དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་རྟེན་དང་བརྟེན་པར་བཅས་པའི་དཀར་ཆག་ཞིང་ཁམས་ཀུན་ཏུ་ཁྱབ་པའི་སྒྲ་སྙན།
དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་རྟེན་དང་བརྟེན་པར་བཅས་པའི་དཀར་ཆག་ཞིང་ཁམས་ཀུན་ཏུ་ཁྱབ་པའི་སྒྲ་སྙན་ཅེས་བྱ་བ་བཞུགས་སོ། །
རྒྱལ་བ་ཀུན་གྱི་ཡོན་ཏན་མཐའ་དག་བསོད་ནམས་བརྒྱ་ལས་གྲུབ་པའི་བ་སྤུའི་ཁུང་བུ་གཅིག་ན་གནས། །
ཞབས་མཐིལ་ཉི་མའི་མེ་ལོང་ཚངས་སོགས་གཙུག་གི་ནོར་བུའི་གདེངས་ཀས་རྟག་ཏུ་བྱི་དོར་བྱས་པ་ལས། །
འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་པདྨོའི་ནགས་ཀླུང་རྣམ་ཐར་འོད་ཀྱི་དྲྭ་བས་ཁ་འབྱེད་པ། །
པདྨ་ཉིན་བྱེད་དཀོན་མཆོག་དབང་པོ་ཁྱོད་ཞབས་བྱང་ཆུབ་བར་དུ་མི་འབྲལ་སྙིང་གི་ཐིག་ལེར་བཞུགས། །
མུ་ཏིག་དུང་དང་ཁ་བའི་རི་འདྲ་ཡིད་འོང་ཟླ་བའི་ཞལ་མངའ་དྲི་མེད་ནོར་བུའི་རྒྱན་ཆས་སྒེག །མཚན་གྱི་ཡི་གེ་ཡིད་ལ་ཤར་བའི་དེ་མ་ཐག་པར་རྟོག་སྒྲིབ་ཉེས་པའི་མུན་ཁང་ཧྲུལ་གྱིས་འཇིག །སངས་རྒྱས་སེམས་དཔའ་ཁྲོ་བོ་བཙུན་མོ་དང་བཅས་དཀྱིལ་འཁོར་རྒྱ་མཚོ་སྤྲོ་ཞིང་སྡུད་པའི་ཁྱབ་བདག་ཆེ། །མི་ཕྱེད་བརྟན་བསྡུས་རྟོགས་པའི་དཔའ་བོའི་སྒྲ་ལ་རྒྱལ་བས་ཕྱག་བྱས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །གནམ་སྔོན་བཻ་ཌཱུརྻ་ཡི་ཐིག་ལེར་ཉིན་བྱེད་འོད་ཟེར་སྟོང་གིས་འཁྱུད་འདྲ་སྲིད་གསུམ་ཆེ་བའི་མཆོག །བདུད་སྡེ་འཇིགས་བྱེད་འབར་བའི་སྟོབས་འཆང་མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ་བའི་བདུད་རྩིའི་བཅུད་ཀྱིས་བརླན། །སྐུ་དང་ཞིང་ཁམས་ཅི་ཡང་འགྱུར་བའི་ཉམས་བརྒྱའི་གར་མཁན་སངས་རྒྱས་ཀུན་གྱི་ཡེ་ཤེས་འཁྱིལ་པའི་སྐུ། །ཡང་དག་གྲུབ་པ་གཅིག་པུའི་བྱིན་རླབས་རོལ་མོས་ས་གསུམ་གཡོ་བས་མ་རིག་གཉིད་ལས་བསླང་བར་མཛོད། །ཤེས་རབ་སྟོང་ཉིད་རྡོ་རྗེ་བཙུན་མོའི་བདེ་བའི་རོ་ལ་རྗེས་ཆགས་ཐབས་མཆོག་བདེ་བ་ཆེན་པོའི་སྐུ། །འཁོར་འདས་བསྟན་གཡོའི་འཁོར་ལོ་མཁའ་འགྲོ་མ་ཡི་དྲྭ་བ་མི་འགྱུར་ལྷན་ཅིག་སྐྱེས་པའི་བདེ་བར་སྡོམ། །གཅིག་པུའི་བདག་ཉིད་ཀུན་ཁྱབ་རྣམ་པ་ཐམས་ཅད་པ་ཡི་གཟུགས་ཀྱིས་ནམ་མཁའ་ཇི་སྲིད་ཕྲིན་ལས་མཛད། །ཡན་ལག་བདུན་ལྡན་ཧེ་རུ་ཀ་དཔལ་དཔའ་
བོའི་དབང་ཕྱུག་རིག་པ་ཆེན་པོའི་སྐྱེས་བུའི་གཟུགས་ལ་འདུད། །ཤེས་བྱའི་ཁོང་ན་དཔེ་ལས་འདས་པའི་མི་མཆོག་ལྷ་མིའི་སྟོན་པ་ཤཱཀྱའི་རྒྱལ་པོ་དང་། །དེ་ཉིད་རྡོ་རྗེ་སློབ་དཔོན་གཟུགས་ཀྱིས་འཁོར་བ་ཇི་སྲིད་སངས་རྒྱས་གར་མཛད་པདྨ་འབྱུང་། །མདོ་སྔགས་བསྟན་པ་ཡོངས་སུ་གསལ་མཛད་རྒྱ་བོད་མཁས་གྲུབ་དུས་གསུམ་ཀུན་ཏུ་བྱོན་རྣམས་ཀྱི། །གསང་གསུམ་དཀྱིལ་འཁོར་ཡིད་མཁར་གསལ་ལ་དད་པའི་མཚོར་སྐྱེས་བསྔགས་བརྗོད་མེ་ཏོག་ཕྲེང་བ་འབུལ། །ཁྱད་པར་སེམས་ཅན་ལས་ལ་སྤྱོད་པའི་རྒྱུད་ངན་ཐ་རྒོད་རབ་སྲ་བ། །སྨོན་ལམ་འབྲེལ་པའི་ཐུགས་རྗེའི་སྟོབས་ཀྱིས་ལེགས་པར་བཏུལ་ནས་སྨིན་གྲོལ་གྱི། །ས་བོན་དྲི་མེད་བྱིན་རླབས་གཤེར་གྱིས་རིང་དུ་བསྐྱེད་བསྲིང་བཀའ་དྲིན་ཅན། །འདྲེན་མཆོག་རྣམས་ལ་ལེགས་སྤྱད་བསྟི་སྟངས་འཚང་རྒྱའི་བར་དུ་སྟོབ་པར་བགྱི། །ཞི་ཆགས་ཁྲོ་བོའི་ཚུལ་ཅན་དཀྱིལ་འཁོར་ལྷ་རྣམས་རྟེན་ལ་བཞུགས། །གནས་ཡུལ་ཞིང་སྐྱོང་མཁའ་འགྲོའི་ཚོགས་ཀྱི་འདུ་བ་གནས་འདིར་རོལ། །རྒྱུད་གསུམ་དྲེགས་བྱེད་རྡོ་རྗེའི་ཡལ་གམ་ཇི་བཞིན་གནས་རྟེན་སྲུངས། །དཀར་ཕྱོགས་སྐྱོང་བ་དམ་ཚིག་ཅན་རྣམས་ཉིན་མཚན་རྟག་ཏུ་མེལ་ཚེ་མཛོད། །མྱུར་མཛད་ཡེ་ཤེས་མགོན་པོ་བེར་ཅན་ལྕམ་དྲལ་དང་། །རལ་གཅིག་མ་སོགས་བརྟེན་སྒྲུབ་མཆོད་པའི་དམ་ཅན་རྣམས། །ཧེ་རུ་ཀ་
དཔལ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་སྡེ། །རྟག་ཏུ་མི་ཉམས་དར་རྒྱས་ཡུན་གནས་གྲོགས་མཛོད་ཅིག །བཀྲ་ཤིས་དགེ་བའི་འཛུམ་ཞལ་ཡིད་འོང་བ། །འཕགས་མ་མཆོག་དང་ཚེ་ཡི་དབང་ཕྱུག་མའི། །བྱིན་རླབས་ཟླ་འོད་བདུད་རྩིའི་ཐིགས་ཕྲེང་གིས། །རིང་འཚོའི་བཅུད་ལེན་རྣམ་པར་རྒྱས་པར་མཛོད། །གཏམ་གྱི་ཨུཏྤལ་གཞོན་ནུ་མཚར་སྡུག་ཅན། །རྣམ་དཀར་དཔལ་གྱི་དུམ་བུའི་ངད་ཆགས་པས། །དཔྱོད་ལྡན་བུང་བའི་ན་ཆུང་ཡིད་མྱོས་ཚེ། །ལེགས་བཤད་མགྲིན་པའི་པི་ཝཾ་ཅི་ཡང་བརྡུང་། །འཁོར་བ་གཏིང་དཔག་དཀའ་བའི་ཆུ་གཏེར་ཆེར། །ཡང་སྲིད་ཁོར་མོ་ཡུག་ཏུ་འཇུག་པ་ན། །བརྒྱ་ལམ་ལེགས་སྤྱད་ཏིལ་གྱི་སྙིང་པོ་ཙམ། །ཐར་པ་བདེ་བའི་ས་བོན་བསྐྱེད་པར་གྱུར། །བས་མཐའི་ནགས་སུ་འཚོ་བ་ངན་དོོན་གྱིས། །བསམ་གཏན་ཞི་བའི་བདུད་རྩི་དོན་གཉེར་བ། །རྣམ་གཡེང་ལྦུ་བའི་ཕྲེང་བ་བསྲུབས་པ་ལས། །ཆོས་བརྒྱད་ཆུ་རླབས་ཤུགས་ཀྱིས་འཕེལ་དང་འགལ། །རྒྱལ་བས་ཁྱིམ་པའི་ལེགས་སྤྱད་རྣམ་ལྔ་པོ། །རབ་ཏུ་བྱུང་ལ་བསྔགས་པ་མི་གསུངས་ཀྱང་། །དད་ཅན་འགའ་ཡིས་བྱིན་པའི་རྫས་ཕྲ་མོ། །གནས་མིན་ཆུད་མི་འཛའ་ཕྱིར་ཚོགས་སུ་སྤེལ། །གཏོང་བ་ཙམ་དུ་ངོ་བོ་མཚུངས་ན་ཡང་། །འབྲས་བུའི་སྨིན་ཚུལ་ཞིང་དང་བསམ་པས་འབྱེད། །དེ་ཕྱིར་རྣམ་དཀར་སྐྲ་རྩེའི་ཆུ་ཐིགས་ཀྱང་། །
བྱང་ཆུབ་རྒྱ་མཚོར་སྤེལ་ཕྱིར་སྐལ་པ་སྦོམ། །ཟང་ཟིང་སྤོང་བའི་བརྟུལ་ཞུགས་ལྷུར་ལེན་རྣམས། །འབྱོར་ལྡན་སྤྱོད་པ་ཉམས་འོག་ཆུད་མིན་ཀྱང་། །ནུས་དང་སྦྱར་བའི་རྣམ་དཀར་སྒྲུབ་པ་ལ། །ལྷ་མིའི་འགྲོ་བ་གང་ཡང་གཤུང་མི་བྱེད། །མཆོག་ལ་རློམས་པའི་ལྟར་སྣང་དགེ་བ་དང་། །མཉམ་ལ་འགྲན་པའི་བྱ་བ་ལས་ཀྱི་སྒོ། །དམན་པ་ཁྱད་གསོད་བྱ་བྱེད་སྣ་ཚོགས་པ། །ཐར་འདོད་བློ་ལྡན་རྣམས་ཀྱིས་སྤང་བྱའི་གནས། །བདག་ནི་ཤིན་ཏུ་ཉམ་ཆུང་སྟོབས་འབྱོར་དམན། །དེ་ལྟའི་གནས་ལ་སྤྲོ་བ་མི་འཕེལ་ཡང་། །ལྷག་བསམ་ཤུགས་དང་རྟེན་འབྱུང་བཟང་པོའི་འགྲོས། །ལེགས་པའི་ལམ་དུ་འབད་པ་མེད་པར་འཆེལ། །ལས་ཀྱིས་བྲིས་པའི་རི་མོ་མི་ཟུབ་པས། །མུན་རུམ་གློག་གི་སྒྲོན་མེ་འགྱུ་བ་བཞིན། །བསོད་ནམས་བློ་གྲོས་ཐང་འགའ་འབྱུང་ན་ཡང་། །དཀོན་མཆོག་ཐུགས་རྗེས་བསྲུངས་འགའ་མཐའ་རུ་འཁྱོལ། །དམ་པས་དགེ་བ་གཞན་ལ་མི་སྤྱོམ་ཞིང་། །ཉེས་པ་རྣམས་ནི་མཐོལ་ཏེ་གཙང་བར་བྱེད། །བྱིས་པས་ལེགས་སྤྱད་ཕྲ་མོ་འབྲུག་ལྟར་སྒྲོག །ནོངས་པ་མི་བཟད་གཏེར་བཞིན་སྦེད་ལ་བརྩོན། །སཱ་ལུའི་སྙེ་མ་གེགས་མེད་སྨིན་པས་ཆོག །སོ་ནམ་འབད་རྩོལ་བཤད་པ་ངོ་མཚར་མིན། །ལེགས་སྤྱད་ལེགས་པའི་ལམ་དུ་སོང་བས་ཆོག །ཟང་ཟིང་སྟོབས་འབྱོར་ངོམས་པ་འཛངས་པ་མིན། །
འོན་ཀྱང་ཕྱི་རབས་དད་ལྡན་འབྱུང་སྲིད་ན། །ཡིད་ཆེས་སྐྱེད་དང་དགེ་བའི་ཚོགས་སྤེལ་ཕྱིར། །ཧེ་རུ་ཀ་དཔལ་སྐུ་གསུང་ཐུགས་ཀྱི་རྟེན། །ཕྱི་ནང་དཀར་ཆག་མདོ་ཙམ་གླེང་བར་སྤྲོ། །དེ་ལྟར་རིན་ཆེན་མེ་ཏོག་གསར་པའི་ཕྲེང་བ་ལྟ་བུའི་ཚིགས་སུ་བཅད་པ་ཅུང་ཟད་ཀྱིས་མདུན་བསུས་ཏེ། འདིར་དཔལ་ཆེན་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་ལས་བརྩམས་ཏེ་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་རྟེན་དང་བརྟེན་པར་བཅས་པ་ཇི་ལྟར་བསྒྲུབས་ཤིང་ཇི་ཙམ་དུ་བཞུགས་པའི་དཀར་ཆག་མདོ་ཙམ་བུ་བརྗོད་པ་ལ་བརྒྱད། གང་དུ་བསྒྲུབས་པའི་གནས། ཇི་ལྟར་བསྒྲུབས་པའི་ཚུལ། གང་ཞིག་སྒྲུབ་པའི་རྟེན་གཙུག་ལག་ཁང་། དེ་ལ་བརྟེན་པ་སྐུ་ཕྱག་རྒྱ། གསུང་དམ་ཆོས། །ཐུགས་མཆོད་རྟེན་དང་རྣལ་འབྱོར་སྒྲུབ་པའི་སྡེ། །དེ་དག་རབ་ཏུ་གནས་པའི་ཚུལ། དགོས་པ་ཕན་ཡོན་ཤིས་པ་བརྗོད་པ་སྟེ་བཀྲ་ཤིས་པའི་ཕྱག་རྒྱའི་གྲངས་དང་ལྡན་པའོ། །དང་པོ་དགེ་བའི་བྱ་བ་གང་དུ་བསྒྲུབས་པའི་གནས་ནི། སངས་རྒྱས་ཀྱི་བསྟན་པ་རིས་མེད་པ་རྟག་ཏུ་བཞུགས་ལ་དར་ཞིང་རྒྱས་པའི་ཡུལ་མདོ་ཁམས་སའི་ཐིག་ལེ་འབྲི་ཟླ་སྒང་གི་བྱེ་བྲག །དཀར་ཕྱོགས་ཀྱི་དགེ་བསྙེན་དུ་མ་དང་ལྷ་རིགས་ཀྱིས་སྐྱོང་སྡེ་དགེ་སོགས་ཆོས་ལྡན་གྱི་རྒྱལ་པོ་རིམ་པར་བྱོན་པ་རྣམས་ཀྱིས་སྐྱོང་བའི་མངའ་རིས། ཀཿཐོག་
རྡོ་རྗེ་གདན་གྱི་བྱང་ཕྱོགས། དཔལ་ལྡན་ཕག་མོ་གྲུ་པ་དང་། ཀུན་མཁྱེན་བསྟན་པའི་ཉིན་བྱེད་སོགས་མཁས་གྲུབ་ཀྱི་སྐྱེས་བུ་མང་པོ་སྐྱེ་བའི་སྲིད་པ་བཟུང་ཞིང་ཆོས་ཀྱི་རྔ་བོ་ཆེ་སྒྲོག་པའི་ཡུལ་ལྗོངས། མདོ་ཁམས་གནས་ཆེན་ཉེར་ལྔ་ཡན་ལག་དང་བཅས་པའི་ནང་གསེས་ཡོན་ཏན་ཐུགས་ཀྱི་གནས་མཆོག་དཔལ་ཧེ་རུ་ཀའི་ཡེ་ཤེས་ཀྱི་སྤྱན་རས་ལས་ཤར་བ་དེ་བཱི་ཀོ་ཊི་གསུམ་པ། ཕྱི་ལྟར་ན་ཡུལ་གྱི་དགེ་བཅུ་ལེགས་པར་ཚང་ཞིང་། ནང་ལྟར་ན་མདོ་རྒྱུད་རྣམས་ནས་ཇི་སྐད་བཤད་པའི་དགེ་འདུན་འདུ་བའི་གཞི་དང་རྣལ་འབྱོར་སྒྲུབ་པའི་གནས་ཀྱི་མཚན་ཉིད་ཀུན་དང་ལྡན་ཅིང་ཉེས་པའི་སྐྱོན་སྤངས་པ། གསང་བ་ལྟར་ན་དཔལ་རྡོ་རྗེ་སེམས་དཔའ་དང་། འཕགས་པ་འཇིག་རྟེན་དབང་ཕྱུག་གཙོ་བོར་གྱུར་པའི་རྩ་གསུམ་རབ་འབྱམས་རྒྱ་མཚོའི་ཕོ་བྲང་འོག་མིན་རྡོ་རྗེ་བཀོད་པའི་གྲོང་ཁྱེར་དང་རྣམ་དབྱེར་མ་མཆིས་པ་འདི་ཉིད་དུ། ཐོག་མར་སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་ཡབ་ཡུམ། ཐུགས་ཀྱི་རིག་འཛིན་ཧཱུྃ་ཀ་ར། མཁས་པ་ཆེན་པོ་བི་མ་ལ་མི་ཏྲ། རིག་འཛིན་གྲུབ་པའི་ཚོགས་དང་བཅས་པ་རྣམས་ཡེ་ཤེས་ཀྱི་རོལ་པས་ཞབས་ཀྱིས་བཅགས་ཤིང་སྒྲུབ་པའི་གནས་སུ་བྱིན་གྱིས་བརླབས། གསང་གཏེར་ཆེན་པོ་ལྔ་ལ་སོགས་པ་གཏེར་ཆེན་གཏེར་ཕྲན་དུ་མ་སྦས་ཤིང་ལས་ཅན་ལུང་བསྟན། བར་དུ་སྐྱོབ་པ་འཇིག་
རྟེན་གསུམ་གྱི་མགོན་པོའི་ཐུགས་སྲས་དཔལ་ལྡན་བྱང་ཆུབ་གླིང་པས་རྫུ་འཕྲུལ་གྱི་ཆོ་འཕྲུལ་དུ་མས་གདུག་པའི་ལྷ་འདྲེ་འགའ་ཞིག་དམ་ལ་བཞག །བཤད་སྒྲུབ་ཀྱི་སྡེ་ཆེན་པོ་གསུམ་ལ་སོགས་པ་བཙུགས་ནས་མི་དང་མི་མ་ཡིན་ཆོས་ལ་བཀོད། བར་སྐབས་སུ་དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ཆེན་པོ་མངའ་རིས་རབ་འབྱམས་པ་ཚུལ་ཁྲིམས་འོད་ཟེར་གྱིས་མདོ་སྔགས་ཀྱི་ཆོས་འཁོར་ཟབ་ཅིང་རྒྱ་ཆེ་བར་བསྐོར། དེ་དག་གི་རིང་ལུགས་ཀྱང་དུས་ཀྱི་དབང་གིས་རིམ་པར་མི་སྣང་བར་གྱུར་པ་ན། མཐར་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་དང་མཁྱེན་རྟོགས་རྣམ་དབྱེར་མ་མཆིས་པ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱིས་སྒྲུབ་བརྒྱུད་རིན་པོ་ཆེ་ཀརྨ་ཀཾ་ཚང་གི་རིང་ལུགས་དྲི་མ་མེད་པ་གསར་དུ་སྣང་བར་མཛད་པ་སྟེ། དེའང་ཐོག་མར་མངའ་བདག་མར་པ་ལོ་ཙཱས་མ་འོངས་པར་ཙཱ་རིའི་ཤར་ཕྱོགས་དེ་བཱི་ཀོ་ཊིའི་གནས་སུ་རང་ཉིད་ཀྱི་བཀའ་བརྒྱུད་འབྱུང་བར་ལུང་བསྟན་པ་དང་། བར་དུ་སི་ཏུ་ཆོས་ཀྱི་རྒྱལ་མཚན་ལ་ཡེ་ཤེས་ཀྱི་མཁའ་འགྲོས་རྗེ་ཉིད་ཀྱི་བསྟན་པ་ཕྱོགས་འདིར་འབྱུང་བར་རྡོ་རྗེའི་གླུ་ཡིས་བསྙད་པ་དང་། ཐ་མར་སི་ཏུ་ཕྲིན་ལས་རབ་བརྟན་ཕྱོགས་འདིར་ཕེབས་པའི་སྐབས་སུའང་ཞལ་བཞེས་ལུང་བསྟན་དང་མཐུན་པར་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཉིད་ཨ་ལོ་དཔོན་ཚང་དུ་བསམས་བཞིན་སྐྱེ་བའི་རོལ་གར་
བསྟན། སྡེ་དགེ་ཆོས་རྒྱལ་ཁྲི་ཆེན་སངས་རྒྱས་བསྟན་པ་དང་། བསྟན་པ་ཚེ་རིང་ཡབ་སྲས་རྣམས་ཀྱིས་ཞབས་འདེགས་དང་མཐུན་རྐྱེན་ཁྱད་པར་ཅན་ཕུལ་བ་ལ་བརྟེན། ཕྱོགས་ཀྱི་བུ་མོའི་རྣ་བའི་རྒྱན་ཏུ་སྙན་གྲགས་ནོར་བུའི་དོ་ཤལ་རིང་དུ་འགོད་པ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་གཙུག་ལག་ཁང་དགེ་འདུན་འདུས་པའི་སྡེ་དང་བཅས་པ་གསར་དུ་བསྐྲུན་ནས། རྒྱ་འཇང་ཧོར་བོད་སོགས་སྐད་རིགས་མི་གཅིག་པའི་སྐྱེ་བོ་གྲངས་མེད་པ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དམ་པ་ཆོས་ཀྱི་རྔ་བོ་ཆེ་བརྡུངས། ཆོས་ཀྱི་དུང་བུས། ཆོས་ཀྱི་རྒྱལ་མཚན་ལེགས་པར་བསྒྲེངས་པའི་གདན་ས་ཆེན་པོ་དེ་དང་ཧ་ཅང་ཐག་རིང་བ་མ་ཡིན་པར། གང་གི་བསྟན་པའི་ཉི་མ་ཕྱོགས་བརྒྱར་འདྲེན་པའི་ཤིང་རྟ་པ་ཆེན་པོ་རྗེ་དཔོན་བསམ་འཕེལ་མཆོག་གི་སྤྲུལ་པའི་སྐུ་དབང་རྒྱལ་རྡོ་རྗེས་ཀྱང་རིམ་པ་གཉིས་ལ་རྩེ་གཅིག་ཏུ་གཞོལ་བའི་བསམ་གཏན་པ་མང་དུ་འདུ་བའི་སྡེ་སྒྲུབ་བརྒྱུད་དར་རྒྱས་གླིང་ཞེས་རྟོགས་པ་དོན་གྱི་བརྒྱུད་པ་འབྱུང་བའི་ཆུ་མགོ་ལེགས་པར་བཙུགས་པ་དེ་ལས་གྱེན་ཏུ་འཕགས་པའི་གཡོན་གྱི་ཆ། རྡོ་རྗེའི་སློབ་དཔོན་པདྨཱ་ཀ་རས་བཏགས་པའི་མཚན་ཙཱ་འདྲ་རིན་ཆེན་བྲག་ཅེས། དཔལ་ཆེན་པོ་བཛྲ་ཧེ་རུ་ཀ་དབུ་གསུམ་ཕྱག་དྲུག་ཞབས་བཞི་པའི་མདུན་འོག་ཏུ་ཀེ་སེང་སྒོ་མའི་ཚོགས་
བཅས་ཀྱི་རྣམ་པ་རང་བྱུང་དུ་གསལ་བའི་ཐུགས་འོད་གསལ་ཆོས་ཀྱི་འཁོར་ལོའམ། དེ་བཱི་ཀོ་ཊིའི་ཤར་སྒོ་ཡེ་ཤེས་ཀྱི་རྩ་འདབ། ཞིང་སྐྱོང་ལྷན་ཅིག་སྐྱེས་མ་དང་། དཔལ་མ་ཧཱ་ཀཱ་ལ་སོགས་རྟག་ཏུ་ཆགས་པའི་ཕོ་བྲང་གཉན་པོ་རྣམས་ཀྱང་འདབས་འབྲེལ་བ། གྲུབ་པའི་སློབ་དཔོན་རྣམ་གསུམ་འཁོར་དང་བཅས་པའི་སྒྲུབ་ཕུག་བྱིན་རླབས་ཀྱི་ངད་ཆགས་ཤིང་སྐུ་གསུང་ཐུགས་ངེས་པ་བརྡའི་བཀའ་རྟགས་དང་ཕྱག་ཞབས་ཀྱི་རྗེས་སོགས་རང་བྱོན་དུ་མས་སྤྲས་པ་རྣམས་ཀྱིས་སྟེང་འོག་གཡས་གཡོན་ནས་མཛེས་པ། ཟབ་གཏེར་རྡོ་རྗེའི་ལུང་ལས་བསྔགས་བརྗོད་རྒྱ་ཆེར་མཛད་པའི་གནས་ཏེ། ཞིབ་པར་གནས་ཡིག་གཏེར་གཞུང་རྩ་བ་དང་། དེའི་དོན་ཁོ་བོས་རྒྱས་པར་བཀྲལ་བ་ཡིད་ཀྱི་རྒྱ་མཚོའི་རོལ་མོ་སོགས་ལས་ཤེས་པར་བྱའོ། །དབང་སྔོན་རྡོ་ཡི་ཁང་བཟང་སྤྱད་ན་བདེ། །ཙནྡན་ལྗོན་པའི་གྲིབ་བསིལ་རེག་ན་འཇམ། །ལྷུང་ལྷུང་འབབ་ཆུའི་རོལ་མོ་རྣ་བར་སྙན། །འདུ་འཛིས་དབེན་པའི་དགའ་བ་སྙིང་ལ་རྒྱས། །གདོས་བཅས་འདི་རྣམས་རྟེན་དང་བརྟེན་པ་ཡི། །རྣམ་འཕྲུལ་བཀོད་པའི་ཁྱད་པར་བསམ་ལས་འདས། །བྱིས་པའི་བློ་མིག་མཚན་མར་འཛིན་པས་ལྡོངས། །ཡེ་ཤེས་ཅན་ངོར་པྲ་སེ་ན་བཞིན་སྣང་། །དཔལ་ཆེན་ཡེ་ཤེས་ཐུགས་ཀྱི་དཔལ་བེའུའི་མཛོད། །རྟེན་མཆོག་
ནོར་བུས་གྲམ་པས་གཏམས་པ་ནི། །མངོན་པར་དགའ་བའི་ཞིང་གི་རྒྱན་བཀོད་པར། །མི་བསྐྱོད་རྒྱལ་བའི་མྱུ་གུས་མཛེས་པ་བཞིན། །གཉིས་པ་ཇི་ལྟར་བསྒྲུབས་པའི་ཚུལ་ནི། ཐོག་མར་རྣམ་དཀར་སྒྲུབ་པ་པོའི་གང་ཟག་གི་བདག་ཚུལ་བརྗོད་པར་རིགས་ཤིང་། དེའང་ལོ་རྒྱུས་སྨྲ་བ་རྣམས་རིགས་རུས་ཆོ་འབྲང་ལས་བརྩམས་ཏེ་འཕེལ་བའི་གཏམ་རྗོད་པར་བྱེད་པས། དེ་ལྟར་ན་ལོ་བོའང་ཁྱུང་དཀར་གྱི་གདུང་བརྒྱུད་མ་འཁྲུལ་པ་ལས་གྲོལ་ལོ་ཞེས་ཐོས་ཏེ། དེ་ནི་རིག་འཛིན་ཞིག་པོ་རྣམ་དྲུག་གི་ཡ་གྱལ། སྟེང་ཕྱོགས་ཀྱི་སྟོན་པ་ཀུན་ཏུ་བཟང་པོ་རིག་སྣང་འོད་ཀྱི་རྒྱལ་པོས་འགྲོ་དོན་སྤྲུལ་བསྒྱུར་མཛད་པའི་མཁའ་ལྡིང་ཁྱུང་ཆེན་གྱི་སྒོ་ང་དཀར་སེར་གཡུ་དང་ནག་པོ་བཞི་ལས་སྤྲུལ་པའི་ཁྱེའུ་བཞི་བྱོན་པའི་ཐ་ལྟག་ཁྱུང་འཕགས་ཁྲ་མོ་ཞེས་གཡུ་འབྲུག་འཆིབས་ཤིང་རྫུ་འཕྲུལ་སྨན་བཞིས་ཞབས་ནས་བཏེགས་ཏེ་རྒྱལ་མོ་རོང་དུ་བྱོན་ནས་གཙོ་བོར་ཡུལ་དེར་འགྲོ་དོན་མཛད་པ་དེ་ཉིད་ཀྱི་གདུང་རིགས་ཀྱི་བྱེ་བྲག་འདན་ཆུང་ཞེས། ནང་ཆེན་གྲགས་པ་རྒྱལ་མཚན་སོགས་གྲུབ་པའི་སྐྱེས་མཆོག་ངོ་མཚར་ཅན་དུས་ཕྱིས་བར་རྒྱུན་མ་ཆད་དུ་བྱོན་པ་དེའི་རིགས་སུ་སྐྱེས་ཞེས་བརྗོད་པར་འདོད་པར་སྣང་ཡང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ནི་རིགས་གཙོ་བོར་བྱེད་པ་མ་ཡིན། རུས་
གཙོ་བོར་བྱེད་པ་མ་ཡིན། བསླབ་པ་དང་ཡོན་ཏན་འབའ་ཞིག་གཙོ་བོར་བྱེད་པ་ཡིན་ནོ། བདག་ལྟ་བུ་ཟོས་ཚད་ལོག་འཚོ་དང་དཀོར་ནག་འབའ་ཞིགདྲན་ཚད་ཆོས་བརྒྱད་དང་ཉོན་མོངས་པ། བྱས་ཆད་འཁྲུལ་པའི་ཁ་བསྣོན་ཁོ་ན་ལ་དང་ངམ་ཤུགས་ཀྱིས་སྤྱོད་ཅིང་། སངས་རྒྱས་ཀྱིས་གསུངས་པའི་ལྟ་སྤྱོད་ཡང་དག་པ་སྣ་གཅིག་ལ་ལག་ལེན་ཏུ་མི་ཐེབས་པར་ཐོས་ལོ་བྱས་ལོ་བསྒྲུབ་ལོའི་ངང་དུ་མི་ཚེ་རིལ་གྱིས་རྒས་པ་ལ་ཆོས་དང་མཐུན་པའི་ཡོན་ཏན་ནམ་མཁའི་མེ་ཏོག་དང་རི་བོང་གི་རྭ་ལྟར་བརྗོད་རྒྱུས་ཤིན་ཏུ་ཕོངས་ཤིང་། སྐྱོན་དང་མཚངས་ནས་བརྗོད་པ་ནི་སྐབས་སུ་མ་བབས་པས་རེ་ཞིག་བཏང་སྙོམས་སུ་བཞག །འོན་ཀྱང་དྲན་པ་རྙེད་ཚུན་ཆད་དགེ་བའི་ཕྱོགས་ཁོ་ནར་བློ་གཞོལ་ཞིང་། དབེན་པའི་གནས་བཟང་པོ་ཤུག་པའི་ནགས་ཚལ་སྐྱེས་ཤིང་ལྷ་བྱ་གོང་མོའི་གསུང་སྙན་ཀོང་ཀོང་སྒྲོགས་པ་ཞིག་ཏུ་ཏིང་ངེ་འཛིན་སྒོམ་པ་ཞིག་སྙིང་ལ་འདོད་པའི་སྐྱོ་ཤས་ལྡན་པ་དང་། ཁྱད་པར་སངས་རྒྱས་ཀུན་དངོས་གུ་རུ་རིན་པོ་ཆེར་མི་ཕྱེད་པའི་དད་པ་ལྷན་སྐྱེས་སུ་མངའ་བའི་མཐུ་དང་རྟེན་འབྲེལ་ལས། ཁྱིམ་པ་དང་དེའི་ཕྱོགས་དང་མཐུན་པའི་བྱ་བཞག་རྣམས་ལ་ཆུང་ནས་ཞུགས་མ་དགོས་པར་ནམ་དུའང་རང་དབང་ཡོད་པ་དང་། རང་ལོ་ཉི་ཤུ་སྔོན་ཕན་ཆད་རིག་གནས་སོགས་ལ་སྦྱང་བརྩོན་ཅི་རིགས་བྱས་ཤིང་
དེ་ཚུན་ཆད་སྤྲོས་མེད་ཀྱི་བྱ་བཏང་ཁོ་ན་འདོད་ཀྱང་ཆོས་སྡེ་ཆེན་པོ་འདི་ཉིད་ཀྱི་གྲལ་དུ་ཞུགས་པའི་བསྒྲིགས་ལམ་དང་། རྗེ་བླ་མའི་དགོངས་པ་མ་ཁྲོལ་བའི་སྟོབས་ཀྱིས་རིག་གནས་ཕྲན་ཚེགས་འཆད་སྤེལ། སྒྲུབ་ཁང་ཆེན་མོ་སོགས་སུ་བསྙེན་སྒྲུབ་ཀྱི་རྣམ་པ་འགའ་ཞིག་བགྱིས་པའི་མུར། རང་ལོ་སུམ་ཅུ་པར་བྲོ་ནད་འགའ་ཞིག་གིས་གཙེས་པ་རྐྱེན་ངན་གྲོགས་སུ་ཤར་ཏེ། བདོག་པའི་དངོས་པོ་ཕྲན་ཚེགས་སྤང་དག་གི་སྒོ་ནས་ཚེ་འདིའི་རྟེན་བཞེངས་མིང་འདོགས་རྣམས་ཀྱི་ཐོག་མ། བླ་མ་དགོངས་པ་འདུས་པའི་ཞལ་ཐང་གྲ་ཚར་སྤུས་ལེགས་བཅུ་གཅིག །བཟང་གོས་ཁོ་ནའི་གོང་ཤམ་སོགས་སྒྲོས་ལྡན། གསེར་དངུལ་གྱིས་བྲིས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་གླེགས་བམ། སཱཙྪ་འབུམ་ཐེར་སོགས་བགྱིས་ནས་རི་ཁྲོད་འདིར་བསྙེན་མཚམས་ལོ་གསུམ་མ་ཞིག་གི་དགོངས་ཁྲོལ་སྐྱབས་མགོན་རྡོ་རྗེ་འཆང་ལ་ཞུས་པ། ཐོག་མར་དཀའ་ཚེགས་ཆེ་ཙམ་ལ་མཐར་དགྱེས་བཞིན་ཏུ་ཁྲོལ་བས་འདིར་སྡོད་པ་ལ་བློ་ཕྱོགས་པར་བགྱིས་སོ། །དེའང་དཔལ་ལྡན་བྱང་ཆུབ་གླིང་པའི་སྐབས་སོགས་སུ་འདིར་རྣལ་འབྱོར་གྱི་དབང་ཕྱུག་དུ་མས་བསམ་གཏན་སྒོམ་པའི་གནས་སུ་བདག་གིར་བཟུང་བ་གདོན་མི་ཟ་སྟེ། ད་ལྟའང་རིའི་སྐྱིབས་རྣམས་སུ་སྡོད་པའི་ཤུལ་དུ་མ་སྣང་ལ། གཞི་བདག་གི་
བསེང་རྙིང་དུ། ཡང་ཁྲོད་ཆོས་ཀྱི་ཕོ་བྲང་། ཞེས་པའང་འདི་དག་ཏུ་ངོས་བཟུང་བར་བྱའོ། །ཕྱིས་སུ་ཀུན་མཁྱེན་ཆེན་པོ་དྷརྨཱ་ཀ་རས་སྙིང་པོའི་ཚུལ་ལས་བརྩམས་ཏེ་ངེས་དོན་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཕྱིར་མི་ལྡོག་པ་སེང་གེའི་སྒྲ་ཆེན་པོ་བསྒྲགས་པའི་ཚེ་ཕྱོགས་འདིར་འཕགས་པ་ཐོགས་མེད་ལྷའི་རྒྱལ་པོའི་ཆ་བྱད་ཅན་དུ་གཟིགས་ཤིང་། བེར་ཅན་ལྕམ་དྲལ་དང་དཔལ་ལྡན་ཞིང་སྐྱོང་དབང་པོ་དག་གིས་ཀྱང་གནས་འདི་རུ་ཞལ་བསྟན་པར་གྲགས་པའི་རྟེན་འབྱུང་དང་། བསྟན་པའི་སྲོག་རྩ་ནི་སྒྲུབ་པའི་བརྒྱུད་ཁོ་ན་ལ་རགས་ལས་པ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དགོས་པ་དུ་མ་གཟིགས་ནས། ཐོག་མར་རྗེ་ཉིད་ཀྱིས་སྒྲུབ་པ་ཐོག་གཅིག་མཛད་ནས་བྱིན་གྱིས་བརླབས་ཤིང་། སཱཙྪ་བློ་གྲོས་སུ་གྲགས་པ་གྲུབ་ཆེན་བཀའ་བརྒྱུད་བསྟན་འཛིན་ལ་བཀས་གནང་སྟེ་གནས་འདི་ཉིད་དུ་ནི་གུ་ཆོས་དྲུག་དང་ཕྱག་ཆེན་སོགས་ལོ་གསུམ་སྒོམ་དུ་བཅུག །དེ་རྗེས་རྟོགས་ལྡན་འོད་གཅུང་བླ་མ་ཀརྨ་བསྟན་རྒྱས་ཞེས་བྱ་བ་བླ་མར་བསྐོས་ཤིང་སྒྲུབ་པ་པོ་བཅུ་ཕྲག་གཅིག་བཞུགས་པའི་གནས་ཁང་དང་བཅས་པ་ཆེད་དུ་བསྒྲུབས་ཏེ་ཇི་སྲིད་ཀྱི་བར་དུ་གནས་དགོས་པར་བཀའ་ཡིས་གནང་ཞིང་དགོངས་པ་གཏད་པས་རྗེ་ཉིད་གཞན་དོན་ཏུ་དགོངས་པའི་བར་ལེགས་པར་གནས་ཤིང་། མཚུར་ཕུ་
པདྨ་ཁྱུད་རྫོང་ནས་མཁའ་སྤྱོད་དུ་གཤེགས་པའི་གཡོ་རུ་སྨྱོན་པ་བྱ་བ་དེའང་འདི་ནས་གྲུབ་པ་བརྙེས་ཏེ་སྟོད་དུ་འབྱོན་པས་མཚོན་རྟོགས་པ་དང་ལྡན་པ་དང་། རྣམ་པར་དག་པའི་སྤོང་བ་པ་སྐུ་ཚེ་རིང་དུ་འཚོ་བ་མང་དུ་བྱོན་ཅིང་། སྒྲུབ་གནས་འདི་བཟུང་ཚད་མ་མཐར་ཡང་བསྙེན་བཟླས་དུང་ཕྱུར་མི་འགྲོ་བ་མེད་ཅེས་ད་ལྟའང་རྒན་པོ་ཀུན་ལ་གཏམ་དུ་གྲགས་པ་ལྟར་ནའང་བསྟན་པའི་ཉིན་བྱེད་དགའ་ལྡན་གྱི་གནམ་དུ་གཤེགས་ནས་བླ་བྲང་ལ་འབྱོར་པ་ཅུང་ཟད་ཕྲ་བའི་སྟོབས་ཀྱིས་གནས་འདིའི་སྒྲུབ་པ་པོ་རྣམས་ལ་འཚོ་ཆས་སྟོབ་པ་དཀོན་པས་གྲངས་ཉུང་དུ་སོང་བ་དང་། དབོན་སྤྲུལ་རིན་པོ་ཆེ་དབང་རྒྱལ་རྡོ་རྗེས་བསྟན་པ་སྐྱོང་བའི་སྐབས་སུ་རང་ཉིད་བྱ་བ་ལས་ཀྱི་འཁོར་ལོ་གཙོ་བོར་མཛད་དགོས་པའི་སྟབས་སྤོང་བ་བསམ་གཏན་གྱི་འཁོར་ལོ་ལས་ཅུང་ཟད་གཡེལ་བས། དེའི་ཚབ་ཏུ་སྤོང་བ་པའི་སྡེ་ཁྱད་པར་ཅན་ཞིག་བཙུགས་ན་སྒྲུབ་བརྒྱུད་རིན་པོ་ཆེའི་བསྟན་པ་ལའང་སྲི་ཞུའི་ཕྱག་རྗེས་ཟླ་མེད་པར་འགྱུར་བར་གཟིགས་ནས་བཞེངས་པའི་གནས་བརྟགས་པ་ན། ཕྱོགས་འདིར་ཁང་བའི་ས་རྡོ་དཀོན་ཅིང་ས་མཁོས་བདེ་ཁྱིམ་དབེན་པས་གཙུག་ལག་ཁང་དང་དགེ་འདུན་གྱི་ཀུན་དགའ་ར་བ་སོགས་མཐོ་ཡངས་སྲ་མཁྲང་དངོས་གཙང་བ་བསྒྲུབ་དཀའ་བའི་སྟབས། དུང་དཀར་སྒང་སོགས་ས་
དམིགས་གསུམ་གྱི་བརྟག་པ་རྗེ་བཅུ་གསུམ་པར་ཞུས་པས། གླིང་སྟོད་དུ་བརྟག་པ་བབས་པ་ལྟར། རིག་འཛིན་རྡོ་རྗེ་དྲག་པོས་ས་འདུལ་མཛད་དེ་སྒྲུབ་ཁང་ཆེན་མོ་སྒྲུབ་བརྒྱུད་དར་རྒྱས་གླིང་རྟེན་བརྟེན་པར་བཅས་གསར་དུ་བཞེངས། སྒྲུབ་པ་པོ་བཅོ་ལྔ་རེ་ལོ་གསུམ་ཕྱོགས་གསུམ་གྱི་གྲངས་བཅད་དུ་ཏིང་ངེ་འཛིན་སྒོམ་པའི་འཚོ་ཆས་དང་། ཞབས་འདེགས་པ་བཅས་ཁྲིགས་ཆགས་སུ་བཀོད་པ་ནས་བཟུང་། གནས་འདིའི་རྟེན་བརྟེན་པ་རང་ཤུགས་ཀྱིས་དབྱིངས་སུ་ཐིམ་ཞིང་། སྐྱབས་མགོན་རྡོ་རྗེ་འཆང་དེ་ཉིད་ཀྱིས་ཀྱང་འདི་ཉིད་ཉམས་མི་རུང་ཞེས་ཡང་ཡང་གསུང་བཞིན་ཏུ་ལས་འཛིན་རྣམས་ཀྱི་ཤུགས་ལ་སོང་སྟེ་དགོངས་པ་ལམ་ལུས་ལྟ་བུས་ས་སྟོང་དུ་སོང་བ་ན་ཁོ་བོ་རི་ཁྲོད་དབེན་པ་ཞིག་ཏུ་འགྲོ་འདོད་སྙིང་ལ་བརྣག་པའི་བག་ཆགས་ཀྱིས། རང་ལོ་ཉེར་བརྒྱད་པའི་དབྱར་གྱི་ཡར་ཚེས་ཞིག་ཏུ་འདིར་ལྷ་བསང་གི་ཆེད་དུ་ཕྱིན་པ་ན། སྐབས་དེར་ལམ་སྲོལ་མ་དོད་ཅིང་ཁོ་བོ་ཟླ་གྲོགས་དང་བཅས་པས་འགྲོ་ལམ་ཇི་བཞིན་པ་མ་ཤེས་ཀྱང་ནམ་ལངས་ཙམ་དུ་ཚིག་བདུན་གསོལ་འདེབས་འདོན་བཞིན་ཕྱིན་པར། སྒྲུབ་ཁང་ཆེན་མོའི་ལྟག་ཏུ་བྱ་རྒོད་ཞིག་བབ་འདུག་པ། ཕྲན་རྣམས་མཐོང་བ་དང་མགོ་གུག་པ་དང་བཅས་ཏེ་གྱེན་ཏུ་སོང་བས། རྒོད་འདི་གར་འགྲོ་ཏུ་ངེད་རང་རྣམས་འགྲོ་བྱས་ཏེ་ཕྱིན་པར་ཡང་ཁྲོད་འདིའི་རྒྱབ་
རིའི་རྩེ་བར་རྐང་འགྲོས་ཀྱིས་སོང་ནས་ཤར་དུ་འཕུར་སོང་བ། དེ་ནས་ཕྱིར་བལྟས་པས་རི་ཁྲོད་ཀྱི་ཁང་ཤུལ་མཐོང་བ་ན་མཐུར་དུ་བབས་ཏེ་དེར་ཕྱིན་ཅིང་ལྟ་བསང་རྒྱས་བར་བཏང་བས། ཁ་བའི་རྣམ་པ་འདྲེས་པའི་མེ་ཏོག་གི་ཆར་བབས་པ་སོགས་ལ་ཉེ་ཤིན་ཏུ་ལེགས་ཤིང་ཡིད་ལ་སྤྲོ་བ་འཕེལ་བར་བྱུང་སྟེ། རྒོད་ཀྱི་རྐང་ལམ་དེ་ལའང་བྱ་རྒོད་གདོང་ལམ་དུ་བཏགས་ཏེ་ད་ལྟའི་གདོང་ལམ་གཟར་པོ་འདི་ཉིད་དོ། །དེ་རྗེས་ནམ་འོང་དུས་ཀྱང་ལྟས་མཚན་ལེགས་པ་འདྲ་བྱུང་ཞིང་། །ཁྱད་པར་རང་ལོ་སུམ་ཅུ་པའི་སྟོན་སོར་སྒྲུབ་ཁང་རྣམ་པ་བརྡ་མཚོན་བཅོས། སྒྲུབ་རྒྱགས་ཇ་རྡུམ་གྱི་མགོ་འཁྲི་ཙམ་དང་། གཟན་གོས་ཧྲུལ་པོ་ཐེབས་ཡོད་ཙམ། སྐུ་གསུང་ཐུགས་རྟེན་མཚོན་བྱེད་ཙམ་ལས་བདོག་པའི་དངོས་པོ་གང་ཡང་མེད་ཀྱང་འཚོ་བ་སྤྲང་མ་དགོས་ཙམ་རིམ་པར་འབྱོར་བ་དང་། རིག་པ་དྭངས་ཤིང་དགེ་སྦྱོར་འཕེལ་བའི་ངང་། ཐོག་མར་སྐྱབས་རྗེ་ལ་བཀའ་ལུང་ཞུས་པ་བཞིན་བླ་མ་དཀོན་མཆོག་སྤྱི་འདུས་སྔོན་འགྲོ་དངོས་གཞི་ཡོངས་རྫོགས་ལོ་གསུམ་མའི་ཁུལ་དང་། རིམ་པར་བླ་མ་གསང་འདུས་དང་དགོངས་འདུས། བཀའ་བརྒྱད་བདེ་གཤེགས་འདུས་པ་སོགས་རྙིང་མ་གཏེར་ཁ་གསར་རྙིང་དུ་མ་དང་། བདེ་དགྱེས་རྒྱལ་བ་རྒྱ་མཚོ་སོགས་གསར་མའི་རྒྱུད་སྡེ་གོང་འོག་རྣམས་ཀྱི་བསྙེན་སྒྲུབ་རྫོགས་རིམ་ཅི་རིགས་པ་དང་ཁྱད་པར་གནས་
ལུགས་ཕྱག་རྒྱ་ཆེན་པོའི་དོན་ལ་མཉམ་པར་བཞག་ཅིང་བསྟན་བཅོས་ཅི་རིགས་པའང་བརྩམས་པའི་གཡར་ཁྲལ་བླངས་ནས་ད་ལྟ་ཕན་བགྲང་བྱ་ཉི་ཤུ་རྩ་གཅིག་ཙམ་སོང་བ་ལ་སྔོན་གྱི་ལས་ངན་བསླངས་པ་དང་། འཕྲལ་གྱི་དམ་གྲིབ་སོགས་ལ་བརྟེན་ནད་འཚེ་ཅི་རིགས་བྱུང་ཡང་སྔར་ཕན་བླ་མ་དཀོན་མཆོག་ཐུགས་རྗེས་ལེགས་པར་སོར་ཆུད་ཅིང་། གཞན་མི་བདེ་བའི་རྐྱེན་ངན་གང་ཡང་མ་བྱུང་བར་ལེགས་པའི་ཕྱོགས་འཕེལ་བའི་རྣམ་པ་དང་། ཁྱད་པར་ཆུང་ངུའི་དུས་ནས་གུ་རུ་རིན་པོ་ཆེར་མོས་ཤིང་དེ་ཉིད་ཀྱི་སྒྲུབ་ཐབས་བྱེ་བའི་སྙིང་པོ་དག་ལ་དད་ཅིང་འབད་པས་བསྒྲུབས་པའི་གྲུབ་རྟགས་ཡིད་ཆེས་ཤིང་མངོན་སུམ་པ། བི་མ་ལ་མི་ཏྲ་བཤེས་གཉེན་གྱི་རྣམ་པར་སྣང་བ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་དང་། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་ཞལ་སྐྱིན་འགྲོ་འདུལ་སྤྲུལ་པའི་ཕོ་ཉ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ་ཟུང་དག་གནས་འདིར་སྔ་ཕྱི་ཀུན་ཏུ་རྒྱུད་སྡེ་རྒྱ་མཚོའི་གསང་མཛོད་སྒོ་སྐྱེལ་གྱི་ཚུལ་དུ་བྱོན་ཅིང་། སྐུ་ཚབ་དང་ཤོག་སེར་སོགས་ཁྱད་པར་འཕགས་པའི་རྟེན་དམ་རྫས་དུ་མ་བསྩལ་བ་དང་། ལེགས་ཚོགས་ཀྱི་རྟེན་འབྲེལ་མཐའ་ཡས་པ་བསྒྲིགས་པར་མཛད་པ་ཉིད་དོ། །དེའང་རང་ཉིད་ཀྱི་རྨི་ལམ་དང་རྟོག་པའི་འཆར་སྒོར་འདི་ཉིད་གནས་རི་ཞིག་ཡིན་ནམ་སྙམ་པ་དང་། དགོངས་འདུས་སོགས་གསར་རྙིང་གི་སྒྲུབ་མཆོད་འདྲ་བཏང་བའི་སྐབས་སུ་ཁྱིམ་གྱི་གོ་ཡུལ་ཧ་
ཅང་དོགས་པ་སོགས་ཀྱིས་ལྷ་ཁང་ཆུང་ངུ་ཞིག་བྱུང་ན་སྙམ་ཡང་། རང་ཉིད་ཇི་ཙམ་སྡོད་པའི་རིང་ལས་བྱས་པ་ཆུད་ཟོས་སུ་འགྱུར་བར་ཤེས་ནས་སྤྲོས་མེད་ཀྱི་བརྟུལ་ཞུགས་ལྷུར་བླངས། ཕྱིས་ཞིག་སྐྱབས་མགོན་རྡོ་རྗེ་འཆང་དེ་ཉིད་ཀྱི་ཞལ་ནས། རི་ཁྲོད་འདིར་སྔར་དུས་རྗེ་གོང་མས་ཐུགས་རྩེ་གཏང་། བར་སྐབས་སུ་གུད་ཀྱང་ད་ལྟ་ཡར་རྒྱས་སུ་སོང་བ་ཤིན་ཏུ་ལེགས། ད་སྟེ་ལྷ་ཁང་དང་སྒྲུབ་པའི་སྡེ་ཞིག་བྱུང་ན་ལེགས་པས་ཐབས་བརྩོན་དགོས་ཞེས་བཀའ་ཕེབ་ཀྱང་རྗེ་ཉིད་གཞན་དོན་ཏུ་དགོངས་པར་ཉེ་བ་སོགས་ཀྱིས་དོན་ཐོག་ཏུ་མ་ཁེལ། མེ་འབྲུག་ལོར་གདན་ས་ཆེན་པོའི་ལྷ་གསར་བཀྲ་ཤིས་དཔལ་འབར་དུ་བླ་མ་དགོངས་འདུས་དབང་སྒྲུབ་ཆེན་མོ་བགྱིས་པའི་སྐབས་ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གནས་འདི་ཉིད་དེ་བཱི་ཀོ་ཊི་གསུམ་པ་ཡིན་ཅེས་ཡེ་ཤེས་མཁའ་འགྲོའི་རྡོ་རྗེའི་གླུ་ལས་གསན་པ་ལྟར། ལོ་དེའི་མཇུག་ཏུ་འོག་མིན་ཀརྨའི་གདན་ས་ནས་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པ་ཉིད་བདག་ཅག་རྣམས་ལ་གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་གྱི་ཆོས་སྐལ་བཀའ་དྲིན་ཏུ་སྩལ་བར་ཆེད་དུ་ཕེབ་སྟེ། སྨན་ཤོད་ཛཾ་ནང་པདྨ་ཤེལ་ཕུག་གཙོས་གནས་ཆེན་རྣམས་ཞལ་འབྱེད་ཅིང་། དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་སོགས་སྔར་ས་སྟེང་དུ་མ་གྲགས་པའི་བརྒྱུད་པ་གསུམ་གྱི་གསང་མཛོད་ཟབ་མོའི་རྒྱ་བཀྲོལ་བར་མཛད་
པའི་ཚེ། གནས་འདིའི་ཞལ་དབྱེ་བར་གསོལ་བ་བཏབ་པས། དཔའ་བོ་དབང་ཆེན་བྲག་ནས་གནས་ཆེན་ཉེར་ལྔའི་མདོ་བྱང་བཞེས་ཏེ་གནས་འདི་ཉིད་ཕྱོགས་ཙམ་མཚོན་པར་མཛད། རྩ་གསུམ་ཚེ་དཀར་དང་བླ་མ་དྲག་པོའི་སྐོར་གྱི་ཤོག་སེར་འགའ་ཞིག་སྒྲུབ་ཁང་འདིར་འབེབས་པར་གནང་བས་རྟེན་འབྱུང་ཤིན་ཏུ་དགེ་བར་གྱུར། སླར་དོན་གྲུབ་ས་མོ་ལུག་གི་ལོར་འཇིག་རྟེན་གསུམ་གྱི་འདྲེན་པ་མཐིང་དམར་ཅོད་པན་འཆད་བའི་རྒྱལ་བ་ཡབ་སྲས་ཞལ་རྒྱས་ཤིང་། ཁོ་བོས་ཀྱང་གནས་འདིར་ལྷ་ཁང་ཆུང་ངུ་ཞིག་ཅིས་ཀྱང་བཞེངས་པར་བྱའོ་སྙམ་དུ་དམ་བཅས་པའི་སྐབས། གཏེར་ཆེན་བླ་མ་ཉིད་ཀྱང་ཆགས་ཕེབ་སྟེ་སྒྲུབ་གནས་འདིར་རྩ་བའི་ཐུགས་སྒྲུབ་དགོངས་པ་ཀུན་འདུས་ཀྱི་ཤོག་སེར་འབེབས་པར་གནང་བའི་ཚེ། རྡོ་རྗེའི་གསུང་ལས། མདོ་ཁམས་གནས་ཆེན་ཉེར་ལྔ་ཡན་ལག་དང་བཅས་པ་སོ་སོར་ལྷ་ཁང་དང་སྒྲུབ་པའི་སྡེ་རེ་རེ་བྱུང་ན། སྤྱིར་གངས་ཅན་ལྗོངས། སྒོས་མདོ་ཁམས། ཡང་སྒོས་སོ་སོའི་ཡུལ་ལྗོངས་སུ་མཐའ་དམག་གཙོ་བོར་གྱུར་པའི་མི་བདེ་བའི་རྒུད་པ་མཐའ་ངག་ཞི་བའི་གནད་ཀྱི་མེ་བཙའ་ཡིན་ཅིང་། དེ་བཞེངས་པ་པོའི་གང་ཟག་ཀྱང་གནས་དང་འབྲེལ་བར་སོ་སོར་འབྱུང་བས་འདིར་ནི་ཁྱོད་རང་ལ་སྐབས་སུ་བབ་ཅིང་། དེའང་དཔལ་ཡང་དག་ཧེ་རུ་ཀའི་སྐུ་བརྙན་ཞིག་ཅིས་ཀྱང་བཞེངས་དགོས་ལ། དེའི་སྐུ་རྒྱུ་དང་ནད་གཞུག་
རྣམས་ཉེ་ལོགས་འདིར་གཏེར་དུ་ཡོད་པར་སྣང་ཞེས་ཕེབ་པས། རང་ཉིད་རྟེན་ཆེན་བཞེངས་པའི་འབྱོར་བ་དམན་ཀྱང་རྟེན་འབྲེལ་གྱི་ཁྱད་ལ་བསམ་སྟེ་ཇི་ལྟར་བཀའ་སྩལ་བ་ལྟར་བསྒྲུབ་བར་བགྱི་བའི་ཁས་ལེན་ཞུས་ནས། སླར་ཡང་དབོན་སྤྲུལ་རིན་པོ་ཆེ་དང་ཆབ་གཅིག་གནས་གཏེར་གྱི་ཞལ་དབྱེ་བར་གསོལ་བ་བཏབ་པ་ན། ལགས། ཙཱ་འདྲ་རིན་ཆེན་བྲག་དཔལ་སྤུངས་ཀྱི་གནས་སྒོ་འབྱེད་པར་དགོས་ཞེས་བཀའ་སྩལ་བྱུང་དོན་བཞིན་རྩ་གསུམ་མཁའ་འགྲོའི་ལུང་བསྟན་འདི་ལྟར་མཆིས། ཐུགས་ཀྱི་གནས་མཆོག་ཙཱ་འདྲ་འདིཿ སྙིང་རྩ་འདབ་བརྒྱད་ཚུལ་དུ་ཡོད༔ ཤར་སྒོར་དཔལ་ཆེན་ཧེ་རུ་ཀའིཿ ༔ལྷ་ཁང་བཞེངས་ཤིང་གནས་སྲུང་ལ༔ རྟེན་བཅའ་བརྟེན་གཟུགས་བྱས་ནས་སུ༔ གནས་སྒོ་འབྱེད་པར་ཤིན་ཏུ་གཅེས༔ ཞེས་དང་། ལུང་བསྟན་མདོ་བྱང་ལས། འུག་པ་ལུང་དུ་སྤྲུལ་པའི་ལྷ་ཁང་འབྱུང་༔ དེ་ཉིད་འཕོས་ནས་ཤར་ཕྱོགས་མི་འགོ་བརྩེགས༔ ཙཱ་འདྲ་རིན་ཆེན་སྤུངས་སུ་ལྷ་ཁང་འབྱུང་༔ བཻ་རོའི་རྣམ་འཕྲུལ་ཤཱཀྱ་བློ་གྲོས་གཉིས༔ ཧེ་རུ་ཀ་དཔལ་ས་ལ་འཕོས་པ་ཡི༔ མཐོང་ཐོས་དྲན་རེག་གྲོལ་བའི་སྐུ་ཡང་བཞེངས༔ ནང་རྒྱུད་སྡེ་གསུམ་སྒྲུབ་པའི་སྡེ་བཙུགས་ནས༔ བརྩོན་འགྲུས་ཅན་དག་མཁའ་སྤྱོད་ངེས་པར་འགྲུབ༔ ཅེས་པའི་ལུང་བསྟན་སོགས་དང་། མཁའ་འགྲོའི་གསང་
ལུང་ལས། ངེས་པར་དགོན་གནས་མེ་ཡིས་འཇིག༔ བྱང་ཕྱོགས་དཔལ་ཆེན་ལྷ་ཁང་བཞེངས༔ ཞེས་པས་གནས་ཀྱི་གཙོ་བོ་གནས་ཆེན་ཉེར་ལྔའི་ལྟེ་བར་འཕགས་པའི་སྐྱེས་བུ་རེ་འབྱུང་། དེ་རྣམས་ཀྱིས་ལྷ་ཁང་རེ་བཞེངས་ན་བོད་ཁམས་བདེ་ཐབས་དེ་བས་ལྷག་པ་མི་དགོས་པར་གསུངས་པས། འདིར་ཡང་། གནས་ཀྱི་ཤར་ཕྱོགས་ཡེ་ཤེས་རྩ་ཡི་མཚོན་པ་ཤར་སྒོར་འདིར་ཧེ་རུ་ཀའི་ལྷ་ཁང་བཞེངས། ཡོངས་འདུས་ཤིང་རྩར་སྔགས་སྲུང་མའི་རྟེན་ཡིན་པས་དེ་འབྲེལ་ཤར་སྒོ་འདིར་སྲུང་མའི་རྟེན་བཅའ་ཞིང་གནས་སྒོ་འབྱེད་པར་གལ་ཆེ་བས་དེ་ལྟར་འབྱུང་ཐུབ་མིན་སྐུ་མཆེད་གཉེར་ཕྱག་ཀུན་ནས་ཐུགས་གྲོས་མཛད་ནས་གསུང་གསལ་ཞུ། ཞེས་ཕྱག་བྲིས་ཕྱག་ཐམ་གྱིས་སྤྲས་པ་སྩལ་ཞིང་། གདན་ས་འདིར་མེ་དགྲའི་དོགས་པ་ཤིན་ཏུ་ཆེ་བ་ཤོག་སེར་དང་གསང་ལུང་གཉིས་ཀར་གསལ་ཞིང་། དེའི་གཉེན་པོར་བྱང་ངོས་སུ་དཔལ་ཆེན་པོའི་ལྷ་ཁང་ཞིག་བྱུང་ན་སྐྱོན་མེད་ཅིང་དེའང་དུས་ཀྱི་རྟེན་འབྲེལ་འགྱང་ན་ཕན་པ་མེད་པས་ལོ་འདི་ཉིད་དུ་ལྷ་ཁང་གྲུབ་པ་དགོས་ཞེས་ཕེབ་པས། ཤིང་ཆ་སོགས་སྔ་ཚག་མ་བྱས་པ་དང་། རང་ཉིད་འཚོ་བ་རྒྱལ་ཁམས་ཀྱི་བསོད་ནམས་ལ་རེ་བས་འཕྲལ་དུ་ལྷ་ཁང་འགྲུབ་པའི་ཡོ་བྱད་རྔོ་མི་ཐོགས་པས། སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དབོན་སྤྲུལ་རིན་པོ་ཆེར་ཕྱིའི་ལྷ་ཁང་རྩ་བ་ཙམ་བླ་བྲང་གཞུང་
ནས་བཞེངས་པ་གནང་གྲུབ་པ་བྱུང་ན། ཡན་ལག་དང་ནང་རྟེན་ཆེ་ཕྲ་རང་ནས་ཀ་ཅ་གང་ཡོད་སྤང་དག་གི་ཚུལ་གྱིས་རིམ་པར་སྒྲུབ་ཚུལ་ཞུས་པས། བསྟན་པའི་སྤྱི་དོན་ལ་དགོངས་རྒྱ་ཆེ་བསྐྱེད་ཀྱིས་ཐུགས་ལ་གཅགས་ཏེ་གཉེར་ལས་རྣམས་ལ་རྒྱུ་མཚན་བཅས་བཀའ་ཡིས་གནང་བས་འདིར་ལྷ་ཁང་བཞེངས་རྒྱུའི་ཐག་ཆོད་པའི་ཚེ། རང་གི་རྣམ་པར་རྟོག་པ་ལ། ལྷ་ཁང་ཙམ་ཞིག་གྲུབ་ཏུ་ཟིན་ཀྱང་འཛིན་བདག་དམིགས་སུ་བསལ་བ་ཞིག་མེད་ན་སྤྱི་བདག་བླ་བྲང་ནས་ཀྱང་ཡུན་རིང་པོར་ཉམས་རྩ་ཇི་བཞིན་འབྱུང་བར་དཀའ་བས། རྟེན་དང་འབྲེལ་པར་སྒྲུབ་པའི་སྡེ་ཉུང་ངུ་ཞིག་བཙུགས་ན་ཇི་ལྟར་འགྱུར་སྙམ་མཁན་ཆེན་བླ་མ་ཟླ་བཟང་རིན་པོ་ཆེར་བརྟགས་པ་ཞུས་པས་བསྟན་པ་ལ་ཕན་པའི་མནལ་ལྟས་ཤིན་ཏུ་ལེགས་ཤིང་། ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་རྩལ་ལ་ཞུས་པས་ཀྱང་གཟིགས་སྣང་ཁྱད་པར་ཅན་བྱུང་བས་ལེགས་པར་འོང་ཞེས་དབུགས་དབྱུང་སྩལ་བས་སྤོང་པའི་ཁང་པ་འཁོར་དང་བཅས་པ་བགྱིད་པ་ལ་བློ་ཉ་བར་གཞོལ་བར་བྱས་སོ། །དགུན་དུས་སོ་ནམ་འབད་ཀྱང་འདོད་པའི་འབྲས། །འབྱུང་མིན་ནམ་ཟླ་ས་ཆུ་དྲོས་པ་ན། །སྨན་གྱི་མྱུ་གུ་མེ་ཏོག་གསར་པའི་ཚལ། །ལོ་ཏོག་མཐར་ཕྱིན་སྨིན་པ་དངོས་པོའི་སྟོབས། །ཉམ་ཆུང་ཁོངས་སུ་སྦས་པའི་ལྷག་བསམ་གྱི། །སཱ་ལའི་ས་བོན་ཕྲ་ཡང་སྔོན་དགེ་ཡི། །དུས་ལ་སོན་ཚེ་
དགུང་ཞག་འགའ་ཞིག་ནས། །ཡལ་གའི་རྩལ་རྒྱས་འཕྲུལ་དགའི་རྣམ་འཕྲུལ་བཞིན། །གནས་སྐབས་ལེགས་པའི་འདུན་མའི་སྟངས་འཛིན་ཅིང་། །མཐར་ཐུག་སྒྲུབ་བརྒྱུད་བསྟན་པའི་སྲོག་བཟུང་བ། །གཏེར་ཆེན་བླ་མའི་བཀའ་དྲིན་ལྕིད་གཞལ་ན། །ལྷུན་པོའི་གཏོས་ཀྱང་ཤིན་ཏུ་ཡང་བར་རྟོག །གསུམ་པ་གང་ཞིག་སྒྲུབ་པའི་རྟེན་གཙུག་ལག་ཁང་ལ་གཉིས། ཇི་ལྟར་འདུ་བགྱིས་པ། དེ་དང་རྗེས་སུ་འབྲེལ་པ་རྣམས་ཀྱི་བཞུགས་ཚུལ་དཀར་ཆག་སྨོས་པའོ། །དང་པོ་ནི། ཐོག་མར་རི་ཁྲོད་སྔ་མའི་ཤུལ་དུ་གཤག་མིག་མཚོན་བྱེད་གཅིག་གཉིས་འདུག་པ་ལ་ཡང་བཟོ་ཕྲན་བུ་བགྱིས་ནས་སྒྲུབ་པ་ལོ་ཤས་དགེ་སྦྱོར་འཕེལ་བར་བྱུང་ཐོབ། འདོན་སྒྲུབ་མཁན་དང་བྲིས་པ་སྡོད་གནས་སོགས་མ་བྱས་ཀ་མེད་རྣམས་རིམ་པར་བཅོས་པའི་འོག་ཁང་སྐོར་གྱི་གཙོ་བོ་རང་གི་སྒྲུབ་ཁང་བང་བའི་ནང་དུ། དོན་གྲུབ་ས་མོ་ལུག་གི་དཔྱིད་སོས་གནས་ཞལ་རྒྱས་པར་དབྱེ་བའི་སྔ་ལོག་ཏུ་གཏེར་ཆེན་རིན་པོ་ཆེའི་བཀའ་ལྟར་མ་མགོན་ཟུང་གི་རྟེན་བཅའ་བ་དང་འབྲེལ་པར་མགོན་ཁང་དུ་བགྱིས་པ་ནི་འདིའི་ལྷ་ཁང་དང་སྒྲུབ་པའི་སྡེ་གསར་འཛུགས་རྣམས་ཀྱི་ཐོག་མ་ཡིན་ལ། སླར་གཏེར་ཆེན་རིན་པོ་ཆེ་གུ་རུ་སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པའི་སྐུར་བཞེངས་ནས་ལྷ་སྲིན་དམ་འདོགས་ཀྱི་བཀའ་ནན་རབ་ཏུ་བརྗིད་པ་ལན་དགུ་མཛད་པ་དང་འབྲེལ་བར་
གཙུག་ལག་ཁང་གི་ས་གཞིའི་ཁྱོན་ཐམས་ཅད་ལ་བཀྲ་ཤིས་པའི་མེ་ཏོག་གི་ཆར་ཆེན་པོ་བསྙིལ་ཏེ་བྱིན་གྱིས་བརླབས། ནག་པ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུ་གཟའ་སྐར་འཕྲོད་སྦྱོར་ཤིན་ཏུ་དགེ་བར་སྒྲུབ་ཁང་ཆེན་མོའི་རྡོ་རྗེ་སློབ་དཔོན་སྡེ་སྣོད་གསུམ་གྱི་གླེགས་བམ་སྤང་ཕུག་ཀརྨ་ངེས་དོན་གཙོར་མཛད་བསྙེན་སོང་གི་སྒྲུབ་བླ་མ་རྣམས་ནས་བཀྲ་ཤིས་པའི་གསོ་སྦྱོང་སྔོན་ཏུ་འགྲོ་བ་ཅན་གྱི་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་སྒོ་ནས་ས་སློང་བ་སྦྱོང་བ་བཟུང་ཞིང་སྲུང་བ་རྣམས་ལེགས་པར་མཛད། དེའི་ཉ་ལ་རང་ཉིད་དང་འཚོགས་ཆེན་གྱི་རྡོར་སློབ་ལུང་རྟོགས་ཡོན་ཏན་གྱི་གཏེར་མཛོད་ཀརྨ་རཏྣ་སོགས་བསྙེན་སོང་ཁ་ཅིག་གིས་དཔལ་དུས་ཀྱི་འཁོར་ལོའི་སྒོ་ནས་ས་ཡི་ཆོ་ག་དང་སྒྲུབ་མཆོད་རྒྱས་པར་བགྱིས་ཤིང་། བླ་མ་དགོངས་པ་འདུས་པའི་སྒོ་ནས་ཀྱང་ས་ཆོག་དང་རྗེས་སུ་འབྲེལ་བར་གཏེར་བུམ་ཁྱད་པར་ཅན་མང་དུ་སྦས། དེ་ནས་བསྟན་པའི་སྲོག་ཤིང་དབོན་སྤྲུལ་རིན་པོ་ཆེས་ཐུགས་རྩོལ་གནང་སྟེ་ལྷ་ཁང་གི་ཁྱམས་དང་བཅས་པའི་ཕྱི་ཁོག་བླ་བྲང་ནས་གྲུབ་པར་མཛད། དེའི་རྗེས་འབྲེལ་དུ་རང་གི་སྒྲུབ་ཁང་བང་ཆུང་གིས་མཚོན་པའི་བར་ཁང་སྤོང་བ་པའི་ཁོར་ས་རྣམས་རང་ཉིད་ནས་རྩོལ་བ་དང་བླ་བྲང་ནས་ཀྱང་མཐུན་རྐྱེན་གནང་། གསེར་ཟངས་ལས་བཅོས་པའི་པུ་ཤུའི་རྒྱན་དང་ཉེ་སྲས་དགུ་ཐང་ཡང་དག་སྤར་སོགས་རང་གི་ཉེ་དུ་གཡུང་
དྲུང་ཚུལ་ཁྲིམས་ནས་བསྒྲུབས། གཞན་ཁང་བཟོའི་ཞིབ་ཚགཀུན་དགའ་ར་བ་དང་མཆོད་ཁྲིས་མཚོན་ཤིང་ལས་ཆེ་ཕྲ། སྒོ་ལྕགས་སོགས་མགར་ལས་ཆེ་ཕྲ། ཚོན་རྩི་དང་ལྷ་བཟོའི་བྱ་བ། མདོར་ན་རྟེན་བཞག་ཏུ་བྱུང་བའི་སྐུ་བརྙན་ཞལ་ཐང་མཆོད་ཆ་རོལ་མོའི་རིགས་འགའ་ཞིག་མ་གཏོགས་རྟེན་བརྟེན་པ་ཡོངས་སུ་རྫོགས་པ་རང་ཉིད་ཀྱིས་རྩོལ་བ་བྱས་ཏེ་རིམ་གྱིས་གྲུབ་པའོ། །གཉིས་པ་ནི། གཙུག་ལག་ཁང་གི་ཕྱིའི་རྒྱན་གྱི་གཙོ་བོ་རྡོ་རྗེ་ནོར་བུའི་ཏོག་གི་མཚོན་བྱེད་གསེར་འཕྲུའི་འོག་བཞི་བང་ཆུང་ནང་དུ། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རིག་འཛིན་ཁྱད་པར་འཕགས་པའི་ལས་ཚོགས་སུ་བཤད་པ་ལྟར་གནས་ཆེན་བྱིན་འབེབས་ཀྱི་ཆོག །སྒྲོམ་བུའི་དབུས་སུ་དཀྱིལ་འཁོར་མཚན་ཉིད་དང་ལྡན་པ་བཞེངས་པའི་ལྷ་གནས་རྣམས་སུ། ལྷ་ཤིང་གི་བྱང་བུ་ལ་གཙོ་འཁོར་སོ་སོའི་སྐུ་དང་རྒྱབ་ངོས་སུ་སྔགས་བྱང་ཤམ་བུ་བཅས་གསེར་དངུལ་ལས་རང་གིས་ལག་བསྟར་དུ་བྲིས་པ་བཙུགས་ཤིང་གཏེར་རྫས་བསླད་མེད་གཙོར་གྱུར་རིང་བསྲེལ་བཞི་དམ་རྫས་རིན་ཆེན་སྨན་འབྲུ་དར་ཟབ་སོགས་ཀྱིས་བཀང་བ། ཕྱོགས་བཞིར་རྒྱལ་ཆེན་གྱི་རྟེན་དང་བཅས་པ་དང་། གཏེར་ཆེན་རཏྣ་གླིང་པའི་ཕུར་པ་ཡང་གསང་བླ་མེད་ཀྱི་ལས་ཚོགས་སུ་གསུངས་པ་གླང་ཆེན་བཀྲ་ཤིས་འབྱུང་བའི་རྒྱུད་དོན་ལྟར། ཆོས་འཁོར་རྣམ་གསུམ་གཙོས་
བཀྲ་ཤིས་ཤིང་བྱིན་རླབས་ཆགས་པའི་ས་སྣ་མཐའ་ཡས་པ་ལས་གླང་པོ་ཆེའི་གཟུགས་ལུ་གུ་ཙམ་བཅོས་པའི་ནང་གི་སྟོད་ཀྱི་ཆར། བསོད་ནམས་གླང་པོ་སྟོབས་བསྐྱེད་ཀྱི་འཁོར་ལོ་གཏེར་ཁ་གསར་རྙིང་གི་ལུགས་སོ་སོ་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེས་བཅའ་སྒྲུབ་གནང་བ་དང་། ནོར་ལྷའི་རིགས་ཀྱི་སྲོག་གཟུངས། བཀྲ་ཤིས་བརྩེགས་པའི་གཟུངས་རྣམས་ཚར་གྲངས། ཡབ་སྲས་རྣམས་ཀྱིས་རབ་གནས་སྐབས་ཆེད་སྒྲུབ་གནང་བའི་ཕྱག་ནས་དང་། ཇོ་ཤཱཀ་སོགས་ལ་སྐུ་ཁྲུས་གསོལ་བའི་ཁྲུས་ཆབ་དྲི་བཟང་ཕུར་མ། དར་ཟབ་སྨན་འབྲུ་རིན་པོ་ཆེ་ཟས་སྣ་ཚོགས་ཚད། སྨད་ཀྱི་ཆར་གཙུག་ཏོར་རྣམ་རྒྱལ་དང་སྟོབས་པོ་ཆེའི་གཟུངས། ཟློག་པ་དང་ཡང་ཟློག་གི་རིགས། ཆེད་དུ་བཅོས་པའི་མཚོན་ཆ་སྣེ་ཚང་བཅས་ཀྱིས་བཀང་བའི་གླང་ཆེན་བཅས་ཆོག་ཏུ་གྲགས་པ་འདུ་བགྱིས་ཤིང་། དེ་གཉིས་ཀའང་སྦྱོར་དངོས་རྗེས་ཀྱི་བྱ་བ། དུས་ཀྱི་ཁྱད་པར། ཆོ་གའི་ཚུལ་རྣམས་སོ་སོའི་གཞུང་ལས་བཤད་ཚོད་ལྟར་མ་ཆད་བར་བགྱིས་ནས་བདེན་པའི་མཐུ་བསྐུལ་ཏེ་རྒྱལ་ཁམས་བདེ་བའི་སྨོན་ལམ་ནན་ཏུ་བཏབ་ཅིང་བརྟན་པར་བཞུགས་པར་བགྱིས་པའོ། །དེ་དག་གི་དགོས་པའང་སྔ་མ་ནི་ཞལ་གདམས་སྙིང་བྱང་ལེའུ་བཅུ་གཅིག་པ་ལས། ཨེ་མ་ངོ་མཚར་རྨད་ཀྱི་ཕུལ༔ བྱིན་རླབས་ཆོ་ག་འདི་ལྡན་ན༔ ས་ཕྱོགས་
གང་དང་གང་ཡིན་ཀྱང་༔ རང་བྱུང་གདོད་ནས་གྲུབ་པ་ཡི༔ ཡུལ་ཆེན་རྣམས་དང་དབྱེར་མེད་ཅིང་༔ ཁྱད་པར་གནས་རྟེན་ཉམས་པ་གསོ༔ བྱིན་རླབས་ལྡན་པ་གོང་དུ་འཕེལ༔ དམ་སྲི་འབྱུང་པོས་ཉེ་མི་ནུས༔ བཀྲ་ཤིས་བྱིན་ཆགས་ཉམས་དགར་འགྱུར༔ གནས་ཀྱིས་གང་ཟག་བྱིན་རླབས་པས༔ གནས་དེའི་ཉེ་སྐོར་ཚུན་ཆད་དུ༔ རང་བཞིན་གནས་པའི་དུད་འགྲོ་ཡན༔ ཐམས་ཅད་རྩ་གསུམ་ལྷ་ཚོགས་ཀྱི༔ ཡེ་ཤེས་ཆེན་པོས་རྗེས་འཛིན་ན༔ རྩེ་གཅིག་བསྒོམ་དང་བསྒྲུབ་པ་ཀུན༔ མྱུར་དུ་མཆོག་དང་ཐུན་མོང་གི༔ དངོས་གྲུབ་འགྲུབ་པ་སྨོས་ཅི་དགོས༔ བར་ཆད་སེལ་ཞིང་བསམ་དགུ་འགྲུབ༔ མདོར་ན་མང་དུ་སྨོས་ཅི་དགོས༔ པདྨ་འོད་དང་དབྱེར་མེད་པའི༔ སྣོད་བཅུད་དག་པའི་ཞིང་དུ་འགྱུར༔ མཐོང་ཐོས་དྲན་རེག་གྲོལ་བའི་ཕྱིར༔ གཞན་དོན་ཕྲིན་ལས་རླབས་པོ་ཆེ༔ སྒྲུབ་པའི་གདམས་པ་མཐར་ཐུག་གོ༔ ཞེས་གསུངས་པ་ལྟར་དང་། ཕྱི་མ་ནི་སའི་དགྲ་དང་ས་དམིགས་ཀྱི་གཉན་ཆ། ལྷ་འདྲེ་འགྱུ་སྲང་དུ་ཐུག་པའི་ཀོ་ལོང་། དུས་འཁྲུགས་དགྲ་སྲི་ཁ་སྨྲ་ཟློག་ཅིང་གནས་ཁང་ལོངས་སྤྱོད་དང་ལྡན་ལ་མཐའ་བརྟན་པ་དང་མི་ཤིས་པ་ཐམས་ཅད་ཤིས་པར་བྱེད་ཅིང་། བཀྲ་ཤིས་པ་དང་ཡོན་ཏན་ཐམས་ཅད་འགྲུབ་པར་བྱེད་པ་སྟོབས་ཆེན་བཀྲ་ཤིས་ཀྱི་རྟེན་འབྲེལ་མཆོག་ཏུ་གྱུར་པར་གསུངས་སོ། །གསེར་
འཕྲུ་ནི་གཙུག་ལག་ཁང་མཛེས་བྱེད་ཀྱི་རྒྱན་ཙམ་དུ་གྱུར་པས་ནང་གཞུག་གི་ཚུལ་དམིགས་སུ་མ་བཤད་ཀྱང་ལེགས་པའི་ཡན་ལག་ཏུ་རིང་བསྲེལ་གྱི་སྙིང་པོ་ཅན་ཏུ་བགྱིད་པའི་ཕྱག་ལེན་གྱི་རྒྱུན་བཞིན་དེ་བཞིན་གཤེགས་པའི་གདུང་ཡུངས་འབྲུ་ལྟ་བུ་དང་། རྩ་བ་གསུམ་གྱི་གཟུངས་སྔགས། གཟུངས་ཆེན་སྡེ་ལྔ་ཆ་གྲངས་ཀྱིས་གཙོར་བྱས་རིང་བསྲེལ་རྣམ་པ་བཞི་སྟོད་སྨད་གོ་རིམ་མ་ལོག་པར་བཅུག་ཅིང་། བླ་མ་དགོངས་འདུས་རྒྱུད་དགུ། མཚན་བརྗོད་གླེགས་བམ་སོགས་གསར་རྙིང་རྒྱུད་ཀྱི་ཡང་སྙིང་ཆེས་ཟབ་པ་རྣམས་དང་། གྲོང་ཁྱེར་སྒྲོལ་བའི་འཁོར་ལོ་སོགས་ཙཀྲའི་རིགས་གྲོལ་བ་བཞི་ལྡན་གྱི་ཕན་ཡོན་ཁྱད་པར་ཅན་རྣམས་དང་། ལྷག་པར་གཙུག་ཏོར་གདུགས་དཀར་གྱི་འཁོར་ལོ་ཆ་བདུན། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་མདོ་གཟུངས་རས་དཀར་ལ་བཏབ་པ། བླ་མ་དགོངས་པ་འདུས་པ་དང་ཐུགས་རྗེ་ཆེན་པོའི་མཐོང་གྲོལ་ཙཀྲ་ཚད་ལྡན་ཏུ་བསྒྲུབས་པ། གུར་དྲག་ཡེ་ཤེས་རབ་འབར་གྱི་རྩ་རྒྱུད་གླེགས་བམ་རྣམས་ན་བཟའ་དང་ལྡན་པ། ཁྲོ་པུ་སེམས་དཔའ་ཆེན་པོའི་དབུ་ལྗོན་ལས་གྲུབ་པའི་ཐུབ་པའི་དབང་པོའི་སྐུ་བརྙན་ཁྲོ་ཕུ་ཐོག་ཐུབ་མར་གྲགས་པའི་སྨན་སྐུ་ཁྱད་པར་ཅན་བཞུགས་སྒྲོམ་དང་བཅས་པ། བུ་སྟོན་ཐམས་ཅད་མཁྱེན་པས་རྒྱུད་སྡེ་རྣམས་ཀྱི་དགོངས་པ་བསྡུས་པ་ཐོག་དང་ས་
གཡོས་སོགས་གནོད་པ་སྲུང་བའི་ཙཀྲ་ལུང་བསྟན་མ་བཅས་གཞུག་པར་བགྱིས་ཤིང་། དགུན་ཟླ་ར་བའི་ཡར་ཚེས་འགྲུབ་པའི་སྦྱོར་བ་ལ་འཛུགས་སྟོན་དང་འབྲེལ་བར་རབ་ཏུ་གནས་པ་དང་། དམིགས་བསལ་གདུགས་དཀར་གྱི་རྒྱལ་མཚན་འཛུགས་པའི་ཆོ་ག་ལེགས་ལྡན་གྱི་གཏོར་འབུལ་དང་བཅས་པ། རྒྱལ་མཚན་རྩེ་མོའི་ཆོ་ག །གཏེར་གསར་ཐུགས་སྒྲུབ་གནས་ཆེན་བྱིན་འབེབས། དགོངས་འདུས་དང་ཡེ་འབར་གྱི་གཙུག་ལག་ཁང་མཐོང་གྲོལ་གྱི་ཆོ་ག་རྣམས་ཀྱང་དཔོན་སློབ་ཁ་ཤས་ཀྱིས་ཉིན་གསུམ་དུ་བསྒྲུབས་པར་བགྱིས་སོ། །མགོན་ཁང་གི་ཕྱི་རྟེན་བོད་སྔགས་རྙིང་པ་རྣམས་ཀྱི་ཕྱག་ལེན་རྔ་ཐུག་གི་རྒྱལ་མཚན་ལ་བཤད་ཁུངས་ཆེ་བས་ལུགས་སུ་ཐུན་མོང་གི་རུ་མཚོན་ཏུ་གྲགས་པའང་ལུགས་དེ་དང་། སྨིན་གླིང་གཏེར་ཆེན་གྱི་གསུང་རབས་གཏེར་གསར་ཟབ་བདུན་གྱི་ཆ་ལག་ལས་དམིགས་སུ་བྱུང་བ་རྣམས་གུང་སྤྲོས་ཏེ། ཐུག་དབུས་མར་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ། རྡོ་རྗེ་བེར་ཅན། ཕྱག་བཞི་པ། ཚོགས་བདག་བཀའ་གཏེར། མ་ནིང་སོགས་མགོན་ཆེན་རྣམས་དང་། གཡས་ཡེ་ཤེས་ཀྱི་མ་མོ་སྔགས་ཀྱི་སྲུང་མ། དཔལ་ལྡན་ལྷ་མོ་རང་བྱུང་མ་སོགས་མོ་རྒྱུད་རྣམས་དང་། གཡོན་གཟའ་དམ་ཅན་ཞིང་སྐྱོང་སོགས་དྲེགས་པ་སྤྱིའི་རྟེན་ཏུ། སོ་སོའི་སྐུ་གཟུགས། སྲོག་འཁོར། མེ་
ལོང་སྙིང་པོ་ཅན། རིག་འཛིན་རོལ་པའི་རྡོ་རྗེའི་གཏེར་བྱོན་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་སྤྱིའི་སྲོག་འཁོར་མགོ་ལག་དང་གཡེར་ཁའི་ཆུན་འཕྱང་། རུ་མཚོན་གྱི་རྒྱན་སོགས་འདུ་བགྱིས་ནས་སོ་སོར་སྦྱོང་ཁྲུས་སྔོན་ཏུ་འགྲོ་བའི་བསྐྱེད་བསྟིམ་སྔགས་རྒྱུན་དང་འབྲེལ་བའི་རབ་གནས་སོགས་ལོ་མཇུག་ཡར་མར་གྱི་མགོན་སྒྲུབ་རྣམས་ཀྱི་སྐབས་སོགས་སུ་ཡིད་ཆེས་བགྱིས་ནས་གཟའ་ཚེས་བཟང་པོ་ལ་འཛུགས་པའི་སྐབས་སུའང་གོང་སྨོས་དེ་དག་སོ་སོ་ལས་ཇི་ལྟར་བཤད་པའི་ཆོ་ག་གསར་རྙིང་སོ་སོར་ཆད་ལུས་མེད་པར་བསྒྲུབས་པའོ། །གནས་སྒོ་འབྱེད་པ་དང་གཙུག་ལག་ཁང་བརྩེགས་པའི་སྔ་རོལ་དུ་འབུར་མོ་བྲག་དཀར་གྱི་ཟབ་གཏེར་ལས་བྱོན་པའི་ལུང་བྱང་ལྟར་ཞིང་སྐྱོང་ལྷན་ཅིག་སྐྱེས་མ་གནས་འཆའ་བའི་ལྗོན་ཤིང་བྷ་ཊའི་རྩ་བར་ལྷ་རྟེན་གྱི་ནང་དུ་སྨུག་ནག་ཁྲོས་པའི་རྒྱལ་མོ་སྔགས་སྲུང་རྡོ་རྗེ་རལ་གཅིག་མའི་བླ་རྡོ་སྲོག་འཁོར་གྱིས་མཚོན་པའི་རྟེན་རྣམས་ཚད་ལྡན་དུ་སྦྱར་བ་དང་། སྔགས་སྒྲ་སྒྲོག་པའི་ཆུ་བོ་རྣམ་བཞིའི་ཡ་གྱལ་རུ་ལུའི་སྒྲ་ལྡན་ནད་གདོན་ཀུན་སེལ་གྱི་ཁྲུས་ཆུང་ངོས་འཛིན་གནང་བའི་ཉེ་ལོགས་ཀྱི་ཀླུ་རྟེན་ཏུ། ལས་འབྲེལ་རྩལ་གྱི་གཏེར་བྱོན་གསང་བདག་དྲེགས་འདུལ་གྱི་ལས་ཚོགས་སྨིན་གླིང་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོས་གོ་བདེའི་ལག་ལེན་ཏུ་བསྡེབས་པ་ཀླུ་ཆོག་གདེངས་ཅན་
བདུད་རྩི་ལས་ཇི་ལྟར་བཤད་པ་ལྟར། ཀླུ་གཏའ་སྡོམ་པའི་གཏེར་བུམ་དགུ་ས་ལེ་སྦྲམ་གྱི་གླང་དམར་སོགས་ལ་གཟུངས་སྔགས་འདོད་གསོལ་ནང་བཅུད་གཙང་ལ་དག་པ་འདུ་བགྱིས་ཤིང་། ཁྱད་པར་སེང་བྲག་གཏེར་བྱོན་འཕགས་པ་ཀླུ་སྒྲུབ་ཀྱི་ཀླུ་སྨན་རིལ་བུ་རྩ་བའི་གཏའ་སྤེལ་སེང་གེ་སྒྲའི་གཟུངས་འབུམ་ཕྲག་གིས་བསྒྲུབས་པའི་བྱིན་ལྡན་གྱིས་བཀང་བ་རྣམས་དང་། ཆུ་བོ་འདི་ཉིད་མཁར་ནག་རྡོ་རྗེ་རྒྱལ་པོའི་བསྟི་གནས་ཡུལ་ཕྱོགས་འདིའི་ཆུ་བོ་རྣམས་ཀྱི་ནང་ནས་གཉན་ཤོས་ཡིན་པའི་སྟབས་ཇོ་བོ་སྔགས་བདག །གཉན་ཆེན་མཁར་ནག་གི་སྒེར་བུམ་རེ་རེ། ཀླུ་ནོར་སྤྱན་གཟིགས་དཀོར་ཆའི་ཚོགས་ཀྱིས་གཏམས་ཏེ་ལྷ་ཀླུ་རྟེན་གཉིས་ཀའང་གཏེར་ཆེན་ཉིད་ཀྱིས་བཙུགས་པའི་སྐབས་སུ་ནམ་མཁའ་དྭངས་པ་ལ་འཇའ་ཚོན་ཡ་མཚན་པ་ཤར་ཅིང་མེ་ཏོག་གི་ཆར་ཟིམ་བབས་པ་དང་། དེ་ཕྱིན་ཆད་ནས་ཤར་ངོས་ཀྱི་ཆུའང་ལྷག་པར་རྒྱས་པ་མཐུན་སྣང་དུ་གྲུབ་པ་ཡིན་ནོ། །འདིས་ནི་གནས་དེ་དང་ཡུལ་ཕྱོགས་ཀུན་ལ་ཀླུའི་ནད་དང་གནོད་པ་སྔར་ཡོད་པ་ཞི་ཞིང་གསར་དུ་མི་འབྱུང་བ་དང་། ཆར་ཆུ་དུས་སུ་འབེབས་ཤིང་ལོ་ཕྱུགས་ལེགས་པ་དང་། འདོད་རྒུའི་དཔལ་འབྱོར་ཕུན་སུམ་ཚོགས་པའི་དགོས་པ་ཆེན་པོ་དང་ལྡན་པས་བོད་ཡུལ་གྱི་ཆེན་པོ་རྣམས་ཀྱིས་ཀྱང་གནས་དང་ཕོ་བྲང་གི་ཉེ་ལོགས་སུ་སྤྲོས་པ་རྒྱས་
པའི་བཀོད་སྒྲུབ་བགྱིས་པ་ལྟར་མཆོག་ཕལ་ཀུན་ལ་གནད་གལ་དང་ལྡན་པ་ཉིད་དོ། །ལྷ་དབང་བསྟི་བའི་རྣམ་རྒྱལ་ཁང་བཟང་དང་། །འབོད་གྲོགས་གཟུགས་ཤར་ནོར་བུའི་རྩིག་པ་ཡང་། །དཀོན་མཆོག་རཏྣས་ལྕི་བའི་ཁང་དྲུང་ན། །ལྟར་སྣང་མཛེས་པ་དབང་པོའི་གུར་ཁྱིམ་བཞིན། །རིང་ནས་བརྣག་པའི་ངལ་བ་མ་བསྟེན་ཅིང་། །དཀའ་དགུས་རྩོལ་སྒྲུབ་ཆེ་ཐང་མ་བྱས་པར། །རླན་དྲོད་འཛོམ་པས་ས་ལ་མྱུ་གུ་བཞིན། །སྨོན་ལམ་རང་གཟུགས་ཡིད་དང་མཐུན་པར་སྣང་། །ཉི་འོད་འགོག་བྱེད་གསེར་སྦྱངས་རྒྱན་མཛེས་ཤིང་། །རྟེན་མཆོག་ནོར་བུའི་སྒྲོན་མེས་ཕྱུར་བུར་གཏམས། །ལེགས་པའི་ཆ་རྫོགས་ཉི་ཟླའི་ཁང་བཟང་འདི། །ས་སྟེང་དུས་ཀྱི་མུན་པ་སྣང་བའི་གཉེན། །ཁྱིམ་གྱི་འདུ་འཛིས་གཡེང་བའི་ས་མཁར་དང་། །ཆགས་སྡང་གནས་གཞི་ལེགས་ཀྱང་སྡིག་པའི་རྒྱུ། །ལྟར་སྣང་བདེ་ལས་རིང་སོང་བཤད་སྒྲུབ་གནས། །བརྩིགས་པའི་བསོད་ནམས་རྒྱལ་བས་གཞལ་དཀར་བསྔགས། །བཞི་པ་དེ་ལ་བརྟེན་པ་སྐུ་ཕྱག་རྒྱའི་དཀར་ཆག་བཤད་པ་ལ་གསུམ། གཙོ་བོ་ཧེ་རུ་ཀ་གསུམ་གྱི་སྣང་བརྙན་ཇི་ལྟར་བསྒྲུབས་པའི་ཚུལ། དེ་དག་གི་ནང་གཞུག་རིང་བསྲེལ་རྣམ་ལྔའི་དཀར་ཆག་དངོས། ཞར་བྱུང་སྐུ་བརྙན་གཞན་གྱི་ཚུལ་དང་རྟེན་དང་མཆོད་པའི་ཡོ་བྱད་བཅས་མདོ་ཙམ་སྨོས་
པའོ། །དང་པོ་ནི། དེ་ལ་འབྱོར་ལྡན་ཆེན་པོ་རྣམས་ཀྱི་ལུགས་བཞིན་ཏུ་གསེར་དངུལ་གྱི་སྐུ་གཟུགས་དངོམ་ཆེན་བཞེངས་པའི་མཁོས་ནི་མེད་ཅིང་། རང་སྟོབས་དང་སྦྱར་བའི་ཇི་ཙམ་འོས་པ་འགྲུབ་ཏུ་རུང་ནའང་། ཨོ་རྒྱན་ཆེན་པོའི་ཞལ་ནས། །ཞེས་གསུངས་པ་ལྟར་སྙིགས་མའི་དུས་ངན་འདི་ལྟ་བུར་ལ་ལའི་དགེ་བ་ལ་ལའི་སྡིག་པའི་རྒྱུར་འགྲོ་བ་མང་བས་ས་རྡོ་སོགས་ལས་བཞེངས་པ་བསོད་ནམས་ཀྱི་སྒོ་མཉམ་ཞིང་འདོད་ཅན་གྱིས་བཅད་གཏུབས་སོགས་སྡིག་པ་གསོག་དཀའ་བ་དང་། རིན་པོ་ཆེ་དང་ས་རྡོ་ལས་བྱས་པ་གཉིས་ཀའང་ཡེ་ཤེས་པ་འཇུག་པའི་སྒོ་མཐུན་པས་ཕྱི་མའི་རྒྱུ་ལས་མི་རུང་བའམ་ཕན་ཡོན་མེད་པའང་མ་ཡིན་ཏེ། རྒྱུད་རྒྱལ་གསང་བ་སྙིང་པོ་ལས། ས་ལ་སོགས་ལས་ཕྱག་རྒྱ་བྱས། །རྣམ་གྲོལ་རིམ་པ་འཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པ། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཅེས་སོགས་མདོ་རྒྱུད་ཀུན་ནས་གསལ་བར་གསུངས་པས་ཆོས་འཁོར་རྣམ་གསུམ་གཙོས་ཆོས་རྒྱལ་མེས་དབོན་གྱིས་བཞེངས་པའི་སྐུ་བརྙན་རྣམས་ཀྱང་རིན་
ཆེན་བསྲེས་པའི་ལྡེར་སྐུ་འབའ་ཞིག་ཡིན་པས་མཐའ་དབུས་ཀུན་ཏུ་ད་ལྟའང་བརྟན་པར་བཞུགས་པ་མངོན་སུམ་གྱིས་གྲུབ་པ་དང་། ལྷག་པར་འདིའི་སྐུ་རྒྱུ་གཏེར་ནས་དམིགས་སུ་བྱོན་པ་ལ་བརྟེན་གཙུག་ལག་ཁང་གྲུབ་པའི་ཕྱི་ལོར་ལྡེར་བཟོའི་སྟ་གོན་ལ་ཞུགས་ཏེ། ཐོག་མར་འོག་གཞི་བརྩིགས་ཤིང་གཏེར་བུམ་འཇོག་པ། པད་གདན་གྱི་ནང་དུ་ནོར་ལྷའི་རྟེན་གཞུག་པ་སོགས་དང་། རྒྱལ་དབང་ཀརྨ་པ་ཆེན་པོ། ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། གཏེར་ཆེན་མཆོག་གྱུར་གླིང་པ་རྣམས་དང་། ཁོ་བོ་ཅག་ནས་ཀྱང་སྐུ་རྒྱུ་བྱིན་རླབས་སྔ་རྗེས་མང་དུ་བགྱིས། ལྕགས་ཕོ་སྤྲེའུའི་ལོ་རྒྱ་རྩིས་པའི་སྟོན་ར་སྤྲེལ་གྱི་ཟླ་བའི་ཚེས་བཅུ་ལ་རྒྱུད་རྣམ་པར་དག་ཅིང་ལུང་རྟོགས་ཀྱི་ཡོན་ཏན་དང་ལྡན་པའི་སྒྲུབ་བླ་མ་བཞི་སྡེས་བཀྲ་ཤིས་པའི་གསོ་སྦྱོང་སྔོན་ཏུ་འགྲོ་བའི་གནས་བརྟན་གྱི་ཆོ་ག་རྒྱས་པ་དང་འབྲེལ་པར་མདོ་རྒྱུད་ལས་འབྱུང་བའི་ཞལ་ནས་གསུངས་པའི་ཤིས་པ་བརྗོད་པས་མེ་ཏོག་གི་ཆར་བསྙིལ་བས་རུ་ཤིང་དང་སྲོག་ཤིང་བརྟན་པར་བཙུགས། བཟོ་བོ་དང་ལག་ཆ་བྱིན་རླབས་ཀྱང་ལེགས་པར་བགྱིས་ཏེ་ནང་གཞུག་རྣམས་སྦྱོང་ཁྲུས་དང་རབ་གནས་སྔོན་ཏུ་འགྲོ་བས་གོ་རིམ་མ་ནོར་ཞིང་མགོ་གཞུག་མ་ལོག་པ་དང་། ཆུད་ཟོས་སུ་མི་འགྱུར་བར་སོ་སོར་གཞུག་སྒྲོམ་གླེགས་ཤིང་ན་བཟའ་ཇི་ལྟར་
འོས་པའི་སྲི་ཞུ་དང་བཅས་ཏེ་གཟུངས་སྔགས་ཀྱི་རིགས་བཟླ་བཞིན་པར་རང་ཉིད་དང་སྒྲུབ་བླ་ཚད་ལྡན་རྣམས་ཀྱིས་བཞུགས་སུ་གསོལ། །གོ་སྟོད་འོད་འབར་བྲག་གི་གཏེར་བྱོན་གུ་རུའི་སྐུ་ཚབ་ཀྱི་རྒྱུ་དང་པོ་དང་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ས་རྡོ། འདི་གའི་དཔལ་ཆེན་པོ་རང་བྱུང་གི་ཕྲག་གཡས་ནས་སྐུ་རྒྱུར་དམིགས་བསལ་དངོས་གྲུབ་ཏུ་བབས་པའི་ཡུལ་ཆེན་དྲུག་ཅུ་རྩ་བཞིའི་ས་སྣ་ཆུ་སྣ། ན་བུན་རྫོང་གི་གཏེར་བྱོན་པོ་ཏ་ལའི་ས་རྡོ་མྱང་གྲོལ་རྣམས་གཙོར་བྱས། གཞན་ཡང་ས་ཆུ་འབྱུང་བཅུད་ཀུན་འདུས་ཀྱི་རིལ་བུ་འདོད་འཇོའི་ལྗོན་ཤིང་གི་དཀར་ཆག་ཏུ་གསལ་བའི་རྒྱ་བོད་ཀྱི་གནས་རྟེན་ཆོས་འཁོར་ཁྱད་པར་ཅན་རྣམས་ཀྱི་ས་ཆུ་རྡོ་ཤིང་མཐའ་ཡས་པ་རྣམས་དང་། རིང་བསྲེལ་བཞི། བདུད་རྩི་ལྔ། སྐྱེ་བདུན་དང་ཆོས་སྨན། བསྒྲུབས་པའི་དམ་རྫས་ཀྱི་རིགས་དུ་མས་མཚོན་བྱིན་རྟེན་ཁྱད་པར་འཕགས་པ་རྣམས་དང་། བཟང་པོ་དྲུག་འབྲས་བུ་གསུམ་ཙནྡན་དང་གུར་གུམ་གཙོ་བོར་གྱུར་པའི་བཟང་སྨན་ཕུར་མ་བུངས་ཆེན། གསེར་དངུལ་གྱི་ཕྱེ་མ་མང་ཙམ་སོགས་རིན་པོ་ཆེའི་ཕྱེ་མ་རྣམས་བྱིན་གྱིས་བརླབས་པའི་སྐུ་འདེར་ལ་བསྲེས་ཏེ་དུས་འཁོར་དང་སྡོམ་འབྱུང་སོགས་ལས་བཤད་པའི་ཆགས་ཚད་ཀྱི་ཁོངས་ནས་དྲངས། ཞི་ཆགས་ཁྲོ་བོའི་ཉམས་སོ་སོ་དང་ལྡན་ཅིང་གཙང་སྒྲོས་ཐོན་པའི་ཐོག་ཚད་མར་
འབུར་བཟོའི་རིག་བྱེད་པ་རྣམས་ཀྱིས་འདུ་བགྱིས་ཏེ་ཚོན་དང་བཅས་དགུན་ཟླ་ར་བའི་ཡར་ངོ་ལ་ལེགས་པར་གྲུབ་པའོ། །གཉིས་པ་ལ་གཉིས། སྲོག་ཤིང་སྤྱིར་བཤད། ནང་གཞུག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྒྲུབ་ཁང་འདི་ཉིད་ཀྱི་རྟེན་གྱི་གཙོ་བོ་དཔལ་ཆེན་ལྷ་ཁང་རྡོ་རྗེ་བཀོད་པ་འཆི་མེད་དགའ་བའི་ཚལ་གྱི་གུང་དུ་བཞུགས་པའི་སྐུ་རྟེན་ཆེན་མོ་གསུམ་ཀའི་ནང་གཞུག་གི་གཙོ་བོ་སྲོག་ཤིང་ནི། གནས་ཆེན་ཙཱ་འདྲ་རིན་ཆེན་བྲག་གི་བྱང་ཤར་རིགས་གསུམ་མགོན་པོའི་གནས་ཀྱི་ཉེ་འདབས་ནས་བཏུས་ཤིང་ཚད་ལྡན་འདུ་བགྱིས་པ་ལ། གཞི་སེང་བྲག་གཏེར་བྱོན་ཙནྡན་དམར་པོ་དང་པོ་ཏ་ལའི་ཙནྡན་དཀར་དམར་རྣམས་ཀྱི་ཁུ་བས་བྱུགས་པའི་སྟེང་། ཆོས་འཁོར་རྣམ་གསུམ་རྟེན་གཙོ་རྣམས་ཀྱི་ཞལ་གསེར་དང་། འབུར་མོའི་གཏེར་བྱོན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་གསང་ཆབ་གསེར་འགྱུར་གཅིག་ཏུ་བསྲེས་པས་གཙུག་ཏོར་ལ་ཧཾ། རྩེ་མོའི་ཕྱོགས་བཞིར་དབུས་ལྔར་དཔའ་བོ་འབྲུ་ལྔ། གནས་ལྔར་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཐུགས་ཀར་སོ་སོའི་རྩ་སྔགས་སྙིང་པོ་ཉེ་སྙིང་སོགས། གནས་གསུམ་དུ་འབྲི་བར་འོས་པའི་གཟུངས་རྣམས་དང་། ཕྱོགས་བཞིར་གཙུག་ཏོར་དྲི་མེད། གཙུག་ཏོར་རྣམ་རྒྱལ། གསང་བ་རིང་བསྲེལ། བྱང་ཆུབ་རྒྱན་འབུམ་རྣམས་ཀྱི་གཟུངས་རིང་ཐུང་
གཉིས་ཀ །མདུན་ཕྱོགས་རྟེན་འབྲེལ་སྙིང་པོ་དང་། སུ་པྲ་ཏིཥྛ་བཅས་འབྲི་བྱའི་གཙོ་བོ་རྣམས། ཐམས་ཅད་མཁྱེན་པ་རྒྱལ་དབང་ཀརྨ་པས་བཀའ་དྲིན་ཏུ་སྩལ་ཞིང་འཕྲོས་ཐམས་ཅད་རང་ཉིད་ཀྱིས་ལ་ཉ་ཝར་གྱི་གཟུགས་དག་པར་བྲིས། རྩ་བར་སྲོག་ཤིང་བརྟན་པའི་སྔགས་ཚར་བདུན་རེ། རྣམ་གཟིགས་ལ་སོགས་སངས་རྒྱས་རབ་བདུན་གྱི་གསོ་སྦྱོང་ཚིགས་སུ་བཅད་པ་ཚར་གསུམ་རེ། མཆོག་གི་རིན་ཆེན་སྣ་ལྔ་དར་སེར་པོའི་ན་བཟའ་དང་བཅས་བཞུགས་སུ་གསོལ་བའོ། །གཉིས་པ་ལ་གསུམ། རྡོར་སེམས། ཡང་དག །བདེ་མཆོག་གི་ནང་གཞུག་གོ། །དང་པོ་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་བདེ་བ་ཆེན་པོའི་སྣང་བརྙན་བཀྲ་ཤིས་དཔལ་འབར་གྱི་གདན་ཁྲིའི་ནང་དུ། བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་ཕྲིན་ལས་སྣ་ཚོགས་ལྷུན་གྱིས་གྲུབ་པ་ཡིད་བཞིན་སྒྱུ་འཕྲུལ་དྲྭ་བའི་རིམ་པར་ཕྱེ་བ་བཅུ་བདུན་པ་ལས་བཤད་པའི་བཀྲ་ཤིས་གཏེར་བུམ་ཆེན་མོའི་བཅས། དབུས་སུ་བསོད་ནམས་གླང་པོ་སྟོབས་སྐྱེད་ཀྱི་ཙཀྲ་དང་འབྱུང་ལྔའི་སྙིང་པོ་སོགས་ཞི་རྒྱས་དབང་གི་ཕྲིན་ལས་ཁྱད་པར་བའི་རྫས་སུམ་ཅུ་རྩ་ལྔ། ཕྱོགས་མཚམས་རྣམས་སུ་ཡུལ་ཁམས་ཐམས་ཅད་
བསྲུང་བ་བཀྲ་ཤིས་གདུགས་ཀྱི་ཙཀྲ། བློ་དང་ཤེས་རབ་ཀྱི་སྟོབས་རྒྱས་པ་བཀྲ་ཤིས་གསེར་ཉའི་ཙཀྲ། འདོད་རྒུ་ཡིད་བཞིན་འཇོ་བ་བཀྲ་ཤིས་བུམ་པའི་ཙཀྲ། བརྟན་གཡོའི་ཕུན་ཚོགས་དབང་སྡུད་བཀྲ་ཤིས་པདྨའི་ཙཀྲ། སྙན་གྲགས་སྲིད་གསུམ་ཁྱབ་པ་བཀྲ་ཤིས་དུང་གི་ཙཀྲ། ཚེ་དང་བསོད་ནམས་རྒྱས་པ་བཀྲ་ཤིས་དཔལ་བེའུའི་ཙཀྲ། ཕྱོགས་ལས་རྣམ་པར་རྒྱལ་བ་བཀྲ་ཤིས་རྒྱལ་མཚན་གྱི་ཙཀྲ། ཆོས་སྲིད་མངའ་དབང་སྒྱུར་བ་བཀྲ་ཤིས་འཁོར་ལོའི་ཙཀྲ་བརྒྱད་པོ་སོ་སོའི་རྫས་ཁྱད་པར་བ་རྣམས་དང་། ཀུན་ལ་ཐུན་མོང་དུ་འབྱུང་བཞིའི་གནོད་པ་སེལ་ཞིང་དྭངས་བཅུད་འགུགས་པའི་ཙཀྲ་རྫས་སོ་སོ་དང་བཅས་པ། ཁ་བསྒྱུར་རྟེན་འབྲེལ་གྱི་ལས་ཀྱི་ནང་ཚན་ཉེས་པ་ཐམས་ཅད་སེལ་བ་དང་། བོད་ཁམས་སྤྱི་དང་བྱེ་བྲག་ཡུལ་ཕྱོགས་དེ་ཉིད་བདེ་བར་བྱེད་པའི་གཟུངས་དང་རྫས་རྣམས་མ་འཁྲུལ་ཞིང་ཚང་བར་གཞུག་པའི་གཏེར་བུམ་དགུ་པོ་ཚད་ལྡན་ཏུ་བསྒྲུབས་པ་སླར་ཡང་མཆོད་བསྟོད་བརྟན་བཞུགས་ཤིས་བརྗོད་དང་འབྲེལ་བར་བཞུགས་པར་བགྱིས་པ་ནི། གཞུང་ལས། ཡུལ་ཁམས་སྤྱི་དང་བྱེ་བྲག་ལ༔ དགེ་ཞིང་མཆོག་ཏུ་ཤིས་པ་དང་༔ ཁྱད་པར་གནས་ཁང་གཙུག་ལག་སོགས༔ གང་ལ་ཚུལ་འདི་བསྒྲུབས་པ་ཡིས༔ ཆོས་སྲིད་དཔལ་འབྱོར་རིང་གནས་ཤིང་༔ བཀྲ་ཤིས་
བྱིན་ཆགས་དགེ་ལེགས་འཕེལ༔ ཚེ་རིང་ནད་མེད་འཐབ་རྩོད་བྲལ༔ མདོར་ན་སྲིད་དང་ཞི་བ་ཡི༔ ཕུན་ཚོགས་ཐམས་ཅད་ངང་གིས་འདུ༔ བསྐལ་པའི་བར་དུ་གནས་པར་འགྱུར༔ ཅེས་གསུངས་པ་ལྟར་སྒོ་དུ་མ་ནས་དགོས་པ་ཕན་ཡོན་ཆེན་པོ་དང་ལྡན་པའོ། །པད་གདན་གྱི་ནང་དུ་མགོན་པོ་དངོས་གྲུབ་འབྱུང་རྒྱུད་ལས་གསུངས་པའི་ཛམ་དཀར་ལྷ་ལྔ་དཔལ་ཇོ་བོ་རྗེའི་ལུགས་ཀྱི་ལས་སྦྱོར་གའུ་ལྔ་སོ་སོར་རྗེ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེའི་ཕྱག་བཏབ་དང་རབ་གནས་གནང་བའི་ཛམ་དཀར་གྱི་སྨན་སྐུ་ལ་བཀྲས་ལྷུན་ནོར་བུའི་རྡུལ་ཕྱིས་དང་ལུང་ཟིན་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་དབུས་གཙང་གི་རྟེན་རྣམས་ལ་རྡུལ་ཕྱིས་མཛད་པའི་དར་དཀར་གྱི་ན་བཟས་དྲིལ་བ་སོགས་གཙོ་འཁོར་ལྔ་པོའི་འདེར་སྐུ་སྲོག་འཁོར་གཡང་རྫས་སོགས་ཀྱིས་གཏམས་པ་གྲུབ་པའི་སློབ་དཔོན་པདྨ་གསང་སྔགས་བསྟན་འཛིན་གྱིས་བདུན་ཕྲག་གཅིག་ཏུ་བསྒྲུབས་པ་དང་། དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་དང་འཕགས་འགྲེལ་དགེ་བའི་འདོད་འཇོ་ལས་བཤད་པ་བཞིན་གནོད་སྦྱིན་ཕོ་དགུ་མོ་དགུ་ཡབ་ཡུམ་སྦྲགས་པ་དང་། ཡབ་རྐྱང་། ཡུམ་རྐྱང་ཁ་སྦྱོར་གྱི་འཕྲུལ་འཁོར་རིན་པོ་ཆེ་ལས་བཅོས་ཤིང་མངར་གསུམ་གྱི་རྩི་དང་དར་གྱི་ན་བཟས་བཀླུབས་ཏེ་སྒྲུབ་པ་ཚུལ་བཞིན་བགྱིས་པ་རྣམས་ཀྱང་དབུས་དང་གཡས་གཡོན་ཏུ་ལག་ལེན་གྱི་རྒྱུན་ལྟར་
བཀྲམ་པའི་མཐའ་བསྐོར་དུ་སྣམ་རས་ཀྱི་སྣོད་མང་པོར་ཀར་འབྲུག་གཞུང་ས་རྩེ་ཤོད་བཀྲས་ལྷུན་སོགས་མདོ་དབུས་གཙང་གསུམ་གྱི་ཆེ་དགུ་རྣམས་དང་། ལྷ་ལྡན་སོགས་ཚོང་དུས་ཆེན་པོ་རྣམས་ལས་བྱུང་བའི་གསེར་དངུལ་གཡུ་བྱེར་དུང་ཤེལ་གོས་དར་ཐེར་ཕྲུག་སྣེ་ཚང་བ་དང་། རྒྱ་བལ་བོད་རྒྱ་ནག་གི་སྨན་རིགས་ཁྲོལ་བུ། ཇོ་ཤཱཀ་རྣམས་ཀྱི་གསོལ་ལྷུང་གི་འབྲུ་དང་གདན་ས་ཐེལ་གྱི་ཟད་མེད་འབྲུའི་བང་མཛོད་ཀྱི་འབྲུ་སོགས་འབྲུ་སྣའི་རིགས་རྒྱ་བོད་རྒྱལ་རོང་འཇང་རྣམས་ནས་བྱུང་བ་དང་། དེ་དག་ལས་བྱུང་བའི་ཤིང་ཏོག་དང་དཀར་མངར་ཟས་སྣའི་རིགས་དུ་མ་བཟང་ཇ་ཁྱད་པར་ཅན་གྱི་རིགས་ཁྱད་པར་སེང་བྲག་གཏེར་བྱོན་རྒྱལ་ཆེན་ཨིནྡྲ་བྷཱུ་ཏིའི་རིན་ཆེན་རིལ་བུ་རྩ་བའི་གཏའ་སྤེལ་དང་རིན་ཆེན་མང་སྦྱོར་ཆེན་མོ། །ཀུན་མཁྱེན་བསྟན་པའི་ཉིན་བྱེད་དང་ཆོས་རྒྱལ་བློ་གྲོས་རྒྱ་མཚོ་མཆོད་ཡོན་ནས་ལྕང་ར་ལྷ་ཀླུ་འཆི་མེད་དགའ་ཚལ་སོགས་སུ་སྦྱར་བའི་རིན་ཆེན་རིལ་ནག་ཆེན་མོ་དང་མང་སྦྱོར། རྒྱལ་དབང་བཅུ་བཞི་པས་གདན་ས་བར་པར་དེང་སང་ཉ་ཕྱིས་ཀྱི་དུམ་བུ་ལྟ་བུའི་ཕ་ལམ་ཕལ་པ་དང་། ཤེལ་རིགས་ཕྱོགས་མཐུན་ལ་ཨིནྡྲ་ནཱི་ལ་སོགས་ཡིན་པར་རློམ་པ་ཙམ་མ་ཡིན་པར་གསེར་སྲང་བརྒྱ་ཕྲག་ལས་བརྒལ་བའི་རིན་ཐང་ཅན་གྱི་རྡོ་རྗེ་ཕ་ལམ་མཐེ་བོང་ཙམ་པ་དང་། རྒྱ་མཚོ་མཐའ་ནས་བྱུང་བའི་པདྨ་
རཱ་ག་མུན་པ་ལ་འོད་འབར་བ་མཐེའུ་ཆུང་གི་རྩེ་ཙམ་པ་དང་། ཨིནྡྲ་ནཱི་ལ། མརྒད། པུཥྤ་རཱ་ག་སོགས་ཀྱང་མ་འཁྲུལ་བའི་དངོས་པོ་རིན་ཐང་ཤིན་ཏུ་ཆེ་བ་འབའ་ཞིག་སྦྱར་བར་མཛད་པའི་རིན་ཆེན་རིལ་ནག་ཆེན་མོ་དང་མང་སྦྱོར་གྱི་རིལ་བུ་རྣམས་དང་། སེང་བྲག་སོགས་གཏེར་ཁ་འགའ་ཞིག་ལས་བྱུང་བ་པོ་ཏ་ལའི་འབྲུ་སྨན་བརྟན་གཡོའི་དྭངས་བཅུད་དང་གོང་གསལ་རྣམས་ལ་གཞི་བྱས། ཡར་ལུང་དང་ཟོ་དང་གི་ཞིང་ས་སོགས་ཡུལ་དགེ་བ་དང་ཕྱུག་པོ་མང་པོའི་ཞིང་ས། རྟ་ཕྱུག་མང་པོའི་སྤུ་སྣ་མདོ་དབུས་གཙང་གསུམ་གྱི་དཀར་སྣ། སྐྱེས་ཆེན་རྣམས་ཀྱི་བཞེས་འཕྲོ། ཆེ་དགུ་མང་པོའི་སྟོན་མོའི་ཟས་སྣ། གཞུང་སའི་འབྲུ་མཛོད་དང་འབྲས་མཛོད་ནས་བྱུང་བས་མཚོན་ཕྱུག་པོ་མང་པོ་དང་སྡེ་མང་གི་ནས་སྣ། རྒྱ་ནག་ཕོ་བྲང་གི་གཡང་རྫས། གངས་ཅན་ཏུ་ཡོངས་སུ་གྲགས་པའི་གཙུག་ལག་ཁང་དང་ཕོ་བྲང་རྣམས་ཀྱི་ཁང་ས་དང་ཐབ་ས། གངས་རྒྱལ་ཏི་སེ་ནས་བྱུང་བའི་ཁྱུང་སྐྱུག་དང་ཧ་ཤིག་དཀར་དམར། གྲུ་གུ་དང་ཆབ་མདོའི་གཡང་མཚོ་ནས་བྱུང་བའི་ཤེལ་རིགས་ཀྱི་རིན་པོ་ཆེ་ངོ་མཚར་བ་སོགས་ཕྱོགས་སུ་སྦྱར་བ་གཡང་རྫས་ཀུན་འདུས་དཔལ་ཆེན་རིལ་བུའི་དཀར་ཆག་ཏུ་བཤད་པའི་གཡང་རྫས་མ་ཚང་བ་མེད་པ་རྣམས་དང་། ས་ཆུ་འབྱུང་བཅུད་ཀུན་འདུས་ཀྱི་རིལ་བུ་འདོད་འཇོའི་ལྗོན་ཤིང་གི་དཀར་ཆག་ཏུ་གསལ་བའི་
ས་ཆུ་རྡོ་ཤིང་གི་རིགས་ཚད་མེད་པས་གཏམས་པར་བགྱིས་པའོ། །སྐུ་བརྙན་དངོས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོར་ལྷུན་གྱིས་གྲུབ་པའི་མཚོན་བྱེད་གནས་ལྔར་ཁྱད་པར་ཅན་གྱི་རྟེན་ལྔ་བཞུགས་པ་སྟེ། དེའང་དབུའི་དཔྲལ་བར་རྒྱལ་དབང་བདུད་འདུལ་རྡོ་རྗེ་ཞྭ་དམར་ཆོས་གྲུབ་རྒྱ་མཚོ་ཀུན་མཁྱེན་བསྟན་པའི་ཉིན་བྱེད་འབྲུག་ཆེན་ཆོས་ཀྱི་སྣང་བ་རྣམས་ཀྱི་ན་བཟའ་ལས་གྲུབ་པའི་ཞྭ་ཁྲ་སྐྱབས་མགོན་རྡོ་རྗེ་འཆང་པདྨའི་མཚན་ཅན་གྱི་རྒྱུན་བཞེས་ཤིན་ཏུ་བྱིན་ལྡན། མགྲིན་པར་རིག་འཛིན་ཆེན་པོ་འོད་གསལ་སྤྲུལ་པའི་རྡོ་རྗེས་ཀློང་གསལ་སྤྲུལ་པའི་བརྡ་རིས་ལས་ཐོག་མར་ཕབ་པའི་ཕྱག་བྲིས་མཁའ་འགྲོའི་ཁ་རླངས་ཅན་ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་མན་ངག་ཐམས་ཅད་ཀྱི་རྒྱལ་པོ་ཀློང་ལྔའི་ཡི་གེ་དུམ་བུ་གསུམ་པའི་གླེགས་བམ། ཐུགས་ཀར་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་རྡོ་རྗེ་གཡུ་སྒྲོན་མས་དངོས་སུ་ཕུལ་བའི་རྡོ་རྗེ་སེམས་དཔའི་སྐུ་བརྙན་སྐལ་ལྡན་རྒྱལ་པོ་ཛཿའི་ཐུགས་དམ་ཨཏྨ་གྷ་ལས་གྲུབ་པ་གྲོལ་བ་བཞི་ལྡན་ཡེ་ཤེས་སེམས་དཔའ་དངོས་དང་ཁྱད་པར་མ་མཆིས་པ་དང་། ཨོ་རྒྱན་ཆེན་པོས་ལྷ་སྲས་དམ་འཛིན་ལ་ཐུགས་དམ་དུ་སྩལ་བ་བླ་མ་དགོངས་འདུས་ཀྱི་སྒྲུབ་རྟེན་མེ་ལོང་མཚན་ཉིད་དང་ལྡན་པ་ཁྱད་འཕགས་གཏེར་ཆེན་མཆོག་གྱུར་གླིང་པའི་གཏེར་བྱོན། ལྟེ་བར་
རྡོ་རྗེ་འཆང་པདྨ་དབང་ཆེན་གྱི་མཆོད་ཞལ་རིན་པོ་ཆེ་གཡང་ཊེའུ་ལས་གྲུབ་པ་ཆུ་གླང་ལོའི་དཔྱིད་སོར་འབྱུང་འགྱུར་གྱི་རྟེན་འབྲེལ་ལ་དགོངས་ཤིང་དུས་མཁྱེན་པས་ནང་བཅུད་བཅས་བཀའ་དྲིན་ཏུ་སྩལ་བ་ལ་གཏེར་བྱོན་བདུད་རྩི་ཆོས་སྨན་དང་། ཉེར་ལྔའི་རྫས་ཁྱད་པར་ཅན་གྱིས་ཕྱུར་བུར་གཏམས་པ། གསང་གནས་སུ་ཁྱུང་རས་འོད་གསལ་ཀློང་ཡངས་ཀྱི་མགུལ་ཕུར་བྱིན་རླབས་ཅན་གཏེར་བྱོན་ཡིན་ངེས། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ནས་རྟེན་འབྲེལ་གྱི་དགེ་མཚན་བཅས་ཕེབ་པ་རྣམས་སོ་སོར་འཚམས་པའི་བཞུགས་སྒྲོམ་དུ་དྲི་བཟང་གི་ཕུར་མ་དང་ན་བཟའ་གོས་དར་གྱིས་ཀླུབས་ཏེ་བཞུགས་སུ་གསོལ་བའོ། །ནང་གཞུག་སྤྱིར་བྱང་ཆུབ་སྙིང་པོ་རྒྱན་འབུམ་གྱི་ཆོ་ག་ཞིབ་མོ་རྒྱ་ནག་འགྱུར་ལས། ཆོས་སྐུའི་རིང་བསྲེལ་དང་། ཆོས་ཀྱི་རིང་བསྲེལ་དང་། སྐུ་གདུང་གི་རིང་བསྲེལ་དང་། སྐུ་བལ་གྱི་རིང་བསྲེལ་དང་། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ལྔར་གསུངས་པའི་དང་པོ་སཱཙྪ་མཆོད་རྟེན་སོགས་ཆོས་སྐུའི་རྟེན། གཉིས་པ་གཟུངས་སྔགས་དང་གླེགས་བམ་སོགས་ཆོས་ཀྱི་རྟེན། གསུམ་པ་ས་ལ་གནས་པ་སོགས་གང་ཟག་ཁྱད་པར་ཅན་ཡིན་ངེས་པ་རྣམས་ཀྱི་གདུང་རུས་དབུ་ཀླད་སྐུ་ཤ་སོགས། བཞི་པ་གང་ཟག་དེ་ལྟ་བུའི་དབུ་ལོ་ན་བཟའ་སྐུའི་ཉེར་སྤྱད། ལྔ་པ་སངས་རྒྱས་ཀྱི་རིང་བསྲེལ་ལྟ་བུ་འཕེལ་གདུང་དུ་གྲགས་པ་རྣམས་ལ་
མཁས་པ་སྔ་མ་རྣམས་ཀྱིས་ངོས་བཟུང་ཞིང་ཕྱག་ལེན་ཏུ་བསྟར་བར་མཛད་པ་ལྟར་འདིར་ཡང་གཙོ་བོར་རིང་བསྲེལ་རྣམ་ལྔ་ཇི་ལྟར་ནུས་པ་འདུ་བགྱིས་ཤིང་། གནོད་སྦྱིན་ནོར་མཛོད་སོགས་ཕྱུག་པོ་དང་བཙན་པོ་རྣམས་ཀྱི་མཛད་པའི་རྣམ་ཐར་སྤོང་བ་པས་མི་འཁྱོངས་པས་དཀའ་དགུས་ཆེ་ཐང་དུ་ཚོལ་བའི་ངལ་བ་མ་བགྱིས་པར་རང་བཞིན་ཞོར་ལས་འབྱོར་པ་ཙམ་ཞིག་འདུ་བྱས་པའོ། །དེ་ལ་རིང་བསྲེལ་རྣམ་ལྔའི་ཐོག་མ་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ནི། དབུའི་གཙུག་ཏོར་དུ། འོག་མིན་མཚུར་ཕུའི་རྟེན་ཁྲོད་ནས་བྱོན་པའི་དེ་བཞིན་གཤེགས་པའི་རིང་བསྲེལ་རྡོག་གཅིག །ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་ཁྲོད་ནས་བྱོན་པའི་སངས་རྒྱས་ཀྱི་རིང་བསྲེལ་རྡོག་གཅིག །རིག་འཛིན་འཇའ་ཚོན་སྙིང་པོས་ཙཱ་རི་ཕོ་བྲང་གཡུ་མཚོ་ནས་སྤྱན་དྲངས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་རིང་བསྲེལ་འབྲུག་ཆེན་རིན་པོ་ཆེའི་ཕྱག་ནས་ཕེབ་པ་གཅིག །ཁྲག་འཐུང་བདུད་འདུལ་ནུས་ལྡན་རྡོ་རྗེའི་གཏེར་བྱོན་སངས་རྒྱས་འོད་སྲུང་གི་རིང་བསྲེལ་རྡོག་གཅིག །དེ་ཉིད་ཀྱི་གཏེར་བྱོན་སངས་རྒྱས་དཔའ་བོ་བདུན་གྱི་རིང་བསྲེལ་རྟེན་འདམ་རིལ་བུ་རྡོག་གཅིག །གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་རྒྱམ་རྒྱལ་གནོད་སྦྱིན་ཆེན་པོའི་གངས་ཞོལ་འགྱུར་མེད་གཏན་འཁྱིལ་གཡུ་མཚོ་ནས་སྤྱན་དྲངས་པའི་སངས་རྒྱས་འོད་སྲུང་གི་རིང་
བསྲེལ་གཏའ་སྤེལ་དུ་སྦྱར་བའི་རིལ་བུ་རྡོག་བདུན། དེ་ཉིད་ཀྱིས་ཙཱ་འདྲ་རིན་ཆེན་བྲག་མགུལ་ནས་སྤྱན་དྲངས་པའི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདུང་དང་རིང་བསྲེལ་མཐའ་དག་འདུས་པའི་དམ་རྫས་རིན་པོ་ཆེའི་ཏོག་རྩ་བའི་གཏའ་སྤེལ་གྱི་རིལ་བུ་རྡོག་ཉེར་གཅིག་རྣམས་སོ་སོར་དྲི་བཟང་ཕུར་མ་དར་གྱི་ཐུམ་དང་བཞུགས་སྒྲོམ་ལྡན་པ། ཞར་བྱུང་འཕགས་ཡུལ་ལྗོན་ཤིང་གི་འབྲས་བུ་བཅས་བཞུགས། ཆོས་སྐུའི་རིང་བསྲེལ་དངོས་སཱཙྪ་དང་ཕྱོགས་གཏོགས་སྐུ་ཕྱག་རྒྱའི་སྐོར་ནི། རྗེ་ཐམས་ཅད་མཁྱེན་པ་གྲུབ་དབང་རྡོ་རྗེ་གཟི་བརྗིད་ཞབས་ལ་ཆེད་དུ་གསོལ་བ་བཏབ་པ་ཐུགས་རྗེ་ཆེན་པོས་གཟིགས་ཏེ་བཀའ་དྲིན་ཏུ་སྩལ་བའི་དཀར་ཆག་རྗེ་ཉིད་ཀྱིས་གནང་བ་འདི་ལྟ་སྟེ། རྡོ་རྗེ་གསུམ་གྱི་སྣང་བརྙན་རབ་འབྱམས་ཙིནྟ་མ་ིའི་ཕུང་པོ་གྲུབ་པ་མཆོག་གི་ཞལ་སྐྱིན་གྱི་དཀར་ཆག་ཀུན་ཏུ་དགེ་བ་ལྷའི་རོལ་མོ་ཞེས་བྱ་བ། ཨོཾ་སྭ་སྟི་སིདྡྷཾ། རྡོ་རྗེའི་སྐུ་དང་ནཱ་དའི་གསུང་། །འོད་གསལ་རྟག་པ་དམ་པའི་ཐུགས། །མངོན་སུམ་སྣང་བའི་དགེ་མཚན་གྱིས། །ཕན་བདེའི་པདྨོ་རྒྱས་གྱུར་ཅིག །དེ་ལ་གཟུངས་གཞུག་གི་གནས་གསུམ་བྱིན་རླབས་རིགས་གསུམ་གྱི་སྐུའི་ཕབ་གཏར། ཐོག་མར་མཆོད་རྟེན་གྱི་ཏོག་ནས་བྲེའི་བར་དང་། སྐུ་གཟུགས་ལྟ་བུའི་དཔྲལ་བར་བཞག་རྒྱུ་སྐུ་རྡོ་རྗེ་རྣམ་པར་སྣང་མཛད། འཇམ་
དབྱངས་ཨ་ར་པ་ཙ་ན་ཆེ་ཆུང་། འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས། དཔའ་བོ་གཅིག་པ། གཙུག་ཏོར་རྣམ་རྒྱལ་ཆེ་ཆུང་རྣམས་ལ། གཏེར་གསར་གཟི་བརྗིད་སྐྱེད་པ་སྐུ་ཡི་རིལ་བུ། སྔ་ཕྱིར་སྦྱར་བའི་སྐུ་གདུང་རིང་བསྲེལ་ཀུན་འདུས། སྐུ་བ་ལ་རིང་བསྲེལ་ཀུན་འདུས། དམ་རྫས་དཔལ་གྱི་སྙིང་པོ་རྣམ་སྣང་རིལ་བུ། པྲ་བྷ་ཧ་སྟིའི་གདུང་རིལ། པྲ་བྷ་ཧ་སྟིའི་རྣམ་སྣང་རིལ་བུ། འོད་སྲུང་དང་ཐུབ་པའི་སྐུ་ཆོས་རིལ་བུར་དྲིལ་བ། སྐྱེ་བདུན་དང་སྐུ་ཤའི་རིལ་བུ། བོ་དྷི་ས་ཏྭའི་ཆོས་གོས། ཁྲི་སྲོང་གདུང་རུས་རིལ་བུ། འཇམ་དབྱངས་རིལ་བུ་ཤེས་རབ་དཔལ་སྐྱེད་རྣམས་དང་།། ༈ །།མཆོད་རྟེན་ལྟ་བུའི་བྲེ་དང་། སྐུ་གཟུགས་ལྟ་བུའི་མགྲིན་པར་བཞག་རྒྱུ་གསུང་རྡོ་རྗེ་སྣང་བ་མཐའ་ཡས། འོད་དཔག་མེད། ཚེ་དཔག་མེད་ཆེ་ཆུང་། སྤྱན་རས་གཟིགས་ཆེ་ཆུང་། རྟ་མགྲིན། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཆེ་ཆུང་རྣམས་ལ། ཚངས་དབྱངས་སྐྱེད་པ་གསུང་གི་རིལ་བུ། ཆོས་ཀྱི་རིང་བསྲེལ་ཀུན་འདུས་རིལ་བུ། སྣང་མཐའ་རིལ་བུ། ཚེ་རྫས་ཀུན་འདུས་རིལ་བུ། ཆོས་གླིང་གཏེར་བྱོན་ཚེ་རྫས་ཧྲཱིཿརྒྱ་ཅན། སྒྲོལ་དཀར་ཚེ་བཅུད་རིལ་བུ། གཏེར་གསར་ཚེ་རྫས་རིལ་བུ། གཡུ་བྲག་ནས་སྤྱན་དྲངས་པའི་ཚེ་རྫས་ཟླ་བའི་སྙིང་པོ། མ་ར་ཏི་
ཀའི་ཚེ་བཅུད་རིལ་བུ། མ་ི་རིལ་བུ། འཁོར་བ་དོང་སྤྲུགས་རིལ་བུ། སློབ་དཔོན་རིན་པོ་ཆེའི་ཤངས་མཚལ་རིལ་བུ་རྣམས་དང་།། ༈ །།མཆོད་རྟེན་གྱི་བུམ་པ་དང་། སྐུ་གཟུགས་ཀྱི་ཐུགས་ཀར་བཞག་རྒྱུ་ཐུགས་རྡོ་རྗེ་མི་བསྐྱོད་པ། རྡོ་རྗེ་སེམས་དཔའ། ཕྱག་རྡོར་ཞི་བ། ཁྲོ་བོ་འབྱུང་པོ་འདུལ་བྱེད་ཆེ་ཆུང་། སཱཙྪ་ཆེ་ཆུང་རྣམས་ལ། བདེ་ཆེན་སྐྱེད་པ་ཐུགས་ཀྱི་རིལ་བུ། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ཕྱོགས་བསྡུས་རིལ་བུ། བྱང་སེམས་ཟླ་ཐིག་རིལ་བུ། གཏེར་གསར་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གདུང་གི་རིལ་བུ་དམ་རྫས་རིན་པོ་ཆེའི་ཏོག །སློབ་དཔོན་རིན་པོ་ཆེའི་ཆོམས་ལས་བྱུང་བའི་རིང་བསྲེལ་གྱི་འཕེལ་ཕྱེ་བསྲེས་པའི་རིལ་བུ། དགའ་རབ་རྡོ་རྗེའི་ཐུགས་ཀྱི་དྭངས་མ་གདུང་རྟེན་རིལ་བུ། སངས་རྒྱས་གསང་བའི་རྡོར་སེམས་རིལ་བུ། སློབ་དཔོན་པྲ་བྷ་ཧ་སྟིའི་གསང་ཆབ་རིལ་བུ། གུ་རུ་ཡབ་ཡུམ་བྱང་སེམས་རོལ་པ་ཆེན་པོ། མཚོ་རྒྱལ་གསང་ཆབ་རིལ་བུ་རྣམས་དང་། དེ་ཐམས་ཅད་ལ་ཐུན་མོང་དུ། དམ་རྫས་ཨུ་དུམྦཱ་ར། བུམ་ཆུ་ཁྲུས་ཆབ་ཀུན་འདུས། སྨན་གྱི་ཕབ་གཏའ་བུམ་རྫས་རིལ་བུ། དཔལ་ས་སྐྱ་པ་གོང་མ་ལྔ་དང་ངོར་ཆེན་རྡོ་རྗེ་འཆང་གི་བདུད་རྩི་རིལ་བུ་སོགས་བདུད་རྩི་རིལ་བུའི་རིགས་མང་པོ། ས་ཆུ་འབྱུང་བཅུད་ཀུན་འདུས་རིལ་བུ། གཏེར་
གསར་གྱི་གནས་ཡུལ་དུར་ཁྲོད་དྲུག་ཅུ་རྩ་བཞིའི་ས་སྣ་རིལ་བུ། སྐུ་ཚབ་རིན་པོ་ཆེའི་རྒྱུ་དམ་རྫས་དཔལ་གྱི་སྙིང་པོ། གཏེར་གསར་ཆོས་སྨན་ཀུན་འདུས། དམ་རྫས་མྱོང་གྲོལ་རིལ་ནག་ཕྱག་དྲིལ། པོ་ཏ་ལའི་ས་མྱོང་གྲོལ། པོ་ཏ་ལའི་འབྲུ་སྨན་རིལ་བུ། རིག་པའི་ཡེ་ཤེས་སྨན་གྱི་རིལ་བུ། ཨིནྡྲ་བྷཱུ་ཏིའི་རིན་ཆེན་རིལ་བུ། ཅུ་གང་རིལ་བུ། ཨོ་རྒྱན་སོགས་ཀྱི་སིནྡྷུ་རའི་རིལ་བུ། གི་ཝཾ་རིལ་བུ། གཏེར་བྱོན་ག་བུར་དང་ཙནྡན་དཀར་དམར། ཡང་ཕུར་གྱི་སྒྲུབ་གཏོར་ལས་བབ་པའི་བདུད་རྩི་དང་དངོས་གྲུབ་ཀྱི་རྫས། གསར་རྙིང་གི་དཀྱིལ་འཁོར་མང་པོའི་རྡུལ་ཚོན་དང་བུམ་ཆུ་སོགས་འདྲེས་པར་སྦྱར་བ་དང་།། ༈ །།གཞན་ཡང་གོང་གི་སྐུ་གསུང་ཐུགས་དང་། སྤྱི་ཁྱབ་ཀྱི་དམ་རྫས་བཅས་ཡང་རྫོགས་ལས། བླ་སྐུ། རྡོ་རྗེ་འཆང་། ཀླུ་སྒྲུབ། བི་རཱུ་པ། གུ་རུ་ཞི་བ། རཏྣའི་དྲག་དམར། དྲག་དམར་དཔའ་གཅིག །མཚན་བརྒྱད། མནྡཱ་ར། མཚོ་རྒྱལ། ཇོ་བོ་རྗེ། ས་སྐྱའི་རྗེ་བཙུན་གོང་མ་ལྔ། ངོར་ཆེན། བྱམས་པ་ཀུན་དགའ་བསྟན་འཛིན། དམ་པ་རྒྱ་གར། ལབ་སྒྲོན། མི་ལ། རྗེ་བླ་མ། གྲུབ་ཆེན་ཐང་སྟོང་པ། ཡི་དམ། ཀྱེ་རྡོ་རྗེ་ཆེ་ཆུང་། བདེ་མཆོག་ལཱུ་ཧི་པ། ལྷན་སྐྱེས། དཱ་རོ་མཁའ་སྤྱོད་སྐུ་ཆེ་འབྲིང་ཆུང་གསུམ། མཁའ་སྤྱོད་སྐོར་གསུམ། ཕག་
མོ། སེང་གདོང་མ། གསང་འདུས། སངས་རྒྱས་བྱང་སེམས་སྐོར་ལ། ཐུབ་སྐུ་ཆེ་ཆུང་། ཐུབ་པ་རྡོར་གདན། སངས་རྒྱས་རིགས་ལྔ། སྨན་བླ། མི་འཁྲུགས་པ། ཚེ་ལྷ་རྣམ་གསུམ་སོགས་འདོད་ལྷ་གཙོ་བསྡུས། ངོར་མཁན་ཆེན་སངས་རྒྱས་ཕུན་ཚོགས་ལ་བཀའ་གདམས་ལྷ་བཞིས་བསྐོར་བ། རིགས་གསུམ་མགོན་པོ་བཞེངས་སྐུ། བྱམས་པ། ཡུམ་ཆེན་མོ། སྒྲོལ་ལྗང་། ཆོས་སྲུང་སྐོར་ལ། གུར་མགོན་ཆེ་ཆུང་། ཞལ་ཁྲ། ལས་གཤིན། མ་ནིང་། གཟའ། དམ་ཅན་རྡོར་ལེགས་སོགས་ཀྱི་སྣང་བརྙན་རབ་འབྱམས་ཞིག་བཞུགས་པ། མཆོད་རྟེན་གྱི་རྩེ་ནས་སེང་ཁྲི་དང་། སྐུ་གཟུགས་ཀྱི་གཙུག་ཏོར་ནས་པད་གདན་བར་གོ་རིམ་འོས་བསྟུན་གྱིས་བཞུགས་སུ་གསོལ་རྒྱུ་དང་།། ༈ །།རིག་འཛིན་དགའ་རབ་རྡོ་རྗེའི་གདུང་རྟེན་དང་། ཀུན་མཁྱེན་ཀློང་ཆེན་པའི་གདུང་རུས་ལས་སོ་སོའི་སྣང་བརྙན་ཐེག་རྩེ་ཤིན་ཏུ་རྣལ་འབྱོར་གྱི་བླ་བརྒྱུད་སོགས་སྔ་འགྱུར་གཙོ་བོར་གྱུར་པའི་རྟེན་གྱི་ནང་དུ་གཞུག་པ་དང་།། ༈ །།ཀླུ་སྒྲུབ་སྙིང་པོའི་ཀླུ་སྨན་ཕབ་གཏར་སྦྱར་བའི་ཀླུའི་རྩི་སྨན་ཕོན་མང་དུ་བསྲེས་པ་ལས། གླུ་དབང་རྒྱལ་པོ་ཆེ་ཆུང་དང་། སེང་གེ་སྒྲའི་སྣང་བརྙན་དག་ཀླུ་བུམ་སོགས་ཀྱི་ནང་གཞུག་ལ་བསྔགས་ཤིང་།། ༈ །།གཏེར་བྱོན་གི་ཝཾ་རིལ་བུ་དང་། ཀུ་རུ་ཀུལླེའི་དོན་ཀུན་
གྲུབ་པ་དང་། དབང་དུ་བྱེད་པའི་རྫས་སྦྱོར། ཚོགས་བདག་གི་གཏེར་བུམ་སྒྲུབ་རྫས། འདོད་པའི་རྒྱལ་པོའི་རྗེས་གནང་སོགས་སྒྲུབ་པའི་སྐབས་ཀྱི་རྡུལ་ཚོན་དང་། མེ་ཏོག་སོགས་དབང་གི་རྫས་བྱིན་ལྡན་ལས་དམར་པོ་སྐོར་གསུམ་གྱི་སྣང་བརྙན།། ༈ །།གཡང་རྫས་དཔལ་ཅན་རིལ་བུ་དང་། ཨིནྡྲ་བྷཱུ་ཏིའི་རིན་ཆེན་རིལ་བུ་སོགས་རིན་ཆེན་རིལ་བུའི་རིགས་ཀྱིས་གཙོས་རིན་ཆེན་འབྲུ་སྨན་ལས་ཛཾ་སེར་ནག་ཆེ་ཆུང་། དཔལ་ཆེན་མོ་ནོར་རྒྱུན་མ། རྣམ་སྲས་མདུང་དམར་ཅན། མགོན་དཀར་ཡིད་བཞིན་ནོར་བུ། དུར་ཁྲོད་བདག་པོ་ཡབ་ཡུམ་བཅས་ཀྱི་སྣང་བརྙན་རྣམས་གཏེར་བུམ་གྱི་ནང་གཞུག་དང་། གནོད་སྦྱིན་བང་མཛོད་ཀྱི་ཁོར་ཡུག་དང་། སྐྱིལ་ཀྲུང་དང་པད་གདན་གྱི་མཚམས་སོགས་གང་འོས་སུ་གཞུག་རྒྱུར་བསྔགས་སོ། །དེ་ལྟ་བུའི་སྦར་སྐུ་རྣམས། ཐོག་མར་ཕབ་གཏའ་རྣམས་དང་རིན་པོ་ཆེའི་ཕྱེ་མ་ཁམ་ས་གཙང་མ་ལ་བསྲེས་ཏེ་འདྲེས་པར་བརྫིས་པ་རྒྱུ་བྱིན་གྱིས་བརླབས་པ་སྔོན་ཏུ་འགྲོ་བས། སངས་རྒྱས་ཆོས་སྐུའི་དབྱིངས་ལས་མངོན་བྱང་ལྔ་དང་། རྡོ་རྗེའི་ཆོ་ག་གསུམ་ལ་སོགས་པས་གཟུགས་ཀྱི་སྐུར་བཞེངས་པའི་མོས་འདུན་དང་། སྤྱི་དང་བྱེ་བྲག་གི་རིག་པ་བཟླ་བཞིན་ཏུ་ལག་བསྟར་ཏེ་བཏབ་ནས་སྐམ་པ་དང་ན་བཟའི་རིགས་མ་འདྲེས་པར་གསོལ། སཱཙྪ་ཆེ་བ་དང་ཐུབ་སྐུའི་ནང་གཞུག་ཏུ་
བདེ་བར་གཤེགས་པ་ཐམས་ཅད་ཀྱི་གདུང་གི་རིལ་བུ། བདུད་འདུལ་གཏེར་བྱོན་བདེ་གཤེགས་བདུན་གྱི་གདུང་འཕེལ་རིལ་བུ། རིང་བསྲེལ་བཞིའི་རིལ་བུ། རྟེན་ཅིང་འབྲེལ་བར་འབྱུང་བའི་གཟུངས་སོགས་དང་། གུ་རུ་རིན་པོ་ཆེའི་སྐུ་ཚབ་ལ། སྐུ་ཚབ་ཀྱི་རྒྱུ་དམ་རྫས་དཔལ་གྱི་སྙིང་པོ་དང་། སློབ་དཔོན་རིན་པོ་ཆེའི་དབུ་སྐྲ། ཤངས་མཚལ། བྱང་སེམས། ཕྱག་བྲིས་ཀྱི་ཤོག་སེར། གཏེར་ཁ་སྔ་ཕྱི་ལས་བྱུང་བའི་སྐུ་བེར། སྐུ་རེག །གསང་གོས། ཞབས་ལྷྭམ་རྣམས་ནང་གཞུག་ཏུ་བཅུག་ཅིང་། ཚེ་དཔག་ཏུ་མེད་པའི་ཆོ་ག་དང་འབྲེལ་བར་རབ་ཏུ་གནས་པ་སྤྱི་དང་། བྱེ་བྲག་ཏུ་རྟེན་སོ་སོ་རེ་རེ་བཞིན་མངོན་རྟོགས་དང་མཐུན་པར་དམ་ཚིག་པ་བསྐྱེད། གནས་གསུམ་བྱིན་རླབས། ཡེ་ཤེས་པ་བསྟིམ། དབང་བསྐུར་ཞིང་རྒྱས་གདབ། སྤྱན་དབྱེ་ཞིང་མཆོད་བསྟོད་དང་སོ་སོའི་རིག་པས་མདའ་དབུལ་ཞིང་། མཐར་བརྟན་བཞུགས་བརྒྱ་རྩ་དང་བཅས་དམིགས་འདུན་ནན་ཏན་ཏུ་བགྱིས་པ་སྟེ། དེ་ལྟར་རྒྱུ་བྱིན་རླབས་དང་ལྡན་ཅིང་། ཆོ་ག་སྦྱོར་དངོས་རྗེས་གསུམ་ཚང་བའི་རྡོ་རྗེ་གསུམ་གྱི་རིང་བསྲེལ་ཁྱད་པར་ཅན་འདི་རྣམས་འཕགས་པ་གསུམ་གྱི་ཙིནྟ་མ་ིའི་སྙིང་པོ་ལྟར་བཟུང་སྟེ། མཆོད་པའི་གྲལ་དུ་བཞུགས་པ་དང་། རྟེན་གྱི་ནང་དུ་གཞུག་པ་དང་། དད་མོས་ཀྱི་རྟེན་མགུལ་དུ་འཆད་
པ་སོགས་བགྱིས་པས་ཕན་བདེའི་འབྱོར་པ་ཡིད་བཞིན་ཏུ་འབྱུང་བ་ནི་ངེས་པའོ། །གང་གིས་གྲུབ་པའི་ནོར་བུའི་མཆོག །མཐོང་ཐོས་རེག་གམ་དྲན་པས་ཀྱང་། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །དངོས་གྲུབ་མཐའ་དག་འགྲུབ་གྱུར་ཅིག །ཅེས་པའང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ངོ་བོར་བཞུགས་པ་འཇིགས་བྲལ་གྱི་སློབ་དཔོན་བློ་གྲོས་མཐའ་ཡས་པའི་ཞལ་སྔ་ནས་ཀྱི་ཐུགས་བཞེད་སྐོང་བའི་ཞབས་འདེགས་སུ་གཙོ་བོར་དམིགས་པས་བྱང་དྲངས་ཏེ། རང་གཞན་གྱི་ཉེར་མཁོའི་སླད་རྡོ་རྗེ་གསུམ་གྱི་རིང་བསྲེལ་ཙིནྟ་མ་ི་འདུ་བགྱིས་པའི་ཟིན་ཐོ་ཉུང་ངུ་འདིའང་བྱ་བྲལ་བ་རྒྱལ་ཁམས་ཀྱི་དཀྱུས་སུ་ཉུལ་བའི་འཁོས་ཆུང་འཇིམ་ལས་པ་དཱ་རི་དྲ་མཉྫུ་གྷོ་ཥས་བྲིས་པ་རྟེན་འདི་རྣམས་མཐོང་ཐོས་དྲན་རེག་ཐམས་ཅད་དོན་དང་ལྡན་པར་སིདྡྷི་ར་སྟུ། སརྦ་དཱ་མངྒ་ལཾ་བྷ་བ་ཏུ། ཞེས་བཀའ་སྩལ་པ་ལྟར་ལས། སྐབས་འདིར་ཐུགས་ཀའི་ཆ་སྨད་དུ་རྒྱལ་དབང་ཀརྨ་པའི་ཕྱག་ཚ་རབ་གནས་ཅན་གསུམ། གཙུག་ཏོར་དྲི་མེད་ཀྱི་ཆོ་གས་ཚད་ལྡན་ཏུ་བསྒྲུབས་པའི་སཱཙྪ། གོང་གསལ་གྱི་ཕྱག་ཚ་ཁྱད་པར་ཅན། སྟག་ལུང་སངས་རྒྱས་དབོན་རིན་པོ་ཆེས་རྫུ་འཕྲུལ་གྱིས་ཆུ་ལ་བཏབ་པའི་སཱཙྪ་ཆུའི་ནང་དུ་གཞུག་པས་རོ་མཉམ་དུ་འདྲེས་པའི་ཆུའི་རིལ་བུ་གང་དུ་བཞུགས་ཀྱང་མེའི་འཇིགས་པ་སྲུང་ངེས་པ་བཅས་
དང་། གཙུག་ཏོར་དུ་རྡོ་རྗེ་འཆང་། གཙུག་ཏོར་རྣམ་རྒྱལ་མ། རིག་འཛིན་དགའ་རབ་རྡོ་རྗེ། དཔྲལ་བར་སྐུ་རྡོ་རྗེ་རྣམ་པར་སྣང་མཛད། འཕགས་པ་འཇམ་དཔལ་དབྱངས། མགྲིན་པར་གསུང་རྡོ་རྗེ་འོད་དཔག་མེད། ཚེ་དཔག་མེད། སྤྱན་རས་གཟིགས། རྟ་མགྲིན། སྒྲོལ་དཀར་ཆེ་གཅིག །རྡོ་རྗེ་འཆང་པདྨ་ཉིན་བྱེད་ཀྱི་གདུང་རུས་ལ་བཏབ་པའི་སྒྲོལ་དཀར། འཕགས་པ་ཀླུ་སྒྲུབ། རྒྱལ་དབང་བདུད་འདུལ་རྡོ་རྗེའི་ཕྱག་བཏབ་འོད་དཔག་མེད་གཙོ་འཁོར་གསུམ་པ། ཐུགས་ཀའི་ཆ་སྟོད་དུ། གུ་རུ་ཞི་བ་དང་དྲག་པོ། གུ་རུ་མཚན་བརྒྱད། སྟག་ཤམ་གཏེར་བྱོན་སྤར་ཁང་ལ་གཏེར་གསར་སྐུ་ཚབ་རྒྱུ་རྣམས་སྦྱར་ཏེ་རྒྱལ་དབང་བཅུ་བཞི་པའི་ཕྱག་བཏབ་གུ་རུའི་སྐུ་ཚབ་ཁྱད་པར་འཕགས་པ་ཆུང་གཅིག །ཐུགས་དབུས་སུ་ཐུགས་རྡོ་རྗེ་མི་བསྐྱོད་པ། རྡོ་རྗེ་སེམས་དཔའ། ཐུབ་དབང་སྐུ་ཁྱད་པར་ཅན་ཆེ་ཆུང་གཉིས། རྗེ་བཅུ་གསུམ་པའི་ཕྱག་སྤར་ཐུབ་སྐུ་གཅིག །རྒྱལ་བ་རིགས་ལྔ། མི་འཁྲུགས་པ། ཡུམ་ཆེན་མོ། ཕྱག་རྡོར་ཞི་བ་དང་འབྱུང་འདུལ། ཐུགས་ཀའི་ཆ་སྨད་དུ། དམ་པ་རྒྱ་གར། ཇོ་བོ་རྗེ། རྗེ་བཙུན་མི་ལ། ཀློང་ཆེན་རབ་འབྱམས། ཐང་སྟོང་རྒྱལ་པོ། གནས་ནང་དཔའ་བོའི་ནང་རྟེན་ཏུ་བཞུགས་པའི་རིག་འཛིན་འཇའ་ཚོན་སྙིང་པོའི་སྐུ་བརྙན་ཁྱད་འཕགས་རྣམས་དང་། ཐུགས་
ཀའི་སྐོར་སྤྱི་ལ་ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་རྩལ་གྱི་དབུ་ལྗོན་གྱི་རྟེན་འདམ་ལས་རང་གིས་ལག་བསྟར་དུ་བཏབ་ཅིང་གསེར་དངུལ་གྱི་ན་བཟའ་གསོལ་བའི་རྡོར་སེམས་སྐུ་གྲངས་མང་ལྟེ་བར་བཅོམ་ལྡན་འདས་སྨན་གྱི་བླ་མ། སངས་རྒྱས་ཀླུ་དབང་རྒྱལ་པོ། སྤྱན་རས་གཟིགས་སེང་གེ་སྒྲ། མཁའ་འགྲོ་མནྡྷ་ར་བ། ཡེ་ཤེས་མཚོ་རྒྱལ། ལབ་སྒྲོན། གསང་བར་སྒྲོལ་མ་ལྗང་མོ། སེང་གདོང་མ། པད་གདན་གྱི་ནང་དུ་དཔལ་མགོན་མ་ནིང་། གཟའ་མཆོག་རཱ་ཧུ་ལ། དམ་ཅན་མགར་དམར། རྣམ་སྲས་མདུང་དམར་ཅན། ལྷ་མོ་དཔལ་ཆེན་མོ། ཛཾ་སེར། ཛཾ་དམར་བཅས་དེ་དག་སོ་སོའི་གཟུངས་སྔགས་གཤམ་གསལ་རྣམས་དང་འབྲེལ་བར་བཞུགས་ཤིང་། འདིར་སྨོས་པ་ནི་རིང་བསྲེལ་ཕྱོགས་བསྡེབས་བཤད་སླ་བའི་དབང་དུ་བྱས་པ་སྟེ། ཆོས་ཀྱི་རིང་བསྲེལ་སོགས་གཞན་ལའང་དེ་ལྟར་གོ་དགོས་སོ། །སྐུ་ཚབ་ཁྱད་འཕགས་རིགས་མ་གཏོགས་སྨན་སྐུའི་རིགས་གསུམ་ནས་བདུན་གྱི་བར་གྲངས་ལྡན་བཞུགས་པའོ། །ཆོས་ཀྱི་རིང་བསྲེལ་གཟུངས་སྔགས་དང་རྒྱུད་ཀྱི་གླེགས་བམ་མཐོང་གྲོལ་འཁོར་ལོའི་རིགས་སོགས་ཧེ་རུ་ཀ་གསུམ་ཀར་ཆབ་གཅིག་གཤམ་དུ་སྨོས་པར་བྱའོ། །སྐུ་གདུང་སྐུ་བལ་དམ་རྫས་ཁྱད་པར་ཅན་གྱི་སྐོར་ལ། གཙུག་ཏོར་དུ། ཨོ་རྒྱན་མཆོག་གྱུར་གླིང་
པའི་གཏེར་བྱོན་སངས་རྒྱས་འོད་སྲུང་སྐུ་ཆོས་དང་། བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོའི་སྐུ་ཆོས་གྲོལ་བ་བཞི་ལྡན་གྱི་ཚལ། མཆོག་ལྡན་མགོན་པོའི་གཏེར་བྱོན་ཨོ་རྒྱན་རིན་པོ་ཆེའི་དབུ་ཞྭ་མཁའ་འགྲོ་འབུམ་ཞུའི་ཚལ། སྟག་ཤམ་གཏེར་བྱོན་སངས་རྒྱས་འོད་སྲུང་དབུ་ཀླད། ཨོ་རྒྱན་རིན་པོ་ཆེའི་དབུ་ལྗོན་ཆོས་གླིང་གཏེར་བྱོན། མཆོག་གླིང་གཏེར་བྱོན་རིག་འཛིན་དགའ་རབ་རྡོ་རྗེའི་འོད་གསལ་ཐུགས་ཀྱི་དྭངས་མ་རྩ་བའི་རིལ་བུ། པ་ཆེན་བི་མ་ལ་མི་ཏྲའི་དབུ་སྐྲ་གཏེར་བྱོན་འཁྲུལ་མེད།། ༈ །།དཔྲལ་བར། སྐུ་གདུང་རིང་བསྲེལ་གྱི་སྐོར་ལ། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་ཚེམ་དུམ་བུ། བལ་མོ་ཤཱཀྱ་དེ་བའི་དབུ་ཐོད་དུམ། ཆོས་དབང་གཏེར་བྱོན་བྲམ་ཟེའི་དབུ་ཐོད་དུམ་བུ། ཀཿཐོག་ཆོས་རྗེ་གཙང་སྟོན་པའི་དབུ་ཐོད་ཚལ། དབུ་འོད་བྱམས་པ་འབུམ་པའི་དབུ་ཐོད་དུམ། སྤང་མཁན་ཆེན་འོད་ཟེར་བླ་མའི་དབུ་ཐོད་ཚལ། ཕྱོགས་མེད་བྱང་སེམས་ཆོས་རྗེའི་དབུ་ཐོད་ཚལ། གཏེར་སྟོན་ཀརྨ་གླིང་པའི་དབུ་ཐོད་ཚལ། སྟག་ཤམ་རྡོ་རྗེའི་དབུ་ཀླད། རིག་འཛིན་འགྱུར་མེད་རྡོ་རྗེས་གཡའ་མ་ལུང་ནས་སྤྱན་དྲངས་པའི་དམ་རྫས་ཨ་དམ་མ། བྱང་གནམ་མཚོར་རང་བྱུང་ཞབས་ཀྱིས་རབ་གནས་མཛད་པའི་རིལ་ནག་རང་བྱོན།། ༈ །།སྐུ་བལ་རིང་བསྲེལ་གྱི་སྐོར་ལ། ལྷོ་
བྲག་ནམ་མཁའི་སྙིང་པོའི་དབུ་སྐྲ་བྱང་ཆུབ་གླིང་པའི་གཏེར་བྱོན། མངའ་བདག་ཉང་རལ་གྱི་དབུ་རལ། གུ་རུ་ཆོས་དབང་དབུ་ཞྭ་དུམ། ཀཿཐོག་བྱམས་པ་འབུམ་པའི་དབུ་སྐྲ། གཏེར་ཆེན་རིན་ཆེན་གླིང་པའི་དབུ་སྐྲ། གཏེར་སྟོན་དྲི་མེད་སྙིང་པོའི་དབུ་སྐྲ། པདྨ་གླིང་པའི་དབུ་ལྗོན། ཐང་སྟོང་རྒྱལ་པོའི་དབུ་སྐྲ། མངའ་རི་པ་ཆེན་རིན་པོ་ཆེའི་དབུ་ཞྭ། ཧེ་པ་ཆོས་འབྱུང་དབུ་ལྗོན། འཇའ་ཚོན་སྙིང་པོའི་དབུ་ཞྭ་དུམ། བདུད་འདུལ་རྡོ་རྗེའི་དབུ་ཞྭ་མཁའ་འགྲོའི་སྤྲིན་ཕུང་གི་ཚལ་པ། རྗེ་པདྨ་ཉིན་བྱེད་དབང་པོའི་དབུ་ལྗོན། ཆགས་མེད། སྟག་ཤམ། ཡང་དགེ་མི་འགྱུར་རྡོ་རྗེ་གསུམ་གྱི་དབུ་ཞྭ་ཚལ། གནམ་ཆོས་མི་འགྱུར་རྡོ་རྗེའི་དབུ་སྐྲ། གཏེར་ཆེན་སྟག་ཤམ་པའི་དབུ་ལོ། རིག་འཛིན་ཆེན་མོ། ཡོན་དགེ། རྡོ་རྗེ་དྲག་པོ་གསུམ་གྱི་དབུ་སྐྲ། རོལ་པའི་རྡོ་རྗེའི་དབུ་ཞྭ།། ༈ །།མགྲིན་པར་ཤ་བ་འབུམ་པའི་གནས་རྡོ་དུང་དཀར་རང་བྱོན། གཏེར་ཆེན་བདུད་འདུལ་རྡོ་རྗེ། ཆོས་རྗེ་གླིང་པ། རིག་འཛིན་ཚེ་དབང་ནོར་བུ་རྣམས་ཀྱི་ཤངས་མཚལ་རིལ་བུ།། ༈ །།ཆོས་ཀྱི་རིང་བསྲེལ་སྐོར་ལ། གཏེར་ཆེན་གུ་རུ་ཆོས་དབང་གི་གཏེར་མ་བཻ་རོའི་རྒྱ་དཔེ། བཻ་རོའི་ཕྱག་བྲིས་འབུམ་ཤ་སྒྲོ་མ། ཀ་བ་དཔལ་བརྩེགས་ཕྱག་བྲིས་རྒྱ་དཔེ། པད་གླིང་གཏེར་བྱོན་ལྡན་མ་རྩེ་མང་ཕྱག་བྲིས། སྟག་ཤམ་རྡོ་རྗེས་
དགའ་བ་ལུང་ནས་སྤྱན་དྲངས་པའི་ཨོ་རྒྱན་རིན་པོ་ཆེའི་རྒྱ་དཔེ་རྣམས་དང་། གཏེར་ཆེན་རིན་པོ་ཆེས་རྡོར་སེམས་སྒོ་ནས་བསྒྲུབས་པའི་དཀར་གསལ་ཨ་རྒྱའི་རིལ་བུ་རྩ་བའི་གཏའ་སྤེལ།། ༈ །།ཐུགས་ཀའི་ཆ་སྟོད་དུ། བདུད་འདུལ་གཏེར་བྱོན་ཟག་མེད་འཇའ་ལུས་འགྲུབ་པའི་རིལ་བུ་དང་། དམ་རྫས་ཟླ་ཤེལ་ཆེན་མོ། རྒྱལ་དབང་བཅུ་བཞི་པའི་དམ་རྫས་རིན་པོ་ཆེ་དངུལ་མདོག་མ།། ༈ །།སྐུ་གདུང་རིང་བསྲེལ་སྐོར་ལ། ཀུན་མཁྱེན་ཀློང་ཆེན་པའི་གདུང་རུས། རིག་འཛིན་རྒོད་ལྡེམ་ཅན་གྱི་གདུང་རུས་དང་སྐུ་ཤའི་རིལ་བུ། འཇའ་ཚོན་སྙིང་པོའི་གདུང་གི་ཞུན་ཐིག །འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་དབུ་ཐོད། གྲོ་ཞ་བསོད་ནམས་འབུམ་པའི་དབུ་ཐོད། སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་གདུང་རུས། གཏེར་ཆེན་བདུད་འདུལ་རྡོ་རྗེའི་ཞལ་འགྲམ།། ༈ །།སྐུ་བལ་རིང་བསྲེལ་སྐོར་ལ། ཉང་གཏེར་ཨོ་རྒན་རིན་པོ་ཆེ་དང་ཡེ་ཤེས་མཚོ་རྒྱལ་གཉིས་ཀྱི་ཞབས་ཆགས། བི་མ་མི་ཏྲའི་ན་བཟའ་མཁར་ཆུའི་གཏེར་མ། ཀཿདམ་པ་བདེ་གཤེགས་ཀྱི་སྐུ་བེར་འཁོར་ལོ་དགུ་བརྩེགས། ཉང་རལ་དང་ཆོས་དབང་ན་བཟའ། སོ་ཡེ་ཤེས་རྒྱ་མཚོའི་དབུ་ལོ། །གྲུབ་ཆེན་མེ་ལོང་རྡོ་རྗེའི་རས་གོས། ཀུན་མཁྱེན་ཀློང་ཆེན་པའི་སྐུ་ཆོས་དང་སྐུ་འགག་ཚལ། མཁའ་སྤྱོད་གྲུབ་པ་མ་ི་རིན་ཆེན་གྱི་ན་བཟའ། སངས་རྒྱས་གླིང་པའི་ན་བཟའ།
རིག་འཛིན་ལེགས་ལྡན་རྡོ་རྗེའི་དབུ་ཞྭ་ན་བཟའ། དབུ་སྐྲ། རྨུགས་སངས་ཉི་མ་རྒྱལ་མཚན་དབུ་སྐྲ། འཇའ་ཚོན་སྙིང་པོའི་གདུང་རས་དང་ན་བཟའ། གནམ་ཆོས་མི་འགྱུར་རྡོ་རྗེའི་དབུ་སྐྲ་དང་ན་བཟའ། རིག་འཛིན་པདྨ་ཕྲིན་ལས་དབུ་ལྗོན། གཏེར་བདག་གླིང་པའི་སྐུ་འགགས་དང་སྤུར་རས། ལོ་ཆེན་རིན་པོ་ཆེའི་དབུ་ལོ། རྗེ་བཙུན་མི་འགྱུར་དཔལ་སྒྲོན་དབུ་ལོ། ཡིད་བཞིན་ལེགས་གྲུབ་དབུ་ལོ། མཁན་ཆེན་གསང་སྔགས་བསྟན་འཛིན་དབུ་ལོ། མཁན་ཆེན་ཨོ་ཌི་ཡཱ་ནའི་དབུ་ལོ། ཀཿཐོག་པ་སངས་རྒྱས་བཀྲ་ཤིས་དབུ་ལོ། སྟག་བླ་པད་བློའི་དབུ་ལྗོན། པདྨ་ནོར་བུའི་དབུ་ཞྭ། དྲུང་ཆོས་ཉིད་རྒྱ་མཚོའི་དབུ་སྐྲ། དཀོན་མཆོག་རྒྱལ་མཚན་དབུ་སྐྲ་ན་བཟའ། སྟོན་པ་རྒྱལ་མཚན་དབུ་སྐྲ། རིག་འཛིན་ཀུན་བཟང་ཤེས་རབ་དབུ་སྐྲ་དང་དབུ་ཞྭའི་དུམ། པདྨ་ཚེ་བརྟན་དབུ་ལོ། གྲུབ་ཆེན་པྲཛྙཱ་ཛྙཱ་ནའི་དབུ་ལོ།། ༈ །།ཐུགས་ཀར། དམ་རྫས་རིལ་ནག་ཆེན་མོ་ཕྱག་བསྒྲིལ་བཅས། རྒྱལ་བ་དཔག་བསམ་དབང་པོས་བསྒྲུབས་པའི་འཇའ་ཚུགས་རིལ་བུ། དཱ་རི་ཀ་པའི་ཚེ་ཆུ་རིལ་བུ། གཏེར་ཆེན་རཏྣ་གླིང་པའི་ཚེ་རིལ་ཁྱད་འཕགས། བདུད་འདུལ་གཏེར་བྱོན་འཆི་མེད་ཚེ་ཡི་རིལ་བུ། བདུད་འདུལ་རྡོ་རྗེའི་དམ་རྫས་ཡིད་བཞིན་ནོར་བུ། རིག་འཛིན་ཚེ་དབང་ནོར་བུས་རྡོར་སེམས་དུང་བཟླས་ཀྱི་རིལ་བུ་ཁྱད་
འཕགས། འཇམ་དབྱངས་རིལ་བུ་ཤེས་རབ་དཔལ་སྐྱེད་ཀྱི་ཕབ་གཏའ།། ༈ །།སྐུ་གདུང་རིང་བསྲེལ་སྐོར་ལ། པདྨ་ཉིན་བྱེད་དབང་པོའི་གདུང་རུས། འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་ཐུགས་གློ་མཆིན་སྐུ་ཤ་བཅས་ཀྱི་རིལ་བུ། རིག་འཛིན་གསུང་རབ་རྒྱ་མཚོའི་ཐུགས། གཏེར་སྟོན་རོལ་པའི་རྡོ་རྗེའི་ཐུགས།། ༈ །།སྐུ་བལ་རིང་བསྲེལ་ལ། ཀཿདམ་པ་བདེ་གཤེགས་ན་བཟའ། གཏེར་སྟོན་སངས་རྒྱས་གླིང་པའི་བསྒོམ་ཐག་འཁྲུལ་བྲལ། གནམ་ཆོས་མི་འགྱུར་རྡོ་རྗེའི་ཕྱག་ཕྲེང་།། ༈ །།ཆོས་ཀྱི་རིང་བསྲེལ་སྐོར་ལ། ཉང་གཏེར་ཁྲོས་ནག་ཤོག་སེར། བཀའ་བརྒྱད་བདེར་འདུས་བླ་དཔེ་བཻ་རོའི་ཕྱག་བྲིས། བཻ་རོ་ཙ་ནའི་རྒྱ་དཔེ་དུམ་བུ་འཁྲུལ་མེད། བྱང་གཏེར་དང་། སངས་གླིང་གཏེར་ཤོག །དགོངས་འདུས་བཏགས་གྲོལ་ཤོག་སེར་བཅས། འབྲི་གུང་རིན་ཆེན་ཕུན་ཚོགས་དང་ཆོས་རྗེ་གླིང་པའི་ཤོག་སེར། བདུད་འདུལ་རྡོ་རྗེའི་དམ་ཆོས་དགོངས་པ་ཡོངས་འདུས་སོགས་ཤོག་སེར་རིགས་གཉིས། སྟག་ཤམ་རྡོ་རྗེས་སྒྲོལ་དཀར་སྤྱན་བདུན་མའི་གསང་སྒྲོམ་ནས་སྤྱན་དྲངས་པའི་གུ་རུའི་ཐུགས་སྒྲུབ་རྣམ་གསུམ་གྱི་ཤོག་སེར།། ༈ །།ཐུགས་ཀའི་ཆ་སྨད་དུ། བདུད་འདུལ་རྡོ་རྗེའི་ཕྱག་བྱོན་གཏེར་སྟོན་བརྒྱ་རྩའི་དམ་རྫས་གཅིག་དྲིལ་དམ་རྫས་ཨ་དོམ། དམ་རྫས་ས་ལེ་སྤྲམ། ཀུན་བཟང་ཤེས་
རབ་ནས་བླ་རབས་ལྔ་ཡི་བར་དུ་བསྒྲུབས་པའི་མྱོང་གྲོལ་རིལ་བུ་བུམ་སྙིང་མ།། ༈ །།སྐུ་གདུང་རིང་བསྲེལ་སྐོར་ལ། བྱང་བདག་བཀྲ་ཤིས་སྟོབས་རྒྱལ་སྐུ་ཤའི་རིལ་བུ། པདྨ་བློ་གྲོས་དབུ་ཐོད་དུམ། ཀརྨ་ཆགས་མེད་གདུང་ཁྲུས་རིལ་བུ། གནམ་ཆོས་མི་འགྱུར་རྡོ་རྗེའི་གདུང་རུས་རིལ་བུ། ཀློང་གསལ་སྙིང་པོའི་གདུང་རུས་རིལ་བུ། ཨོ་རྒྱན་ཆོས་འཕེལ་གདུང་རུས། པདྨ་བདེ་ཆེན་གླིང་པའི་སྐུ་ཤ་རིལ་བུ། རྒྱལ་སྲས་པདྨ་དབང་རྒྱལ་སྐུ་ཤ །རིག་འཛིན་ཚེ་དབང་ནོར་བུའི་གདུང་རུས། སྐུ་ཤ་གདུང་ཁྲུས་རིལ་བུ། དཔའ་བོ་གཙུག་ལག་ཆོས་རྒྱལ་གྱི་གདུང་རུས་དང་གདུང་ཐལ།། ༈ །།སྐུ་བལ་རིང་བསྲེལ་སྐོར་ལ། པདྨ་གླིང་པའི་གཏེར་བྱོན་ཨོ་རྒྱན་རིན་པོ་ཆེའི་སྐུ་ཆིངས། བསྟན་འཛིན་ངག་དབང་ཉི་ཟླ་བཟང་པོའི་སྐུ་སྐེད། རིག་འཛིན་པདྨ་ཕྲིན་ལས་ཀྱི་ཟབ་བེར། སྐུ་རེག །ཞལ་ཕྱིས། སྨིན་གླིང་རྗེ་བཙུན་མི་འགྱུར་དཔལ་སྒྲོན་གྱི་ན་བཟའ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ན་བཟའ། རིག་འཛིན་བཀྲ་ཤིས་ཚེ་བརྟན་དབུ་ལྗོན། གཏེར་ཆེན་བདུད་འདུལ་རྡོ་རྗེའི་ན་བཟའ། ལུང་ཟིན་ཆོས་ཉིད་རྒྱ་མཚོའི་ན་བཟའ། ཀརྨ་ཆགས་མེད་ན་བཟའ། སྟག་ཤམ་རྡོ་རྗེའི་སྐུ་བེར། ཆོས་གླིང་ན་བཟའ་སྤུར་རས། བསམ་གཏན་བསྟན་འཛིན་གྱི་མགུལ་དཀྲིས། ར་བླ་པདྨ་ནོར་བུའི་ན་བཟའ། རིག་
འཛིན་ཀུན་བཟང་ཤེས་རབ་ན་བཟའ། གནམ་སྐྱབས་བླ་མའི་ན་བཟའ། ཡོན་དགེ་མི་འགྱུར་རྡོ་རྗེའི་ན་བཟའ། སྐུ་བེར། དགོ་ཐུལ། རིག་འཛིན་རོལ་པའི་རྡོ་རྗེའི་ན་བཟའ་དང་སྐུ་ཤམ། རྡོ་རྗེ་གཙུག་ལག་དགའ་བའི་ན་བཟའ།། ༈ །།ལྟེ་བར། སྨིན་གླིང་གཏེར་རྫས་སྒྲུབ་རིལ་ཀུན་འདུས། ཆོས་དབང་དང་སངས་གླིང་དགོངས་འདུས་ཀྱི་གཏེར་སྒྲོམ་ཚལ། རྗེ་བཅུ་གསུམ་པའི་དམ་རྫས་ཡིད་བཞིན་ནོར་བུ། སྐྱོ་བྲག་བསྟན་འཛིན་བཟང་པོའི་བུམ་རིལ། ཨ་ལོ་བླ་རྒན་རྣམས་ཀྱི་བུམ་རིལ། རྗེ་པདྨ་དབང་ཆེན་ཞབས་ཀྱིས་པདྨ་བཛྲའི་སྒོ་ནས་བསྒྲུབས་པའི་མྱོང་གྲོལ། སྨིན་གླིང་རབ་གནས་མེ་ཏོག་བདུད་འདུལ་རྡོ་རྗེའི་དམ་རྫས་རིགས་བཅུ་གསུམ་ཕྱོགས་གཅིག་ཏུ་དྲིལ་བ། ཟུར་མང་དགོན་ཁག་གཉིས་ཀྱི་བླ་རབས་བདུན་བརྒྱད་ལ་བསྙེན་རྒྱུན་གཏན་ནས་མ་ཆད་པའི་ཐུགས་གསང་བུམ་སྒྲུབ་རིལ་བུ་ཁྱད་འཕགས། ཡབ་སྲས་ཟུང་གིས་རྒྱུད་སྡེའི་སྒྲུབ་པ་མཛད་པའི་རྡུལ་ཚོན། འཇའ་ཚོན་སྙིང་པོའི་རྟེན་འདུས། རིག་འཛིན་བདུད་འདུལ་རྡོ་རྗེའི་རྩ་གསུམ་སྨན་གྱི་རིལ་བུ། ཀརྨ་ཆགས་མེད་ཀྱི་རྟེན་འདུས་རིལ་བུ། གནམ་ཆོས་རིལ་བུ་རིགས་གསུམ་གཅིག་དྲིལ་ཆགས་མེད་རིན་པོ་ཆེས་བསྒྲུབས་པ། གནམ་ཆོས་ཙུནྡ་རིལ་བུ་དང་བྲམ་ཤུ་རིལ་བུ། རིག་འཛིན་ཆོས་རྗེ་གླིང་པས་མཚུར་ཕུར་བླ་མ་
རིག་འཛིན་གྱི་སྒོ་ནས་སྨན་སྒྲུབ་གནང་བའི་ཆོས་སྨན། རིག་འཛིན་ཚེ་དབང་ནོར་བུའི་ཆོས་སྨན།། ༈ །།སྐྱེ་བདུན་སྐོར་ལ། ཆོས་དབང་གཏེར་བྱོན་བྲམ་ཟེའི་གདུང་། སངས་གླིང་གཏེར་བྱོན་བྲམ་ཟེའི་སྐུ་ཤ་རིལ་བུ། བདུད་འདུལ་གཏེར་བྱོན་བྲམ་ཟེ་དྲི་མེད་སྙིང་པོའི་གདུང་རུས། སྟག་ཤམ་གཏེར་བྱོན་བྲམ་ཟེ་ཟླ་བ་སྒྲོན་མེའི་གདུང་རུས་དང་བྲམ་ཟེའི་སྐུ་ཤའི་རིལ་བུ།། ༈ །།སྐུ་བལ་རིང་བསྲེལ་སྐོར། གཏེར་བདག་གླིང་པའི་སྐུ་ཤམ་ཚལ། ར་བླ་པདྨ་ནོར་བུའི་ཕྱག་ཕྲེང་། རིག་འཛིན་ཆེན་མོའི་སྐུ་ཤམ་ཚལ།། ༈ །།གསང་བར། བདུད་འདུལ་གཏེར་བྱོན་གུ་རུ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་རིལ་བུ། སྟག་ཤམ་གཏེར་བྱོན་ཨོ་རྒྱན་ཡབ་ཡུམ་གྱི་བྱང་སེམས། ཆོས་གླིང་གཏེར་བྱོན་མཚོ་རྒྱལ་དང་ཨཱརྻ་ས་ལེའི་བྱང་སེམས། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྣམ་སྣང་། གཏེར་ཆེན་བདུད་འདུལ་རྡོ་རྗེའི་གསང་ཆབ། གྲུབ་བརྙེས་ཀརྨ་ཆགས་མེད་གསང་ཆག །གནམ་ཆོས་མི་འགྱུར་རྡོ་རྗེའི་གསང་ཆབ་རིལ་བུ། གཏེར་ཆེན་འགྱུར་མེད་རྡོ་རྗེའི་རྣམ་སྣང་དང་མི་བསྐྱོད་རིལ་བུ། དཔའ་བོ་གཙུག་ལག་ཆོས་རྒྱལ་གསང་ཆབ་རིལ་བུ།། ༈ །།སྐུ་བལ་རིང་བསྲེལ། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་ཕུར་དར། བདེ་གཤེགས་ཟུར་པོ་ཆེའི་ཕུར་དང་། འཇའ་ཚོན་ཞབས་ཆགས། མི་འགྱུར་
རྡོ་རྗེའི་ཞབས་ཆགས། ཆོས་རྒྱལ་གཏེར་བདག་གླིང་པའི་ཞབས་ལྷྭམ་དུམ་བུ། ལོ་ཆེན་ཆོས་དཔལ་རྒྱ་མཚོའི་ཞབས་ཆགས།། ༈ །།ཆོས་ཀྱི་རིང་བསྲེལ། ཤ་འུག་གཏེར་བྱོན་ཐུགས་རྗེ་ཆེན་པོ་ལས་ལྷ་ཆེན་ཤོག་སེར་བཅས་ལེགས་པར་བཞུགས་སོ། །སྐུའི་གནས་རྣམས་སུ་གསང་བ་ཡོངས་རྫོགས་ཆེན་པོའི་རྒྱུད་ལས་གསུངས་པའི་གནས་བྱིན་རླབས་ཀྱི་སྔགས་དང་། ཚོགས་ཆེན་འདུས་པ་སྒྱུ་འཕྲུལ་དོང་སྤྲུགས་སོགས་ཀྱི་ཞི་བའི་ལྷ་རྣམས་ཀྱི་སྙིང་པོ་གསེར་དངུལ་གྱིས་བྲིས་པ་མ་འཆོལ་བར་བཞུགས་པ་དང་། ཁྱད་པར་གསང་རྫོགས་ལས། སྤྱི་གཙུག་གདུང་བཞུགས་མགྲིན་པ་རུ༔ ཨཱ་ལི་ཀཱ་ལི་བཞེངས་པར་བྱ༔ ཐུགས་ཀར་མན་ཤེལ་ཧཱུྃ་བཅས་བཞུགས༔ སྲོག་ཤིང་རྩེ་ནས་རྨངས་ཡན་ཆད༔ ཐེག་པའི་རིམ་པ་དང་སྦྱར་བའི༔ རྒྱུད་ལུང་མན་ངག་རིམ་པར་གཞུག༔ སྲོག་ཤིང་ནང་དུ་སྲོག་ཕུར་གདབ༔ སྲོག་ཤིང་ཕྱི་ལ་ཚེ་དཔག་མེད༔ གཟུངས་དང་སྔགས་སུ་བཅས་པ་བཀོད༔ ཁ་དོག་ཕྱོགས་མཚོན་གདུལ་བྱར་བསྟུན༔ དར་ཟབ་ལ་སོགས་ན་བཟས་ཀླུབ༔ ཅེས་སོགས་གསུངས་པའི་བཅས་སྤྱི་དང་། ཁྱད་པར་ཙནྡན་དཀར་པོའི་སྲོག་ཕུར་ཚེ་གཟུངས་གསེར་བྲིས་ཀྱིས་དྲིལ་བ་སོགས་ཀྱང་ལེགས་པར་འདུ་བགྱིས་པའོ། །གཉིས་པ་ཁྲག་འཐུང་རྡོ་རྗེ་བདེ་བ་ཆེན་པོ་མཁའ་འགྲོ་སྒྱུ་མ་
བདེ་མཆོག་དཔལ་ཆེན་པོ་ཡང་དག་གྲུབ་པ་གཅིག་པུ་འབྲས་བུའི་ཧེ་རུ་ཀའི་རྣམ་པར་བཞེངས་པའི་སྣང་བརྙན་བྱིན་རླབས་དཔལ་འབར་གྱི་གདན་ཁྲིའི་ནང་དུ། ཕྱིས་བྱོན་ཟབ་གཏེར་འཛིན་པ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་གཏེར་ཆེན་བསམ་གཏན་གླིང་པས་ཡི་དམ་དགོངས་འདུས་ཀྱི་ཆ་ལག་ཏུ་སྤྱན་དྲངས་པ་མཁའ་འགྲོ་བདུད་འདུལ་དྲག་མོའི་རྒྱས་པའི་ལས་ཚོགས་སུ་འབྱུང་བ་བཀྲ་ཤིས་ས་ལྷའི་གཏེར་བུམ་ལྔ། བརྟན་མ་དང་འབྱུང་བཞི་ལྷ་མོའི་སྐུ་གཟུགས་རིང་བསྲེལ་གཟུངས་སྔགས་གསེར་བྲིས་རྫས་མ་ཚང་བ་མེད་པ་ལ་སྒྲུབ་པའི་རིམ་པ་སོགས་གཞུང་ནས་ཇི་སྐད་བཤད་པ་ཚད་ལྡན་ཏུ་བགྱིས་པ་དང་པད་གདན་གྱི་ནང་དུ། གྲ་སྟོན་ཆེན་པོ་དབང་ཕྱུག་འབར་གྱི་གཏེར་བྱོན་རྨུགས་འཛིན་དམར་པོའི་འཁྲུལ་འཁོར་གཞུང་མཐུན་གྱི་རྫས་ཚང་ཞིང་གྲུབ་དབང་པདྨ་གསང་སྔགས་བསྟན་འཛིན་ནས་ཡུན་རིང་དུ་བསྒྲུབས་པ་དང་། གནོད་སྦྱིན་ཕོ་དགུ་མོ་དགུའི་འཁྲུལ་འཁོར་དང་སྤྱན་གཟིགས་གཡང་རྫས་ས་སྣ་ཆུ་སྣ་སོགས་རྡོར་སེམས་སྐབས་སུ་སྨོས་པ་རྣམས་ཚང་བར་བཞུགས་སོ། །སྐུ་བརྙན་དངོས་ཀྱི་གནས་ལྔར་ཁྱད་པར་ཅན་གྱི་རྟེན་ལྔ་བཞུགས་པ་ནི། དབུའི་དཔྲལ་བར། རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་ཆེན་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་ལུག་ལོ་སྦྲེལ་ཟླའི་ཚེས་བཅུར་ཙཱ་འདྲ་རིན་ཆེན་
བྲག་གི་སྙིང་པོ་དཔལ་ཆེན་པོ་རང་བྱུང་གི་ཕྲག་གཡས་གུ་རུ་རིན་པོ་ཆེའི་གསང་ཕུག་ནས་གསང་ཐིག་སྐོར་གསུམ་དང་ལྷན་ཅིག་སྤྱན་དྲངས་པ་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གདུང་དང་རིང་བསྲེལ་འདུས་པའི་དམ་རྫས་རིན་པོ་ཆེའི་ཏོག །མགྲིན་པར་གསང་ཐིག་སྐོར་གསུམ་གྱི་ཤོག་སེང་ཨོ་རྒྱན་ཆེན་པོའི་ཕྱག་བྲིས་ཧ་ཡིག་གི་ཁ་བྱང་དང་གཞུང་དངོས་འཕྲུལ་ཡིག་ཏུ་བཞུགས་པ་བུབ་ཚང་བ་དང་། གནས་ཆེན་ཉེར་ལྔའི་མགོ་བོ་སྐུའི་སྐུ་གནས་སྐྱོ་བྲག་སེང་གེ་གནམ་མཆོང་ནས་རྙེད་པའི་ཨོ་རྒྱན་ཆེན་པོས་རྡོ་རྗེའི་ཚེ་སྒྲུབ་ཀྱི་རྟེན་ཏུ་བྱིན་གྱིས་བརླབས་པ་རང་བྱུང་རྡོ་རྗེའི་ཕྲེང་བ་བརྒྱ་རྩ་བརྒྱད་ལ་རྒྱལ་དབང་བདུད་འདུལ་རྡོ་རྗེའི་ཕྱག་ཕྲེང་གིས་ཁ་བསྐང་བ་དང་བཅས་པ། ཐུགས་ཀར་ལོ་ཆེན་བཻ་རོའི་རྣམ་འཕྲུལ་གཏེར་སྟོན་གུ་རུ་ཇོ་རྩེས་ཟང་ཡག་བྲག་ནས་སྤྱན་དྲངས་པ་ཡང་དག་བདེ་ཆེན་སྙིང་པོའི་རྣལ་འབྱོར་གྱིས་ཕྱག་རྒྱ་ཆེན་པོའི་མཆོག་གྲུབ་པའི་རྡོ་རྗེའི་རིག་འཛིན་གུ་རུ་བདེ་བ་ཆེན་པོའི་སྐུ་ཚབ་བྱེ་མ་ཨ་ཀྲོང་ལས་གྲུབ་པ་ཕྱགས་གང་པ། ལྟེ་བར་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་གཏེར་བདག་གླིང་པས་མཛད་པའི་རབ་གནས་སྤྱི་དོན་རྗེ་ཉིད་ཀྱི་གཅུང་གཡུ་སྒྲའི་རྣམ་འཕྲུལ་མཁན་ཆེན་ལོ་ཙཱ་བ་དྷརྨ་ཤྲཱིའི་ཕྱག་བྲིས་བྱིན་ལྡན། གསང་བར་སྤྲུལ་པའི་གཏེར་ཆེན་པདྨ་ཀུན་སྐྱོང་གླིང་པས་མཚོར་རྡོ་རྗེ་སྐྱེད་བྲག་ནས་སྤྱན་
དྲངས་པའི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ་བརྙན་ལི་སེར་ལས་གྲུབ་པ་ཤིན་ཏུ་ཁྱད་འཕགས་རྣམས་དང་། གཞན་ཡང་སྐུའི་ལྟེ་བར་གཏེར་ཆེན་མཆོག་གྱུར་གླིང་པའི་མགུལ་གཡུ་དྲུག་དཀར་ཁྱད་པར་ཅན་དང་། མཁའ་འགྲོའི་བླ་གཡུ་ཧ་ཡིག་རང་བྱུང་དུ་གསལ་བ། རྗེ་བླ་མ་ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ལྷུན་གྲུབ་སྟེང་དུ་ཚོགས་ཆེན་འདུས་པའི་སྨན་སྒྲུབ་མཛད་སྐབས་སྨན་སྣོད་གཤའ་རྩི་གོང་བུར་ཞུ་བ་ལས་སྐུ་བརྙན་འགའ་ཞིག་རང་བྱུང་དུ་གྱུར་པའི་ནང་ཚན་མ་མོ་ཙནྡྷ་སེར་སྐྱའི་སྐུ་བརྙན་རང་བྱུང་དུ་གསལ་བ། ཡང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྨན་སྒྲུབ་མཛད་སྐབས་ཆོས་སྨན་གོང་བུར་འདྲིལ་བ་ལས་ཕྱི་དབྱིབས་རྗེ་བཙུན་སྒྲོལ་མ་དང་ནང་དབྱིབས་ཨོ་རྒྱན་ཟ་ཧོར་མའི་རྣམ་པ་ཤིན་ཏུ་གསལ་བ་རྣམས་དར་གོས་ཀྱི་ན་བཟས་ཀླུབས་ཏེ་དྲི་བཟང་གིས་ཕུར་མས་གཏམས་པའི་བཞུགས་ཁང་ཇི་ལྟར་མཚམས་པར་བཞུགས་སུ་གསོལ་བའོ། །རིང་བསྲེལ་རྣམ་པ་ལྔ་ལས་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ནི་དབུ་གཙུག་རལ་པའི་རྩེ་མོར་མཚུར་ཕུའི་རྟེན་ཁྲོད་ཀྱི་རིང་བསྲེལ་གཅིག །སྨིན་གླིང་རྟེན་ཁྲོད་ཀྱི་རིང་བསྲེལ་གཅིག །བདུད་འདུལ་གཏེར་བྱོན་རིང་བསྲེལ་གཅིག །མཆོག་གླིང་འོད་སྲུང་རིང་བསྲེལ། དམ་རྫས་རིན་པོ་ཆེའི་ཏོག་རྩ་བའི་གཏའ་སྤེལ་རྡོག་ཉེར་གཅིག་
འཕགས་ཡུལ་བྱང་ཆུབ་ལྗོན་ཤིང་ཚལ་པ་བཅས། ཆོས་སྐུའི་རིང་བསྲེལ་ལ་སཱཙྪའི་སྐོར་རྡོར་སེམས་ལྟར་ལ། བྱིན་སྐུ་གཙུག་ཏུ་རྣམ་རྒྱལ་མ། རྡོ་རྗེ་འཆང་། དགའ་རབ་རྡོ་རྗེ། དཔྲལ་བར་སྐུ་རྡོ་རྗེ་རྣམ་སྣང་། འཇམ་དབྱངས། འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་དང་དཔའ་གཅིག །མགྲིན་པར་གསུང་རྡོ་རྗེ་སྣང་བ་མཐའ་ཡས་སོགས་དང་། ཐུགས་ཀར་ཐུགས་རྡོ་རྗེ་མི་བསྐྱོད་པ་སོགས་ནས་པད་གདན་ཆོས་སྐྱོང་ནོར་ལྷའི་བར་རྡོར་སེམས་ལ་གང་བཞུགས་ཐམས་ཅད་གྲངས་དང་བཅས་མཚུངས་པར་བཞུགས་ལ། ཆོས་ཀྱི་རིང་བསྲེལ་ནི་འོག་ཏུ་འཆད་དོ། །སྐུ་གདུང་སྐུ་བལ་དམ་རྫས་ཁྱད་པར་ཅན་གྱི་སྐོར་ལ། དབུ་གཙུག་ཏུ། སྟག་ཤམ་གཏེར་བྱོན་སངས་རྒྱས་འོད་སྲུང་དབུ་ཀླད། གཏེར་གསར་འོད་སྲུང་དང་ཐུབ་པའི་སྐུ་ཆོས། མཆོག་ལྡན་མགོན་པོའི་གཏེར་བྱོན་ཨོ་རྒྱན་རིན་པོ་ཆེའི་དབུ་ཞྭ་མཁའ་འགྲོ་འབུམ་ཞུའི་ཚལ་པ།། ༈ །།འཕྲལ་བར། གཏེར་ཆེན་འགྱུར་མེད་རྡོ་རྗེས་རྡོར་སེམས་སྒོ་ནས་བསྒྲུབས་པའི་དཀར་གསལ་ཨ་རྒྱའི་རིལ་བུ་རྩ་བའི་གཏའ་སྤེལ། བྱང་གནམ་མཚོར་རང་བྱུང་ཞབས་ཀྱིས་རབ་གནས་མཛད་པའི་རིལ་ནག་རང་བྱོན།། ༈ །།སྐུ་གདུང་རིང་བསྲེལ་སྐོར་ལ། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་ཚེམ་དུམ་བུ། གཏེར་གསར་དགའ་རབ་རྡོ་རྗེའི་འོད་གསལ་ཐུགས་
ཀྱི་དྭངས་མ་གཏེར་བྱོན་ངོ་མའི་ཕྱེ་མ་ལ་བྲམ་ཟེ་ཉི་མའི་སྙིང་པོའི་གདུང་དང་ཤྲཱི་སི༚་ཡབ་ཡུམ། གུ་རུ་ཡབ་ཡུམ་གྱི་བྱང་སེམས་རྣམས་ཕྱོགས་གཅིག་འདྲེས་པ། བལ་མོ་ཤཱཀྱ་དེ་བའི་དབུ་ཐོད་ཚལ་པ་དང་དེའི་རིལ་བུ། ཆོས་དབང་གཏེར་བྱོན་བྲམ་ཟེའི་དབུ་ཐོད་ཚལ་པ་དང་དེའི་རིལ་བུ། ཀཿདམ་པ་བདེ་གཤེགས་དབུ་ཐོད་ཚལ་དང་དེའི་རིལ་བུ། གཏེར་སྟོན་ཀརྨ་གླིང་པའི་དབུ་ཐོད་ཚལ་བུ། སྟག་ཤམ་རྡོ་རྗེའི་དབུ་ཀླད་རིལ་བུ།། ༈ །།སྐུ་བལ་རིང་བསྲེལ་སྐོར་ལ། ལྷོ་གྲག་ནམ་མཁའི་སྙིང་པོའི་དབུ་སྐྲ་བྱང་ཆུབ་གླིང་པའི་གཏེར་བྱོན། ཀཿཐོག་བྱམས་པ་འབུམ་པའི་དབུ་སྐྲ། གུ་རུ་ཆོས་དབང་དབུ་ཞྭ། གཏེར་ཆེན་རིན་ཆེན་གླིང་པའི་དབུ་སྐྲ། གཏེར་སྟོན་དྲི་མེད་སྙིང་པོའི་དབུ་སྐྲ། པདྨ་གླིང་པའི་དབུ་ལྗོན། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་དབུ་སྐྲ། མངའ་རི་པ་ཆེན་རིན་པོ་ཆེའི་དབུ་ཞྭ་ཚལ། ཆགས་མེད། སྟག་ཤམ། མི་འགྱུར་རྡོ་རྗེ་གསུམ་གྱི་དབུ་ཞྭ་ཚལ། གཏེར་ཆེན་སྟག་ཤམ་རྡོ་རྗེའི་དབུ་སྐྲ་དང་ཐོར་ཅོག་བཅིངས་སྤྱད་དར་ལྗང་། རིག་འཛིན་ཀློང་གསལ་སྙིང་པོའི་དབུ་ཆིངས་དང་དབུ་ཞྭ་ཚལ། རུས་རྒྱན་རྡོག་གཅིག །ཡོན་དགེ་མི་འགྱུར་རྡོ་རྗེ་དང་། རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ། རྡོ་རྗེ་དྲག་པོ་གསུམ་གྱི་དབུ་སྐྲ། རིག་འཛིན་རོལ་པའི་རྡོ་རྗེའི་དབུ་སྐྲ་དང་དབུ་ཞྭ་ཚལ། རྡོ་རྗེ་
གཙུག་ལག་དགའ་བའི་དབུ་སྐྲ། རྗེ་པདྨ་ཉིན་བྱེད་དབང་པོའི་དབུ་ལྗོན།། ༈ །།མགྲིན་པར། ཤ་བ་འབུམ་པའི་གནས་རྡོ་དུང་དཀར་རང་བྱོན། སྐུ་བལ་རིང་བསྲེལ་ལ། རིག་འཛིན་ལེགས་ལྡན་རྡོ་རྗེའི་དབུ་ཞྭ་དབུ་སྐྲ། གཏེར་ཆེན་བདུད་འདུལ་རྡོ་རྗེའི་ཤངས་མཚལ་རིལ་བུ། ཆོས་རྗེ་གླིང་པའི་ཤངས་མཚལ་རིལ་བུ། རིག་འཛིན་ཚེ་དབང་ནོར་བུའི་ཤངས་མཚལ།། ༈ །།ཆོས་ཀྱི་རིང་བསྲེལ་སྐོར་ལ། ལོ་ཆེན་བཻ་རོའི་ཕྱག་བྲིས་རྒྱ་དཔེ། གུ་རུ་ཆོས་དབང་གཏེར་ཤོག །སྟག་ཤམ་རྡོ་རྗེས་དགའ་བ་ལུང་ནས་སྤྱན་དྲངས་པའི་ཨོ་རྒྱན་རིན་པོ་ཆེའི་རྒྱ་དཔེ། ཡེ་ཤེས་མཚོ་རྒྱལ་གྱི་ཕྱག་བྲིས་རྒྱ་དཔེ།། ༈ །།ཐུགས་ཀའི་ཆ་སྟོད་དུ། བདུད་འདུལ་གཏེར་བྱོན་ཟག་མེད་འཇའ་ལུས་འགྲུབ་པའི་རིལ་བུ། དམ་རྫས་ཟླ་ཤེལ་ཆེན་མོ།། ༈ །།སྐུ་གདུང་རིང་བསྲེལ་སྐོར་ལ། ཀཿདམ་པ་བདེ་གཤེགས་ཐུགས་ནོར་བུའི་བཅད་འཕེལ་གྱི་ཕྱེ་མ། ཀུན་མཁྱེན་ཀློང་ཆེན་པའི་གདུང་རུས། རིག་འཛིན་རྒོད་ལྡེམ་གདུང་རུས་དང་སྐུ་ཤ་རིལ་བུ། དྲུང་རྡོ་རྗེ་དཔལ་གྱི་དབུ་ཐོད། ཕྱོགས་མེད་བྱང་སེམས་ཆོས་རྗེའི་གདུང་རུས། འཇའ་ཚོན་སྙིང་པོའི་གདུང་གི་ཞུན་ཐིགས། གཏེར་ཆེན་བདུད་འདུལ་རྡོ་རྗེའི་ཞལ་འགྲམ་དུམ། སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་གདུང་རུས། རྒྱ་ར་ལྷུན་གྲུབ་རྒྱ་མཚོའི་དབུ་ཐོད།། ༈ །།སྐུ་བལ་རིང་བསྲེལ་
སྐོར་ལ། ཉང་གཏེར་ཨོ་རྒྱན་རིན་པོ་ཆེ་དང་ཡེ་ཤེས་མཚོ་རྒྱལ་གཉིས་ཀྱི་ཞབས་ཆགས་དུམ། ཟུར་ཤེས་རབ་གྲགས་པའི་ན་བཟའ། ཀཿདམ་པ་བདེ་གཤེགས་སྐུ་བེར་འཁོར་ལོ་དགུ་བརྩེགས་དང་ན་བཟའ་དུམ། ཉང་རལ་དང་ཆོས་དབང་ན་བཟའ། གུ་རུ་ཆོས་དབང་གི་དབང་ཕོད། རྒྱལ་བ་ཀློང་ཆེན་རབ་འབྱམས་བཟང་པོའི་སྐུ་ཆོས་ཚལ། གཏེར་ཆེན་སངས་རྒྱས་གླིང་པའི་ན་བཟའ། གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སླེ་བན། རིག་འཛིན་ལེགས་ལྡན་རྡོ་རྗེའི་ན་བཟའ་དང་སྐུ་རེག་མཚོན་ཐུབ་མ། རིག་འཛིན་འཇའ་ཚོན་སྙིང་པོའི་ན་བཟའ་དང་གདུང་རས། གནམ་ཆོས་མི་འགྱུར་རྡོ་རྗེའི་ན་བཟའ། གཏེར་བདག་གླིང་པའི་སྐུ་འགག་དང་སྤུར་རས། པདྨ་འགྱུར་མེད་རྒྱ་མཚོའི་དབུ་ལོ། ཀཿཐོག་སངས་རྒྱས་བཀྲ་ཤིས་དབུ་སྐྲ། སྟོན་པ་སེང་གེའི་དབུ་སྐྲ། རིག་འཛིན་ཀུན་བཟང་ཤེས་རབ་དབུ་སྐྲ། དཔལ་ཡུལ་རྫོང་འགོ་པདྨ་རིག་འཛིན་གདུང་དཀྲིས། དཔའ་བོ་ནམ་མཁའ་རྡོ་རྗེའི་དབུ་སྐྲ། དབང་འབྱོར་བླ་མའི་དབུ་ལྗོན། པདྨ་ཤེས་རབ་དབུ་ལོ། གནས་མདོ་བདེ་ཆེན་སྙིང་པོའི་དབུ་སྐྲ།། ༈ །།ཐུགས་ཀར། དམ་རྫས་རིལ་ནག་ཆེན་མོ་ཕྱག་སྒྲིལ་བཅས། བདུད་འདུལ་རྡོ་རྗེའི་དམ་རྫས་ཡིད་བཞིན་ནོར་བུ་དང་ཕྱག་ཕྲེང་། གནམ་ཆོས་ཡང་བུ་ཤ་རི་རཾ། འཇམ་དབྱངས་རིལ་བུ་ཤེས་རབ་དཔལ་སྐྱེད་ཀྱི་ཕབ་
གཏའ།། ༈ །།སྐུ་གདུང་རིང་བསྲེལ་སྐོར། འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་ཐུགས་གློ་མཆིན་སྐུ་ཤ་བཅས་ཀྱི་རིལ་བུ། གཏེར་སྟོན་རོལ་པའི་རྡོ་རྗེའི་ཐུགས་ཀྱི་རིལ་བུ། པདྨ་ཉིན་བྱེད་དབང་པོའི་གདུང་རུས། ཀཿསེང་གེ་བླ་མའི་ཐུགས།། ༈ །།ཚེ་རྫས་སྐོར། དཱ་རི་ཀ་པའི་ཚེ་ཆུ་རིལ་བུ། བདུད་འདུལ་གཏེར་བྱོན་འཆི་མེད་ཚེ་ཡི་རིལ་བུ། སྨིན་གླིང་གཏེར་ཆེན་རིན་པོ་ཆེས་བསྒྲུབས་པའི་ཚེ་རིལ་ཧྲཱིཿརྒྱ་ཅན་རྩ་བའི་གཏའ་སྤེལ་རྣམས་དང་། སངས་རྒྱས་གླིང་པའི་སྒོམ་ཐག་དུ་མ།། ༈ །།ཆོས་ཀྱི་རིང་བསྲེལ་སྐོར་ལ། ཉང་གཏེར་ཁྲོས་ནག་ཤོག་སེར། བྱང་གཏེར་དང་སངས་གླིང་གཏེར་ཤོག །ཆོས་རྒྱལ་རཏྣ་གླིང་པའི་གཏེར་ཤོག །བདུད་འདུལ་རྡོ་རྗེའི་དམ་ཆོས་དགོངས་པ་ཡོངས་ཟབ་ཤོག་སེར་རིགས་གཉིས་དང་ཡང་ཤོག་སེར་ཚལ་ཆེ་བ།། ༈ །།ཐུགས་ཀའི་ཆ་སྨད་དུ། བདུད་འདུལ་རྡོ་རྗེའི་དམ་རྫས་ས་ལེ་སྦྲམ། དེ་ཉིད་ཀྱི་ཕྱག་བྱོན་གཏེར་སྟོན་བརྒྱ་རྩའི་དམ་རྫས་གཅིག་དྲིལ་དམ་རྫས་ཨ་དོ་མ། ཀུན་བཟང་ཤེས་རབ་ནས་བླ་རབས་ལྔ་ཡི་བར་དུ་བསྒྲུབས་པའི་མྱོང་གྲོལ་རིལ་བུ་བུམ་སྙིང་མ།། ༈ །།སྐུ་གདུང་རིང་བསྲེལ་སྐོར་ལ། སྐལ་ལྡན་ཡར་ལུང་སྤྲུལ་སྐུའི་གདུང་རུས། བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱི་སྐུ་ཤ་རིལ་བུ། གནམ་ཆོས་མི་འགྱུར་རྡོ་རྗེའི་གདུང་རུས་རིལ་བུ། ཀློང་གསལ་སྙིང་
པོའི་གདུང་རུས་རིལ་བུ། པདྨ་བདེ་ཆེན་གླིང་པའི་སྐུ་ཤའི་རིལ་བུ། ཀུན་བཟང་ཤེས་རབ་ཀྱི་སྐུ་ཤ་དང་གདུང་རིལ། རིག་འཛིན་ཚེ་དབང་ནོར་བུའི་གདུང་རུས། སྐུ་ཤ་གདུང་ཁྲུས་རིལ་བུ། ཀད་པ་རིན་ཆེན་ཟླ་བའི་དབུ་ཐོད་དུམ། པདྨ་ལྷུན་གྲུབ་རྒྱ་མཚོའི་སྐུ་ཤ། རྒྱ་གར་བླ་མའི་གདུང་རུས། །རྨུགས་སངས་རྡོ་རྗེ་ཀུན་བཟང་སྐུ་ཤ། རིག་འཛིན་རྡོ་རྗེ་དྲག་པོའི་གདུང་རུས། རི་ཆེ་ཨོ་རྒྱན་ཆོས་འཕེལ་གདུང་རུས།། ༈ །།སྐུ་བལ་རིང་བསྲེལ་སྐོར་ལ། མཚོ་རྒྱལ་རྣམ་འཕྲུལ་སྣང་གསལ་འོད་དེ་འབུམ་གྱི་ན་བཟའ། ཐང་རྒྱལ་སྐུ་དབོན་བསྟན་འཛིན་ཉི་ཟླ་བཟང་པོའི་ན་བཟའ། གཏེར་ཆེན་བདུད་འདུལ་རྡོ་རྗེའི་ན་བཟའ་སྐུ་བེར་དུམ་སྐུ་ཆིང་། རྒྱལ་སྲས་ནོར་བུ་ཡོངས་གྲགས་ཀྱི་ན་བཟའ། གནམ་ཆོས་མི་འགྱུར་རྡོ་རྗེའི་ཞལ་ཕྱིས། ཀརྨ་ཆགས་མེད་ན་བཟའ། ཀཿསངས་རྒྱས་བཀྲ་ཤིས་ན་བཟའ། རྡོར་བྲག་རིག་འཛིན་པདྨ་ཕྲིན་ལས་ན་བཟའ། རྒྱལ་སྲས་བསོད་ནམས་ལྡེའུ་བཙན་སྐུ་བེར། ཀུན་བཟང་ཤེས་རབ་ཀྱི་སྐུ་ཆོས་སྐུ་འཇམ་ན་བཟའ་དུམ། ཀད་པ་རིན་ཆེན་ཟླ་བའི་ན་བཟའ། དཔལ་འབར་དྲུང་བ་ཆོས་ཉིད་རྒྱ་མཚོའི་ན་བཟའ། ཤེས་རབ་རྒྱ་མཚོའི་ན་བཟའ། ཤེས་རབ་བློ་གྲོས་ཀྱི་ན་བཟའ། ལོ་ཆེན་དྷརྨ་ཤྲཱིའི་སྐུ་ཆོས། སྟག་ཤམ་རྡོ་རྗེའི་སྐུ་བེར། ཆོས་
གླིང་ན་བཟང་དང་སྤུར་རས། ཡོན་དགེ་མི་འགྱུར་རྡོ་རྗེ་དང་རོལ་པའི་རྡོ་རྗེའི་ན་བཟའ། བསམ་གཏན་བསྟན་འཛིན་གྱི་མགུལ་དཀྲིས། རྡོ་རྗེ་གཙུག་ལག་དགའ་བའི་ན་བཟའ། དཔའ་བོ་རྟ་མགྲིན་མགོན་པོའི་རྡུལ་ལེན།། ༈ །།ལྟེ་བར། སོ་ཡེ་ཤེས་དབང་ཕྱུག་སྒྲུབ་གཏོར་ཆ་ཤས། ཆོས་དབང་དང་སངས་གླིང་དགོངས་འདུས་གཏེར་སྒྲོམ་དུམ། བདུད་འདུལ་རྡོ་རྗེའི་དམ་རྫས་རིགས་བཅུ་གསུམ་ཕྱོགས་གཅིག་ཏུ་དྲིལ་པ། རྩ་གསུམ་སྨན་གྱི་རིལ་བུ། གནམ་ཆོས་བྲམ་ཤུ་རིལ་བུ། ཙུནྡ་རིལ་བུ། གནམ་ཆོས་རིལ་བུ་རིགས་གསུམ་སྤྱི་དྲིལ་ཆགས་མེད་ནས་བསྒྲུབས་པ་དང་དེ་ཉིད་ཀྱི་རྟེན་འདུས་རིལ་བུ། སྨིན་གླིང་གཏེར་ཆེན་རིན་པོ་ཆེས་ཁྲ་འབྲུག་ཏུ་བསྒྲུབས་པའི་ཆོས་སྨན། སྨིན་གླིང་གི་གཏེར་རྫས་བསྒྲུབས་རིལ་ཀུན་འདུས། རབ་གནས་མེ་ཏོག །རིག་འཛིན་ཀློང་གསལ་སྙིང་པོའི་རྟེན་འདུས། ཆོས་གླིང་བདུད་རྩི་ཆོས་སྨན། རིག་འཛིན་ཚེ་དབང་ནོར་བུའི་རྟེན་འདུས་དང་བདུད་རྩི་ཆོས་སྨན། ཟུར་མང་དགོན་ཁག་གཉིས་ཀྱི་མ་ི་བུམ་སྒྲུབ་རིལ་བུ། རྡོར་བཟང་གིས་བསྒྲུབས་པའི་སྨན་སྒྲུབ་ཁྱད་འཕགས། རྣམ་རྒྱལ་རྡོ་རྗེའི་ཨ་རྒྱ་མ་གཏའ་སྤེལ།། ༈ །།སྐུ་གདུང་རིང་བསྲེལ་སྐོར་ལ། སངས་གླིང་གཏེར་བྱོན་བྲམ་ཟེའི་སྐུ་ཤ་རིལ་བུ། བདུད་འདུལ་གཏེར་བྱོན་
བྲམ་ཟེ་དྲི་མེད་སྙིང་པོའི་གདུར་རུས་རིལ་བུ། སྟག་ཤམ་གཏེར་བྱོན་སྐྱེ་བདུན་སྐུ་ཤའི་རིལ་བུ་དང་བྲམ་ཟེའི་གདུང་གི་རིང་བསྲེལ་འཕེལ་མ། ཆོས་གླིང་གཏེར་བྱོན་སྐྱེ་བདུན་ཤ་རིལ།། ༈ །།སྐུ་བལ་རིང་བསྲེལ་སྐོར་ལ། བདེ་གཤེགས་ཟུར་པོ་ཆེའི་ཕུར་དར། གྲ་པ་མངོན་ཤེས་ཀྱི་ཕྱག་ཕྲེང་། གཏེར་བདག་གླིང་པའི་སྐུ་ཤམ་དུམ། རྟ་མགྲིན་མགོན་པོའི་ཕྱག་ཕྲེང་།། ༈ །།གསང་བར། བདུད་འདུལ་གཏེར་བྱོན་གུ་རུ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་རིལ་བུ། སྟག་ཤམ་གཏེར་བྱོན་ཨོ་རྒྱན་ཡབ་ཡུམ་གྱི་བྱང་སེམས། ཆོས་གླིང་གཏེར་བྱོན་མཚོ་རྒྱལ་དང་ཨཱརྻ་ས་ལེའི་བྱང་སེམས། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྣམ་སྣང་། གཏེར་སྟོན་བདུད་འདུལ་རྡོ་རྗེའི་གསང་ཆབ། གནམ་ཆོས་མི་འགྱུར་རྡོ་རྗེའི་གསང་ཆབ་རིལ་བུ། གྲུབ་བརྙེས་ཀརྨ་ཆགས་མེད་གསང་ཆབ། གཏེར་ཆེན་འགྱུར་མེད་རྡོ་རྗེའི་རྣམ་སྣང་དང་མི་བསྐྱོད་རིལ་བུ། རྡོ་རྗེ་ཀུན་བཟང་གསང་ཆབ།། ༈ །།བཀའ་བརྒྱད་བདེར་འདུས་བླ་དཔེ་བཻ་རོའི་ཕྱག་བྲིས་ལས་དྲག་སྔགས་སྐོར་གྱི་ལྡེབ། སྨིན་གླིང་གཏེར་ཆེན་རིན་པོ་ཆེས་བསྒྲུབས་པའི་གུར་དྲག་རིལ་བུ། མཁར་དྲུང་མཚོ་སྐྱེས་རྡོ་རྗེའི་ཐུན་རྫས།། ༈ །།སྐུ་བལ་རིང་བསྲེལ་སྐོར་ལ། པདྨ་གླིང་པའི་བཞུགས་གདན་འཁྲུལ་མེད། འཇའ་ཚོན་སྙིང་པོའི་ཞབས་ཆགས།
མི་འགྱུར་རྡོ་རྗེའི་ཞབས་ཆགས། ས་སྐྱ་པ་ཀུན་དགའ་བློ་གྲོས་ཕུར་དར་བཅས་བཞུགས། ཐུགས་ཀར་རྡོ་རྗེ་སྲོག་ཕུར་རྡོར་སེམས་དང་མཚུངས་པ་སྐུའི་གནས་རྣམས་སུ་སྐྱེ་མཆེད་བྱིན་བརླབས། ཁྱད་པར་ཕྱག་ཞབས་བརྒྱད་ལ་ཀེ་སེང་སྒོ་མའི་སྔགས། འདུས་མདོ་དང་སྒྱུ་འཕྲུལ་དོང་སྤྲུགས་ཁྲོ་བོའི་སྔགས་རྣམས་གསེར་དངུལ་གྱིས་བྲིས་པ་ལུས་དཀྱིལ་སོ་སོ་དང་མཐུན་པའི་གནས་རྣམས་སུ་གཞུག་པ་དང་། འཁོར་གྱི་གཽ་རཱི་བརྒྱད་ལའང་སོ་སོའི་སྔགས་རྣམས་ཚར་གྲངས་དང་རིང་བསྲེལ་རྣམ་བཞི་ཀུན་འདུས་ཀྱི་རིལ་བུ་སོགས་ཀྱིས་གཏམས་པར་བགྱིས་པའོ། །རྡོར་སེམས་དང་ཡང་དག་ཞི་ཁྲོ་གཉིས་ལ་གཏེར་གསར་བཞུགས་ཚོགས་ནི། གཙུག་ཏོར་གོང་དུ་སོང་། དང་ལ་བར་ཀརྨའི་དཔལ་དེའུའི་གཏེར་བྱོན་གཟི་བརྗིད་སྐྱེད་པ་སྐུའི་རིལ་བུ། ཤེལ་ཕུག་གཏེར་བྱོན་རིག་འཛིན་ཤྲཱི་སི༚་ཧའི་བདུད་རྩི་ཆོས་སྨན་གཏེར་བྱོན་དངོས་དང་རྩ་བའི་གཏའ་སྤེལ། མཁའ་འགྲོ་འབུམ་རྫོང་གཏེར་བྱོན་སློབ་དཔོན་པྲ་སྷ་ཧ་སྟའི་སྐུ་གདུང་། སེང་བྲག་གཏེར་བྱོན་ཨོ་རྒྱན་རིན་པོ་ཆེའི་སྐུ་བེར་དང་གསང་གོས་ལྗང་གུ། ཤེལ་ཕུག་གཏེར་བྱོན་མཚོ་རྒྱལ་དབུ་ལྗོན། ཤེལ་ཕུག་དང་ནམ་མཁའ་མཛོད་ཀྱི་གཏེར་བྱོན་བཻ་རོ་ཙ་ནའི་དབུ་ལྗོན། དེ་དང་ཀརྨའི་གཏེར་བྱོན་གནུབས་ཆེན་སངས་རྒྱས་ཡེ་ཤེས་དབུ་ལྗོན།
མགྲིན་པར་ཚངས་དབྱངས་སྐྱེད་པ་གསུང་གི་རིལ་བུ། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེའི་རང་བྱུང་གསང་བའི་བདུད་རྩི། ན་བུན་རྫོང་གཏེར་བྱོན་ཨོ་རྒྱན་རིན་པོ་ཆེའི་ཤངས་མཚལ་རིལ་བུ། ནམ་མཛོད་གཏེར་མ་རི་བོ་པོ་ཏ་ལའི་ས་རྡོ་མྱོང་གྲོལ། གཏེར་གནས་མང་པོའི་ཤོག་སེར་ཚལ་དང་། ཤོག་སེར་ཆོས་ཀྱི་རིང་བསྲེལ་ཀུན་འདུས་རིལ་བུ། གཡུ་བྲག་གཏེར་བྱོན་ཚེ་རྫས་ཟླ་བའི་སྙིང་པོ།། ༈ །།ཐུགས་ཀའི་སྟོད་དུ་སེང་བྲག་གི་འཇམ་དཔལ་བཤེས་གཉེན་ཤེས་རབ་རིལ་བུ། འཛི་ལུང་གཏེར་བྱོན་མཁན་པོ་བོ་དྷི་སཏྭའི་སྐུ་ཆོས། སེང་བྲག་གི་ལྷ་ལྕམ་མནྡྷ་ར་བ་དང་མཚོ་རྒྱལ་ན་བཟའ། གཏེར་གནས་གཉིས་ཀྱི་མཚོ་རྒྱལ་གསང་གོས་དཀར་པོ། སེང་བྲག་གི་ཁྲི་སྲོང་ན་བཟའ་སེར་པོ། ན་བུན་རྫོང་གཏེར་མ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གདུང་རུས། སེང་བྲག་གཏེར་བྱོན་ལོ་ཆེན་བཻ་རོའི་སྐུ་ཆོས་དུམ། རིག་འཛིན་ཆོས་རྒྱལ་རྡོ་རྗེས་གཉན་རྫོང་རྡོ་རྗེ་ཁྱུང་ཕུག་ནས་སྤྱན་དྲངས་པའི་ལང་གྲོ་ལོ་ཙཱའི་འཕེལ་གདུང་། གཏེར་གསར་སྐུ་གདུང་རིང་བསྲེལ་ཕྱོགས་བསྡུས་རིལ་བུ།། ༈ །།ཐུགས་དབུས་སུ་བདེ་ཆེན་སྐྱེད་པ་ཤུགས་ཀྱི་རིལ་བུ། ས་ལུག་ལོར་ལྷ་མདོའི་འབུར་མོ་བྲག་དཀར་ནས་ཙཱ་འདྲ་རིན་ཆེན་བྲག་གི་ཁ་བྱང་སོགས་དང་ལྷན་ཅིག་སྤྱན་དྲངས་པ་ཕྱོགས་བཅུའི་སངས་རྒྱས་
སྲས་དང་བཅས་པའི་བྱང་སེམས་འདུས་པ་དམ་རྫས་རོལ་པ་ཆེན་པོ་དང་། མཁའ་འགྲོ་འབུམ་རྫོང་ནས་མེ་རྟ་ལོར་སྤྱན་དྲངས་པ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་རིལ་བུ་ཨོ་རྒྱན་རིན་པོ་ཆེའི་ཕྱག་བསྒྲིལ་ཁྱད་འཕགས་ཚུལ་དྲུག་ཅན། གཏེར་བྱོན་དངོས་རྡོག་རེ་རེ། སེང་བྲག་གི་སངས་རྒྱས་གསང་བའི་རྡོར་སེམས་རིལ་བུ། ཀེ་རོང་རྡོ་རྗེ་ཅོང་ཕུག་གཏེར་བྱོན་ཨོ་རྒྱན་ཡབ་ཡུམ་གྱི་འཆི་མེད་རྡོ་རྗེའི་ཚེ་རིལ། མ་ར་ཏཱི་ཀིའི་ཚེ་རྫས་ཁྱད་འཕགས་རི་བོ་དབང་ཞུའི་གཏེར་བྱོན། ན་བུན་རྫོང་གི་གཏེར་མ་པདྨ་གཙུག་ཏོར་དྲི་མེད་ཀྱི་མཐོང་གྲོལ་དུམ། གཏེར་གསར་སྐུ་བལ་རིང་བསྲེལ་ཕྱོགས་བསྡུས་རིལ་བུ། སྒྲོལ་མ་དཀར་མོ་བླ་མེད་ཀྱི་རིལ་བུ་རྟག་པའི་རྡོ་རྗེ།། ༈ །།ཐུགས་ཀའི་ཆ་སྨད་དུ། སེང་བྲག་གཏེར་བྱོན་འཕགས་པ་ཀླུ་སྒྲུབ་ཞབས་ཆགས་དུམ། དཔལ་དེའུ་དང་གནམ་བྲག་རྩེའི་གཏེར་མ་ཨོ་རྒྱན་རིན་པོ་ཆེའི་སྐུ་ཆིངས་དུམ། གཏེར་གསར་དམ་རྫས་ཀུན་འདུས་རིལ་བུ།། ༈ །།ལྟེ་བར་ཡེལ་ཕུག་ནམ་མཁའ་མཛོད་ཀྱི་གཏེར་བྱོན་ཨོ་རྒྱན་ཡབ་ཡུམ་གྱི་བྱང་སེམས་དམ་རྫས་རོལ་པ་ཆེན་པོ་གྲོལ་བ་བཞི་ལྡན་ངོ་མཚར་བའི་བཀའ་རྟགས་ཀྱིས་སྤྲས་པ་གཏེར་བྱོན་དངོས་རྡོག་རེ་རེ། དེ་དང་འབུར་མོ་བྲག་དཀར་གྱི་རོལ་པ་ཆེན་པོ་རྩ་བའི་གཏའ་སྤེལ་བདུན་ཕྲག་གསུམ་རེ། འབུམ་རྫོང་མཚོ་
གཏེར་ཨོ་རྒྱན་རྗེས་འབྲང་སྟོང་ ཕྲག་བཅས་པས་རྫ་རྒྱལ་གོ་བོ་ཁྱུང་ཕུག་ཏུ་འདུས་པ་མདོའི་སྒོ་ནས་བསྒྲུབས་པའི་བདུད་རྩི་ཆོས ་སྨན། གཏེར་བྱོན་དངོས་དང་རྩ་བའི་གཏའ་སྤེལ་ཕོན་མང་། མངོན་རྫོགས་རྒྱལ་པོའི་སྨན་སྐུའི་ཆ་ཤས་དང་གཏེར་སྒྲོམ། སེང་བྲག་གཏེར་བྱོན་རིག་འཛིན་དགའ་རབ་རྡོ་རྗེའི་བདེ་ཆེན་ཡེ་ཤེས་སྐྱེད་པའི་བདུད་རྩི། ཤཱི་སི༚་ཧའི་ཆོས་སྨན། སྐལ་ལྡན་རྒྱལ་པོ་ཛཿའི་བདུད་རྩི་ཆོས་སྨན་གཏའ་སྤེལ། ན་བུན་རྫོང་གི་གཏེར་མ་པ་ཆེན་བི་མ་ལ་མི་ཏྲའི་ཆོས་སྨན། སེང་བྲག་འཕགས་ཡུལ་རིག་འཛིན་བརྒྱད་ཀྱི་ཆོས་སྨན། ཨོ་རྒྱན་རྗེ་འབངས་ཉེར་ལྔའི་ཆོས་སྨན། རིག་པའི་ཡེ་ཤེས་སྨན་གྱི་རིལ་བུ། པོ་ཏ་ལའི་འབྲུ་སྨན་འབྱུང་བཅུད་ཀུན་འདུས། རྩི་སྐེ་ནོར་བུ་སྤུན་གསུམ་གྱི་གཏེར་མ་གི་ཝཾ་རིལ་བུ། སེང་བྲག་གི་ཙནྡན་དཀར་དམར་རིལ་བུ། ཅུ་གང་རིལ་བུ། ཀརྨར་ཡང་ཕུར་སྒྲུབ་མཆོད་མཛད་སྐབས་གཏོར་མ་ཞུ་བའི་བདུད་རྩི་དང་། སྨན་རཀ་གི་ཕུར་མ། རྒྱལ་ཆེན་ཨིནྡྲ་བྷཱུ་ཏིའི་རིན་ཆེན་རིལ་བུ་རྩ་བའི་གཏའ་སྤེལ་དང་མང་སྦྱོར་རྡོག་རེ་བཅས།། ༈ །།གསང་བར་སློབ་དཔོན་པྲ་བྷ་ཧ་སྟའི་མི་བསྐྱོད་དང་རྣམ་སྣང་རིལ་བུ། འབུར་མོ་བྲག་གི་གཏེར་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གསང་ཆབ། ཡུལ་རེ་བཞི་དུར་ཁྲོད་བརྒྱད་ཀྱིས་ཧུ་རིལ་བུ། སེང་བྲག་ཡེལ་
ཕུག་ཤེལ་ཕུག་སོགས་ཀྱི་གཏེར་ལྕིབས་ག་བུར་སིནྡྷཱུ་ར་དང་ཡུངས་ཀར་རིལ་བུ། གཏེར་གསར་བྱད་ཁྲོལ་རིལ་བུ་བཅས་སོ། །གསུམ་པ་བཅོམ་ལྡན་འདས་དཔལ་མཁའ་འགྲོའི་དབང་ཕྱུག་དྲྭ་བ་སྡོམ་པ་འཁོར་ལོ་བདེ་མཆོག་གྲུབ་ཆེན་ལཱུ་ཧི་པའི་ལུགས་ཀྱི་སྣང་བརྙན་བདེ་ཆེན་དཔལ་འབར་གྱི་གདན་ཁྲིའི་ནང་དུ། ཆོས་རྒྱལ་རཏྣ་གླིང་པའི་ཟབ་གཏེར་ཕུར་པ་ཡང་གསང་བླ་མེད་ཀྱི་ལས་ཁ་ཚར་ལས་འབྱུང་བ་དགེ་འདུན་གྱི་སྡེ། རྒྱལ་པོའི་ཕོ་བྲང་། རྣལ་འབྱོར་པའི་སྒྲུབ་ཁང་གང་ལའང་མི་ནོར་ལོངས་སྤྱོད་འཕེལ་ཞིང་བསྟན་པ་དར་ཞིང་རྒྱས་པ་སོགས་བཀྲ་ཤིས་རྟེན་འབྲེལ་གྱི་ཆེ་བ་པི་དྱོཏྟ་མ་ལ་འབུམ་སྡེ་ནོར་དབང་གི་རྒྱུད་ཀྱི་དགོངས་དོན་ཀླུ་རྒྱལ་ནོར་རྒྱས་ཡབ་ཡུམ་གྱི་གཏེར་བུམ་ཚད་ལྡན་དགེ་སློང་བཞི་སྡེས་སྦ་བ་སོགས་གཞུང་མཐུན་བགྱིས་ཤིང་། ས་བདག་དང་ཀླུའི་གཏེར་བུམ་ཡང་སྦས། པད་གདན་གྱི་ནང་དུ་མགོན་དཀར་ཡིད་བཞིན་ནོར་བུའི་གཏེར་བུམ་ཆེ་ལེགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བཅའ་སྒྲུབ་བཀའ་དྲིན་ཏུ་སྩལ་བའི་ཁྱད་པར་ཅན་དང་། གནོད་སྦྱིན་ཡབ་ཡུམ་གྱི་འཁྲུལ་འཁོར། སྤྱན་གཟིགས་གཡང་རྫས་ས་ཆུ་ཤིང་སྣ་སོགས་གོང་དུ་སྨོས་པ་དང་མཚུངས་པར་བཞུགས་སོ། །སྐུ་བརྙན་དངོས་ཀྱི་གནས་ལྔར་རྟེན་མཆོག་ཁྱད་པར་ཅན་སྡེ་ལྔ་བཞུགས་པ་ནི། དཔྲལ་བར་རྗེ་བཙུན་ནཱ་རོ་པའི་སློབ་མ་བལ་
པོ་ཕམ་མཐིང་བ་ཆུང་བ་བྷ་དནྟའི་དབུ་ཐོད་རང་བྱོན་གྱི་ཕུང་པོའི་དུམ་བུ་རིང་བསྲེལ་གྱིས་གཏམས་ཤིང་རྡོ་རྗེ་ཆོས་ཀྱི་སྣང་བརྙན་ཤིན་ཏུ་གསལ་བ། མགྲིན་པར་རྗེ་དྲུག་པ་མཐོང་བ་དོན་ལྡན་གྱི་ཞལ་འགྲམ་ལ་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་སྐུ་བརྙན་རང་བྱུང་བུབ་ཚང་། ག་རོད་ལོ་ཙཱ་ཚུལ་ཁྲིམས་འབྱུང་གནས་ཀྱིས་ཏཱ་ལའི་ལོ་མར་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་ཕྱག་བྲིས་མཛད་པའི་རྣལ་འབྱོར་རྫོགས་ཕྲེང་གི་གཞུང་ལས་འཁོར་ལོ་བདེ་མཆོག་དང་སངས་རྒྱས་ཐོད་པའི་སྒྲུབ་ཐབས་བཞུགས་པ་ལྡེབ་གསུམ། ཐུགས་ཀར་པ་ཆེན་སྨྲྀ་ཏི་ཛྙཱ་ནས་ཐུགས་དམ་དུ་བཏབ་པ་འཁོར་ལོ་བདེ་མཆོག་ལཱུ་ཧི་ལུགས་ཀྱི་སྐུ་བརྙན་སྙིང་པོ་བཅས་ཆགས་གང་པ་བདེ་མཆོག་དངོས་སུ་བཞུགས་པའི་ཕོ་བྲང་གངས་རྒྱལ་ཏི་སེ་ནས་བྱོན་པ། བྱམས་མགོན་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོའི་སྐུ་སྦུར་གྱི་ཕྱག་ཏུ་བསྲེགས་བཞུ་ལྷན་ཅིག་ཕུལ་བས་མེས་གཏན་ནས་མ་ཉམས་པའི་རྡོ་རྗེ་དང་དྲིལ་བུ། གྲུབ་ཆེན་ཀརྨ་པཀྴའི་སྒོམ་ཐག་དྲྭ་བ་མ་སྐུ་དྲེགས་ཅན་ལྕགས་མོ་ནང་སོའི་རྟེན་སྒྲོམ་ནས་བྱོན་པ་བྱིན་ལྡན་འཁྲུལ་མེད་བུབ་ཚང་བཅས། ལྟེ་བར་སངས་རྒྱས་མཉན་པ་གྲུབ་ཆེན་གྱི་སྐུ་ཆོས་རྙིང་པ་སྐུ་དྲེགས་ཅན་བུབ་ཚང་། ཞྭ་དམར་བཅུ་པའི་རྟེན་ཁྲོད་ནས་བེ་རི་བླ་མ་བསོད་ནམས་བརྟན་པས་སྤྱན་དྲངས་པ། ཙཱ་འདྲ་རིན་ཆེན་བྲག་
གི་གཡས་ཕྱོགས་མཚོ་རྒྱལ་སྒྲུབ་ཕུག་གི་འགྲམ་ལོགས་ནས་བྱོན་པ་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱི་བདུད་རྩི་ཕྱག་མཆོད་མཛད་ནས་རྡོ་ལ་རེག་པས་ཕག་མོ་ལྷ་ལྔ་དམར་ལ་སྨུག་པའི་མདངས་ཅན་རང་བྱུང་དུ་གསལ་བ། གསང་བར་རྭ་ལོ་རྡོ་རྗེ་གྲགས་ཀྱི་ཕྱག་སྤར་ལས་བྱོན་པའི་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་གསེར་ལྗིབས་བྱུགས་ཅན། རྒྱལ་དབང་ཐམས་ཅད་མཁྱེན་པ་བཅུ་བཞི་པས་ཕྱག་བསྟར་དུ་མཛད་པའི་ཡེ་ཤེས་མགོན་པོའི་སྐུ་བརྙན་ལ་རྡོ་རྗེ་འཆང་པདྨ་དབང་ཆེན་དང་རྒྱལ་དབང་རིན་པོ་ཆེའི་སྐུ་མཚལ་གྱིས་བྱུགས་ཤིང་ནང་གཞུག་རབ་གནས་ཁྱད་འཕགས་ལྡན་པ་བཅས་བཞུགས་སྣོད་ཇི་ལྟར་འཚམས་པར་དར་སྣས་ཀླུབས་ཤིང་དྲི་བཟང་གི་ཕུར་མས་གཏམས་ཏེ་བཞུགས་པའོ། །རིང་བསྲེལ་རྣམ་པ་ལྔ་ལས་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ནི། གཙུག་ཏོར་དུ་མཆུར་ཕུའི་རིང་བསྲེལ་གཅིག །སྨིན་གླིང་རིང་བསྲེལ་གཅིག །བདུད་འདུལ་གཏེར་བྱོན་རིང་བསྲེལ་གཅིག་དང་སངས་རྒྱས་དཔའ་བོ་བདུན་གྱི་རིང་བསྲེལ་རིལ་བུ། མཆོག་གླིང་འོད་སྲུང་རིང་བསྲེལ་གཅིག །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་ཐུགས་ལས་བྱོན་པའི་རིང་བསྲེལ་གཅིག །དམ་རྫས་རིན་པོ་ཆེའི་ཏོག་རྩ་བའི་གཏའ་སྤེལ་རྡོག་ཉེར་གཅིག་བཅས་བཞུགས། ཆོས་སྐུའི་རིང་བསྲེལ་སཱཙྪ་གོང་མཚུངས་དང་། ཁྱད་པར་ཇོ་བོ་རྗེའི་ཕྱག་ཚ་གཅིག་སྐུ་
སྟོང་དུ་བཞུགས། བྱིན་སྐུའི་སྐོར་ལ་གཙུག་ཏོར་ཏུ། རྡོ་རྗེ་འཆང་། རྣམ་རྒྱལ་མ། དཔྲལ་བར་རྣམ་སྣང་། འཇམ་དབྱངས། འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་དཔའ་གཅིག་མགྲིན་པར་རྗེ་བཅུ་གསུམ་པའི་ཕྱག་བཏབ་འོད་དཔག་མེད་གཙོ་འཁོར་གསུམ་པ་དང་ཚེ་དཔག་མེད། སྣང་བ་མཐའ་ཡས། ཚེ་དཔག་མེད། སྤྱན་རས་གཟིགས། རྟ་མགྲིན། སྒྲོལ་དཀར། འཕགས་པ་ཀླུ་སྒྲུབ། ཐུགས་སྟོང་བི་རཱུ་པ། དམ་པ་རྒྱ་གར། རྗེ་བཙུན་མི་ལ། རྒྱལ་དབང་བཅུ་བཞི་པའི་ཕྱག་བཏབ་གྲུབ་ཆེན་ཀརྨ་པཀྴིི། ཐུགས་དབུས་སུ་རྒྱལ་དབང་བཅུ་བཞི་བའི་ཕྱག་བཏབ་བདེ་མཆོག་ཀརྨ་སྙན་བརྒྱུད་ལུགས་ཀྱི་སྐུ་བརྙན་དང་། འབྲུག་ཆེན་ཀུན་གཟིགས་ཆོས་ཀྱི་སྣང་བའི་ཕྱག་བཏབ་བདེ་མཆོག་རས་ཆུང་སྙན་བརྒྱུད་ལུགས་ཀྱི་སྐུ་བརྙན། ཡང་ཀརྨ་སྙན་བརྒྱུད་བདེ་མཆོག་སྐུ་བརྙན་གཉགས་ཆེན་སྤྲུལ་པ་མཁན་ཆེན་བླ་མ་ཟླ་བ་བཟང་པོས་རྟེན་འདམ་ལ་ཕྱག་བཏབ་དང་སྒྲུབ་པ་རབ་གནས་ཚད་ལྡན་གནང་བ་ནང་གཞུག་བཅས། གྲུབ་ཆེན་ཏེ་ལོ་སངས་རྒྱས་ཉིད་རྡོ་རྗེ་འཆང་གི་རྒྱལ་རབས་བཅུ་གསུམ་པར་བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་མངའ་བདག་ཏུ་བྱོན་པ་དྲུང་རྨ་སེ་བློ་གྲོས་རིན་ཆེན་གྱི་དབུ་ཐོད་ཚལ་པ་ལ་འཁོར་ལོ་སྡོམ་པ་བསྟན་འཛིན་དགེ་ལེགས་ཉི་མའི་ཕྱག་བྲིས་བདེ་མཆོག་ལྷན་སྐྱེས་ཀྱི་སྐུ་བརྙན་
སྤྲུལ་པས་བཀོད་པ་ལྟ་བུ་བྱིན་ལྡན་ཁྱད་འཕགས། མི་བསྐྱོད་པ། དགྱེས་རྡོར་ཆེ་ཆུང་། བདེ་མཆོག་ལཱུ་ཧི་ལུགས་དང་ལྷན་སྐྱེས། གསང་འདུས། རྡོར་སེམས། ཐུབ་སྐུ་ཁྱད་འཕགས་ཆེ་ཆུང་། ཐུབ་པ་རྡོ་རྗེ་གདན་མ། མི་འཁྲུགས་པ། ཡུམ་ཆེན་མོ། ཕྱག་རྡོར་ཞི་བ་དང་འབྱུང་འདུལ། ཐུགས་སྨད་དུ། ས་སྐྱའི་རྗེ་བཙུན་གོང་མ་ལྔ་དང་ངོར་ཆེན་རྡོ་རྗེ་འཆང་། ཐང་སྟོང་རྒྱལ་པོ། ལྟེ་བར་སྨན་བླ། ཀླུ་དབང་རྒྱལ་པོ་སེང་གེ་སྒྲ། ནཱ་རོ་མཁའ་སྤྱོད་ཆེ་འབྲིང་ཆུང་གསུམ། མཁའ་སྤྱོད་སྐོར་གསུམ། ཕག་མོ། ལབ་སྒྲོན། གསང་བར་སྒྲོལ་མ་ལྗང་ལོ། དམར་པོ་སྐོར་གསུམ། པད་གདན་ཏུ་གུར་མགོན་ཆེ་ཆུང་། མགོན་དཀར་ཡིད་བཞིན་ནོར་བུ། དུར་བདག་ཡབ་ཡུམ། ཞལ་ཁྲ། ལས་གཤིན། རྣམ་ཐོས་སྲས། དཔལ་ཆེན་མ། ཛཾ་དཀར། ཛཾ་དམར། ཛཾ་སེར། ཛཾ་ནག་བཅས་གསུམ་ནས་བདུན་རེའི་བར་གྱི་གྲངས་ཅི་རིགས་པ་བཞུགས་སོ། །ཆོས་ཀྱི་རིང་བསྲེལ་འོག་ཏུ་གསལ་ལ། སྐུ་གདུང་སྐུ་བལ་དམ་རྫས་ཁྱད་པར་འཕགས་པའི་སྐོར་ལ། དབུའི་ནང་དུ་གཏེར་གསར་གཟི་བརྗིད་སྐྱེད་པ་སྐུའི་རིལ་བུ། བྱང་གནམ་མཚོར་རང་བྱུང་ཞབས་ཀྱིས་རབ་གནས་མཛད་པའི་རིལ་ནག་རང་བྱོན་དང་། དེའི་གོང་བུ་ལ་རྗེ་བཙུན་མི་ལའི་སྐུ་བརྙན་ཤིན་ཏུ་གསལ་བ།
སྐུ་གདུང་རིང་བསྲེལ་ནི། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་ཚེམས། རྗེ་མར་པ་ལོ་ཙཱའི་ཞལ་འགྲམ་དུམ། རྗེ་དུས་གསུམ་མཁྱེན་པའི་དབུ་ཐོད་དུམ་བུ་དང་དབུ་ཀླད་རིང་བསྲེལ་ཅན། ཀརྨ་པཀྴིིའི་ཞལ་འགྲམ་ཆ་ཤས། རྗེ་རང་བྱུང་རྡོ་རྗེའི་དབུ་ཐོད་ཚལ། གྲུབ་ཆེན་རྨ་སེ་བློ་གྲོས་རིན་ཆེན་གྱི་དབུ་ཐོད་དུམ། རྗེ་བན་སྒར་ཀུན་མཁྱེན་དབུ་ཐོད་ཚལ། སྤང་མཁན་ཆེན་འོད་ཟེར་བླ་མའི་དབུ་ཐོད་དུམ།། ༈ །།སྐུ་བལ་རིང་བསྲེལ་སྐོར་ལ། འཕགས་པ་ཤཱ་རིའི་བུའི་ཆོས་གོས་དུམ། པ་ཆེན་ཤཱཀྱ་ཤྲཱིའི་དབུ་ཞྭ་དང་སྣམ་སྦྱར་དུམ། མཉམ་མེད་དྭགས་པོ་རིན་པོ་ཆེའི་དབུ་ལྗོན་དང་དབུ་ཞྭ་ཚལ། དུས་གསུམ་མཁྱེན་པའི་དབུ་ལྗོན་དང་དབུ་ཞྭ་ཚལ། རྒྱལ་སྲས་སྦོམ་ཕྲག་པའི་དབུ་ལྗོན། ཀརྨ་པཀྴིིའི་དབུ་ལྗོན་དང་དབུ་ཞྭ་ཚལ། རྗེ་རང་བྱུང་རྡོ་རྗེའི་དབུ་ལྗོན། ཆོས་རྗེ་རོལ་པའི་རྡོ་རྗེའི་དབུ་སྐྲ། ཆོས་རྗེ་དེ་བཞིན་གཤེགས་པའི་དབུ་སྐྲ། རྗེ་ཆོས་གྲགས་རྒྱ་མཚོའི་དབུ་ཞྭ་དུམ། མི་བསྐྱོད་རྡོ་རྗེའི་དབུ་ལྗོན། ཆོས་དབྱིངས་རྡོ་རྗེའི་དབུ་སྐྱེས། ཡེ་ཤེས་རྡོ་རྗེའི་དབུ་སྐྲ། རྒྱལ་དབང་བྱང་ཆུབ་རྡོ་རྗེའི་དབུ་སྐྲ། རྗེ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེའི་དབུ་ལྗོན། བན་སྒར་འཇམ་དཔལ་བཟང་པོའི་དབུ་ལོ། དཔའ་བོ་ཆོས་དབང་ལྷུན་གྲུབ་དབུ་ཞྭ་དུམ། དྲུང་ཆེན་ཀུན་དགའ་རྣམ་རྒྱལ་དབུ་ལོ། རྟོགས་ལྡན་དོན་གྲུབ་བཀྲ་ཤིས་
དང་། སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ་དབུ་སྐྲ། གར་དབང་ཆོས་སྐྱོང་འགྱུར་མེད་དབུ་ལྗོན། ཨ་རཱ་ག་ལོ་བཅུ་གསུམ་སྐུ་མཚམས་བཞུགས་སྐབས་ཀྱི་དབུ་སྐྲ། ཏྲེ་ཆེན་ཆོས་ཀྱི་དབང་པོའི་དབུ་སྐྲ། སི་ཏུ་ཆོས་ཀྱི་འབྱུང་གནས་དབུ་སྐྲ། རྗེ་པདྨ་ཉིན་བྱེད་དབང་པོའི་དབུ་ལྗོན། མ་གཅིག་ལབ་སྒྲོན་དབུ་སྐྲ། ས་སྐྱ་པ་ཆེན་དབུ་ཞྭ་དུམ། འགྲོ་མགོན་ཆོས་རྒྱལ་འཕགས་པའི་དབུ་ལྗོན། བུ་སྟོན་རིན་པོ་ཆེའི་དབུ་སྐྲ། རྒྱལ་སྲས་ཐོགས་མེད་དབུ་སྐྲའི་རྟེན་འདམ། བོ་དོང་པ་ཆེན་གར་ཞྭ་མཁའ་འགྲོའི་དབུ་སྐྲ་ལས་གྲུབ་པའི་ཚལ། གྲུབ་ཆེན་ཐང་རྒྱལ་དབུ་སྐྲ། རྗེ་ལྷ་རྩེ་བའི་དབུ་ལྗོན། འབྲི་གུང་ཆོས་གྲགས་དབུ་སྐྱེས། ཀརྨ་གཞན་ཕན་འོད་ཟེར་དབུ་ལྗོན།། ༈ །།མགྲིན་པར། གཏེར་གསང་ཚངས་དབྱངས་སྐྱེད་པ་གསུང་གི་རིལ་བུ། པ་ཆེན་ག་ཡ་དྷ་རའི། ཕྱག་དཔེ་དགྱེས་རྡོར་བརྟགས་གཉིས་ཀྱི་རྒྱ་དཔེ་དུམ། ཤ་བ་འབུམ་པའི་གནས་རྡོ་དུང་དཀར་རང་བྱོན། རྗེ་མར་པ་ལོ་ཙཱའི་ཞལ་དཀར་དུམ་བུ། ཀརྨ་པཀྴིིའི་ཞལ་རྒྱན་དང་ཤངས་མཚལ་རིལ་བུ། རྒྱལ་བ་ལོ་རས་པའི་ཐུགས་ལྗགས་རིལ་བུ། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཤངས་མཚལ་རིལ་བུ། ཆོས་དབྱིངས་རྡོ་རྗེའི་ཕྱག་ཕྲེང་གི་ལུང་དང་སྐུ་མཚལ་རིལ་བུ། གར་དབང་ཡེ་ཤེས་སྙིང་པོའི་ཕྲེང་ལུང་། རྒྱལ་ཚབ་གྲགས་པ་དཔལ་འབྱོར་ཤངས་
མཚལ། གྲགས་པ་དོན་གྲུབ་ཤངས་མཚལ།། ༈ །།ཐུགས་ཀའི་སྟོད་དུ། ཇོ་བོ་རྗེའི་གདུང་རུས་རིང་བསྲེལ་ཅན། སྲས་དར་མ་མདོ་སྡེའི་གདུང་རུས། དཔལ་ལྡན་ཕག་མོ་གྲུ་པའི་གདུང་རུས་དང་སྐུ་ཤའི་རིལ་བུ། སྟག་ལུང་ཐང་པའི་གདུང་རུས་རིལ་བུ། གཙང་པ་རྒྱ་རས་ཀྱི་སྐུ་ཤ །རྒོད་ཚང་པ་མགོན་པོ་རྡོ་རྗེའི་གདུང་རུས་རིལ་བུ། གྲུབ་ཆེན་ཨོ་རྒྱན་པའི་རིང་བསྲེལ་དང་གདུང་རུས། འགྲམ་རུས་རིལ་བུ། རྗེ་སངས་རྒྱས་དབོན་གྱི་གདུང་རུས། རྗེ་མཐོང་བ་དོན་ལྡན་གྱི་སྐུ་ཤ་དང་སྐུ་གདུང་གདུང་ཞུན་རིལ་བུ། བན་སྒར་འཇམ་དཔལ་བཟང་པོ་དང་གོ་ཤྲཱི་དཔལ་འབྱོར་དོན་གྲུབ་གདུང་རུས། ཆོས་གྲགས་རྒྱ་མཚོའི་སྐུར་ཤའི་རིལ་བུ་དང་གདུང་ཞུན། རྗེ་བརྒྱད་པའི་གདུང་ཤཱ་རི་རཾ་ཁྱད་འཕགས་སྐུ་མཚལ་རིལ་བུ་དང་གདུང་ཐལ་རྟེན་འདམ། དབང་ཕྱུག་རྡོ་རྗེའི་གདུང་རུས། ཆོས་དབྱིངས་རྡོ་རྗེའི་གདུང་རུས།། ༈ །།སྐུ་བལ་རིང་བསྲེལ་སྐོར་ལ། རྗེ་ནཱ་རོ་པའི་རུས་རྒྱན་ཚལ། ཇོ་བོ་རྗེའི་སྐུ་ཆོས་དུམ། རྗེ་མར་པའི་ན་བཟའ་བྱིན་ཅན། རྗེ་བཙུན་མི་ལའི་རས་གཟན་དང་སྒོམ་ཐག་དུམ། མཉམ་མེད་དྭགས་པོ་ལྷ་རྗེའི་སྐུ་ཆོས་དུམ། རྗེ་དུས་གསུམ་མཁྱེན་པའི་སྐུ་ཆོས། ཀུན་མཁྱེན་རང་བྱུང་རྡོ་རྗེའི་སྐུ་ཆོས། ཆོས་རྗེ་རོལ་པའི་རྡོ་རྗེའི་ན་བཟའ། ཆོས་རྗེ་དེ་བཞིན་གཤེགས་པའི་བཞུགས་གདན་དང་
སྐུ་ཆིངས། མཐོང་བ་དོན་ལྡན་ན་བཟའ། རྗེ་ཆོས་གྲགས་རྒྱ་མཚོའི་ན་བཟའ་དང་སྐུ་ཆིངས། མི་བསྐྱོད་རྡོ་རྗེའི་ན་བཟའ། དབང་ཕྱུག་རྡོ་རྗེའི་ན་བཟའ་སྐུ་ཆོས་དང་སྤུར་རས། རྗེ་ཆོས་དབྱིངས་རྡོ་རྗེའི་སྐུ་གཟན། རྒྱལ་དབང་ཡེ་ཤེས་རྡོ་རྗེའི་མནབ།།།སླག །རྒྱལ་དབང་བྱང་ཆུབ་རྡོ་རྗེའི་ན་བཟའ། རྒྱལ་དབང་བདུད་འདུལ་རྡོ་རྗེའི་ན་བཟའ། གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་ན་བཟའ། བླ་མ་ཞང་རིན་པོ་ཆེའི་གདུང་རས། དཔལ་ལྡན་ཕག་མོ་གྲུབ་པའི་སྐུ་འགག་དུམ། ཁྲོ་ཕུ་སེམས་དཔའ་ཆེན་པོའི་ན་བཟའ། གླིང་རས་པདྨ་རྡོ་རྗེའི་ན་བཟའ། འབྲི་གུང་འཇིག་རྟེན་གསུམ་མགོན་དབུ་ཞྭ། སྟག་ལུང་ཐང་པ་རིན་པོ་ཆེའི་ན་བཟའ་དང་དབུ་ལྗོན། ཆོས་རྗེ་སྨར་པ་གྲུབ་ཐོབ་སྐུ་ཚེས། འགྲོ་མགོན་སངས་རྒྱས་ཡེལ་པའི་ན་བཟའ་དང་ཕྱག་མཁར། རྒྱལ་བ་གཡའ་བཟང་པའི་དབུ་སྐྲ། ཆོས་རྗེ་ཤུག་གསེབ་པའི་གཟིམ་ཐུལ། ཆོས་རྗེ་གཙང་བརྒྱ་རས་དབུ་སྐྲ། བུ་སྟོན་རིན་པོ་ཆེའི་ན་བཟའ། སྟག་ལུང་སངས་རྒྱས་དབོན་གྱི་དབུ་སྐྲ། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་སྐུ་ཆོས་འཁྲུལ་བྲལ། དཔལ་ཆེན་ཆོས་ཀྱི་དོན་གྲུབ་དབུ་སྐྲ། རྒྱལ་ཚབ་གྲགས་པ་མཆོག་དབྱངས་ཀྱི་དབུ་སྐྲ། དཔའ་བོ་གཙུག་ལག་རྒྱ་མཚོའི་དབུ་སྐྱེས། འབྲི་གུང་རིན་ཆེན་ཕུན་ཚོགས་ན་བཟའ། འབྲུག་ཀུན་མཁྱེན་མི་ཕམ་པདྨ་དཀར་པོའི་དབུ་སྐྲ། འབྲུག་པ་བཀའ་བརྒྱུད་
ཕྲིན་ལས་ཤིང་རྟའི་དབུ་སྐྲ།། ༈ །།ཐུགས་ཀར། གཏེར་གསར་བདེ་ཆེན་སྐྱེད་པ་ཐུགས་ཀྱི་རིལ་བུ། གྲུབ་ཆེན་བིརྦ་པས་ཆུ་བོ་ནཻ་རཉྫ་ན་དང་། ཆུ་བོ་གངྒཱ་གཉིས་ལ་རྫུ་འཕྲུལ་གྱིས་བཏབ་པའི་སཱཙྪའི་དུམ་བུ། དཱ་རི་ཀ་པའི་ཚེ་ཆུ་རིལ་བུ། དམ་རྫས་རིལ་ནག་ཆེན་མོ་རྗེ་བདུན་པའི་ཕྱག་བསྒྲིལ། རྗེ་བརྒྱད་པའི་རིལ་ནག་འཕེལ་མ། དམ་རྫས་རིལ་ནག་ཆེན་མོ་རྗེ་བཅུ་བཞི་པའི་ཕྱག་བསྒྲིལ་བཅས་ཕོན་མང་། རྗེ་བཅུ་བཞི་པའི་དམ་རྫས་ཁྱད་འཕགས་དངུལ་མདོག་མ། འབྲུག་ཆེན་མི་ཕམ་དབང་པོས་ཙཱ་རི་གཅིག་ཆར་ནས་བཞེས་པའི་རྩྭ་མཆོག་ཀླུ་བདུད་རྡོ་རྗེ། འབྲུག་ཆེན་ཆོས་ཀྱི་སྣང་བས་བསྒྲུབས་པའི་འཇའ་ཚུགས། འབྲུག་ཆེན་མི་འགྱུར་དབང་གི་རྒྱལ་པོས་བསྒྲུབས་པའི་འཇའ་ཚུགས་གཙོར་གྱུར་རྟེན་འདུས་ཕབ་གཏའ། ཛཾ་ཐང་དུ་བཞུགས་པའི་ཀུན་མཁྱེན་དོལ་པོ་པའི་ཞུན་ཐིག་བདེ་མཆོག་རང་བྱོན་ལ་སྐུ་ཁྲུས་གསོལ་བའི་རིང་བསྲེལ། ལྷོ་སྟ་ཤོང་བུ་མོ་པདྨ་མཚོས་རྫུ་འཕྲུལ་གྱིས་ཆབ་བུམ་པ་གང་གསེར་དུ་བསྒྱུར་བས་བྲིས་པའི་འབུམ་གྱི་དུམ་བུ། བདེ་མཆོག་གྲུབ་བརྙེས་མང་དགེ་རྡོ་རྗེ་འཆང་གི་ཕྱག་ཚའི་ཁྲུས་རིལ་སྐལ་ལྡན་རྣམས་ངོར་རང་བྱུང་གི་ཡིག་འབྲུ་གསལ་བ། གཡུ་བྲག་ཚེ་རྫས་ཟླ་བའི་སྙིང་པོ། མ་ར་ཏཱི་ཀིའི་ས་ཆུ་ཚེ་རྫས། སྒྲོལ་དཀར་བླ་མེད་ཀྱི་རིལ་བུ་རྟག་པའི་
རྡོ་རྗེ།། ༈ །།སྐུ་གདུང་རིང་བསྲེལ་སྐོར་ལ། འགྲོ་མགོན་གཙང་པ་རྒྱ་རས་ཀྱི་ཞུན་ཐིག །ཀརྨ་པ་རོལ་པའི་རྡོ་རྗེའི་ཐུགས་ཀྱི་ཆ་ཤས། གྲུབ་ཆེན་མ་ཏི་རཏྣའི་ཐུགས་ཚལ་པ་དང་གདུང་རུས། རྟོགས་ལྡན་ཡ་བརྒྱད་ཀྱི་གྲལ་ཆུ་གསོལ་འོད་ཟེར་སེང་གེའི་གདུང་རུས། གར་དབང་པདྨ་བློ་གྲོས་གདུང་རུས། རྗེ་བདུན་པ་ཆོས་གྲགས་རྒྱ་མཚོའི་ཐུགས་ཀྱི་རིལ་བུ། ཞྭ་དམར་མཁའ་སྤྱོད་དབང་པོའི་སྐུ་ཤ །རྗེ་སངས་རྒྱས་མཉན་པའི་ཐུགས། སངས་རྒྱས་དབོན། སངས་རྒྱས་ཡར་བྱོན། ཆོས་སྐུ་ཨོ་རྒྱན་མགོན་པོ་སྟེ་སྟག་ལུང་སངས་རྒྱས་རྣམ་གསུམ་གྱི་རིང་བསྲེལ་ཁྱད་འཕགས་རྡོག་རེ་རེ། རྗེ་བཙུན་སྒྲོལ་བའི་མགོན་པོའི་ལྗགས་མཆིལ་ལས་བྱོན་པའི་རིང་བསྲེལ། རིག་འཛིན་གསུང་རབ་རྒྱ་མཚོའི་ཐུགས། སི་ཏུ་ཆོས་ཀྱི་རྒྱལ་མཚན་གྱི་ཐུགས་ཚལ་པ། པདྨ་ཉིན་བྱེད་དབང་པོའི་གདུང་རུས། རྣལ་འབྱོར་གྱི་དབང་ཕྱུག་ཀརྨ་ནོར་བུའི་གདུང་རུས།། ༈ །།སྐུ་བལ་རིང་བསྲེལ་སྐོར། ས་ར་ཧའི་དུག་སྤྲུལ་པགས་པའི་སྒོམ་ཐག་གི་ཆ་ཤས། ཏཻ་ལོ་པའི་སྒོམ་ཐག་དུམ། གྲུབ་ཆེན་ཨོ་རྒྱན་པའི་སྒོམ་ཐག །ས་ཆེན་ཀུན་དགའ་སྙིང་པོའི་ན་བཟའ། སློབ་དཔོན་བསོད་ནམས་རྩེ་མོའི་ན་བཟའ། རྗེ་བཙུན་གྲགས་པ་རྒྱལ་མཚན་དབུ་སྐྲ་དང་ན་བཟའ། ཆོས་རྗེ་ས་སྐྱ་པ་ཆེན་སྐུ་ཆོས། དཔལ་
ལྡན་བླ་མ་བསོད་ནམས་རྒྱལ་མཚན་ན་བཟའ། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་ཀྱི་སྣམ་སྦྱར། རྗེ་བཙུན་ཏཱ་ར་ནཱ་ཐའི་ན་བཟའ། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཕྱག་ཕྲེང་དང་ཀླུ་ཡི་དབང་པོས་ཕུལ་བའི་ཨ་ག་རུའི་ཕྱག་མཁར་དུམ། དྲུང་རྨ་སེའི་སྐུ་བེར་ཚལ། སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ་ཞབས་ཀྱིས་བདེ་མགོན་སྦྲེལ་མ་དུང་ཕྱུར་ཁ་ཤས་ལྗགས་བཟླས་གནང་བའི་ཕྱག་འཛབ། གཙང་སྨྱོན་ཧེ་རུ་ཀའི་སྒོམ་ཐག །ཞྭ་དམར་ཡེ་ཤེས་སྙིང་པོའི་ན་བཟའ། རྒྱལ་དབང་བདུད་འདུལ་རྡོ་རྗེའི་ཕྱག་ཕྲེང་། འབྲི་གུང་ཆོས་ཀྱི་གྲགས་པའི་སྒོམ་ཐག། ༈ །།ཐུགས་ཀའི་སྨད་དུ། དཔལ་ས་སྐྱ་པའི་རྟེན་འདམ་དཔེ་བྲལ་མ། རྗེ་བཙུན་ཏཱ་ར་ནཱ་ཐའི་བླ་ཤིང་དུ་སྐྱེས་པའི་ས་བའི་ལོ་མ།། ༈ །།སྐུ་གདུང་རིང་བསྲེལ་སྐོར་ལ། དགོན་པ་བ་དབང་ཕྱུག་རྒྱལ་མཚན་གདུང་ས། རྗེ་བརྒྱད་པའི་གདུང་ཐལ་རྟེན་འདམ། དཀོན་མཆོག་ཡན་ལག་གི་གདུང་དཀྲིས། གར་དབང་ཆོས་ཀྱི་དབང་ཕྱུག་གི་གདུང་ཚྭ་དང་གདུང་དཀྲིས། ཀརྨ་ཕྲིན་ལས་པ་དང་པོའི་གདུང་རུས། རྒྱལ་དབང་ཆོས་དབྱིངས་རྡོ་རྗེའི་གདུང་ཚ། རྒྱལ་ཚབ་བཀྲ་ཤིས་རྣམ་རྒྱལ་སྐུ་ཤ །གྲགས་པ་དཔལ་འབྱོར་གདུང་རུས། གྲགས་པ་མཆོག་དབྱངས་ཀྱི་གདུང་རུས། ཆགས་མེད་རིན་པོ་ཆེའི་གདུང་ཁྲུས་རིལ་བུ།
དཀོན་མཆོག་བདེ་བའི་འབྱུང་གནས་ཀྱི་གདུང་ཐལ། དཔའ་བོ་གཙུག་ལག་ཆོས་རྒྱལ་གྱི་གདུང་རུས་དང་གདུང་ཐལ། དྲུང་ཆེན་བརྒྱད་པ་འགྱུར་མེད་བསྟན་འཕེལ་གྱི་གདུང་ཤ་རཱི་རཾ། བསྟན་འཛིན་ལྔ་པ་དཀོན་མཆོག་རབ་བརྟན་གདུང་རུས། བདུན་པ་ངེས་དོན་རྒྱ་མཚོའི་གདུང་། འབྲུག་ཆེན་དཔག་བསམ་དབང་པོའི་གདུང་རུས། ཡོངས་འཛིན་འཇམ་དཔལ་དཔའ་བོའི་གདུང་རུས། ཐེག་ཆེན་ཆོས་རྗེའི་གདུང་རུས། ཆགས་ལོ་ཆོས་རྗེ་དཔལ་གྱི་སྐུ་ཤ །བོ་དོང་འཇིགས་བྲལ་ཆེན་པོའི་སྐུ་ཤའི་རིལ་བུ། སྟག་ལུང་བཀྲ་ཤིས་དཔལ་གྲུབ་གདུང་རུས། ཚར་ཆེན་བློ་གསལ་རྒྱ་མཚོའི་གདུང་ཐལ། དེའི་དངོས་སློབ་མཁན་ཆེན་གཞོན་ནུ་བློ་གྲོས་ཀྱི་སྤུར་ཚྭ། གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གདུང་ཐལ། མགོན་པོ་བསོད་ནམས་མཆོག་ལྡན་གྱི་གདུང་ཐལ། རྨོར་ཆེན་ཆོས་ཀྱི་རྒྱལ་པོའི་གདུང་རུས། མཁན་ཆེན་སངས་རྒྱས་ཕུན་ཚོགས་ན་བཟའ། བདེ་མཆོག་གྲུབ་པ་མང་དགེ་རྡོ་རྗེ་འཆང་གི་གདུང་ཐལ། སྐུ་བལ་རིང་བསྲེལ་སྐོར་ལ། གཏེར་བྱོན་འཕགས་པ་ཀླུ་སྒྲུབ་ཞབས་ཆགས། མཆིམས་ནམ་མཁའ་གྲགས་ཀྱི་ན་བཟའ། ཞྭ་དམར་སྤྱན་སྔ་རིན་པོ་ཆེའི་སྐུ་བེར། གར་དབང་ཆོས་ཀྱི་དབང་ཕྱུག་ན་བཟའ། གར་དབང་དྲུག་པའི་སྐུར་བཞེས་ཧེ་རུ་ཀའི་ཆས་
ཀྱི་གདན་གཞི། ཞྭ་དམར་བདུན་པ་དང་བརྒྱད་པའི་ན་བཟའ། སི་ཏུ་མི་འཁྲུགས་ཆོས་ཀྱི་གོ་ཆའི་ན་བཟའ། སི་ཏུ་བསོད་ནམས་རྣམ་རྒྱལ་ན་བཟའ། ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱི་ཕྱག་ཕྲེང་ལུང་དང་ན་བཟའ། རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོའི་སྐུ་མནབས་བྱིན་ལྡན། དཔའ་བོ་གཙུག་ལག་ཕྲེང་བའི་སྐུ་ཆོས། ཏྲེ་ཧོ་བསྟན་འཛིན་དར་རྒྱས་ཀྱི་ན་བཟའ། རྒྱལ་ཚབ་གྲགས་པ་དོན་གྲུབ་ན་བཟའ། གྲུབ་བརྙེས་ཀརྨ་ཆགས་མེད་ཤངས་ཕྱིས། གར་དབང་ཆོས་སྐྱོང་རྣམ་རྒྱལ་ན་བཟའ། ཆོས་སྐུ་ཨོ་རྒྱན་མགོན་པོའི་ན་བཟའ། དཔལ་ལྡན་འབྲུག་པ་རིན་པོ་ཆེའི་ན་བཟའ། ལོ་ཆེན་སྐྱབས་མཆོག་དཔལ་གྱི་ན་བཟའ། བོ་དོང་འཇིགས་བྲལ་ཆེན་པོའི་སྐུ་ཆོས། རྗེ་བཙུན་ཨོ་རྒྱན་མཚོ་མོའི་གསང་གོས། གསང་བདག་ཏཱ་ར་ནཱ་ཐའི་སྤུར་རས། གངས་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་གྱི་ཆོས་གོས། ངོར་ཆེན་རྡོ་རྗེ་འཆང་གི་སྐུ་ཆོས། རྒྱལ་ཚབ་དམ་པ་ཀུན་དགའ་དབང་བོ་དོང་གསང་ཡུམ། ཕྱུག་གི་ཆོས་གོས། མུས་ཆེན་སེམས་དཔའ་ཆེན་པོའི་དབུ་སྐྲ། ངོར་ཆེན་དབོན་ཡོངས་འཛིན་དཀོན་མཆོག་འཕེལ་བའི་ན་བཟའ། བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་གྱི་ན་བཟའ། ཚར་ཆེན་བློ་གསལ་རྒྱ་མཚོའི་སྐུ་གཟན་དང་། སྐུ་རེག །སྐུ་ཆོས།
ཐར་རྩེ་པ་ཆེན་ནམ་མཁའ་དཔལ་བཟང་ན་བཟའ། གནས་གསར་མཁྱེན་བརྩེའི་སློབ་མའི་གཙོ་བོ་མཁན་ཆེན་བསླབ་གསུམ་རྒྱལ་མཚན་གྱི་དབུ་ལོ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ན་བཟའ། མགོན་པོ་བསོད་ནམས་མཆོག་ལྡན་སྐུ་ཆོས། ཞྭ་ལུ་བསོད་ནམས་མཆོག་གྲུབ་སྐུ་ཆོས། མང་དགེ་རྡོ་རྗེ་འཆང་གི་ན་བཟའ།། ༈ །།ལྟེ་བར། གྲུབ་ཆེན་ཤ་བ་རི་པའི་དྲྭ་ཕད་དུམ། མཉམ་མེད་དྭགས་པོ་རིན་པོ་ཆེའི་སྨན་སྒོམ་དུམ། དྲུང་མཐོང་བ་དོན་ལྡན་གྱི་རྟེན་འདུས་ཕྱག་དྲིལ་མ། རྗེ་དབང་ཕྱུག་རྡོ་རྗེའི་སྒྲོལ་དཀར་རིལ་བུ། ས་ཆེན་གོང་མ་ལྔ་སོ་སོ། བདག་ཆེན་བློ་གྲོས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་། རྗེ་ཀུན་དགའ་གྲོལ་མཆོག །རྗེ་བཙུན་ཏཱ་ར་ནཱ་ཐ་རྣམས་ཀྱི་བདུད་རྩི་རིལ་བུ། པ་ཆེན་ག་ཡ་དྷ་རའི་བུམ་ཆུ་དང་ཞྭ་ལུ་པའི་རྒྱུད་སྡེ་ང་གསུམ་གྱི་བུམ་ཆུ་གཅིག་བསྡུས་རིལ་བུ། ཞྭ་དམར་བརྒྱད་པ་དང་རྗེ་བྷརྨཱ་ཀ་ར་སོགས་ནས་སྒྲུབ་རྒྱུན་མ་ཆད་པའི་བདེ་ཕག་གཉིས་ཀྱི་བདུད་རྩི་རིལ་བུ། ཟུར་མང་ཁག་གཉིས་ཀྱི་བུམ་སྒྲུབ་མ་ི་རིལ་བུ། སྟག་ཤམ་གཏེར་བྱོན་སྐྱེ་བདུན་སྐུ་ཤའི་རིང་བསྲེལ། གཏེར་གསར་དམ་རྫས་རོལ་པ་ཆེན་པོ་རིགས་གཉིས། རིག་པའི་ཡེ་ཤེས་སྨན་གྱི་རིལ་བུ། པོ་ཏ་ལའི་འབྲུ་སྨན་རིལ་བུ། ཡང་ཕུར་གཏོར་མའི་བདུད་རྩི། གི་ཝཾ་རིལ་བུ། གཡང་
རྫས་དཔལ་ཅན་རིལ་བུ། ཙནྡན་དཀར་དམར་དང་ཅུ་གང་རིལ་བུ།། ༈ །།སྐུ་བལ་རིང་བསྲེལ་སྐོར་ལ། ནཱ་རོ་པའི་ཀྲྀཥྞ་སཱ་ལེའི་པགས་པའི་བཞུགས་གདན། ཇོ་བོ་རྗེའི་ཞབས་ཆགས། ཕ་དམ་པ་སངས་རྒྱས་ཀྱི་རྟེན་འབྲེལ་གལ་ཏའི་འཕྲུལ་ཚར། རྗེ་བཙུན་མི་ལའི་ཟྭ་ཚོད་བྲག་དཀར་རྟ་སོ་ནས་བྱུང་བ། ཕག་གྲུའི་སྒོམ་ཐག་དང་ཨང་རག །རྡོ་རྗེ་ཕག་མོའི་རླུང་རས།། ༈ །།གསང་བར་སྐུ་བལ་རིང་བསྲེལ་ལ། ཙཱ་རིའི་བདེ་མཆོག་ཡབ་ཡུམ་རང་བྱུང་གི་བྱང་སེམས་དཀར་དམར། བྱ་ཡུལ་པའི་ཆིབ་སྒའི་ཨ་འཇོག །མཉམ་མེད་དྭགས་པོ་རིན་པོ་ཆེའི་ཞབས་ཆགས་ཚལ་པ། ཀརྨ་པ་དུས་གསུམ་མཁྱེན་པའི་གསང་ཆབ། གྲུབ་ཆེན་ཀརྨ་པཀྴིའི་བཅུད་ལེན་མཛད་པའི་གསང་ཆེན་དང་ཞབས་ཆགས། རང་བྱུང་རྡོ་རྗེའི་གསང་ཆབ་དང་བཞུགས་གདན། རྗེ་མཐོང་བ་དོན་ལྡན་བཞུགས་གདན། མི་བསྐྱོད་རྡོ་རྗེའི་གསང་ཆབ་དང་། ག་བུར། དབང་ཕྱུག་རྡོ་རྗེའི་གསང་ཆབ། རྗེ་བཅུ་པའི་གསང་ཆབ་དང་ག་བུར། རྒྱལ་དབང་བདུད་འདུལ་རྡོ་རྗེའི་མི་བསྐྱོད། ཞྭ་དམར་དཀོན་མཆོག་ཡན་ལག་གསང་ཆབ་དང་རྣམ་སྣང་རིལ་བུ། ཞྭ་དམར་ཆོས་ཀྱི་དབང་ཕྱུག་གསང་ཆབ། རྒྱལ་ཚབ་གྲགས་པ་དོན་གྲུབ་གསང་ཆབ། དཔའ་བོ་ཆོས་དབང་ལྷུན་གྲུབ། གཙུག་ལག་ཕྲེང་བ། གཙུག་ལག་རྒྱ་མཚོ་རྣམས་ཀྱི་ཞབས་
ཆགས། ཆགས་མེད་རིན་པོ་ཆེའི་གསང་ཆབ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། དཔའ་བོ་གཙུག་ལག་དགའ་བ། རྗེ་པདྨ་ཉིན་བྱེད་རྣམས་ཀྱི་རྣམ་སྣང་དང་མི་བསྐྱོད་རིལ་བུ། རྭ་ལོའི་ཕྱག་མཚན་རྡོ་རྗེའི་མགུལ་དར། ས་ཆེན་ཀུན་དགའ་སྙིང་པོའི་ཞབས་ཆགས། འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཞབས་ཆགས། གཙང་པ་རྒྱ་རས་ཞབས་ཆགས། ངོར་ཆེན་རྡོ་རྗེ་འཆང་གི་རྣམ་སྣང་རིལ་བུ་དང་བཞུགས་གདན། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྣམ་སྣང་། འགྲོ་མགོན་ཙཱ་རི་རས་པའི་ཞབས་ཆགས། རྗེ་བཙུན་ཏཱ་ར་ནཱ་ཐའི་བཞུགས་གདན། གཏེར་བྱོན་ཡུལ་དྲུག་ཅུ་རྩ་བཞིའི་ས་སྣ། སིནྡྷཱུ་ར། ག་བུར། ཡུངས་ཀར་རྣམས་ཀྱི་རིལ་བུ། གཏེར་གསར་བྱད་ཁྲོལ་རིལ་བུ་བཅས་བཞུགས་སོ། །དབང་པོ་ལ་སོགས་པ་སྐུའི་གནས་རྣམས་སུ་སྡོམ་པ་རྩ་བཤད་ཀྱི་རྒྱུད་རྣམས་ལས་འབྱུང་བའི་ཕུང་ཁམས་སྐྱེ་མཆེད་བྱིན་བརླབས་དང་གོ་ཆའི་དཔའ་བོ་ཡབ་ཡུམ་གྱི་སྔགས་བྱང་གསེར་དངུལ་གྱིས་བྲིས་པས་ལེགས་པར་སྤྲས་པའོ། །ཆོས་ཀྱི་རིང་བསྲེལ་གྱི་ཐོག་མར་བླ་བརྒྱུད་དང་མཚན་སྔགས་ཀྱི་སྐོར་ལ། ཧེ་རུ་ཀ་གསུམ་ཀའི་གཙུག་ཏོར་དུ། རྒྱལ་བ་རིགས་ལྔ། ཕྱོགས་བཅུའི་སངས་རྒྱས། ཉེ་བའི་སྲས་བརྒྱད། གནས་བརྟན་ཆེན་པོ་བཅུ་དྲུག །འཛམ་གླིང་མཛེས་པའི་རྒྱན་དྲུག་གྲུབ་ཆེན་བརྒྱད་བཅས་ཀྱི་
མཚན་སྔགས་ཚར་བཅུ་རེ། རྡོར་སེམས་ཡང་དག་གཉིས་ཀྱི་དཔྲལ་བ་ཡན་ཆད་དུ། རྫོགས་པ་ཆེན་པོ་བླ་མ་ཡང་ཏིག །མཁའ་འགྲོ་སྙིང་ཐིག །ཀློང་སྡེ་རྡོ་རྗེ་ཟམ་པ། སེམས་སྡེ་ཨ་རོ་ལུགས་དང་ཉང་ལུགས། འདུས་པ་མདོ། སྒྱུ་འཕྲུལ་གསང་བ་སྙིང་པོ་དབང་བཤད། བཀའ་བརྒྱུད་རྫོང་འཕྲང་། བདེ་འདུས་གསང་རྫོགས་རང་ཤར་གསུམ། བླ་མ་དགོངས་འདུས། ཕུར་པ་བཀའ་གཏེར་སྤྱི་ཁྱབ་བཅས་ཀྱི་བླ་མ་བརྒྱུད་པའི་མཚན་སྔགས་རྣམས་ཆ་བཅོ་ལྔ་རེ། གུ་རུ་མཚན་མཆོག་བརྒྱད་ཀྱི་མཚན་སྔགས་དང་ཀཿཐོག་བླ་རབས་བཅུ་གསུམ། ཇོ་ནང་སྤྲུལ་སྐུ་བཅུ་གསུམ་བཅས་ཀྱི་མཚན་སྔགས་རྣམས་ཀྱང་ཆ་བཅོ་ལྔ་རེ། རྡོར་སེམས་ལ་བཀའ་མ་སངས་རྒྱས་མཉམ་སྦྱོར་དང་དཔའ་གཅིག་མར་ལུགས། གཏེར་མ་རྡོར་གླིང་། ཀུན་སྐྱོང་གླིང་པ། གཏེར་བདག་གླིང་པ། བསམ་གཏན་གླིང་པ། མཆོག་གྱུར་གླིང་པ་བཅས་ཀྱི་བརྒྱུད་རིམ། ཡང་དག་ལ་བཀའ་མ་སོ་ལུགས་དང་མཁོན་ལུགས། གཏེར་མ་ཆོས་དབང་། ཆོས་རྗེ་གླིང་པ། མཆོག་གྱུར་གླིང་པ་བཅས་ཀྱི་བརྒྱུད་རིམ། དེ་དག་རྣམས་གཙོ་བོ་གསེར་དངུལ་གྱིས་བྲིས་པ་དང་གཞན་དག་སྤར་བཏབ་པ་བཞུགས། བདེ་མཆོག་དཔྲལ་བ་ཡན་ཆད་དུ། ཤངས་ལུགས་རྒྱུད་སྡེ་ལྔ་སྤྱི་དང་བདེ་མཆོག་ལྷ་ལྔ་བྱེ་བྲག་གི་བརྒྱུད་པ། ཀཾ་ཚང་ལུགས་ཀྱི་བདེ་མཆོག་ལྷ་ལྔ་དང་ཁྱད་པར་གྲུབ་ཆེན་རྨ་སེ་རྟོགས་ལྡན་ལ་བཀའ་བབས་པའི་ཟུར་མང་སྙན་བརྒྱུད་ཐུན་
མོང་མ་ཡིན་པའི་བརྒྱུད་པ། ལཱུ་ཧི་པ་དྲིལ་བུ་པ་ནག་པོ་པ་སྟེ་ལུགས་གསུམ་གྱི་བརྒྱུད་པའི་མཚན་སྔགས་གསེར་དངུལ་གྱིས་བྲིས་པ་བཞུགས། ཧེ་རུ་ཀ་གསུམ་གྱི་དཔྲལ་བ་ནས་སྐུ་སྟོད་སྟོད་ཆ་ཡན་ལ་སྒྲུབ་བརྒྱུད་རིན་པོ་ཆེ་ཀརྨ་ཀཾ་ཚང་རྟོགས་པ་དོན་གྱི་བརྒྱུད་པ་ཟུང་འཇུག་བརྒྱུད་རིམ་དུ་གྲགས་པ། ཕྱག་ཆེན་བརྒྱུད་པ། བཀའ་བཞི་བརྒྱུད་པ། བྱང་སྡོམ་བརྒྱུད་པ། སོ་ཐར་སྡོམ་རྒྱུན་བཅས་ཀྱི་མཚན་སྔགས་རྣམས་རྡོར་སེམས་ཡང་དག་གཉིས་ལ་ཆ་བདུན་རེ། བདེ་མཆོག་ལ་ཆ་བཅོ་ལྔ་རེའི་སྟེང་དུ། རིན་ཆེན་བདུན་བརྒྱུད་མཚན་སྔགས་སོགས་ཤངས་ཆོས་སྤྱི་བྱེའི་བརྒྱུད་པ། དུས་འཁོར་སྦྱོར་དྲུག་བརྒྱུད་པ་རྣམས་ཀྱང་ཆ་བཅོ་ལྔ་རེ་བཅས། སོ་སོའི་གཤམ་དུ། སྒྲུབ་པ་པོ་མཐོང་ཐོས་དྲན་རེག་སློབ་མ་ཆོས་བརྒྱུད་བཅས་པའི་ལས་ཉོན་སྡིག་ལྟུང་ཆོས་སྒྲུབ་པའི་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཞི་ཞིང་ཉམས་རྟོགས་ཡར་ངོའི་ཟླ་བ་བཞིན་ཏུ་འཕེལ་ནས་མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་པའི་རྡོ་རྗེའི་ཡེ་ཤེས་ཐོགས་མེད་དུ་སྩལ་བར་བྱིན་གྱིས་བརླབ་པར་སྐུལ་བའི་གསོལ་ཚིག་གསེར་བྲིས་བཅས་བཞུགས་སོ།། ༈ །།རྒྱུད་ཀྱི་གླེགས་བམ་བཏགས་གྲོལ་མཐོང་གྲོལ་གྱི་སྐོར་ལ། རྡོར་སེམས་ཞི་ཁྲོ་གཉིས་ཀྱི་གཙུག་ཏོར་དུ་སངས་རྒྱས་ཀྱི་འདས་རྗེས་གསུམ་པོ། མཁའ་འགྲོ་སྙིང་ཐིག་
གི་སྙིང་པོའི་རྒྱུད་ཚིག་བདུན་པ། གཅིག་ཤེས་ཀུན་གྲོལ། ཡང་ཏི་སྙིང་པོ། སངས་རྒྱས་སྲས་གཅིག །རང་བྱུང་རིག་པ། འབྲས་བུ་ཡོངས་རྫོགས་ཆེན་པོ་སྟེ་རྒྱུད་དྲུག །བླ་མ་དགོངས་འདུས་རྫོགས་ཆེན་གསེར་གྱི་ཡང་ཞུན་ལས་འབྱུང་བའི་བསྟན་པ་ཐམས་ཅད་ཀྱི་ཡང་སྙིང་གསང་བཅོད་པན་ས་བོན་གྱི་རྒྱུད། རང་གླིང་ཀློང་གསལ་སྙིང་ཐིག་ལས་བསྟན་པ་བུ་གཅིག་ཡང་གསང་ལེའུ་གཅིག་པ། སྦས་ཆོས་ཡང་ཏིག་གཅིག་ཤེས་ཀུན་གྲོལ། རང་བྱུང་རིག་པ་རྒྱལ་པོའི་རྒྱུད་གསུམ། རིག་པ་གནད་དགུའི་བཏགས་གྲོལ། འཇའ་ཚོན་ཞི་ཁྲོ་ངེས་དོན་སྙིང་པོའི་སངས་རྒྱས་སྲས་གཅིག་གི་རྒྱུད། གནམ་ཆོས་དང་དགོངས་གཏེར་གྱི་རང་བྱུང་ཐིག་ལེ་བསྟན་པ་བུ་གཅིག་བཅས། དཔྲལ་བར་བླ་མ་དགོངས་འདུས་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་དང་བླ་མའི་གསང་རྒྱུད་བཀའི་བང་མཛོད། མགྲིན་པར་གསུང་རྒྱུད་རིན་ཆེན་འབྲུག་སྒྲ་དང་ཡི་དམ་གསང་རྒྱུད་བཀའི་ཐ་རམ། ཐུགས་ཀར་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་དང་མཁའ་འགྲོའི་གསང་རྒྱུད་བཀའི་ལྡེའུ་མིག །མཐོང་གྲོལ་ཙཀྲ་ཐིག་ལེ་སུམ་ཅུ་རྩ་དགུ་པ། ཐུགས་སྟོང་དུ་ཀར་གླིང་ཞི་ཁྲོའི་བཏགས་གྲོལ་ཕུང་པོ་རང་གྲོལ་དུ་གྲགས་པ་རང་བྱུང་གི་རྒྱུད་རྒྱས་བསྡུས་གཉིས། འཁོར་ལོ་ཐིག་ལེ་བརྒྱ་པ་རྒྱས་བསྡུས་གཉིས། བདུད་འཇོམས་སེང་གེའི་
སྒྲ་རྡོ་རྗེའི་གདུང་བཞི་མ། ཐུགས་སྨད་དུ་ཀློང་གསལ་གཏེར་བྱོན་དྲག་པོ་ཡེ་ཤེས་རབ་འབར་གྱི་རྩ་བའི་རྒྱུད། ལྟེ་བར་ཡོན་ཏན་རྒྱུད་བསྟན་པའི་སྲོག་ཤིང་། གསང་བར་ཕྲིན་ལས་རྒྱུད་སྤུ་གྲི་རེག་གཅོད། སྐུ་བརྙན་གསུམ་ཀའི་གཙུག་ཏོར་ནང་གདུགས་དཀར་འཁོར་ལོ། ཐུགས་ཀར་མཚན་ཡང་དག་པར་བརྗོད་པའི་རྒྱུད་ཀྱི་རྒྱལ་པོ་རྒྱ་སྐད་མ། འཇའ་ཚོན་གནམ་ལྕགས་རྡོ་རྗེའི་ཚེ་འཁོར། ལྟེ་བར་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་མཐོང་གྲོལ། བདེ་མཆོག་ལྟེ་བར་སོ་སོར་འབྲང་མ་དང་གྲོང་ཁྱེར་སྒྲོལ་བའི་འཁོར་ལོ་ཇོ་བོ་རྗེའི་ཐུགས་དམ་བཅས་རྒྱུད་ཀྱི་གླེགས་བམ་རྣམས་དང་འཁོར་ལོ་ཚང་མ་ཆ་གསུམ་རེ་དར་སྣ་ལྔའི་ན་བཟའ་བཅས། བདེ་མཆོག་ལ་འོག་མིན་མཚུར་ཕུའི་ནང་རྟེན་གྱི་གྲལ་གྲུབ་ཆེན་ཀརྨ་པཀྴིས་ཕྱག་ཀླུགས་སོ་འབྲང་འཁོར་ལོ་ཁྲོ་སྤར་མ། ཀུན་མཁྱེན་རང་བྱུང་རྡོ་རྗེས་ཙནྡན་དཀར་པོ་ལ་ཕྱག་བརྐོས་གནང་བ་གཉིས་ཀའང་རྒྱལ་དབང་བཅུ་བཞི་པས་ཕྱག་སྤར་དང་ཕྱག་བཏབ་རབ་གནས་གནང་བ་རྣམས་བཞུགས་པའོ། །ཡི་དམ་སོགས་མདོ་རྒྱུད་ཀྱི་གཟུངས་སྔགས་ཀྱི་སྐོར་ལ། རྡོར་སེམས་ཐུགས་ཀར་རིགས་ལྔའི་ཡིག་བརྒྱ། སྙིང་པོ་ཡིག་དྲུག་བརྒྱ་དང་བརྒྱད། ཚོགས་ཆེན་འདུས་པ། སངས་རྒྱས་མཉམ་སྦྱོར། སྒྱུ་འཕྲུལ་ཞི་ཁྲོ་རྣམས་ཀྱི་སྙིང་པོ། ཡང་དག་ཐུགས་ཀར་རུ་ལུ་
བརྒྱ་དང་བརྒྱད། ཁྲོ་བོ་སྤྱི་སྔགས། བདེ་མཆོག་ཐུགས་ཀར་རྩ་སྔགས་སྙིང་པོ། ཉེ་སྙིང་བརྒྱ་དང་བརྒྱད། ཡུམ་སྔགས་འཁོར་སྔགས་བཅས་གསེར་དངུལ་གྱིས་བྲིས་པ་བཞུགས།། ༈ །།ཧེ་རུ་ཀ་གསུམ་ལ་སྤྱིར་གཙུག་ཏོར་དུ། གདུགས་དཀར་མཆོག་གྲུབ་གཟུངས་རིང་། གཙུག་ཏོར་དྲི་མེད། པདྨ་གཙུག་ཏོར། གཙུག་ཏོར་འབར་བ། གཙུག་ཏོར་འཁོར་ལོས་སྒྱུར་བའི་གཟུངས་རྣམས་ཆ་བཅུ་རེ། གཙུག་ཏོར་རྣམ་རྒྱལ་གཟུངས་རིང་སྙིང་པོ་ཉེ་སྙིང་བཅས་ཚར་བརྒྱ་དང་བཅོ་ལྔ་རེ། དབུའི་ནང་དུ་འོད་དཔག་མེད་ཀྱི་གཟུངས་རིང་ཚར་སུམ་ཅུ་རྩ་ལྔ་རེ། མཛོད་སྤུ་དང་སྤྱན་དབུས་མར་མཛོད་སྤུ་ནོར་བུའི་གཟུངས་དང་ནོར་བུ་རྒྱས་པ་གཞལ་མེད་ཁང་གི་གཟུངས་རྒྱས་པའི་འདོད་གསོལ་སྦྱར་བ། མགྲིན་པར་སྤྱན་རས་གཟིགས་ཀྱི་ཡིག་དྲུག་བདུན་བརྒྱ་རེ། ཡིག་བཅུ་སུམ་བརྒྱ་ལྔ་བཅུ་རེ། དབྱངས་གསལ་དང་རྟེན་སྙིང་སུམ་ཅུ་རྩ་ལྔ་རེ། ཐུགས་ཀར་ཕྱག་རྡོར་གཏུམ་པོ་ལྔ་བརྒྱ་དང་ཉེར་ལྔ་རེ། འབྱུང་འདུལ་བཞི་བརྒྱ་དང་ང་ལྔ་རེ། གྲུབ་རྒྱལ་རྟ་མགྲིན་སྙིང་པོ་ཉིས་བརྒྱ་དང་བཅུ་རེ། རིགས་གསུམ་མགོན་པོའི་སྙིང་པོ་བརྒྱ་ཕྲག་རེ། ལྟེ་བ་སྐུ་རྐེད་ཀྱི་སྐོར་དུ་ཐུབ་པའི་སྙིང་པོ་མུ་ནི་དང་། དེ་བཞིན་གཤེགས་པའི་ཡིག་བརྒྱ་ཚར་སུམ་ཅུ་རྩ་ལྔ་རེ།
ཀུན་རིག་སྙིང་པོ་དང་མི་འཁྲུགས་པའི་གཟུངས་ཚར་བདུན་ཅུ་རེ། བཛྲ་སཏྭ་བརྒྱ་དང་ལྔ་རེ། སྨན་བླའི་གཟུངས་བརྒྱ་དང་བཞི་བཅུ་རེ། འཇམ་དཀར་ཡིག་དྲུག་སུམ་བརྒྱ་གྱ་ལྔ་རེ། སྨྲ་སེང་བསྙེན་པ་དྲུག་ཅུ་རྩ་གསུམ་རེ། ས་ལུགས་ཨ་ར་པ་ཙ་ཤེར་ཕྱིན་དཀར་མོ། རྡོ་རྗེ་དབྱངས་ཅན་མའི་སྙིང་པོ་རྣམས་ཚར་ལྔ་བཅུ་རེ། ཤེར་ཕྱིན་དཀར་མོའི་སྙིང་པོ་བརྒྱ་རེ། སེང་གེ་སྒྲའི་སྙིང་པོ་སོ་ལྔ་རེ། འཇམ་དཔལ་གྱིས་དམ་བཅས་པའི་གཟུངས་སོགས་འཇམ་དཔལ་གྱི་སྙིང་པོའི་རིགས་ཐམས་ཅད་བཅུ་གཅིག་རེ། གདུགས་དཀར་སྙིང་པོ་ཉིས་བརྒྱ་དང་བརྒྱད་ཅུ་རེ། ཉེ་སྙིང་ལྔ་བརྒྱ་དང་དྲུག་ཅུ་རེ། གཟུངས་ཐུང་བདུན་ཅུ་རེ། མཚན་བརྒྱ་རྩ་བརྒྱད་པའི་ཚེ་གཟུངས་སུམ་ཅུ་རེ། སྒྲོལ་མའི་ཡིག་བཅུ་སུམ་བརྒྱ་གྱ་ལྔ་རེ། སྒྲོལ་དཀར་ཚེ་ཤམ་ཅན་ཆིག་བརྒྱ་བདུན་ཅུ་རྩ་ལྔ་རེ། མདོ་གཟུངས་ཀྱི་རིགས་ཐམས་ཅད་བཅུ་རེ། འཇམ་དཔལ་གྱི་གཟུངས་སྔགས་སྙིང་པོའི་རིགས་བཅུ་རེ། རིག་བྱེད་མའི་སྙིང་པོ་ཉིས་བརྒྱ་དང་བཅུ་བདུན་རེ་ཞི་བ་དང་དབང་གི་སྤེལ་ཚིག་བཅས། གསང་བར་སྨེ་བརྩེགས་གཟུངས་སྔགས་རིང་ཐུང་ཁྲུས་བདུན་རིག་པ་བཅས་སུམ་ཅུ་རྩ་ལྔ་རེ། འོད་ཟེར་ཅན་མའི་སྙིང་པོ་བརྒྱ་དང་བཅུ་གཅིག་རེ་སྲུང་བའི་ཤམ་བུ་བཅས། མགོན་པོ་སྤྱི་སྔགས་དང་ཞལ་སྦྱོར་སྐུ་
གསུང་ཐུགས་སྔགས་ཉིས་བརྒྱ་དང་བཅུ་རེ། པད་གདན་ཏུ་ཛཾ་དཀར་སྙིང་པོ་མཁའ་འགྲོ་སྡེ་ལྔ་རྣམ་པར་མི་རྟོག་པའི་གཟུངས་བཅས་ཚར་ཉིས་བརྒྱ་དང་སོ་གཅིག་རེ། ཛཾ་དམར་སྙིང་པོ་བརྒྱ་དང་དོན་ལྔ་རེ། ཛཾ་སེར་སྙིང་པོ་བདུན་ཅུ་རེ། ཛཾ་ནག་སྙིང་པོ་རིང་ཐུང་བརྒྱ་དང་བཅུ་གསུམ་རེ་ཤམ་བུ་བཅས་སྐུའི་སྟོད་སྨད་སྤྱི་ལ་གཟུངས་ཆེན་སྡེ་ལྔ་གཟུངས་རིང་གཟུངས་ཐུང་བཅས་ཚར་བརྒྱ་དང་བརྒྱད་རེ། རིག་པ་ཕུག་རོན། རྟེན་འབྲེལ་སྙིང་པོ་གྲངས་མང་བཅས་བཞུགས། བྱེ་བྲག་ཏུ་རྡོར་སེམས་ལ་ཡི་གེ་བརྒྱ་པ་སྟོང་ཕྲག་གཅིག །ཡིག་དྲུག་འབུམ་ཐེར་གཅིག །ཡང་དག་ལ་རུ་ལུ་འབྲུ་བརྒྱད་འབུམ་ཐེར་གཅིག །དེ་གཉིས་ཀྱི་དཔྲལ་བར་ཨ་མི་དེ་བ་དྲུག་བརྒྱ་ཉེར་ལྔ་རེ། པདྨ་བཛྲ་སུམ་བརྒྱ་རེ་བདུན་རེ། པྲ་བཱ་ཀ་ར་བདུན་ཅུ་རེ། ཐོད་ཕྲེང་རྩལ་ལས་སྔགས་བཅས་བཞི་བཅུ་རེ། མགྲིན་པར་ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་སྙིང་པོ་ཉི་ཤུ་རེ། ཚེ་སྒྲུབ་གསང་འདུས་སྙིང་པོ་ཤིན་ཏུ་གྲངས་མང་། ཐུགས་སྟོད་དུ་ཞི་ཁྲོའི་སྙིང་པོ་བཏགས་གྲོལ་འབྲུ་དྲུག་བཅས་ཉེར་བརྒྱད་རེ། རིགས་ལྔའི་ཡིག་བརྒྱ་ཉེར་བདུན་རེ། བཛྲ་གུ་རུ་བཞི་བརྒྱ་རེ་གསུམ་རེ། རིག་འཛིན་ཚེ་དབང་ནོར་བུའི་དགོངས་གཏེར་བསམ་པ་ལྷུན་གྲུབ་མན་ངག་བཅུ་གསུམ་གྱི་སྙིང་པོ་ཐམས་ཅད་ཚར་བཅོ་ལྔ་རེ། བཀའ་མ་ཚོགས་ཆེན་འདུས་པ། སྒྱུ་
འཕྲུལ་ཞི་ཁྲོ། སངས་རྒྱས་མཉམ་སྦྱོར། བཀའ་བརྒྱད་རྫོང་འཕྲང་། གཤིན་རྗེ་གཤེད་དགྲ་ནག །ཁ་ཐུན། གདོང་དྲུག །གཤེད་དམར་རུ་མཚོན་དམར་པོ། རྟ་མགྲིན་བདེ་གཤེགས་ཐུགས་དྲིལ། ཡང་དག་ལུགས་གཉིས། བདུད་རྩིའི་རྒྱུད་ལུང་། ཕུར་པ་རོང་ལུགས་རོག་ལུགས་འཁོན་ལུགས། ལུང་ལུགས་ཚེ་དཔག་མེད་ལ་སོགས་པ་རྣམས་ཀྱི་སྙིང་པོ་ཉེ་སྙིང་རྒྱུད་དང་སྒྲུབ་ཐབས་ནས་བྱུང་བ་རྣམས་དང་། གཏེར་མ་བཀའ་བརྒྱད་བདེར་འདུས། བླ་མ་དགོངས་འདུས། གཤིན་རྗེ་ཚེ་བདག །རྟ་མགྲིན་རིགས། རྡོ་རྗེ་ཕུར་པ་རྣམས་ཀྱི་སྙིང་པོ་ཐམས་ཅད་ཚར་བཅོ་ལྔ་རེ། གསར་མའི་ལུགས་ཀྱི་བླ་མེད་མ་རྒྱུད་རིགས་ཆ་བདུན་རེ། ཐུགས་ཀའི་སྨད་དུ་བླ་མེད་ཕ་རྒྱུད་ཆ་བདུན་རེ། ལྟེ་བར་ཉང་གཏེར་མཁའ་འགྲོ་ཆེན་མོ་སྤྱི་དང་བྱེ་བྲག་ཕག་མོ་རྣམ་གསུམ། ཁྲོས་མ་ནག་མོ། གཏེར་ཁ་གཞན་གྱི་གསང་ཡེ་དང་། སེང་གདོང་མ་དམར་མོ་སོགས་མཁའ་འགྲོའི་སྙིང་པོ་རྣམས་ཚར་བཅུ་ཕྲག་རེ། གསང་བར་ཕུར་པའི་སྙིང་ལོ་ཀཱི་ལ་བཅུ་དྲུག་པ་ཉིས་བརྒྱ་སོ་བརྒྱད་རེ། བཞི་སྙིང་གཅིག་དྲིལ་གྲངས་མང་། སེང་གདོང་སྔོན་མོའི་ཡི་གེ་བཅུ་བཞི་པ་དྲུག་ཅུ་ཐམ་པ་རེ། ཡང་དག་ལ་གཤིན་རྗེ་གཤེད་ཡབ་ཡུམ་ལས་གཤིན་ཁྲོ་ཆ་དུག་གདོང་བཅས་པའི་སྔགས་རྣམས་དང་རིམ་སྲུང་
གསང་བདག་སྔགས་ཚར་སོ་ལྔ། གཉིས་ཀར་ལེགས་ལྡན་ཚོགས་ཀྱི་བདག་པོ་བཀའ་མ་རྒྱུད་ལུང་གི་ལུགས་གཉིས། གཏེར་མ་ཆུ་ཕོ་རྟོགས་ལྡན་དང་མཆོག་གླིང་གི་ལུགས་གཉིས། ཉང་གཏེར་ཕྱག་བཞི་པ་མགོན་དཀར་ཚེ་བདག་དང་བཅས་པ། གཏེར་གསར་མྱུར་མཛད་ཕྱག་དྲུག་པ། གཏེར་ཁ་དུ་མའི་མ་ནིང་། ཞལ་བཞི་པ་སྨིན་ལུགས་བཅས་མགོན་ཆེན་ལྔ་ཀར་ཡབ་ཡུམ་ལས་མགོན་འཁོར་དང་བཅས་པའི་རྩ་སྔགས་སྙིང་པོ་ཉེ་བསྙེན་དང་བཅས་པ། སྔགས་སྲུང་མ། སྲོག་སྒྲུབ་མ། རང་བྱུང་རྒྱལ་མོ། རེ་མ་ཏི། རྡོ་རྗེ་གཤོག་རྒོད་མ། གཟའ་བདུད། ཤན་པ་དམར་ནག །དུར་ཁྲོད་མ་མོ། ཞིང་སྐྱོང་སེང་གདོང་། དམ་ཅན་རྡོར་ལེགས། ཐང་ལྷ་བཅས། ཆོས་སྐྱོང་གི་སྐོར་དང་། རྣམ་སྲས་མདུང་དམར་ཅན། དྲག་བྱེད་རྟ་སྔོན་ཅན། ཡང་གསང་ཕྱག་མཚན་བཞི་པ། རྟ་བདག་བརྒྱད། ཞང་བློན་རྡོ་རྗེ་བདུད་འདུལ། ཆོས་དབང་དང་བྱང་གཏེར་ཛཾ་ལྷའི་རིགས། ལྷ་ཆེན་དབང་ཕྱུག་ཡབ་ཡུམ། ཛཾ་དམར་ཆགས་པ་རྡོ་རྗེ། གཏེར་གསར་བཀྲ་ཤིས་ཚེ་རིང་མ་གཙོ་འཁོར། ཀུན་འཁྱིལ་མཆེད་གསུམ། རྨ་གཉན་སྤོམ་ར་སོགས་ནོར་ལྷའི་རིགས་ཀྱི་སྙིང་པོ་རྣམས་ཚར་བཅུ་ཕྲག་རེ། ཁྱད་པར་དཔལ་མགོན་མ་ནིང་ཡུམ་ལས་མགོན་བཅས་
པའི་སྙིང་པོ་བཞི་བཅུ་རྩ་བཞི་རེ། གསར་མའི་ལུགས་ཀྱི་ཆོས་སྐྱོང་ནོར་ལྷའི་རིགས་ཡོངས་རྫོགས་ཚར་བདུན་རེ་བཅས་བཞུགས།། ༈ །།དཔལ་འཁོར་ལོ་སྡོམ་པ་ལ་བདེ་མཆོག་སྙིང་པོ་ཉེར་གཉིས་མ་དང་ཉེ་སྙིང་ཡིག་བདུན་བསྡམས་པ་འབུམ་ཕྲག་གཅིག །ཡུམ་ལ་ཕག་མོ་ལྷན་སྐྱེས་སྙིང་པོ་བདུན་བརྒྱ་ཐམ་པ། ཐུགས་ཀའི་སྟོད་དུ་བླ་མེད་མ་རྒྱུད་དུས་ཀྱི་འཁོར་ལོའི་སྙིང་པོ་ཉེ་སྙིང་རྩ་སྔགས་རྐང་པ་བཅུ་དྲུག་པ་དང་བདུན་ཅུ་རྩ་གཉིས། སྐུ་གསུང་ཐུགས་དཀྱིལ་ཡོངས་རྫོགས་མཆོད་སྔགས་ཀྱིས་མཚོན་ཏེ་འགྲེལ་ཆེན་ལས་གསུངས་པའི་སྔགས་ཚང་བ། འཁོར་ལོ་བདེ་མཆོག་གོ་ཆ་དང་བཅས་པ། ཕག་མོའི་རིགས། ནཱ་རོ་མཁའ་སྤྱོད། མཁའ་འགྲོ་རྒྱ་མཚོ། འཁོར་ལོས་སྒྱུར་དྲུག །དགྱེས་རྡོར་ལྷ་དགུ། ཕྱག་གཉིས་ཕྱག་བཞི་ཕྱག་དྲུག་པ། བདག་མེད་ལྷ་མོ་བཅོ་ལྔ། གུར་རིགས་བསྡུས་རྒྱས་པའི་ལྷ་ཁྲོ་བཅུ་ལ་སོགས་པ། སམྦུ་ཊ་རྡོ་རྗེ་དབྱིངས། དྲག་པོ་གདན་ཅན། ལས་རྒྱས་པའི་ལྷ་རྣམས་དང་བཅས་པ། སངས་རྒྱས་ཐོད་པ། མ་ཧཱ་མཱ་ཡ། གདན་བཞི་ཡབ་ཡུམ་རྣམས་སོ་སོའི་རྩ་སྔགས་ཕྲེང་སྔགས་སྙིང་པོ་ཉེ་སྙིང་འཁོར་སྔགས་དང་བཅས་པ་ཚར་བཅུ་བདུན་རེ། ཐུགས་ཀའི་སྨད་དུ། བླ་མེད་ཕ་རྒྱུད་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ། འཇམ་པའི་
རྡོ་རྗེ། གསང་འདུས་སྤྱན་རས་གཟིགས། གཤེད་དམར་ལྷ་ལྔ། གཤིན་རྗེ་གཤེད་དགྲ་ནག །གདོང་དྲུག །རྡོ་རྗེ་འཇིགས་བྱེད། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ། རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་རྣམས་གཙོ་འཁོར་དང་བཅས་པའི་སྙིང་པོ། ཧེ་རུ་ཀའི་ཡིག་བརྒྱ་སོགས་ཚར་གྲངས་བཅུ་བདུན་རེ་བཞུགས། སྐུ་སྐེད་དུ་རྣལ་འབྱོར་རྒྱུད། དཔལ་མཆོག་རིགས་བསྡུས། རྩེ་མོ་རིགས་བསྡུས། རྡོ་རྗེ་དབྱིངས། གཙུག་ཏོར་དགུ་པ། ཁམས་གསུམ་རྣམ་རྒྱལ། ཆོས་དབྱིངས་གསུང་དབང་། ཀུན་རིག་རྩ་བའི་དཀྱིལ་འཁོར་སོགས་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་ལྷ་བརྒྱ་དང་ཉེར་གཉིས་པ་བཅས་གཙོ་འཁོར་ཡོངས་རྫོགས་ཀྱི་སྔགས་རྣམས་དང་། འཇམ་དབྱངས་ཨ་ར་པ་ཙ་ལྷ་ལྔ། བྱ་རྒྱུད་རིགས་གསུམ་སྤྱི། དམ་ཚིག་གསུམ་བཀོད་སོགས། དེ་བཞིན་གཤེགས་པའི་རིགས། དོན་ཞགས་དང་བཅུ་གཅིག་ཞལ་སོགས་པདྨའི་རིགས། ཕྱག་རྡོར་དང་རྣམ་འཇོམས་གཟུངས་རིང་སོགས་རྡོ་རྗེའི་རིགས། འཇིག་རྟེན་པའི་རིགས་གསུམ་ཕལ་མོ་ཆེ་རྣམས་ཀྱི་གཟུངས་སྔགས་སྙིང་པོ་རྣམས་དང་། སྒྲུབ་ཐབས་རྒྱ་མཚོ་དང་བརྒྱ་རྩ་ལས་བྱུང་བའི་ལྷ་རྣམས་ཀྱི་སྙིང་པོ་ཡོངས་སུ་རྫོགས་པ་ཚར་བཅོ་ལྔ་རེ་བཞུགས། མདོ་གཟུངས་ཀྱི་
སྐོར་ལ་བཅོམ་ལྡན་འདས་དང་ཉེ་བའི་སྲས་རྣམས་ཀྱི་མཚན་བརྒྱ་རྩ་བརྒྱད་པའི་གཟུངས། ཕལ་པོ་ཆེ་སོགས་གཟུང་བར་འགྱུར་བའི་སྔགས། སྒོ་མཐའ་ཡས་པ་དང་སྒོ་དྲུག་པའི་གཟུངས་ཀྱིས་མཚོན་མདོ་སྡེ་དང་གཟུངས་སྡེ་རྣམས་ལས་བྱུང་བའི་སྔགས་ཐམས་ཅད་ཚར་གསུམ་རེ། གདན་ས་འདི་གའི་སྤར་མའི་རིགས་ཚར་བཅོ་ལྔ་རེ་བཞུགས། གསང་བར་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། ཕྱག་བཞི་པ། རྡོ་རྗེ་བེར་ཅན་ལྕམ་དྲལ། རྡོ་རྗེ་གུར་གྱི་མགོན་པོ་ལྕམ་དྲལ། དཔལ་མགོན་ཞལ། ལེགས་ལྡན་མཆེད་གསུམ། སྟག་ཞོན། ཏྲཀྴད། ཟངས་གྲི་རིགས་གཉིས། དཀར་བདུད་བྲན་བདུད། བེག་རྩེ་ལྕམ་དྲལ། ལས་གཤིན་ཡབ་ཡུམ། མེ་རུ་ཙེ་བཞི་སྐོར། ཁྲག་མདོག་ཡབ་ཡུམ། དམ་ཅན་མགར་ནག །སྲིན་མགོན་ཡབ་ཡུམ། ཞིང་སྐྱོང་སེང་གདོང་། ཀླུ་རྒྱལ་སྔགས་བདག་དང་མཁར་ནག །ཨ་ཕྱི་དང་ཚེ་རིང་མ་ལ་སོགས་པ་སྟེ་མགོན་ཆེན་རྣམས་ལ་ཡབ་ཡུམ་ལས་མགོན་འཁོར་དང་བཅས་པའི་རྩ་སྔགས་སྙིང་པོ་ཉེ་སྙིང་རང་སྔགས། གཞན་རྣམས་ཀྱང་སོ་སོའི་སྙིང་པོ། ཐམས་ཅད་ལ་འབོད་རྦད་བསད་གསུམ་དང་ལས་ཁ་ཚར་བའི་སྔགས་བཅས་ཚར་གསུམ་རེ། ཁྱད་པར་དུར་ཁྲོད་བདག་པོ་སྲུང་སྔགས་ཀྱི་ཤམ་བཅས་ཚར་བཞི་བཅུ་རྩ་བཞི་བཅས་ཆོས་
སྐྱོང་གི་སྐོར་དང་། མགོན་དཀར་ཡིད་བཞིན་ནོར་བུ། རྣམ་སྲས་རིགས་ཆེན་བརྒྱད། ཚོགས་བདག་དམར་པོ། ནོར་རྒྱུན་མ་ལྷ་ལྔ། ཛམ་སེར་ལྷ་དགུ། གནོད་སྦྱིན་ཕོ་དགུ་མོ་དགུ། ཛཾ་བྷ་ལ་ཕྱག་དྲུག་པ། ཛཾ་སེར་དང་ཛཾ་ནག་གཙོ་རྐྱང་། ཚངས་དབང་། ཁྱབ་འཇུག་དབང་ཕྱུག །དཔལ་མགོན་བདུན་ཅུ་རྩ་ལྔ་སོགས་ནོར་ལྷ་རྗེས་འབྲང་དང་བཅས་པ། མཆོད་པའི་སྤྲིན། ལས་གྲུབ་པ། དོན་ཐམས་ཅད་གྲུབ་པའི་གཟུངས་སོགས་ཚར་གསུམ་རེ། གདན་ས་འདི་ཀའི་ཆོས་སྐྱོང་དང་ནོར་ལྷའི་གཟུངས་སྦར་གང་ཡོད་ཆ་བཅོ་ལྔ་རེ་བཞུགས།། ༈ །།ཧེ་རུ་ཀ་གསུམ་ཀའི་ཐུགས་ཀར་སྙིང་པོའི་ཤམ་སོགས་སུ་འདོད་གསོལ་བླ་བརྒྱུད་ཀྱི་སྐབས་དང་མཚུངས་པ་ལ་ཁྱད་པར་ལས་བཞི་གྲུབ་པ་ཆེན་པོ་བརྒྱད་སོགས་ཐུན་མོང་དང་། མཆོག་ཏུ་མི་འགྱུར་བ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དཔལ་ཧེ་རུ་ཀ་སོ་སོའི་གོ་འཕང་ཚེ་གཅིག་ལུས་གཅིག་སྟན་ཐོག་འདི་ཉིད་དུ་ཐོབ་ནས་མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པ་དེའི་གོ་འཕང་ལ་འགོད་ནུས་པའི་མཐུ་ཐོབ་པར་གསོལ་བའི་ཚིག་གསེར་གྱིས་བྲིས་པ་དང་། པད་གདན་ཏུ་བསྟན་འགྲོ་སྤྱིའི་མི་མཐུན་པའི་རྒུད་པ་ཞི་ཞིང་བདེ་ལེགས་དཔལ་འབྱོར་ཡིད་ལ་འདོད་རྒུ་རྒྱས་པའི་སྨོན་ཚིག་ཆེན་མོ་རྡོ་རྗེ་ཚེ་དབང་ནོར་བུའི་གསུང་དང་། ཁྱད་པར་ངེས་དོན་སྙིང་པོའི་བསྟན་པ་
རྒྱས་པའི་སྨོན་ལམ་ཇོ་ནང་རྗེ་བཙུན་ཆེན་པོའི་གསུང་། ཀརྨ་བཀའ་བརྒྱུད་ཀྱི་བསྟན་པ་རྒྱས་པའི་སྨོན་ལམ་བདེན་གྲུབ་མ་སོགས་དང་། ཁྱིམ་བདག་དེས་པ་ལ་གསུངས་པ་སོགས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་རིགས་གསུམ། མཛད་པ་བཅུ་གཉིས་དང་ཕར་ཕྱིན་དྲུག་གི་ཤིས་བརྗོད། གཞན་ཡང་བཀྲ་ཤིས་ཐོར་བུའི་རིགས་དུ་མ་ལེགས་སྦྱར་གྱི་སྐད་དུ་བསྒྱུར་བ་རྣམས་ཚར་གསུམ་རེ། སྨོན་ལམ་དང་ཤིས་བརྗོད་ཕུན་སུམ་ཚོགས་པ་སོགས་འགའ་ཞིག་ནི་ཚར་གྲངས་དུ་མ་ཡང་བཞུགས་སོ། །དེ་དག་རྣམས་ཀྱང་རྒྱ་ཤོག་ལ་རྒྱ་མཚལ་གསེར་དངུལ་རིན་ཆེན་ཕྱེ་མ་སྨན་སྣ་བྱིན་རྟེན་བསྲེས་པས་བཏབ་ཅིང་དབུ་ཞབས་མ་ལོག་པར་དར་སྣའི་ན་བཟའ་སོགས་སྒྲུབ་བླ་མ་འབའ་ཞིག་པས་ཕྱག་བསྟར་དུ་མཛད་ཅིང་སོ་སོའི་སྒྲུབ་པ་དང་། སྤྱིའི་རབ་གནས་ཚུལ་བཞིན་བགྱིས་པའོ། །གསུམ་པ་ཞར་བྱུང་སྐུ་བརྙན་གཞན་གྱི་བཞུགས་ཚུལ་མདོ་ཙམ་བཤད་པ་ལ། དཔལ་ཆེན་ལྷ་ཁང་། གསུང་རབ་ལྷ་ཁང་། ཐུགས་དམ་ལྷ་ཁང་། གནས་བཅུ་ཁང་། མགོན་ཁང་བསིལ་བའི་ཚལ་དུ་ཇི་ལྟར་བཞུགས་པ་དང་། རྟེན་གྱི་བྱེ་བྲག་གཞན། མཆོད་པའི་ཡོ་བྱད་ལ་སོགས་པའོ། །དང་པོ་དཔལ་ཆེན་ལྷ་ཁང་དུ་ལྡེར་སྐུ་གསུམ་བཞུགས་པའི་བཅོམ་ལྡན་འདས་དུས་འཁོར་ལྷན་སྐྱེས་ཀྱི་ཐུགས་ཀར་ཐུབ་དབང་
སྐུ་བརྙན་ཁྱད་འཕགས། མཚན་བརྗོད་གླེགས་བམ་རྒྱ་སྐད་མ། བཤད་རྒྱུད་རྭ་ལུགས་ཞྭ་ལུ་ནས་བརྒྱུད་པ་གཙོ་བོར་གྱུར་བ་དང་། དབང་དང་མན་ངག་འབྲོ་ལུགས་ཇོ་ནང་བརྒྱུད་པ་གཙོ་བོར་གྱུར་པའི་མཚན་སྔགས་སྙིང་པོ་ཉེ་སྙིང་ལ་སོགས་པ་ཚར་གྲངས་གསེར་དངུལ་གྱིས་བྲིས་ཤིང་འདོད་གསོལ་དང་བཅས་པ། ཀུན་མཁྱེན་རང་བྱུང་ཞབས་ཀྱི་དབུ་ལྗོན། གདུང་རུས། བུ་སྟོན་ཐམས་ཅད་མཁྱེན་པའི་དབུ་ལྗོན། དཔལ་ལྡན་བླ་མ་བསོད་ནམས་རྒྱལ་མཚན་ན་བཟའ། ཇོ་ནང་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་ན་བཟའ། དེ་ཉིད་ཀྱི་ཞུན་ཐིག་དུས་བདེ་གསང་འདུས་རྣམས་ཀྱི་སྐུ་བརྙན་ལ་སྐུ་ཁྲུས་ཕུལ་བའི་ཁྲུས་ཆབ་རིང་བསྲེལ། ཀུན་སྤངས་ཆོས་གྲགས་དཔལ་བའི་དབུ་མནབས། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་ན་བཟའ། དྲུང་བཀའ་བཞི་པ་རཏྣ་ཤྲཱི། ཀུན་མཁྱེན་གཉིས་པ་རིན་ཆེན་གྲགས་པ། ཛཾ་ཐང་ཆོས་རྗེ་རྒྱལ་བ་སེང་གེ། དཔལ་འབྱོར་བཟང་པོ་རྣམས་ཀྱི་ན་བཟའ། རྗེ་བཙུན་ཏཱ་ར་ནཱ་ཐའི་ན་བཟའ། སྐུ་ཆོས། བཞུགས་གདིང་ལ་སོགས་པ་དང་། བོ་དོང་འཇིགས་བྲལ་ཆེན་པོའི་སྣམ་སྦྱར་ཚལ་སོགས་ཁྱད་པར་དུ་བཞུགས་པའོ། །བླ་མ་དགོངས་འདུས་དཀྱིལ་འཁོར་ཚོམ་བུ་དགུའི་གཙོ་མཆོག་ཁྱབ་བདག་པདྨ་བཛྲའི་སྣང་བརྙན་གྱི་ཐུགས་ཀར། དགོངས་འདུས་གཏེར་
སྒྲོམ་ཙནྡན་ས་མཆོག་ལས་གྲུབ་པའི་ཚལ་བར་ཡེ་ཤེས་སེམས་དཔའ་ལྷན་སྐྱེས་སྙིང་པོ་བཅས་གསེར་གྱིས་བྲིས་པ་དང་། རྩ་རྒྱུད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བླ་མ་ཡི་དམ་མཁའ་འགྲོ། རང་བྱུང་བསྟན་པ་བུ་གཅིག་གི་རྒྱུད་རྣམས་ཀྱི་གླེགས་བམ། མཐོང་གྲོལ་ཙཀྲ་ཆེ་ཆུང་། བླ་མ་བརྒྱུད་པའི་མཚན་སྔགས། གཙོ་དགུའི་སྙིང་པོ་དང་སྤྱི་དྲིལ་ཆེ་ཆུང་འདོད་གསོལ་གསེར་གྱིས་བྲིས་པ། སྲོག་ཕུར་དང་སྔགས་བྱང་བཅས། དགོངས་འདུས་བཏགས་གྲོལ་ཤོག་སེར། སངས་གླིང་གི་ཐུགས་རྗེ་ཆེན་པོའི་ཤོག་སེར། འཇའ་ཚོན་ཕྱག་བྲིས་ཧཱུྃ་ནག་སྙིང་ཐིག་རྩ་བའི་ཤོག་སེར་འབྲུ་རེས་རྒྱལ་གདོན་ཐུབ་ངེས་ཀྱིས་མཚོན་གཏེར་ཁ་གསར་རྙིང་གི་ཤོག་སེར་དུ་མ། སངས་གླིང་ན་བཟའ་དང་སྒོམ་ཐག་ཚལ། དགོངས་འདུས་བཀའ་བབས་ཏའུ་བླ་མ་རྣམས་ཀྱི་དད་རྟེན་སོགས་ཁྱད་པར་དུ་བཞུགས་སོ། །བདུད་འདུལ་ཕྲིན་ལས་ཡོངས་རྫོགས་ཀྱི་ལྷ་མཆོག་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྣང་བརྙན་གྱི་ཐུགས་ཀང་། ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་རྩལ་ནས་སྩལ་བ་མཁོན་སྟོན་གྲུབ་པའི་དབང་པོས་ཕྱག་བསྟར་རྡོ་རྗེ་གཞོན་ནུའི་སྨན་སྐུ་ཁྱད་པར་འཕགས་པ། བཀའ་གཏེར་བརྒྱུད་པ་རྣམས་དང་སྙིང་པོ་འདོད་གསོལ་གསེར་བྲིས་སྲོག་ཕུར་བཅས། བདུད་འདུལ་དང་ཆོས་གླིང་
ཕུར་པའི་ཤོག་སེར་ཚལ་ཆེ་བ། བཀའ་གཏེར་ཕུར་པ་གྲུབ་པའི་རིག་འཛིན་ཡོངས་གྲགས་རྣམས་ཀྱི་དད་རྟེན་སྣེ་འདུས་ཁྱད་པར་དུ་བཞུགས་སོ། །གསེར་ཟངས་ལས་གྲུབ་པའི་སྐུ་བརྙན་རྣམས་ཀྱི་ཐོག་མ་གཡོན་ཕྱོགས་གོང་མའི་གཙོ་བོ་སྟོན་པ་ཐུབ་པའི་དབང་པོའི་གཙུག་ཏོར་དུ་ཡུངས་འབྲུ་ལྟ་བུའི་རིང་བསྲེལ། གཏེར་བྱོན་འོད་སྲུང་དང་ཐུབ་པའི་སྐུ་ཆོས། འོད་སྲུང་དབུ་ཀླད། ཐུགས་ཀར་ཀུན་མཁྱེན་འཕགས་པ་འོད་ཀྱི་གདུང་ལས་བཞེངས་པའི་ཐུབ་པའི་དབང་པོའི་སྐུ་བརྙན་ཁྱད་འཕགས། བྱང་ཆུབ་ཤིང་གི་ཚལ་དང་ལོ་མ། མཁན་ཆེན་ཞི་འཚོ། ཤཱཀ་ཤྲཱི། ཇོ་བོ་རྗེ་སོགས་ཀྱི་རིང་བསྲེལ་ཆ་ཤས། གཟུངས་སྔགས་གསེར་བྲིས། མཚན་བརྗོད་གླེགས་བམ། དེ་བཞིན་གཤེགས་པའི་ཡིག་བརྒྱ། མུ་ནི། རྟེན་སྙིང་སོགས་བརྒྱ་སྟོང་ཁྱད་པར་དུ་བཞུགས་ཤིང་། སངས་རྒྱས་སོ་ལྔ་ལའང་སྙིང་པོ་དེ་དག་ཚར་གྲངས་དུ་མས་དམིགས་བསལ་དུ་གཏམས་པའོ། །གཡོན་ལོགས་འོག་མའི་གཙོ་བོ་ཨོ་རྒྱན་ཟ་ཧོར་མའི་ཐུགས་ཀར་སྐུ་ཚབ་ཁྱད་པར་ཅན་ཆེ་ཆུང་གཉིས། སྙིང་པོ་གསེར་བྲིས། གུ་རུ་ཞི་དྲག་མཚན་བརྗོད་ཡུམ་དང་བཅས་པའི་བྱིན་སྐུ། གཏེར་ཁ་གསར་རྙིང་ལས་བྱོན་པའི་ཨོ་རྒྱན་རིན་པོ་ཆེའི་དབུ་ལྗོན། ན་བཟའ། གསང་གོས། སྐུ་ཆོས། སྐུ་
བེར། ཞབས་ལྷྭམ། མཁའ་འགྲོ་གཉིས་ཀྱི་ན་བཟའ། ཡབ་ཡུམ་གྱི་བྱང་སེམས་ལ་སོགས་པ། རྩ་རྒྱུད་པད་སྡོང་བརྩེགས་པ། སྙིང་ཐིག་རྒྱུད་དྲུག་དང་འདས་རྗེས། བསྟན་པ་བུ་གཅིག་རིགས་མང་པོ། ཡེ་འབར་རྩ་རྒྱུད་སོགས་གླེགས་བམ་དང་ཙཀྲ་རྣམས་དང་ཤོག་སེར་སྣེ་མང་། བཛྲ་གུ་རུ་དང་། ཐོད་ཕྲེང་རྩལ་སོགས་སྙིང་པོ་གྲངས་མང་བཅས་ཁྱད་པར་བཞུགས་པའོ། །དེའི་འཁོར་དུ་བཞུགས་པ་སྤྲུལ་པའི་གུ་རུ་མཚན་བརྒྱད་ནི་རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནས་བཀའ་དྲིན་ཏུ་སྩལ་བ་སྟེ་ནང་གཞུག་གི་ཐོ་བྱང་རྗེ་ཉིད་ནས་སྩལ་བ་ནི། ཨོཾ་སྭ་སྟི་སིདྡྷཾ། དགེ་ལེགས་རྟག་པ་དམ་པའི་དབྱིངས། །ཡེ་ཤེས་ཆེན་པོའི་སྐུར་སྨིན་པས། །མཁའ་ཁྱབ་སྤྲུལ་པའི་རྩལ་འཆང་བ། །མཚོ་སྐྱེས་བླ་མས་བྱིན་གྱིས་རློབས། །དེ་ལ་སྐུ་གསུམ་སྟོན་པ་རྒྱ་མཚོའི་ཁྱབ་བདག་མཚོ་སྐྱེས་ཀུན་ཏུ་འཆང་བ་ཆེན་པོ་ཉིད་དངོས་གཅིག་དུ་མའི་ཚུལ་དུ་ཐོད་ཕྲེང་རིགས་ལྔ། གུ་རུ་མཚན་བརྒྱད། རིག་འཛིན་བཅུ་གཉིས་སོགས་གདུལ་བྱའི་མོས་པ་དང་འཚམས་པར་མཚན་དང་སྐུའི་རྣམ་འགྱུར་འདོད་རྒུར་འཚར་བ་ལས། གུ་རུའི་མཚན་མཆོག་རྣམ་པ་བརྒྱད་ཅེས་ཡོངས་སུ་གྲགས་པའི་སྣང་བརྙན་རིན་པོ་ཆེར་ནང་གཞུག་གི་ཁྱད་པར་ཇི་ལྟར་འདུ་བགྱིས་པའི་ཚུལ་
ལ། ཐོག་མར་འཆི་མེད་པདྨ་འབྱུང་གནས་ཀྱི་ཐུགས་ཀར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རྩ་བའི་འཁོར་ལོ། མ་བསྒོམ་སངས་རྒྱས་ཆོས་དྲུག་གི་མཐོང་གྲོལ་གྱི་རིག་པ། བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་བཏགས་གྲོལ། བླ་མ་གསང་བ་འདུས་པའི་ལས་ཚོགས་ཁ་སྒྱུར་ཉེར་གཅིག་གི་ནང་ཚན། ཚེ་སྲིང་བའི་འཁོར་ལོ་སྤེལ་ཚིག་དམིགས་བསལ་སྦྱར་བ། ཨོ་རྒྱན་ཟ་ཧོར་མའི་སྣང་བརྙན་རང་བྱོན་གྱི་རྟེན་རྡོ་ཆུང་ངུ། གུ་རུ་ཡབ་ཡུམ་གྱི་བྱང་སེམས་རོལ་པ་ཆེན་མོ། སློབ་དཔོན་རིན་པོ་ཆེའི་གསང་གོས་སེང་བྲག་གཏེར་བྱོན་བཅས་བཞུགས། པདྨ་སཾ་བྷཱ་ཝར། གུ་རུ་རིན་པོ་ཆེའི་ཚེམས་ལས་སྤྲུལ་པའི་རིང་བསྲེལ་རིན་ཆེན་ཤེལ་བྲག་ལས་བྱོན་པའི་འཕེལ་ཕྱེ། ཤངས་མཚལ་རིལ་བུ། ཐུགས་སྒྲུབ་ཀྱི་ནོར་སྒྲུབ་གླང་པོའི་འཁོར་ལོ། གསང་འདུས་ལས་ཚོགས་ནོར་འགུགས་པའི་ཙཀྲ་རྣམས་བཞུགས། བློ་ལྡན་མཆོག་སྲེད་ལ། གུ་རུ་རིན་པོ་ཆེའི་ཕྱག་བྲིས་མཐོང་གྲོལ་བདུད་རྩི་ལྔ་ཤོག་རིགས་གཉིས་གཙོར་གྱུར་གཏེར་གསར་གྱི་ཤོག་སེར་མི་འདྲ་བ་རིགས་དགུ། འཇམ་དཔལ་བཤེས་གཉེན་ཤེས་རབ་རིལ་བུ། མཚན་ཡང་དག་པར་བརྗོད་པའི་རྒྱུད་ཀྱི་གླེགས་བམ། གསང་འདུས་ལས་ཚོགས་ཤེས་རབ་འཕེལ་བའི་ཙཀྲ་རྣམས་བཞུགས། པདྨ་
རྒྱལ་པོ་ལ། སློབ་དཔོན་རིན་པོ་ཆེའི་ཟ་བེར་སེང་བྲག་གཏེར་བྱོན། གཏེར་བྱོན་གི་ཝཾ། སིནྡྷུ་ར། ཙནྡན་དམར་པོ་རྣམས་གུ་རུ་རྒྱལ་བའི་གདུང་འཛིན་གྱི་རིག་པས་བྱིན་གྱིས་བརླབས་པ། གསང་འདུས་ལས་ཚོགས་སྣང་བ་དབང་སྡུད་ཀྱི་ཙཀྲ་བཅས་བཞུགས། ཉི་མ་འོད་ཟེར་ལ། གུ་རུ་རིན་པོ་ཆེའི་ཞབས་ཆགས་ཉང་གཏེར། ཐུགས་རྗེ་ཆེན་པོའི་མ་ི་རིལ་བུ་དང་། འཁོར་བ་དོང་སྤྲུགས་རིལ་བུ། གསང་འདུས་ལས་ཚོགས་རང་ལ་མོས་པའི་ཙཀྲ་བཅས་བཞུགས། གུ་རུ་ཤཱཀྱ་སེང་གེར། འོད་སྲུང་དང་ཐུབ་པའི་སྐུ་ཆོས། སློབ་དཔོན་རིན་པོ་ཆེའི་སྐུ་ཆོས་བདུད་འདུལ་གཏེར་བྱོན། གསང་འདུས་ལས་ཚོགས་དོན་ཀུན་གྲུབ་པའི་ཙཀྲ། གཏེར་བྱོན་གཙོར་གྱུར་སིནྡྷུ་ར་རིགས་མང་པོའི་སཱཙྪ་ནང་དུ་དགེ་འདུན་འདུ་བའི་རིག་པ་བཅུག་པ་བཅས་བཞུགས། སེང་གེ་སྒྲ་སྒྲོགས་ལ། སློབ་དཔོན་རིན་པོ་ཆེའི་སྐུ་རེག་གཏེར་གསར་ལས་བྱུང་བ་ལེ་ཚན། གཏེར་བྱོན་ཡུངས་ཀར་རིལ་བུ། གསང་འདུས་ལས་ཚོགས་བདག་སྲུང་བའི་ཙཀྲ་རྣམས་བཞུགས། རྡོ་རྗེ་གྲོ་ལོད་ལ། སློབ་དཔོན་རིན་པོ་ཆེའི་དབུ་སྐྲ་དཔལ་གྱི་དེའུའི་གཏེར་བྱོན། འཆོལ་བའི་ཁྲོ་རྒྱལ་ཆེན་པོའི་སྲོག་འཁོར། གསང་འདུས་ལས་ཚོགས་བགེགས་སྐྲོད་པའི་ཙཀྲ་བཅས་དང་། དེ་རྣམས་ལ་ཐུན་མོང་དུ་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་
སོགས་རིང་བསྲེལ་རྣམ་བཞི་དངོས་དང་རིལ་བུར་བགྱིས་པ། སོ་སོའི་སྣང་བརྙན་ཆུང་ངུ་བྱིན་རྟེན་ལས་བཏབ་པ་དང་། སྔགས་བྱང་མཐིང་ཤོག་ལ་གསེར་གྱིས་བྲིས་པ་ཚར་ཁ་ཤས། བཛྲ་གུ་རུ་དང་། རྒྱུད་སྡེ་བཞི་གཙོ་བསྡུས་ཀྱི་སྔགས་སོགས་གཟུངས་རྣམས་ཀྱིས་ཕྱུར་བུར་བཀང་ཞིང་། གནོད་སྦྱིན་འཁོར་ལོ་སོགས་ཇི་སྐད་བཤད་པའི་བཅའ་གཞི་ལེགས་པར་བསྒྲིགས་ཏེ། འཁོར་ལོ་རྣམས་ལ་སོ་སོའི་རྫས་དང་། ཐུན་མོང་མ་ཡིན་པའི་རབ་གནས་སྔོན་ཏུ་འགྲོ་བས་དབུ་ཞབས་མདུན་རྒྱབ་སོགས་མ་འཁྲུལ་བར་བཞུགས་པས་མཚོན་གཟུངས་འབུལ་ཕྱག་ལེན་ལྟར་ཕུལ་ཞིང་། བླ་མ་གསང་བ་འདུས་པ་མཚན་བརྒྱད་སྒོས་སྒྲུབ་དང་བཅས་པའི་སྒོ་ནས་ལྷག་པར་གནས་པའི་མེ་ཏོག་གི་ཆར་སིལ་མར་བསྙིལ་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་རྒྱ་མཚོའི་གཞི་ཆེན་པོར་འདུན་སྨོན་གསོལ་འདེབས་ནན་ཏན་དུ་བགྱིས་ཏེ། སྙེ་མོ་བྱེ་མཁར་གྱི་ལོ་ཙཱ་བ་ཆེན་པོ་འཇིག་རྟེན་མིག་གཅིག་རྣམ་སྣང་སྲུང་བའི་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་པའི་སྡེའི་ཡེ་ཤེས་གཟིགས་པའི་འབབས་སྟེགས་སུ་ཕུལ་བ་དགེ་ལེགས་སྣང་བས་ཁྱབ་ཅིང་རྟག་པའི་རྒྱུར་སིདྡྷ་རསྟུ། ཞེས་པའང་འཆི་མེད་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་
པོས་སོ། །ཞེས་པ་ལྟར་རོ། །གཡས་ཕྱོགས་གཙོ་བོ་ཚེ་དཔག་མེད་དང་འཁོར་གྱི་འཆི་མེད་དབང་པོའི་སྐུ་བརྙན་བརྒྱ་ཕྲག་རྣམས་ལ་མཚན་བརྒྱ་རྩ་བརྒྱད་པ་དང་སྣང་བ་མཐའ་ཡས་རྗེས་སུ་དྲན་པའི་གཟུངས་གཙོ་བོར་གྱུར་པའི་བཀའ་གཏེར་ལས་བྱུང་བའི་འོད་དཔག་མེད་དང་ཚེ་བསྙེན་གྱི་རྣམ་གྲངས་དུ་མ་གཙོ་བོ་ལ་ལྷག་པ་དང་། འཁོར་རྣམས་ལ་བདུན་ཕྲག་ལ་སོགས་པའི་གྲངས་ལྡན། རྒྱལ་བ་ཞྭ་དམར་ནག་ཡབ་སྲས། རྗེ་བླ་མ་ཏཱའི་སི་ཏུ་གོང་འོག །རད་གླིང་། པད་གླིང་། ཐང་རྒྱལ། སྨིན་གླིང་གཏེར་ཆེན་སོགས་ཀྱིས་བསྒྲུབས་པའི་ཚེ་རིལ་རིགས་མང་པོ། གཏེར་བྱོན་ཇི་སྙེད་པ་དང་གསང་སྦྱར་གྱི་ཚེ་རིལ་མང་པོ་ཁྱད་པར་དུ་བཞུགས་པའོ། །གཡས་གཡོན་གྱི་སྐུ་བརྙན་གཞན་རྣམས་ཀྱི་བླ་སྐུའི་རིགས་ལ་སོ་སོའི་དབུ་ལོ་ན་བཟའ་ཚེམས་ཤངས་མཚལ་སོགས་ཇི་ལྟར་འབྱོར་བ་དང་། ཀུན་ལ་འཆད་འགྱུར་ལྟར་རིང་བསྲེལ་རྣམ་བཞི་མ་ཚང་བ་མེད་པས་ལེགས་པར་གཏམས་པར་བགྱིས་པ་སྟེ་རྐང་གྲངས་ཞིབ་པར་དེབ་ཡིག་ཏུ་གསལ་ལོ། །གཉིས་པ་གསུངས་རབ་ལྷ་ཁང་སྙིང་པོའི་གསང་མཛོད་ངེས་དོན་དགའ་བའི་ཚལ་གྱི་ཁྱམས་ཕྱི་མར་གཙོ་བོ་ཐུབ་པའི་དབང་པོའི་སྐུ་བརྙན་ཆེ་ལེགས་རྒྱབ་ཡོལ་དང་བཅས་པ། ཡང་གསེར་སྐུ་བར་རྙིང་ཆེ་ལེགས། ཨོ་རྒྱན་གཙོ་
འཁོར་གསུམ་པ་རྒྱབ་ཡོལ་བཅས་པ་རྣམས་ལའང་ཡེ་ཤེས་སེམས་དཔའི་ཚུལ་གྱི་བྱིན་སྐུ་ཁྱད་འཕགས་སོགས་གོང་སྨོས་དང་ཕྱོགས་མཚུངས་ཀྱི་ནང་གཞུག་མདོ་སྔགས་བཀའ་གཏེར་སོ་སོར་ཇི་ལྟར་འཚམས་པ་དང་། འཁོར་གྱི་སངས་རྒྱས་སོ་ལྔ་སོགས་ལའང་རིང་བསྲེལ་རྣམ་པ་བཞིས་ཡོངས་སུ་གཏམས་པའོ། །གསུམ་པ་ཐུགས་དམ་ལྷ་ཁང་གྲུབ་གཉིས་ཡོངས་འདུ་རྟག་བརྟན་དགའ་བའི་ཚལ་དུ། རྟེན་གྱི་གཙོ་བོ་གཏེར་ཆེན་རྡོ་རྗེ་གླིང་པའི་གཏེར་བྱོན་གུ་རུའི་སྐུ་ཚབ་རིན་པོ་ཆེ་དང་། ཡང་སྐུ་ཚབ་གཏེར་བྱོན། ཀླུ་སྒྲུབ་ཕྱག་བརྐོས་ཐུབ་དབང་མཛད་བཅུ་མ་དང་རྒྱ་བལ་ཁ་ཆེ་བོད་ཀྱི་ལི་རྙིང་གི་རིགས་ཀྱི་རྟེན་རྣམས་དང་། རྗེ་བདུན་པའི་འདྲ་ཞལ་ཀུན་མཁྱེན་དྷརྨཱ་ཀ་རའི་ཕྱག་བཟོ་མཐོང་གྲོལ་ཆེན་མོ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ་འདྲ་ལྕོགས་སྨིན་གླིང་ནས་ཕེབ་པ། གཏེར་ཆེན་མཆོག་གྱུར་གླིང་པའི་ཕྱག་བཟོ་རྡོར་སེམས་བདེ་བ་ཆེན་པོ། དཔལ་ཆེན་ཡང་དག་རྒྱུའི་ཧེ་རུ་ཀ །བདེ་མཆོག་ལྷན་སྐྱེས་བཅས་ནང་གཞུག་ཁྱད་ཅན་རབ་གནས་སྒྲུབ་པ་བརྟན་བཞུགས་རྣམས་ཀྱང་རྗེ་ཉིད་ཀྱིས་མཛད་ནས་འདིར་ནང་རྟེན་ཏུ་སྩལ་བ་སོགས་སྨན་སྐུ་རྣམས་ཀྱི་རྐང་གྲངས་ཞིབ་བར་དེབ་ཡིག་ཏུ་གསལ་ཞིང་། བསམ་ཡས་འདྲ་བཤུས་མཁན་སློབ་ཆོས་གསུམ་ལོ་ཆེན་བཻ་རོའི་སྣང་བརྙན་བཞི།
ཐང་རྒྱལ་འཇའ་ཟུག་མའི་འདྲ་བཤུས་གྲུབ་ཆེན་ཐང་སྟོང་རྒྱལ་པོ། ཚོང་འདུས་རྫ་སྐུའི་འདྲ་ལྕོགས་པ་ཆེན་ཤཱཀ་ཤྲཱིའི་སྐུ་རྣམས་ལའང་གཏེར་བྱོན་གྱིས་མཚོན་སོ་སོའི་སྐུ་གདུང་སྐུ་བལ་གྱི་རིང་བསྲེལ་ཁྱད་པར་འཕགས་པ་འབའ་ཞིག་གིས་གཏམས་ཤིང་། ལག་གྲུའི་སྐུ་བརྙན་གྲས་ས་མ་བོད་ནས་འབྱོར་ཡང་ཅུང་ཉམས་པ་ལྟར་སྣང་བས་ཕག་གྲུ་ཉིད་ཀྱི་སྐུ་ཤ །ན་བཟའ། འཇག་སྤྱིལ་གྱི་རྩ་སོགས་བྱིན་རྟེན་ཁྱད་པར་བ་རྣམས་དང་། རིང་བསྲེལ་རྣམ་པ་བཞིས་སྙིང་པོ་ཅན་ཏུ་བགྱིས་པའོ། །བཞི་པ་གནས་བཅུ་ཁང་དུ་བཞུགས་པའི་ཐུབ་དབང་གནས་བརྟན་དང་བཅས་པའི་ལྡེར་སྐུ་རྣམས་ལ་སྤྱིར་རིང་བསྲེལ་བཞི་དང་། ཁྱད་པར་ཐུབ་དབང་ལ་ཡུངས་འབྲུ་ལྟ་བུའི་རིང་བསྲེལ། དེ་བཞིན་གཤེགས་པའི་ཡིག་བརྒྱ་དང་མུ་ནི་རྟེན་སྙིང་ཚར་གྲངས། གཞན་རྣམས་ལ་སོ་སོའི་སྙིང་པོ་ཚར་གྲངས་ཀྱིས་ཁྱད་པར་དུ་གཏམས་པའོ། །ལྔ་པ་མགོན་ཁང་སྲིད་གསུམ་རྣམ་རྒྱལ་འཇིགས་མེད་བསིལ་བ་ཚལ་གྱི་དཀར་ཆག་ལ་གཉིས། གཙོ་བོ་སྐུ་བརྙན་དང་། ཞར་བྱུང་རྟེན་གཞན་གྱི་ཚུལ་ལོ། །དང་པོ་ནི། བླ་མའི་རྟེན་རྡོ་རྗེ་འཆང་གི་སྐུ་བརྙན་རྙིང་མ་ཁྱད་འཕགས་ནང་གཞུག་མ་ཉམས་པ་དང་། ཨོ་རྒྱན་རིན་པོ་ཆེ་ཟ་ཧོར་མའི་སྣང་བརྙན་དེ་མཚུངས་སོགས་ནི་སྨོས་མ་དགོས། ཡི་དམ་རྟེན་དཔལ་འཁོར་ལོ་སྡོམ་པ་ལཱུ་ཧི་
པའི་ལུགས་ཀྱི་སྣང་བརྙན་ཙནྡན་དམར་པོ་ལས་གྲུབ་པ་ཁྲུ་གང་བའི་ནང་དུ། ཡུངས་འབྲུ་ལྟ་བུའི་རིང་བསྲེལ། འབྲུག་ཆེན་བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་གྱི་ཕྱག་བཏབ་བདེ་མཆོག་སྙན་བརྒྱུད་གསེར་བྱུགས་ཅན། བླ་བརྒྱུད་དང་རྩ་སྔགས་སྙིང་པོ་ཉེ་སྙིང་། རྒྱུད་སྡེ་ལྔའི་སྔགས་རྣམས་གསེར་དངུལ་གྱིས་བྲིས་པ་འདོད་གསོལ་དང་བཅས་པ། གོང་གསལ་དྭགས་ཤངས་ཀྱི་བཀའ་བརྒྱུད་རིན་པོ་ཆེ་རྣམས་ཀྱི་སྐུ་གདུང་སྐུ་བལ་རིང་བསྲེལ་སོགས་ཀྱིས་ཁྱད་པར་དུ་གཏམས་པའོ། །ཆོས་སྐྱོང་རྟེན་གྱི་གཙོ་བོ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་རྡོ་རྗེ་ཕྱག་དྲུག་པའི་སྐུ་བརྙན་མེ་འབར་མ་ནི། གཏེར་བྱོན་ཡུལ་ཆེན་རེ་བཞི། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་རྡོ། བལ་ཡུལ་གངས་ཅན་དབུས་གཙང་མདོ་ཁམས་རྣམས་སུ་ཡོངས་སུ་གྲགས་པའི་སྒྲུབ་གནས་དང་དུར་ཁྲོད་རྣམས་ཀྱི་ས་རྡོ། གྲུབ་ཆེན་པཀྴི་དང་ཐང་རྒྱལ་རྗེ་པདྨ་ཉིན་བྱེད་དབང་པོ་དང་། རྒྱལ་དབང་ཐེག་མཆོག་རྡོ་རྗེ་སོགས་ཀྱི་ཤངས་མཚལ་སྐུ་མཚལ་གྱིས་གཙོས། བྱིན་རྫས་སྨན་སྣ་རིན་ཆེན་ཕྱེ་མ་སོགས་སྦྱར་བའི་རྒྱུ་བྱིན་བརླབས་ནས་བཟུང་། དྲག་པོའི་ཤིང་གི་རུ་ཤིང་དང་སྲོག་ཤིང་འཛུག་པ། གྲུབ་ནས་རབ་གནས་བཀའ་རྒྱ་མ་བགྱི་བའི་བར་ཐུན་མོང་དང་ཁྱད་པར་གནད་ཀྱི་མན་ངག་རྣམས་ལས་ཇི་སྐད་བཤད་པ་ཚུལ་བཞིན་ཏུ་བགྱིས་
ཏེ། དབུ་གཙུག་མི་བསྐྱོད་པ་ལ་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་སོགས་དང་། ཁྱད་པར་གསང་གཏེར་ལས།། ༈ །།།ས་མ་ཡ༔ དཔལ་ལྡན་མགོན་པོ་སྐུ་འདི་ནི༔ ཀླུ་འཇིམ་དག་ལ་ཀླུ་སྒྲུབ་ཀྱིས༔ བཟོས་ཏེ་ཁྲག་འཐུང་ནག་པོར་སྩལ༔ བསིལ་བའི་ཚལ་དུ་སྒྲུབ་པའི་ཚེ༔ མེ་འབར་མུ་སྟེགས་ཐལ་བར་བརླག༔ མ་འོངས་བསྟན་པ་སྲུང་བའི་ཕྱིར༔ འདི་ཡང་རིན་ཆེན་གཏེར་དུ་སྦ༔ ས་མ་ཡ༔ ཞེས་གསུངས་པ་གསང་བའི་མགོན་པོ་ཧེ་རུ་ཀའི་སྐུ་བརྙན་ངོ་མཚར་ཞིང་བྱིན་རླབས་ཀྱི་གཟི་བརྗིད་ཅན་ཁྱད་པར་དུ་འཕགས་པ་སྤྲུལ་པའི་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་སྒྱུར་བ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་ཡེལ་ཕུག་ནམ་མཁའ་མཛོད་ཀྱི་གསང་མཛོད་ཆེན་པོ་ཞལ་དབྱེ་བའི་སྐབས་སུ་སྤྱན་དྲངས་ནས་ལུང་དོན་བཞིན་ཁོ་བོ་ལ་སྩལ་ཏེ། གང་དུ་བཞུགས་པའི་ཕྱོགས་སུ་མེ་ཆུ་གཙོ་བོར་གྱུར་པའི་འཇིགས་པ་བརྒྱད་དང་བཅུ་དྲུག་ལས་སྐྱོབ་ཅིང་། མཆོག་ཐུན་མོང་གི་དངོས་གྲུབ་གསོལ་བ་གང་བཏབ་ཡིད་བཞིན་ཏུ་སྩོལ་བར་ཞལ་གྱིས་བཞེས་པ། མཐོང་ཐོས་དྲན་རེག་གྲོལ་བར་ནུས་པའི་མགོན་སྐུ་མེ་འབར་མ་ཡིད་བཞིན་ནོར་བུ་ལྟ་བུ་ཉིད་ཤིན་ཏུ་འབྲལ་བར་ཕོངས་ཀྱང་རྗེ་བླ་མའི་བསྟན་པ་དང་གདན་ས་འདི་ལ་བསམ་སྟེ་ཐུགས་ཀར་ཨ་ག་རུའི་སྒྲོམ་བུ་དྲི་བཟང་དང་སིནྡྷཱུ་རའི་ཕུར་མས་བཀང་བར་དར་
ཟབ་ཀྱི་ན་བཟའ་སྣ་ལྔས་ཀླུབས་ཏེ་བཞུགས་སུ་གསོལ་བའི་གཡས་སུ་གྲི་ལྕགས་ཀྱི་རྡོ་རྗེ་ལྟེ་བར་ཧཱུྃ་མཚན་གཟུངས་སྔགས་གསར་བྲིས་ཀྱིས་དཀྲིས་པ། གཡོན་ཏུ་གྲི་སྙིང་གི་རྩྭ་སྦུབས་གཡས་གཡོན་དབུས་མར་ཡབ་ཡུམ་གྱི་སྔགས་གསེར་བྲིས་སྨན་འབྲུ་དར་ཟབ་རིན་ཆེན་གྱིས་བཀང་བ། དབུའི་ནང་དུ་ཤངས་ལུགས་བརྒྱུད་པ་སྤྱི་བྱེ་བྲག་གི་མཚན་སྔགས་དང་། སྐུའི་སྟོད་ཆར་རྒྱུད་སྡེ་ལྔ། ཐུགས་ཀར་གཙོ་འཁོར་གྱི་སྙིང་པོ། གཏེར་མགོན་གྱི་སྔགས། སྨད་ཆར་འབོད་རྦད་བསད་གསུམ་གཅིག་དྲིལ་ཤཱ་ས་ན་ལ་སོགས་པ་གསེར་དངུལ་གྱིས་བྲིས་པ་དང་སྤར་དུ་བཏབ་པ་ཆ་གྲངས་དུ་མ། ཞབས་ངར་གཡས་གཡོན་གྲི་རྐང་གི་སྲོག་ཤིང་ལ་ལས་མགོན་གྱི་སྔགས་དྲིལ་བ་དང་། གདན་གྱི་ཐུགས་ཀར་ཚོགས་བདག་གི་ཙཀྲ་སོགས་ཁྱད་པར་དུ་བཞུགས་སུ་གསོལ་ཞིང་སྤྱིར་རིང་བསྲེལ་རྣམ་བཞིས་རྒྱས་པར་གཏམས་པའོ། །དེའི་གཡས་གཡོན་ཏུ་བཞུགས་པའི་པད་ལུགས་མྱུར་མཛད་མགོན་པོ་ཕྱི་སྒྲུབ་ཞལ་གསུམ་ཕྱག་དྲུག་པ་དང་། ཡེ་ཤེས་ཀྱི་མ་མོ་སྔགས་སྲུང་རྡོ་རྗེ་རལ་གཅིག་མའི་སྐུ་བརྙན་གཉིས་པོ་གནས་སྒོ་འབྱེད་པའི་སྔོན་རོལ་སྐུ་བརྙན་ཐམས་ཅད་ཀྱི་ཐོག་མར་བསྒྲུབས་ཤིང་ནང་གཞུག་རབ་གནས་རྣམས་ཉི་མ་གཅིག་ལ་གྲུབ་པར་གཏེར་ཆེན་ཉིད་ཀྱིས་མཛད་པའི་སྐུ་བརྙན་གཉིས་ཀར་སོ་སོའི་
སྲོག་འཁོར། བླ་བརྒྱུད། སྙིང་པོ། རིང་བསྲེལ་གྱི་རིགས་རྣམས་དང་། ཁྱད་པར་མགོན་སྐུ་ལ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གྱི་ཏཱ་ལའི་ཤིང་སྡོང་མགོན་པོ་ཉིད་གནས་པའི་ཤུན་པའི་ལོགས་གཅིག་ལ་སློབ་དཔོན་ཁྲག་འཐུང་རྡོ་རྗེ་དང་། ལོགས་གཅིག་ལ་ཨོ་རྒྱན་ཆེན་པོའི་ཕྱག་བྲིས་སུ་མཛད་པ་གསང་མགོན་གཉིས་པའི་སྒྲུབ་ཐབས་ཉིན་དེ་ཉིད་དུ་ཁོ་བོས་ཡི་གེ་པ་བགྱིས་ཏེ་གཏན་ལ་ཕབ་ཟིན་འཕྲལ་གཏེར་ཆེན་ཉིད་ཀྱི་ཕྱག་རྒྱས་བཏབ་ནས་བཞུགས་པར་གནང་བའི་ཁྱད་དུ་འཕགས་པའོ། །རྡོ་རྗེ་བེར་ཅན་ཡབ་རྐྱང་གི་སྐུ་བརྙན་ཆེ་བ་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོས་ནང་གཞུག་རབ་གནས་གནང་ཞིང་སྒྲུབ་རྟེན་ཏུ་མཛད་པ་དང་། ཆུང་བ་ལང་གྲོ་ལོ་ཙཱའི་རྣམ་འཕྲུལ་དབོན་སྤྲུལ་རིན་པོ་ཆེ་སྒྲུབ་བརྒྱུད་བསྟན་འཛིན་ཕྲིན་ལས་ཀྱི་ཕྱག་བསྟར་ཡབ་སྲས་ཟུང་གི་སྐུ་མཚལ་ལྗིབས་བྱུགས་དང་། རྗེ་པདྨའི་དབུ་ལྗོན་དང་གདུང་རུས་སོགས་ནང་གཞུག་ཁྱད་འཕགས་དང་ལྡན་པའོ། །རྡོག་ལུགས་རྒྱུད་མགོན་གྲི་ཐོད་ཅན་ཏུ་གྲགས་པ་རྡོ་རྗེ་གུར་རྩ་བའི་མགོན་རྐྱང་། ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། རྙིང་ལུགས་ལེགས་ལྡན་ཚོགས་ཀྱི་བདག་པོ་རྒྱུད་མགོན་ཕྱག་གཉིས་པ། དཔལ་མགོན་མ་ནིང་ནག་པོ། རྣམ་སྲས་སེང་ཆེན། ཞིང་སྐྱོང་དུར་ཁྲོད་ཀྱི་མ་མོ། ལྷ་སྨན་བཀྲ་ཤིས་ཚེ་རིང་མ་གཏེར་
གསར་གྱི་ལུགས་རྣམས་ཀྱང་སྐུ་རྒྱུ་ཕལ་ཆེར་གོང་མཚུངས་ལ། གསར་རྙིང་བཀའ་གཏེར་སོ་སོ་ནས་བཤད་པའི་བླ་རྡོ་སྲོག་འཁོར། བླ་རྒྱུད་སྲོག་སྔགས། ཕྱག་བཞི་པ་ལ་བདུད་འདུལ་རྡོ་རྗེའི་ཕྱག་བཞི་པའི་གཏེར་ཤོག་མཐིང་ནག་ལ་ཨོ་རྒྱན་རིན་པོ་ཆེའི་ཤངས་མ་ཚལ་གྱིས་ཡིག་འབྲུ་བྲིས་པས་མཚོན་རྟེན་དང་དམ་རྫས་ཇི་ལྟར་འོས་ཤིང་འཚམས་པས་གཏམས་པར་བགྱིས་པའོ། །གཉིས་པ་ནི། ཆོས་སྐྱོང་སྒྲུབ་པའི་རྟེན་གྱི་གཙོ་བོ་རྟེན་གཏོར་ནི། ནས་ནག་རྗེ་ནང་ཐག་གི་ཕྱེ་སོགས་རྒྱུ་དང་རྒྱུ་བྱིན་རླབས་སོགས་གཞུང་མཐུན་བགྱིས་ཤིང་། རྟེན་གཏོར་ཀུན་ལ་རྩེ་མོར་བཀའ་གཏེར་བརྒྱུད་སྲོལ་དུ་མའི་མཚན་སྔགས། བར་དུ་བླ་མ་ཡི་དམ་ལ་སོ་སོའི་བསྙེན་སྒྲུབ་ལས་སྦྱོར་རིགས་མི་འདྲ་དུ་མ། ཆོས་སྐྱོང་རྣམས་ལ་སྙིང་པོ་རྩ་སྔགས། འབོད་རྦད་བསད་གསུམ་གོ་རིམ་མ་ལོགས་པ་འདོད་གསོལ་རྒྱས་པ་བཅས་རྒྱ་ཤོག་ལ་གསེར་དངུལ་གྱིས་བྲིས་ཤིང་ཟངས་སྦུབས་དང་མ་མགོན་རྣམས་ལ་གྲི་ལྕགས་ཀྱི་སྦུ་གུར་སྨན་སྣ་རིན་ཆེན་ལ་སོགས་པ་དང་བཅས་ཏེ་བཅུག་ཅིང་དར་སྣས་དྲིལ་བ་གཟུངས་སུ་གཞུག་པ་དང་། སྐུ་རྟེན་སོ་སོའི་ཙཀ་ལི་གསུང་རྟེན་སྲོག་འཁོར་དམིགས་བསལ་བཤད་པ་རྣམས་ལ་སོ་སོའི་ལུགས་དང་། དམིགས་བསལ་མེད་པ་རྣམས་ལ་སྤྱི་ཁྱབ་རིག་འཛིན་རོལ་
པའི་རྡོ་རྗེའི་བྲག་གཏེར་ཕྱག་རྡོར་དྲེགས་འདུལ་ཐེམ་མེད་ལས་འབྱུང་བ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཀྱི་སྲོག་འཁོར་ཚད་ལྡན་འདུ་བགྱིས་པ་དང་། ཐུགས་རྟེན་མེ་ལོང་སོགས་ཀྱིས་བརྒྱན་ནས་སྤྱིར་བླ་མ་དགོངས་འདུས་ལས་གསུངས་པའི་གཏོར་སྒྲུབ་བདུད་རྩིའི་རྒྱ་མཚོ་དང་། བྱེ་བྲག་སོ་སོའི་ལུགས་ཀྱི་སྒྲུབ་པའང་བགྱིས་ནས་བྱིན་གྱིས་བརླབས་པའོ། །གཞན་ཡང་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོའི་སྤུར་རས་ལ་གཞུང་མཐུན་རྫས་དང་ཆོ་གས་བསྒྲུབས་པའི་མྱུར་མཛད་མགོན་པོ་རིགས་ཐམས་ཅད་བསྡུས་པའི་ཞལ་ཐང་རབ་གནས་བཀའ་རྒྱ་མ་ཚུལ་བཞིན་བགྱིས་པ་དང་། མགོན་དཀར་ཡིད་བཞིན་ནོར་བུ། རིག་འཛིན་འཇའ་ཚོན་སྙིང་པོའི་ཕྱག་བྲིས་མ་ནིང་། མི་འགྱུར་རྡོ་རྗེའི་ཕྱག་བྲིས་དར་ནག །བྲི་དྲུབས་ཚོན་རྫོགས་གཏེར་ཆེན་རིན་པོ་ཆེས་རབ་གནས་བཅས་མ་མོ་རྒྱུ་བའི་དུས་གཉན་ལ་ཉིན་རྫོགས་སུ་བྱས་པའི་སྔགས་སྲུང་མ། རྒྱལ་དབང་བཅུ་བཞི་པའི་ཕྱག་བྲིས་མ་མགོན་ཞལ་སྦྱོར་གྱིས་མཚོན་དམ་ཚིག་གི་བྲིས་སྐུ་རྣམས་དང་། སྒ་རྗེ་པདྨ་ལྷུན་གྲུབ་ཀྱིས་བཅའ་སྒྲུབ་ཚད་ལྡན་མཛད་པའི་ཚོགས་བདག་བེང་ཕུར་རྗེ་བླ་མ་གསང་སྔགས་བསྟན་
འཛིན་ནས་བཀའ་དྲིན་ཏུ་སྩལ་བ་དང་། སོ་སོའི་རྟེན་མདའ་རྟེན་མདུང་སྙིང་དང་ཐོད་པ་སོགས་ཀྱིས་མཚོན་ཕྱི་ནང་གསང་བའི་རྟེན་རྫས་ཇི་ལྟར་འབྱོར་ཞིང་འཚོགས་པ་རྣམས་ཀྱང་ཕུན་ཚོགས་སུ་བགྱིས་པའོ། །གོང་འོག་ཏུ་བཤད་པའི་སྐུ་བརྙན་རྣམས་ལ་དམིགས་སུ་བསལ་བར་བཞུགས་པའི་ཚོགས་རགས་པར་སྨོས་པ་ཡིན་གྱི། སྤྱིར་དེ་དག་ཐམས་ཅད་ལ། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ཕྱོགས་བསྡུས་དམ་རྫས་ཏོག་གི་བློ་གྲོས། ཆོས་ཀྱི་རིང་བསྲེལ་ཕྱོགས་བསྡུས་རིལ་བུ་དམ་རྫས་གསེར་ཞུན་ཆེན་མོ། སྐུ་གདུང་རིང་བསྲེལ་ཕྱོགས་བསྡུས་དམ་རྫས་བདུད་རྩིའི་ཐིགས་པ། སྐུ་བལ་རིང་བསྲེལ་ཕྱོགས་བསྡུས་རིལ་བུ་དམ་རྫས་འཇའ་འོད་འཁྱིལ་པ་སྟེ་རིང་བསྲེལ་རྣམ་པ་བཞི་དང་། བདུད་རྩི་སྨན་གྱི་ཕབ་གཏའ་བཅུད་འདུས་རཱ་ས་ཡ་ན་ཟླ་བ་བདུད་རྩིའི་ཐིག་ལེ། གསང་ཆབ་ཀུན་འདུས་མི་བསྐྱོད་རིལ་བུ་དམ་རྫས་ཨིནྡྲ་ནཱི་ལ། གསང་ཆེན་ཕྱོགས་བསྡུས་རྣམ་སྣང་རིལ་བུ་དམ་རྫས་དཔལ་གྱི་སྙིང་པོ། བྱང་སེམས་ཟླ་ཐིག་རིན་འབྱུང་རིལ་བུ་དམ་རྫས་ཟླ་ཤེལ་གཞོན་ནུ། བྱང་སེམས་དམར་པོ་ཤངས་མཚལ་སྐུ་མཚལ་ཕྱོགས་བསྡུས་སྣང་མཐའ་རིལ་བུ་དམ་རྫས་པདྨ་རཱ་ག །སྐུ་ཤ་ཕྱོགས་བསྡུས་རིལ་བུ་དམ་རྫས་ས་ལེ་སྦྲམ། དབུ་ཀླད་གདུང་རུས་ཕྱོགས་
བསྡུས་དོན་གྲུབ་རིལ་བུ་དམ་རྫས་གཡུ་ཞུན་འཁྱིལ་པ་སྟེ་ཤ་དང་བདུད་རྩི་ལྔའི་སྐོར་རྣམས་དང་། དམ་རྫས་རིལ་ནག་ཆེན་མོ་ཕྱག་བསྒྲིལ་བཅས། སྐྱེ་བདུན་མྱོང་གྲོལ་རིལ་བུ་མཁའ་སྤྱོད་བདེ་ལམ་དང་སྐྱེ་བདུན་ཡང་ཟབ། དམ་རྫས་ཨུ་དུམྦ་ར་བློ་གཏད་གཅིག་ཆོག །དམ་རྫས་ཡིད་བཞིན་ནོར་བུ་མྱང་བ་རང་གྲོལ། རྡོར་སེམས་རིལ་བུ་འཁོར་བ་དོང་སྤྲུགས། བུམ་ཆུ་ཁྲུས་ཆབ་ཀུན་འདུས་སྡིག་སྒྲིབ་ཀུན་འཇོམས་སོགས་རྟེན་འདུས་ཀྱི་སྐོར་རྣམས་དང་། ཚེ་སྒྲུབ་གསང་འདུས་རིལ་བུ་འཆི་མེད་སྲོག་སྟེར། ཚེ་བཅུད་ཀུན་འདུས་ཀྱི་རིལ་བུ་འཆི་མེད་བདུད་རྩིའི་བུམ་པ། སྒྲོལ་དཀར་རིལ་བུ་བདུད་རྩིའི་ཟིལ་ཐིགས་སོགས་ཚེ་རིལ་གྱི་སྐོར་རྣམས་དང་། འཇམ་དབྱངས་རིལ་བུ་ཤེས་རབ་དཔལ་སྐྱེད། གཡང་རྫས་དཔལ་ཅན་རིལ་བུ། ས་ཆུ་འབྱུང་བཅུད་ཀུན་འདུས་ཀྱི་རིལ་བུ་འདོད་འཇོའི་ལྗོན་ཤིང་ལ་སོགས་པ་རྣམས་དང་། གཏེར་གསར་རིང་བསྲེལ་བཞི། དམ་རྫས་ཀུན་འདུས་ཀྱི་རིལ་བུ། རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོས་སྔ་རྗེས་སྦྱར་བའི་དམ་རྫས་རིགས་དང་། གཏེར་ཆེན་ཉིད་དང་རྒྱལ་དབང་རིན་པོ་ཆེ་སོགས་ཆོས་བདག་ཞལ་རྒྱས་ནས་འོག་མིན་ཀརྨར་བསྒྲུབས་པའི་ཆོས་སྨན་ཆེན་མོ་གཙོར་གྱུར། གཏེར་ཆེན་ཉིད་ཀྱིས་སྔ་རྗེས་ལན་གྲངས་དུ་མར་བསྒྲུབས་པའི་བདུད་རྩི་ཆོས་སྨན་
རིགས་དང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ལན་གྲངས་སྔ་རྗེས་དུ་མར་སྦྱར་བསྒྲུབས་མཛད་པའི་རྟེན་འདུས་ཚེ་རིལ་བདུད་རྩི་ཆོས་སྨན་གྱི་རིགས་ལ་སོགས་པ་སྟོད་སྨད་གོ་རིམ་མ་འཆོལ་ཞིང་སོ་སོར་ཇི་ལྟར་འཚམས་པར་བཞུགས་ཤིང་། རིལ་བུའི་རིགས་ཀྱང་སྐུ་བརྙན་ཆེ་བ་རྣམས་ལ་བདུན་ཕྲག་གསུམ་རེ། འབྲིང་བ་ལ་བདུན་རེ། ཆུང་བ་ལ་གསུམ་རེ། ཤིན་ཏུ་ཆུང་བ་ལ་རེ་རེ་བསྡུས་ནས་སྣེ་ཚང་བར་བགྱིས་པ་དང་། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱི་ན་བཟའ། རྒྱལ་དབང་བདུད་འདུལ་རྡོ་རྗེའི་དབུ་ལྗོན་དང་ན་བཟའ། རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོའི་དབུ་ལྗོན། ན་བཟའ། སྤུར་རས། གདུང་ཚྭ། གདུང་རུས། རབ་གནས་མེ་ཏོག་རྣམས་ནི་ཐམས་ཅད་དུ་ཁྱབ་པར་བཞུགས་སུ་གསོལ་བ་དང་། གཟུངས་གཞུག་སྤར་མ་རྣམས་ཀྱང་རྒྱས་བསྡུས་འབྲིང་གསུམ་གྲངས་མང་ཉུང་སྐུ་བརྙན་ཆེ་ཆུང་ལ་འཚམས་པ་དང་། ཐམས་ཅད་དུ་གཟུངས་ཆེན་སྡེ་ལྔ་རིང་ཐུང་ཇི་ལྟར་འོས་པས་ཕྱུར་བུར་གཏམས་པའོ། །དྲུག་པ་རྟེན་བྱེ་བྲག་ཐོར་བུ་པའི་སྐོར་ལ། གསུང་རྟེན་དང་ཐུགས་རྟེན་ནི་འོག་ཏུ་འཆད་པར་བྱ་ཞིང་། ཞལ་ཐང་གི་སྐོར་ལ། དཔལ་ཆེན་ལྷ་ཁང་དུ་གཏེར་གསར་ཐུགས་སྒྲུབ་ཆོས་སྐུ་ཚེ་དཔག་མེད་རང་གི་ལུས་ཚད་ཀྱི་སྟེང་དུ་ཚེ་བདག་ཡབ་ཡུམ་སྲས་
གསུམ། བི་མ་ལ་མཁའ་འགྲོ་ལྔས་བསྐོར་བ། འོག་ཏུ་ཚེ་རིང་མཆེད་ལྔ་དང་བཅས་པ། ཐུབ་པའི་དབང་པོ་ལུས་ཚད། བཅུ་གཅིག་ཞལ་དཔལ་མོ་ལུགས། ཀུན་མཁྱེན་ཆོས་ཀྱི་འབྱང་གནས་གཙོ་བོར་གྱུར་པའི་བཀའ་བརྒྱུད་གསེར་ཕྲེང་། ཕུར་པ་གཙོ་འཁོར་ཡོངས་རྫོགས་སོགས་རྒྱུན་བཤམས་ཆེ་ལེགས་རྣམས་དང་། སྟོན་པ་ཉེ་སྲས་བརྒྱད་ཐང་སོགས་ཆུང་གྲས། བླ་མ་དགོངས་འདུས་གྲ་ཚར་བཅོ་ལྔ། ཐོར་བུ་ཆེ་ཆུང་དུ་མ་བཞུགས་པ་དང་། གསུང་རང་ལྷ་ཁང་དུ་ལྟུང་བཤགས་དང་གནས་བཅུ་ཕྱོགས་བསྡུས་སོགས་ཆེ་གྲས་དང་། སྒྲོལ་དཀར་སོགས་ཆུང་གྲས་མང་དུ་བཞུགས། ཐུགས་དམ་ལྷ་ཁང་དུ་བཟོ་སྦྱོང་འཇིག་རྟེན་དབང་ཕྱུག་རྒྱལ་དབང་བཅུ་པ་ཆོས་དབྱིངས་རྡོ་རྗེའི་ཕྱག་བྲིས་ཉེ་སྲས་བརྒྱད། ཕྱག་རྡོར་ཁྲོ་བོ། རྗེ་བཙུན་མི་ལ། རྗེ་བཅུ་གསུམ་པའི་ཕྱག་བྲིས་སྒྲོལ་ཐང་ཆེ་ཆུང་། ཡབ་སྲས་འདུས་ཐང་། མྱུར་མཛད་ཡེ་ཤེས་མགོན་པོ། རྒྱལ་དབང་བཅུ་བཞི་པའི་ཕྱག་བྲིས་རྒྱལ་བ་རྒྱ་མཚོ་ལྷ་ལྔ། ཞིག་པོ་གླིང་པ་དང་སྟག་ཤམ་རྡོ་རྗེ་སོ་སོའི་སྣང་བརྙན་ཕྱག་ཞབས་རྗེས་ཅན། རྗེ་པདྨ་ཉིན་བྱེད་ཀྱི་ཕྱག་རྗེས་ཕྱག་བྲིས་སོགས་ཀྱི་བྱིན་གྱིས་བརླབས་པའི་རིགས་སོ་སོ་དང་། ཕྱིའི་ཁྱམས་ལའང་ཞལ་ཐང་ཆེ་ཆུང་མང་དུ་བཞུགས། གནས་བཅུ་ཁང་དུ་གནས་བརྟན་ལྔ་
ཐང་གསེར་ཐང་དང་ཚོན་ཁྲ་ཅན་ཆ་གཉིས། མགོན་ཁང་དུ་གོང་གསལ་རྣམས་དང་། ཁྱམས་ཕྱི་མར་རྩ་གསུམ་ཞལ་ཐང་ཁ་ཤས། གཤག་མིག་གཞན་རྣམས་སུའང་ལྡེར་སྐུ་དང་ཟངས་རག་སྐུ་བརྙན་རིང་བསྲེལ་རྣམ་བཞིས་གཏམས་པ། ཞལ་ཐང་ཆེ་ཆུང་གི་རིགས་མང་དུ་བཞུགས་པའོ། །བདུན་པ་སྒྲུབ་རྫས་མཆོད་རྫས་ལ་སོགས་པའི་སྐོར་ལ། དཔལ་ཆེན་ལྷ་ཁང་དུ། སྒྲུབ་ཆེན་ཆས་སྒབ་སྐོར། མདའ་དར་དང་རལ་གྲི་བཞི། ཕུར་པ་བཅུ། འཕན་གདུགས་རྒྱལ་མཚན། ཡང་དག་ལྷ་དགུའི་ཐོད་སྐུ་གཙོ་བོ་ཐོད་པ་མཚན་ལྡན་ལ་བྲིས་པ་དང་འཁོར་རྣམས་ཐོད་ཚལ་ལ་བྲིས་པ། དུས་མཆོད་དང་སྒྲུབ་མཆོད་དཀྱིལ་ཐང་གསར་རྙིང་བཀའ་གཏེར་གྱི་རིགས་མང་པོ། འདུས་མདོ་དང་སྒྱུ་འཕྲུལ་ཞི་ཁྲོ་སོགས་རྙིང་མ་བཀའ་མ་རྣམས་དང་། འདོད་བུམ་སོགས་གཏེར་མ། ཤངས་ལུགས་སྨིན་བྱེད་ཀྱི་བཀའ་རྣམས་དང་། ཞི་བྱེད་དཀྱིལ་ཐང་སྐོར་གྲ་འགྲིགས། ཀར་གླིང་ཞི་ཁྲོ། པདྨ་བཛྲ། ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་རྣམས་ཀྱི་ཙཀ་གདུགས་སྤུས་ལེགས། སྨན་རཀ་སྣོད་དང་མར་མེའི་ཀོང་བུ་བརྒྱ་བརྒྱད་རེ། མེ་ཏོག་རིགས་གཉིས་བརྒྱ་རྩ་རེ་རེ། ཡང་རྒྱུན་མཁོའི་སྨན་ཐོད་བརྒྱ་བརྒྱད། བུམ་པ་དངུལ་རྒྱན་ཅན་ཆེ་ལེགས་ཆ། དངུལ་བུམ་ཆ་སོགས་བུམ་པ་ཆ་
བཞི། དངུལ་བདུན་གསེར་ཁ་མ། རྡོར་དྲིལ། སྟེགས་ཁེབས་ཆེ་ཆུང་། དགངས་གཟར་བླུགས་ལེགས་པ་ཞི་རྒྱས་དབང་དྲག་གི་སྟེགས་ཁེབས་བརྒྱད་སོགས་སྦྱིན་སྲེག་ཆས། བདག་འཇུག་ཆས་རིགས་ལྔ་ཐོར་ཚུགས་པང་ཁེབས་དར་དཔྱངས་བཅས། གནམ་རྒྱན་བཟང་གོས་བླ་རེ་ལ་སོགས་པ་སྐུ་བརྙན་སོ་སོའི་སྙན་ཤལ་ཕོན་མང་། རྒྱུན་བཤམས་དང་དུས་ཆེན་བཞི་སོགས་གཟབ་སྟོན་གྱི་རྒྱལ་མཚན་ཆེ་དྲུག །ཆུང་དྲུག །ཀ་འཕན་ཆེ་བརྒྱད། ཆུང་གཉིས། དར་འཕན་ཆ། དར་ཕྱང་དང་། ཡོལ་བ། མདུན་མཆོད་རྒྱུན་བཤམ་ཐོག་བདུན་འོག་བདུན་ཆ་གསུམ། ཏོང་བདུན་སྤུས་ལེགས་དང་། ལི་བདུན་ཆ་རེ་རེ། ཟི་ལིང་རག་བདུན་ཆེ་ཆུང་ཆ་གྲངས་མང་པོ། མཆོད་རྟིབས། དངུལ་ཀོང་། སྨན་རཀ་ཐོད་པ་ཁ་ཁེབས་སྟེགས་བཅས། རྒྱ་བོད་ཀྱི་སྤྱད་པའི་རིགས་ཟངས་གསེར་མཎྜལ་ཆེ་ལེགས་གཙོས་མཎྜལ་ཆེ་ཆུང་ལྔ། རོལ་མོ་སིལ་སྙན་དང་སྦུབ་ཆོལ་འགང་ཆེན་དང་དཀྱུས་གྲས་ཆེ་ཆུང་ཆ་ཁ་ཤས། རྒྱ་གླིང་རྐང་གླིང་དུང་དཀར་དུང་དམར་རྣམས་དངུལ་རྒྱན་སོགས་རྒྱུ་རྩ་བཟང་ཞན་དང་ཆེ་ཆུང་གིས་དབྱེ་བའི་ཆ་གཉིས་རེ། རྔ་ཆེ་ཆུང་། ཞྭ་ཁྲ་བཅུ། རས་གོས། བསངས་དར་ཆ། གསེར་དངུལ་གྱི་མེ་ཏོག །བ་བྱུང་ལྔ། མཆོད་ཡོན་རྫས་བདུན་ཞབས་བསིལ་
ཤུན་པ་ལྔ་དྲི་ལྔ་སོགས་ཀྱི་སྣོད་སྣེ་སྦྲེལ་ཁ་བྱང་ལྡན་པ། མདུན་ཆས་ཌ*ཌཱ་དྲི*། ནས་ཟེད། ཕུར་པ། སྤྱི་བླུགས། ཉིན་བསྟར་ཆགས་ཞལ་ཟས་དང་མར་མེ་རྒྱུན་འབུལ་གྱི་ཐེབས་སྦྱར་བ་ལ་སོགས་པའོ། །གསུང་རབ་ལྷ་ཁང་དུ་གནམ་ཡོལ། རྒྱལ་མཚན་དང་འཕན་དར། སྤྱན་གཟིགས་དཀར་སྤྱད། བདུན་ཚར་ཆ་གཉིས། མཆོད་པ་ཞལ་ཟས་རྒྱུན་འབུལ་སོགས་སོ། །ཐུགས་དམ་ལྷ་ཁང་དུ། གནམ་རྒྱན། དྲ་ྭ་ཕྱེད། བླ་མ་དགོངས་འདུས་དང་རྡོ་རྗེ་ཕུར་པའི་སྒྲུབ་རྟེན་ཁྱད་པར་ཅན་རྣམས་དང་། གསར་རྙིང་བྱིན་རྟེན་དམ་རྫས། བུམ་རྫས་སོགས་ཉེར་མཁོའི་མཆོད་རྫས་རིགས་ཀྱི་སྒྲོམ་ཆུང་མང་པོ། རྟེན་གཏོར་བྱིན་ལྡན་གྱི་སྒྲོམ། མཎྜལ་གསུམ། སྨན་རཀ་སྣོད། བདུན་ཚར་ཆ་གསུམ་ལ་ཞལ་ཟས་སོགས་མཆོད་པ་རྒྱུན་འབུལ། མཆོད་རྔ། མཆོད་རྟིབས། སྤྱན་གཟིགས་ཤེལ་དང་དཀར་སྤྱད་ལ་སོགས་པའོ། །གནས་བཅུ་ཁང་དུ། དཀར་ཡོལ་ལྷུང་བཟེད་ཞལ་ཟས་ལྡན་པ་སོགས་སྤྱན་གཟིགས་དཀར་སྤྱད། བདུན་ཚར་དང་མཆོད་པ་རྒྱུན་འབུལ་ལོ། །མགོན་ཁང་དུ་གནམ་རྒྱན། བཟང་དར་རིང་ཐུང་། ཤུག་ཚང་ལིང་སྐུ་དར་སོགས་ཚོན་སྣ་ལྔ་པའི་སྙན་ཤལ་ཕོན་མང་། སྐུ་བརྙན་རྣམས་ཀྱི་མདུན་ཏུ་དར་ཡོལ། དར་འཕན་དང་
རྒྱལ་མཚན་ཆ་འགྲིགས། སྤྱན་གཟིགས་ཀར་བུམ་སོགས་རྒྱ་བོད་སྤྱད་པ་དྲག་ཚར་རྒྱུན་བཞག །སྨན་རཀ་ཐོད་པ་སྟེགས་དང་ཁེབས་ལྡན། དྲག་མཆོད་བཅས་རྣམས་དང་ཟངས་ཀྱི་བདུན་ཚང་། ལི་བདུན་ཆ་གཅིག །ལྕགས་ཧོམ་དང་མཚོན་ཆ་ཆ་ཚང་། ལོ་བསྟར་གཏོར་སྒྲུབ་སྐབས་གཏོར་ཆེན་སྣོད་ཟངས་ཀྱི་ཀ་ཊོ་ར་ཆེ་ལེགས་སྟེགས་ཁེབས་ལ་སོགས་པ་དང་། ཁྲག་གི་མཆོད་ཡོན་དུག་ཆུའི་ཞབས་བསིལ་གི་ཝཾ་དང་མཁྲིས་པའི་དྲི་ཆབ་སོགས་ཀྱི་རྫས་རྣམས་དང་། མྱུར་མཛད་མགོན་པོའི་སྤོས་སྦྱོར་ཆེ་ཆུང་། རྡོ་རྗེ་བེར་ཅན་གྱི་སྤྱན་འདྲེན་དང་སྐོང་གསོལ་སྦྱར་སྤོས་བསྡུས་པའི་སྣོད་སྣེ་སྦྲེལ་ཁ་བྱང་ལྡན་པ་ལ་སོགས་པ་རྣམས་དང་། ཁྱམས་སུ་ལོ་བསྟར་དུས་ཚིགས་ངེས་པ་ཅན་ཏུ་བརྗེ་པའི་རྟག་གཏོར་གྱི་སྒྲོམ་བུ། སྨན་རཀ་སྣོད། སྤྱན་གཟིགས་དར་དཀར་ནག་གི་བ་དན། ཞྭ་ནག །བེར་ཕོད། བེ་ཏའི་འབྲས་བུ་ཆ། མེ་ཤེལ་ཆུ་ཤེལ། གྲི་གུག་ཐོད་པ་ཁ་ཊྭཱྃ་ཌ་མ་རུ་ཞགས་པ་རལ་གྲི་སོགས་མཚོན་ཆ་ཕྱག་མཚན་གྱི་རིགས། ཁྲབ་རྨོགས། རལ་གྲི་ཆེ་ཆུང་། མེ་སྒྱོགས་རིང་ཐུང་། སྟག་རལ་གཟིག་ཤུབས་མདའ་གཞུ་དང་བཅས་པ། མདུང་རིང་ཐུང་། སྟག་གཟིག་སོགས་གཅན་གཟན་གྱི་གཡང་གཞི། སྤོས་ཕོར། བདུན་ཚར་ཞལ་ཟས་སོགས་མཆོད་པ་རྒྱུན་འབུལ་དང་བཅས་
པ། གསེར་བརྡར་ཆེ་ལེགས། ཕུད་ཀོང་གཟེད་ཞལ་མཆོད་རྟིབ་ཆེ་ཆུང་ལ་སོགས་པ། སིལ་སྙན་དང་སྦུབ་ཆོལ་ཆེ་ཆུང་། དུང་དམར་ཆ། དུང་ཀར། གྲི་རྐང་སོགས་རྐང་གླིང་ཆ་ཁ་ཤས། རྔ་ཆེན་མདུན་ཆས་ཐོད་ཌཱར་རྡོར་དྲིལ་རྡོ་རྗེ་ཁྱད་ཅན་དང་ལྡན་པའི་དར་ནག་གཡབ་དར། ནས་ཟེ་ལ་སོགས་པ་མཆིས་ཤིང་། མདོར་ན་གང་ལ་གང་མཁོ་ཞིང་འོས་པའི་ཡོ་བྱད་རྣམས་མ་ཚང་བ་མེད་པར་བསྟན་པའི་དོན་ཏུ་བསམས་ནས་འབད་པས་འདུ་བགྱིས་པ་དེ་དག་གི་ཚུལ་ཞིབ་པར་དེབ་ཡིག་ཏུ་གསལ་ལོ། །རྟེན་མཆོག་སཱ་ལུའི་སྙེ་མ་གང་དུ་སྨིན། །དེ་ན་རྒྱལ་གསུང་སྤྱོད་པའི་སྐྱེ་བོ་ཡོད། །གསང་ཆེན་རྟེན་མཆོག་ཡོངས་འདུས་འཁྲི་ཤིང་ལ། །གྲུབ་པ་མཁའ་འགྲོའི་ཁྲོམ་ཚོགས་སྤྲིན་བཞིན་འདུ། །མུ་སྟེགས་ཀླ་ཀློ་ཟིལ་གྱིས་གནོན་པའི་གཉེན། །དད་དང་འབྱོར་ལྡན་བསོད་ནམས་སྤེལ་བའི་ཞིང་། །བཞུགས་པའི་ཕྱོགས་ཙམ་གྱིས་ཀྱང་དོན་མཛད་པ། །སྐལ་དམན་རྣམས་ངོར་རྒྱལ་བའི་ཞལ་སྐྱིན་ཉིད། །གྲགས་འབྱོར་རྒྱས་མིན་རེ་བའང་མ་མཆིས་པས། །རྒྱུ་དངོམས་ཆུང་ཕྱིར་བླུན་པོ་མགུ་མིན་ཀྱང་། །སྲིད་ན་དཀོན་པའི་ནོར་བུའི་རིང་བསྲེལ་གྱི། །སྙིང་པོའི་ལྕིད་འདིས་དཔྱོད་ལྡན་དགྱེས་ཞལ་གཡོ། །ས་ལ་ས་བོན་ཕྲ་ཡང་རྣམ་པར་རྒྱས། །ནོར་བུ་རྡོ་ལྟར་སྣང་ཡང་
འདོད་པ་འཇོ། །རྒྱུ་དངོས་དག་པའི་རྣམ་སྨིན་འཕེལ་ཆེ་ཞིང་། །གཤིས་ཀྱི་ནུས་པ་རྫོགས་རྣམས་ཕུན་ཚོགས་བྱེད། །རྐུ་འཕྲོག་གཡོ་སྒྱུའི་སྦྱོར་བས་མ་བསྡུས་ཤིང་། །ཚེ་གང་ཤ་ཐང་ཆད་པའང་འབད་མིན་པར། །དགོས་རྒུ་ངང་གིས་འབྱོར་པའི་མ་དྲོས་པ། །སྒྲུབ་བརྒྱུད་ཀླུ་དབང་བསྟི་བའི་གནས་སུ་གྲུབ། །ལྔ་པ་གསུང་རྟེན་དམ་ཆོས་ཀྱི་བཞུགས་བྱང་འཆད་པ་ལ་གཉིས། སྤྱིའི་ཚུལ། མདོར་སྨོས། བྱེ་བྲག་རྒྱུ་མཚན་བཅས་བཤད་པའོ། །དང་པོ་ནི། སྤྱིར་རྒྱལ་བའི་བསྟན་པ་ནི་བསླབ་པ་རིན་པོ་ཆེ་གསུམ་ལ་བརྟེན་ནས་གནས་ཤིང་། དེ་གསུམ་ཀའང་ཐོས་བསམ་སྒོམ་གསུམ་གྱི་ལག་ལེན་ལ་ལྟོས་པ་དང་། ཐོས་བསམ་གྱི་གཞི་མ་ཡི་གེ་འབྲི་ཀློག་སྦྱོར་བའི་ཚུལ་ལུགས་ལ་བརྟེན་པའི་ཕྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཇིག་རྟེན་ཏུ་གནས་པ་དང་དར་པ་དང་རྒྱས་པར་འགྱུར་བའི་སྒོ་ནི་ལུང་གི་ཆོས་གླེགས་བམ་ཁོ་ན་ལ་རགས་ལས་པར་མཁྱེན་ནས། བསྟན་པ་ལ་ཐུགས་ཁྲལ་ཡོད་པའི་ཆོས་ཀྱི་སྤྱན་ལྡན་དམ་པ་རྣམས་ཀྱིས་ཕྲིན་ལས་ཀྱི་གཙོ་བོར་གླེགས་བམ་ཡི་གེར་འབྲི་བ་དང་། ཕྱི་མོའི་སྤར་དུ་བསྒྲུབ་པ་ལྷུར་མཛད་པས་ལུང་རྟོགས་བཤད་སྒྲུབ་ཀྱི་བསྟན་པ་ལ་སྒོ་ཐམས་ཅད་ནས་སྲི་ཞུ་མཚུངས་ཟླ་མ་མཆིས་པར་འགྱུར་བ་དེ་ལྟ་བུའི་ཐུགས་བསྐྱེད་ཀྱི་རླབས་དང་
བསོད་ནམས་ཀྱི་སྟོབས་འབྱོར་ཁོ་བོའི་སྐལ་པར་མ་གྲུབ་ཀྱང་། དམ་ཆོས་འཛིན་སྐྱོང་སྤེལ་བ་ལ་ཤུགས་ཀྱིས་དད་པའི་ས་བོན་ཙམ་གྱིས་བསྐུལ་ཏེ། གསུང་རྟེན་གྱི་ཐོག་མ་ཤེར་ཕྱིན་བརྒྱད་སྟོང་བའི་གླེགས་བམ་སོགས་གསེར་དངུལ་གྱིས་བྲིས་པ་དང་། ཆེད་དུ་འབྲིར་གཞུག་པ་དང་ཡོན་སྦྱར་ནས་བསླུས་པའི་སྤར་པོང་གསུང་རབ་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་དུ་མ། སྐྱ་པོད་ཤངས་ཆོས་སོགས་གསར་མའི་སྐོར། བླ་མ་དགོངས་འདུས་གཙོས་སངས་གྲིང་རད་གླིང་བྱང་གཏེར་འཇའ་ཚོན་སྨིན་གླིང་ཆོས་གླིང་དང་གཏེར་གསར་སྐོར་ཡོངས་རྫོགས་སོགས་རྙིང་མ་བཀའ་གཏེར་གྱི་སྐོར། རང་གིས་ཡོན་སྦྱར་དང་གཞན་ལ་བགྱིད་པར་བསྐུལ་བའི་སྤར་ཡང་མང་དག་ཅིག་འཁོད་པ་དང་། རྗེ་འཇམ་མགོན་བླ་མ་དང་མཁན་ཆེན་ཟླ་བ་བཟང་པོ་སོགས་བསྟན་པ་ལ་གཅིག་ཏུ་དགོངས་པ་རྣམས་ཀྱི་བཀའ་མཆིད་གསེར་སྦྲམ་ལྟར་ལྕི་བ་ལྡོག་མ་བཟོད་པར། མར་ལུགས་རྒྱུད་སྡེ་རིན་པོ་ཆེ་རྣམས་ཀྱི་སྨིན་གྲོལ་ཡིག་ཆ་ཕྱོགས་སུ་བསྡེབས་པ་པོད་གསུམ། ཕུར་པ་བདུད་འཇམས་རོལ་པ་པོད་གཅིག །ཤེས་བྱ་ཀུན་ཁྱབ་རྩ་འགྲེལ། དམ་པའི་ཆོས་ཚུལ་རྒྱ་མཚོའི་ཐོབ་ཡིག་པུ་སྟ་ཀ་རྒྱ་མཚོ་མཐའ་ཡས་བཅོ་ལྔས་བསྡུས་པའི་རྩོམ་ཐོར་བུའི་སྐོར་སོགས་གསར་རྩོམ་གཡར་
ཁྲལ་རྣམས་ཀྱང་ཕལ་ཆེར་ལག་བསྟར་དུ་བྲིས་པ་སྟེ། དེ་ལས་གླེགས་བམ་གྱི་སྐོར་ཞིབ་པར་གསུང་རབ་ལྷ་ཁང་སོགས་ཀྱི་དེབ་ཡིག་ཟུར་དུ་འཁོད་པས་འདིར་མ་སྤྲོས་སོ། །གཉིས་པ་ནི། སྐབས་འདིར་གནས་ཡིག་གཏེར་བྱོན་གྱི་ལུང་དོན་ཧེ་རུ་ཀའི་གསུང་རྟེན་གྱི་ངོ་བོར་སྤྲུལ་པའི་གཏེར་ཆེན་རིན་པོ་ཆེས་ངོས་འཛིན་པ་ནི་རིན་ཆེན་གཏེར་གྱི་མཛོད་དེ། དེའི་ཚུལ་ཟུར་ཙམ་སྨོས་ན། ཡོངས་འཛིན་ཆུ་བྱི་ལོར་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཉིད་སྔོན་རབས་བགྲང་ལས་འདས་པར་དམ་པའི་ཆོས་འཛིན་ཅིང་སངས་རྒྱས་ཀྱི་བསྟན་པ་ཡོངས་རྫོགས་བསྐྱང་བར་མཛད་པའི་ཕྲིན་ལས་ཀྱི་འཕྲོ་དང་། ཐུགས་བསྐྱེད་སྨོན་ལམ་གྱི་འབྲས་བུ་དུས་སུ་སྨིན་པས་མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་སྨིན་གྲོལ་བཤད་ལུང་ཡིད་བཞིན་ནོར་བུའི་བང་མཛོད་ཤིན་ཏུ་དཀོན་པའི་གླེགས་བམ་གྱི་ཕྲེང་བ་དང་བཅས་པ་བསྣམས་ཏེ་དབུས་གཙང་དག་པའི་ལྗོངས་ནས་མདོ་ཁམས་སའི་ཐིག་ལེར་ཞབས་བཀོད་པའི་ཚེ། མཁན་ཆེན་བླ་མ་ཟླ་བ་བཟང་པོ་དང་ཁོ་བོ་ཅག་རྣམས་ཀྱིས་དམ་པའི་ཆོས་ཀྱི་བདུད་རྩི་སྙིང་ལ་འདོད་དེ། རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོའི་ཞལ་སྔར་བསླབ་སྟོན་ཞུས་པར། སྐྱེས་ཆེན་ཁྱད་པར་འཕགས་པ་ལས་དམ་
ཆོས་དྲི་མ་མེད་པའི་རྒྱུན་ཚོལ་བ་ལ་ཤིན་ཏུ་དགྱེས་ཤིང་ལེགས་པའི་བཀའི་གནང་བ་ཐོབ་པ་ལ་བརྟེན། འཇམ་མགོན་བླ་མར་ཚུལ་དེ་བཞིན་གསོལ་བ་བཏབ་པས་དགྱེས་པ་ཆེན་པོས་མདོ་རྒྱུད་གསར་རྙིང་བཀའ་གཏེར་སྨིན་གྲོལ་གྱི་རྒྱུན་ཡོད་ངེས་པ་ལ། དམ་ཉམས་དང་འདྲེས་ཁྱེར་རང་བཟོའི་བསྲེ་བསླད་མ་ཞུགས་པ་རྣམས་ཀྱི་དབང་ལུང་བཤད། བཀའ་གདམས་ཁྲིད་དང་བཅས་པ་ཇི་ལྟར་འདོད་པ་མཐའ་དག་རིམ་གྱིས་ཡིད་ཀྱི་རེ་བ་རྫོགས་པར་སྩལ་བ་དང་། སྤྱིར་འདྲེན་མཆོག་དམ་པ་རྣམས་ལས་ཆོས་ཀྱི་བདུད་རྩི་ཐུན་མོང་དང་ཐུན་མོང་མ་ཡིན་པ་མཐའ་ཡས་པ་ཐོབ་པའི་བཀའ་དྲིན་ཆུད་མི་གཟོན་པར་བྱ་བའི་ཕྱིར། འདོན་སྒོམ་ཇི་ལྟར་ནུས་པ་རང་གིས་བགྱིས་པ་དང་། འཆད་འགྱུར་སྒྲུབ་པའི་སྡེ་བཙུགས་པས་མཚོན་གཞན་ལ་བགྱིད་པར་བསྐུལ་བ་དང་། ཕལ་མོ་ཆེ་དག་ཀར་འབྲུག་སི་ཏུ་རིན་པོ་ཆེ་ཡབ་སྲས་གཙོར་གྱུར་མཆོག་དམན་མོས་ལྡན་བྱུང་ངོ་ཅོག་ལ་དཔེ་མཁྱུད་དང་རྙེད་བཀུར་ལ་ལྟ་བ་སྤངས་པའི་འཆད་སྤེལ་ནུས་ཚད་དུ་བགྱིས་པ་དང་། ཁ་ཅིག་ལ་ཕྲིན་ཆོག་ཟིན་བྲིས་བརྒྱུད་འདེབས་ཡན་གྱི་རྩོམ་པའི་ཞབས་འདེགས་འབྲེལ་འཇོག་ཏུ་ཞུས་པ་དང་། ཐ་ནའང་དཔེ་ཚར་རེ་འབྲི་བ་དང་ཚོལ་བའི་རྩོལ་བས་གང་རྙེད་དད་པའི་རྟེན་ཏུ་བཟུང་ནས་མཆོད་པའི་ཡོ་བྱད་
ཕུལ་བས་མཚོན་མཁོས་ནུས་དང་སྦྱར་ཏེ་གང་ཐོབ་བཏང་སྙོམས་སུ་མ་བསྐྱུར་བའི་བཟང་འབྲེལ་ཅི་ཞོག་བགྱིས་པ་དང་། སྐྱེ་དང་ཚེ་རབས་ཀུན་ཏུ་གལ་ཆུང་ཆོས་ལ་བྱེད་པའི་རྣམ་ཐར་མི་འཛིན་པའི་གཡར་དམ་དང་སྨོན་ལམ་བགྱིད་བཞིན་པ་ལས། སྐབས་དོན་དངོས་ཀར་རྙིང་ས་དགེ་དར་སྲོལ་ཆེ་བ་སོ་སོའི་རང་ཆོས་ཞེན་འཛིན་གྱིས་བདག་ཏུ་བཟུང་བས་རེ་ཞིག་རྒྱུན་མི་འཆད་ཅིང་རྙེད་པར་སླ་ཡང་གསར་མའི་ཤངས་ཆོས་ཞི་བྱེད་སོགས་དང་། རྙིང་མའི་གཏེར་རྙིང་ཕྲན་ཚེགས་ཕལ་མོ་ཆེ་དབང་ལུང་ལྟ་ཅི། དཔེ་རྒྱུན་ཙམ་ཡང་ཤིན་ཏུ་འབྱོར་དཀའ་བ་དུ་མ་ཞིག་འཇམ་མགོན་བླ་མ་གཙོ་བོར་གྱུར་པའི་ཡོངས་འཛིན་རྣམས་ཀྱི་བཀའ་དྲིན་ལས་ལེགས་པར་ཐོས་པས་རིང་ནས་བརྣག་པའི་འདོད་དོན་མཐར་ཕྱིན་པར་གྲུབ་པ་ཉིད་མྱུར་བར་རྗེས་མེད་དུ་འགྲོ་བར་ཕོངས་པས། གཏེར་ཕྲན་ཕྱོགས་བསྒྲིགས་ཀྱི་པུསྟི་ཁ་ཤས་ཞིག་བྱ་བའི་བློ་ཐོག་མར་སྐྱེས། སླར་གཏེར་ཆོས་རྒྱུན་གང་བཞུགས་སྣེ་འདུས་ཀྱི་རྩ་གསུམ་ཆོས་སྐྱོང་ཕྲིན་ལས་རྫོགས་རིམ་དང་བཅས་པ་ཚང་བ་ཞིག་བྱུང་ན་སྙམ་པའི་བློ་གཉིས་པ་སྐྱེས་ཏེ། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་གྱི་སྤྱན་སྔར་རང་གི་ཡིད་ལ་ཇི་ལྟར་འཆར་བའི་ཚུལ་དང་། དོན་དེ་ལྟར་རྗེས་སུ་སྒྲུབ་ན་རུང་མིན་གྱི་བཀའ་བརྟགས། རུང་ན་གནང་བ་སྩོལ་བ་དང་ཁྱད་པར་གོ་རིམ་ཡིག་སྣ་དང་བཅས་ཇི་ལྟར་
འོས་པར་གསལ་བར་གནང་ཐུབ་པར་གསོལ་བ་བཏབ་པས་དགྱེས་བཞིན་ཏུ་གནང་བ་ཐོབ་ཅིང་དཀར་ཆག་ཟབ་རྒྱས་ཆོས་ཀྱི་སྒོ་འབྱེད་ཀྱང་བཀའ་དྲིན་ཆེ་ཐང་དུ་སྩལ་བས་དེ་ལ་གཞི་བྱས་ཏེ་རིམ་པར་བྲིས་པ་ན། ཐུགས་སྒྲུབ་ཞལ་གདམས་སྙིང་བྱང་པས། ས་ཁམས་སྤྲེའུ་ལོ་ཡི་སྟོན༔ ཟབ་མོའི་ཆོས་འདི་ས་སྟེང་འབྱུང་༔ཡོས་ཀྱི་ལོ་རུ་གཏན་ལ་ཕེབ༔ འབྲུག་གི་ལོ་ལ་ཡོངས་གྲགས་ཏེ༔ རིམ་པ་བཞིན་ཏུ་འཕེལ་བར་འགྱུར༔ ཞེས་པའི་ལུང་དོན་མངོན་ཏུ་གྱུར་ཏེ་མེ་འབྲུག་ལོར་སྙིགས་མའི་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པ་ཉིད་གངས་རིས་བསྐོར་བའི་ལྗོངས་ན་རྩོད་མེད་སྙན་པའི་རྔ་སྒྲས་ཡོངས་སུ་ཁྱབ་སྟེ་ཟབ་གཏེར་གྱི་གསང་བའི་རྒྱ་རིམ་པར་དཀྲོལ་བ་དང་གནས་ཀྱི་ཞལ་དུ་མ་གསར་དུ་དབྱེ་བར་མཛད་པའི་སྐལ་བཟང་གི་ཉིན་བྱེད་འགོག་པ་མེད་པ་དགུང་དུ་ཤར་བ་ན། སྔོན་བསྒྲིགས་ཟིན་པ་གཟིགས་ལམ་དུ་ཕབ། སླད་ནས་འབྲི་བར་འདོད་པ་རྣམས་སྙན་འབུལ་ཞུས། གཙོ་བོར་གནས་གཏེར་སྒོ་འབྱེད་ཀྱི་སྐབས་ཕལ་ཆེར་ཨོ་རྒྱན་ཡབ་ཡུམ་དངོས་ལ་ཞུ་དོན་འབུལ་བའི་སྐབས་ཕྱེད་པར་སྣང་བས་ཚུལ་འདི་ལ་གནང་བ་ཞུ་བ་དང་། ཚིག་བརྒྱུད་ཀྱི་དབང་ལུང་མ་ཐོབ་པར་སྤོམ་ཡོར་ཆོག་བཟོད་ཀྱིས་ཐོབ་གྲལ་དུ་བསྒྲིགས་པ་མེད་ཀྱང་། གཏེར་རྙིང་ཤིན་ཏུ་དཀོན་པ་ཚིག་དོན་
ཆེས་ཉུང་ངུ་ཅན་འགའ་རེའི་རྒྱུན་མ་རྙེད་པ་དང་། བརྒྱུད་པ་ཉེ་རིང་ཐམས་ཅད་ལ་ཉེ་བརྒྱུད་ཀྱི་བྱིན་རླབས་ཞུ་བར་མཛད་ཐུབ་པར་མཆོད་པ་དང་ཚོགས་འཁོར་བརྒྱ་རྩ་བཤམས་ཏེ་མཎྜལ་བཅས་གསོལ་བ་ཆེད་དུ་བཏབ་པར། དོན་དེ་དགོངས་པར་གཅགས་པས་སྔ་རྗེས་ལན་གྲངས་ཁ་ཤས་ནན་ཏན་ཆེན་པོས་གསོལ་གདབ་དང་རྟེན་འབྲེལ་མཛད་པས་རྒྱུ་མཚན་རྡོ་རྗེའི་གསུང་བཅས་གནང་བ་ལེགས་པར་ཐོབ་པ་དང་། ཁྱད་པར་གཏེར་སྟོན་བརྒྱ་རྩའི་གཏེར་ཆོས་སྤྱི་དང་བྱེ་བྲག་མཁའ་འགྲོ་ཀུན་དགའ་འབུམ་པ། རྡོ་རྗེ་གླིང་པ། ཞིག་གླིང་། ཤེར་འོད། ཆོས་གླིང་། བདེ་གླིང་སོགས་ཀྱི་གཏེར་ཆོས་དམིགས་ཀྱིས་བསལ་བའི་བྱིན་རླབས་ཉེ་རྒྱུད་ཁྱད་པར་ཅན་བརྙེས་ཏེ། ཁོ་བོ་ལའང་གླེགས་བམ་ཇི་ཙམ་འབྱོར་པ་ཐམས་ཅད་ཀྱི་གདམས་གཏད་འཐོར་ལུང་བྱིན་རླབས་བཀའ་བསྒོ་བཀའ་དྲིན་ཏུ་སྩལ་པ་དང་། དེའི་རྒྱུ་མཚན་ཕྱག་བྲིས་ཕྱག་རྒྱས་བཏབ་པ་གནང་བའང་འདི་ལྟ་སྟེ། རྒྱལ་ཀུན་འདུས་གཟུགས་པདྨཱ་ཀ་ར་ཡི། །གསང་བ་གསུམ་གྱི་སྒྱུ་འཕྲུལ་རོལ་པའི་ཚོགས། །གཅིག་ལས་དུ་མ་རྣམ་མང་གཅིག་འདུས་པའི། །རྒྱལ་སྲས་རྩ་གསུམ་སྲུང་མར་བཅས་ལ་འདུད། །ཆོས་དབྱིངས་རྣམ་པར་དག་པའི་ལྷ་ལམ་ནས། །རང་རྩལ་ཡེ་ཤེས་ཤིང་རྟ་ལ་དྲངས་པའི། །
རྣམ་ཀུན་ཕན་བདེ་སྤེལ་བའི་འོད་འབུམ་ཅན། །དཀྱིལ་འཁོར་རབ་འབྱམས་སྣང་བས་ཤིས་གྱུར་ཅིག །འདིར་སྔ་འགྱུར་བཀའ་གཏེར་དག་སྣང་བབ་སོ་གསུམ་གྱི་ནང་ནས་བརྒྱུད་པ་དྲུག་ལྡན་གྱིས་འཕགས་པ་གཏེར་མའི་ཕྱོགས་ཁུངས་བཙུན་ཞིང་གནད་ཟབ་མེད་དུ་མི་རུང་བའི་གདམས་སྐོར་ནུབ་པར་ཕོངས་པའི་རིགས་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པར་མཛད་པའི་ཐུགས་བསྐྱེད་རྒྱ་ཆེན་པོས་ལོ་ཆེན་བེ་རོའི་དངོས་སྤྲུལ་འདྲེན་མཆོག་རྡོ་རྗེ་སེམས་དཔའ་ཀོང་སྤྲུལ་རིན་པོ་ཆེས་མཛད་པའི་ཚེ། ཁོ་བོ་ལ་རུང་མིན་བཏགས་པ་དགོས་ཞེས་གསུངས་པ་ནན་ཆར་རྩ་གསུམ་ལྷ་ལ་གསོལ་བ་བཏབ་པས་གནང་བ་སྩལ་བའི་སྣང་བ་དུ་མ་ཤར་ཞིང་། ལྷག་པར་གུ་རུ་རིན་པོ་ཆེས་གཏེར་མའི་སྐོར་གྱི་པུསྟི་མང་པོ་ཞིག་ཕྱོགས་གཅིག་ཏུ་བསྡོམས་ནས་རང་ལ་གནང་ནས་གཞན་ཞིག་ལ་བཀའ་གཏད་དགོས་པའི་བསླབ་སྟོན་སྩལ་བའི་སྣང་བ་གསལ་བོ་བྱུང་བས་ཀོང་སྤྲུལ་འཇམ་པའི་རྡོ་རྗེ་ཉིད་ལ་ཡང་བཀའ་གཏད་ཕུལ་ཞིང་། གདམས་པ་ཕྲན་ཚེགས་ལུང་རྒྱུན་མེད་པ་འགའ་རེ་ཐབས་རྩོལ་བརྟགས་གཞིག་དུ་མའི་སྒོ་ནས་ལུང་རྒྱུན་ཐོབ་པ་བྱུང་བ་ཕྱིས་འདིས་ཆད་ཉན་དོན་མེད་དུ་མི་འགྲོ་བར་བརྒྱུད་པ་འཛིན་ངེས་གླེགས་བམ་བཞེངས་ཤིང་འཆད་ཉན་མཛད་པ་དང་མཐའ་ན་ཆོས་ཚན་རེ་རེ་
མཐར་ཕྱིན་བསྙེན་སྒྲུབ་མཛད་མཁན་མ་གཏོགས་རང་བཞིན་ཐོབ་ཆོག་སླ་ཆོས་བབ་ཅོལ་རིགས་མི་མཛད་པར་གལ་ཆེ། གླེགས་བམ་འདི་རིགས་ལ་བསྲེ་བསླད་བཅོས་སྒྱུར་འཕྲི་བསྣན་སོགས་ཚུལ་མིན་སྤྱོད་མཁན་རྣམས་ལ་བཀའ་སྲུང་རྣམས་ཀྱིས་བཀའི་ཆད་པ་ཆོད། ཚུལ་བཞིན་འབྲི་ཀློག་ཀུན་ཆུབ་འཆད་ཉན་སྒོམ་སྒྲུབ་བྱེད་མཁན་རྣམས་ལ། དཔལ་མ་ཧཱ་ཀཱ་ལ་ལྕམ་དྲལ་ཆོས་སྐྱོང་བའི་རྒྱལ་པོ་རྣམ་མང་ཐོས་ཀྱི་སྲས་ཞིང་སྐྱོང་དུར་ཁྲོད་ལྷ་མོ་ལྷ་ཆེན་དབང་ཕྱུག་མགོན་དཀར་ཡབ་ཡུམ་བཀྲ་ཤིས་ཚེ་རིང་མ་རྣམས་ཀྱིས་སྲུང་ཞིང་སྐྱོབ་པ་དང་གང་འདོད་པའི་ཕྲིན་ལས་སྒྲུབས་ཤིག །གླེགས་བམ་འདི་རྣམས་ཀྱི་གཉེར་ཁ་གྱིས་ལ་སྲུངས་ཤིག །ཞེས་པ་མཆོག་གྱུར་གླིང་པས་བྲིས་པའོ། །སརྦ་མངྒ་ལཾ། ཞེས་དང་། གཞན་ཡང་གུ་རུ་རིན་པོ་ཆེ་གཏེར་ཆེན་རྡོ་རྗེ་གླིང་པའི་རྣམ་པར་བསྟན་ནས་རྗེ་ཉིད་མགྲོན་གཉེར་གྱི་ཚུལ་གྱིས་གཞན་ཞིག་ལ་གནང་དགོས་པའི་བཀའ་ལུང་བྱིན་རླབས་དུ་མ་སྩལ་བ་ལྷག་པར་གསལ་བ་འདི་ལ་གནད་དོན་དགོས་པ་མང་དུ་ཡོད་པར་སྣང་བ་དང་། གླེགས་བམ་ཕལ་ཆེར་གྲུབ་པའི་ཚེ་རྒྱལ་དབང་ཐམས་ཅད་མཁྱེན་པ་གནས་མཆོག་འདིར་ཞབས་བཀོད་ཅིང་གདན་འཇག་པའི་སྐལ་བཟང་རྫོགས་ལྡན་གྱི་ཉིན་བྱེད་འཆར་བའི་སྐབས་སུ་གཟིགས་ལམ་དུ་ཕབ་པས། རིན་པོ་ཆེ་
གཏེར་གྱི་མཛོད་ལ་ཆེད་དུ་བརྗོད་པ་ངོ་མཚར་རྣ་བའི་རྒྱན་ཅེས་བྱ་བ་རྡོ་རྗེའི་གསུང་ལེགས་བཤད་ཀྱི་གཏེར་ཆེན་བཀའ་དྲིན་ཏུ་སྩལ་བ་ལས་ཀྱང་། ཟབ་བའི་གསང་མཛོད་མཐའ་དག་བསྡུ་བ་ནི། །རྡོ་རྗེ་ཆོས་སོགས་ས་བཅུའི་དབང་ཕྱུག་གི། སྤྱོད་ཡུལ་ཡིན་མོད་ནུས་པ་དང་འཚམས་པར། །གསང་བ་འཛིན་འདི་གསང་ཆེན་བསྟན་པའི་བཙས། །དེ་ཕྱིར་རྡོར་འབུམ་ཆོས་ཀྱི་གྲགས་པ་ནས། །མཆོག་གྱུར་བདེ་ཆེན་གླིང་པའི་བར་བྱོན་པའི། །མཆོག་ཆེན་རྣམ་གསུམ་གླིང་པ་ཉི་ཤུ་དང་། །དྲི་མེད་སྡེ་ལྔ་ནུས་ལྡན་ཉི་ཤུ་གཅིག །གཙོར་གྱུར་གསར་རྙིང་ཀུན་ལ་ཚད་ཐུབ་ཏུ། །གྲགས་པའི་གཏེར་བྱོན་རྣམས་ཀྱི་སྨིན་གྲོལ་དང་། །གདམས་ངག་ཉེར་མཁོའི་ཡིག་སྣ་ཚང་བ་བཅས། །རིན་ཆེན་རིགས་འདུས་གཏེར་གྱི་མཛོད་འདི་གྲུབ། །ཨོ་རྒྱན་ཆེས་བསྟན་ཟབ་མོའི་ཆོས་རྣམས་ལ། །གཞུང་བཞིན་སུ་དང་སུ་ཡིས་སྤྱོད་པ་ཀུན། །ཀུན་གྱིས་བཀུར་སྟི་ཕུ་དུད་བྱ་བའི་ཡུལ། །ང་སྤྲུལ་ཡིན་ཅེས་ཚད་མའི་ལུང་ལས་འབྱུང་། །པདྨའི་ཆོས་ལ་མོས་ཀུན་གུ་རུ་ཡི། །ཞལ་མཇལ་སྨོན་ལམ་ཐེབས་པའི་ལས་འཕྲོ་ཅན། །འབྲེལ་ཚད་དོན་ལྡན་ཡིན་ཅེས་ཡེ་ཤེས་ཀྱི། །མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་ཞལ་ནས་གདམས། །ཁྱད་པར་གསང་མཛོད་འདི་བསྐྲུན་རིག་པ་
འཛིན། །ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའི་སྡེ། །རྒྱལ་བའི་སྲས་པོ་བློ་གྲོས་མཐའ་ཡས་པ། །པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ། །རིགས་ཀུན་ཁྱབ་བདག་པདྨ་ཉིན་བྱེད་ཀྱིས། །སྡོམ་པ་གསུམ་ལྡན་མཚན་གྱིས་དབང་བསྐུར་ཏེ། །འགྱུར་མེད་རྡོ་རྗེའི་རྣམ་རོལ་ཞལ་གྱིས་བཞེས། །སྐྱེས་ཆེན་མཆོག་གཟིགས་གཞན་ཡང་དགོངས་པ་མཐུན། །དེ་མཚུངས་ཤེལ་ཕུག་གསང་བའི་ལུང་བྱང་ལས། །ཕན་ཚུན་གབ་སྤྲད་བཻ་རོའི་སྐྱེ་བ་ནི༔ བློ་གྲོས་མིང་ཅན་དེ་ལ་བདག་པོར་སྤྲོད༔ ཞེས་སོགས་གཏེར་གསར་ཤོག་སེར་ཕལ་མོ་ཆེར། །བཻ་རོའི་རྣམ་འཕྲུལ་འཆད་རྩོམ་བཀའ་བབ་པར། །ལུང་བསྟན་གཏེར་ཆེན་རྗེ་ཡིས་བླ་མར་བཀུར། །ཟབ་ཆོས་ཆོག་བསྒྲིགས་དབང་བར་རྗེས་སུ་གནང་། །ཁོ་བོས་ཀྱང་ནི་དེ་མཚུངས་གཟེངས་བསྟོད་བྱས། །ཐུན་མོང་རྣམས་ཀྱི་མཐུན་སྣང་གྲུབ་པར་ཡང་། །བསྟན་བཅོས་རྩོམ་ལ་དབང་བའི་མཚན་ཉིད་ཚང་། །ལྷག་པར་དད་ལྡན་རེ་མདུན་པད་འབྱུང་རེ། །དངོས་སུ་བཞུགས་ཞེས་ལུང་ཉིད་མི་བསླུ་བས། །རྩོད་བྲལ་དུས་བབ་སྤྲུལ་པའི་གཏེར་སྟོན་ཆེ། །མཆོག་གྱུར་བདེ་ཆེན་གླིང་པ་གམ་ཉིད་དུ། །བྱོན་ནས་གང་གིས་སྔར་ཕན་མ་རྙེད་པའི། །གཏེར་རྙིང་མང་པོ་ཉེ་བརྒྱུད་ཐོབ་པ་དང་། །སྔོན་ཆད་གཏེར་ཁ་ཀུན་ལས་མ་གྲགས་
པའི། །མདོ་སྒྱུ་སེམས་ཀློང་རྒྱུད་སྡེའི་སྐོར་ལ་སོགས། །སོ་ཟུར་གནུབས་རྣམས་སླར་ཡང་བྱོན་འདྲ་བའི། །ངོ་མཚར་གཞུང་གདམས་མང་པོའི་མཛོད་སྒོ་འབྱེད། །གཏེར་ཆེན་གང་གིས་ཚོགས་མཆོད་རྒྱ་ཆེར་བཅས། །ཨོ་རྒྱན་དངོས་ལ་གནང་བ་ཞུས་པར་ཡང་། །ལས་འཕྲོ་སྐལ་ལྡན་སྨོན་ལམ་ཤུགས་ཡིན་པས། །ཅི་འདོད་བསྡུ་བའི་རུང་བའི་བཀའ་ལུང་ཐོབ། །དེ་ཕྱིར་དབང་རབ་སྐལ་ལྡན་རྣམས་ཀྱི་ངོར། །རིན་ཆེན་གཏེར་མཛོད་འདི་རུ་གང་བཞུགས་པ། །ཨོ་རྒྱན་དངོས་ལ་ཉེ་བརྒྱུད་འདེད་རུང་བས། །བརྒྱུད་ཚུལ་སོགས་ཀྱི་བརྟགས་དཔྱད་མ་དགོས་མོད། །སྣང་ཚུལ་དུ་ཡང་བརྒྱུད་པ་ཡོད་དེས་ཤིང་། །དམ་སེལ་བསླད་མེད་ཁུངས་བཙུན་ལེགས་བསྡུས་པ། །འདི་ནི་རྫོགས་ཆེན་བསྟན་པའི་བཙས་གསུམ་བཞིན། །ཟབ་གཏེར་བསྟན་པའི་བཙས་སུ་ཤེས་པར་གྱིས། །དེ་ཕྱིར་ཨོ་རྒྱན་རྗེས་འཇུག་སྐལ་བཟང་རྣམས། །འདི་ཉིད་འབྲི་དང་འཆད་ཉན་སྒོམ་སྒྲུབ་སོགས། །བློ་ནུས་འཚམས་པར་འཛིན་སྐྱོང་བྱེད་པ་ལ། །ཨོ་རྒྱན་མཁའ་འགྲོའི་ཚོགས་བཅས་དགྱེས་པར་ངེས། །ཞེས་སོགས་ཀྱིས་དབུགས་དབྱུང་བ་ཐོབ་ཅིང་། མདོར་ན་སངས་རྒྱས་ཀུན་དངོས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་དངོས་ཀྱིས་ལུང་བསྟན་ཅིང་དབང་བསྐུར་བ་ཐོབ་སྟེ་མཁྱེན་བརྩེ་ནུས་
པའི་ཕྲིན་ལས་གངས་རིའི་ར་བས་བསྐོར་བའི་ལྗོངས་སུ་སྟོན་མཚན་ཟླ་བའི་དཀྱིལ་འཁོར་ལྟར་མ་བསྒྲིབས་ལྷམ་མེར་སྣང་བའི་སྐྱེས་མཆོག་འགྲོ་བའི་མགོན་པོ་ཁྱད་པར་འཕགས་པ་རྣམས་ཀྱིས་རྗེས་སུ་གནང་ཞིང་དགོངས་པ་གཏད་པ་ལས་རང་འདོད་གྱ་ཚོམ་གྱིས་དཔེ་སྣ་གང་རྙེད་བསྡུས་པ་མ་ཡིན་པའི་གླེགས་བམ་མི་ཟད་རྒྱན་འཁོར་ལྔ་ཕྲག་ལྔའི་གྲངས་ལྡན། །བཀའ་རྒྱ་ཅན་གྱི་སྐོར་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་བཏབ་པ་དང་བཅས་པ་འདི་ལ་ཇི་ཙམ་བཞུགས་པའི་དབང་དུ་བྱས་ན། སྤྲུལ་པའི་གཏེར་ཆེན་ཆོས་ཀྱི་གྲགས་པ་ནས་བཟུང་། མཆོག་གྱུར་བདེ་ཆེན་གླིང་པའི་བར་དུ་བྱོན་པའི་གཏེར་ཆེན་དང་གཏེར་ཕྲན་སྐྱེས་ཆེན་ཚད་ཐུབ་རྩོད་མེད་ཡོངས་སུ་གྲགས་པ་རྣམས་ཀྱི་ས་གཏེར། གནམ་གཏེར། དགོངས་གཏེར། དག་སྣང་ལས་བྱོན་པའི་ཆོས་བཀའ་ཅི་རིགས་སྣེ་ཚང་དུ་མཆིས་ཤིང་། དེ་དག་གི་སྡོམ་ནི། རྡོར་འབུམ་ཆོས་གྲགས་མཁའ་འགྲོ་ཀུན་དགའ་འབུམ། །རྒྱ་བན་རྡོར་འོད་སར་བན་ཕྱོགས་མེད་དང་། །གྲུབ་ཐོབ་དངོས་གྲུབ་འབྲེ་རྐྱང་སུམ་པ་གསུམ། །ལྡང་མ་ལྕེ་བཙུན་ཞང་སྟོན་བཀྲ་ཤིས་རྡོར། །ཞང་བཙུན་དར་རིན་གྲྭ་མངོན་དབང་ཕྱུག་འབར། །ར་ཤག་བསོད་རྡོར་ལོ་སྟོན་རྡོ་རྗེ་དབང་། །སངས་རྒྱས་བླ་མ་གུ་རུ་ཧཱུྃ་འབར་དང་། །ཁྲོ་ཕུ་ལོ་ཙཱ་
རང་བྱུང་ཀུན་མཁྱེན་ཞབས། །ཉང་རལ་ཆོས་དབང་བརྩོན་སེང་ཛཾ་བྷ་ལ། །བ་མཁལ་སྨུག་པོ་མང་ལམ་བཟང་པོ་གྲགས། །རྒོད་ལྡེམ་འཇམ་དབྱངས་བླ་མ་རྒྱ་ཕུར་བུ། །ཞང་ཁྲམ་སྐལ་ལྡན་བྱིས་པ་ལྷ་རྗེ་གནུབས། །གཡུ་ཐོག་མགོན་པོ་བྱ་མང་བརྩོན་འགྲུས་གྲགས། །གཉལ་པ་ཉི་ཤི་བྲང་ཏི་ལས་འབྲེལ་རྩལ། །རྒྱལ་སྲས་ལེགས་པ་ཀློང་ཆེན་རབ་འབྱམས་བཟང་། །སངས་རྒྱས་དབང་ཆེན་དབོན་སྟོན་སྐྱེར་སྒང་པ། །དུང་མཚོ་རས་པ་སྟག་ལུང་སངས་རྒྱས་དབོན། །གུ་རུ་ཇོ་རྩེ་མེ་ཉག་གྲགས་པ་འབྱུང་། །ཚེ་བརྟན་རྒྱལ་མཚན་བྲམ་པ་ཀུན་དགའ་བཟང་། །གྲུ་གུ་ཡང་དབང་དཱུ་གུ་རིན་ཆེན་སེང་། །བཛྲ་མ་ཏི་ཁམས་པ་མེ་ཟོར་དང་། །ཆུ་ཕོ་རྟོགས་ལྡན་འབྲོག་པ་ཐུབ་རྒྱལ་རྗེ། །རྐྱང་སྨན་དོན་གྲུབ་རོང་སྨན་ཉི་མའི་འོད། །བལ་པོ་ཨ་ཧཱུྃ་སྐྱེྱས་བུ་ཟངས་གླིང་པ། །གཡས་བན་ཡ་བོན་སྟོན་པ་ཤཱཀྱ་འོད། །སྦུར་བུ་བྱ་མགོན་ཡང་བོན་རི་ཁྲོད་པ། །ཨ་ཇོ་བལ་པོ་འབྲེ་སྟོན་ཤེས་རབ་འོད། །ཉི་ཟླ་སངས་རྒྱས་ཀུན་སྤང་ཟླ་བའི་འོད། །ཨོ་རྒྱན་སངས་རྒྱས་རྡོ་རྗེ་རིན་ཆེན་གླིང་། །རཏྣ་པདྨ་ཀརྨ་ཀུན་སྐྱོང་གླིང་། །བསྟན་གཉིས་བྱང་ཆུབ་གྲོ་ཤུལ་བདེ་ཆེན་གླིང་། །དྲི་མེད་ཀུན་དགའ་དྲི་མེད་ལྷུན་པོ་དང་། །ཐང་རྒྱལ་ཚེ་རིང་རྡོ་རྗེ་པདྨ་དབང་། །མཉམ་ཉིད་རྡོ་རྗེ་མཆོག་ལྡན་རྡོ་རྗེའི་
མཚན། །མི་བསྐྱོད་རྡོ་རྗེ་ཀུན་མཁྱེན་པདྨ་དཀར། །དཔལ་འབྱོར་བཟང་པོ་རྟོགས་ལྡན་སངས་རྒྱས་མགོན། །མ་ཏི་རཏྣ་རིན་ཆེན་ཕུན་ཚོགས་དང་། །ཞིག་གླིང་ཤེས་རབ་འོད་ཟེར་ལེགས་ལྡན་རྗེ། །བཀྲ་ཤིས་སྟོབས་རྒྱལ་འབྲི་གུང་ཆོས་ཀྱི་གྲགས། །འཇའ་ཚོན་བདུད་འདུལ་ནམ་མཁའ་འཇིགས་མེད་རྩལ། །གནམ་ཆོས་གཏེར་བདག་གླིང་དང་ཀློང་གསལ་སྙིང་། །གར་དབང་རྡོ་རྗེ་ཉི་ཟླ་ཀློང་གསལ་དང་། །ཆོས་རྗེ་གླིང་དང་ར་ཡི་སྟོན་པ་མཆོག །སྟག་ཤམ་རྡོ་རྗེ་པདྨ་བདེ་ཆེན་གླིང་། །མི་འགྱུར་རོལ་པ་ངག་གི་རྡོ་རྗེ་དང་། །ཀུན་གྲགས་ཁྱུང་གྲགས་ཧ་རི་ནཱ་ཐའི་ཞབས། །རྡོ་རྗེ་དྲག་པོ་དཔལ་ལྡན་དཔའ་བོ་མཆོག །མདོ་སྔགས་གླིང་དང་མཆོག་གྱུར་བདེ་ཆེན་གླིང་། །དེ་ཡི་གཏེར་ཕྲན་ཟུང་དང་བཅས་པ་སྟེ། །བརྒྱ་ཕྲག་གཅིག་ལ་བཅུ་གསུམ་ལྷག་པའོ། །དེའང་བཀའ་དགོངས་ལྟ་བུ་རྒྱ་ཆེ་ཞིང་རྒྱུན་དར་རྒྱས་ཡོངས་གྲགས་བཞུགས་པ་རྣམས་ལས་ཉེར་མཁོ་སྙིང་པོ་ཙམ་དང་། ཆོས་བཀའ་ཚན་ཆུང་ཞིང་རྒྱུན་དཀོན་པ་རྣམས་གཞུང་ཆ་ལག་རྫོགས་པར་བཞུགས་སུ་གསོལ་ཞིང་། གནམ་ཆོས་དང་ཀློང་གསལ་རྡོ་རྗེ་སྙིང་པོ་ལྟ་བུ་རེ་རེ་ཚན་ཆུང་ཡང་ཐམས་ཅད་བསྡམས་ཚེ་གླེགས་བམ་མང་པོར་འགྱུར་བ་དང་མ་ཟད་སོ་སོའི་ཕྱོགས་སུ་རྒྱུན་ཤིན་ཏུ་དར་ཞིང་རྒྱས་པ་རྣམས་ཀྱང་ཉེར་མཁོ་རེ་ཟུང་ཙམ་ལས་
སྡུད་པར་མ་ནུས་ཤིང་། བཀའ་ཐང་རྣམས་སུ་གསལ་བའི་ཉི་མ་སེང་གེ། གྲ་སྒོམ་ཆོས་རྡོར་ལྟ་བུ་མང་དག་ཅིག་ནི་གཏེར་ཆོས་ཀྱི་དཔེ་ཙམ་ཡང་མངལ་དུ་མེད་པ་དང་། བཀའ་ཐང་དུ་མི་གསལ་ཡང་སྒྲོ་སྐུར་མེད་པའི་ཚད་མར་བྱེད་པ་སྤུ་བོ་ར་ཞི་གཏེར་སྟོན། འཕེལ་ཚ་མཐུ་སྟོབས་གླིང་པ་སོགས་ནི་དཔེ་ལུང་གི་རྒྱུན་མ་རྙེད་ལ། སྐྱིད་གྲོང་ངག་དབང་བསླབ་གསུམ། དྲི་མེད་གླིང་པ། ཆོས་གླིང་ཀུན་བཟང་འོད་ཟེར་གྱིས་མཚོན་ཕྱིས་བྱོན་གྱི་གཏེར་ཆོས་ཚད་མར་གྱུར་ཅིང་འགྲོ་ཕན་ཆེ་བ་མངོན་སུམ་དུ་གྱུར་པ་འགའ་ཡང་གཅིག་ཤོས་ཀྱི་ལྷ་གཅིག་ཤོས་ཀྱི་འདྲེར་མཐོང་བ་མང་བས་རེ་ཞིག་བཏང་སྙོམས་སུ་བཞག་པའོ། །བཞུགས་ཚུལ་གྱི་དབང་དུ་བྱས་ན་སྤྱིར་གསང་སྔགས་རྡོ་རྗེ་ཐེག་པའི་ཤིང་རྟ་ཆེན་པོ་རྣམས་ལ། དབང་། བཤད་པ། བསྐྱེད་རིམ། རྫོགས་རིམ་སྟེ་ཆུ་བོ་བཞིའི་བཀའ་སྲོལ་ཡོངས་སུ་གྲགས་པ་ལས་སྐབས་འདིར་བཤད་པ་མ་གཏོགས་པ་ཆུ་བོ་གསུམ་གྱི་བཀའ་སྲོལ་འདུ་བའི་མཛོད་དུ་བྱས་ཏེ། དབང་གི་རྩ་བ་ཆོས་རྒྱལ་གཏེར་བདག་གླིང་པས་ཟབ་མོའི་བཀའ་བསྡུ་གནང་བའི་འདོད་འཇོ་བུམ་བཟང་ལ་གཞི་བྱས། གཞན་དག་དེའི་རྒྱབ་ཆོས་དང་ཁ་སྐོང་གི་ཚུལ་དུ་བཀོད་པ་ལ། སྔ་འགྱུར་བ་རྣམས་ལ་ཡོངས་སུ་གྲགས་པ་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་སྡེ་གསུམ་གྱི་
ཐོག་མར། ཆོས་ཐམས་ཅད་ཀྱི་གཞི་ལྟ་བུ་བསྐྱེད་པ་མ་ཧཱ་ཡོ་གའི་སྐོར་ལ་རྒྱ་ཆེ་བ་གཙོ་བོར་གྱུར་པའི་རྒྱུད་སྡེ། ཟབ་པ་ལག་ལེན་ཏུ་འདྲིལ་བའི་སྒྲུབ་སྡེ་གཉིས་ཀྱི་དང་པོ་ལ་ཡོངས་གྲགས་དངོས་བསྟན་བཀའ་མའི་སྐོར་གྱི་ཆོག་ཁྲིགས་སྔ་འགྱུར་བསྟན་པའི་སྲོག་འཛིན་ཆོས་རྒྱལ་གཏེར་བདག་གླིང་པ་སྐུ་མཆེད་དང་། རིག་འཛིན་པདྨ་ཕྲིན་ལས་སོགས་ཀྱི་གསུང་རབ་རྒྱ་ཆེ་བར་བཞུགས་པ་ནི། སྔ་འགྱུར་གྱི་བསྟན་འཛིན་ཆེན་པོ་གཞན་དག་གིས་བཀའ་བསྡུ་ལེགས་པར་མཛད་པ་དང་། འདིར་གཙོ་བོར་གཏེར་མའི་སྐོར་སྡུད་པའི་གཤིས་ཀྱིས་སྐབས་སུ་མ་བབས་པས། ཞར་བྱུང་ཕྲན་ཚེགས་ཅི་རིགས་བཀོད་པ་ཙམ་ལས་བསྡུ་བའི་སྤྲོས་པ་མ་བགྱིས་ཤིང་། །གཏེར་མའི་ཕྱོགས་སྒྲུབ་སྡེ་གཙོར་གྱུར་ཀྱང་རྒྱུད་སྡེའི་དཀྱིལ་འཁོར་དངོས་དང་ཆར་གཏོགས་ཀྱང་ཅི་རིགས་སྣང་བས། སྐབས་འདིར་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་རྡོར་སེམས་ཐུགས་ཀྱི་སྒྲུབ་པ་སྨིན་གླིང་ལུགས་ཉིད་བཀའ་གཏེར་ཟུང་འཇུག་ཟབ་འདྲིལ་ཁྱད་པར་དུ་མས་འཕགས་པས་ཐོག་མར་དགེ་བའི་ཚུལ་དུ་བཞུགས་ཤིང་། །རྗེས་འབྲེལ་དུ་གནས་དུས་རྟེན་འབྲེལ་ཟབ་མོའི་མཐུས་སྐལ་པ་བཟང་པོའི་དཔྱིད་དུ་སྣང་བ་གཏེར་གསར་སྒྱུ་འཕྲུལ་ཞི་ཁྲོ། དོང་སྤྲུགས། མཉམ་སྦྱོར། གཤེད་
དམར་ནག །ཡང་དག །བཀའ་བརྒྱད་རྫོང་འཕྲང་ལ་སོགས་པ་རྒྱུད་ཀྱི་སྙིང་པོའི་ཡང་ཞུན་བསྡུས་པའི་པད།། །གནུབས་ཀྱི་མན་ངག་རྣམས་དང་། ཀར་གླིང་ཞི་ཁྲོ་ལ་སོགས་པའང་ས་བཅད་འདིའི་ཁོངས་སུ་བཞུགས། གཉིས་པ་སྒྲུབ་སྡེ་ལ། སྒྲུབས་ཐབས་གཙོ་བོར་གྱུར་པའི་རྩ་བ་དང་། ལས་ཚོགས་གཙོ་བོར་གྱུར་པའི་ཡན་ལག་སྐོར་གཉིས་ཀྱི་དང་པོ་ལ། བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་གི་སྐོར་གསུམ། དེ་ལའང་རྩ་གསུམ་སྤྱི་དང་། བྱེ་བྲག་ཏུ་སྒྲུབ་པའི་སྐོར་གཉིས་ཀྱི་སྔ་མ་ལ། ཆོས་རྒྱལ་རཏྣ་གླིང་པའི་རྩ་གསུམ་འབྲས་བུའི་དོན་ཁྲིད། ཀུན་མཁྱེན་རང་བྱུང་ཞབས་དང་རྗེ་བརྒྱད་པའི་དགོངས་གཏེར་རྩ་གསུམ་དྲིལ་སྒྲུབ། ཞིག་གླིང་ཐུགས་དམ་ཟབ་པ་སྐོར་བདུན། ཆོས་གླིང་རྩ་གསུམ་དྲིལ་སྒྲུབ། ཀློང་གསལ་ཟབ་གཏེར་ལས་ཉེར་མཁོ་ཅི་རིགས་པ་རྣམས་བཞུགས། གཉིས་པ་ལ་རྩ་བ་གསུམ་གྱི་ཐོག་མར་བླ་མའི་སྒྲུབ་སྐོར་ལའང་ཕྱི་ནང་གསང་གསུམ་གྱི་དང་པོ་ཕྱི་གསོལ་འདེབས་ལྟར་སྒྲུབ་པ་མང་ལམ་བཟང་པོ་གྲགས་པའི་ལེའུ་བདུན་མ། བྱང་གཏེར་བརྡ་དོན་ལམ་ཟབ། ལེགས་ལྡན་བླ་མ་སྐུ་གསུམ་བླ་མ་མཆོད་པ་ལ་སོགས་པ་བཞུགས། ནང་ལྟར་སྒྲུབ་པ་
ཞི་བ་ལའང་ཆོས་དབང་གསང་འདུས་སོགས་བླ་མ་ཆོས་སྐུ་རྡོ་རྗེ་འཆང་གི་སྒྲུབ་སྐོར། རྫོགས་ཆེན་ཚེ་དབང་དང་རཏྣའི་གསང་འདུས་སོགས་ལོངས་སྐུ་ཚེ་དཔག་མེད་པའི་སྐོར། ཉང་རིན་པོ་ཆེའི་བླ་མ་ཡོངས་རྫོགས་དང་བླ་མ་དགོངས་འདུས་ནས་བཟུང་གཏེར་གསར་ཐུགས་སྒྲུབ་རྣམ་གཉིས་མཚོ་སྐྱེས་སྙིང་ཐིག་གི་བར་སྤྲུལ་སྐུ་ཐོད་ཕྲེང་རྩལ་གྱི་སྐོར་རྣམས་བཞུགས། གསང་སྒྲུབ་བླ་མ་དྲག་པོ་ལ་དྲག་དམར་བཀའ་མའོ་བྲན་ལུགས། ཉང་གཏེར་དྲག་པོ་བདེར་འདུས་ཆེ་འབྲིང་ཆུང་གསུམ། བྱང་གཏེར་དྲག་མཐིང་ནས་བཟུང་རིག་འཛིན་ཆོས་རྒྱལ་རྡོ་རྗེའི་དྲག་མཐིང་གི་བར་རྣམས་བཞུགས་གཉིས་པ་ཡི་དམ་གྱི་སྐོར་ལ་སྒྲུབ་སྡེ་ཆེན་པོ་བརྒྱད། དེ་ལའང་སྤྱིར་སྒྲུབ་པ་དང་བྱེ་བྲག་གི་སྒྲུབ་སྐོར་གཉིས་ཀྱི་དང་པོ་ལ། ཉང་ཆོས་ནས་བཟུང་གཏེར་གསར་ཤེལ་ཕུག་མའི་བར་གྱི་ལུགས་སྲོལ་དགུ་ཙམ་གྱི་སྨིན་གྲོལ་སྙིང་པོ་རྣམས་བཞུགས། གཉིས་པ་བྱེ་བྲག་སྒྲུབ་སྡེ་ཆེན་པོ་བརྒྱད། དེ་རེ་རེ་ལའང་ཞི་བ་དང་ཁྲོ་བོའི་སྒྲུབ་སྐོར་གཉིས་གཉིས་སུ་བཞུགས་པའི་འཇམ་དཔལ་སྐུ་སྒྲུབ་ལ། སངས་གླིང་འཇམ་དཔལ་དཀར་དམར་སོགས་ཞི་བ། ཞང་ཁྲོམ་ཚེ་བདག་ལྕགས་སྡིག་སྐོར་གྱི་དབང་དང་། ཆོས་དབང་འཆར་ཀ །ཡང་ཟློག །ཀིང་དམར་ནག །ཁྲོ་ཆུ།
འཇམ་དཔལ་ཤིན་ཏུ་ཁྲོས་པ་ནཱ་ག་རཀྴ། གཏེར་གསར་གནམ་ལྕགས་ཞུན་འདྲིལ་གྱི་བར་དྲག་པོའི་སྐོར། པདྨ་གསུང་སྒྲུབ་ལ་བྱང་གཏེར་ཚེ་སྒྲུབ་ལྕགས་སྡོང་མ་ནས་བརྩམས། དཔའ་བོ་བརྒྱད་པའི་དགོངས་གཏེར་ཚེ་སྒྲུབ་དང་གཏེར་གསར་སྐོར་གྱི་བར་རིགས་བདག་ཚེ་དཔག་མེད་ཀྱི་སྐོར་རྣམས་དང་། སྟག་ཤམ་དང་གནམ་ཆོས་འོད་དཔག་མེད་ཀྱི་སྐོར། གྲུབ་ཐོབ་དངོས་གྲུབ་ཀྱི་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་དང་། གཏེར་ཁ་གོང་འོག་བྱང་གཏེར་ནས་བཟུང་། གཏེར་གསར་པདྨ་སྒྱུ་འཕྲུལ་དྲྭ་བ། དོང་སྤྲུགས། གཙུག་ཏོར་དྲི་མེད། ཡིད་བཞིན་འཁོར་ལོ། སེམས་ཉིད་ངལ་གསོའི་བར་ཞི་བ། གཏེར་སྟོན་སུམ་ཚོགས་ཀྱི་ཆོས་རྟ་མགྲིན་ཡང་གསང་ཁྲོས་པ། ཉང་ཆོས་རྟ་ནག །རྟ་མགྲིན་གསང་སྒྲུབ་ནས་བཟུང་། ཡི་དམ་དགོངས་འདུས། གཏེར་གསར་ཟབ་བདུན་རྟ་མགྲིན་ཡང་ཕྱུང་དམར་པོའི་བར་རྟ་མགྲིན་དམར་ནག་གི་ཆོས་སྡེ་དྲག་པོའི་སྐོར། ཡང་དག་ཐུགས་སྒྲུབ་ལ། རོལ་རྡོར་རིགས་འདུས་རྡོར་སེམས་གཏེར་གསར་ཐུགས་ཀྱི་སྙིང་པོ་དང་། བདེ་བ་ཆེན་པོ་ཕྱག་རྒྱ་གཅིག་པ་སོགས་ཞི་བ། ཆོས་དབང་ཟབ་གཏེར་ཡང་དག་སྙིང་པོའི་སྐོར། རཏྣའི་ཕྱག་རྒྱ་གཅིག་པ། ཆོས་གླིང་བདེ་ཆེན་
སྙིང་པོ། གཏེར་གསར་ཟབ་བདུན་ལས། མཆོག་སྒྲུབ་ལ་ཟབ་པའི་སྐོར་དང་། གསང་ཐིག་ཕྱག་རྒྱ་གཅིག་པ་སོགས་དང་། ཞར་བྱུང་ཆོས་དབང་གཏུམ་པོ་དང་། དྲེགས་འདུལ། ཁང་བརྩེགས་ཁྱུང་གསང་བ་ཡང་ཁོལ་སོགས་ཕྱག་རྡོར་གྱི་རིགས་ཏེ་ཁྲོ་བོའི་སྐོར། བདུད་རྩི་ཡོན་ཏན་ལ་བཀའ་བརྒྱད་བདུད་རྩི་སྨན་སྒྲུབ་ཀྱི་སྐོར་རྣམས་དང་། གཡུ་ཐོག་སྙིང་ཐིག །གཏེར་གསར་བི་མ་ལའི་སྒྲུབ་ཐབས་སོགས་ཀྱི་སྨིན་གྲོལ་ལས་ཚོགས་དང་བཅས་པ། བདུད་རྩི་བུམ་པ་ཆེ་ཆུང་། རྒྱ་བན་རྡོ་རྗེ་འོད་ཀྱི་རྟག་དུའི་བཅུད་ལེན་སོགས་གཏེར་ཕྲན་བཅུད་ལེན་གྱི་རིགས། གྲུབ་ཆེན་ཛཱ་བྷིར་གྱི་གདམས་སྐོར་རླུང་གི་བཅུད་ལེན་བཀའ་བབས་སྔ་ཕྱི་བར་གསུམ་ལ་སོགས་པ། ཕུར་པ་ཕྲིན་ལས་ལ་རྭ་སྟོན་རྡོར་སེམས་རིགས་ལྔ་རྒྱན་གཅིག་སོགས་ཞི་བ། ཆོས་དབང་སྤུ་གྲི་ནས་བཟུང་གཏེར་གསར་གསང་ཐིག་ཕྱག་རྒྱ་གཅིག་པའི་བར་ཁྲོ་བོའི་སྐོར། མ་མོ་རྦོད་གཏོང་ལ་ར་ཤག་གི་མ་མོ་སྒང་ཤར། གཏེར་གསར་ཟབ་བདུན་མངོན་རྫོགས་རྒྱལ་པོའི་སྐོར་དང་། མ་མོ་སྤྱི་བསྡུས་ལས་ཉེར་མཁོའི་རིགས། འཇིག་རྟེན་མཆོད་བསྟོད་ལ། གཏེར་གསར་དྲང་སྲོང་དྲི་མེད་ཞི་བའི་སྐོར་དང་། དྲེགས་པ་ཀུན་འདུལ། ཆོས་དབང་ལོཀྟྲིི་སོགས་ཁྲོ་བོ། དམོད་པ་དྲག་སྔགས་ལ་དྲག་
སྔགས་རྡོ་རྗེ་གཙུག་ལག །གཏེར་གསར་སྟོབས་ལྡན་ནག་པོའི་སྐོར་དང་། ངག་གི་རྡོ་རྗེའི་ཕྱག་རྡོར་ཞི་ཁྲོ། གྲུ་གུ་ཡང་དབང་གི་འཇོམས་བྱེད་རྩལ་ཉིའི་སྐོར། སྲིད་པ་གཏེར་ཁྱིམ་སོགས་བཞུགས། གསུམ་པ་ལ་མཁའ་འགྲོ་དང་ཆོས་སྐྱོང་གཉིས་ཀྱི་དང་པོ་ལ། བླ་མ་མངའ་བདག་ཆེན་པོའི་ཕག་མོ་དང་ཁྲོས་ནག་གི་སྐོར། ཆོས་དབང་དང་རཏྣའི་མཚོ་རྒྱལ་སྒྲུབ་སྐོར། ཕག་མོ་ཟབ་རྒྱ། རིག་འཛིན་སྲོག་སྒྲུབ་ཀྱི་ཕག་མོ། རྩ་རླུང་མཁའ་འགྲོ་གསང་མཛོད་ལ་སོགས་པ་དང་། རིན་ཆེན་ཕུན་ཚོགས་ཞིག་གླིང་དང་བདུད་འདུལ་ལུགས། འཆི་མེད་འཕགས་མའི་སྙིང་ཐིག་སོགས་སྒྲོལ་དཀར་གྱི་སྐོར། ཡེ་ཤེས་མཁའ་འགྲོ་དྲག་མོ་སེང་གེའི་གདོང་པ་ཅན་བོ་དོང་སྙན་བརྒྱུད་རྗེས་གནང་བཅུ་དང་གཞུང་གཅེས་བཏུས། བ་རི་ལུགས། ཀློང་གསལ་སི༚་ཧ་དམར་མོ། སྟག་ཤམ་བདུད་འདུལ་དྲག་མོ་སོགས་དམར་སྔོའི་རིགས་རྣམས་དང་། ཞར་བྱུང་བཞུགས། ཆོས་སྐྱོང་གི་ཐོག་མར་བསྟན་སྲུང་མགོན་པོའི་སྐོར་ལ། རྒྱུད་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོ། གཏེར་གསར་ཚོགས་བདག །ཉང་གཏེར་ཕྱག་བཞི་པ་མཐིང་དཀར། གཏེར་གསར་མྱུར་མཛད་ཕྱག་དྲུག་པ། མ་ནིང་རིགས་ཁ་ཤས། གུར་མགོན།
སྨིན་གཏེར་ཞལ་བཞི་པ། བཀའ་གཏེར་གཉིས་ལྡན་སྟག་ཞོན། བེང་། ཚོགས་བདག་རྣམས་དང་། ལྷ་མོའི་སྐོར་ལ་སྙིང་ཐིག་བཀའ་སྲོལ་གཙོར་གྱུར་སྔགས་སྲུང་མ། བཀའ་གཏེར་གཉིས་འདུས་རང་བྱུང་མ། ཉང་གཏེར་དང་གྲོལ་ཐིག་གི་རྡོ་རྗེ་གཤོག་རྒོད་མ། གཡུ་སྒྲོན་མ་དང་ཞྭ་ལུའི་སྲུང་མ་རྡོ་རྗེ་རབ་བརྟན་མ། ལས་འབྲེལ་ལུགས་ཀྱི་སྲོག་སྒྲུབ་མའི་སྐོར་རྣམས་དང་། དྲེགས་པ་སྣ་ཚོགས་པའི་སྐོར་ལ་ལས་འབྲེལ་གཟའ་བདུད། པུ་ཏྲ་མིང་སྲིང་། གཏེར་ཁ་གཉིས་ལྡན་ཤན་པ་དམར་ནག །བཀའ་གཏེར་མང་འདུས་དམ་ཅན་མགར་བ་དམར་ནག་དང་ཞིང་སྐྱོང་སེང་གདོང་ཅན། ཉང་གཏེར་དུར་ཁྲོད་མ་མོ། ཆོས་དབང་བརྟན་མ་བཅུ་གཉིས། ཉང་གཏེར་བེ་ཧ་ར། མངའ་རིས་པ་ཆེན་གཏེར་བྱོན་ཙི་དམར་སྐོར། བྱང་གཏེར་ཟངས་མཛོད་ཀྱི་སྲུང་མ་ཐང་ལྷ། གཏེར་གསར་བཀྲ་ཤིས་ཚེ་རིང་མའི་སྐོར་རྣམས་དང་། ཆོས་སྐྱོང་དགོངས་འདུས་སྒོ་འབྱེད་དབང་བསྐུར། སྤྱི་འགྲོའི་གཏོར་མ་རུ་མཚོན་གྲིབ་སེལ་གྱི་མན་ངག་ལ་སོགས་པ་བཞུགས། གཉིས་པ་ལས་ཚོག་གཙོ་བོར་གྱུར་པའི་སྐོར་ལ། བསྙེན་སྒྲུབ་ཆོ་ག་སྤྱིའི་ཡན་ལག་ཏུ་ཉེ་བར་མཁོ་བའི་སྐོར་དང་། བྱེ་བྲག་ལས་ཀྱི་ཚོགས་གཉིས་ཀྱི་དང་པོ་ལ། ལོ་ཆེན་
དྷརྨ་ཤྲཱིའི་དབང་བསྐུར་སྤྱིའི་མཚམས་སྦྱོར་སོགས་སྨིན་བྱེད་དབང་གི་སྐོར། སྔགས་ལྡེབ་སྙིང་གཟེར་ནག་པོ། ཀུན་མཁྱེན་ཀློང་ཆེན་པའི་ཆོས་སྤྱོད་ལམ་རིམ་སོགས་བསྙེན་སྒྲུབ་སྤྱིར་གཅེས་ཀྱི་སྐོར། དམ་ཅན་སྤྱི་གཏོར་ཆ་གསུམ་སོགས་ཐུན་མཚམས་གཏོར་ཆོག་གི་སྐོར། ན་རཀ་སྐོང་ཆོག་སོགས་ཚོགས་ཀྱི་འཁོར་ལོ་དང་འབྲེལ་པའི་སྐོར། དགེ་ལེགས་འདོད་འཇོ་སོགས་རྟེན་གསུམ་བབ་གནས་ཀྱི་སྐོར། ཐར་པའི་མྱུར་ལམ་སོགས་གནས་ལུང་དཔྱང་ཐག་གི་སྐོར། ཞི་བ་ལས་ཐམས་ཅད་པའི་སྦྱིན་སྲེག་སོགས་ལས་མཐར་ཕྱིན་པ་སྲེག་བླུག་གི་སྐོར་བདུན་ཏུ་བཞུགས། བྱེ་བྲག་ལས་ཀྱི་ཚོགས་རབ་འབྱམས་ལ་ལས་སྤྱི་དང་བྱེ་བྲག་གཉིས་ཀྱི་དང་པོ་ལ། མཆོག་གི་ཕྲིན་ལས་ཡང་ཏིག་ཡིད་བཞིན་ནོར་བུའི་བཏགས་གྲོལ་གྱི་དབང་ལ་སོགས་པ་དང་། སྣ་ནམ་ཐུབ་རྒྱལ་གྱི་གཏོ་བཅོས་བརྒྱ་རྩ་སོགས་འཁོར་ལོ། །རྡོ་རྗེ་གླིང་པའི་ནོར་བུའི་བང་མཛོད་སོགས་ཟ་ཡིག །ཨོ་རྒྱན་གླིང་པའི་རྟེན་འབྲེལ་ཡང་སྙིང་འདུས་པ། གནས་ཆེན་བྱིན་འབེབས་བཀའ་ནན་རབ་བརྗིད། མོ་པྲ་བརྟགས་པ། ཀུན་མཁྱེན་ཀློང་ཆེན་པའི་བདེ་ལེགས་ཀུན་འབྱུང་སོགས་བསང་བརྔན་དང་ཕུད་སྐོང་། ཆོས་གླིང་བར་ཆད་སེལ་བའི་ཆོས་བཀའ་བཞི། ར་ཤག་མདོས་
བཅུ་སོགས་མདོས་གླུད་ཉེར་མཁོའི་སྐོར་རྣམས་སོ། །གཉིས་པ་བྱེ་བྲག་ལས་སོ་སོར་སྒྲུབ་པ་ལ་འཇམ་དཔལ་གཤིན་རྗེ་རོལ་པའི་རྒྱུད་ལས། སྲུང་དང་ཞི་རྒྱས་དགུག་པ་དང་། །མངོན་སྤྱོད་ལས་ཀྱི་ཆོ་ག་ནི། །ཞེས་གསུངས་པ་ལྟར་དང་པོ་སྲུང་བའི་སྐོར་ལ། རྒྱ་ཕུར་བུའི་དུག་ཁྲག་རྫས་ཀྱི་སྲུང་བའི་དབང་དང་། བུམ་ལྕགས་གཞུང་། ཉང་ཆོས་དབང་སངས་གླིང་གི་གཏེར་བྱོན་རྣམས་དང་། ཞང་ཁྲོམ་གྱི་ཞྭ་སྲུང་། ལྕང་སྨན་དུག་སྲུང་། ཡུལ་འཁོར་སྲུང་བ་ཞིག་གླིང་ལུགས། མཚོན་སྲུང་གི་རིགས། གནམ་ལྕགས་གུར་ཁང་སོགས་སེར་སྲུང་། གནུབས་ཀྱི་གོང་ཁུག་སོགས་ཆར་སྲུང་། སད་སྲུང་དང་ཤྭ་སྲུང་། གུ་གེ་ཆིག་དྲིལ་སོགས་ནད་སྲུང་། ཕྱུགས་ནད་སྲུང་བའི་རིགས། བདེན་ཚིག་བཀའ་བསྒོས་སྲུང་བ། དམོད་ཚིག་སྤྲིང་ཡིག་གིས་སྲུང་བ་རྣམས་སོ། །གཉིས་པ་ཞི་བའི་ལས་ཀྱི་སྐོར་ལ། ནད་བདག་སྟོབས་འཇོམས། རིལ་བུ་དཀར་དམར། འཆི་མེད་ཚེ་བུམ། བདུད་འདུལ་ལོ་གྱོན་མ་སོགས་ནད་ཞི་བའི་སྐོར། བྱ་ཁྱུང་དམར་ནག་ཁྲ་གསུམ། ལས་འབྲེལ་དང་བདེ་གླིང་གཉེན་པོ་ལྷ་གསུམ། ཞི་སྦྱོང་དྲག་སྦྱོང་སོགས་གདོན་ཞི་བའི་སྐོར། བི་མ་ལ་དང་གནུབས་ལུགས། རྣམ་འཇོམས་དཀར་མཐིང་། ཉང་གཏེར་འཁོན་སྦྱོང་
དང་ཁྲོ་མོ་སྨེ་བརྩེགས། གཏེར་ཁ་གསར་རྙིང་གི་སྨེ་བརྩེགས་ལ་སོགས་པ་གྲིབ་དང་མི་གཙང་བཞི་བའི་སྐོར། བི་མ་མི་ཏྲ་དང་གཏེར་གསར་ལུགས་ཀྱི་གདུགས་དཀར། བྱད་འགྲོལ་གསེར་ལྡེ། འཁོར་ལོ་འཛུལ་ཆོག །ཡིག་རྒོད་ཆད་ཁྲུས་སོགས་བྱད་ཕུར་རྦོད་གཏོང་ཞི་བའི་སྐོར། ཉེས་པ་ཀུན་སེལ་རིགས་བཞི། སྲུང་བ་དང་རྫས་ཀྱི་ལས་འཇུག །སྤྱི་བཅོས་རྣམ་གཉིས། གཏེར་བུམ་གྱི་རིགས་སོགས་སྣོད་བཅུད་ཀྱི་ཉེས་པ་ཞི་བའི་སྐོར། གནམ་ཆོས་དང་ཀློང་གསལ་སོགས་ཀྱི་སྨན་བླ་ཀུན་རིག་མི་འཁྲུགས་པ། འཇའ་ཚོན་ལྟུང་བཤགས་ཆོ་ག་སོགས་མཐར་ཐུག་སྡིག་སྒྲིབ་ཞི་བའི་སྐོར་རྣམས་སོ། །གསུམ་པ་རྒྱས་པའི་ལས་ཀྱི་སྐོར་ལ། པདྨ་གསུང་གི་ཞི་སྒྲུབ་དང་འབྲེལ་བ་ཅི་རིགས་གོང་དུ་སོང་བས་འདིར་གཏེར་གསར་ཐུགས་སྒྲུབ་ཆོས་སྐུའི་སྐོར་ལས་ཚོགས་དང་བཅས་པ་ཀློང་གསལ་ལུགས་ཀྱི་རྣམ་རྒྱལ་མ། སྒེག་རྡོར་ལུགས་སོགས་བླ་བསླུ་དང་འཇའ་ཚོན་ལུགས་སོགས་འཆི་སླུའི་རིགས། ལྷ་བཙུན་དག་སྣང་མ་སོགས་སུན་ཟློག་དང་བརྟན་བཞུགས་གི་རིགས་ཏེ་ཚེ་རྒྱས་པར་བྱེད་པའི་སྐོར། ཆོས་དབང་བློ་ལྡན་མཆོག་སྲེད་སྒོས་སྒྲུབ། རཏྣའི་དབྱངས་ཅན་མ། ཤེས་རབ་འོད་ཟེར་གྱི་དབྱངས་ཅན་མའི་སྒྲུབ་ཐབས། གཏེར་གསར་བླ་མ་
སྨྲ་བའི་སེང་གེའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་སོགས་ཤེས་རབ་རྒྱས་པར་བྱེད་པའི་སྐོར། གཉལ་བའི་རྣམ་སྲས་ཕྱི་ནང་གསང་སྒྲུབ། ཕྱ་ཕྲིན་ནོར་བུ་མཆོག་རྒྱལ། གྲ་མངོན་ཞང་བློན་དང་ཛམ་དམར། གཏེར་ཁ་མང་པོའི་ཛམ་ལ་དཀར་སེར་དམར་ནག །གནམ་ཆོས་ཛམ་ལ་ཉེར་གཅིག །བསོད་ནམས་གླང་པོ་སྟོབས་སྐྱེད། གླང་ཆེན་བཅས་ཆོག །ལྷ་ལྔ་མཆོད་པ་དང་ཀླུང་རྟ་སྐྱེད་པ། གཏེར་གསར་བླ་མ་སྐྱེས་མཆོག་ཚུལ་བཟང་གི་སྐོར། དེའི་རྗེས་འབྲེལ་ལོ་ཏོག་རྒྱས་བྱེད་ཆར་འབེབས་ཀྱི་སྐོར་སོགས་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་རྒྱས་བྱེད་ཀྱི་སྐོར། རྡོར་གླིང་ལྷ་མོ་བུ་རྫི་མའི་རྟེན་མདོས། གཏེར་གསར་སོ་འབྲང་མ་སོགས་རིགས་རྒྱུད་རྒྱས་པར་བྱེད་པའི་སྐོར། རྒྱལ་བསྟན་རིན་པོ་ཆེ་རྒྱས་པར་བྱེད་པ་སངས་གླིང་གནས་བཅུའི་དབང་དང་ཆོག །མཐར་ཐུག་ཉམས་རྟོགས་ཀྱི་ཡེ་ཤེས་རྒྱས་པར་བྱེད་པ་ནི་སྔ་ཕྱིའི་བསྐྱེད་རྫོགས་ཀྱི་གདམས་པ་ཇི་སྙེད་པའོ། །བཞི་པ་དབང་གི་ལས་ཀྱི་སྐོར་ལ། གསང་འདུས་པདྨ་རྒྱལ་པོའི་སྒོས་སྒྲུབ། སངས་གླིང་ནོར་བུ་སྐོར་གསུམ། ཞིག་གླིང་བདེ་མཆོག་དམར་པོ། སྒྲོལ་མ་དམར་མོ་ལུགས་གཉིས། ཆོས་གླིང་ཛམ་དམར། ལྷ་ཆེན་དབང་ཕྱུག་རིགས་གཉིས། གཏེར་
གསར་པདྨ་མཁར་འགྲོའི་སྐོར་ལ་སོགས་པ་རྣམས་སོ། །ལྔ་པ་མངོན་སྤྱོད་ཀྱི་སྐོར་ལ། དྲག་ཤུལ་གྱི་ལས་ཐབས་ཆེན་པོ་བཅུ་གཉིས་སོགས་མཐའ་ཡས་པར་བཤད་ཀྱང་། གཙོ་བོར་སྲུང་ཟློག་བསད་པ་མཐའ་སྡུད་དེ་བཞིར་འདུ་བ་ལས། སྲུང་བ་གོང་དུ་སོང་བས་འདིར་ཆོས་དབང་ཟབ་གཏེར་བྱད་མ་འབུམ་ཐུབ་ཀྱི་སྲོག་འཁོར། ཟློག་པ་ལ། འཁོར་ལོ་འབར་བ་སོགས་སྲི་ཟློག །གཏེར་ཁ་གསུམ་ལྡན་གྱི་ཡང་ཟློག་སོགས་ཡང་ཟློག་ཕྲ་མོའི་རིགས། རྩོད་རྒྱལ་བཙན་པོ་ཁ་ཆིངས། གཏད་ཧྲུལ་ཟངས་གླིང་མ། གཏད་ཟློག །འདུན་བཤིགས་ལ་སོགས་པ་རྣམས་དང་། བསད་པ་གནུབས་ལུགས་ཀིང་ནག་སྟག་བྱང་མ། སྲུང་ཟློག་བསད་པ་གསུམ་ཀའི་མཐར་ཐུག་གནུབས་ལུགས་མཐུ་སྟོབས་དྲེགས་པའི་རྒྱལ་པོ། ཧྲཱིཿདམར་གཤིན་རྗེའི་ཡང་སྙིང་། ཡ་བོན་རི་ཁྲོད་སེང་གེའི་ཕར་ཕྱིན་རྒྱལ་བའི་བཀའ་མཐུ་སོགས་དང་། མཐའ་སྡུད་འབྱུང་གཞིའི་སྦྱོར་བ་ལ། ཀིང་དམར་ནག །བྱང་གཏེར་སྲི་མནན་སོགས་དགྲ་བགེགས་ས་ལ་མནན་པ། གཏད་གཞུང་རྒྱས་པ་མཐའ་ཡས་པ་ལས་འདིར་ལས་འབྲེལ་དྲེགས་འདུལ་ལས་མཐའ་གཏད་ཁྲོམ་གྱི་གཞུང་ཙམ་སྟེ་ཆུ་ལ་གཏད་པ། མེ་ལ་བསྲེགས་པ་ཅི་རིགས་གོང་དུ་སོང་བས། རླུང་འཁྲུགས་འབུམ་
གྱི་ཡང་སྙིང་དུག་གི་འཁོར་ལོ་སོགས་རླུང་ལ་བསྐུར་བའི་ལས་རྣམས་མཆིས་ཤིང་། མངོན་སྤྱོད་ལས་ཀྱི་སྦྱོར་བ་རྒྱུན་ལྡན་དུ་མ་ཞིག་སྣང་ཡང་འདིར་ས་བཅད་ཙམ་ལས་སྡུད་པའི་སྤྲོས་པ་མ་བགྱིས་སོ། །སྤྱི་དོན་གཉིས་པ་ཆོས་ཐམས་ཅད་ཀྱི་ལམ་ལྟ་བུ་རྫོགས་པ་ཨ་ནུ་ཡོ་གའི་སྐོར་ལ། ལུང་ལུགས་དང་འདུས་མདོའི་ཚེ་དབང་ཁྲིད་བཅས། འདུས་མདོའི་ངང་སྒོམ་གྱི་ཁྲིད། ཆོས་དྲུག་སྲས་མཁར་མ། གཏེར་གསར་སེང་བྲག་གསང་བའི་གླེགས་བམ་ལས་བྱོན་པ་མདོ་ལུང་ཆེན་པོ་ལྔའི་དགོངས་པ་རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པ་རྣམས་བཞུགས། གསུམ་པ་ཆོས་ཐམས་ཅད་ཀྱི་འབྲས་བུ་ལྟ་བུ་མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ། ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་གསུམ་གྱི་དང་པོ་ལ། སེམས་སྡེ་ཨ་དོན་བཅོ་བརྒྱད་ཀྱི་དབང་། ཉང་ལུགས་དང་ཨ་རོ་ལུགས་ཀྱི་ཁྲིད། ཀུན་བྱེད་རྒྱལ་པོའི་དོན་ཁྲིད། རཏྣའི་ཕྱག་ཆེན་ཉི་མའི་སྙིང་པོ། གཏེར་གསར་ཤེལ་ཕུག་མའི་སེམས་སྡེའི་སྐོར་ཚང་བ། གཉིས་པ་ཀློང་སྡེའི་སྐོར་ལ་རྡོ་རྗེ་ཟམ་པའི་སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་དབང་། ཁྲིད་རྩ་འགྲེལ། གཏེར་གསར་ཤེལ་ཕུག་ཀློང་སྡེའི་སྨིན་གྲོལ་གྱི་སྐོར། གསུམ་པ་མན་ངག་གི་སྡེ་ལ་བཀའ་མ་སྙན་བརྒྱུད་ཐིག་ལེ་གསང་
སྐོར། གཏེར་མ་ལ། ཨ་ཏི། སྤྱི་ཏི། ཡང་ཏི་གསུམ། དང་པོ་ལ་བཀའ་སྲོལ་བཞིར་གྲགས་པ་ལས། སློབ་དཔོན་བི་མ་ལའི་བཀའ་སྲོལ་རྒྱུད་བཅུ་བདུན་ཁྲོས་མ་དང་བཅས་པའི་དབང་བསྐུར་བཀའ་རྒྱ་མ། ཀརྨ་སྙིང་ཐིག །ཞིག་གླིང་གསང་བ་སྙིང་ཐིག །ལྕེ་བཙུན་བི་མའི་ཟབ་ཏིག་རྣམས་དང་། སློབ་དཔོན་ཆེན་པོ་པདྨའི་བཀའ་སྲོལ་མཐའ་ཡས་པ་ལས། མཁའ་འགྲོ་ཡང་ཏིག་གི་དབང་དང་སྙིང་ཐིག་ཁྲིད། རཏྣའི་ཀློང་གསལ་སྙིང་ཐིག །ཀུན་སྐྱོང་གླིང་པའི་རྡོར་སེམས་སྙིང་ཐིག །རོལ་རྡོར་གསང་ཡེ། པདྨ་བདེ་ཆེན་གླིང་པའི་མཁའ་འགྲོ་སྙིང་ཐིག་གི་སྨིན་གྲོལ་རྣམས་དང་། སློབ་དཔོན་བཻ་རོ་ཙ་ནའི་བཀའ་སྲོལ་ཤེལ་ཕུག་མན་ངག་སྡེའི་སྐོར་རྣམས་དང་། སློབ་དཔོན་རྣམ་གསུམ་གྱི་དགོངས་ཉམས་གཅིག་དྲིལ་ཨ་ཏི་ཟབ་དོན་སྙིང་པོ་བཅས། གཉིས་པ་སྤྱི་ཏི་ཡོ་ག་སྤ་གྲོ་བ་ཚེ་རིང་རྡོ་རྗེའི་གཏེར་མ་སྨིན་གྲོལ་ཆོས་བཀའ་ཚང་བ། གསུམ་པ་ཡང་ཏིའི་སྐོར་ལ་ཆོས་དབང་རིན་པོ་ཆེའི་ཡང་ཏི་སངས་རྒྱས་མཉམ་སྦྱོར། དུང་མཚོ་རས་པའི་ཡང་ཏི་གསེར་གྱི་འབྲུ་གཅིག །ཞར་བྱུང་གསང་སྔགས་ལམ་རིམ་དང་འཇམ་དཔལ་རྫོགས་ཆེན། ཐ་མར་དགེ་བ་ཕྱག་རྫོགས་ཟུང་འཇུག་ནོར་བུ་མཐོང་གྲོལ་བྲམ་པ་གྲུབ་ཆེན་ཀུན་
དགའ་བཟང་པོའི་ཟབ་གཏེར་གྱི་ཁྲིད་བཅས་སོ། །དེ་དག་ལ་སོ་སོའི་གཞུང་དང་གསལ་བྱེད་ཀྱི་ཡིག་ཆ་ཁུངས་ཐུབ་གསར་རྙིང་གི་རིགས་འགོད་པར་འོས་པ་རྣམས་དང་། ཕལ་མོ་ཆེར་དབང་དང་ཆོག་བསྒྲིགས་ཀྱིས་མཚོན་གོ་སླ་ཁྱེར་བདེའི་ཡིག་ཆ་རང་ཉིད་ཀྱིས་ཞབས་ཏོག་ཏུ་སྤེལ་བ་སྟེ། ཞིབ་པར་རིན་ཆེན་གཏེར་མཛོད་ཀྱི་དབུར་བཞུགས་པའི་དཀར་ཆག་དངོས་གྲུབ་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་ཏུ་གསལ་བས་འདིར་ས་བཅད་ཙམ་ལས་མ་སྤྲོས་སོ། །ཐར་པའི་སྲོག་འཚོ་སྦྱིན་པའི་བདུད་རྩིའི་རྫིང་། །གྲུབ་གཉིས་འདོད་རྒུ་འཇོ་བའི་བཻ་ཌཱུརྻ། །སྒྲིབ་པའི་རི་འཇོམས་རྡོ་རྗེ་ཆེན་པོ་ནི། །གསང་མཆོག་དམ་པའི་ཆོས་མཚུངས་གཞར་ཡང་མེད། །རིན་ཆེན་བཀོད་པའི་སྙིང་པོའི་བཅུད་ཇི་སྲིད། །ཆུ་གཏེར་ཆེན་པོའི་འཇིང་རུམ་ཟད་མི་ཤེས། །རིན་ཆེན་གཏེར་གྱི་མཛོད་ཆེན་གནས་དེ་སྲིད། །སྔ་འགྱུར་ཆུ་ཀླུང་གཞན་ཕན་གསོས་སུ་འབབས། །དམ་ཆོས་ཚིག་གཅིག་ཐོས་པའི་རྣ་བའི་རིན། །གསེར་ཞིང་ནོར་བུས་བཀང་བས་གཞལ་བྱར་མིན། །ཆོས་མཆོག་གསང་མཐའི་རྒྱལ་སྲིད་རིན་ཆེན་ལ། །ཅི་དགར་སྤྱོད་རྣམས་ཆོས་ཀྱི་འཁོར་ལོས་སྒྱུར། །ལྷོ་རླུང་ཙནྡན་བསིལ་བའི་ངད་པ་དང་། །མཐོ་རིས་མཛེས་མའི་ལུས་འཇམ་རེག་པས་ཀྱང་། །ཞི་བསིལ་
བདེ་བ་སྦྱིན་ལ་ཆ་ཙམ་ཡང་། །མི་མཚོན་ཆགས་བྲལ་ལུང་གི་ཆོས་འདི་རྨད། །དྲུག་པ་ཐུགས་རྟེན་གྱི་དཀར་ཆག་བཤད་པ་ལ་གཉིས། ཆོས་སྐུའི་རྟེན་མཆོད་རྟེན་དང་། རྣལ་འབྱོར་སྒོམ་པའི་སྡེའོ། །དང་པོ་ནི། ཐུགས་རྟེན་གཙོ་བོ་དུས་འཁོར་ཡེ་ཤེས་མཆོད་རྟེན་ནི། རྒྱུད་དེ་ཉིད་ཀྱི་ཡེ་ཤེས་ལེའུ་ལས་གསལ་བར་གསུངས་པའི་ཆགས་ཚད་མཁས་པ་སྔ་ཕྱི་དག་གིས་གཏན་ལ་དབབ་པ་ཇི་ལྟ་བར་བཞེངས་སུ་གསོལ་བའི་ནང་གཞུག་ཡུངས་འབྲུ་ལྟ་བུའི་རིང་བསྲེལ། གཟུངས་ཆེན་སྡེ་ལྔ་དང་དུས་འཁོར་རྩ་སྔགས་སྙིང་པོའི་རིགས། སྦྱོར་དྲུག་བླ་བརྒྱུད་སོགས་ཆ་གྲངས། དཔལ་ལྡན་ཛཾ་ཐང་གི་རྟེན་ཁྲོད་ནས་བྱོན་པའི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཚེམས་ཆེར་འཕེལ་བ་གཅིག །འཇམ་དབྱངས་བདུན་པ་ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་ཀྱི་ཕྱག་མཐེབ་སེན་མོ་བུབ་ཚང་། བྱིན་སྐུ་ཁྱད་འཕགས་ཁ་ཤས། ཇོ་ཞལ་གྱི་བྱིན་རྟེན་རིགས་ཁྱད་པར་བཞུགས་ཤིང་། བུམ་སྒོར་ཐུབ་དབང་གྲོང་གཤེགས་མའི་སྐུ་བརྙན་སྟོད་ཧོར་ལི་མ་བྱོན་ལེགས་རྒྱལ་དབང་བཅུ་བཞི་པས་འདི་གའི་ནང་རྟེན་ཏུ་སྩལ་བ་ཉིད་བཞུགས་པའོ། །ལྷ་བབ་སོགས་མཆོད་རྟེན་ཆ་བརྒྱད་རེ་རེ་ལའང་གཟུངས་ཆེན་སྡེ་ལྔ་རྒྱས་བསྡུས་ཚར་གྲངས་མང་བ་
རེས་གཙོས་རིང་བསྲེལ་རྣམ་བཞིས་ཕྱུར་བུར་བཀང་ཞིང་། མཆོད་རྟེན་དགུ་པོ་ཐམས་ཅད་ལ་སེང་ཁྲིའི་ནང་གཏེར་བུམ་ཚད་ལྡན་རེ། ཚད་མེད་ནང་དྲི་མེད་རྣམ་གཉིས་ཀྱི་དཀྱིལ་འཁོར་རས་བྲིས་ཁར་སྲོག་ཤིང་ཆོགས་བཙུགས་ཏེ། རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོའི་གདུང་རུས་གདུང་ཐལ་སྤུར་ཚྭ་གདུང་ཁྲུས་སོགས་བསྲེས་པའི་གཙུག་ཏོར་དྲི་མེད་ཀྱི་སཱཙྪ་བརྒྱ་དང་རྩ་བརྒྱད་རེ། འོད་ཟེར་དྲི་མེད་ཀྱི་སཱཙྪ་དགུ་བཅུ་རྩ་དགུ་རེ་སྤར་ཁོང་ཆུང་ངུ་ལ་སྔགས་ཆོག་གིས་བཏབ་ཅིང་སོ་སོའི་གཟུངས་ལྡན་ཆོ་གས་ལེགས་པར་བསྒྲུབས་པ་ཉིད་བཞུགས་སུ་གསོལ་བ་དང་། རག་གི་མཆོད་རྟེན་ཆ་བརྒྱད་ཆེ་ཆུང་ཆ་གཉིས་ལའང་སྲོག་ཤིང་དང་རིང་བསྲེལ་བཞི་ཚང་བར་བཞུགས་པའོ། །རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་ལུང་བཞིན་ཕྱི་རོལ་བྱང་ངོས་སུ་བཞེངས་པའི་རྣམ་རྒྱལ་མཆོད་རྟེན་ལའང་། ཐོག་མར་གཙུག་ཏོར་དྲི་མེད་ཀྱིས་སློང་བའི་ཆོ་ག་བགྱིས་ནས་རྨངས་བཏིང་བའི་ནང་དུ་གཏེར་བུམ་ཚད་ལྡན་ཏུ་བསྒྲུབས་པ་ཁ་ཤས་བཞག་སེང་ཁྲིའི་ནང་དུའང་གནོད་སྦྱིན་བང་མཛོད་ཀྱི་བཅའ་ཁ་ཚང་བར་འདུ་བགྱིས། ཚད་མེད་དང་བུམ་རྟེན་སྐོར་ལ། དྲི་མེད་རྣམ་གཉིས་ཀྱི་དཀྱིལ་འཁོར་རྡོ་ལ་བརྐོས་པའི་ཁར་སྟོད་སྨད་ཀྱི་
གཟུངས་དང་མཆོད་པའི་བྱེ་བྲག་སོགས་གཞུང་ལས་ཇི་སྐད་བཤད་པ་ལག་ལེན་ཚད་མའི་རྒྱུན་བཞིན་འདུ་བགྱིས་པའི་སྲོག་ཤིང་སོ་སོའི་ཆོ་ག་དངོས་སྟ་དབྱེ་བའི་ཉིན་གཉིས་པས་ལེགས་པར་བཙུགས། ཁྱབ་བདག་བླ་མ་རྡོ་རྗེ་འཆང་གི་གདུང་རུས་སོགས་བསྲེས་ནས་བྱིན་གྱིས་བརླབས་པའི་འདམ་པ་ལ་དྲི་མེད་རྣམ་གཉིས་ཀྱི་གཟུངས་རིང་ཐུང་ནང་གཞུག་ལྡན་པའི་སཱཙྪ་ཆེ་བ་གྲངས་གོང་གསལ་སྔགས་ཀྱི་ཆོ་ག་དང་ལྡན་པས་ལེགས་པར་བཏབ་ཅིང་སོ་སོའི་ཆོ་གས་ཚད་ལྡན་ཏུ་བསྒྲུབས་པ་རྣམས་བཞུགས་སུ་གསོལ། །གཞན་ཡང་བུམ་པའི་སྟོད་སྨད་ཀུན་ཏུ་རྒྱུ་བྱིན་རླབས་དང་སོ་སོའི་གཟུངས་ཀྱི་ནང་གཞུག་ཚད་ལྡན་བགྱིས་པའི་ཚེ་ལྷ་རྣམ་གསུམ་བརྒྱ་དང་བརྒྱད། རྡོར་སེམས་སྐུ་དང་མི་འཁྲུགས་པ་སྟོང་སྐུ་རེ། ཏོག་གི་ནང་དུ་བདུད་འདུལ་གཏེར་བྱོན་གཙོར་གྱུར་ཡུངས་ལྟ་བུའི་རིང་བསྲེལ་དངོས་བཅུ་ཕྲག་གཅིག །ཉི་ཟླའི་ནང་དུ་ལི་རྙིང་མ་ཉམས་པའི་ཐུབ་སྐུ་བྱིན་ཆེན་དང་བཀའ་གདམས་མཆོད་རྟེན་དེ་མཚུངས་གཅིག །རྒྱལ་དབང་བཅུ་གསུམ་པ་དང་ཆོས་རྒྱལ་བསྟན་པ་ཚེ་རིང་གི་ཕྱག་བཏབ་མདོ་རྒྱུད་ཀྱི་བྱིན་སྐུ་མང་པོ་སོགས་ཁྱད་པར་དུ་བཞུགས་ཤིང་། སྤྱིར་རྟེན་གཙོ་ལྷ་ཆེན་རྣམ་གསུམ་གྱི་སྐབས་སུ་སྨོས་པའི་བྱིན་རྟེན་དམ་རྫས་འབྲུ་སྨན་རིན་པོ་ཆེ་ས་
སྣ་ཆུ་སྣ་སོགས་དང་གཏེར་གསར་བྱིན་རྫས་ཚང་མ། གཟུངས་ཆེན་སྡེ་ལྔ་ཆ་གྲངས་མང་པོ་གཙོར་བྱས་གཟུངས་གཞུག་རྒྱས་བསྡུས་རིགས་ལྷ་ཆེན་གསུམ་ལྟར་གོ་རིམ་མ་ལོག་པར་བཞུགས་པ་དང་། གདུགས་དཀར། སོ་འབྲང་མ། གྲོང་ཁྱེར་སྒྲོལ་འཁོར། ཐོག་དང་ས་གཡོས་སྲུང་བའི་ཙཀྲ་སོགས་གསར་མའི་རིགས། དགོངས་འདུས་རྒྱུད་དགུ། སྙིང་ཐིག་འདས་རྗེས་དང་རྒྱུད་དྲུག་སངས་རྒྱས་སྲས་གཅིག་རིགས་མང་ངོ་། །ཡེ་འབར་རྩ་རྒྱུད། ཐུགས་རྗེ་ཆེན་པོ་དང་དགོངས་འདུས་ལུགས་སོགས་མཐོང་གྲོལ་རིགས། གཏེར་གསར་ཐུགས་སྒྲུབ་ལོངས་སྐུ་སེམས་ཉིད་ངལ་གསོའི་མཐོང་གྲོལ་ཙཀྲ། འོད་དཔག་མེད་པའི་ཞིང་བཀོད་ཀྱི་མདོ། མི་འཁྲུགས་པའི་ཞིང་བཀོད་ཀྱི་མདོ། སྨན་བླའི་མདོ་གཟུངས་ཆེ་ཆུང་། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོ་སྡེ་ཆེ་ཆུང་། སངས་རྒྱས་ཀྱི་མཚན་ལྔ་སྟོང་ལྔ་བརྒྱ་པ། མེ་ཏོག་ཚོགས་ཀྱི་མདོ། ཡོངས་བསྔོ་འཁོར་ལོའི་མདོ། སྤང་སྐོང་ཕྱག་བརྒྱ་པ། ཤེར་ཕྱིན་སྡུད་པ་དང་ཤེར་སྙིང་། རྡོ་རྗེ་གཅོད་པ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ། ཚེ་མདོ་དང་འཆི་མེད་རྔ་སྒྲ། འཇམ་དཔལ་མཚན་བརྗོད་སོགས་མདོ་རྒྱུད་ཀྱི་གླེགས་བམ་གཉིས་རྣམས་བཞུགས་ཤིང་། རབ་གནས་ཀྱི་རྗེས་ཐོབ་ཏུའང་
བླ་མ་དགོངས་འདུས་དང་ཡེ་འབར་ལུགས་ཀྱི་མཐོང་གྲོལ་ཆོ་ག་གཏེར་གསར་ཐུགས་སྒྲུབ་ལོངས་སྐུའི་ལས་ཚོགས་རིན་འབྱུང་ཤཱཀྱ་སེང་གེའི་རིག་གྲོལ་གྱི་ཆོ་ག་སོགས་ཀྱང་སོ་སོའི་གཞུང་ལས་བཤད་པ་ལྟར་ལེགས་པར་བགྱིས་སོ། །གཉིས་པ་ནི། དཔལ་ཧེ་རུ་ཀའི་རྟེན་མཆོག་དང་ཟུང་དུ་འབྲེལ་བར་དེ་ཉིད་ཀྱི་ཡེ་ཤེས་ཕྱག་རྒྱ་སྒྲུབ་པའི་སྡེ་ཉུང་ཡང་དངོས་གཙང་བ་ཞིག་བྱུང་ན་སྙམ་པའི་རེ་འདུན་ཡིད་ལ་གཅགས་ཀྱང་། སྐུ་དང་གསུང་རྟེན་གཙོས་ཕྱི་ནང་གི་བཞེངས་བཀོད་རྣམས་ལ་ཡོད་དགུ་རྩལ་སྤྲུགས་ཀྱིས་ལྷ་བཟོ། བྲིས་མགར་ཤིང་མཁན་གྲོགས་ངན་པ་ཡན་ཆད་ལ་བཟའ་བཏུང་ཕོག་རྒྱུགས། དབུ་མཛད་ལ་ཞག་སུམ་ཁག་དང་འཕར་ཆ། གཞན་རྣམས་ལའང་བབ་འོས་དང་བསྟུན་པའི་བཞི་ཁག་ནས་བདུན་ཁག་གི་བར། འཛུགས་སྟོན་འཕར་སྟོན་གཟབ་སྟོན། རབ་གནས་ལེགས་འབུལ་སོགས་དང་རོལ་མོ་མཆོད་ཆ། ཐབ་ཆས་གྲལ་གདན་ཡན་ཆད་མི་མཁོ་བ་དང་ཉོ་བཙལ་མི་དགོས་པའང་གཅིག་ཀྱང་མེད་པ་ལྟ་བུས་དེ་དག་ལའང་སོ་སོའི་རིན་ཐང་ལ་དཔག་པའི་རིན་རྩ་བཅས་གང་ཐད་འབྱོར་ལྡན་རྣམས་ཀྱི་ལུགས་བཞིན་དུས་གཅིག་ལ་གཡེར་ཆེན་མ་བྱུང་ཡང་གང་འབྱོར་སེར་སྣས་མ་བཅིངས་ཤིང་ཕུག་བསྲིས་ཀྱི་
ལྷག་ལུས་མེད་པར་འཕྲལ་བྱུང་འཕྲལ་དག་ཏུ་རྒྱུན་མི་འཆད་པར་བཏང་བཞིན་པའི་སྟབས་ཟང་ཟིང་འབྱོར་མཁོས་རྒྱ་མི་ཆེ་བས་སྤོབས་པའི་གཟེངས་ཆེས་ཞུམ་ནའང་། དཀོན་མཆོག་པ་འབབས་དངོས་པོས་ཐབས་མ་ཆགས་ཙམ་རིམ་པར་འབྱོར་བ་དང་། གཙོ་ཆེར་དབོན་སྤྲུལ་རིན་པོ་ཆེ་ཉིད་བསམས་བཞིན་སྐྱེ་བ་བཞེས་པའི་རྟགས་མ་འཁྲུལ་བས་བསྟན་དོན་སྤྱི་ལ་ཕྱོགས་ལྷུང་བྲལ་བའི་དགོངས་རྒྱ་མཁའ་ལྟར་ཡངས་ཤིང་ནམ་དུའང་མི་འགྱུར་བའི་སྟབས། ཁོ་བོ་ལའང་རྣམ་པ་ཀུན་ཏུ་བོང་བ་གསེར་དུ་གཟིགས་པའི་ཡང་ཁྲོད་འདི་གའི་རྟེན་བརྟེན་པ་མཐའ་དག་ལ་སྒོ་ཐམས་ཅད་ནས་བཀའ་དྲིན་ཐུགས་རྗེའི་གྲིབ་བསིལ་གཅིག་ཏུ་སྣུམ་པའི་མཐུ་ཁོ་ན་ལ་བརྟེན་བློ་གྲོས་ཀྱི་སྤོབས་པ་སྐྱེས་ཏེ། རྡོར་སློབ་བཅས་པའི་སྒྲུབ་པ་ལྔ། མགོན་ཁང་བླ་མ་གཅིག །ཞབས་འདེགས་པ་མ་ཆེན་ཤིང་པ་གཉིས་བཅས་དཔོན་སློབ་བརྒྱད་ལ་གདན་ས་ཆེན་པོ་ཉིད་ནམ་གནས་པར་འཚོ་ཆས་མཐུན་རྐྱེན་སྦྱོར་བའི་རྟེན། ཇ་ནས་ཀྱི་ཐེབས་སུ་གསེར་དངུལ་རྡེལ་ཚད་བཞི། གསོལ་མར་མཆོད་མེ་ཚེ་འབར་བཅས་ཀྱི་ཐེབས་འབྲི་མ་དྲུག་ཅུ་ཡར་བརྒལ་བླ་བྲང་གཞུང་དུ་ཕུལ་ཏེ། རབ་བྱུང་བཅུ་བཞི་པའི་གདོང་ངན་མེ་ཕོ་སྤྲེལ་གྱི་ལོ་ནས་བཟུང་། ཇི་སྲིད་བར་སྒྲུབ་ཐེབས་རེ་ལ་ལོ་གསུམ་ཕྱོགས་གསུམ་
གྱི་མཚམས་རྒྱ་སྒྲུབ་ཁང་འོག་མ་དང་མཉམ་བསྡམ་མཉམ་གྲོལ་སོགས་མགོ་ལུང་སྤྱི་བླ་བྲང་སྐུ་མཆེད་ནས་གནང་བའི། བཞུགས་མཁན་སྒྲུབ་པ་པོ་སྡོམ་པ་དང་དམ་ཚིག་ཡོད་པར་ངེས་ཤིང་དབྱར་གནས་ཀྱི་གྲལ་དུ་བཞུགས་ཏེ་ཐོས་བསམ་གྱི་གོ་མྱོང་ཅི་རིགས་ཡོད་པ་དང་ཁྱད་པར་དད་འདུན་ལྷག་བསམ་ལྡན་ཅིང་ཉམས་ལེན་ལ་བརྩོན་འགྲུས་ནུས་ངེས་ལས་འདོད་ཞུས་གང་བྱེད་མི་འཇོག་པ་དང་། བཞུགས་པར་ཉེ་བ་ན་ཉེར་མཁོའི་ཁྲིད་དཔེའི་རིགས་སོགས་འདིར་གང་མཁོ་ཚང་མ་སྤར་དུ་འཁོད་གྲུབ་པས་སོ་སོས་ཚག་དོན་གྲུབ་ནས། ཕྱག་སྐོར་སཱཙྪ་ཆུ་གཏོར་སོགས་སྒྲུབ་པའི་བར་ཆད་ཞི་ཞིང་སྒྲུབ་པ་མཐར་ཕྱིན་པའི་སྣ་སེལ་བསགས་སྦྱོང་གི་རིགས་གྲུབ་ནས། བསྒྲུབ་བྱའི་ཉམས་ལེན་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པས་ཉམས་ལེན་གྱི་གཞི་བཟུང་། གསར་རྙིང་རྒྱུད་སྡེའི་བསྐྱེད་རྫོགས་རྣམས་ཀྱིས་སྒྲུབ་པའི་གཞུང་བསྲང་། བློ་སྦྱོང་དང་གཅོད་ཡུལ་སོགས་ཀྱི་ཉམས་ལེན་གྱི་ཟུར་བརྒྱན་ནས་བླ་མའི་མིང་ཐོགས་ཙམ་མ་ཡིན་པར་རབ་རང་རྒྱུད་སྨིན་ནས་གཞན་རྒྱུད་གྲོལ་བར་ནུས་པ། འབྲིང་བསྐྱེད་རྫོགས་ལ་རང་བློའི་གཏད་སོ་ཡོད་པ། ཐ་མའང་བློ་ཆོས་དང་འདྲེས་ནས་རང་གཞན་མི་བསླུ་བ་ཞིག་བྱ་དགོས་པའི་ཐོག་མར་བར་ཆད་
བགེགས་འཇོམས་རྡོ་རྗེ་ཕུར་པའི་བསྙེན་པ་གསང་ཐིག་ཕྱག་རྒྱ་གཅིག་པ་ལྟར་ཞག་བདུན་ཕྲག་གཅིག་ཏུ་བཏང་། དེ་ནས་མཉམ་མེད་དྭགས་པོ་རིན་པོ་ཆེའི་གསུང་རབ་ཐར་པ་རིན་པོ་ཆེའི་རྒྱན་དང་། ཕྱག་ཆེན་ངེས་དོན་རྒྱ་མཚོའི་གཞུང་། ཇོ་ནང་རྗེ་བཙུན་ཆེན་པོའི་གསུང་དང་ལམ་རིམ་རྣམས་ལྟོ་སྦྱར་ཏེ་དལ་འབྱོར་རྙེད་དཀའ་སོགས་ཐུན་མོང་གི་སྔོན་འགྲོ་བཞི་རྒྱུད་ལ་འབྱོར་ངེས་བྱ། སྔར་མ་ཐོབ་པ་ཡིན་ན་བྱང་ཆུབ་སེམས་སྡོམ་ཡང་ཕོག་ལ་ཐུན་མིན་སྔོན་འགྲོ་བསགས་སྦྱོང་ཕྱག་དང་བཅས་འབུམ་ཐེར་ལྷག་རེ་གྲུབ་ནས། རྒྱུད་སྡེ་ལྔའི་དབང་ཆེན་སྔོན་ཏུ་འགྲོ་བའི་བདེ་མཆོག་ལྷ་ལྔ་སོགས་ཤངས་ལུགས་དབང་བཀའ་ཆེ་ཆུང་བྱིན་རླབས་ཀྱི་རིགས། བསྐྱེད་རྫོགས་སྨིན་ཁྲིད་སོ་སོ། རྒྱབ་བརྟེན་ཡིག་ཆ་རྣམས་ཀྱི་ལུང་བཅས་སྐབས་བསྟུན་རིམ་པར་བགྱིད་ཅིང་། ཉམས་ལེན་གྱི་སྒོ་ཐོག་མར་བསྐྱེད་རིམ་ལ། ཤངས་ལུགས་བདེ་མཆོག་ལྷ་ལྔ་བསྙེན་ཚད་ལྷག་ཙམ། རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་ལུས་དཀྱིལ་སོ་སོར་འབུམ་ཐེར་རེ། སོ་སོའི་སྒྲུབ་མཆོད་ཁ་སྐོང་སྦྱིན་སྲེག་བཅས་གྲུབ་པ་དང་། རྫོགས་རིམ་ལ་དག་བྱེད་ཨའི་སྟོང་ར་ནས་བཟུང་། རྩ་བ་ནི་གུ་ཆོས་དྲུག །སྡོང་པོ་ཕྱག་རྒྱ་ཆེན་པོ། ཡལ་ག་ལམ་ཁྱེར་རྣམ་གསུམ། མེ་ཏོག་མཁའ་སྤྱོད་དཀར་དམར།
འབྲས་བུ་འཆི་མེད་འཆུགས་མེད། སུ་ཁ་ཆོས་དྲུག །ལྷ་བཞི་དྲིལ་སྒྲུབ། བླ་མགོན་དབྱེར་མེད། ནི་དྷི་གཉིས་ཀྱི་ཚེ་སྒྲུབ་བདུན་ཕྲག་ཙམ་རེས་མཐའ་རྒྱས་སུ་བྱ། དེ་ནས་དབང་ཆེན་མཆོག་དབང་ཁྲིད་རྣམས་སྐབས་དང་བསྟུན་པའི་དུས་འཁོར་ལྷ་དགུའི་བསྙེན་ཚད་དང་། སྦྱིན་སྲེག །སྔོན་འགྲོ་འོས་འཚམས་བཏང་ནས། དབེན་གསུམ་ནས། རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པའི་ཉམས་ལེན་ཟླ་བ་དྲུག་ཙམ་བསྐྱང་། དེ་འབྲེལ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱང་ཁྲིད་རྒྱུན་དང་འབྲེལ་འཇོག་སྤེལ་ནས། སོ་སོའི་ཡིག་ཆའི་ལུང་བཀླག །དེ་ནས་བཀའ་གཏེར་ཟུང་འཇུག་རྡོར་སེམས་ཐུགས་ཀྱི་སྒྲུབ་པ་དང་། སོ་ལུགས་ཡང་དག་ཟླ་གམ་དགུ་མ་སོ་སོའི་དབང་ལུང་ཁྲིད་བཅས་བསྙེན་ཚད་སྒྲུབ་མཆོད་སྦྱིན་སྲེག་རྣམས་ལེགས་པར་བཏང་ནས་ཁ་སྐོང་སྲེག་བླུགས་བཅས་གྲུབ་མཚམས། ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་དགོངས་བཅུད་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་སྔོན་འགྲོ་སེམས་སྦྱོང་བདུན་པོ་དང་། བསགས་སྦྱོང་རྣམས་ཞག་བདུན་ཕྲག་ལ་སོགས་པའི་གྲངས་བཅད་སྔོན་ཏུ་འགྲོ་བས། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་རབ་ཏུ་སྤྲོས་མེད་ཀྱི་དབང་བཞི་སྨིན་ཁྲིད་སོ་སོའི་སྐབས་སྦྱར་དུ་བགྱིས་ཏེ། ཐུན་མིན་སྔོན་འགྲོ་
རྣམས་ལ་ནན་ཏན་དང་། ཁྲེགས་ཆོད་ཐོད་རྒལ་ལ་ཉམས་ལེན་དངོས་གཞི། དེའི་སྐབས་སུ་སྦྱོར་བར་འོས་པའི་ཟུར་འདེབས་རྣམས་ཁྲིད་ཡིག་དྲི་མེད་ཞལ་ལུང་སོར་བཞག་ཉམས་ལེན་མཐར་ཕྱིན་པར་བགྱིས་ནས། རྒྱབ་བརྟེན་གཞུང་བོད་ཀྱི་ལུང་རྒྱུན་ཀྱང་སྤེལ། མཐར་དགེ་བའི་རྟེན་འབྲེལ་དུ་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་བསྙེན་སྒྲུབ་ཞག་བདུན་སོགས་ཅི་འགྲུབ་བཅས་གྲོལ་རྗེས། སླར་སྔོན་སྲོལ་བཞིན་ཀུན་རིག། མི་འཁྲུགས་པ། གནམ་ཆོས་འོད་ཆོག་རྣམས་ཀྱི་བསྙེན་ཚད་སྦྱིན་སྲེག་བཅས་པའང་མུ་མཐུད་དུ་བཏང་དགོས་སོ། །ལོ་དུས་ཀྱི་འཕར་ཆའང་ཟླ་བཞིའི་དུས་ཆེན་ལ་ཚོགས་བསོགས་གསོ་སྦྱང་ཐར་པའི་ཐེམ་སྐས་རྒྱས་འདོན། ཆོ་འཕྲུལ་ཟླ་བའི་ཚེས་བཅུ་བཞི་ལ་རྗེ་བཙུན་མི་ལའི་སྐུ་མཆོད་རས་བུང་། བཅོ་ལྔར་མར་པའི་སྐུ་མཆོད་ཚོགས་འཁོར། དེའི་ཉེར་ལྔའི་དུས་མཆོད་སྐབས་རྗེ་བདུད་འདུལ་རྡོ་རྗེའི་དུས་ཆེན་ལ་སྐུ་བསྟོད་གསོལ་འདེབས། དཔོ་ཟླའི་ཚེས་གཉིས་ལ་གཏེར་ཆེན་རིན་པོ་ཆེའི་སྐུ་མཆོད་རིག་འཛིན་ཐུགས་ཐིག་དང་རྒྱུད་མཆོད། དེའི་ཉེར་ལྔར་དུས་མཆོད་དང་འབྲེལ་བར་ཆོས་ཀྱི་འབྱུང་གནས་དུས་ཆེན་ལ་སྐུ་བསྟོད་གསོལ་འདེབས། ཉེར་བརྒྱད་ལ་ཇོ་ནང་རྗེ་བཙུན་ཆེན་
པོའི་སྐུ་མཆོད་དང་འབྲེལ་བར་རྒྱུད་སྡེ་ལྔའི་སྒྲུབ་མཆོད་ཉིན་གསུམ། དུས་འཁོར་རྒྱུད་མཆོད། ས་ག་ཟླ་བའི་ཡར་ཚེས་ལ་ལྷ་བསངས་རྒྱབ་བརྡན། ཟླ་བ་དྲུག་པའི་ཚེས་བཅུ་བཞི་ལ་མཉམ་མེད་དྭགས་པོ་ལྷ་རྗེ་དང་ཀུན་མཁྱེན་རང་བྱུང་རྡོ་རྗེའི་སྐུ་མཆོད་བཀའ་བརྒྱུད་མགུར་མཚོ་དང་འབྲེལ་བའི་ཚོགས་མཆོད། ཟླ་བ་དགུ་པའི་ཚེས་བཅུ་བཞི་ལ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་སྐུ་མཆོད་ཤངས་ལུགས་བླ་མཆོད། ཟླ་བ་བཅུ་གཅིག་པའི་མཇུག་ཏུ་མགོན་ཁང་གི་རྟག་གཏོར་བརྗེ་ཞིང་གསོལ་ཁ་ཉིན་གསུམ་ལྔ་གང་འགྲུབ། ཟླ་བ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ལ་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་སྐུ་མཆོད་དང་སྙིང་ཐིག་བླ་མཆོད། དེའི་ཚེས་ཉེར་ལྔ་ནས་ཡར་ཚེས་གཉིས་ཀྱི་ནང་མོ་བར་ཞག་བདུན་ལ་མྱུར་མཛད་ཡེ་ཤེས་མགོན་པོའི་གཏོར་སྒྲུབ་བསྙེན་རྒྱུན་བཅས་ཞག་བདུན་རྣམས་བསྒྲུབ་དགོས་པ་དང་། ཟླ་རེ་བཞིན་གྱི་དུས་མཆོད་ཚེས་བདུན་བྱུང་ངོ་ཅོག་ལ་ཁྱབ་བདག་བླ་མ་པདྨའི་མཚན་ཅན་གྱི་སྐུ་མཆོད་རྡོར་སེམས་ཆོ་ག །ཚེས་བརྒྱད་ལ་སྒྲོལ་མ་རྣལ་འབྱོར་མའི་སྒྲུབ་མཆོད་དམ་མཎྜལ་བཞི་ཆོག །ཚེས་བཅུ་ཐམས་ཅད་ལ་དགོངས་འདུས་ལས་བྱང་མེ་ཕྲེང་གི་ཚོགས་སྐོང་དང་བི་མ་ལའི་བླ་སྒྲུབ། པདྨའི་སྙིང་པོའི་རྒྱུད་བཀླག །འབུམ་འགྱུར་ཚེས་བཅུ་ལ་དམིགས་བསལ་དཀོན་མཆོག་སྤྱི་འདུས་ཚོགས་བརྒྱ། ཟླ་བ་ལྔ་པའི་ཚེས་བཅུ།
ལ་ཆོས་དབང་བླ་མ་གསང་འདུས་བཏང་། བཅོ་ལྔར་དུས་འཁོར་མཆོད་ཆོག །ཉེར་ལྔར་ཤངས་ལུགས་བདེ་མཆོག་ལྷ་ལྔ་དང་མཁའ་སྤྱོད་དཀར་དམར་རེས་མོས་ཀྱི་སྒྲུབ་མཆོད། ཉེ་དགུར་གསར་རྙིང་གི་སྐོང་གསོལ་འཕར་མ། གནམ་གང་ཡང་དག་སྒྲུབ་མཆོད་དང་སེམས་སྡེའི་ཀུན་བཟང་དོན་ཕྲིན་རྒྱུད་ཆོག་དང་ལྡན་པས་གསང་བ་སྙིང་པོའི་རྒྱུད་བཀླག །སྨོན་ལམ་རྣམ་ལྔ་ཀུན་བཟང་སྨོན་ལམ་སོགས་དེ་དག་ལ་ཆ་བསྒོ་ནས་ཟླ་རེའི་ཁོངས་སུ་ཚར་རེ་འགྲོ་བར་བྱ། ཡར་མར་གྱི་གསོ་སྦྱོང་ཡང་རྣམ་ཀུན་མ་ཆག་པ་དང་ཀུན་སྤྱོད་ཚུལ་ལྡན་གྱི་སྒོ་ནས་བྱ་དགོས་པ་དང་། ཉིན་རེའི་རྒྱུན་གྱི་རྣལ་འབྱོར་ལ། སྔོན་འགྲོ། ཤངས་ཆོས། སྦྱོར་དྲུག །རྫོགས་ཆེན་བཞི་པོ་སོ་སོའི་ཉམས་ལེན་གྱི་སྐབས་དང་མཐུན་པར་ཐུན་བཞིའི་རྣལ་འབྱོར་ལ་བརྟེན་ནས་དགེ་སྦྱོར་སྲང་དུ་གཞུག་དགོས་ཤིང་། སྤྱིར་བཏང་སྔགས་བླ་མེད་ཀྱི་རྣལ་འབྱོར་པ་ཡིན་པ་དང་། འདི་ཕྱིའི་རེ་ས་སྙིགས་འགྲོའི་སྐྱབས་གཅིག་སངས་རྒྱས་གཉིས་པ་པདྨཱ་ཀ་ར་ཡིན་པ་གཞིར་བྱས་ནས། ཐོ་རངས་ལྡངས་པའི་རྣལ་འབྱོར་གྱིས་ལྡངས་ཏེ་རླུང་རོ་བསལ། ཤེས་པ་རྣལ་དུ་དབབ། རྩ་བའི་ཡི་དམ་གྱི་ང་རྒྱལ་གྱིས་བདུད་རྩི་མྱང་། ངག་བྱིན་གྱིས་བརླབས། རྟེན་བསྐྱེད་སྔོན་ཏུ་འགྲོ་བའི་གསོལ་འདེབས་ལེའུ་བདུན་མ་ལས་བླ་མ་སྐུ་གསུམ་དང་ཉི་མ་ལྷོ་ནུབ་མ། སྒྲོལ་དཀར་སྒོམ་བཟླས་
ཁྱུག་ཙམ་བཏང་སྟེ། ཕྱག་ཆེན་སྔོན་འགྲོ་དང་གཏུམ་མོའི་རྣལ་འབྱོར་སོགས་སོ་སོའི་སྐབས་ཀྱི་དགེ་སྦྱོར་དངོས་གཞི་ལ་འཇུག །ནམ་ལངས་གསང་ཐིག་རྡོར་སེམས་ཕྱག་རྒྱ་གཅིག་པའི་སྒོམ་བཟླས་དབང་ལེན། གྲུབ་ན་ཚེ་སྒྲུབ་སྒོམ་བཟླས་ཀྱང་སྦྱར་ལ་ཆབ་གཏོར་འབྲིང་བསྡུས་གང་རུང་བཏང་། ཐུན་གྲོལ་ནས་དཔལ་ཆེན་ལྷ་ཁང་དུ་སྤྲོས་བྲལ་བདེ་ཆེན་མའི་གསོལ་འདེབས་དང་བླ་མ་སངས་རྒྱས་རྗེས་དྲན་ཞར་བྱུང་ངེས་དོན་སྙིང་པོའི་ལྟ་བ་བསྐྱང་བ་བྱང་ཆུབ་ལྟུང་བཤགས་དང་སྤྱི་བཤགས་སྔོན་ཏུ་འགྲོ་བའི། ཞི་གནས་གསོ་སྦྱོང་། བྱང་སྡོམ་ལེན་པ། སྔགས་ཀྱི་སྡོམ་བཟུང་བཅས་ཀྱི་ཞར་བྱུང་ཚོགས་བསགས་སྙིང་པོ་བསྡུས་པ་ཐར་པའི་ཐེམ་སྐས་ལྟར་བྱ། དེ་ནས་ཞོག་ཐུན་དགེ་སྦྱོར་སོ་སོའི་སྐབས་བསྟུན་བྱ། ཉིན་གུང་དཀོན་མཆོག་རྗེས་དྲན་སྔོན་ཏུ་འགྲོ་བའི་ཕུད་མཆོད་སོགས་གཙང་སྦྲ་ཕྱེད་པར་བྱ་ཞིང་། གུང་ཚིགས་ཟས་ཀྱི་རྣལ་འབྱོར་ལ་གྲོལ་ཐིག་དང་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་གསུང་ལྟོ་སྦྱར་བའི་ནང་གི་ཚོགས་འཁོར་གྱིས་ལོངས་སྤྱད་ནས། མཐར་མདོ་བསྔོ་དང་གསོལ་འདེབས་བསམ་པ་ལྷུན་གྲུབ་བར་ཆད་ལམ་སེལ། གཞན་ཡང་འཇམ་དཔལ་མཚན་བརྗོད་གཙོར་གྱུར་མདོ་རྒྱུད་བཀླག་པའམ། བསྙེན་སྒྲུབ་རྣམས་ཀྱི་སྐབས་སུ་སྔགས་ཤུབ་བུར་བཟླས་པའི་རྒྱུན་མི་འཆད་པ་
དང་། གཏུམ་མོ་སྒྱུ་ལུས་ཕྱག་རྫོགས་སོགས་རྫོགས་རིམ་སོ་སོའི་སྐབས་སྦྱར་ཏིང་ངེ་འཛིན་གྱི་དྲན་འདུན་རྒྱུན་ཆགས་པས་དོན་མེད་ལོངས་གཏམ་སོགས་རྣམ་གཡེང་གི་རིགས་ཀྱང་སྟེ་སྒོ་གསུམ་སྙོམས་ལས་སུ་མ་ཤོར་བར་བྱ། ཕྱི་ཐུན་གྱི་ཐོག་མར་གསང་ཐིག་ཡང་དག་ཕྱག་རྒྱ་གཅིག་པའི་སྒོམ་བཟླས་གཏོར་འབུལ་དབང་ལེན་བཅས་ཁྱུག་ཙམ་བྱེད་ནས་སོ་སོའི་ཐུན་ལ་འཇུག །ཐུན་གྲོལ་བ་ན་མགོན་ཁང་དུ་རྒྱུད་སྡེ་ལྔའི་ལུས་དཀྱིལ་གྱི་བདག་གི་རྣལ་འབྱོར་སྔོན་ཏུ་འགྲོ་བས། མྱུར་མཛད་ཡེ་ཤེས་མགོན་པོའི་གཏོར་ཆོག །བླ་མགོན་དབྱེར་མེད། དམ་ཚིག་གྲིབ་སེལ། མཁའ་འགྲོ་དབང་སྡུད་དང་བཅས་པའི་བསྙེན་བཟླས་གཏོར་འབུལ། རྡོ་རྗེ་བེར་ཅན་ལྕམ་དྲལ་བདག་སྒོམ་འཁོར་ལྔའི་གཏོར་འབུལ་དང་བཅས་པ་མདོར་བསྡུས། དམ་ཅན་སྤྱི་གཏོར་གྱིས་ཁོག་དབུབ་པའི་སྔགས་ཀྱི་སྲུང་མ་གཙོར་གྱུར་རྙིང་ལུགས་བཀའ་གཏེར་གསར་རྙིང་གི་རྡོ་རྗེའི་ཆོས་སྲུང་རྣམས་ལ་གཏོར་མ་འབུལ། མཐར་ཤེར་སྙིང་བདུད་ཟློག །ཡང་ཟློག །སེང་གདོང་མ། ལོག་ཏྲི་སོགས་ཀྱི་ཟློག་པ་དང་དགེ་རྩ་བྱང་ཆུབ་ཏུ་བསྔོ་བས་རྒྱས་གདབ། དགོངས་ཐུན་གྱི་ཐོག་མར་མེ་བསུར་བསྡུས་པ་རེ་དང་རྟེན་བསྐྱེད་བཅས་ལྷོ་ནུབ་རྔ་ཡབ་མའི་གསོལ་འདེབས་དབང་ལེན་བཅས་བྱས་ཏེ་སོ་སོའི་
།ཐུན་ལ་འཇུག །སྲོད་ཀྱི་ཆར་གསང་ཐིག་རྡོ་རྗེ་ཕུར་པའི་བཟླས་སྒོམ་གཏོར་འབུལ་དང་བཅས་པ། གྲུབ་ན་དབང་ལེན་ཀྱང་བྱ། རྟེན་བསྐྱེད་བཅས་སངས་རྒྱས་བསྟན་པ་དང་ནུབ་ཕྱོགས་བདེ་ཆེན་མའི་གསོལ་འདེབས་དབང་ལེན་བཅས་ཀྱི་མཇུག་ཏུ་ལུས་མཆོད་སྦྱིན་མདོར་བསྡུས་བྱ། སོ་སོའི་སྐབས་སྦྱར་གྱི་ཉལ་བའི་རྣལ་འབྱོར་དང་སྤྱི་ལ་འོད་དཔག་མེད་ཀྱི་ཉལ་འཕོའི་ཏིང་འཛིན་དང་ལྡན་པས་གཉིད་ལམ་དུ་བསྒྱུར་ཅིང་། སླར་ཐོ་རངས་ལྡངས་པའི་རྣལ་འབྱོར་ལ་འཇུག་པ་སོགས་མདོར་ན་སྒྲུབ་གྲལ་འདིར་ཞུགས་ཕྱིན་ཆད་དེ་ནས་བརྩམས་ཇི་སྲིད་འཚོའི་བར་དགེ་སྦྱོར་སྲང་དུ་གཞུག་པའི་ཁྲིགས་ཆགས་འདི་ཉིད་ལས་མི་འདའ་བར། གཙོ་བོར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་གོང་ནས་གོང་དུ་སྤེལ་བས་རྣལ་འབྱོར་དབང་ཕྱུག་ཆེན་པོའི་མིང་དོན་ལྡན་པར་བྱ་བ་ཡིན་ནོ། །མགོན་ཁང་བླ་མས་ཨོ་རྒྱན་ལས་འཕྲོ་གླིང་པའི་ཟབ་ཆོས་བླ་མ་དཀོན་མཆོག་སྤྱི་འདུས་ཀྱི་སྔོན་འགྲོ་བཞི་སྦྱོར་སངས་གླིང་ཡང་གཏེར། ཁྲིད་ཆེན་གུ་རུའི་དགོངས་རྒྱན། བསྙེན་ཡིག་པདྨའི་ཞལ་ལུང་། རྫོགས་རིམ་ཁྲིད་ཁམས་གསུམ་ཡོངས་གྲོལ་རྣམས་སུ་མཐར་ཆགས་སུ་ཉམས་སུ་བླངས་དགོས་པས། ཐོག་མར་བྱིན་རླབས་བླ་མའི་རྣལ་འབྱོར་
ཞག་གསུམ་སོགས་སྔོན་ཏུ་འགྲོ་བའི་ཐུན་མོང་བློ་ལྡོག་རྣམ་བཞི་རྒྱུད་ལ་འགྲེ་ངེས་དང་། ཐུན་མིན་བསགས་སྦྱོང་གསོལ་འདེབས་སོགས་སོ་སོ་ནས་འབུམ་ཐེར་འགྲོ་ངེས་བྱ། དབང་བསྐུར་བྱིན་རླབས་ཚང་བར་ནོང་དེ། དངོས་གཞི་ཕྱི་སྒྲུབ་ནང་སྒྲུབ་ཞི་བ། གསང་སྒྲུབ་དྲག་པོ། ཡང་གསང་མཁའ་འགྲོ། ཕྲིན་ལས་བཞི་དང་མཐའ་རྒྱས་ཚེ་སྒྲུབ་བཅས་བསྙེན་ཡིག་ལས་བཤད་ཚོད་དང་མཐུན་པ་སོང་ནས། ཡོ་ག་གསུམ་གྱི་རྫོགས་རིམ་ཆ་ལག་འཕོ་བ་དང་བཅས་པ་སོ་སོར་རྟགས་ཐོན་ཏུ་སྦྱངས། ལོ་ཕྱི་མ་ཙམ་དུ་དབང་ཁྲིད་ཞུས་ནས་ལས་བྱང་བདེ་བ་ཆེན་པོའི་རྣམ་རོལ་ལ་གཞི་བྱས། ལོ་ཆེན་བསྙེན་ཡིག་གིས་ཁོག་དབུབ། གསལ་བྱེད་ཏི་ལ་མར་སྒྲོན་མེ་ལག་ལེན་ཏུ་བསྟར་ནས་བཀའ་བརྒྱད་བདེ་གཤེགས་འདུས་པའི་བསྙེན་ཆེན་ལོ་གཅིག་ཚུན། ཟླ་བ་དྲུག་ཕན་ཆད་བཟླས་གྲངས་དང་བསྟུན་གང་འོས་བྱ། སྒྲུབ་བར་དུ་གཏེར་གསར་འཇམ་དཔལ་གཤིན་རྗེ་གཤེད་ཚེ་བདག་ནག་པོ་དང་། གཏེར་ཁ་གསར་རྙིང་གང་རུང་གི་རྟ་མགྲིན་ཕུར་པའི་སྒོས་བསྙེན་ཀྱང་གང་འགྲུབ་བྱ་དགོས། ལོ་ཟླའི་དུས་མཆོད་རིགས་སྒྲུབ་པ་སྤྱིའི་གྲལ་དུ་ཞུགས་དགོས་ཤིང་། ཉིན་རེའི་འདོན་སྒོམ་ཡང་ཉལ་ལྡངས་ཀྱི་རྣལ་འབྱོར་དང་། གསང་ཐིག་སྐོར་གསུམ། གསོལ་འདེབས་ལེའུ་བདུན་མ། བསུར་
ལུས་སྦྱིན་སོགས་སྤྱི་དེ་དང་འདྲ་བ་ལས། ཁྱད་པར་ཐོ་རངས་ཐུན་ལ་བླ་མ་ཞི་བ་ཚེ་སྒྲུབ་བཅས་ནམ་ལངས་རི་བོ་བསངས་མཆོད་དང་དགེ་ལེགས་སྤྲིན་ཕུང་ལྟ་བུའི་ལྷ་བསངས་ཉུང་ངུ། ཕྱི་ཐུན་མཇུག་ཏུ་སེར་པོ་སྐོར་གསུམ་དང་ལྷ་མོ་དཔལ་གྱི་གཏོར་འབུལ། གཏེར་གསར་ཕྱག་དྲུག་པ་དང་ཚེ་རིང་མའི་ཕྲིན་ལས་གསོལ་མཆོད། སྲོད་ཐུན་མཇུག་ཏུ་དྲག་སེང་དང་དཀོན་སྤྱིའི་ཚོགས་སྐོང་ཆགས་མེད་དུ་བྱ། དུས་གཉན་ཐམས་ཅད་ལ་གཏེར་གསར་སོགས་འཕར་ཆ་ཁ་ཤས་ཀྱང་བཅའ་ཡིག་ལྟར་བྱ་བ་དང་། ལོ་བསྟར་ཟླ་བ་བཞི་པའི་ནང་ཀླུ་ཐེབས་ཡོད་སྐབས་ཉིན་གཉིས་ལ་ཀླུ་རྟེན་གསོ། ཟླ་བ་ལྔ་པའི་ཡར་ཚེས་བཅུ་དང་བཅུ་གཅིག་གཏེར་ཆེན་རིན་པོ་ཆེས་གསང་ཐིག་སྐོར་གསུམ་སོགས་སྤྱན་དྲངས་པའི་དུས་མཆོད་ལ་སློབ་དཔོན་རྣམ་གསུམ་སོགས་ཀྱི་སྒྲུབ་ཕུག་གོང་འོག་རྣམས་སུ་གཏེར་གསར་ཐུགས་སྒྲུབ་དང་བི་མའི་བླ་སྒྲུབ་ཤེལ་ཕུག་བཀའ་བརྒྱད་རྣམས་ཀྱི་ཚོགས་བརྒྱ་ཉིན་གཉིས་སུ་བསྒྲུབ་པ་ལ་མགོན་བླ་རྩ་བ་དང་། ཞབས་བརྟན་སྒྲུབ་བླ་གཉིས་རེས་མོས་ཀྱིས་བྱོན་པ་ཡིན་ཅིང་། དེ་ལྟ་བུའི་ཚོགས་བསགས་བཟླས་བསྒོམ་གྱི་རྣལ་འབྱོར་སྒྲུབ་པ་སྔ་མ་རྣམས་ཀྱིས་གྲུབ་ནས་ལོ་གྲངས་ཐེམས་ཏེ་གྲོལ་བའི་རྗེས་ཐོག་ཡུན་མི་རིང་བར་ཕྱི་མ་རྣམས་སླར་བཞུགས་ནས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་བརྩོན་པ་སྟེ། འདིའི་
ཀུན་སྤྱོད་བཅའ་ཁྲིམས་ཞིབ་པར་བཅའ་ཡིག་བླང་དོར་རབ་གསལ་ཕན་བདེའི་འབྱུང་གནས་སུ་གསལ་བ་ཡིན་ནོ། །དེའང་ལོ་གསུམ་ཕྱོགས་གསུམ་གྱི་ཚེ་ལུགས་སྲོལ་གང་ཡིན་པ་གཅིག་གི་བསྐྱེད་རྫོགས་ཁོ་ན་ལ་བརྩོན་འགྲུས་བརྩམས་ན་གནད་དུ་ཁེལ་བ་ལ་ཟབ་པ་ལྟར་སྣང་ཞིང་། འདོན་ཟློས་ཀྱི་སྤྲོས་པ་ཧ་ཅང་མ་མང་ན་དབང་བརྟུལ་བརྩོན་དམན་རིགས་ལ་ཚེགས་ཆུང་བས་སྟབས་བདེ་བ་ལྟར་སྣང་ཡང་། སྐྱེས་མཆོག་སྔོན་སྦྱངས་ཅན་ཁ་ཅིག་ཡུན་རིང་ཐུང་དང་སྦྱང་རྩོལ་ཆེ་ཆུང་ལ་མ་ལྟོས་པར་ཀུན་རྫོབ་དོན་དམ་གྱི་བྱང་སེམས་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་རྩལ་རྫོགས་པའི་ནང་རྟགས་ཕྱིར་ཤར་ཏེ་མཁྱེན་བརྩེ་ནུས་པ་ཤུགས་འབྱུང་མ་སྦས་གསལ་བར་སྣང་བའི་འགྲན་ཟླ་ནི་སོ་སྐྱེ་རང་རྒྱུད་པས་མི་འོང་། གང་ཟག་སྤྱི་ཙམ་ཏུ་དེང་སང་དུས་ཀྱི་དབང་གིས་མི་ཚེ་རིལ་པོར་སྒོམ་ལོ་དང་འདོན་ལོ་བགྱིས་ནས་རྟོགས་ལྡན་དང་གྲུབ་ཐོབ་ཀྱི་མཚན་ཐོགས་པ་ཀུན་ཀྱང་། བློ་ལྡོག་རྣམ་བཞི་ཙམ་ཡང་རྒྱུད་ལ་ཇི་བཞིན་པར་མ་འབྱོར་བས་གཙོ་བོར་ཚེ་འདི་དོན་ཏུ་གཉེར་བ་ཤས་ཆེ་ཞིང་། དེ་ལྟ་བུ་ལ་རིམ་གཉིས་ཀྱི་མངོན་རྟོགས་བཤད་ཚོད་རྒྱུད་ལ་སྐྱེ་བ་ནི་ཤིན་ཏུ་དཀོན། གལ་ཏེ་ཕྱོགས་འགོ་ཙམ་སྐྱེས་ཀྱང་ཡོན་ཏན་ཡར་འཕེལ་གྱི་བོགས་ཐོན་པ་ནི་མི་སྲིད་པ་ལྟ་བུར་སྣང་བ་དང་། སྤྱིར་སྤྲོས་མེད་སེམས་ཕྱོགས་ཀྱི་ཉམས་ལེན་
ལྟ་བུ་ལའང་ངོ་ཤེས། བོགས་ཐོན། བརྟན་པ་ཐོབ། རྩལ་རྫོགས་པ་བཞི་མ་ཚང་ན་དགོས་དོན་མི་འགྲུབ་པ་ལ་དེང་སང་ངོ་འལ་འོལ་ཤེས་པ་ཙམ་གྱི་ཐོག་ཏུ་ལུས་པས་དགོས་དུས་ཉམས་ལེན་གྱིས་མི་སླེབ་པར་མོ་གཏོ་ཡན་ལ་སྐྱབས་བཅོལ་དགོས་པས་མཚོན་ལོ་གྲངས་སུ་སྣེ་གཅིག་ལ་ཕུར་ཚུགས་བགྱིས་རུང་རིམ་གྱིས་སྙིང་རུས་ཀྱིས་མ་ལྕོགས་པར་སྒོམ་དང་མཁོན་གྱེས་སུ་སོང་ནས་མཐར་འདི་བྱས་གང་ཡང་མེད་པའི་རྣམ་གཡེང་ངན་ལོང་གིས་རྒྱུད་ཧྲིལ་གྱིས་བསླད་དེ་ཏིང་ངེ་འཛིན་གྱི་མྱོང་བ་ལྟ་ཅི། ཐོག་མར་སྒྲུབ་པ་ལ་ཞུགས་ཀའི་དང་འདུན་རྩོལ་བ་དེ་ཙམ་ཡང་འཆོར་ནས་སྐྱེ་བོ་རྣམས་ཀྱི་མཐུན་སྣང་དུའང་ང་རྒྱལ་དང་གཟེ་རེ་ཆེ། ཞེན་ལོག་དང་དག་སྣང་ཆུང་ངུ་སོང་བ་ཞིག་ལས་འབྱུང་བར་དཀའ་བ་སྣང་བ་དང་། བསྟན་འཛིན་སྐྱེས་མཆོག་ཁྱད་པར་ཅན་རྣམས་ཀྱང་མཚུངས་པར་རང་ལུགས་ཁོ་ནར་ཐོས་སྒོམ་འཆད་སྤེལ་རྩལ་འདོན་ལས་ལུགས་སྲོལ་གཞན་པའི་ཐོས་པ་མི་ཚོལ་ཞིང་ཅུང་ཟད་ཚོལ་ཡང་ཕྲིན་ལས་ཀྱི་རྒྱུན་སྤེལ་བར་མི་མཛད་པས་རང་ལུགས་དར་རྒྱས་སུ་བཞུགས་པ་རྣམས་ནི་ལོ་ལེགས་པའི་སྙི་མ་ལྟར་རྒྱས་ཀྱང་སྒྲུབ་བརྒྱུད་ཁྱད་པར་དུ་འཕགས་པ་ཁ་ཅིག་དབྱིངས་སུ་ཐིམ་པར་ཉེ་བ་དང་། སྒྲུབ་བརྒྱུད་རིན་པོ་ཆེ་ཀརྨ་ཀཾ་ཚང་གི་ཕྱོགས་འདིར་གྲུབ་པའི་དབང་ཕྱུག་ཀརྨ་པཀྴིི་དང་ཀུན་མཁྱེན་
རང་བྱུང་ཞབས་ཀྱིས་དྭགས་བརྒྱུད་དང་སྔ་འགྱུར་གྱི་ཆུ་བོ་གཅིག་ཏུ་བསྲེ་བར་མཛད། ཁྱད་པར་རང་བྱུང་ཞབས་ཉིད་བི་མ་ལས་རྗེས་སུ་བཟུང་སྟེ་ཀརྨ་སྙིང་ཐིག་གི་ཤིང་རྟའི་སྲོལ་ཕྱེས་པའི་རྒྱུན་དེང་སང་ཡང་བཞུགས་པ་དང་། རང་ལུགས་ཀྱི་གཏེར་ཆེན་རྩོད་བྲལ་སངས་རྒྱས་གླིང་པ། ཆོས་རྒྱལ་རིན་ཆེན་ཕུན་ཚོགས། འཇའ་ཚོན་སྙིང་པོ། ཆོས་རྗེ་གླིང་པ། གནམ་ཆོས་དང་ཡོན་དགེ་མི་འགྱུར་རྡོ་རྗེ། རོལ་པའི་རྡོ་རྗེ། རྡོ་རྗེ་དྲག་པོ། མཆོག་གྱུར་བདེ་ཆེན་གླིང་པ་སོགས་ཀྱི་གཏེར་ཆོས་དང་ལུགས་སྲོལ་རིམ་འདྲས་སུ་གྱུར་པ་དང་། ཆོས་རྒྱལ་རཏྣ་གླིང་པ། ཞིག་པོ་གླིང་པ། སྟག་ཤམ་བསམ་གཏན་གླིང་པས་མཚོན་གཏེར་ཆེན་ཕལ་མོ་ཆེའི་ཆོས་བདག་ཀྱང་རྒྱལ་བ་ཡབ་སྲས་རྣམས་སུ་གྱུར་པས་དེ་དག་གི་གཏེར་ཆོས་རྣམས་ཀྱང་ཉམས་ལེན་གྱི་སྲོལ་འཇགས་པ་དང་། ལྷག་པར་སྤྱན་རས་གཟིགས་དབང་ཆགས་མེད་ཞབས་ཀྱིས་ཀར་རྙིང་ཟུང་འཇུག་གི་རིང་སྲོལ་ཁོ་ན་རྩལ་འདོན་མཛད་ཅིང་། ཕྱིས་སུ་བྱམས་མགོན་ཀུན་མཁྱེན་བསྟན་པའི་ཉིན་བྱེད་སྐུ་གོང་འོག །རྒྱལ་དབང་བཅུ་བཞི་པ་རྣམས་ཀྱིས་དེ་ལས་ཀྱང་ཟབ་པ་རྒྱ་ཆེ་བར་སྤེལ་ཏེ་ད་ལྟའི་བར་ཀར་རྙིང་ལྟ་སྤྱོད་སྒོམ་པ་ཟུང་དུ་འབྲེལ་བའི་རྒྱུན་མ་ཉམས་པ་དང་། མཉམ་མེད་དྭགས་པོ་ལྷ་རྗེ་ཐོག་མར་བཀའ་གདམས་པ་
མཛད་པས་ད་ལྟའི་བར་བཀའ་གདམས་པའི་སྐྱེས་བུ་གསུམ་གྱི་ལམ་རིམ་གྱིས་སྒོམ་གྱི་རྩ་བ་བཙུགས་དགོས་པ་དང་། རྒྱལ་བ་གཉིས་པ་རང་བྱུང་ཞབས་ལ་སྦྱོར་དྲུག་ཞི་བྱེད་གཅོད་ཡུལ་སོགས་ཀྱི་བཀའ་བབས་པས་དེང་སང་གི་བར་དུའང་ཀར་གཅོད་ཅེས་ལུགས་སྲོལ་ཁྱད་པར་ཅན་གྱི་རྒྱུན་མ་ཉམས་ཤིང་། ཞི་བྱེད་ལ་ཟུར་མང་དྲུང་ཆེན་ཀུན་དགའ་རྣམ་རྒྱལ་དང་། སྦྱོར་དྲུག་ལ་ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་སོགས་ཀྱིས་རྩལ་འདོན་མཛད་པ་དང་། རྗེ་བཞི་པ་ཛམ་གླིང་རོལ་པའི་རྡོ་རྗེས་ཤངས་ཆོས་ཐུགས་དམ་དང་འཆད་སྤེལ་གྱི་སྙིང་པོར་མཛད་པ་ནས་བཟུང་ཕྱིས་ཀྱི་བར་དུ་ཐམས་ཅད་མཁྱེན་པ་ན་རིམ་གྱིས་དྭགས་ཤངས་བཀའ་བརྒྱུད་བསྐྱངས་མཉམ་དུ་མཛད་པའི་མགོན་པོའི་རྒྱུན་ཙམ་ད་དུང་ཡང་མ་ཆད་པ་དང་། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་རང་ལུགས་གསེར་ཕྲེང་དུ་བཞུགས་པའི་གྲུབ་ཆེན་ཨོ་རྒྱན་པའི་སྒེར་ཆོས་ཡིན་པ་དང་། ཆོས་རྗེ་རང་བྱུང་ཞབས་དང་རྗེ་བདུན་པ། རྟོགས་ལྡན་མཁའ་སྤྱོད་དབང་པོ། སོག་དབོན་རིག་པའི་རལ་གྲི། གོ་ཤྲཱི་དཔལ་འབྱོར་དོན་གྲུབ། ཀརྨ་ཕྲིན་ལས་པ། དཔལ་ཆེན་ཆོས་ཀྱི་དོན་གྲུབ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་སོགས་ཀྱིས་བོད་ཡུལ་དུ་བཞུགས་སོ་འཚལ་གྱི་ཆོས་ཚུལ་ཇི་སྙེད་ཅིག་གསན་
བསམ་མཛད་པ་ཙམ་དུ་མ་ཟད། རང་ལུགས་གཙོར་བཏོན། བཤད་སྒྲུབ་ཀྱི་རིང་སྲོལ་རིས་མེད་དུ་སྤེལ་བར་མཛད་པས་བསྟན་པ་ལ་ཕན་པའི་སྒོ་བླ་ན་མེད་པར་གྱུར་པ་དེ་ལྟ་བུའི་རྣམ་ཐར་རང་རེ་ཐ་མལ་པའི་སྐྱེ་བོ་ལམ་གྱི་སྣེ་ཙམ་ཡང་མ་ཟིན་པ་ཞིག་གིས་ག་ལ་འཁྱོངས་རུང་དེ་དག་གི་རྗེས་སུ་སློབ་པ་པོ་ཡིན་པའི་ཁུལ་བྱེད་དུས། མཛད་པའི་ཚུལ་ལ་མིག་ལྟོས་ཡར་ལྡན་གྱིས་སློབ་པའི་འདུན་སྟངས་མ་ཉམས་པ་དགོས་པའི་བློ་བཅོས་མིན་ལྷན་སྐྱེས་སུ་མངའ་བས་དམ་པའི་ཆོས་ཀྱི་བདུད་རྩི་ལ་ཆོག་ཤེས་དང་། ཐུབ་པའི་བསྟན་པ་ཡིན་མཉམ་ལ་བཟང་ངན་བླང་དོར་རིས་སུ་གཅོད་པའི་སྤོབས་པ་དང་། བདག་རྒྱལ་གཞན་ཕམ་ཕྱོགས་ལྷུང་གི་འཆིང་བ་དམ་པོ་མ་མཆིས་པས། མི་ཚེའི་མཐར་ཡང་དམ་ཆོས་རིས་མེད་དུ་ཚོལ་བ་ལ་བརྩོན་པའི་གོ་ཆ་དང་ལྡན་པའི་ལྷག་བསམ་དགེ་བའི་མཐུ་དང་། རང་ཉིད་ཀྱིས་ཚེ་རབས་དུ་མར་རྣམ་དཀར་ཅུང་ཟད་བགྱིས་པའི་འབྲས་བུ་སྟོབས་སུ་གྱུར་ཅིང་བླ་མ་དཀོན་མཆོག་གི་ཡེ་ཤེས་གཟིགས་པ་དྲི་མ་མེད་པའི་སྟོབས་ཀྱིས། གངས་རིའི་ལྗོངས་ཀྱི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ལམ་སྲོལ་ཟབ་ཅིང་རྒྱ་ཆེ་བ་རྣམས། དམ་སེལ་དང་འདྲེས་ཁྱེར་གྱིས་མ་བསླད། གཡོ་སྒྱུ་རྫུན་ཟོབ་ཀྱིས་མ་བསྒྲིབས། ཉམས་རྟོགས་ཀྱི་འཕེལ་ཁ་མ་འགྲིབས།
སྒོམ་པའི་མྱོང་བ་མ་ཆད། བྱིན་རླབས་ཀྱི་དྲོད་ཚད་མ་ཡལ་བར་དཔལ་ལྡན་བླ་མ་རྡོ་རྗེ་འཆང་གཉིས་པ་རྣམས་ཀྱི་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་མཐུ་ལ་བརྟེན་ཏེ་རེ་བ་ཡོངས་སུ་རྫོགས་པར་ཐོབ་པ་ལས། ཆ་ཤས་ཕྲ་མོ་ཙམ་རེའི་སྨིན་གྲོལ་གྱི་རྒྱུན་གནས་པ་ཞིག་བྱུང་ནའང་། གྲུབ་ཐོབ་རྟོགས་ལྡན་གྱི་མཚན་སྙན་གྱིས་བརྗིད་པ་དང་། ཆོས་བརྒྱུད་གཅིག་གི་རྐང་ཟིན་ངེས་པའི་གཡེར་ཆེན་ཤོག་ཆེན་མ་བྱུང་ཡང་གོང་མ་དེ་དག་གི་དགོངས་པ་ཆོས་ཀྱི་དབྱིངས་སུ་རྫོགས་ཤིང་། འབྱུང་འགྱུར་སྐལ་བཟང་དཔྱོད་ལྡན་དག་གི་མིག་ལྟོས་དང་བསྟན་པའི་རྒྱུན་ལའང་ཕན་པ་ཕྲ་མོ་ཙམ་འགྱུར་དུ་རེ་ཞིང་། གལ་ཏེ་རང་ཉིད་སྐལ་པའི་མཐུ་ཤིན་ཏུ་དམན་པས་ཕན་པར་མ་ནུས་ནའང་། ཀུན་མཁྱེན་དོལ་པོས། ཁུར་ཆེན་ཁྱེར་བར་མ་ནུས་ཀྱང་། །བསྟན་པ་ཉམས་ཀྱིས་དོགས་པ་ཡི། །སེམས་ཁྲལ་ཙམ་ཡང་འབྱུང་བར་ཤོག །ཅེས་གསུངས་པ་ལྟར་རང་ངོས་ནས་སངས་རྒྱས་ཀྱི་བསྟན་པའི་ཡང་སྙིང་བཏང་སྙོམས་སུ་མ་བོར་བའི་ལྷག་བསམ་གྱི་འབྲས་བུ་ཆུད་འཛའ་བར་མི་འགྱུར་ཞིང་། རྒྱུད་སྡེའི་བསྐྱེད་རྫོགས་ཟབ་མོ་རྣམས་ལ་བཟང་འབྲེལ་ཞོག་པའི་ཐབས་སུ་སྒྲུབ་ཁང་ཡར་མར་གཉིས་སུ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ལམ་སྲོལ་རགས་པར་ཚང་བ་ཞིག་གི་འདུན་རྩོལ་
བགྱིས་པ་ལས། གདམས་ངག་ལམ་འབྲས་བུ་དང་བཅས་པ་འཆད་སྤེལ་ཉམས་ལེན་ཚད་ལྡན་འགྲུབ་དཀའ་ཞིང་རིང་ལུགས་འཛིན་པ་པོས་གངས་ཅན་གྱི་ལྗོངས་ཕྱེད་དུ་གཏམས་པས་རེ་ཞིག་བཏང་སྙོམས་སུ་བཞག་ནས་གཞན་བདུན་པོ་ལས་མངའ་བདག་མར་པའི་བཀའ་བརྒྱུད་ཀྱི་བསྐྱེད་རྫོགས་ཟབ་རྒྱས་དང་གཅོད་ཡུལ་གྱི་ཉམས་ལེན་སྒྲུབ་ཁང་ཆེན་མོར་སྔོན་ནས་བཞུགས་པའི་ཁར། དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་སྨིན་གྲོལ་ཉམས་ལེན་གྱི་སྲོལ་བཙུགས། སྒྲུབ་ཁང་འདི་གར་ཤངས་ཆོས་ཡོངས་སུ་རྫོགས་པ། སྦྱོར་དྲུག་གི་ཡན་ལག་བསྙེན་སྒྲུབ་དང་བཅས་པ་སྔ་འགྱུར་གྱི་ཡང་སྙིང་རྫོགས་པ་ཆེན་པོ་ཡང་གསང་སྙིང་ཏིག་བཅས་ཀྱི་གཞུང་བསྲང་། སྒྲུབ་ཁང་གཉིས་ཀར་ལམ་རིམ་སྔོན་འགྲོའི་མཐིལ་དུ་བྱས་པས་ལམ་སྲོལ་བདུན་ལེགས་པར་རྫོགས་པ་དང་། གཞན་ཡང་སྒྲུབ་ཁག་གཉིས་ཀས་སྒྲུབ་ལ་ཞུགས་པའི་ཐོག་མར་ཤེས་བྱ་ཀུན་ཁྱབ་རྫོགས་པའམ། དེ་ཙམ་ཐོས་བསམ་མ་ནུས་ཀྱང་རིམ་པར་ཕྱེ་བ་ལྔ་པ་བླ་སློབ་ཀྱི་མཚན་ཉིད་བསྟེན་ཚུལ་སྡོམ་གསུམ་རྣམ་བཞག་ཙམ་མ་ཤེས་པའི་ཐབས་མེད་ཅིང་། དཀྱུས་སུ་གོ་བདེ་བའི་རྒྱ་གཞུང་བླ་མ་ལྔ་བཅུ་པ། སྡོམ་པ་ཉི་ཤུ་པ། རང་བྱུང་བའི་དམ་ཚིག་རྒྱ་མཚོ། ཆོས་ཀྱི་དབང་ཕྱུག་གི་སྡོམ་པ་ཉེར་ལྔ་པ་
ཙམ་ཐོག་མ་ནས་འཆད་སྤེལ་དང་ཡིད་ལ་ངེས་པས་བླང་དོར་བྱ་དགོས་པའང་ཡིན་ནོ། །སྒྲུབ་པ་པོ་དེ་དག་གི་སྒྲུབ་པའི་མཐུན་རྐྱེན་འཚོ་ཆས་ཀྱི་ཐེབས་ཞབས་འདེགས་པ་དང་བཅས་པ་གོང་དུ་སྨོས་པ་བཞིན་དང་། དུས་དང་རྒྱུན་གྱི་བཞུགས་འབོལ་དང་བཞུགས་གདན། སྒྲུབ་པའི་གཤགས་སོ་སོར་སྐུ་བརྙན་ཞལ་ཐང་མཎྜལ་བདུན་ཚར་ལ་སོགས་པ། རུང་ཁང་དུ་ཐབ་སྤྱད་ཁྲོ་ཟངས་རྟིབ་དཀར་ཟོ་སྐྱོགས་སླ་ང་སོགས་སྤྱད་པ་ཆེ་ཆུང་དངོས་གཙང་ཞིང་ཐེབས་འཁྲོལ་གྱི་རྐང་གྲངས་དང་ལྡན་པ། གཉེར་ཁང་དུའང་འོས་མཐུན་གྱི་སྤྱད་པ་སོགས་དགོས་རྒ་མ་ཚང་བ་མེད་པར་འདུ་བགྱིས་པའོ། །གླང་ཆེན་ས་ལ་འགྱིང་འདྲའི་ཤ་ཚུགས་ཅན། །དཔལ་གྱི་རི་བོར་ངེས་པའི་ཐེག་པ་ཡི། །སྒྲུབ་བརྒྱུད་གསེར་གྱི་དྲྭ་བས་བཀབ་པ་དང་། །ལྷན་ཅིག་འཕགས་ནོར་བདུན་གྱི་ཡན་ལག་བརྟན། །དེ་ཡིས་ཟབ་གསང་སྙིང་པོའི་ཁུར་ལྕི་འདེགས། །དེས་ཀྱང་གྲུབ་གཉིས་ནོར་བུའི་དཔྱ་འདྲེན་ནས། །རྫོགས་ལྡན་དགེ་བའི་འབྱོར་པས་གཏམས་པ་དང་། །སྡིག་ཏོ་འདམ་བུའི་ཚལ་བཞིན་བཅོམ་པར་གྱུར། །གཡོན་ཅན་ཆོས་ལྟར་བཅོས་པའི་ཕྲེང་བ་ལ། །མངོན་ཤེས་བྲལ་བའི་སྐྱེ་དགུས་བསྟི་སྟང་དབུལ། །བསླབ་གསུམ་དྲི་མེད་རྒྱལ་མཚན་འཛིན་རྣམས་ལ། །སྲས་བཅས་རྒྱལ་བ་དགྱེས་པའི་འཛུམ་ཞལ་
གཡོ། །མཁའ་མཐར་གཏུགས་པའི་ལེགས་སྤྱད་གཞལ་མེད་ཀྱང་། །མི་རྟོག་ཏིང་འཛིན་གཅིག་གིས་ཟིལ་གནོན་ན། །རྡོ་རྗེའི་ལམ་ལ་རྣལ་དུ་འབྱོར་བའི་མཐུ། །དག་པའི་སེམས་ཅན་གྱི་ཡང་བསམ་བྱར་མིན། །གང་ཞིག་དགེ་བ་ཅན་གྱི་ཡུལ་གྲུ་ན། །སེམས་ཀྱི་རིན་ཆེན་རྙེད་པ་གཅིག་གི་མཐུས། །འཇིག་རྟེན་གསུམ་གྱི་དབུལ་བ་འཕྲོག་པ་དང་། །འཇིགས་ཚོགས་ལྟ་བའི་ཐིབས་པོ་དྭངས་པར་བྱེད། །བདུན་པ་དེ་ལྟར་བསྒྲུབས་པའི་རྟེན་དེ་དག་ཇི་ལྟར་རབ་ཏུ་གནས་པའི་ཚུལ་བརྗོད་ན། སྤྱིར་རྟེན་གསུམ་གྱི་སྐུ་མཆོག་དམན། ཚད་ཆེ་ཆུང་། གྲངས་མང་ཉུང་གང་ཡང་འདྲ་བར་རབ་ཏུ་གནས་པར་མ་བྱས་ན་ཕན་ཡོན་ཇི་བཞིན་མི་འབྱུང་བའི་ཁར་ཉེས་པའི་རྣམ་གྲངས་དུ་མ་བསྐྱེད་ལ། དང་པོ་ཀུན་སློང་རྣམ་པར་དག །བར་དུ་རྒྱུ་དངོས་རྣམ་པར་དག །མཐར་རབ་གནས་རྣམ་པར་དག་པ་བསྒྲུབས་པའི་རྟེན་ནི་ཆེ་ཆུང་སོགས་ཇི་ལྟར་ཡང་ཕན་ཡོན་དང་བྱིན་རླབས་རྒྱ་ཆེ་ལ་རྒྱུན་ཆགས་པར་འབྱུང་བ་རབ་གནས་ཀྱི་རྒྱུད་སོགས་མདོ་རྒྱུད་དུ་མ་ལས་འབྱུང་ཞིང་། དེས་ན་ཐོག་མར་རང་དོན་ཚེ་བསོད་དཔལ་འབྱོར་སྙན་གྲགས་སྤེལ་བའི་ཕྱིར་རམ་གཞན་ལ་འགྲན་འདོད་ལྟ་བུའི་ཀུན་སློང་ཕྱིན་ཅི་ལོག་མ་འདྲེས་པ། བར་དུ་འཕྲོག་བཅོམ་གཡོ་སྒྱུ་རྐུན་རྫུན་གསོད་གཅོད་ཀྱི་ཉོ་ཚོང་དཀོན་མཆོག་གི་སྐུ་
གླུང་འདྲེས་པ་ལྟ་བུའི་དངོས་པོ་མ་དག་པ་མ་ཡིན་པ། མཐར་གནས་དུས་ཡོ་བྱད་སློབ་དཔོན་ཆོ་ག་སོགས་གང་བྱུང་དེས་ཆོག་མ་ཡིན་པར་ཚུལ་ལམ་བཟང་པོ་དྲུག་ལྡན་གྱི་སྒོ་ནས་རབ་ཏུ་གནས་པ་ཤིན་ཏུ་གལ་ཆེ་བས། སྔོན་གྱི་ཆོས་སྤྱན་ལྡན་པ་རྣམས་ཀྱིས་རྟེན་རེ་རེ་ལ་རྒྱུད་སྡེ་ཆེན་པོ་དང་འབྲེལ་བའི་རབ་གནས་ཀྱི་རྣམ་གྲངས་ཚར་བདུན་རེས་ཉུང་མཐའ་མཛད་པའི་འདབ་སྐྱོར་རྟགས་མཐོང་ཡིད་ཆེས་པ་དང་། ཚོགས་དང་དགའ་སྟོན་ལ་དངུལ་སྲང་བརྒྱ་ཕྲག་དུ་མའི་རིན་ཐང་གི་གཏོང་བ་རྒྱ་ཆེར་མཛད་པས་ད་ལྟའི་བར་དུའང་རྟེན་གྱི་བྱིན་རླབས་ཉམས་པ་མི་མངའ་ཞིང་ཡུལ་ཕྱོགས་ལ་བཀྲ་ཤིས་པ་བྱུང་བ་མངོན་སུམ་གྱིས་གྲུབ་པས་མཚོན། གནད་ཀྱི་དགོས་དོན་འདི་ཁོ་ན་ཆེ་བ་ཡིན་ལ། རང་ཉིད་འབྱོར་མཁོས་དམན་པས་གཏོང་བ་རླབས་ཆེན་འགྲུབ་པའི་རེ་བ་མ་མཆིས་ཀྱང་རྗེ་བཙུན་དཔལ་ལྡན་བླ་མ་རྣམས་ལ་གུས་པ་ཆེན་པོས་གསོལ་བ་བཏབ་པའི་མཐུ་ལ་བརྟེན་ཏེ། སློབ་དཔོན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཆོ་ག་རྣམ་པར་དག་པ་འབའ་ཞིག་པའི་རབ་གནས་ལན་གྲངས་ཡིད་ཁེལ་བ་གྲུབ་པའི་ཚུལ་ཡང་འདི་ལྟ་སྟེ། གཙུག་ལག་ཁང་ཕྱི་ཁོག་གྲུབ་བའི་སྐབས་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པ་དང་། གཉགས་ཆེན་ཡེ་ཤེས་གཞོན་ནུའི་རྣམ་རོལ་མཁན་ཆེན་བླ་མ་
ཟླ་བ་བཟང་པོ་རྣམ་པ་གཉིས་ནས། བགེགས་ཞི་ཞིང་ལེགས་ཚོགས་རྒྱས་པའི་རྟེན་འབྲེལ་དུ། རྡོར་སེམས་ཐུགས་ཀྱི་སྒྲུབ་པ་དང་འབྲེལ་པར་སྣོད་བཅུད་བྱིན་རླབས། ཞི་བའི་སྦྱིན་སྲེག་གྲངས་ལྡན། རྗེ་བཙུན་ཡིད་བཞིན་འཁོར་ལོའི་སྒོ་ནས་རྒྱས་པའི་སྦྱིན་སྲེག །བླ་མ་དཀོན་མཆོག་སྤྱི་འདུས་སོགས་ཀྱི་ཚོགས་སྐོང་དང་འབྲེལ་བར་རབ་ཏུ་གནས་ཤིང་ཤིས་པའི་མེ་ཏོག་ཆར་དུ་བསྙིལ་བར་མཛད། །རྟེན་བརྟེན་པ་ཕལ་ཆེར་གྲུབ་པའི་སྐབས། དྲག་པོ་ལྕགས་སྤྲེལ་ལོ། །མངའ་རིས་པ་ཆེན་རིན་པོ་ཆེ། སྨིན་གླིང་གཏེར་ཆེན་སྐུ་མཆེད་སོགས་སྔ་འགྱུར་གྱི་མཁས་གྲུབ་ཆེན་པོ་རྣམས་ཀྱིས་སྤྲེལ་ཟླ་འཁྲུལ་མེད་དུ་ངོས་འཛིན་པར་མཛད་པ་ཧོར་ཟླ་ལྔ་པའི་དཀར་ཕྱོགས་ཀྱི་ཐོག་མར་ཚེས་པ་ན། འཇིག་རྟེན་གསུམ་གྱི་རྣམ་པར་འདྲེན་པ་གངས་ཅན་མགོན་པོ་མཐོན་མཐིང་མི་བསྐྱོད་པའི་རྟགས་ཀྱི་ཅོད་པན་འཛིན་པ་རིམ་པར་བྱོན་པ་ལས་བཅུ་བཞི་པ། སྲིད་དང་ཞི་བའི་ཁོང་ན་ཡོངས་སུ་གྲགས་པའི་མཚན། རྒྱལ་དབང་ཐམས་ཅད་མཁྱེན་པ་ཐེག་པ་མཆོག་གི་རྡོ་རྗེའི་ཞབས་པད་བཀྲ་ཤིས་ཀྱི་རེ་ཁཱས་མཚན་པ་རྣམ་པར་བཀོད་དེ་ཐུན་མོང་མ་ཡིན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བས་བྱིན་གྱིས་བརླབས། གང་གི་རིགས་དབོན་སྤྲུལ་པའི་གཏེར་ཆེན་ཆོས་ཀྱི་དབང་ཕྱུག་གི་རྣམ་རོལ་མཆོག་དང་། རྗེ་བརྒྱད་
པའི་ཕྲིན་ལས་ཀྱི་རོལ་གར་སྐུ་མདུན་ཀརྨ་སྲིད་བྲལ་གྱི་ཡང་སྲིད། ལང་གྲོ་ལོ་ཙཱའི་རྣམ་འཕྲུལ་རྗེ་དཔོན་བསམ་འཕེལ་མཆོག་སྦྲུལ། གྲུབ་པའི་དབང་ཕྱུག་པདྨ་གསང་སྔགས་བསྟན་འཛིན་དང་རི་པ་མཆོག་སྤྲུལ་དར་རྒྱས་རྒྱ་མཚོ་སོགས་སྟོན་འཁོར་ཁྱད་པར་དུ་འཕགས་པ་རྣམས་དང་འདུས་པ་ལྔ་བཅུ་སྐོར་གྱིས་བཟང་པོ་གཉིས་པ་ནས་ཕྱི་མཚམས་བཅད་པ་སོགས་ཀྱི་དབུ་བརྩམས། ཚེས་བཅུ་ལ་དངོས་གཞི་ཁེལ་བར་མཛད་དེ་ཞག་བདུན་ཉིན་བརྒྱད་ཀྱི་ཁོངས་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་བྱིན་རླབས་ཀྱི་ཚན་ཁ་ཟབ་མོ་གཞན་ལས་མངོན་སུམ་གྱིས་ཁྱད་པར་འཕགས་པ། ལྷག་པར་བཀའ་བརྒྱུད་ཀཾ་ཚང་ལ་བཀའ་བབས་པའི་གསེར་ཆོས་བླ་མ་དགོངས་པ་འདུས་པའི་ཚོམ་བུ་འབུམ་སྒྲུབ་དང་འབྲེལ་པར་བདུད་རྩི་སྨན་གྱི་སྒྲུབ་ཆེན་དགེ་བའི་མཚན་མ་དང་བཅས་བར་ཆད་མེད་པར་མཐར་ཕྱིན་ཏུ་གྲུབ་པའི་རྗེས་འབྲེལ་དུ་སྦྱོར་དངོས་མཇུག་གསུམ་གྱི་བྱ་བ་ལེགས་པར་ཚང་བའི་སྒོ་ནས་རྟེན་བརྟེན་པར་བཅས་པ་ལ་ཡེ་ཤེས་སེམས་དཔའ་ལྷག་པར་རབ་ཏུ་གནས་པའི་དགེ་ལེགས་ཀྱི་མེ་ཏོག་ཆར་དུ་བསྙིལ་བར་མཛད། དགའ་སྟོན་དང་ལེགས་འབུལ་གྱི་མཎྜལ་ཡང་མཁོས་ལྕོགས་རྒྱས་པར་ཞུས། རྟེན་གསུམ་ཡོངས་སུ་རྫོགས་པར་གྲུབ་པའི་ལོ་
དེའི་ཐ་སྐར་ཟླ་བ་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ལ། སངས་རྒྱས་གཉིས་པ་པདྨཱ་ཀ་རས་ཉིད་ཀྱི་རྣམ་འཕྲུལ་རྒྱལ་ཚབ་ཏུ་གཏེར་ཁ་གསར་རྙིང་རྣམས་ལས་ཡང་ནས་ཡང་དུ་ལུང་བསྟན་པ། བྱམས་མགོན་ཀུན་མཁྱེན་ཏཱའི་སི་ཏུའི་མཆོག་གི་སྤྲུལ་པའི་སྐུ་པདྨ་ཀུན་བཟང་ཆོས་ཀྱི་རྒྱལ་པོ་དང་། གཏེར་ཆེན་ཀློང་གསལ་སྙིང་པོའི་ཡང་སྲིད་རྗེ་དཔོན་བསམ་འཕེལ་མཆོག་གི་སྤྲུལ་པའི་སྐུ་ཀརྨ་སྒྲུབ་བརྒྱུད་བསྟན་འཛིན་ཕྲིན་ལས་དང་། མཉམ་མེད་དྭགས་པོ་ལྷ་རྗེ་དང་རྗེ་གཡུ་ཐོག་པ་སོགས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རང་གཟུགས་རྗེ་དཔོན་བསམ་གཏན་མཆོག་གི་སྤྲུལ་པའི་སྐུ་གཙོ་བོར་བཞུགས་པའི་བསླབ་པ་གསུམ་དང་ལྡན་ཅིང་བསྙེན་སྒྲུབ་ཚད་ལྡན་ཏུ་སོང་བའི་རྡོར་སློབ་བཅུ་ཕྲག་གཅིག་ལ་ལྔ་ཡིས་ལྷག་པ་དང་བཅས་པས། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དང་འབྲེལ་བར་རབ་གནས་ཀྱི་ཆོ་ག་རྗེ་དགུ་པའི་ཡིག་ཆ་ཇི་ལྟ་བར་རྒྱས་པའི་སྲེག་བླུགས་ཙཱ་རུའི་བཟའ་བ་སྒྲུབ་པ་སོགས་སྔོན་དངོས་རྗེས་ཀྱི་བྱ་བ་ཚང་ལ་མ་འཁྲུལ་བར་ཉིན་གཉིས་ལ་ལེགས་པར་བསྒྲུབས་པར་མཛད་པ་ལའང་དགའ་སྟོན་དང་ལེགས་འབུལ་གྱི་མཎྜལ་སོགས་གོང་མཚུངས་ཞུས། བློ་ངན་ལྕགས་མོ་བྱ་ལོ་གསར་དུ་ཚེས་པའི་ནག་པ་ཟླ་བའི་ཚེས་བརྒྱད་རྒྱལ་དང་ཕུར་བུའི་འགྲུབ་
པའི་སྦྱོར་བ་དང་ལྡན་པ་ལ། སངས་རྒྱས་ཐམས་ཅད་ཀྱི་མཁྱེན་རབ་ཡེ་ཤེས་གཅིག་ཏུ་བསྡུས་པའི་སྐུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་པ་ཆེན་བི་མ་ལ་མི་ཏྲ་མཆོག་གི་བཤེས་གཉེན་དམ་པའི་སྐུར་སྣང་བ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་གཉིས་པ་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཉིད་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་སྐུར་བཞེངས་ཏེ་སྨིན་ལུགས་དགེ་ལེགས་འདོད་འཇོ་ལྟར་དངོས་སྟ་ཉིན་གསུམ་མའི་སྒོ་ནས་ཡེ་ཤེས་སེམས་དཔའ་དམ་ཚིག་གི་རྟེན་ལ་ལྷག་པར་རབ་ཏུ་གནས་པའི་ཆོ་ག་སྦྱོར་དངོས་རྗེས་ཚང་མཐའ་རྒྱས་སུ་བཀའ་དྲིན་སྩལ་ཞིང་། སླར་ཡང་སོ་ལུགས་ཡང་དག་ལྷ་དགུ། བདེ་མཆོག་ལཱུ་ཧི་པའི་ལུགས། དཔལ་དུས་ཀྱི་འཁོར་ལོ། །བླ་མ་དགོངས་པ་འདུས་པ་རྣམས་ཀྱི་རྣལ་འབྱོར་སོ་སོ་དང་འབྲེལ་བར་རབ་ཏུ་གནས་པའི་ཆོ་ག་ཆ་ཚང་བར་མཛད་ཅིང་བྱིན་བརླབས་ཀྱི་མེ་ཏོག་ཆར་དུ་བསྙིལ་བའི་རྗེས་སུ་འབྲེལ་བར། བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལུགས་སྲོལ་བཞིའི་དཀྱིལ་འཁོར་ཆེན་པོའི་ཞལ་ཕྱེས་ནས་ནང་ཚན་དང་བཅས་པའི་སྨིན་བྱེད་བདུན། དཔལ་ཆེན་བི་རཱུ་པའི་ཐུགས་བཅུད་གདམས་ངག་ལམ་འབྲས་བུ་དང་བཅས་པའི་ཁྲིད་ཆེན། བྱིན་བརླབས་ཀྱི་བཀའ་རྣམས་
དང་བཅས་པ། རྡོ་རྗེ་བཙུན་མོའི་ཞལ་ལུང་གྲུབ་ཆེན་ཨོ་རྒྱན་པའི་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་གཙོ་བོར་གྱུར་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་རྟེན་དང་བརྟེན་པར་བཅས་པ་འོག་མིན་རྡོ་རྗེ་བཀོད་ལྷུན་གྲུབ་ངེས་པ་ལྔ་ལྡན་གྱི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པར་མཛད་པ་ལའང་མཎྜལ་དང་དགའ་སྟོན་གྱི་དངོས་པོ་སོགས་མཁོས་བསྟུན་བཀའ་དྲིན་གྱི་མདོངས་གསོལ་དུ་ཞུས། སླར་ཆུ་མོ་ཕག་ལོའི་ནག་པ་ཟླ་བར་རང་ཉིད་དང་བསྙེན་པ་ཚད་ལྡན་སོང་བའི་སྒྲུབ་པའི་རིག་འཛིན་ཕུན་སུམ་ཚོགས་པའི་འདུས་པ་དང་བཅས་པས་ཞག་བཅུ་ཕྲག་གཅིག་ལ་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་ཚོམ་བུ་ཚོགས་སྒྲུབ་གཟབ་རྒྱས་སུ་བགྱིས་པ་དང་འབྲེལ་བ་ལ་སོགས་པ་ལན་གྲངས་དུ་མར་གདོད་ནས་དམ་ཡེ་དབྱེར་མེད་རང་བཞིན་ཡོངས་གྲུབ་ཆོས་ཀྱི་དབྱིངས་སྤྲོས་བྲལ་འགྱུར་བ་མེད་པའི་གནས་ལུགས་ཀྱི་རང་བབ་ལ་ཅི་ནུས་སུ་མཉམ་པར་བཞག་པས་ཀུན་རྫོབ་རྟེན་འབྲེལ་གྱི་རང་མདངས་བསྐལ་བརྒྱར་བརྟན་པར་བཞུགས་པའི་སྨོན་ལམ་བདེན་ཚིག་ཡང་ནས་ཡང་དུ་གསོལ་བར་བགྱིས་པའོ། །དེའང་ཡེ་ཤེས་མཆོག་བརྙེས་པའི་དམ་པ་རྣམས་ཀྱིས་སྤྱན་གྱིས་གཟིགས་པའམ་དགོངས་པ་གཏད་པ་ཙམ་གྱིས་ལྷུན་
གྲུབ་རང་བཞིན་གྱིས་རབ་ཏུ་གནས་པར་འགྱུར་ཏེ་བརྡ་དང་ཆོ་ག་ལ་མ་ལྟོས་ཤིང་། རིམ་པ་གཉིས་ཀྱི་དྲོད་ཚད་ཅི་རིགས་བརྙེས་པའམ། དེ་ཉིད་བཅུའི་ཕ་མཐར་སོན་པའི་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་དག་གིས་ཀྱང་ཚད་དང་ལྡན་པའི་ཆོ་ག་རྒྱས་བསྡུས་གང་རུང་ལ་བརྟེན་ནས་ལྷག་གནས་ཀྱི་མེ་ཏོག་འཐོར་བས་ཡེ་ཤེས་པ་རྟེན་ལ་འཇུག །དེའང་དུས་རིང་པོའི་བར་རྟག་ཅིང་བརྟན་ལ་བཞུགས་པའི་ཡུལ་ཕྱོགས་བཀྲ་ཤིས་རྒྱ་མཚོའི་དཔལ་གྱིས་འབྱོར་པ་རྒྱུད་དང་གྲུབ་པའི་སློབ་དཔོན་རྣམས་ཀྱི་ཞལ་གྱི་ལུང་བཟང་ལས་ཡང་དག་པར་འབྱུང་བས། འདིར་ཡེ་ཤེས་མཆོག་བརྙེས་པ་ལ་ཐེ་ཚོམ་དང་ནེམ་ནུར་མེད་ཅིང་དེ་ཉིད་བཅུ་སོགས་རྡོ་རྗེ་སློབ་དཔོན་གྱི་ཕྲིན་ལས་རབ་འབྱམས་ལ་དབང་འབྱོར་བ་གཅིག་ཙམ་མ་ཡིན་པ་བཟང་ཟ་ར་ཚགས་འབའ་ཞིག་པས་རྒྱུད་སྡེ་ཆེན་པོའི་ཆོ་ག་དང་འབྲེལ་བར་རབ་ཏུ་གནས་པའི་ཆོ་ག་མཚན་ཉིད་དང་ལྡན་པས་ཡང་ནས་ཡང་དུ་བྱིན་གྱིས་བརླབས་པར་མཛད་པ་ནི། མཐོང་ཐོས་དྲན་རེག་དོན་དང་ལྡན་པ་སོགས་སྲིད་པ་ཇི་སྲིད་བར་སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་མི་འཆད་པར་འབྱུང་བའི་རྟེན་མཆོག་ཁྱད་པར་དུ་འཕགས་པ་གྲུབ་པའོ། །སངས་རྒྱས་བྱིན་རླབས་སྟོབས་ནི་བསམ་མི་ཁྱབ། །སྔགས་རྒྱ་ཏིང་འཛིན་མཐུ་ཡང་དེ་བཞིན་ཏེ། །ནོར་བུ་སྨན་ཆེན་རྫས་ཀྱི་འཕྲུལ་འཁོར་ལས། །
འདོད་རྒུའི་རོལ་མོ་ཅི་ཡང་འཆར་བར་མཐོང་། །ཡོངས་གྲུབ་ཡེ་ཤེས་བྱིན་གྱིས་བརླབས་པ་ན། །སེམས་མེད་བེམ་པོས་རྒྱལ་བའི་ཕྲིན་ལས་མཛད། །ཇི་སྲིད་ལྔ་ཕུང་དག་ལ་སྲོག་ཞུགས་པ། །དེ་སྲིད་ལུགས་བརྒྱའི་བླང་དོར་གནས་ལ་འཇུག །གནས་ལུགས་སྐུ་དང་ཡེ་ཤེས་ཟུང་དུ་འཇུག །འཁྲུལ་ངོར་དམ་ཡེ་རྟེན་དང་བརྟེན་པར་འབྲེལ། །ལྟོས་ཆོས་ཐབས་ཤེས་གནས་ལུགས་གཤིས་སུ་གྲུབ། །དེ་ཚུལ་སངས་རྒྱས་ཉག་གཅིག་མཁྱེན་པའི་ཡུལ། །ཡེ་ཤེས་བརྙེས་པའི་རྣམ་འདྲེན་མཆོག་རྣམས་དང་། །བྱིན་རླབས་དཔལ་དུ་ཆགས་པ་རྒྱལ་བའི་རྟེན། །གཟི་བརྗིད་འོད་འབར་ཉི་མའི་དཀྱིལ་འཁོར་རྣམས། །དངོས་གཞན་ཟིལ་གྱིས་གནོན་ནས་ལྷམ་མེར་སྣང་། །བརྒྱད་པ་དེ་དག་གི་ཕན་ཡོན་དགོས་ཆེད་ཤིས་པ་བརྗོད་པ་དང་བཅས་པ་ལ་གསུམ། རྟེན་གྱི་ཕན་ཡོན་མདོ་ཙམ་སྨོས། དམིགས་སུ་བསལ་བའི་དགོས་ཆེད་བཤད། ཤིས་པ་བརྗོད་པའི་ཚིག་ཕྲེང་གིས་མཐར་དགེར་བྱ་བའོ། །དང་པོ་ལ་གཉིས། རྟེན་གསུམ་བཞེངས་པའི་ཕན་ཡོན། དེ་ལ་ཕྱག་མཆོད་ཞབས་ཏོག་བྱས་པའི་ཡོན་ཏན་ནོ། །དང་པོ་ནི། སྤྱིར་དགེ་བའི་བྱ་བ་གང་ཡང་བསམ་པ་རྣམ་པར་དག་ན་རྒྱུ་ཆུང་ཡང་འབྲས་བུ་འཕེལ་ཆེ་བས་རྣམ་པར་སྨིན་པ་བདེ་བ་ཟད་མི་ཤེས་
པ་ལ་སྤྱོད་པ་ཤ་སྟག་ཡིན་ཅིང་། ལྷག་པར་དཀོན་མཆོག་གི་རྟེན་དང་དགེ་འདུན་འདུ་བའི་གཙུག་ལག་ཁང་བརྩིགས་པ་ནི་འདུས་བྱས་ཀྱི་དགེ་རྩ་གང་ལས་ཀྱང་ཁྱད་པར་དུ་འཕགས་པར་གསུངས་པས་སྐྱེས་བུ་དམ་པ་རྣམས་ཀྱིས་ཕྱག་བཞེས་སུ་མཛད་པ་དང་། དེ་ཐམས་ཅད་ལས་ཀྱང་སངས་རྒྱས་ལ་དམིགས་ཏེ་ཚོགས་བསགས་པ་ནི་འགྲན་ཟླ་ཀུན་དང་བྲལ་བ་སྟེ། སྙིང་རྗེ་པད་དཀར་མདོ་ལས། ཀུན་དགའ་བོ་ང་ལྟ་བུ་ལ་གནས། ང་ལྟ་བུ་ལ་བརྟེན་ཏེ་ཡོན་ཕུལ་ན་དེའི་བསོད་ནམས་ཀྱི་དཔེར་བྱ་བར་ཡང་སླ་བ་མ་ཡིན་ནོ། །ཞེས་གསུངས་པ་དང་། འཕགས་པ་རྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས་ལས། ཀུན་དགའ་བོ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམཔ་ལས་སྐྱུ་རུ་རའི་
འབྲས་བུ་ཙམ་བྱས་ལ་ཁབ་ཙམ་གྱིས་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་བྱས་ནས། ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ་ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན་དེ་ནི་དེ་བས་ཆེས་བསོད་ནམས་ཆེའོ་ཞེས་ང་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་ཡེ་ཤེས་ཀྱིས་དཔག་ཏུ་མེད་པ། དེ་བཞིན་ཏུ་སྦྱར་ཏེ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། ཚད་མེད་བཞི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་དྲན་པ་ཉེ་བར་བཞག་པ་མ་འདྲེས་པ་གསུམ་དང་སྙིང་རྗེ་ཆེན་པོས་དཔག་ཏུ་མེད་པ་སྟེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །ཞེས་དང་། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། ཕྱོགས་བཞིའི་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་དང་གནས་ཁང་བརྩིགས་པ་དང་། དགྲ་བཅོམ་པ་རྣམ་ཐར་བརྒྱད་དང་ལྡན་པས་སྟོང་གསུམ་གྱི་སྟོང་ཆེན་པོ་འདི་ཏིལ་དང་འདམ་བུའི་ཚལ་ལྟར་གང་བ་དེ་དག་བཅིངས་པ་ལྔས་བཅིངས་པ་ལ། མཐུ་ཆེན་པོ་དང་ལྡན་པའི་གང་ཟག་ཞིག་གིས་བཅིངས་པ་བཀྲོལ་ནས་ལོ་བརྒྱ་
སྟོང་གི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་མཆོད། དེ་དག་མྱ་ངན་ལས་འདས་པའི་རིང་བསྲེལ་ལ་ལྷའི་ཡོ་བྱད་སྣ་ཚོགས་ཀྱིས་རབ་ཏུ་མཆོད་པའི་བསོད་ནམས་ཀྱིས་ཀྱང་སངས་རྒྱས་ཀྱི་རིང་བསྲེལ་གྱི་ཕྱིར་མཆོད་རྟེན་བརྩེགས་པའི་བསོད་ནམས་ཀྱི་ཕུང་པོ་ལ་བྱེ་བ་བརྒྱ་སྟོང་དཔེ་དང་རྒྱུའི་ཆར་ཡང་མི་འགྲོ་བར་གསུངས་པ་དང་། དད་པའི་སྟོབས་སྐྱེད་པ་ལ་འཇུག་པ་ཕྱག་རྒྱའི་མདོ་ལས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་སངས་རྒྱས་རི་མོར་བྲིས་པའམ། གཟུགས་སུ་བྱས་པ་མཐོང་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་ན། ཐལ་མོ་སྦྱོར་བའམ། མེ་ཏོག་གམ། བདུག་པའམ། སྤོས་སམ། མར་མེ་འབུལ་བ་ལྟ་ཅི་སྨོས་ཏེ། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །ཞེས་
སོགས་མདོ་རྒྱུད་ཀུན་ནས་མཐའ་ཡས་པ་འབྱུང་ངོ་། །སངས་རྒྱས་ཀྱི་རྟེན་གསུམ་ལས་སྐུ་གཟུགས་བཞེངས་པའི་ཡོན་ཏན་ནི། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ལེའུ་ལས། སའམ། རྡོ་ཐལ་ལམ། ཤིང་ངམ། རྡོའམ། ར་གན་ནམ། ལྕགས་སམ། གསེར་རམ། དངུལ་ལམ། བཻ་ཌཱུརྻ་འམ། ཤེལ་ལམ། མུཀྟི་ཀ་དམར་པོའམ། རྡོའི་སྙིང་པོའམ། སླུག་གམ། དུང་ངམ། མན་ཤེལ་ལམ། སྤོས་སམ། རས་སམ། ཤིང་ལེབ་བམ། རྩིག་ངོས་ལ། དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེངས་པར་བྱ། རལ་བ་གསོ་བར་བྱ་བ་དང་། གྲུམ་པ་བཅོས་པར་བྱས་ཏེ་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་ན་རིགས་དམའ་བ་ཐམས་ཅད་དང་། སྡིག་པ་བྱེད་པའི་རིགས་རྣམས་དང་། ལོག་པར་ལྟ་བའི་རིགས་སུ་མི་སྐྱེ། ཡན་ལག་གང་ཡང་མ་ཚང་བར་མི་འགྱུར་རོ། །གལ་ཏེ་མཚམས་མེད་པ་ལྔ་བྱས་སུ་ཟིན་ཀྱང་དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ་སྐུ་གཟུགས་བྱས་ན་ལས་དེས་སེམས་ཅན་དམྱལ་བ་མྱོང་བ་ཆུང་ངུ་མྱོང་སྟེ། ཐེག་པ་གསུམ་གང་ཡང་རུང་བས་ངེས་པར་འབྱུང་བར་འགྱུར་རོ། །དཔེར་ན་མི་ཞིག་མི་གཙང་བས་རེག་པ་ལ་རབ་ཏུ་དག་པར་བཀྲུས་ཏེ་སྤོས་ཀྱིས་བྱུགས་ན་དྲི་མི་ཞིམ་པ་དེ་མེད་པར་འགྱུར་རོ། །དེ་བཞིན་དུ་མཆམས་
མེད་པ་བྱས་པ་དེའི་སྡིག་པ་ཡང་མེད་པར་འགྱུར་རོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་ཡང་དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེའི་སྐུ་གཟུགས་བྱས་ན་དེའི་སྡིག་པ་དེ་ཇི་ལྟར་མེའི་ཕུང་པོས་མར་ཚིག་སྟེ་དུ་བ་ཡང་མི་མངོན་པ་བཞིན་དེའི་སྡིག་པ་དེ་ཡང་མི་སྣང་བར་འགྱུར་རོ། །ཞེས་དང་། དམ་པའི་ཆོས་པདྨ་དཀར་པོ་ལས། ལ་ལས་དེར་ནི་རིན་ཆེན་གཟུགས་བྱས་པ། །སུམ་ཅུ་རྩ་གཉིས་མཚན་དང་ལྡན་པའི་གཟུགས། །གང་གིས་དེ་ཕྱིར་བྱས་པ་དེ་དག་ཀྱང་། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ལ་ལས་དེར་ནི་རིན་ཆེན་སྣ་བདུན་དང་། །ལ་ལས་དེ་བཞིན་ཟངས་དང་འཁར་བ་ལས། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །རོ་ཉེ་དང་ནི་ལྕགས་སམ་ས་ཡང་རུང་། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་ཏེ། །བལྟ་ན་སྡུག་པ་འཇིམ་པའི་ལས་བྱེད་བཅུག །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །གང་གིས་རྩིག་ངོས་གཟུགས་ཀྱི་རི་མོ་དག །བསོད་ནམས་བརྒྱ་མཚན་ཡོངས་སུ་རྫོགས་པའི་སྐུ། །བདག་གིས་བྲིས་སམ་འབྲི་རུ་བཅུག་ཀྱང་རུང་། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །སྐྱེས་བུ་དག་གམ་འོན་ཏེ་གཞོན་ནུའང་རུང་། །གང་དག་ལ་ལ་དེ་ནི་སློབ་པའི་ཚེ། །རྩེད་མོ་དགའ་དང་བསང་བར་བྱེད་པ་ན། །རྩིག་ངོས་སེན་མོ་ཤིང་བུས་གཟུགས་བྲིས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་འགྱུར་ཏེ། །དེ་དག་ཐམས་ཅད་སྙིང་རྗེ་ཅན་དུ་འགྱུར། །
ཐམས་ཅད་ཀྱང་ནི་སྲོག་ཆགས་བྱེ་བ་སྒྲོལ། །བྱང་ཆུབ་སེམས་དཔའ་མང་པོ་ཡང་དག་འཛུད། །ཅེས་དང་། དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་བསྟན་པ་ལས་ཕན་ཡོན་ཆེན་པོ་ལྔར་གསུངས་པའི་བསྡམས་ནི། གཞལ་ཡས་ཁང་གནས་གྲགས་བཟང་སྤྲོ་བ་མང་། །ཚེ་རིང་གྲགས་ལྡན་བདེ་མང་དང་པོའོ། །བྱུག་ཅིང་ནོར་མང་ཡོ་བྱད་ལོངས་སྤྱོད་ཆེ། །འབྲུ་ནོར་གཉེན་ཕྱུགས་བྲན་མང་གཉིས་པའོ། །གཟུགས་བཟང་མདོག་མཛེས་རྒྱན་ལྡན་གསུམ་པ་སྟེ། །འཁོར་ལོས་སྒྱུར་རྒྱལ་ཉིད་འགྱུར་བཞི་པའོ། །ལྷ་རྒྱལ་ཁྱད་པར་ཅན་ཏུ་སྐྱེས་ནས་ཀྱང་། །ཚེ་སོགས་གནས་བཅུར་དབང་བྱེད་ལྔ་པའོ། །གསལ་རྒྱལ་གྱི་ཚིགས་སུ་བཅད་པ་ལས། །བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་སོང་བ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་འཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱོང་ནས། །ཐ་མར་སྐྱེ་དང་རྒ་ལ་སོགས་པ་ཡི། །སྡུག་བསྔལ་མེད་པའི་སངས་རྒྱས་གོ་འཕང་འཐོབ། །ཅེས་སོགས་རྒྱ་ཆེར་འབྱུང་བ་དང་། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་
མཚན་མཐུ་བོ་ཆེ་ཆེན་པོའི་ལུས་ཀུན་ནས་མཛེས་པ་འདི་ནི་སྔོན་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་པ་དང་། མཆོད་རྟེན་ཞིག་པ་བཅོས་པ་དང་། གཞན་འཇིགས་པ་དག་དབུགས་ཕྱུང་བ་དང་། སེམས་ཅན་མི་འདུམ་པའི་བསྡུམས་བྱས་པས་གྲུབ་སྟེ། ཞེས་སོགས་འབྱུང་བ་དང་། ཚོང་དཔོན་སྤོབས་པའི་བློ་གྲོས་ཀྱིས་ཞུས་པ་ལས། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་འཇུག་པ་དང་། མདོའི་དོན་འཆད་ཉན་བགྱིད་པ། བྱམས་པ་སྒོམ་པ། མཁན་སློབ་ལ་གུས་ཤིང་རིམ་གྲོ་བྱེད་པ། གསུམ་ལ་སྐྱབས་སུ་འགྲོ་བ་ལ་རང་ཉིད་བརྩོན་ཞིང་གཞན་དག་དེ་ལ་བཀོད་པའི་ཆོས་ལྔ་པོ་དང་ལྡན་པས། ཚེ་རབས་ཀུན་ཏུ་མཆོག་གསུམ་དང་མི་འབྲལ་ཞིང་། སངས་རྒྱས་རྣམས་མཇལ་ཞིང་དམ་པའི་ཆོས་ཐོས་པ་དང་། ཅི་འདོད་པའི་ཕུན་སུམ་ཚོགས་པ་ཐོབ་ཅིང་མཐར་གྱིས་བྱང་ཆུབ་བརྙེས་པར་འགྱུར་བར་གསུངས་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆེ་བ་ལས། སངས་རྒྱས་མཐོང་བ་དང་མི་འབྲལ་བའི་ཆོས་བརྒྱད་ཀྱི་ཡ་གྱལ་གཅིག་སངས་རྒྱས་ཀྱི་སྐུ་གཟུགས་བཞེངས་པ་ལས་བཤད་པ་དང་། དཀོན་མཆོག་ཏ་ལའི་མདོ་ལས། སྐུ་གཟུགས་དང་མཆོད་རྟེན་བྱས་པ་དང་། དེ་མཐོང་བ་དང་། དེ་ལ་མར་མེ་སོགས་ཀྱིས་མཆོད་པས་འོད་
ཟེར་གྱིས་ཁྱད་པར་མཐའ་ཡས་པ་འགྲུབ་པའི་རྒྱུར་གསུངས་པ་དང་། བུ་མོ་རྣམ་དག་དད་པས་ཞུས་པའི་མདོ་ལས། སངས་རྒྱས་ཀྱི་སྤྱན་སྔར་བརྫུས་ཏེ་སྐྱེ་བའི་ཆོས་བརྒྱད་ཀྱི་ཡ་གྱལ་གཅིག་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་ནས་པདྨོའི་གདན་ལ་འཇོག་པ་ལ་གསུངས་བ་དང་། འཕགས་པ་དོན་དམ་རྣམ་པར་ངེས་པའི་མདོ་ལས། དེ་བཞིན་གཤེགས་པའི་སྐུ་སྲེད་མེད་ཀྱི་བུ་ལྟ་བུར་ཀུན་ཏུ་མཛེས་པ་འདི་ནི། སྔོན་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་པ་དང་། མཆོད་རྟེན་ཞིག་པ་བཅོས་པ་དང་། གཞན་དག་འཇིགས་པ་དག་ལས་དབུགས་དབྱུང་བ་བྱས་པས་མངོན་པར་གྲུབ་བོ། །ཞེས་གསུངས་པ་སོགས་ཤིན་ཏུ་མང་ཞིང་། རྒྱུད་སྡོམ་པ་འབྱུང་བ་སོགས་དང་། ཁྱད་པར་འཇམ་དཔལ་རྩ་རྒྱུད་ལས་རས་བྲིས་ཀྱི་སྐུ་གཟུགས་བྱ་བའི་ཚུལ་དང་ཕན་ཡོན་ཚད་མེད་པས་གསུངས་ལ། མདོར་བསྡུས་སྡོམ་འབྱུང་ལས། སྔགས་པ་ལས་ནི་དང་པོ་པས། །གཟུགས་བརྙན་ལ་སོགས་བྱ་བ་སྟེ། །བྲིས་སྐུ་བསྒྲུབས་ན་མྱུར་དུ་ནི། །དངོས་གྲུབ་རྒྱ་ཆེན་འཐོབ་པར་འགྱུར། ཅེས་དང་། འཇམ་དཔལ་རྩ་རྒྱུད་ལས། བསྐལ་པ་བྱེ་བར་བྱས་པའི་སྡིག །ཤིན་ཏུ་མི་བཟད་གང་ཡིན་པ། །ས་སྟེང་རི་མོ་མཐོང་བ་ཡིས། །དེ་ཡི་མོད་ལ་བྱང་བར་བྱེད། །ཅེས་
སོགས་འབྱུང་ཞིང་། བསླབ་བཏུས་ལས། མི་མཇེད་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་འདོད་ཡོན་ལྔའི་སྦྱིན་པ་བྱིན་པ་ལས། དགེ་བསྙེན་རྣམ་དག་གཅིག་ལ་བསྙེན་བཀུར་བ་བསོད་ནམས་ཆེས་ཁྱད་པར་འཕགས་སོ། །དེ་ཐམས་ཅད་ལས་ནི་དགེ་ཚུལ་གཅིག་ལའོ། །དེ་ཐམས་ཅད་ལས་ནི་དགེ་སློང་གཅིག་ལའོ། །དེ་ཐམས་ཅད་ལས་ནི་རྡོ་རྗེ་འཛིན་པ་གཅིག་ལའོ། །དེ་ཐམས་ཅད་བསྙེན་བཀུར་བ་ལས་ནི་སྐུ་གཟུགས་མཚན་ཉིད་དང་ལྡན་པ་ཚོན་གང་བ་ཞིག་བཞེངས་པ་བསོད་ནམས་ཆེས་ཁྱད་པར་འཕགས་སོ། །ཞེས་སོགས་མདོ་རྒྱུད་བསྟན་བཅོས་རྣམས་ནས་མཐའ་ཡས་པ་འབྱུང་ངོ། །ཡོན་ཏན་དེ་ལྟར་འབྱུང་བའི་རྒྱུ་མཚན་གྱི་གཙོ་བོ་ངེས་དོན་གྱི་གསང་བ་ཟབ་མོ་རྣམས་ནས། སྐུ་དང་སྐུའི་གཟུགས་བརྙན། གསུང་དང་སྒྲའི་གཟུགས་བརྙན་ཇི་ལྟར་སྣང་ཡང་དངོས་གཞི་ལས་མི་འདའ་བས་ཐ་དད་མེད་པར་གསུངས་ཏེ། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། ལང་ཀའི་བདག་པོ་དཔེར་ན་རྡོ་རྗེ་སེམས་དཔའ་ནི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་དགོངས་པ་དམ་པ་ཡིན་ན་དེའི་གཟུགས་བརྙན་ཞིག་བླུན་པོ་གང་ཞིག་གི་མདུན་ཏུ་བཞག་ན་བླུན་པོ་དེ་ཅི་སྙམ་དུ་སེམས། སྨྲས་པ། གསང་བ་པའི་བདག་པོ་དེ་ནི་འདི་ལྟར་འདི་ནི་རྡོ་རྗེ་སེམས་
དཔའ་ཉིད་མ་ཡིན་ཏེ། དེའི་འདྲ་བ་འབའ་ཞིག་གོ་སྙམ་དུ་རྟོག་གོ། །སྨྲས་པ། ལང་ཀའི་བདག་པོ་དེ་བས་ན་གང་དམ་པ་དག་གིས་བལྟས་ན་མི་དམིགས་པའི་དབྱིངས་ན་རྡོ་རྗེ་སེམས་དཔའ་དང་དེའི་གཟུགས་བརྙན་གཉིས་གཞན་དང་གཞན་ན་སོ་སོར་གནས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་གཉིས་ཀྱི་རང་བཞིན་དེ་ཁོ་ན་ཉིད་དེ་དེ་བཞིན་ཡིན་པའི་ཕྱིར་རོ། །དེ་སོ་སོ་བ་ཞིག་ཡིན་ན་ནི་དམིགས་པས་འབྲས་བུ་སྐྱེ་བར་མི་རིགས་སོ། །ལང་ཀའི་བདག་པོས་སྨྲས་པ། གསང་བ་པའི་བདག་པོ་དེ་དག་ལ་ཁྱད་པར་མ་མཆིས་སམ། སྨྲས་པ། ལང་ཀའི་བདག་པོ་མི་ཤེས་པའི་དབང་དུ་གཟུགས་བརྙན་དང་དེས་མཚོན་པའི་དོན་ཞེས་བརྗོད་ཅིང་སྣང་བར་ཟད་ཀྱི། དམ་པ་རྣམས་ཀྱི་དེ་ཁོ་ན་ཉིད་བརྩོན་པར་བྱས་ན་དེ་ལ་ནི་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །ཞེས་སོགས་གསུངས་པ་བཞིན་ནོ། །མཆོད་རྟེན་བཞེངས་པའི་ཕན་ཡོན་ནི། །དམ་ཆོས་པད་དཀར་ལས། རྒྱལ་བའི་རིང་བསྲེལ་དག་ལ་སུས་མཆོད་ཅིང་། །གསེར་དང་དངུལ་དང་འོན་ཏེ་ཤེལ་གྱིའམ། སོགས་ནས། གང་གིས་མཆོད་རྟེན་རྡོ་ལས་བྱས་པ་དང་། །གང་གིས་ཨ་ག་རུ་དང་ཙནྡན་ནམ། །གང་གིས་ཐང་ཤིང་མཆོད་རྟེན་བྱས་པ་དང་། །ལ་ལས་ཤིང་མང་གཞན་ལས་བྱས་པ་དང་། །ས་དང་སོ་ཕག་ལས་ནི་བརྩིགས་པ་ཡི། །རྒྱལ་
བའི་མཆོད་རྟེན་དགའ་ཞིང་བྱས་པ་དང་། །དེ་ཕྱིར་ས་རྡུལ་ཕུང་པོ་དག་ལས་ཀྱང་། །མྱ་ངམ་དགོན་པ་དག་ཏུ་བྱས་པ་དང་། །བྱིས་པ་རྩེད་མོར་དེ་དང་དེ་དག་ཏུ། །གང་གིས་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག །བྱེ་མ་ལས་ནི་ཕུང་པོ་བྱས་པ་ཡང་། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་འཐོབ་པར་འགྱུར། །ཅེས་དང་། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། མཆོད་རྟེན་བཞེངས་པ་སོགས་ཀྱི་ཕན་ཡོན་ཚད་མེད་པ་གསུངས་ནས། རྒྱལ་བའི་མཆོད་རྟེན་གཞན་གྱིས་བྱས་པ་ལ། །རྗེས་སུ་ཡི་རངས་དོན་དེ་མ་བྱས་ཀྱང་། །མདོར་ན་དེ་དག་གིས་ཀྱང་བྱས་པར་འགྱུར། །ཅེས་གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རང་བ་ཙམ་གྱིས་བསོད་ནམས་བླ་ན་མེད་པ་འཐོབ་པར་བཤད་པ་དང་། མདོ་སྡེ་རྣམ་འབྱེད་ལས། མཆོད་རྟེན་བཞེངས་པའི་ཕན་ཡོན་བཅོ་བརྒྱད་གསལ་བར་གསུངས་པ་བ་དང་། གསང་བ་རིང་བསྲེལ་ཟ་མ་ཏོག་གི་གཟུངས་ལས། གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་བྲིས་ཏེ་མཆོད་རྟེན་གྱི་ནང་དུ་བཞག་པ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྙིང་པོ་རིང་བསྲེལ་གྱི་མཆོད་རྟེན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུངས་ཀྱི་སྙིང་པོ་གསང་བས་བྱིན་གྱིས་བརླབས་པའི་མཆོད་རྟེན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཏིལ་གྱི་གང་བུ་སྙེད་དགུ་བཅུ་རྩ་
དགུའི་མཆོད་རྟེན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་དང་། སྤྱན་གྱི་མཆོད་རྟེན་དུ་བྱིན་གྱིས་བརླབ་པར་འགྱུར་རོ། །ཞེས་སོགས་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་། ཆོས་ཀྱི་རྣམ་གྲངས་འདིའི་མཐུ་དང་བྱིན་གྱིས་བརླབས་དང་། བདེན་པ་དང་། དམ་ཚིག་གིས་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་བྱིན་གྱིས་བརླབས་པར་འགྱུར་རོ། །སེམས་ཅན་གང་དག་མཆོད་རྟེན་དེ་ལ་ཕུ་དུད་དང་། བསྟི་སྟངས་བྱེད་པ་དེ་དག་ངེས་པར་ཕྱིར་མི་ལྡོག་པར་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཕྱག་འཚལ་བ་གཅིག་དང་། བསྐོར་བ་བྱེད་པ་གཅིག་གིས་མནར་མེད་པ་ཐུག་པ་ལ་སོགས་པ་རྣམས་ལས་ཡོངས་སུ་ཐར་བར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །གནས་གང་ན་མཆོད་རྟེན་ནམ་གཟུགས་བརྙན་འདི་ལྟ་བུ་གནས་པའི་ས་ཕྱོགས་དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་འགྱུར་རོ། །ཞེས་དང་། མཆོད་རྟེན་བཞུགས་པའི་ཕྱོགས་དེར་རྒྱལ་ཆེན་སྡེ་བཞི་སོགས་ལྷ་དང་གནོད་སྦྱིན་ཐམས་ཅད་ཀྱིས་སྲུང་བ་དང་། ནད་རིམས་འཁྲུགས་རྩོད་སད་སེར་དུས་མིན་འཆི་བ་སོགས་གནོད་པ་གང་ཡང་མི་
འབྱུང་བ་དང་། མཆོད་རྟེན་དང་སྐུ་གཟུགས་ས་རྡོ་ཤིང་དང་གསེར་དངུལ་གང་ལ་བྱེད་ཀྱང་གཟུངས་འདི་བཞག་མ་ཐག་ཏུ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཏུ་བྱིན་གྱིས་བརླབས་ཤིང་ཕྱོགས་ཀུན་ན་དེ་བཞིན་གཤེགས་པའི་གཟུགས་བརྙན་གནས་པར་འགྱུར་བ་སོགས་གསུངས། བྱང་ཆུབ་སྙིང་པོ་རྒྱན་འབུམ་གྱི་ཆོ་ག་ཞིབ་མོ་ལས། གང་ལ་ལ་ཞིག་གིས་བྱང་ཆུབ་སྙིང་པོའི་རྒྱན་འབུམ་གྱི་གཟུངས་འདི་གྲོག་ལ་བྲིས་ཏེ། ཕྱག་མཚན་གྱི་རྡོ་རྗེའི་ནང་དུ་བཅུག་པའམ། སྐུ་གཟུགས་ཀྱི་ནང་བཅུག་པའམ། ཁོག་པར་བྲིས་པའམ། ལྷ་ཁང་གི་གནྡྷོ་ལའི་ནང་བཅུག་པའམ། མཆོད་རྟེན་གྱི་ནང་བཅུག་ན། དེས་མཆོད་རྟེན་གཅིག་བྱས་པས་འབུམ་བྱས་པར་འགྱུར་རོ། །མཆོད་རྟེན་དེ་སྙེད་བཞེངས་པའི་བསོད་ནམས་ཐོབ་པར་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་ངས་སྔར་དཔེ་དངས་ཏེ་བསྟན་པ་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་ཆོས་ཀྱི་སྐུའི་རིང་བསྲེལ་དང་། ཆོས་ཀྱི་དབྱིངས་ཀྱི་རིང་བསྲེལ་དང་། རུས་པའི་རིང་བསྲེལ་དང་། ཤའི་རིང་བསྲེལ་དེ་དག་ཐམས་ཅད་ལ་མཆོད་རྟེན་བྱས་པའི་བསོད་ནམས་འཐོབ་པར་འགྱུར་རོ། །ཞེས་སོགས་དང་། གསེར་དངུལ་ཟངས་ལྕགས་ས་རྡོ་ཤིང་དང་སྨན་འདམས་
སོགས་མཆོད་རྟེན་སྐུ་གཟུགས་བྱས་པའམ། རི་མོར་བྲིས་པ་ལའང་གཟུངས་འདི་དར་རམ་ཤོག་གུ་ལ་བྲིས་ཏེ་ནང་དུ་བཅུག་ནས། ཕྱག་མཆོད་བཀུར་སྟི་རིམ་གྲོ་བྱས་ན། སངས་རྒྱས་ཀྱི་མཁྱེན་པ་དང་འོད་ཟེར་གྱི་གཞལ་བ་དང་། སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་རིང་བསྲེལ་གྲངས་ཇི་སྙེད་པ་དང་། རྒྱ་མཚོ་ཆེན་པོའི་ཆུ་ཐིགས་ཀྱི་གྲངས་དང་མཉམ་པའི་མཆོད་རྟེན་དང་སྐུ་གཟུགས་བྱས་པར་འགྱུར་བ་དང་། དེ་སྙེད་ལ་ཕྱག་མཆོད་སྲི་ཞུ་བྱས་པའི་བསོད་ནམས་ཀྱི་འབྲས་བུ་ཐོབ་པར་གསུངས། འོད་ཟེར་དྲི་མེད་ཀྱི་གཟུངས་ལས། ཡང་གང་ལ་ལ་ཞིག་གིས་གསང་སྔགས་ཡི་གེར་བྲི་བ་གཞན་གྱི་མིང་ནས་སྨོས་ཏེ། མཆོད་རྟེན་གྱི་ནང་དུ་བཅུག་ལ་ནན་ཏན་དུ་མཆོད་པ་བྱས་ན་ཤི་བ་གང་ཡིན་པ་དེ་ངན་སོང་གི་གནས་ནས་ཐར་ཏེ་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །ཡང་ན་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་ཏེ། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ངན་སོང་དུ་ལྟུང་བར་མི་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་མཆོད་རྟེན་དེ་ལ་བསྐོར་བ་བྱས་སམ། ཕྱག་བྱས་སམ། མཆོད་པ་ཕུལ་ཡང་རུང་སྟེ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ལམ་ལས་ཕྱིར་མི་ལྡོག་པར་ཡང་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་རྣམས་
ཀྱང་མ་ལུས་པར་འབྱང་བར་འགྱུར་རོ། །ཐ་ན་བྱ་དང་རི་དྭགས་ལ་སོགས་ཏེ་གང་དག་ལ་མཆོད་རྟེན་དེའི་གྲིབ་མ་ཕོག་པ་དེ་དག་ཀྱང་ནམ་ཡང་དུད་འགྲོ་ལ་སོགས་པ་ངན་སོང་གི་གནས་སུ་སྐྱེ་བར་མི་འགྱུར་རོ། །གང་ལ་ལ་མཚམས་མེད་པ་ལྔའི་སྡིག་པ་ཆེན་པོ་དང་ལྡན་པ་ཡང་མཆོད་རྟེན་དེ་ལ་རེག་གམ། དེའི་གྲིབ་མས་ཕོག་ཀྱང་རུང་སྟེ། དེའི་སྡིག་པ་ཐམས་ཅད་བྱང་ཞིང་ཟད་པར་འགྱུར་རོ། །ཞེས་སོགས་དང་། འཇིགས་པ་གནོད་པ་ལྟས་ངན་བཀྲ་མི་ཤིས་པ་ཐམས་ཅད་ཞི་ཞིང་ཕྱིར་ཟློག་པའི་ཚུལ་རྒྱ་ཆེར་གསུངས་ལ། སྲོག་ཤིང་གི་གསང་སྔགས་དགུ་བཅུ་རྩ་དགུ་གཞུག་པའི་ཡོན་ཏན་ཀྱང་གང་ལ་ལ་ཞིག་གིས་འཇིམ་པ་ལས་མཆོད་རྟེན་ཆུང་ངུ་ཞིག་བྱས་ཏེ། དེའི་ནང་དུ་གསང་སྔགས་འདི་དག་བཅུག་ན་ཡང་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དགུ་ཁྲི་དགུ་སྟོང་བརྩིགས་པ་དང་འདྲའོ། །ཞེས་དང་། ཐ་ན་བྱ་དང་སྦྲང་མ་ལ་སོགས་པ་མཆོད་རྟེན་དེའི་གྲིབ་མས་ཕོག་ན་ཡང་དེ་བཞིན་གཤེགས་པས་མཁྱེན་ཅིང་རྗེས་སུ་དགོངས་པར་མཛད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་ཅིང་ཕྱིར་མི་ལྡོག་པའི་ས་ལ་གནས་པར་ཡང་འགྱུར་རོ། །ཡང་གང་ལ་ལ་ཞིག་གིས་མཆོད་རྟེན་འདི་ལྟ་བུ་རྨི་ལམ་དུ་རྨིས་སམ། རྒྱང་ནས་མཐོང་ངམ། དྲིལ་བུའི་སྒྲ་ཐོས་སམ། མཆོད་
རྟེན་བཞེངས་པ་རྣ་བར་གཏམ་ཐོས་པ་དེ་དག་ཀྱང་མཚམས་མེད་པ་ལྔ་ལ་སོགས་ཏེ། སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་སྟེ། རྟག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྲུང་བ་དང་། རྗེས་སུ་དགོངས་པ་མཛད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡོངས་སུ་དག་པ་ཐོབ་པར་འགྱུར་རོ། །ཞེས་དང་། སྒྲིབ་སེལ་གཟུངས་སོགས་ལས་དེ་མཚུངས་གསུངས་ཤིང་། འདིའི་སྲོག་ཤིང་བཙུགས་པའི་ཆོ་ག་ཚུལ་བཞིན་བྱས་པའི་ཡོན་ཏན་ཀྱང་ངོ་མཚར་ཆེ་ཞིང་ཚད་མེད་པ་རྒྱས་པར་གསུངས་ནས། དེ་ལྟར་སེམས་ཐག་པ་ནས་ཆོ་ག་ཚུལ་བཞིན་དུ་བྱས་ན་ཡོན་ཏན་དེ་དག་དང་། གཞན་ཡང་མཆོད་རྟེན་དེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་བྱས་པའི་བསོད་ནམས་ཐོབ་པར་འགྱུར་ཏེ། རིན་པོ་ཆེའི་རྣམ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ལས་མཆོད་རྟེན་བྱས་པ་དང་འདྲ་བར་འགྱུར་ཏེ། དགེ་བའི་རྩ་བ་རྒྱ་ཆེན་པོ་དང་ལྡན་ཞིང་ལུས་རྣམ་པར་དག་ལ་ཚེ་རིང་ཞིང་ནད་མེད་པ་དང་། བགེགས་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །གང་གཞན་ལ་ལ་ཞིག་གིས་མཆོད་རྟེན་འདི་མཐོང་ངམ། མཆོད་རྟེན་དེའི་དྲིལ་བུའི་སྒྲ་ཐོས་ན་ཡང་ལས་ཀྱི་སྒྲིབ་པ་དང་། སྡིག་པ་ཐམས་ཅད་བྱང་བར་འགྱུར་ཏེ། མཚམས་མེད་པ་ལྔ་བྱས་པ་ཡང་ཡོངས་སུ་བྱང་ནས་འཆི་བའི་དུས་བྱས་པའི་འོག་ཏུ་
བདེ་བ་ཅན་གྱི་འཇིག་རྟེན་དུ་སྐྱེའོ། །གང་ལ་ལ་ཞིག་གིས་མཆོད་རྟེན་དེའི་མིང་ཙམ་ཐོས་པ་ཡང་འཆི་བའི་དུས་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་འཐོབ་པར་འགྱུར། ཐ་ན་བྱ་དང་། རི་དྭགས་ལ་སོགས་པ་སེམས་ཅན་གང་གིས་མཐོང་བ་དེ་ཡང་ཚེ་འཕོས་ནས་དུད་འགྲོའི་སྐྱེ་གནས་སྤངས་ཏེ། བསོད་ནམས་དང་ལྡན་པའི་ལུས་ཐོབ་པར་འགྱུར་རོ། །ཞེས་སོགས་མཐའ་ཡས་པར་གསུངས། རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ་ལས། སྤྱན་རས་གཟིགས་དབང་ཕྱུག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་ཅན་གང་ལ་ལ་ཞིག་གིས་མི་གནས་པའི་ས་ཕྱོགས་སུ་མཆོད་རྟེན་ནི་སྐྱུ་རུ་རའི་འབྲུ་ཙམ། སྲོག་ཤིང་མོ་ཁབ་ཙམ། གདུགས་ནི་བཀྐུ་ལའི་མེ་ཏོག་ཙམ་ཞིག་བྱས་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་ཆོས་ཀྱི་དབྱིངས་ཀྱི་ཚིགས་སུ་བཅད་པ་ནང་དུ་བཅུག་ན། དེས་ཚངས་པའི་བསོད་ནམས་བསྐྱེད་པར་འགྱུར་ཏེ། འདི་ནས་ཤི་འཕོས་ཤིང་འཆི་བའི་དུས་བྱས་ནས་ཚངས་པའི་འཇིག་རྟེན་ཏུ་སྐྱེ་བར་འགྱུར་རོ། །ཞེས་གསུངས། གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་ལས། གཟུངས་དེ་ཉིད་ཡི་གེར་བྲིས་ཏེ་རྒྱལ་མཚན་གྱི་རྩེ་མོ། རི་མཐོན་པོ། ཁང་སྟེང་དང་མཆོད་རྟེན་གྱི་ནང་དུ་བཞག་པས། དེ་མཐོང་ངམ། དེ་དང་ཉེ་བར་གནས་སམ། ཐ་ན་དེའི་གྲིབ་མས་ཕོག་གམ། དེའི་རྡུལ་
རླུང་གིས་བཏབ་པ་ཕོག་ནའང་སྡིག་པ་ཐམས་ཅད་བྱང་ཞིང་ངན་འགྲོར་འགྲོ་བའི་འཇིགས་པ་མི་འབྱུང་། ངན་སོང་གསུམ་དང་ལྷ་མ་ཡིན་གྱི་རིས་སུ་མི་སྐྱེ། སངས་རྒྱས་ཐམས་ཅད་ཀྱིས་ལུང་བསྟན་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག །ཐ་ན་མཆོད་རྟེན་སོགས་ཀྱི་ཤིང་བཟོ་བྱེད་པ་ལའང་ཕན་ཡོན་ཆེན་པོ་འགྱུར་ན་ཕྱག་བསྐོར་མཆོད་པ་བགྱིད་པ་ལྟ་ཅི་སྨོས་ཤིང་། ལམ་གྱི་བཞི་མདོར་གཟུངས་འདི་བཞག་པའི་མཆོད་རྟེན་བཞེངས་ཏེ་ཕྱག་བསྐོར་སོགས་བྱས་པའི་ཕན་ཡོན་ནི་ཚད་མེད་པར་གསུངས། གཙུག་ཏོར་དྲི་མེད་ཀྱི་གཟུངས་ལས། མཆོད་རྟེན་བརྒྱ་རྩ་བརྒྱད་བཏབ་པ་ལ་རིག་སྔགས་ཀྱི་སྙིང་པོ་འདི་བྲིས་ཏེ་མཆོད་རྟེན་གྱི་ནང་དུ་བཅུག་ནས་དཀྱིལ་འཁོར་གྱི་སྟེང་དུ་བཞག་ན་གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གདུང་དང་རིང་བསྲེལ་མཆོད་རྟེན་རེ་རེའི་ནང་དུ་བཅུག་པར་འགྱུར་རོ། །རིང་བསྲེལ་གྱི་སྙིང་པོར་ཡང་འགྱུར་རོ། །ཞེས་དང་། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་ལ་གུས་པར་བྱས་ཏེ་མཆོད་རྟེན་གྱི་ལས་བྱས་ན་ཚེ་ཟད་པ་ལས་སླར་ནུར་ཏེ་ཚེ་རིང་པོར་སྦྱོང་བར་བྱེད་དོ། །གལ་ཏེ་ཤི་འཕོས་ན་ཡང་སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་པོར་ནས་སྐལ་པ་མཉམ་པས་འཇིག་རྟེན་གྱི་
ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །འཆི་བའི་སྡུག་བསྔལ་མྱོང་བར་མི་འགྱུར་རོ། །ཕྱིན་ཆད་ནམ་ཡང་འཆི་བའི་ཚོར་བ་མྱོང་བར་མི་འགྱུར་རོ། །ཕྱིན་ཆད་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། གཤིན་རྗེའི་འཇིག་རྟེན་དང་། ངན་འགྲོར་འགྲོ་ཞིང་སྐྱེ་བར་མི་འགྱུར་རོ། །ཕྱིན་ཆད་སེམས་ཅན་དམྱལ་བ་བའི་སྒྲ་རྣ་ལམ་དུ་ཡང་གྲགས་པར་མི་འགྱུར་ན་འབྲས་བུ་རྣམ་པར་སྨིན་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །ཞེས་དང་། འདིའི་ཆོ་གའི་ཚུལ་ཡང་གསལ་བར་བསྟན་ནས། དེས་ནི་གངྒཱའི་ཀླུང་གི་བྱེ་མ་སྙེད་ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་རོ། །མཚམས་མེད་པ་ལྔའི་ལས་ཀྱི་སྒྲིབ་པ་རྣམས་ཀྱང་ཡོངས་སུ་བྱང་བར་འགྱུར་རོ། །སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ངན་སོང་རྣམས་ལས་ཡོངས་སུ་ཐར་བར་འགྱུར་རོ། །ཚེ་རིང་པོར་འགྱུར་རོ། །སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་སྐལ་བ་མཉམ་པའི་ཕྱིར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །ཕྱིན་ཆད་མངལ་གྱི་གནས་ཀྱི་དྲི་མས་མི་གོས་པར་འགྱུར་རོ། །གང་དང་གང་དུ་སྐྱེ་བ་དེ་དང་དེར་
བརྫུས་ཏེ་སྐྱེ་ཞིང་པདྨ་ལས་སྐྱེ་བར་འགྱུར་རོ། །ཚེ་རབས་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་རོ། །རྟག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ལྟ་འདོད་པར་འགྱུར་རོ། །བསམ་པ་ཐམས་ཅད་ཡིད་བཞིན་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །གསུང་རྟེན་དམ་པའི་ཆོས་བཞེངས་པའི་ཕན་ཡོན་ནི། ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས། སྟོང་གསུམ་རིན་པོ་ཆེས་བཀང་ནས་དེ་བཞིན་གཤེགས་པ་ལ་ཕུལ་བ་བས། བསྟན་པའི་མཇུག་དེང་སང་ལྟ་བུར་ཆོས་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་འབྲི་བ་དང་། ཀློག་པ་དང་། གཞན་ལ་འཆད་པ་སོགས་ཕན་ཡོན་ཆེ་བར་གསུངས་པ་དང་། འཕགས་པ་སངས་རྒྱས་ཀྱི་སྟོབས་སྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས། འཛམ་བུའི་གླིང་འདི་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པས་གང་བར་བགྱིས་ཏེ་ལོ་འབུམ་དུ་ལྷའི་ཡོ་བྱད་སྣ་ཚོགས་པས་མཆོད་པ་དང་། ཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པ་ལ་བཞག་ཅིང་། དེ་དག་ལ་ལོ་སྟོང་དུ་ཡོ་བྱད་ཐམས་ཅད་ཀྱིས་མི་བྲེལ་བར་མཆོད་པ་ལས་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིགས་སུ་བཅད་པ་གཅིག་འབྲི་འཆང་ཉན་ཀློག་གི་ཕན་ཡོན་ཆེ་བར་གསུངས་
པ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། དེ་ཉིད་འཆད་ཉན་འབྲི་འཆང་བྱས་མ་ཐག་ཏུ་བྱེད་པ་པོ་དེས་བྱང་ཆུབ་ཐོབ་བོ་སྙམ་དུ་འདུ་ཤེས་སྐྱེད་ཆོག་ཅིང་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བའི་འོས་སུ་གསུངས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་མདོ་ལས། བྱང་ཆུབ་སེམས་དཔའ་གང་གིས་བསྐལ་པ་འབུམ་གྱི་བར་དུ་ཐབས་ལ་མཁས་པ་མེད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་བས། ཆོས་ཀྱི་རྣམ་གྲངས་འདི་སོམ་ཉི་དང་བཅས་ཐོས་པས་བསོད་ནམས་ཆེ་བར་གསུངས་པ་སོགས་མདོ་རྒྱུད་སོ་སོ་ལས་སོ་སོ་འབྲི་ཀློག་འཆད་སོགས་ཀྱི་ཕན་ཡོན་ཚད་མེད་པར་གསུངས་ཤིང་། ཕྱོགས་ཙམ་མཚོན་ན། སྡུད་པ་ཚིགས་སུ་བཅད་པ་ལས་ཀྱང་། ལ་ལས་བདེ་གཤེགས་ཡོངས་སུ་མྱ་ངན་འདས་པ་ཡི། །མཆོད་རྟེན་རིན་ཆེན་བདུན་ལས་བྱས་ཤིང་མཆོད་བྱེད་ལ། །བདེ་བར་གཤེགས་པའི་མཆོད་རྟེན་དེ་དག་གངྒཱ་ཡི། །བྱེ་མ་སྙེད་ཀྱིས་བྱེ་བ་ཕྲག་སྟོང་ཞིང་བཀང་སྟེ། །ཡོངས་སུ་བརྟག་བཟུང་ཞིང་རྣམས་བྱེ་བ་མཐའ་ཡས་ན། །སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱིས། །ལས་གཞན་མི་བྱེད་ལྷ་ཡི་མེ་ཏོག་སྤོས་རབ་དང་། །བྱུག་པས་དུས་གསུམ་བསྐལ་པའམ་དེ་བས་ལྷག་མཆོད་པ། །གང་ཞིག་གང་ལས་རྣམ་འདྲེན་སྟོབས་བཅུ་འབྱུང་འགྱུར་
བ། །བདེ་བར་གཤེགས་ཀྱི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ། །འཆང་ཞིང་མེ་ཏོག་བྱུག་པས་བསྟི་སྟང་བྱེད་གྱུར་ན། །མཆོད་རྟེན་བྱས་མཆོད་བསོད་ནམས་དེས་ནི་ཆར་མི་ཕོད། །ཅེས་དང་། ལ་ལས་གངྒཱའི་ཀླུང་གི་བྱེ་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྙེད་འཁོད་ཀུན་དགྲ་བཅོམ་ཉིད་བཏུལ་བས། །གང་གིས་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། །སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཅི་ཕྱིར་ཞེན་སྨྲ་མཆོག་དེ་དག་འདིར་བསླབས་ནས། །ཆོས་རྣམས་མཐའ་དག་སྟོང་པ་ཉིད་དུ་འདིར་སྟོན་བྱེད། །དེ་ཐོས་ཉན་ཐོས་མྱུར་ལམ་རྣམ་པར་གྲོལ་ལ་རེག །རང་རྒྱལ་བྱང་ཆུབ་དང་ནི་སངས་རྒྱས་བྱང་ཆུབ་རེག །ཅེས་གསུངས་པ་དང་། དེ་བཞིན་དུ་ཟབ་མོའི་ཆོས་ཀྱི་ཚུལ་སྣ་གཅིག་ཙམ་ཡང་ཐོས་པ་དང་འཆད་པ་དང་། འཛིན་པའི་ཕན་ཡོན་ཁོ་ན་ལའང་མཐའ་གཟུང་བར་མི་ནུས་པའི་ཚུལ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། སྟོང་ཆེན་པོ་ཡི་འཇིག་རྟེན་ཁམས་འདི་ནི། །གསེར་གྱིས་བཀང་སྟེ་བདེ་གཤེགས་ཕུལ་བ་བས། །གང་གིས་ཆོས་ཀྱི་མཛོད་འདི་ཐོས་ནས་ནི། །མོས་པའི་བསོད་ནམས་འདི་ནི་ཁྱད་པར་འཕགས། །གང་གིས་འཇིག་རྟེན་ཁམས་ཁྲི་རིན་ཆེན་བཀང་། །དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བ་བས། །གང་གིས་མདོ་སྡེ་འདི་ལ་འཇུག་བྱས་པ། །
བསོད་ནམས་དེ་ལ་སྔ་མས་བསྐྱེད་དུ་མེད། །གང་གིས་འཇིག་རྟེན་ཁམས་ནི་སྟོང་ཕྲག་བཅུ། །རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པ་བས། །གང་གིས་མདོ་འདི་བཏོན་ནས་སྟོན་པ་ཡི། །བསོད་ནམས་དེ་ཡི་ཆ་ནི་སྔ་མ་མིན། །ཞིང་ནི་བྱེ་བ་ཁྲག་ཁྲིག་སྟོང་གི་རྣམས། །རིན་ཆེན་བཀང་སྟེ་འཇིག་རྟེན་སློབ་དཔོན་སྐྱོབ། །སངས་རྒྱས་རྣམས་ལ་དབུལ་བར་ཕུལ་བ་བས། །གང་འདིར་ཚུལ་འདིར་རབ་ཏུ་སྦྱོར་བ་དང་། །ཕྱོགས་བཅུ་རྣམས་སུ་གངྒཱའི་བྱེ་སྙེད་ཞིང་། །རིན་ཆེན་བཀང་སྟེ་རྒྱལ་ལ་ཕུལ་བ་བས། །ཇི་ལྟར་བསྟན་པ་བཞིན་དུ་གང་གནས་པའི། །བསོད་ནམས་དེ་ལ་མཉམ་པ་ཡོད་མ་ཡིན། །རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང་། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་རྗེ་བ། །ཆོས་བཞི་འདི་དག་བསོད་ནམས་མཐའ་ཡས་ཏེ། །དེ་དག་མཐའ་ནི་བདེ་གཤེགས་མི་གསུང་ངོ། །ཞེས་སོགས་གསུངས་པ་དང་། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། །རིན་ཆེན་སྣ་བདུན་ལ་སོགས་ལ། །རྒྱལ་བ་ཀུན་གྱི་རང་བཞིན་གྱིས། །མ་ལུས་བསྡུས་པའི་ངོ་བོ་ཉིད། །སྐུ་གསུང་ཐུགས་ཉིད་བྲིས་པ་ཡིན། །དེ་བས་རྒྱལ་བ་ཀུན་བྲིས་པའི། །ཆེ་བའི་ཡོན་ཏན་བསམ་མི་ཁྱབ། །ཅེས་གླེགས་བམ་འབྲི་བའི་ཕན་ཡོན་དང་། །གྲོ་ག་ཤིང་ཤུན་ལ་སོགས་ལ། །གསང་བའི་རྒྱུད་འདི་
རབ་བྲིས་ནས། །རིན་ཆེན་ཁྲི་ལ་ལེགས་བཞག་སྟེ། །གུས་པས་མཆོད་ཅིང་རབ་བཟུང་ན། །ཇི་སྲིད་གནས་པར་བསམ་པ་ཡིས། །དགའ་བའི་བསམ་པས་འཛིན་བྱེད་པར། །སངས་རྒྱས་ཐམས་ཅད་བཟུང་བ་ཡིན། །ཅེས་བཟུང་བའི་ཕན་ཡོན་བསྟན་ཏོ། །མདོར་ན་སྐུ་གཟུགས་མཚན་ཉིད་དང་ལྡན་པ་འཇིག་རྟེན་ཁམས་གང་བ་བཞེངས་ཤིང་མཆོད་པ་བགྱིས་པ་ལས་མཆོད་རྟེན་ཆུང་ངུ་ཙམ་བཞེངས་པས་ཕན་ཡོན་ཆེ་ཞིང་། མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པ་འཇིག་རྟེན་གྱི་ཁམས་གང་བར་བཞེངས་ནས་ཉིན་རེ་བཞིན་ཏུ་ལྷ་རྫས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པས། མཆོད་པ་ལས་ཀྱང་དམ་པའི་ཆོས་ཚིག་བཞི་པ་ཞིག་འབྲི་ཀློག་བཤད་སྒྲུབ་བྱས་པའི་བསོད་ནམས་ཆེ་བར་གསུངས་སོ། །ལྷག་པར་བསྟན་པ་འཇིག་པར་ཉེ་བ་ན་འབད་པ་གང་ཡོད་ཀྱིས་དམ་ཆོས་བཟུང་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ། འཕགས་པ་སྤྱན་རས་གཟིགས་ཞེས་བྱ་བའི་མདོ་སྡེ་ལས། འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བ། །མཐུ་དང་སྟོབས་དང་ལྡན་ཞིང་བརྩོན་འགྲུས་ལྡན། །མི་དམན་པ་རྣམས་ཀུན་ཏུ་རྣམ་པར་རྒྱུ། །སངས་རྒྱས་བརྒྱ་སྟོང་དག་ལ་བསྙེན་བཀུར་བྱེད། །འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས། །མཆོག་ཏུ་རབ་མཛེས་གཟུགས་ལྡན་ཤེས་རབ་ལྡན། །
མི་ཡི་འཇིག་རྟེན་མཆོག་ཏུ་བསྙེན་བཀུར་བྱེད། །རྒྱལ་པོ་མཁས་པ་འཛངས་པ་རྣམས་ཀྱིས་བསྔགས། །ཞེས་དང་། གང་གིས་སངས་རྒྱས་སྟོང་རྣམས་དང་། །བརྒྱ་དང་བྱི་བ་བགྲང་དག་ལ། །བསྐལ་པ་གང་གཱའི་བྱེ་མ་སྙེད། །དེ་སྙེད་བསྐལ་པར་བཀུར་བ་ལས། །འཇིག་རྟེན་མགོན་གྱིས་གསུངས་པ་ཡི། །དམ་ཆོས་འཇིག་ཚེ་གང་ཞིག་གིས། །ཉིན་དང་མཚན་དུ་འཛིན་བྱེད་པ། །དེ་ནི་བསོད་ནམས་ཁྱད་པར་འཕགས། །ཆོས་འཇིག་དུས་ན་ཆོས་འཛིན་པ། །སྔོན་གྱི་སངས་རྒྱས་ཐམས་ཅད་དང་། །སངས་རྒྱས་ཡེ་ཤེས་རབ་གནས་པ། །ང་ལ་དེས་ནི་མཆོད་པ་བྱེད། །དམ་པའི་ཆོས་ནི་འཇིག་པའི་ཚེ། །སྟོན་པའི་བསྟན་པ་སྲུང་བྱེད་པ། །བསྐལ་པ་བྱེ་བ་སྟོང་རྣམས་སུ། །དེ་ནི་ནམས་ཀྱང་རྒུད་མི་འགྱུར། །ལུས་ཀྱི་བདེ་བ་མྱོང་འགྱུར་ཞིང་། །དེ་ནི་ནད་ཀྱིས་བཏབ་མི་འགྱུར། །ནམས་ཀྱང་ཕྲོག་པར་མི་འགྱུར་རོ། །སྟོན་པའི་བསྟན་པ་བསྲུང་བྱས་ནས། །བཟོད་པ་ཕུན་སུམ་ཚོགས་པ་དང་། །དེས་དང་གསལ་དང་མཉེན་པ་དང་། །སེམས་ཅན་རྣམས་ལ་བྱམས་པར་འགྱུར། །ཅེས་སོགས་ཤིན་ཏུ་རྒྱ་ཆེར་གསུངས་སོ། །མདོ་འདུལ་སོགས་ཐུན་མོང་གི་ཐེག་པར་བཤད་པའི་རྟེན་གསུམ་ལས་ཀྱང་སྔགས་སུ་བཤད་པའི་རྟེན་གསུམ་ཐུན་མོང་
མ་ཡིན་པ་རྣམས་ཕན་ཡོན་ལྷག་པར་ཆེ་སྟེ། སྤྱི་མདོ་དགོངས་འདུས་ལས། དབུ་མ་རྣམ་ཐར་གསུམ་སྒོར་དཀའ་སྤྱད་ཀྱང་། །དེ་ལ་རྒྱལ་བས་མི་དགོངས་བཀུར་མི་མཛད། །སྙིང་པོའི་དོན་རིག་སྐད་ཅིག་ཙམ་གྱིས་ཀྱང་། །བྱིན་བརླབས་ཡོན་ཏན་རྒྱལ་བས་བཤད་མི་རྫོགས། །དཀར་པོ་མཐར་ཐུག་བསོད་ནམས་ཀུན། །སེན་མོ་ཐོག་གི་ས་རྡུལ་འདྲ། །རྡོ་རྗེ་སྙིང་པོར་གཅིག་བསྐྱེད་པས། །ས་ཡི་དཀྱིལ་འཁོར་ཆེན་པོ་ཙམ། །དཀར་པོ་ཕྱོགས་ཀྱི་མཐར་ཐུག་པ། །དེ་ནི་མུན་ཁང་སྒྲོན་མེ་ཙམ། །རྡོ་རྗེ་སྙིང་པོར་གཅིག་རིག་པ། །དུས་མཐའི་བསྐལ་པའི་མེ་ཆེན་འདྲ། །དབུ་མར་སྣང་བའི་ནམ་མཁའ་ནི། །གང་གི་གསེང་ཁུང་ནམ་མཁའོ། །རྡོ་རྗེ་གསང་བའི་ནམ་མཁའ་ནི། །འབྱུང་ཆེན་གཏོས་ཀྱི་ནམ་མཁའ་འདྲ། །ཞེས་གསུངས་ཤིང་། ཆགས་བྲལ་སྐུ་གཟུགས་བརྒྱ་བཞེངས་པ་ལས་ཀྱང་སྔགས་སྐུ་གཅིག་བཞེངས་པ་བསོད་ནམས་ཆེ་བ་ཇོ་ནང་རྗེ་བཙུན་ཆེན་པོས་གསུངས་པས་ཐུགས་རྟེན་དང་གསུང་ལའང་དེས་མཚོན་ཏེ། རིན་ཆེན་སྤུངས་པའི་རྒྱུད་ལས། དེ་ཡི་ཕྱིར་ན་གསང་བའི་རྒྱུད། །འདི་ཉིད་འཛིན་པའི་སྐྱེས་བུ་ནི། །རང་རིག་རྣམས་ཀྱི་དབང་ཐོབ་སྟེ། །རྒྱུད་འདི་བཅངས་པ་ཙམ་གྱིས་ནི། །རྡོ་རྗེ་འཆང་གི་སྤྲུལ་པར་འགྱུར། །རྒྱུད་འདི་སུ་ཡིས་བཀླགས་པའི་མི། །
ལྟ་བའི་དོན་ཀུན་སེམས་ལ་འཆར། །འདི་ཉིད་སུ་ཡིས་བྲིས་པའི་མི། །སངས་རྒྱས་ཀུན་གྱི་གསང་ལ་རོལ། །ཞེས་པ་དང་། ཨ་ཏི་བཀོད་པ་ཆེན་པོ་ལས། །འདི་ཉིད་གང་གིས་བཟུང་བ་དེ། །བཟོ་དང་སྒྱུ་རྩལ་ཐམས་ཅད་དང་། །བསྟན་བཅོས་ཀུན་དང་སྒྲ་རྣམས་ནི། །ཇི་ལྟར་འདོད་བཞིན་ཤེས་པར་འགྱུར། །གསང་མཆོག་བླ་ན་མེད་པ་འདི། །མཆོད་དང་བསྟོད་པ་བཀུར་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །ཇི་ལྟར་འདོད་པ་བཞིན་དུ་འབྱུང་། །འདི་ཉིད་བཅངས་པ་ཙམ་གྱིས་ཀྱང་། །ལུང་དང་མན་ངག་འཛིན་པར་འགྱུར། །ཞེས་པ་ལ་སོགས་རྒྱས་པར་གསུངས་སོ། །རྟེན་གསུམ་ཡོངས་རྫོགས་བཞེངས་པའི་ཡོན་ཏན་བཀའ་བརྒྱད་ཡོངས་རྫོགས་ཀྱི་རྒྱུད་ཆེན་གསང་བ་འདུས་པ་ལས། སྐུ་གསུམ་རྒྱལ་བ་ཞི་དང་ཁྲོ༔ གསང་བ་ཡོངས་རྫོགས་བདེར་གཤེགས་ཀྱི༔ རྟེན་གསུམ་ཡོངས་རྫོགས་ངོ་མཚར་ཆེཿ རྟེན་འདི་ཇི་སྲིད་གནས་ཀྱི་བར༔ དེ་སྲིད་སངས་རྒྱས་བསྟན་པ་རྒྱསཿ འགྲོ་བ་ཀུན་འདུལ་ལས་སྒྲིབ་སྦྱོང་༔ བསོད་ནམས་ཕུན་ཚོགས་ཡོངས་རྫོགས་ཤིང་༔ རྒྱུ་སྦྱོར་བཞེངས་མཁན་མ་ལུས་ཀུན༔ ཚེ་འདིར་བཀྲ་ཤིས་ཚེ་རིང་འཕེལ༔ ཕྱི་མ་ཞིང་ཁམས་རྣམ་དག་ཐོབ༔ ཡུལ་ཕྱོགས་རྒྱལ་ཁམས་བཀྲ་ཤིས་འབྱུང་༔ ཐབས་མཆོག་ཡོངས་
རྫོགས་རྨད་བྱུང་བའོ༔ བསྟན་པའི་རིམ་གྲོ་དེ་ཁོ་ན༔ དང་དུ་ལོང་ཞིག་བསམ་པ་འགྲུབ༔ ཞེས་དང་། བྱང་གཏེར་རབ་གནས་བསེ་སྒྲོམ་མ་ལས། སེམས་ཅན་བདེ་སྐྱིད་རྟེན་ལ་ཡོད༔ ཅེས་གསུངས་པས་གནས་སྐབས་ཀྱི་བདེ་སྐྱིད་ཀྱང་རྟེན་གསུམ་ཚད་ལྡན་བཞུགས་པ་ལ་རགས་ལས་སོ། །གཉིས་པ་རྟེན་གསུམ་ལ་མཆོད་ཅིང་བསྙེན་བཀུར་བའི་ཡོན་ཏན་ནི། སྤྱིར་རྟེན་གསུམ་བཞེངས་ཤིང་དེ་ལ་བསྙེན་བཀུར་བ་ནི་དཀོན་མཆོག་གསུམ་ལ་བྱ་བ་བྱེད་པ་ཡིན་པས་ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ། དཀོན་མཆོག་སྤྲིན་ལས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མཆོད་པ་དང་། རིམ་གྲོའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སངས་རྒྱས་དང་། ཆོས་དང་དགེ་འདུན་ལ་བྱ་བ་དག་བྱེད་དེ། ཇི་ལྟར་ན་སངས་རྒྱས་ལ་བྱ་བ་དག་བྱེད་ཅེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་མཆོད་རྟེན་དག་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་སྤོས་སམ། མེ་ཏོག་གམ། བདུག་པའམ། བྱུག་པའམ། སྐྱོང་ནུས་ལམ། དེ་བཞིན་གཤེགས་པའི་མཆོད་རྟེན་ཞིག་པ་བཅོས་པ་དག་གིས་ཏེ། དེ་ལྟར་ན་སངས་རྒྱས་ལ་བྱ་བ་དག་བྱེད་དོ། །ཇི་ལྟར་ན་ཆོས་ལ་བྱ་བ་དག་བྱེད་ཅེ་ན། དེ་ཆོས་ཉན་ཏོ། །ཀློག་གོ། །འཆད་དོ། །ཡི་གེར་འབྲིའོ། །ཁ་ཏོན་བྱེད་དོ།
ཀུན་ཆུབ་པར་བྱེད་དོ། །སེམས་སོ། །མ་ལོག་པར་སྒོམ་པའི་སྦྱོར་བས་གོམས་པར་བྱེད་དེ། དེ་ལྟར་ན་ཆོས་ལ་བྱ་བ་དག་བྱེད་དོ། །ཇི་ལྟར་ན་དགེ་འདུན་ལ་བྱ་བ་དག་བྱེད་ཅེ་ན། དེ་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་རྐྱེན་སྨན་དང་། ཡོ་བྱད་རྣམས་དང་། ཆུང་ངུ་ན་ཆུ་གྲང་མོ་ཁྱོར་གང་ཙམ་ཡང་དགེ་འདུན་ལ་འབུལ་ཏེ། དེ་ལྟར་ན་དགེ་འདུན་ལ་བྱ་བ་དག་བྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་མཆོད་པ་དང་རིམ་གྲོའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཞེས་གསུངས། བྱེ་བྲག་ཏུ། དམ་ཆོས་པད་དཀར་ལས། བདེ་གཤེགས་རིང་བསེལ་ལ་ནི་ཅུང་ཟད་དང་། །སིལ་སྙན་གཅིག་བརྡུངས་པ་ཡི་སྒྲ་ཕྱུང་ངམ། །མེ་ཏོག་གཅིག་ཙམ་གྱིས་ནི་མཆོད་པ་དང་། །བདེ་གཤེགས་གཟུགས་དག་རྩིག་ངོས་བྲིས་པ་ལ། །འཁྲུག་བཞིན་པ་ཡི་སེམས་ཀྱིས་མཆོད་ན་ཡང་། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང་། །མཆོད་རྟེན་དག་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་བའམ་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང་། །དེ་བཞིན་ལན་ཅིག་ལུས་ཀྱང་བཏུད་པ་དང་། །གང་གིས་རིང་བསྲེལ་གནས་པ་དེ་དག་ལ། །གཡེངས་པའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཤེས། །ཚིག་གཅིག་ལན་འགའ་
བརྗོད་པར་བྱས་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་འཐོབ། །ཅེས་དང་། དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་མངལ་གྱི་དྲི་མས་མ་གོས་པར་སྐྱེའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་གཟུགས་བྱེད་པ་དང་། མཆོད་རྟེན་ཞིག་པ་བཅོས་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་སྤོས་ཀྱི་བྱུག་པ་འབུལ་བ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་དག་ལ་ཁྲུས་ཀྱི་སྤོས་ཆུ་འབུལ་བ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་ཕྱག་དར་དང་། རྐྱང་ནུལ་བྱ་བ་འབུལ་བ་དང་། ཕ་མ་དག་ལ་ལུས་ཀྱི་རིམ་གྲོ་བྱེད་པ་དང་། མཁན་པོ་དང་། སློབ་དཔོན་དག་ལ་ལུས་ཀྱི་རིམ་གྲོ་བྱེད་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ལུས་ཀྱི་རིམ་གྲོ་བྱེད་ཅིང་། དེ་ཡང་ཟང་ཟིང་མེད་པའི་སེམས་ཀྱིས་ཏེ། ཟང་ཟིང་དང་བཅས་པས་མ་ཡིན་ལ། དགེ་བའི་རྩ་བ་དེ་ཡང་འདི་ལྟར་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་མངལ་གྱིས་དྲི་མས་མ་གོས་པར་སྐྱེ་བར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་ཞིང་། དེ་ཡང་བསམ་པ་ཐག་པ་ནས་སེམས་པ་སྟེ། རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་མངལ་གྱི་དྲི་མས་མ་གོས་
པར་སྐྱེའོ། །ཞེས་དང་། སྙིང་རྗེ་པད་དཀར་ལས། སངས་རྒྱས་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་ལ་མཆོད་པ་བྱེད་པ། མཆོད་རྟེན་མཐོང་ནས་སེམས་དང་པོ་སྐྱེད་པ། ཐ་ན་དེ་བཞིན་གཤེགས་པ་ལ་དམིགས་ནས་མེ་ཏོག་གཅིག་ནམ་མཁའ་ལ་དོར་བ། སངས་རྒྱས་ལ་དམིགས་ནས་སེམས་ལན་ཅིག་སྐྱེད་པ། དུད་འགྲོའི་སྐྱེ་གནས་སུ་སོང་བས་ཀྱང་སངས་རྒྱས་ལ་དམིགས་པའི་དྲན་པ་རྙེད་པ། སེམས་ཅན་མྱ་ངན་ལས་འདའ་བའི་སྐལ་པ་མེད་པ་ཞིག་གིས་ཀྱང་སངས་རྒྱས་ལ་དམིགས་ཏེ་མེ་ཏོག་གཅིག་ནམ་མཁའ་ལ་འདོར་བ་དེ་ཐམས་ཅད་ཀྱི་འབྲས་བུའང་བྱང་ཆུབ་ཀྱི་མཐར་ཐུག་གི་བར་མི་ཟད་ཅིང་མཐར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱིས་ཏིལ་ལམ་རྩྭ་ཀུ་ཤ་སྟུག་པོ་ལྟར་གང་བར་གྱུར་པ་ལ་བསྐལ་པ་ལས་ལྷག་པར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་མཆོད་ཅིང་དེ་དག་མྱ་ངན་ལས་འདས་པའི་མཆོད་རྟེན་རིན་ཆེན་སྣ་བདུན་ལས་བྱས་ཏེ་མཆོད་པ་ཐམས་ཅད་ཀྱིས་མཆོད་པའི་བསོད་ནམས་ཀྱིས། དེ་བཞིན་གཤེགས་པ་ལ་ཐ་ན་ཐལ་མོ་ལན་ཅིག་སྦྱར་བའི་བསོད་ནམས་ཀྱི་བརྒྱ་སྟོང་གྲངས་སུ་བགྲང་བའི་ཆར་ཡང་མི་
ཉ་བར་གསུངས་པ་དང་། མདོ་སྡེ་ལས་རྣམ་འབྱེད་ལས་རྟེན་ལ་ཕྱག་འཚལ་བ། ཐལ་མོ་སྦྱར་བ། ཕྱགས་དར་བྱེད་པ། གདུགས། དྲིལ་བུ། བ་དན། མེ་ཏོག །ཕྲེང་བ། མར་མེ། བྱུག་པ་དང་སྤོས། རོལ་མོ་སིལ་སྙན་རྣམས་ཕུལ་པ་ལ་སོ་སོར་ཕན་ཡོན་ཆེན་པོ་བཅུ་རེ་ཡོད་པར་གསུངས་ཤིང་། ན་བཟའ་ཕུལ་བའི་ཕན་ཡོན་བཅུ་གཉིས་འཐོབ་པར་གསུངས། སངས་རྒྱས་ཀྱི་མཆོད་རྟེན་ལ་དད་པའི་སེམས་ཀྱིས་སྐད་ཅིག་ཅིག་བསྐོར་བ་བྱས་པས། མི་ཁོམས་བརྒྱད་སྤངས་དྲན་དང་བློ་གྲོས་ལྡན། །ཚེ་རིང་མདོག་བཟང་རིགས་མཐོ་འཁོར་མང་ཞིང་། །ཕྱུག་ཅིང་ནོར་ཆེ་སྟོབས་དང་བརྩོན་འགྲུས་མངའ། །ཚངས་དབང་འཁོར་ལོས་སྒྱུར་སོགས་ཆོས་རྒྱལ་སྐྱེ། །བྱང་ཆུབ་ཕྱོགས་ཆོས་མྱུར་རྫོགས་མངོན་ཤེས་འཐོབ། །ཉན་རང་དང་ནི་སངས་རྒྱས་གོ་འཕང་འཐོབ། །ཕྱག་མཆོད་བསྟོད་པ་བགྱིས་པའང་དེ་དང་མཚུངས། །འདིའི་དོན་ཤིན་ཏུ་ཞིབ་ཅིང་རྒྱས་པར་མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ་ལས་གསུངས་ཤིང་། གསལ་རྒྱལ་གྱི་ཚིགས་བཅད་ལས་ཀྱང་། །སུ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ། །མཆོད་པའི་ཁྱད་པར་ཅི་ཡོད་ཅི་འབྱོར་བ། །འཚམ་པར་འབུལ་བྱེད་དེ་དག་དྲི་མེད་ཅིང་། །མྱ་ངན་མེད་པའི་བླ་མེད་བྱང་ཆུབ་འཐོབ། །མི་རྣམས་གང་
དགེ་བ་ནི་མཚུངས་གྱུར་ན། །བསོད་ནམས་ལ་ནི་ཁྱད་པར་མེད། །ཅེས་སོགས་གསུངས་པས་སངས་རྒྱས་དངོས་སུ་བཞུགས་པ་ལ་མཆོད་ཅིང་བསྙེན་བཀུར་བ་དང་། དེའི་རྟེན་ལ་བསྙེན་བཀུར་བ་ཕན་ཡོན་ཁྱད་པར་མ་མཆིས་ཏེ། མེ་ཏོག་བརྩེགས་པའི་གཟུངས་ལས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ལོ་གཅིག་གམ་ལོ་བརྒྱའམ་ལོ་སྟོང་ཡང་རུང་སྟེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་རྟེན་རྣམས་ལ་མེ་ཏོག་འགའ་འབུལ་ལམ། ཆུ་སྙིམ་པ་གང་འཐོར་རམ། བྱུག་པའི་ཐིག་ལེ་འདྲིའམ། མེ་ཏོག་གི་ཉལ་ཉིལ་འཕྱག་གམ། བྱུག་པ་འབུལ་ལམ། སྤོས་འབུལ་ལམ། བདུག་སྤོས་འབུལ་ལམ། མར་མེ་འབུལ་ལམ། ཕུལ་ནས་དགའ་བའི་སེམས་ཀྱིས་གོམ་པའི་སྟབས་འགའ་བོར་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ་ཞེས་སྨྲ་བ་དེ་དག་ནི། སེང་གེ་རྣམ་པར་བརྩེ་བ་བསྐལ་པ་བརྒྱའམ། བསྐལ་པ་སྟོང་དུའང་བསྐལ་པ་བརྒྱ་ཕྲག་སྟོང་དུ་ཡང་ངན་འགྲོ་ལོག་པར་ལྟུང་བའི་གནས་སུ་འགྲོ་བར་འགྱུར་བ་དེ་ནི་གནས་མེད་དོ། །ཞེས་པ་ལ་སོགས་པ་གསུངས་ཤིང་། ངམ་པའི་ཆོས་ཀྱི་གླེགས་བམ་དང་དེ་འཛིན་པ་པོ་བཞུགས་
པའི་ས་ཕྱོགས་དེར་ཡང་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་ཆོས་སྐྱོང་བའི་སྲུང་མ་མཐུ་བོ་ཆེ་རྣམས་རྟག་ཏུ་མི་གཡེལ་བར་སྲུང་ཞིང་འཇིགས་པ་དང་གནོད་པ་ལས་སྐྱོབ་པར་སངས་རྒྱས་ཀྱི་སྤྱན་སྔར་དམ་བཅས་པས་ཆོས་འཛིན་པ་པོ་དང་། ཆོས་ལ་བཀུར་སྟི་ཚད་ལྡན་ཡོད་ན་གནས་སྐབས་ཀྱི་རྐྱེན་སེལ་ལའང་སྲུང་ཟློག་གསོལ་མཆོད་བརྒྱ་སྟོང་མང་པོས་དོ་ཟླ་མ་ཡིན་ནོ། །དགེ་འདུན་ལ་བསྙེན་བཀུར་བའི་ཕན་ཡོན་ནི་མདོ་སྡེ་རྣམས་ལས་རྒྱ་ཆེར་གསུངས་ཤིང་། དེའང་ཀློག་པ་པའི་སྡེ་ལས་སྤོང་བ་པ་ཁྱད་པར་དུ་མས་འཕགས་ཏེ། ཡབ་སྲས་མཇལ་བའི་མདོ་ལས། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ངེས་པར་བསྟན་པ་འདི་གང་གིས་བསྐལ་པ་བཅུའི་བར་དུ་ཉན་ནས། དེ་གཞན་ལ་བསྙད་པ་བས་གང་གིས་སེ་གོལ་གཏོགས་ཙམ་དུ་བསྒོམས་ན་འདི་ཉིད་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་དོ། །ཞེས་དང་། ཏིང་འཛིན་ཚོགས་དམ་པ་ལས། བསམ་གཏན་ཏིང་ངེ་འཛིན་བསྒོམས་པས་དགེ་སྦྱོང་གི་འབྲས་བུ་བཞི་མ་ཐོབ་ཀྱང་མང་དུ་ཐོས་པ་བས་ཁྲི་ཕྲག་སྟོང་གིས་འཕགས་སོ། །ཞེས་དང་། ལྔ་བརྒྱ་པ་ཐ་མའི་སྐབས་སུའང་ཏིང་ངེ་འཛིན་སྒོམ་པ་ནི་འཁོར་བ་ལས་མྱུར་དུ་ཐར་བའི་ཆོས་སུ་གསུངས་པས། བསམ་གཏན་སྒོམ་པའི་སྡེ་ལ་བསྙེན་བཀུར་བ་དང་ཡོན་སྦྱོར་བ་ནི་དགེ་འདུན་བརྒྱ་ཕྲག་
དག་སངས་རྒྱས་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་མགོས་བཏུད་གུས་ཕྱག་འཚལ། །དེ་དག་ལྷ་རྣམས་དང་ནི་མི་རྣམས་ཀྱིས། །ཆེར་ཡང་ཆེ་བར་བཀུར་བའི་གནས་སུ་འགྱུར། །སུ་ཞིག་དད་པས་ཐུབ་པའི་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་བསྐོར་བ་བྱེད་པ་དེ། །ཕྱི་མའི་ཚེ་ན་དགྲ་ཆེན་རྣམས་ཀྱིས་བཏུད། །བཟང་པོའི་སྣོད་འགྱུར་ཡོན་ཏན་རྣམས་དང་ལྡན། །ཅེས་སོགས་མཆོད་བཀུར་རིམ་གྲོ་སོ་སོའི་ཕན་ཡོན་རྒྱ་ཆེན་པོ་འབྱུང་བར་གསུངས་པ་དང་། དགེ་རྩ་ཡོངས་འཛིན་གྱི་མདོ་ལས། དེ་བཞིན་གཤེགས་པའི་མཆོད་རྟེན་མཆོད་པ། ཕྱིར་བཅོས་པ་དང་། བྱི་དོར་བགྱིས་པས། གཟུགས་དང་། དལ་བ་དང་། ཡང་དག་པར་བླང་བ་དང་། དེ་བཞིན་གཤེགས་པ་ལྟ་བའི་སྨོན་ལམ་གྱི་མཆོག་རྣམ་པར་དག་པ་བཞི་རྗེས་སུ་ཐོབ་པར་གསུངས་ཤིང་། རིན་པོ་ཆེའི་ཕུང་པོའི་མདོ་ལས། མཆོད་རྟེན་ཞིག་རལ་དུ་གྱུར་ན་དགེ་འདུན་གྱི་རྙེད་པ་ལས་འཕྲིས་ཏེ་གསོ་བར་བྱ་ཞིང་། མཆོད་རྟེན་རྣམས་ལ་ཡོ་བྱད་ཇི་ཙམ་ཆེ་ཡང་དགེ་སློང་རང་ག་བས་ཏིལ་ཙམ་སྤྱད་པ་ལྟ་ཅི་སྨོས། དགེ་འདུན་ལའང་ཆ་ཤས་ཕྲ་མོ་ཙམ་བསྔོ་མི་རུང་བ་དང་། དགེ་སློང་ཞལ་ཏ་བྱེད་པས་དཀོར་རྫས་སྦས་ན་ཉི་ཚེ་བའི་སེམས་ཅན་དམྱལ་བ་ཕུར་བུ་མང་པོ་ཞེས་བྱ་བར་སྐྱེས་ནས་སྡུག་བསྔལ་ཆེན་པོ་མྱོང་བར་གསུངས་པ་དང་། འཕགས་
པ་མར་མེ་འབུལ་བའི་མདོ་ལས། དེ་བཞིན་གཤེགས་པའི་རྟེན་ལ་དད་པའི་སེམས་ཀྱིས་མར་མེ་ཆུང་ངུ་ངན་ངོན་ཙམ་མམ། ཐེམ་སྐས་ཀྱི་གཞི་གཅིག་སྣང་བ་ཙམ་མམ། ཡུད་ཙམ་གློག་གི་རྒྱུན་ཙམ་སྣང་བར་བྱས་པའི་བསོད་ནམས་ཀྱི་འབྲས་བུའང་བསམ་གྱིས་མི་ཁྱབ་པས་སངས་རྒྱས་ཉག་གཅིག་མ་གཏོགས་ཉན་ཐོས་དང་རང་སངས་རྒྱས་སོགས་ཀྱིས་ཤེས་པར་མི་ནུས་པ་དང་། མར་མེ་ཕུལ་བས་འཆི་བའི་དུས་ཀྱི་ཚེ་ཁྱད་པར་ཅན་གྱི་སྣང་བ་གསུམ་དང་བཞི་རྣམས་འཐོབ་པ་དང་། སུམ་ཅུ་རྩ་གསུམ་དུ་སྐྱེས་ནས་ལྷའི་བུ་ཡོངས་སུ་དག་པ་རྣམ་པ་ལྔ་དང་ལྡན་པར་འགྱུར་བ་དང་། ནམ་ཡང་ལོག་པར་མི་ལྟུང་ཞིང་མིག་རྣམ་པར་དག་པ་སོགས་ཡོན་ཏན་ཁྱད་པར་ཅན་དུ་མ་འཐོབ་ཅིང་། སངས་རྒྱས་མཐོང་ལ་ཆོས་ཀྱི་སྣང་བ་འཐོབ་པ་དང་། འདུན་པ་བཞི། ཡོངས་སུ་དག་པ་བཞི། ཆོས་ཀྱི་མཆོག་བརྒྱད་ཕྲག་གཉིས། སོ་སོ་ཡང་དག་རིག་པ་བཞི་ལ་སོགས་པ་འཐོབ་ཅིང་འཇིགས་པ་དང་མྱ་ངན་ཐམས་ཅད་དང་བྲལ་བ་དང་། དེའང་རང་སངས་རྒྱས་ལ་བསྐལ་པའི་བར་དུ་ཕུལ་བ་བས་སངས་རྒྱས་ལ་རྩྭའི་མེ་སྒྲོན་ཙམ་འབུལ་བས་འབྲས་བུ་ཆེ་བ་སོགས་གསུངས་སོ། །དེ་དག་ཀྱང་མདོ་ལས། །བཞུགས་པའི་ཚེ་ན་གང་གིས་མཆོད། །མྱ་ངན་འདས་འོག་གང་གིས་མཆོད། །སེམས་
དུ་མ་ལ་བསྙེན་བཀུར་བ་ལས་ཀྱང་ཕན་ཡོན་ཆེ་ཞིང་། དེའང་མདོ་འདུལ་དང་རྒྱུད་སྡེ་འོག་མའི་ཏིང་འཛིན་སྒོམ་པ་ལས་ཀྱང་། སྔགས་བླ་མེད་སྤྱི་དང་ཁྱད་པར་གསང་ཆེན་འོད་གསལ་རྡོ་རྗེ་རྩེ་མོའི་རྣལ་འབྱོར་པ་ལ་ཚོགས་ཅུང་ཟད་བསགས་པ་ཕན་ཡོན་བྱེ་བ་བརྒྱ་འགྱུར་གྱིས་ཆེ་སྟེ། རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་གློག་ལས། རིགས་ཀྱི་བུ་གང་ཟག་ལ་ལ་ཞིག་གིས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སོ་སོའི་སྐྱེ་བོའམ། ཉན་ཐོས་སམ། རང་སངས་རྒྱས་སམ། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བ་སྙེད་ལ་མེ་ཏོག་དང་། ཕྲེང་བ་དང་། བྱུགས་སྤོས་དང་། བླ་བྲེ་དང་། རྒྱལ་མཚན་དང་། བ་དན་དང་། ལྷབ་ལྷུབ་དང་། རོལ་མོའི་ཁྱད་པར་མང་པོ་ལ་སོགས་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བར་བྱས་ཏེ་ཕུལ་བ་བས། ཐ་ན་གསང་བའི་ཐེག་པ་ལ་གནས་པའི་རྣལ་འབྱོར་པ་གཅིག་ཙམ་ལའང་གཡོ་སྒྱུ་དང་། གསོག་འཇོག་སྤངས་པའི་སྒོ་ནས་འདོད་པའི་ཡོན་ཏན་གྱི་ཚོགས་སྐད་ཅིག་ཙམ་བཏེགས་ཤིང་ལོངས་སྤྱད་པའི་བསོད་ནམས་ཁྱད་པར་དུ་འཕགས་ཏེ་འབུམ་གྱི་ཆར་ཡང་མི་ཕོད་དོ། །དེ་ཅིའི་ཕྱིར་ཞེ་ན། སོ་སོའི་སྐྱེ་བོའམ། ཉན་ཐོས་སམ། རང་སངས་རྒྱས་སམ། བྱང་ཆུབ་སེམས་དཔའི་བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་དེ་དག་བས་གསང་བའི་
ཐེག་པ་ལ་གནས་པ་གཅིག་གི་བ་སྤུའི་ཆ་གཅིག་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་ཁྱད་པར་དུ་འཕགས་ཏེ་འབུམ་གྱི་ཆར་ཡང་མི་ཕོད་དོ། །དེ་བཞིན་ཏུ་གང་ཟག་ལ་ལ་ཞིག་གིས་མེ་ཏོག་ལ་སོགས་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་གང་ཡིན་པ་དེ་བས་འདོད་པའི་ཡོན་ཏན་གྱི་ཚོགས་ཆེན་པོ་གཅིག་གི་རྡུལ་ཕྲ་རབ་ཀྱི་ཆ་ཙམ་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་ཁྱད་པར་དུ་འཕགས་ཏེ་འབུམ་གྱི་ཆར་ཡང་མི་ཕོད་དོ། །རིགས་ཀྱི་བུ་དེ་བས་ན་དང་པ་ཅན་གྱི་སྐྱེ་བོ་གསང་བའི་ཐེག་པ་ཉིད་དང་། གསང་བའི་ཐེག་པ་ལ་གནས་པའི་བླ་མ་འཁོར་དང་བཅས་པ་ལ་དད་པའི་སེམས་ཀྱིས་གཡོ་སྒྱུ་དང་། གསོག་འཇོག་སྤངས་པའི་ཚོགས་གསོག་པ་དེའི་བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་ནི་ཚད་མེད་དེ། ཐམས་ཅད་མཁྱེན་པའི་སངས་རྒྱས་རྣམས་ཀྱིས་ཀྱང་བགྲང་བར་མི་ནུས་སོ། །ཞེས་སོགས་གསང་རྒྱུད་ཀུན་ནས་མཐའ་ཡས་པ་འབྱུང་ངོ། །གཉིས་པ་དམིགས་སུ་བསལ་བའི་དགོས་ཆེད་ནི་གོང་དུ་ཞིབ་པར་སོང་བ་ལྟར་ལ། ཕྱིས་སུ་གཏེར་ཆེན་མཆོག་གྱུར་གླིང་པ་ལ་གསང་བའི་མགོན་པོའི་སྐུ་བརྙན་གྱི་དགོས་པ་དམིགས་སུ་ཞུས་པའི་བཀའ་ལན་འོག་མའི་ཀརྨའི་གདན་ས་ནས་སྩལ་བ་འདི་ལྟ་སྟེ། ཨེ་མ་ཧོ། ཤར་ཕྱོགས་དཔལ་སྤུངས་རི་ཁྲོད་ཡང་དབེན་
ནས། །རྗེ་བཙུན་བླ་མ་ཀོང་སྤྲུལ་རིན་པོ་ཆེས། །ཁོང་ལ་ཕུལ་བའི་མགོན་སྐུ་གཏེར་བྱོན་དེ། །ཧེ་རུ་ཀ་ཡི་ལྷ་ཁང་ནང་དུ་ནི། །མགོན་ཁང་རྟེན་གཙོ་མཛད་པའི་སྐུ་འདྲ་དེའི། །ལོ་རྒྱུས་གཏེར་བྱུང་སྔོན་དུ་ཕུལ་ན་ཡང་། །ད་དུང་དགོས་ཆེད་གང་ཡོད་བཀའ་སྩལ་བྱུང་། །གུ་རུ་པདྨའི་གསང་ལུང་སྤྱི་ལུང་སོགས། །ཀུན་གྱི་དགོངས་པར་ཁྲག་འཐུང་ལྷ་ཁང་འདི། །བཞེངས་ན་བོད་ཡུལ་ས་གནད་ཆེ་བ་དང་། །ཁྱད་པར་སྙིང་པོའི་བསྟན་པའི་སྲོག་ཏུ་འགྱུར། །ཀུན་གཟིགས་ཀོང་སྤྲུལ་གར་གྱི་དབང་ཕྱུག་ཉིད། །ལོ་ཆེན་བཻ་རོའི་དངོས་སྤྲུལ་ཡིན་པའི་ཕྱིར། །དེ་ལ་དཔལ་ལྡན་མགོན་པོའི་ཆོས་སྐོར་དང་། །མགོན་སྐུ་ཕུལ་ན་སྙིང་པོའི་བསྟན་པ་ཡི། །ལྕགས་རི་ཡོང་བར་ལུང་ནས་ཤིན་ཏུ་གསལ། །དེ་ཕྱིར་ལུང་ལྟར་བླ་མ་དམ་པར་ཕུལ། །རྟེན་དང་ཆོས་ནི་སུས་འཛིན་གཅེས་པར་ཟུངས། །ཡལ་བར་མ་དོར་དགོས་པ་ཆེ་བར་ཡོད། །གང་དྲན་མ་ཡིན་པདྨའི་ལུང་བཞིན་ཡིན། །གལ་ཆེན་ཡིན་ནོ་དུས་ངན་སྙིགས་མ་འདིར། །གནས་གཞི་རྟེན་དགོན་རྙིང་པ་མི་ཟིན་དུས། །གསར་པ་བཟོ་བའི་ངལ་བ་དོན་མེད་ཀྱང་། །རྗེ་བཙུན་བླ་མ་གར་གྱི་དབང་ཕྱུག་གིས། །གསང་རྙིང་བསྟན་པའི་སྙིང་ནོར་ཟབ་ཆོས་རྣམས། །མི་འཐོར་རིན་ཆེན་སྒྲོམ་ནང་གཅིག་བསྡུས་པའི། །མར་
རྡོག་དཀྱིལ་འཁོར་ཟབ་མོའི་གཏེར་ཆོས་རྣམས། །ཆོག་བསྒྲིགས་དབང་ལུང་བཤད་ཁྲིད་མཛད་པ་མང་། །གཅུག་ལག་བཞེངས་པའི་སོས་དལ་མིན་པ་དང་། །སྤོང་བ་རི་ཁྲོད་པ་རུ་སོང་གཤིས་ཀྱི། །རྟེན་བཞེངས་མཛད་པའི་ཟང་ཟིང་ཆེ་བར་མེད། །འོན་ཀྱང་ང་ཡི་གཏེར་ལུང་ཟོལ་མེད་ཞུས། །ཁོང་གིས་དེ་ལ་ཡིད་ཆེས་དང་ལེན་གྱིས། །དཀའ་བ་དུ་མས་རྟེན་དང་བརྟེན་བཅས་བསྒྲུབས། །བསྟན་པའི་སྲོག་ཤིང་དབོན་སྤྲུལ་རིན་པོ་ཆེས། །མཐུན་རྐྱེན་མཛད་ཅིང་ཕྱི་ནང་ངོ་མཚར་གྲུབ། །ཀུན་གཟིགས་མཁྱེན་བརྩེའི་དབང་པོ་བདག་ཟུང་གིས། །ནང་རྟེན་གང་བཟང་ཐམས་ཅད་ཁོང་ལ་ཕུལ། །ཧེ་རུ་ཀ་ཡི་ལྷ་ཁང་ཁྱད་པར་འཕགས། །སྤྱིར་ཡང་བོད་ཡུལ་ས་གནད་ཐམས་ཅད་དང་། །ཁྱད་པར་སྡེ་དགེའི་ཕྱོགས་ཀྱི་ས་གནད་ཀུན། །བཟུང་བའི་གཙུག་ལག་བཤད་སྒྲུབ་མཆོད་རྟེན་སོགས། །མང་པོ་དགོས་ཀྱང་སུ་ཡང་མ་གྲུབ་ཅིང་། །འཇམ་མགོན་ཀུན་གཟིགས་མཁྱེན་བརྩེའི་དབང་པོ་ཡིས། །སྒྲུབ་གནས་རྒྱལ་པོ་པདྨ་ཤེལ་ཕུག་དང་། །པདྨ་དབང་ཕུག་རྣམས་སུ་ཁྱད་པར་ཅན། །བཟོ་བར་མཛད་རྣམས་ཕན་བདེ་འབྱུང་བའི་གནས། །ཙཱ་འདྲ་རིན་ཆེན་དཔལ་སྤུངས་རི་ཁྲོད་ཀྱི། །ཧེ་རུ་ཀ་ཡི་ལྷ་ཁང་འདི་དག་ཏུ། །སྤྲེལ་ལོར་དགོངས་འདུས་སྨན་སྒྲུབ་ལུང་བསྟན་ལྟར། །རྒྱལ་དབང་ཞྭ་ནག་བཅུ་བཞི་པ་ཆེན་
པོ། །མཆོག་གི་སྤྲུལ་སྐུ་པདྨ་ཀུན་བཟང་སོགས། །འདི་རུ་དགོངས་འདུས་སྨན་སྒྲུབ་ཆེན་པོ་མཛད། །ཡེ་ཤེས་མགོན་པོ་རྡོ་རྗེ་ཕྱག་དྲུག་པ། །བཀའ་སྲུང་ཀླུ་བཙན་འབར་བའི་ཕྲིན་ལས་ཀྱིས། །མི་ཆེན་རྒྱལ་བློན་རྣམས་དང་ཡོན་མཆོད་བྱུང་། །དེང་སང་རོང་དམག་འདི་ཡི་འུར་ཟེང་གིས། །ཐམས་ཅད་འབྲོས་པའི་ཁོང་མེད་སྡུག་བསྔལ་ཚེ། །ཀར་རྙིང་བསྟན་འཛིན་ཐམས་ཅད་སྡོང་ཟོས་བདེ། །འདི་ཡང་གཙུག་ལག་ཁང་འདིའི་བཀའ་དྲིན་ཡིན། །ད་དུང་སྟབས་ཉེས་མཐའ་དབུས་ཐམས་ཅད་འཁྲུགས། །བོད་ཁམས་སུ་ཡང་མི་བདེ་སྣ་ཚོགས་འབྱུང་། །དེ་དག་བཟློག་རིམ་གཙུག་ལག་ཁང་འདི་རུ། །བོད་ཁམས་བདེ་བའི་རིམ་གྲོ་ལུང་བཞིན་སྒྲུབས། །མ་འོངས་དུས་སུ་གཙུག་ལག་ཁང་འདི་དང་། །སྒྲུབ་རྒྱུན་མན་ངག་དང་བཅས་ཉམས་མ་འཇུག །འདི་ལ་དོན་ཆེན་ཡོད་དོ་ཕྱི་རབས་རྣམས། །འདི་ཡང་གཅིག་གི་སྒེར་དོན་མ་ཡིན་གྱི། །རིས་མེད་བསྟན་པ་ཆོས་མཛད་ཕན་བདེ་ངེས། །འདི་ལྟར་ལྷོ་ཕྱོགས་ཀརྨའི་རི་ཁྲོད་དུ། །མཆོག་གྱུར་གླིང་པ་ལོ་གསུམ་མཚམས་ཀྱི་སྐབས། །བླ་མའི་བཀའ་ལན་དགེ་སྦྱོར་ཐུན་གསེར་ལ། །བྲིས་ནས་ཕུལ་བ་དགྱེས་པའི་རོལ་མོར་ཤོག །ཅེས་པ་འདི་ལ་དོན་གནད་ཆེན་པོ་ཡོད་པས་ད་ལྟ་བཞུགས་པ་དང་སླད་ནས་འབྱོན་པར་འགྱུར་བའི་བསྟན་པ་སྤྱི་དང་བྱེ་བྲག་
ལ་ཐུགས་ཁྲལ་ཡོད་པ་རྣམས་ཀྱིས་དོན་འདི་ཡལ་བར་མི་འདོར་བ་ཅི་ནས་གལ་ཆེ་བ་ཡོད་དོ། །གསུམ་པ་མཐའ་མར་དགེ་བ་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པའི་ཕྲེང་བ་ཅུང་ཟད་ཅིག་བསྟར་བ་ནི། ཨོཾ་སྭ་སྟི་སརྦ་སིངྡྷི་ཀ་ལྱཱ་ཾ་ཀཱ་མ་དྷེ་ནུ་བྷ་བནྟུ། གང་མཚན་རིན་ཆེན་རིན་ཐང་མེད་པའི་སྣང་བའི་ཆ་ཡིས་བགོས་པ་ན། །དགེ་ལེགས་གསེར་གྱི་པདྨོ་འཛུམ་པས་འཇིག་རྟེན་གསུམ་པོ་ཤིས་བྱེད་པ། །དཀོན་མཆོག་རྩ་གསུམ་བདེན་པའི་སྤྲིན་ལས་བྱིན་རླབས་བདུད་རྩིའི་ཆར་བབ་པས། །དད་མོས་ནོར་བུ་འཛིན་མའི་ཐང་གར་འདོད་དོན་སྙེ་མས་ལྕི་བར་མཛོད། །སེམས་གཙང་དགེ་བ་སྤྲིན་གྱི་བླར་བསོད་ནམས་དང་པོའི་དུས་སུ་དཀྲིགས་པ་ན། །མཐོ་རིས་དཔལ་དང་ཐར་པའི་འབྱོར་བ་ནོར་བུ་དབྱིག་གི་ཆར་རྒྱུན་འཇོ་བྱེད་པ། །གང་དེ་བདེན་པའི་རླབས་དང་གྲུབ་པའི་མཐུ་སྟོབས་གློག་གི་ལྕེ་བཞིན་འབར་པས་ཏེ། །མངོན་པར་འདོད་པའི་ས་བོན་གང་ཡང་རླན་དྲོད་བཞིན་ཏུ་དེ་མཐུས་བསྐྱེད་གྱུར་ཅིག །དགེ་བའི་པདྨོ་ཅན་གྱི་རྣམ་དཀར་འཁྲི་ཤིང་རྩ་བ་སེམས་ཀྱིས་བཙུགས་པ་ནས། །མཚུངས་པར་ལྡན་པའི་ལང་ཚོའི་ཡལ་འདབ་རིམ་དང་ཅིག་ཆར་ཡོངས་སུ་རྒྱས་པའི་འཕྲུལ། །རེ་བའི་འབྲས་བུ་རྫོགས་པར་སྨིན་པའི་མཐར་ཐུག་གདེངས་ཀ་ཅན་གྱིས་ཆུ་ཀླུང་བཞིན། །རྒྱལ་བའི་སྙིང་པོ་དགེ་བའི་སྟོབས་
འཁྲུངས་སེང་གེའི་སྒྲ་ལྡན་དེས་ཀྱང་གྲུབ་སྩོལ་ཤོག །བསོད་ནམས་གང་ཞིག་ཅུང་ཟད་བགྱིས་དང་བགྱིད་སྩལ་བགྱིད་ལ་ཡི་རང་བྱ་བྱེད་ཡུལ། །ཆོས་ཉིད་རང་བཞིན་གདོད་ནས་མ་སྐྱེས་རྟོག་བྲལ་ལྟ་བས་དེ་བཞིན་ཉིད་དབྱིངས་སུ། །བློ་ཆེན་གྲགས་ལྡན་ཀུན་ཏུ་བཟང་སོགས་མཁྱེན་པས་ཡོངས་བཟུང་གང་ལ་མཚན་རྟོག་གི། དྲི་བྲལ་བསྔོ་བའི་རྒྱལ་པོ་དེར་ནི་མཚུངས་པར་བསྔོས་པས་སངས་རྒྱས་ཆོས་རྣམས་རྫོགས་པར་བགྱི། །གང་ལ་སྐྱེ་འགག་གནས་དང་མཚན་མ་མི་དམིགས་སངས་རྒྱས་ཀུན་གྱི་གསང་བའི་སྒོར། །ཡང་དག་འཇུག་པའི་བློ་གྲོས་མཐུ་ཐོབ་གང་དེར་མཚན་མར་བཟུང་བའི་འདུ་ཤེས་ཀྱི། །འཆིང་བ་བརྒྱས་དཀྲིས་སྲིད་པའི་བཙོན་རར་ཉམ་ཐག་མ་རྣམས་འདོན་ལ་མི་སྐྱོ་བའི། །བྱམས་པའི་གོ་ཆ་སྙིང་རྗེའི་ཡ་ལད་མཁྲེགས་ལྡན་སྐྱེས་བུ་དཔའ་བོ་ཉིད་གྱུར་ཅིག །ཚུལ་ཁྲིམས་རྣམ་དག་ས་གཙང་ཉམས་དགར་ཏིང་འཛིན་བྱེ་བའི་མེ་ཏོག་ལྡིང་ཁང་བཀྲ། །དྲི་མེད་ཤེས་རབ་སྦྲང་རྩིའི་ཟིལ་དངར་ཡིད་ཅན་བུང་བས་ཅི་དགར་མྱོང་བ་ལས། །ཐར་པ་དམ་པའི་ཆོས་འཚོ་རབ་རྒྱས་མཐའ་གཉིས་ཉལ་སློང་ཆོས་དབྱངས་དར་དིར་སྒྲོག །ས་གསུམ་དགེ་བའི་དཔྱིད་ཀྱི་དཔལ་མོ་སྲིད་པ་ཇི་སྲིད་རབ་ཏུ་བཞད་གྱུར་ཅིག །
མངོན་མཐོ་ངེས་ལེགས་ས་མཚུངས་གཞིར་གྱུར་ཆོས་འདུལ་འཛིན་པས་ལྷུན་པོའི་གཏོས་སུ་ཁྱབ། །འཇིག་རྟེན་འཚོ་བྱེད་མདོ་སྡེའི་སྨན་ལྗོངས་ཆོས་ཀྱི་མ་མོའི་པདྨ་གཞོན་ནུས་མཛེས། །ཐུབ་བསྟན་དགའ་ཚལ་དར་ལ་བབས་པས་རིས་བྲལ་སྐྱེ་དགུ་ཉེར་འཚོར་མཛད་བཞིན་ཏུ། །བྱམས་པའི་ཉི་མས་འཇིག་རྟེན་སྣང་བ་དེ་སྲིད་ཉམས་མེད་རབ་ཏུ་རྒྱས་གྱུར་ཅིག །གངས་ལྗོངས་གདུལ་བྱའི་བསོད་ནམས་ཡིད་མཁར་སྔ་ཕྱིར་འཆར་བའི་ཉི་ཟླའི་དཀྱིལ་འཁོར་བཞིན། །ཐུན་མོང་སྣང་བྱེད་མཐའ་དག་ཟིལ་གནོན་གསང་ཆེན་རྒྱུད་དང་དེ་ཡི་སྦྱོར་བ་ནི། །གྲུབ་པའི་ཤིང་རྟ་སོ་སོས་དྲངས་དང་ཁྱད་པར་མཐར་ཐུག་སྙིང་པོའི་གསང་བ་རྣམས། །ཕྲིན་ལས་འོད་རླབས་ནམ་ཡང་མི་བརྟུལ་མཁའ་ཁམས་སྲིད་དུ་ཀུན་གསལ་འཚོ་གཞེས་གསོལ། །ཞིང་ཁམས་རྒྱ་མཚོའི་འགྲོ་བ་འདུལ་ཕྱིར་རྒྱལ་བ་བྱེ་བས་བཅིངས་པའི་ཅོད་པན་ནི། །ཐོན་ཀ་ཆེ་དང་རཱ་གའི་མདངས་འཛིན་གང་གི་ཆེ་བའི་ལུང་གི་སྤྲིང་ཡིག་ཀྱང་། །འཇིག་རྟེན་ཀུན་ཏུ་པདྨའི་མགོན་པོས་ཡང་ཡང་བྱིན་པའི་འདྲེན་མཆོག་ཉི་ཟླ་ཟུང་། །གདུལ་བྱའི་ཡིད་མཁར་འགྲིབས་མེད་འཆར་བས་ཉེས་པའི་མུན་ཁང་རབ་ཏུ་བརྟོལ་མཛད་གསོལ། །རིས་བྲལ་ཐུབ་བསྟན་
སྒྲོན་མེ་རྣམས་ཀྱི་སྐུ་འཚོའི་རི་དབང་རྡོ་རྗེར་བརྟན། །འཁོར་ལོ་གཉིས་ལྡན་ཚོགས་མཆོག་ནགས་ཀླུང་འཛིན་མའི་ཁྱོན་ཀུན་རྒྱས་པར་དཀྲིགས། །སྙིང་པོའི་ཆོས་དབྱངས་གཞོམ་དུ་མེད་པས་རྨོངས་པའི་གཉིད་ལས་ཀུན་བསླངས་ཏེ། །བྱང་ཆུབ་སྙིང་པོར་རྒྱལ་བའི་རྔ་ཆེན་མཁའ་མཉམ་འགྲོ་བས་བརྡུང་གྱུར་ཅིག །སྡུག་བསྔལ་རྦ་རླབས་དྲག་ཏུ་གཡོ་བ་སྲིད་པའི་ཆུ་གཏེར་གཏིང་ཟབ་པ། །རྟེན་འབྲེལ་འཁྲུལ་འཁོར་ལུགས་སུ་ལྡོག་སྟེ་ཐར་པ་བདེ་བའི་སྨན་ལྗོངས་སུ། །མ་གྱུར་དེ་སྲིད་འཐབ་རྩོད་ཕོངས་དང་མི་ངས་ལ་སོགས་རྩོད་དུས་ཀྱི། །རྣམ་འགྱུར་ཀུན་ཞི་རྫོགས་ལྡན་དབྱིག་གི་སྙིང་པོས་གཏམས་ནས་འཁྱིལ་གྱུར་ཅིག །དགེ་ལེགས་འབྱོར་པ་ཡོངས་སུ་སྡུད་པ་རྣམ་དཀར་སེམས་ཀྱི་རིན་ཆེན་ནི། །བསོད་ནམས་དམ་པའི་ལག་ཏུ་ཐོབ་པས་ལེགས་སྤྱོད་འདོད་པ་ཟད་མི་ཤེས། །བདག་གཅིག་ཅི་འདྲར་ཡིད་ཅན་ཀུན་ཀྱང་ལྷག་བསམ་ནོར་བུའི་གཏེར་བརྡོལ་ནས། །དོན་གཉིས་ཡོངས་རྫོགས་ཕ་རོལ་བྱིན་པའི་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཤོག །རང་འདོད་འཁྲི་བ་རྩད་ནས་བཅད་པ་གང་གི་མངོན་པར་འདོད་པའི་དོན། །གཞན་ཕན་ཁོ་ནའི་རྗེས་སུ་སོང་བའི་ཚོགས་ཆེན་ནམ་མཁའི་མཐའ། །སངས་
རྒྱས་སྤྱན་གྱིས་ཇི་སྙེད་གཟིགས་པ་སྤྱོད་ཡུལ་ཡངས་པའི་སྤྲིན་ཆེན་ལས། །རེ་སྐོང་བདུད་རྩིའི་ཆར་ཆེན་འབེབས་པས་ཡིད་ཅན་ཟུག་རྔུ་འཇིལ་ནུས་ཤོག །གསང་བ་བསམ་ཡས་དྲུག་པའི་བདག་ཉིད་སྐལ་པ་མཉམ་པའི་གཟུགས་བཟུང་སྟེ། །སྲས་བཅས་རྒྱལ་ལས་ངེས་པར་ལྷག་པའི་བཀའ་དྲིན་དམ་པའི་མཛོད་གཏད་ནས། །གདུལ་བྱ་གཞན་གྱི་དོན་ལ་དགྱེས་པ་དེ་ཀུན་བཞེད་པ་གང་མཆིས་ཀྱང་། །རྣམ་དཀར་འདི་མཐུས་རྫོགས་པར་བསྐངས་ཏེ་གསང་བ་གསུམ་གྱི་དབྱིག་འཛིན་ཤོག །ཐུབ་བསྟན་ཡོངས་རྫོགས་བདེ་བླག་བཟུང་བའི་མཁྱེན་བརྩེ་ནུས་པའི་རྩལ་ཆེན་རྫོགས། །བློ་དང་འཚམས་པའི་ཆོས་ཆར་འབེབས་ལ་རྨོངས་དང་བསྙེངས་མེད་སྟོན་མཆོག་བཞིན། །ཚིགས་བཅད་གཅིག་གིས་འགྲོ་ཁམས་མཐའ་ཡས་ལེན་པའི་འཆིངས་ལས་དགྲོལ་བ་ཡི། །ཆོས་སྒོ་རྡུལ་སྙེད་མཁའ་མཉམ་སྐྱེ་དགུས་འཛིན་དང་སྟོན་ལ་སྤོབས་གྱུར་ཅིག །ཡེ་ཤེས་རྡོ་རྗེའི་ཅོད་པན་རབ་མཛེས་ཐབས་ཤེས་ཕྱག་རྒྱ་མི་འབྲལ་འཆང་། །གསང་རྒྱུད་རྒྱ་མཚོའི་གཞོམ་མེད་སྐད་ཀྱིས་སྲིད་པར་འཕོ་བའི་མཐའ་བཀག་ནས། །སྒྱུ་འཕྲུལ་ཉམས་བརྒྱའི་གར་གྱི་རོལ་པས་ཞིང་དང་
སྐུའི་སྤྲིན་བཀོད་པ། །རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔར་སྐྱེ་འདི་ཉིད་ལ་མངོན་གྱུར་ཤོག །བཟང་ངན་བར་མའི་འབྲེལ་བས་བསྡུས་ཀུན་སྒྲིབ་པའི་དྲྭ་བ་ཕྱིར་བསལ་ཏེ། །འདབ་བརྒྱ་བཞད་པའི་ཟེའུ་འབྲུའི་ལྷུམས་ན་གསེར་མདོག་མཚན་དཔེ་འབར་བའི་བཞིན། །སྣང་མཐའ་ཡས་པའི་དཀྱིལ་འཁོར་གང་ལ་མི་འཕྲོག་དད་པས་ཕྱོགས་དེ་ཡི། །སྙིང་གི་བུམ་པ་ཞི་བསིལ་ཆོས་ཆུ་རོ་ལྡན་བཅུད་ཀྱིས་བལྟམས་པར་ཤོག །བདེན་གསུང་རྡོ་རྗེའི་ཐ་ཚིག་ནམ་མཁའ་བཞིན་ཏུ་འགྱུར་བ་མི་སྲིད་པས། །ཧེ་རུ་ཀ་དཔལ་གསང་བ་གསུམ་གྱི་ཕྱག་རྒྱ་གང་ལ་ལྷ་ཀླུ་མིས། །བསྙེན་བཀུར་དང་བཅས་རྣམ་འདྲེན་ལྔ་པའི་ཆོས་ལྔ་སྒྲོགས་པ་དེ་སྲིད་དུ། །ཕྲིན་ལས་ཆུ་ཀླུང་ཞིང་བརྒྱར་འགྱེད་པའི་མ་དྲོས་མཚོ་བཞིན་གང་གྱུར་ཅིག །དྲི་མེད་བསླབ་པའི་གཞི་ལ་རབ་གནས་བརྩོན་འགྲུས་གོ་ཆ་ཤིན་ཏུ་མཁྲེགས། །ངེས་པར་འབྱུང་བའི་གློ་ཡི་ཤུགས་ཀྱིས་ཏིང་འཛིན་རྒྱ་མཚོའི་ཕ་རོལ་སོན། །གདོད་མའི་གྲུབ་མཐའ་ཚེ་འདིར་སྙོགས་པས་མཐའ་གཉིས་ལས་རྒྱལ་དཔའ་བོ་ནི། །མུ་ཏིག་ཕྲེང་
འདྲ་བསྟར་ལ་བརྒྱུས་པས་གྲུབ་པའི་ཚལ་འདི་མཛེས་བྱེད་ཤོག །མི་ཤིགས་ཚེ་དབང་རྡོ་རྗེའི་ལྷུན་པོར་དཔལ་འབྱོར་ཉི་ཟླའི་རྣ་ཆས་སྒེག །གྲགས་པའི་རྔ་སྒྲས་སྲིད་གསུམ་ཀུན་ཁྱབ་དེ་དག་བསྡུ་བཞིའི་མགྲོན་ཏུ་འགུགས། །རེ་བ་མེད་པའི་སྐྱིན་པ་རྣམ་བཞིས་འདི་དང་རྟེན་གྱི་དབུལ་སེལ་ནས། །ཡིད་ཅན་ཀུན་གྱི་འདོད་པ་མ་ལུས་བདག་ཉིད་ཁོ་ནས་བསྐངས་གྱུར་ཅིག །དཔལ་ལྡན་རྡོ་རྗེའི་ཡེ་ཤེས་སྒྲིབ་བྲལ་འཁོར་འདས་བརྟན་གཡོའི་སྲོག་ཏུ་ཞུགས་པ་དང་། །འགྲོ་ཁམས་རྒྱལ་བའི་སྙིང་པོས་སྙིང་གསེར་བཞིན་ལྷུན་གྲུབ་འདུས་མ་བྱས་པ་དང་། །བདེ་གཤེགས་མྱ་ངན་མི་འདའ་དམ་ཆོས་ནམ་ཡང་ནུབ་མེད་བདེན་གསུང་བཀྲ་ཤིས་ཀྱི། །སྒོ་འཕར་བྱེ་བ་ཀུན་ཏུ་འབྱེད་ལས་འདོད་རྒུ་ནོར་བུའི་གཏེར་ཁ་བརྡོལ་གྱུར་ཅིག །ཅེས་པ་འདིའང་ཕྱི་ནང་གི་རྟེན་བརྟེན་པ་ཡོངས་སུ་རྫོགས་པ་གྲུབ་ཅིང་། ལོ་གསུམ་ཕྱོགས་གསུམ་གྱི་རྣལ་འབྱོར་ཐོག་མའང་བར་ཆད་མེད་པར་མཐར་ཕྱིན་ཏེ། དྲུག་ཅུ་སྐོར་ཅིག་གི་དང་པོ་ཤིང་ཕོ་བྱི་བའི་གནམ་ལོ་གསར་དུ་བཞེད་པའི་དཀར་ཕྱོགས་ཀྱི་གྲལ་ཚེས་བཟང་
པོར་རྣམ་དཀར་བགྱིད་པ་པོ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་བྲིས་པ་དགེ་ལེགས་རྟག་པའི་ཉི་མ་ནུབ་མེད་ཁོར་ཡུག་ཏུ་འཆར་བར་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བནྟུ།། །།