང་སྟོབས་དར་ལ་བབ་པ་ཁྱོད་ཁོ་ན། །དེ་ཕྱིར་གཞན་ཕན་ཕྱིར་དུ་འཚོ་གཞེས་གསོལ། ༡༦ །རྫོགས་སངས་ཉིད་ཀྱང་སར་གནས་བརྟུལ་ཞུགས་ཀྱིས། །མི་སྐྱེའི་ཆོས་ལ་བཟོད་པ་བརྙེས་པ་ཡིས། །ཞི་བསིལ་ཆོས་ཀྱི་བདུད་རྩི་སྦྱིན་པའི་ཕྱིར། །འཇིགས་མེད་སྨྲ་བའི་སེང་གེ་ཞབས་བརྟན་གསོལ། ༡༧ །བཟུང་འཛིན་རྒྱུ་བ་སྤྲོས་བྲལ་དབུ་མར་ཐིམ། །ཕྱི་ནང་དུས་སྦྱོར་བདེན་དོན་རྣམ་པར་དག །ཤིན་ཏུ་སྦྱངས་པའི་དགའ་བས་རབ་མྱོས་ཕྱིར། །རྡོ་རྗེ་དབྱངས་ཅན་བཞད་པ་འཚོ་གཞེས་གསོལ། ༡༨ །རྣམ་དཔྱོད་འོད་ཀྱི་ཐིགས་པས་ལུགས་གཉིས་ཀྱི། །བློ་གྲོས་པདྨའི་རྫིང་བུ་གསོ་བ་ལ། །སྤོབས་པ་རི་བོའི་ཁོངས་ན་མཐོ་བའི་ཕྱིར། །གཙུག་ལག་ཆོས་ཀྱི་ཉི་མ་ཞབས་བརྟན་གསོལ། ༡༩ །ཚར་གཅོད་
རྗེས་བཟུང་རིག་པའི་ཏམ་བུ་ར། །མཁྱེན་རབ་འབར་བའི་ཕྱག་གིས་བརྡུངས་པ་ན། །ཕྱོགས་བསླད་གྲུབ་མཐའི་ཁེངས་པ་རབ་བསྟུང་ཕྱིར། །ཚངས་པའི་སྒྲ་དབྱངས་ལེན་བཞིན་འཚོ་གཞེས་གསོལ། ༢༠ །བདག་ལ་མཚན་མ་ཞི་བའི་རོས་སིམས་ནས། །གཞན་ལ་ཕན་པ་ནོར་བུའི་གཏེར་དང་མཚུངས། །མཐའ་གཉིས་སྤངས་པ་ལེགས་པའི་དོན་ཐམས་ཅད། །ཡོངས་སུ་གྲུབ་པའི་དཔལ་དུ་ཞབས་བརྟན་གསོལ། ༢༡ །གང་གིས་ཚོར་ན་ཕྱོགས་བསླད་སྐྱེ་བོའི་བཞིན་རས་པདྨའི་ནགས་ཟུམ་ཞིང་། །གཟུར་གནས་བློ་ཡི་ཀུ་མུད་འབྱེད་ལ་ཟླ་བ་གཞོན་ནུའི་རྗེས་འགྲོ་བ། །མཆོད་པའི་ཚུལ་དུ་ལེགས་སྦྱར་རིན་ཆེན་དད་པས་འབུལ་བའི་དོན་མཐུན་བདག །རྟེན་ཅིང་འབྲེལ་ཕྱིར་སྙིང་པོའི་བར་དུ་བཀའ་དྲིན་མཆོག་གིས་སྐྱོང་བར་མཛོད། ༢༢ །འདི་ཡི་དགེ་བ་དཔལ་གྱི་དུམ་བུས་འཇིག་རྟེན་གྱི། །རྨོངས་པའི་རིམ་འཕྲོག་མཁྱེན་རབ་གསར་པའི་ལང་ཚོ་རྒྱས། །ཡང་སྲིད་ཀུན་ཏུ་བདག་དང་གཞན་གྱིས་ཐམས་ཅད་མཁྱེན། །ཀརྨ་པ་ཡི་རྣམ་ཐར་རྒྱ་མཚོ་གྲུབ་གྱུར་ཅིག ༢༣ །ཅེས་ཐམས་ཅད་མཁྱེན་པ་ཞྭ་ནག་གི་ཅོད་པན་ཅན་དཔལ་ཀརྨ་པ་ཆེན་པོས་གདུལ་བྱའི་སྣང་ངོར་ལེགས་པར་སྦྱར་བ། ཀ་ལཱ་པ་དང་། མཚོ་ལྡན་མ་དག་གི་གཞུང་དང་དཀའ་གནད་བཅས་ལ་གསན་གཟིགས་མཐར་ཕྱིན་པའི་ཚུལ་སྟོན་པར་མཛད་ཚེ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དང་ལྷག་བསམ་བདེན་པའི་
ཚིག་གིས་ཐུགས་རྗེ་བསྐུལ་བ་ཞབས་བརྟན་དང་བཅས་པ་འདི་ནི་ལྔ་རིག་ལ་ཅུང་ཟད་བློ་ཕྱོགས་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་རང་ལོ་ཉེར་དྲུག་པར་གུས་པས་བྲིས་ཏེ་གསོལ་བ་བཏབ་པའོ། །སརྦ་དཱ་ཀ་ལྱཱ་ཾ་བྷ་བནྟུ།། ༈ །།སྡེབ་སྦྱོར་དག་པའི་སྣང་བའོ།། ༈ །།།འཇམ་དཔལ་དགྱེས་པའི་བློ་གྲོས་འོ་མའི་མཚོ། །བསྲུབས་སྐྱེས་མཁྱེན་རབ་བདུད་རྩིའི་ལང་ཚོ་བཅས། །སྒྲ་དབྱངས་བརྗོད་པའི་མཁའ་ལ་ཅི་དགར་རྩེན། །སྨྲ་བའི་ཟླ་བ་གང་དེ་རྒྱལ་གྱུར་ཅིག །ཁྱོད་ཐུགས་རིག་པའི་ནོར་བུའི་འབྱུང་ཁུངས་ལ། །གཏིང་དང་རྙོགས་དང་ཕ་རོལ་མེད་བརྟགས་ན། །སྲིད་འདིར་ཟབ་པར་གྲགས་པའི་རླབས་ཕྲེང་ཅན། །གནག་རྗེས་ཆུ་ཐིགས་ཙམ་གྱི་རྗེས་སུ་འཆིང་། །བདག་ཉིད་ལེགས་པར་སྤྱད་པས་སྐྱེ་ཀུན་དང་། །ཆོས་རྗེས་བསམ་ན་མི་མ་ལགས་པའང་དུལ། །གང་ཁྱོད་ལེགས་པར་མཛད་དང་རབ་དུལ་བ། །དེ་སླད་བསྟན་འགྲོའི་མགོན་ཏུ་གྲུབ་པ་དང་། །ཡོན་ཏན་ཁོ་
ནའི་རྗེས་སུ་སོང་ཡང་ཡོན་ཏན་དེར་ཆགས་མིན། །མཁས་པའི་བླ་ན་མངོན་ཏུ་མཐོ་ཡང་མཁས་པར་བསྙེམས་པ་མིན། །བརྗོད་མེད་དེ་ཉིད་ཐུགས་སུ་ཆུད་ཀྱང་བརྗོད་པ་རབ་འབྱམས་ལ། །དབང་བསྒྱུར་མཚོ་བྱུང་མགྲིན་མཚོར་སྦས་པ་ཁོ་ན་ཡིན་མོད་ཀྱི། །ཆུ་ཀླུང་ཇི་སྙེད་རྒྱ་མཚོ་ཆར་འབབས་ཀྱང་། །བྲི་གང་མེད་ལས་ཟབ་པའི་རང་བཞིན་སྟོན། །འཕགས་རྣམས་ཤེར་བརྩོན་རྫོགས་ཀྱང་བསླབ་བྱ་ལ། །འཇུག་དེས་བྱང་ཆུབ་སེམས་དཔའི་གསང་བ་སྟོན། །དེ་ཕྱིར་གང་ཁྱོད་དབང་བསྒྱུར་ཆེན་པོ་ཡི། །སར་གནས་འཕགས་པ་ལགས་བཞིན་ཐོས་བསམ་དང་། །སྒོམ་པར་ཡང་འཇུག་བཟོད་དང་བརྩོན་པ་ཡི། །ཤིང་རྟས་རྒྱལ་བསྟན་ཉི་མ་འདྲེན་པར་རིགས། །མཁྱེན་པ་ཁོ་ནའི་གཏེར་དུ་གྱུར་ལགས་མོད། །ཉི་ཚེའི་སོམ་ཉིའི་ཆོམ་རྐུན་མདའ་ལྔ་པ། །རགས་པ་མ་ཡིན་ཕྲ་ཞིང་སྤྱོད་པའི་བློ། །རྣོ་ལྡན་མིག་གི་མེ་ལྕེས་གཞོམ་པ་དང་། །རིས་བྲལ་རྒྱལ་བསྟན་པུཎྜ་རཱི་ཀིའི་ཚལ། །རྒྱས་བྱེད་འཆད་རྩོད་རྩོམ་པའི་ཀོ་མུ་དཱི། །མཁྱེན་མཆོག་རལ་པའི་ཁྲོད་ནས་འགྱེད་པ་ལ། །ངལ་མེད་གཙུག་ན་ཟླ་བ་བཞིན་ཏུ་མཛོད། །བསོད་ནམས་བས་པར་བགྱིས་པ་སྙིགས་དུས་ཀྱི། །བརླང་པོར་སྤྱོད་ལ་སླར་ཡང་མཉེས་གཤིམས་པའི། །གསེར་དང་བོང་བར་མཉམ་པ་འཕགས་ཆེན་གྱི། །ཕན་པ་ལྷུར་མཛད་ཐུགས་
ལས་མི་འདའ་གསོལ། །ཆོ་ག་བཞིན་ཞུགས་གཙུག་ལག་རྒྱ་མཚོའི་བློ། །རེག་པ་གསར་པའི་བདུད་རྩིས་དོན་གཉེར་གྱི། །སྙིང་ལ་འཇིགས་པ་མེད་པའི་སྣང་བ་ཡི། །གོ་སྐབས་ཡངས་པོ་ཅི་དགར་སྦྱིན་པར་མཛོད། །སྐྱེ་འཇིག་མཚན་མ་དང་བྲལ་རྟག་བརྟན་ཆེའི། །རྡོ་རྗེའི་ཁྲི་འཕང་མཁའ་ལྟར་འཁྲིགས་པ་ན། །འགྱུར་མེད་གསང་གསུམ་ཐིག་ལེ་བདེ་ཆེན་ཏུ། །བསྡོམས་པའི་སྐྱིལ་ཀྲུང་གཅིག་ལས་འདའ་མ་གྱུར། །པདྨའི་མཚོ་ལ་ངང་པ་འདུ་བ་བཞིན། །མཁས་ཚུལ་ཉི་མ་འདྲེན་པ་བསྡུ་དངོས་ཀྱི། །འཆར་ཀའི་འོད་ལ་སྲིད་ཞིའི་ཕུན་ཚོགས་ཀུན། །མདུན་གྱིས་བལྟས་པའི་མཚར་སྡུག་རྫོགས་པར་གྱུར། །འདི་ནས་ཀུན་མཁྱེན་གཟིགས་པ་བརྙེས་ཀྱི་བར། །ཉི་དང་ཟེར་བཞིན་དམ་ཚིག་སྲད་བུས་འབྲེལ། །མདོར་ན་བཞེད་དོན་ལྷུན་གྱིས་གྲུབ་པ་ཡི། །བཀྲ་ཤིས་སྣང་བ་མཁའ་ཁྱབ་བདོ་གྱུར་ཅིག །ཅེས་པའང་ཐམས་ཅད་མཁྱེན་པ་ཀརྨ་ཏཱ་ཡི་སི་ཏུའི་ཕྲིན་ལས་ཕ་ཆེན་པོ། མཁྱེན་རབ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པ་རྗེ་དབོན་བསམ་གཏན་མཆོག་གི་སྤྲུལ་པའི་སྐུ་གང་ཉིད། སྒྲ་རིག་རྒྱ་མཚོར་ཤེར་བརྩོན་རྫོགས་སྐབས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དང་སྨོན་ཚིག་བཅས་རྗེ་ཏཱའི་སི་ཏུ་ཡབ་སྲས་ཀྱི་བཀའ་འབངས་ཐ་ཤལ་ཅུང་ཟད་ཐོས་པའི་ད་རི་དྲཱ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་རང་ལོ་ཉེར་གཅིག་པར་གུས་པས་ཕུལ་བ་སརྦ་ཐཱ་མངྒ་ལ་བྷ་བནྟུ། །
གཙུག་ལག་པདྨའི་ནགས་ཀླུང་དུ། །སྨྲ་བའི་ཉི་མའི་འོད་སྤྲོ་བ། །མཚོ་སྐྱེས་མགྲིན་པར་འཁྱུད་པ་ཡི། །གཞོན་ནུའི་ལང་ཚོ་ཅན་དེ་རྒྱལ། ༡ །རིང་ནས་གོམས་པའི་རྣམ་དཔྱོད་རིན་ཆེན་གྱི། །ལོགས་སུ་འཕོས་པ་གཙུག་ལག་གཟུགས་བརྙན་བརྒྱ། །སོ་སོར་རིག་པས་མཚོན་བྱའི་གཏིང་སླེབ་ཕྱིར། །སྲིད་པའི་ཁོངས་དུ་ཕུར་བུའི་སྙེམས་པ་འཆང་། ༢ །ཤིན་ཏུ་ཞི་བ་བདུད་རྩིའི་རླབས་འཐུང་སྟེ། །རྣམ་དག་ངག་གི་པདྨོ་རབ་དགོད་པས། །བརྗོད་ལ་འཇིགས་པ་མེད་པའི་སྤོབས་པ་གྲོལ། །ཤེས་བྱའི་གནས་ལ་སྨྲ་བའི་ཉི་མར་གྲུབ། ༣ །ཀུན་རྟོག་འཕོ་བ་འགག་པས་མགྲིན་པའི་རླུང་། །ནཱ་དའི་དབྱངས་སུ་བདག་བྱིན་བརླབས་གྱུར་གྲང་། །ཟླ་མེད་
ཆོས་སྒོ་གླེང་བའི་རྒྱལ་ཐབས་པར། །ངེས་པའི་ཆོ་ག་མཚོ་སྐྱེས་བླ་མས་བྱིན། ༤ །སྒྲིབ་གསུམ་སྤངས་པའི་དབེན་པས་མཐོང་ཕྱེ་ནས། །གཤིས་ཀྱི་མཁྱེན་པ་བརྒྱ་ཕྲག་སད་པའི་ཕྱིར། །འཇམ་དཔལ་གཞོན་ནུའི་ལང་ཚོ་རྫོགས་པར་ཡང་། །ངུར་སྨྲིག་བླ་གོས་གསར་པས་བསྒྲིབས་མིན་ནམ། ༥ །ཕྲ་བའི་གནད་ལ་ངེས་པས་བདེན་མཐོང་ཞིང་། །ཟབ་མོའི་ཆོས་ལ་མི་སྐྱེའི་བཟོད་ཐོབ་ཀྱང་། །ད་དུང་ཤེས་བྱར་རྟག་དང་གུས་པ་ཡིས། །འཇུག་དེ་རྒྱལ་སྲས་རྣམས་ཀྱི་ངང་ཚུལ་ལགས། ༦ །མཚན་ཉིད་དག་ཀྱང་མཚན་གཞིས་སྟོང་རྟོགས་ལ། །མཚོན་བྱ་ཉིད་ཀྱང་སྒྱུ་མའི་འཕྲུལ་འཁོར་ཙམ། །ཤེས་དང་ཤེས་བྱ་ཞི་བར་སིམས་པ་ཡི། །སྐྱེས་བུ་དེ་ལ་སྙེམས་པ་ག་ལ་ཡོད། ༧ །འཇིག་རྟེན་གྲགས་དོར་ན་ཡང་རྒྱུ་དང་འབྲས། །ལྟོས་ནས་གྲུབ་པས་བསྒོམ་ལ་ཐོས་པ་ཡང་། །དངོས་བརྒྱུད་དག་ལས་སྔོན་ཏུ་ཕྱིན་བགྱིད་པ། །སྲིད་ན་རྒྱལ་དང་མཚུངས་པའི་བཤེས་གཉེན་འགྱུར། ༨ །དེས་ན་ཕྱོགས་རེའི་གོ་བས་མཁས་པ་དང་། །ཅུང་ཟད་རྟོགས་པས་གྲུབ་པར་རློམས་པ་དང་། །ཟབ་མོའི་གནད་ལ་ཚད་མའི་ལུང་མེད་པར། །རྨོངས་བློས་ཤེས་པར་བཟོད་ཅེས་དེང་དུས་སྨྲ། ༩ །ལེགས་མཛད་ཤིང་རྟས་དྲངས་པའི་ཉིན་བྱེད་ཁྱོད། །བློ་ངན་རྫབ་བཞིན་དཀྲིག་པའི་མཁར་འཕགས་
ཏེ། །ལེགས་པར་སྤྱོད་དང་འཆད་པའི་འོད་སྣང་གིས། །མཐའ་ཡས་བློ་ཡི་པདྨོ་ཁ་འབྱེད་མཛོད། ༡༠ །བགྲུང་པར་འཚལ་ལོ་རྡུལ་གྱིས་རྙོགས་པའི་ཆབ། །རིན་ཆེན་རིགས་ལས་གཙང་བྱེད་དྭངས་པས་ཏེ། །ཐུབ་པའི་དམ་ཆོས་བླུན་པོས་བསླད་པ་ཡང་། །ཁྱོད་ཀྱི་ལུང་རྟོགས་མཁྱེན་པའི་དཔལ་གྱིས་སོ། ༡༡ །དངོས་ཀུན་འཇོ་བ་ནོར་བུའི་ཟ་མ་ཏོག །གསང་གསུམ་རྟག་པ་དམ་པར་འཚོ་གཞེས་ཕྱིར། །ངེས་པའི་ཆོ་ག་རྒྱལ་མཚན་ལ་བཀོད་ན། །སྙིང་སྟོབས་གྲུབ་པས་དེ་ནི་གཟུང་བར་མཛོད། ༡༢ །རྣམ་དཔྱོད་གསེར་གྱི་ཡུ་བས་བཏེགས་པ་ཡི། །ལུང་དང་རིག་པའི་གདུགས་དཀར་ཡངས་པ་ན། །བློ་ལྡན་འཁོར་ལོ་གཉིས་པ་ངལ་གསོས་པས། །རྒྱལ་བསྟན་རྒྱལ་བའི་རྔ་ཆེན་བརྡུང་གྱུར་ཅིག ༡༣ །ཅེས་པའང་སྐྱེས་སྦྱང་ཕུན་སུམ་ཚོགས་པས་སྤོབས་པ་ཟད་མི་ཤེས་པ་ལ་དབང་བསྒྱུར་བ། མཆོག་གི་སྤྲུལ་པའི་སྐུ་འཇིགས་མེད་མཁྱེན་བརྩེ་གང་ནས་བརྡ་སྤྲོད་ཙཱནྡྲའི་གཞུང་སོགས་ལ་གསན་བསམ་མཛད་པའི་ཚེ་ཀུན་བཤད་ཀྱི་མཚན་དང་འབྲེལ་བའི་སྨོན་ཚིག་ཏུ། ཟེ་ཆེན་པཎྜི་ཏའི་བཀའ་དྲིན་ལས་ལྔ་རིག་ཆ་ཙམ་སྨྲ་བར་རློམས་པ་ཡོན་ཏན་རྒྱ་མཚོ་ཞེས་བགྱི་བའི་ད་རི་དྲཱ་ཞིག་གིས་རང་ལོ་ཉེར་བདུན་པར་ཕུལ་བ་དགེ་ལེགས་འཕེལ།། ༈ །།སྡེབ་སྦྱོར་ཡི་གེ་དགུ་པའི་བྱེ་བྲག་ར་ན་སས་འཁོར་ཞིང་རྒྱུ་བ་ཧ་ལ་མུ་ཁཱི་སྟེ་གཤོལ་གདོང་ཅན་ནོ།། །།
འཇམ་མགོན་དཔལ་དང་ལྡན་པའི་ངག །གྲུབ་པའི་སྐྱེས་ཐོབ་བློ་གྲོས་ནི། །སྦྱོར་བྱུང་དབྱུངས་ཅན་ལྷ་དགྱེས་པའི། །རྣམ་དཔྱོད་ལང་ཚོ་གང་བ་རྒྱལ། ༡ །ཆུ་གཏེར་ཆེན་པོ་རིན་ཆེན་འབྱུང་བའི་གནས། །རྟག་ཏུ་ཆུ་བྲན་ངོམས་པ་མེད་པར་སྡུད། །དམ་ཆོས་རིན་ཆེན་དཔལ་འཛིན་མཁས་རྣམས་ཀྱང་། །ཐོས་བསམ་སྒོམ་ལ་དེ་བཞིན་གཅིག་ཏུ་འགྲུས། ༢ །མེ་ནི་ཤིང་ལ་རྟག་ཏུ་གནས་མོད་ཀྱང་། །སྐྱེས་བུས་མ་རྩོལ་འབར་བར་མི་བྱེད་ལྟར། །སྨོན་ལམ་མཐུ་ཅན་བློ་གྲོས་དག་གྱུར་ཀྱང་། །རྣམ་དཔྱོད་ཐོས་དང་བརྩོན་པ་ཉིད་ལ་རགས། ༣ །རྒྱལ་བསྟན་ནོར་བུ་བསླབ་པའི་རྒྱ་མཚོ་བརྟེན། །དེ་ཡང་ཐོས་པ་ཟླ་བ་བདུད་རྩིས་སྤེལ། །མ་ཐོས་བསླབ་པ་དག་པར་མི་འགྱུར་ཞིང་། །ཟབ་མོ་རྟོགས་པའི་ཤེས་རབ་མིག་ཀྱང་བརྟུལ། ༤ །ཇི་ལྟར་རྒྱལ་སྲིད་འཚོ་སྐྱོང་མི་ལྡན་པར། །ལྟོ་འགེངས་ཙམ་གྱི་སྐྱེ་བོ་ཕལ་པ་ལ། །ས་ཡི་དབང་ཕྱུག་སྒྲ་ཡིས་
བོད་མིན་ལྟར། །བསླབ་པ་མི་ལྡན་བསྟན་འཛིན་མིང་ཙམ་ཟད། ༥ །བཻ་ཌཱུརྻ་བཞིན་སྟོན་པའི་བསྟན་པ་ལ། །བྱི་དོར་བྱེད་པ་དེད་དཔོན་ཆེན་པོ་སྟེ། །དོན་གཉིས་འདོད་རྒུ་འཇོ་བའི་གོ་འཕང་ལས། །གཞར་ཡང་མི་གཡོ་སྐྱེ་དགུའི་ཉེར་འཚོར་མཛོད། ༦ །རང་བཞིན་གྱིས་གྲུབ་སྤོབས་པའི་སྣོད་མཆིས་ན། །མང་ཐོས་བཅུད་མཆོག་སྡུད་པ་མི་དཀའ་བས། །རིག་ལམ་སྤྱི་དང་ཁྱད་པར་སྡེ་སྣོད་ཚུལ། །ཐོས་མང་ཚོལ་བས་ཆོས་སྤྱན་ལྡན་པར་མཛོད། ༧ །མ་ཐོས་སྒོམ་པ་དམུས་ལོང་ལམ་ཞུགས་བཞིན། །རང་ཉིད་མཆི་བའི་ཤུལ་ཡང་མི་མཚོན་ན། །གཞན་ལ་དེ་ཉིད་སྟོན་པ་ཚིག་ཏུ་ཟད། །སྒོམ་ཡང་ཐོས་ལས་བྱུང་བ་མཁྱེན་པར་མཛོད། ༨ །ཐོས་པས་རྒྱགས་ཏེ་སྒྲུབ་ལ་མི་བརྩོན་ན། །རིན་ཆེན་གཏེར་སྲུང་ཡི་དྭགས་ཆེན་པོ་བཞིན། །ངལ་བརྒྱས་འབོད་ཀྱང་དོན་དང་མི་ལྡན་པས། །ཐོས་བསམ་ཐ་མ་སྒྲུབ་ལ་རེག་པར་མཛོད། ༩ །ལྷག་བསམ་འབའ་ཞིག་བྱང་ཆུབ་ཆེན་པོའི་རྒྱུ། །དེ་ལས་ཐུན་མོང་མིན་པ་གཞན་མེད་པས། །གཞན་ཕན་ཐུགས་སུ་བཅང་ནས་མཁས་ཚུལ་དགུས། །བསྟན་དང་འགྲོ་ཀུན་སྣང་བའི་སྒྲོན་མེ་མཛོད། ༡༠ །ཀུན་གསལ་ཡངས་པའི་ཀློང་ན་ཅི་ཡང་ཤོང་། །བུམ་པ་ཆུང་ངུའི་ཁོང་དུ་དེ་ལྟ་མིན། །མཁས་རྣམས་གྲུབ་མཐའ་ཀུན་དང་མ་ལྟར་འཛའ། །ཕྱོགས་
ཞེན་བླུན་པོའི་ལས་སུ་མཁྱེན་པར་མཛོད། ༡༡ །དེ་ལྟར་གདམས་པའི་བདུད་རྩིས་སྙིང་གང་ནས། །དམ་པའི་ཚུལ་ལས་ནམ་ཡང་མི་གཡོ་ན། །རིས་མེད་བསྟན་འགྲོའི་མགོན་ཏུ་ཁྱོད་འགྱུར་བས། །སྲས་བཅས་རྒྱལ་བའི་དགོངས་པ་རྫོགས་པར་ངེས། ༡༢ །དེ་ཕྱིར་གསང་གསུམ་རྡོ་རྗེ་ལྟར་བརྟན་ཅིང་། །བཞེད་དགུའི་དོན་ཀུན་འབད་པ་མེད་པར་འགྲུབ། །ཕྲིན་ལས་ནམ་མཁའི་མཐར་ཡང་ཁྱབ་པ་ཡི། །བཀྲ་ཤིས་ཉི་ཟླ་འཁོར་ཡུག་འཆར་བ་ཤོག ༡༣ །ཅེས་པ་འདིའང་། སྔ་འགྱུར་བསྟན་པའི་སྲོག་ཤིང་དཔལ་ཡུལ་མཆོག་སྤྲུལ་རིན་པོ་ཆེ་སྔོན་སྦྱངས་བག་ཆགས་སད་པ་ལྟ་བུས། ཐུན་མོང་ཐུན་མིན་གྱི་རིག་གནས་གཞུང་ལུགས་ཀུན་ལ་ཐུགས་བརྩོན་ཆེ་ཞིང་མཁྱེན་པའི་ལང་ཚོ་རྫོགས་པར་གྱུར་པའི་ཚེ། བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དང་འབྲེལ་བའི་བསླབ་བྱ་སྨོན་པའི་ཚིག་ཏུ་གསོལ་བ་བཅས། རིག་འཛིན་གྱི་བཙུན་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། པཎྜི་ཏ་ཟེ་ཆེན་པའི་ལུང་གིས། བློ་གཏེར་རབ་དགའ་ཚངས་བྱུང་སྙེམས་པའི་ལང་ཚོའི་ཟླ་སྣང་དུ་འབོད་པས། འོག་མིན་བླ་མའི་གདན་ས་དཔལ་སྤུངས་ཡང་དབེན་ཀུན་བཟང་བདེ་ཆེན་འོད་གསལ་གླིང་ནས་ཕུལ་བ་མངྒ་ལཾ།། ༈ །།སྡེབ་སྦྱོར་མཉམ་པའི་གྲྀཏྟའི་བྱེ་བྲག་ཡི་གེ་བརྒྱད་པ་ཁ་སྒོ་ལས་ཕན་པ་ཞེས་བྱའོ།། །།
རང་བྱུང་བློ་གྲོས་བདུད་རྩིའི་གཏེར་འཆང་བ། །རྣམ་པ་ཀུན་ལྡན་ངག་གི་ཟླ་བ་ནི། །རྡོ་རྗེ་བཙུན་མོ་དབྱངས་ཅན་ལྷ་བཞད་པའི། །ལང་ཚོའི་འོད་ཀྱིས་འཇིག་རྟེན་མཛེས་གྱུར་ཅིག །བྱེད་པོ་ཁོ་ནས་འབྲས་བུ་མི་འབྱིན་ལ། །རྒྱུ་མེད་རྐྱེན་གྱིས་གྲུབ་པ་འགའ་ཡང་མེད། །དེ་བཞིན་ཚིག་གིས་གནས་ལུགས་མི་རྟོགས་ཀྱང་། །དེ་ཡིས་མ་མཚོན་ལྐུག་པའི་མཛུབ་བརྡ་བཞིན། །ཚིག་ཙམ་ལ་ནི་བྱང་ཆུབ་མེད་མོད་ཀྱི། །ཚིག་གིས་བྱང་ཆུབ་ཕྱོགས་ཀྱི་ཆོས་སྣང་བ། །ཇི་ལྟར་སྣང་ལ་དམིག་བུ་མི་ལྡན་ཀྱང་། །མིག་གི་བྱ་བ་སྣང་ལ་རག་ལས་ཉིད། །དོན་སྤངས་ཚིག་ལ་ཞེན་པའི་མཁས་པ་དང་། །ཚིག་སྤངས་དོན་ལ་སྙིགས་རློམས་གྲུབ་པ་ཡང་། །བྱང་ཆུབ་སྤྱོད་པ་ཡོངས་སུ་མི་རྫོགས་པས། །མཐའ་གཉིས་སྤངས་འདིས་ཐམས་ཅད་མཁྱེན་པར་འགྱུར། །སྐྱེས་སྦྱངས་ཉི་མས་བཟུང་བའི་དགའ་ཚལ་ན། །བློ་ངན་བ་ཀུ་ལ་
ཤིང་རྒྱས་མིན་པས། །ཕྱི་ནང་ཟུང་དུ་འབྲེལ་བའི་ཐོས་བསམ་གྱིས། །ཡང་དག་ལྟ་ལ་ལེགས་པར་གོམས་པ་ཁྱོད། །དོན་གཉིས་ནོར་བུའི་བང་མཛོད་ཁ་ཕྱེ་བའི། །ལྷག་བསམ་གསེར་གྱི་ལྡེའུ་མིག་ཐོགས་བཞིན་ཏུ། །རིག་སྔགས་གྲུབ་པའི་བཅུད་མཆོག་འཐུང་བ་ཡིས། །ཆོས་ཀྱི་ཁྲི་ལ་ཡུན་རིང་འཚོ་གཞེས་གྱུར། །ཆོས་ལྟར་བཅོས་པ་རྡུལ་གྱི་ཚོགས་ཉམས་ཤིང་། །ལུང་རྟོགས་སྨན་གྱི་ལྗོང་པ་བདལ་བྱེད་པ། །ལེགས་བཤད་སྦྲང་ཆར་གསར་པའི་རྒྱུན་ཕོབ་ལ། །ཐུབ་བསྟན་དབྱར་གྱི་དཔལ་ནི་རྒྱས་པར་མཛོད། །དམ་ཆོས་འཛིན་ཅིང་འགྲོ་ཕན་སྒྲུབ་པ་ལས། །མི་ལྡོག་བཟང་པོ་སྤྱོད་པས་རྒྱལ་བ་ཀུན། །བདག་ལ་དགྱེས་པ་ཞལ་གྱི་འཛུམ་གཡོ་བས། །བསམ་དོན་ཡོངས་སུ་རྫོགས་པའི་བཀྲ་ཤིས་ཤོག །ཅེས་པའང་ཤཱཀྱའི་དགེ་སློང་རྟགས་ཙམ་འཛིན་པ་ཡོན་ཏན་རྒྱ་མཚོས་རང་ལོ་ཉེར་ལྔ་པར། སྐྱེས་སྦྱངས་ཕུལ་བྱུང་མཆོག་གི་སྤྲུལ་སྐུ་ཀརྨ་ཆོས་ཀྱི་དབང་ཕྱུག་བརྡ་སྤྲོད་པ་ཙནྡྲ་པའི་གཞུང་ལུགས་གསན་པ་གྲུབ་པའི་ཚེ་ཀུན་བཤད་ཀྱི་མཚན་བྱང་དུ་ཕུལ་བ་དགེ། སརྦ་དཱ་ཀ་ལྱཱ་ཾ་བྷ་བནྟུ།། ༈ །།སྡེབ་སྦྱོར་ཁ་སྒོ་ཕན་པའི་པྲསྟཱ་རའོ། འཇམ་དཔལ་
དཔའ་བོ་དགྱེས་པའི་སློ། །ཟླ་བའི་ལང་ཚོ་སྤངས་རྟོགས་ཀྱི། །ཆ་ཤས་ཀུན་ཏུ་གང་བའི་འོད། །འཇིག་རྟེན་གསུམ་ན་མཛེས་གྱུར་ཅིག ༡ །ཐར་པ་འདོད་པ་རྣམས་ཀྱི་བསྒྲུབ་བྱ་ནི། །རྣམ་པ་ཐམས་ཅད་མཁྱེན་པ་ཉག་གཅིག་སྟེ། །ཇི་ལྟ་ཇི་སྙེད་རྒྱུ་ཚོགས་མ་གྲུབ་བར། །ཕྱོགས་རེར་སྦྱངས་པས་སྐུ་གཉིས་འབྲས་མི་སྨིན། ༢ །དེ་ཕྱིར་ཤེས་བྱ་ཉུང་ངུས་མི་ཁེངས་པར། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་བསླབ་པའི་བློ། །དགོས་དགུ་འབྱུང་བ་གཏེར་གྱི་བུམ་པ་བཟང་། །གཞན་དོན་རླབས་ཆེན་སྒྲུབ་པའི་བཙས་སུ་འཆང་། ༣ །ཤེས་བྱའི་ཆོས་སུ་སྲིད་ཚད་སངས་རྒྱས་ཀྱི། །མཛད་པ་བགྱིད་པ་རྒྱལ་བའི་མཐུ་ཡིན་པས། །བསྟན་པའི་སེམས་ཁྲལ་ཐུགས་ལ་བརྣག་པ་ཡིས། །ཆོས་ལྡན་བྱ་བ་ཕྱོགས་རིས་མེད་པར་མཛོད། ༤ །དེ་ལྟ་ན་ཡང་ཚེ་གཅིག་གྲུབ་པའི་ནོར། །གྲུབ་མཐའི་འབད་རྩོལ་ཕལ་གྱིས་མི་སྦྱིན་པས། །བརྒྱུད་ལྡན་ཀླུ་དབང་གཙུག་ཏུ་སྦས་པའི་གཏེར། །དད་བརྩོན་བསོད་ནམས་རྒྱན་ཏུ་ལེན་ཀྱང་འཚལ། ༥ །ཆོས་བརྒྱད་སྤྲོས་པ་མི་གཡེང་ནང་གི་མཐའ། །ལེགས་པར་བཅད་ནས་སོ་སོ་རང་རིག་པའི། །ཡེ་ཤེས་མེ་ལྕེ་གཞན་དྲིང་མི་འཇོག་པས། །ཀུན་བརྟག་ཚང་ཚིང་མ་ལུས་ཟ་བར་མཛོད། ༦ །འདི་བཟུང་སྙིང་པོའི་བར་དུ་མི་འབྲལ་བར། །དགེ་བའི་བཤེས་དང་སློབ་མ་
ཆོས་ལྡན་གྱི། །བྱ་བ་མཐར་ཕྱིན་དོན་གཉིས་ལྷུན་གྲུབ་དཔལ། །ཕུན་སུམ་ཚོགས་པའི་བཀྲ་ཤིས་རབ་རྒྱས་ཤོག ༧ །ཅེས་པའང་། ཆོས་ བརྒྱད་དང་མ་འདྲེས་པའི་བསླབ་གསུམ ་གྱི་བརྟུལ་ཞུགས་ལས་མི་འདའ་བ་རང་སློབ་ཀརྨ་ཤེས་རབ་རྒྱ་མཚོ་རིག་ལམ་སྤྱི་དང་། ཁྱད་པར་བརྡ་སྤྲོད་གཞུང་ལུགས་སྨྲ་བའི་མཚན་བཏགས་བསླབ་བྱར་འབྲེལ་བ། ལྔ་རིག་པ་བློ་གཏེར་རབ་དགའ་ཚངས་བྱུང་སྙེམས་པའི་ལང་ཚོའི་ཟླ་སྣང་དུ་འབོད་པས་དཔལ་སྤུངས་དབེན་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་ནས་ཆེད་དུ་སྤེལ་བ་དགེ་ལེགས་འཕེལ། །ཤུབྷཾ།། ༈ །།སྡེབ་སྦྱོར་ཡ་ཁ་སྒོས་མཛེས་པའོ།། །།།བསགས་དང་སྦྱངས་པའི་མཐར་ཐུག་པས། །རྟོགས་གྲོལ་མཁའ་ལྟར་རྒྱ་ཆེ་བ། །བསམ་དགུ་འཇོ་བའི་ཕྲིན་ལས་ཅན། །ཐུབ་དབང་དཔག་བསམ་ཤིང་དེས་སྐྱོངས། ༡ །གསུང་རབ་པདྨོའི་ཕྲེང་བ་ཡིས། །རྣམ་གྲོལ་ལུས་ཀྱི་དཔལ་
བྱེད་ཅིང་། །ཞི་བའི་བདུད་རྩིས་བྱང་ཆུབ་ཀྱི། །སྲོག་འཚོ་ཐེག་ཆེན་སྒྲ་དབྱངས་ལེན། ༢ །གང་སྔོན་རྣམ་དཀར་ལ་གོམས་པས། །འདིར་ནི་ཆོས་ཀྱི་རྒྱུ་ཚོགས་ཚང་། །བརྩོན་དང་བློ་གྲོས་མི་དམན་པས། །ཐར་མཆོག་བསྒྲུབ་པའི་ཡན་ལག་རྫོགས། ༣ །ཆོས་ཀྱི་རྩ་བ་ངེས་འབྱུང་སྟེ། །བྱང་ཆུབ་རྩ་བ་སེམས་བསྐྱེད་ལགས། །ཚོགས་བསགས་པ་ལ་ཤེས་རབ་སྟེ། །རྟོགས་པ་མོས་གུས་ཅན་ལ་སྐྱེ། ༤ །ཚེ་སྲོག་ཆུ་བུར་འདྲ་བས་ན། །ལས་འདི་ཟིན་ནས་བྱའོ་ཞེས། །ལེ་ལོ་དགེ་བའི་ཆོམ་པོ་གང་། །ལོང་མེད་མཚོན་ཆས་རྟག་ཏུ་གཞོམས། ༥ །རྒྱུད་དང་མ་འདྲེས་ཐོས་བསམ་གྱིས། ཁམས་གསུམ་དག་ཏུ་འཆིང་འགྱུར་ལ། །ཐོས་པས་དབེན་པའི་སྒོམ་པ་ཡང་། །ཕལ་ཆེར་རང་ཉིད་ཕལ་བའི་རྒྱུ། ༦ །དེ་ཕྱིར་ཐོས་པས་ངོམས་མེད་ཅིང་། །བསམ་སྒོམ་ཟུང་དུ་འཇུག་ནས་སུ། །དྲེགས་དང་ཕྱོགས་རིས་མེད་པ་ཡིས། །འཚོ་བ་དོན་དང་ལྡན་པར་མཛོད། ༧ །ཧ་ཅང་ཆོས་ཀྱི་ཕྱོགས་འཛིན་པ། །ཕལ་ཆེར་ཆོས་སྤངས་ཁུར་ལྕི་བས། །རྒྱལ་རྣམས་སྤྱོད་ཡུལ་བསམ་མི་ཁྱབ། །དག་སྣང་ཆོས་ཀྱི་མཐར་ཐུག་སྦྱོངས། ༨ །རིས་མེད་རློམས་ནས་འཆལ་བའི་ཆོས། །གསར་འགྲོགས་རང་ཕུང་རྒྱུ་ཡིན་པས། །མཁས་གྲུབ་མང་པོ་གཤེགས་པའི་ཤུལ། །ཡིད་ཆེས་མདོ་སྔགས་ཉམས་སུ་ལོངས། ༩ །སྤྱོད་ལམ་ཀུན་ཏུ་ཀུན་རྫོབ་དང་། །
དོན་དམ་བྱང་ཆུབ་སེམས་གཉིས་ལ། །གོམས་འདྲིས་བརྟན་པ་ཐོབ་པ་ན། །སྒྲིབ་གསུམ་འཁོར་བའི་རྩ་བ་བཅད། ༡༠ །གང་ལ་དྲན་དང་ཤེས་བཞིན་མངའ། །དེ་ལ་ཆོས་ཀྱི་མདོ་ཡོད་པས། །ཆགས་སོགས་ཉོན་མོངས་མཐར་འབྱིན་ཏེ། །རྣམ་ཀུན་རང་སེམས་གཏན་ལ་ཕོབ། ༡༡ །དེས་ན་རིང་མིན་རྣམ་མཁྱེན་གྱི། །གོ་འཕང་ཉམས་འོག་ཆུད་པ་དང་། །དེ་སྲིད་ཆོས་མཐུན་ཚེ་བསོད་ཀྱི། །རྒྱལ་ཐབས་དབང་དུ་བྱེད་པར་ངེས། ༡༢ །འདའ་དཀའ་ཆོས་ཀྱིས་འབྲེལ་པས་ན། །འུ་ཅག་འདི་དང་གཏན་ཏུ་ཡང་། །བདེ་ནས་བདེ་བར་མི་འབྲལ་བས། །རྣམ་ཀུན་ལུང་རྟོགས་དཔལ་ལ་སྤྱོད། ༡༣ །ལས་ཀྱི་རྒྱུ་ཚོགས་སོང་བའི་འབྲས། །ཕྲ་ཡང་ཆུད་ཟོས་མི་སྲིད་པས། །ལྷག་བསམ་གྱིས་དྲངས་ཐོས་སོགས་ཀྱིས། །དོན་གཉིས་ཕ་རོལ་ཕྱིན་པར་འགྱུར། ༡༤ །དེ་ལྟར་བསམ་དགུའི་ས་བོན་ལེགས་བཏབ་པ། །མི་བསླུའི་རྟེན་འགྲོའི་དྲོད་དང་གཤེར་གྱི་རུམ། །མཆོག་གསུམ་བདེན་པ་བདུད་རྩིའི་ཆར་དབབ་པས། །ཀུན་ཕན་གསེར་གྱི་སྙེ་མ་བརྡལ་གྱུར་ཅིག ༡༥ །ཅེས་ཤེར་བརྩོན་ཕུལ་བྱུང་རང་སློབ་ཀརྨ་ངེས་དོན་ཀ་ཙཱནྲ་སོགས་སྒྲ་དང་། ཐུན་མོང་ཐུན་མིན་རིག་གཞུང་ལ་བློ་མིག་ཡངས་པར་གྱུར་པའི་ཚེ། གསུང་རབ་ཕྲེང་བ་བདུད་རྩིའི་སྒྲ་དབྱངས་ཞེས་པའི་མིང་དང་། བླ་མར་མངའ་གསོལ་རྟེན་འབྲེལ་ཆེད་དུ་རང་གི་གྱོན་པ་ཆོས་གོས་བཅས་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ་བློ་གཏེར་རབ་དགའ་ཆངས་བྱུང་བ་སྙེམས་པའི་ལང་ཚོའི་ཟླ་སྣང་ཞེས་བགྱི་བས་དཔལ་སྤུངས་གྱི་གདན་ས་ནས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།། །།