Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

2 occurrences of ཀུན་གྱི་རྣམ་ཤེས་
[Clear Hits]


  
  
  
  
  
  
  
  
 
དམ་པའི་ཆོས་འཆད་ཉན་བྱ་བའི་སྐབས་སུ་ཉེ་བར་མཁོ་བའི་མཚམས་སྦྱོར་གྱི་ཡི་གེ་མཆོག་དམན་ཀུན་དགའ།
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


2 occurrences of ཀུན་གྱི་རྣམ་ཤེས་
[Clear Hits]

 
previousདམ་པའི་ཆོས་འཆད་ཉན་བྱ་བའི་སྐབས་སུ་ཉེ་བར་མཁོ་བའི་མཚམས་སྦྱོར་གྱི་ཡི་གེ་མཆོག་དམན་ཀུན་དགའ།next

དམ་པའི་ཆོས་འཆད་ཉན་བྱ་བའི་སྐབས་སུ་ཉེ་བར་མཁོ་བའི་མཚམས་སྦྱོར་གྱི་ཡི་གེ་མཆོག་དམན་ཀུན་དགའ།


LT40_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་ཆོས་འཆད་ཉན་བྱ་བའི་སྐབས་སུ་ཉེ་བར་མཁོ་བའི་མཚམས་སྦྱོར་གྱི་ཡི་གེ་མཆོག་དམན་ཀུན་དགའ་ཞེས་བྱ་བ་བཞུགས་སོ། །


LT40_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཞིའི་དཔལ་ཡོན་ཀུན་བྱེད་པ། །དམ་ཆོས་རིན་ཆེན་ཁྱོད་ལས་འཁྲུངས། །བླ་མ་ཤཱཀྱའི་གཙོ་བོའི་ཞབས། །སྐྱེ་ཀུན་སྤྱི་བོར་བཀོད་གྱུར་ཅིག །ཤེས་རབ་ཕ་རོལ་ཕྱིན་མའི་ཡུམ། །རྒྱལ་བ་རྣམས་ཀྱིས་ཕྱག་མཛད་པ། །དེ་ལ་གུས་པས་ཕྱག་བགྱིས་ཏེ། །བརྩམ་པ་འདིར་ན་སྤྲོ་བས་འཇུག །ཅི་སྟེ་མཁས་པར་ཆུད་མིན་ཀྱང་། །གང་ལ་བགྱི་བ་དོན་ཡོད་པ། །མཁས་རྣམས་དེ་ལ་གཅིག་ཏུ་འགྲོ། །དེ་འབྲས་གཉིས་མེད་གཟིགས་པའི་ཡུལ། །དམ་པའི་ཆོས་རིན་པོ་ཆེ་འཆད་ཉན་ཇི་ལྟར་བྱེད་པའི་ཐབས་འདི་ལ་བདུན། འཆད་ཉན་བྱེད་པ་པོའི་མཚན་ཉིད། ནམ་བྱ་བའི་དུས། ཇི་ལྟར་བྱེད་པའི་ཚུལ། ལས་ལ་ཞུགས་པའི་སྦྱོར་


LT40_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བ། སྐབས་སུ་བབས་པའི་མཚམས་སྦྱོར། མཐར་བཀའ་དྲིན་དྲན་ཅིང་བསྔོ་སྨོན་གྱིས་བརྒྱན་པ། འཆད་ཉན་གྱི་ཕན་ཡོན་བསྟན་པའོ། །དང་པོ་ནི། འཆད་པ་པོ་མདོ་རྒྱུད་ནས་བཤད་པའི་དགེ་བའི་བཤེས་ཀྱི་མཚན་ཉིད་ཚང་བ་སྟེ། མདོར་བསྡུ་ན། བསླབ་པ་གསུམ་དང་ལྡན་ཅིང་ཚིག་དང་དོན་ལ་མཁས་པ། ཆོས་ཉིད་ཀྱི་བདེན་པ་མཐོང་ཞིང་སྙིང་རྗེས་གཞན་དོན་ནུས་པ། གཙོ་བོར། བླ་མའི་མཚན་ཉིད་བརྒྱུད་པར་ལྡན། །ཅེས་པ་ལྟར་ཚིག་དོན་བརྒྱུད་པ་བར་མ་ཆད་པ་མངའ་ཞིང་དམ་སེལ་གྱི་རྙོགས་མས་མ་བསླད་པ་ཞིག་དགོས་ལ། ཁྱད་པར། མི་གཏི་མུག་ཅན་གྱིས་ཆོས་བཤད་པ། ཁམས་གསུམ་སེམས་ཅན་བསད་ལས་


LT40_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་ཆེ། །ཞེས་འབྱུང་སྟེ། དཔེར་བགྱི་ན། ལོང་བས་ལོང་བ་ཁྲིད་པ་ན་མཐར་གཡང་སར་མཆོངས་པ་ལས་འོས་མེད་པ་བཞིན་བླུན་པོ་ང་རྒྱལ་ཅན་གྱིས་རྨོངས་པ་རང་མཐོང་ཅན་ལ་ཆོས་སུ་རློམས་པའི་ཚིག་སྐམ་བཤད་ན། རྒྱུད་གྲོལ་བའི་ཚབ་ཏུ་ལོག་ལྟའི་འཆིང་བས་བསྡམས་ཏེ་ཐར་པའི་ལམ་ལས་ཕྱིར་ཕྱོགས་པར་འགྱུར་བས། རྟོགས་པས་རང་གི་བརྒྱུད་པ་ཟིན་ཅིང་། ཐོས་པས་རྒྱལ་བསྟན་ཕྱི་དྲིལ་དུ་ཁྱེར་ཤེས་པ་ཞིག་ནི་ངེས་པར་དགོས་སོ། །ཉན་པ་པོའང་སྐྱོན་སུམ་ཅུ་རྩ་དྲུག་སྤངས་ཤིང་ཡོན་ཏན་གྱི་ཁྱད་པར་སུམ་ཅུ་རྩ་དྲུག་དང་ལྡན་པ་དགོས་ཀྱང་། མདོར་ན། འཁོར་བ་ལ་ཞེན་པ་ཆུང་ཞིང་དད་པ་དང་དག་སྣང་ཆེ་བ། བཟོད་པ་དང་བརྩོན་འགྲུས་ལྡན་ཅིང་བློ་གྲོས་ཀྱི་གོ་རྒྱ་ཡངས་པ། གསར་འགྲོགས་ཀྱི་བློ་སྣ་ཉུང་ཞིང་བླ་མ་དང་ཆོས་ལ་ཐེ་ཚོམ་མེད་པ་ཞིག་གིས་འཆད་ཉན་བྱས་པའི་འབྲས་བུ་དོན་ཡོད་པར་བྱེད་དོ། །གཉིས་པ་ནི་སྤྱིར་ཆོས་ཀྱི་བྱ་བ་ལས་གལ་ཆེ་བའི་བགྱི་བ་ནི་འཇིག་རྟེན་ན་ཅིའང་ཡོད་པ་མ་ཡིན་པས་འཆད་ཤེས་དང་ཉན་འདོད་ཀྱི་རྟེན་འབྲེལ་ནམ་ཚོགས་པ་ན། དེ་མ་ཐག་ཏུ་འཆད་ཉན་ལ་འཇུག་དགོས་ཀྱི། ཕྱི་བཤོལ་དང་བཏང་སྙོམས་ནི་དགེ་བའི་ཕྱོགས་མཐའ་དག་ལ་བར་དུ་བཅོད་པ་ཆེ་ཞིང་། ཁྱད་པར་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་ཞལ་ནས།


LT40_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ལ་ཞུགས་པའི་ཐོག་མར་ཉན་དགོས་ཏེ། འཁོར་འདས་ཀྱི་སྐྱོན་ཡོན་ཤེས་པས་བླང་དོར་ལ་འཇུག་པའི་ཕྱིར་རོ། །རང་རྒྱུད་སྦྱོང་བའི་ཚེ་ཉན་དགོས་ཏེ། གང་ལའང་རྨོངས་པ་བཟློག་པའི་ཕྱིར་རོ། །རྒྱུན་ཏུ་ཉམས་སུ་ལེན་པ་ནའང་ཉན་དགོས་ཏེ་དགེ་སྦྱོར་འཐས་པ་ལ་སོགས་པ་བོགས་འབྱིན་པའི་ཕྱིར་རོ། །ཤེས་རྒྱུད་མཐའ་དག་གྲོལ་བ་ལའང་ཉན་དགོས་ཏེ། ཐེ་ཚོམ་གྱི་སྤྲོས་པ་གཅོད་པའི་ཕྱིར་རོ། །དེས་ན་ད་ལྟ་ལམ་ལ་དང་པོར་ཞུགས་པ་ནས་མཐར་ཕྱིན་གྱི་བར་དུ་རང་བས་ལྷག་པ་གལ་ཆེ་སྟེ། གོང་མ་རྣམས་ཀྱི་ཐུགས་ཉམས་སུ་བཞེས་པ་རྣམས་ལ་བློ་ཁ་ཕྱོགས་པ་དང་རང་གི་ཉམས་རྟོགས་གོང་དུ་བྱར་ཡོད་པའི་ཕྱིར་རོ། །དང་པོ་འདིས་ཆོག་ཅེས་གང་ཡང་རུང་བ་ཞིག་ལ་ཞེན་ནས་དབེན་པར་བསྒྲུབས་ཀྱང་མཐའ་མི་ཁྲོལ་བས། ལམ་གོལ་བ་དང་། ལོག་པར་མི་ཚོར་རོ། །མིས་བལྟས་ན་ཆོས་བྱས་པར་སྣང་ཡང་། རང་ལ་སྐྱེད་ཅི་ཡང་མེད་པའི་ཕྱིར་རོ། །སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་ན། ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཚོལ་བ་ལ་བསླབ་པར་བྱའོ་ཞེས་སོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ལ་སློབ་དཔོན་དང་སློབ་མའི་བྱ་བ་གཉིས་ལས། དང་པོ་ནི། ཆོས་


LT40_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བས་ཀྱང་འཆད་པའི་ཞྭ་ཚེར་མ་ལྟ་བུ་དང་ཆོས་གོས་རྣམ་གསུམ་ཟླུམ་པོར་བགོ་ཞིང་། གཙང་སྦྲ་དང་བཅས་པའི་ཀུན་སྦྱོང་དང་བ་འདྲེན་པར་བྱ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཆོས་སྨྲ་བ་གཙང་སྦྲ་དང་བཅས་ནས་ཀུན་ཏུ་སྤྱོད་པ་གཟོབ་པ་དང་། ལེགས་པར་བཀྲུས་པ་དང་། ལེགས་པར་གོས་བགོ་བར་བྱའོ། །ཞེས་སོ། །ཆོས་སྨྲ་བ་སྲུང་བའི་རིག་སྔགས་དམ་ཆོས་པདྨ་དཀར་པོ་ལས་གསུངས་པ་འདི་མཐིང་ཤོག་ལ་གསེར་རམ། མཚལ་གྱིས་བྲིས་ནས་འཆད་པའི་ཞྭ་ཡོད་ན་དེའི་ནང་དུ་གཞུག་ཅིང་། མེད་ན་མགུལ་དུ་གདགས་སོ། །ཏདྱ་ཐཱ། ཨི་ཏི་མེ། ཨི་ཏི་མེ། ཨི་ཏི་མེ། ཨི་ཏི་མེ། ནི་མེ། ནི་མེ། ནི་མེ། ནི་མེ། རུ་ཧེ། རུ་ཧེ། རུ་ཧེ། རུ་ཧེ། སྟ་ཧེ། སྟ་ཧེ། སྟ་ཧེ། སྟ་ཧེ། རིགས་སྔགས་འདིའི་གཟི་བརྗིད་ཀྱིས་ཆོས་སྨྲ་བ་ལ་ལོག་པར་འདྲེན་པ་སུ་ཡང་འཁུ་བར་མ་གྱུར་ཅིག །ཅེས་སོ། །ཐུན་མོང་མིན་པའི་སྨེན་གྲོལ་གྱི་གེགས་སེལ་རིགས་དགོས་པའི་སྐབས་སུ་བབས་པ་ན། རིག་འཛིན་མི་འགྱུར་རྡོ་རྗེའི་ཐུགས་གཏེར་ལས་བྱུང་བ་ལྟར་འགྲུབ་ན་ཤིན་ཏུ་ཟབ་པར་མཐོང་ངོ་། །ཆོས་འཆད་པའི་ཚེ། རང་ལ་ང་རྒྱལ། གཞན་ལ་ཁྱད་གསོད། སྙན་གྲགས་དང་ཁྱད་པར་འདོད་པ། རྙེད་བཀུར་ཟང་


LT40_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཟིང་ལ་ཆགས་པའི་བློ་སྤངས་ལ། བྱང་ཆུབ་མཆོག་གི་སེམས་བཟུང་སྟེ། སེམས་ཅན་ཐམས་ཅད་ཀྱིས་ཆོས་ཀྱི་མིག་རྙེད་པར་བྱ། ཡེ་ཤེས་ཀྱི་སྒྲོན་མེ་སྦར་བར་བྱ། སངས་རྒྱས་ཀྱི་ཆོས་ཡུན་རིང་དུ་གནས་པར་བྱ་སྙམ་དུ་བསམ་ལ། འདུལ་བ་མདོ་སྡེ་མངོན་པ་གསུམ་གྱི་ཆོས་འཆད་པའི་ཚེ་རང་ཉིད་ཤཱཀྱའི་རྒྱལ་པོ། དེ་ལས་ཀྱང་ཤེར་ཕྱོགས་སོགས་སྟོང་པ་ཉིད་ཀྱི་དོན་འཆད་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། གསང་སྔགས་ཕྱི་ནང་ལ་རིགས་ལྔ་དང་། དཀྱིལ་འཁོར་སོ་སོའི་གཙོ་བོ། མ་ཧཱ་ཡོ་ག་སོགས་ལའང་དེ་ལྟར་རམ་རིགས་འདུས་རྡོ་རྗེ་སེམས་དཔའ། ཕྱག་རྒྱ་ཆེན་པོ་སོགས་འཆད་པ་ན་དྲུག་པ་རྡོ་རྗེ་འཆང་། འོད་གསལ་རྫོགས་པ་ཆེན་པོ་ལ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཡབ་ཡུམ་དུ་གསལ་བའི་སྤྱན་སྔར་ལྷ་དང་དྲང་སྲོང་རིག་འཛིན་འབྱུང་པོ་བྱེ་བ་སྙེད་གུས་པ་དང་བཅས་པས་འཁོད་པ་ལ་རང་གི་གསུང་ཡན་ལག་དྲུག་ཅུ་དང་ལྡན་པའི་ཆོས་ཀྱི་སྒྲས་འཇིག་རྟེན་ཐམས་ཅད་ཁྱབ། སེམས་ཅན་ཀུན་གྱི་མ་རིག་པའི་མུན་པ་བསལ། ཆོས་ཀྱི་སྒོའི་གཟུངས་དང་སྤོབ་པ་ཏིང་ངེ་འཛིན་ཐོབ་པར་མོས་ལ། གཉིད་རྨུགས་རྣམ་གཡེང་གཏམ་ལབ་བྲེ་མོ་གཞོག་འཕྱས་བརྡ་མི་འཕྲོད་པ་སོགས་སྐྱོན་ཐམས་ཅད་སྤང་ལ། དལ་བྲེལ་རན་ཞིང་གསལ་དག་སྙན་ལ་


LT40_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོད་ཆགས་པས་ཆོས་ཐུན་རིང་ཐུང་འཚམས་པ་དང་། ཁོང་ཁྲོ་བ་མེད་པས་ཉན་པ་པོ་རྣམས་ཡིད་མི་སུན་པར་བྱ་སྟེ། འོད་སྲུངས་ཀྱིས་ཞུས་པའི་མདོ་ལས། དག་ཅིང་ཟང་ཟིང་མེད་པའི་སེམས་ཀྱིས་སུ། །འགྲོ་ལ་ཆོས་སྟོན་པ་ལ་རྒྱལ་རྣམས་དགྱེས། །ཞེས་སོ། །གཉིས་པ་སློབ་མ་རྣམས་ཀྱིས་ཀྱང་། མགོ་དཀྲིས། མཚོན་ཆ། མཆིལ་ལྷྭམ་གྱོན་པ་སོགས་ཚུལ་མ་ཡིན་པའི་ཀུན་སྤྱོད་སྤངས་ཤིང་བག་ཡོད་གཙང་སྦྲ་དང་བཅས་པས་ཆོས་བརྒྱད་དང་ཉོན་མོངས་པས་ཀུན་ནས་སློང་བ་མ་ཡིན་པར། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་མི་འབྲལ་བའི་ངང་། འཆད་པ་པོ་ལ་བརྙས་པ་དང་། སྐྱོན་རྟོག་པ་དང་། ལུས་ཀྱི་བྱ་བྱེད། ངག་གི་ཅ་ཅོ། ཡིད་ཀྱི་འོག་འགྱུ་སོགས་ཉེས་པ་སུམ་ཅུ་རྩ་དྲུག་སྤངས་ལ་ལུས་དྲང་པོ་ཐལ་སྦྱར། ཡིད་ཀྱིས་བླ་མ་དང་དམ་པའི་ཆོས་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེན་པོ་དང་ལྡན་པས་རྩེ་གཅིག་དོན་ཏུ་གཉེར་བའི་བློས་གཞན་ཏུ་མ་ཡེངས་པར་དད་པ་དང་གུས་པ་ཆེན་པོ་བསྐྱེད། དངོས་སུ་ཅི་འབྱོར་བསྟི་སྟང་དང་ཡོན་དབུལ། ཡིད་ཀྱིས་བདག་པོས་བཟུང་བ་དང་མ་བཟུང་བའི་མཆོད་པའི་བྱེ་བྲག་ནམ་མཁའི་དབྱིངས་གང་བ་དང་། རང་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་རྩ་ཐམས་ཅད་ཆོས་ཀྱི་སྐུ་ཡོན་སེམས་ཅན་ཐམས་ཅད་ཀྱི་


LT40_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཏུ་འབུལ། དེར་འདུས་པའི་སྐྱེ་བོ་ཐམས་ཅད་ལ་ཆགས་སྡང་ཕྲག་དོག་བྲེ་མོ་ངན་སྨྲས་སོགས་མི་བྱ་བར་དག་སྣང་འབའ་ཞིག་སྦྱང་བ་སོགས་མདོར་ན་ཡོན་ཏན་སུམ་ཅུ་རྩ་དྲུག་རྒྱུད་ལ་བསྟེན་ཅིང་། ཐོས་པའི་རྣམ་པ་བརྒྱད་ཅུ་རྩ་བཞིའི་རང་བཞིན་དང་ལྡན་པས་ཆོས་མཉན་པར་བྱའོ། །དེའི་ཚེ་ཆོས་ཉན་པ་པོ་སྐྱེས་པ་རྣམས་འཇམ་དཔལ་དང་། བུད་མེད་རྣམས་ལྷ་མོ་སྒྲོལ་མར་བསྒོམ་སྟེ། འདི་ནི་རྒྱལ་བ་གཉིས་པ་ཀློང་ཆེན་པའི་བཞེད་པའོ། །བཞི་པ་ནི། ནག་པོའི་ཕྱོགས་ཀྱི་འབྱུང་པོ་ལ་སོགས་པའི་འཚེ་དོགས་མེད་པའི་གནས་སུ་ཆོས་བཤད་ཉན་བྱ་བ་སྐབས་སུ་བབས་པ་ན། གནས་ཁང་བྱི་དོར་བྱ། ཆོས་སྨྲ་བ་ལ་སེངྒེ་དང་རིན་པོ་ཆེ་ལ་སོགས་པའི་ཁྲི་སྟན་བཟང་པོ་བརྩེག །གདུགས་དང་བླ་བྲེ་ཡོལ་བ་བྲེ། སྤོས་དང་མེ་ཏོག་མར་མེའི་ཕྲེང་བ། གསེར་དངུལ་གྱི་མཎྜལ་སོགས་མཆོད་པའི་བཀོད་པ་ཚར་དུ་དངར་བ་དང་། ནང་རྒྱུད་ཀྱི་འཁྲིད་འཆད་པའི་སྐབས་ཁྲིད་གཏོར་སོགས་ཀྱང་སོ་སོའི་ལུགས་བཞིན་ཏུ་བཤམ། སྤོས་དང་རོལ་མོས་ཆོས་སྨྲ་བའི་མདུན་བསུ་བ་སོགས་ཞེས་དང་ལྡན་པས་བསྟི་སྟང་བྱ་སྟེ། །དཀོན་མཆོག་བརྩེགས་བ་ལས། །དམ་ཆོས་འཆད་པ་རབ་ཏུ་ཕེབས་པ་དེར། །སེངྒེའི་ཁྲི་སྟན་གདུགས་དང་རྒྱལ་མཚན་བསྒྲེངས། །མུ་ཏིག་རིན་ཆེན་སིལ་སྙན་རོལ་མོའི་སྒྲ། །


LT40_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་རྣམ་པ་མང་པོ་ས་བརྒྱན་པར་བྱ། །སྟན་རྒྱུ་སྣ་ཚོགས་ཆོས་ཀྱི་སྟན་དུ་འབུལ། །ཡིད་དུ་འོང་བས་མཁན་པོ་སློབ་དཔོན་བསྟེན། །གཞན་ལ་བསྟི་སྟང་བྱེད་པས་སྐྱོ་བ་མེད། །དེ་ལུས་སུམ་ཅུ་རྩ་གཉིས་མཚན་དང་ལྡན། །ཅེས་གསུངས་སོ། །ལྔ་པ་ལ་གཉིས། སྤྱི་དང་། བྱེ་བྲག་གོ། །དང་པོ་སྤྱིར་བྱ་བ་ནི། སློབ་དཔོན་ཆོས་ཀྱི་ཁྲི་ལ་འཁོད་པ་ནི། སློབ་མ་རྣམས་ཀྱིས་ཕྱག་ལན་གསུམ་བྱས་ལ་མཎྜལ་ཚོམ་བུ་སོ་བདུན་མ་དང་། བདུན་མ་སོགས་སོ་སོའི་ཕྱག་ལེན་སྐབས་བསྟུན་ཕུལ་བའི་གཤམ། ལུང་ཞུ་བའི་སྐབས། མཚུངས་མེད་དཔལ་ལྡན་བླ་མ་དམ་པའི་ཞབས་དྲུང་དུ། དམ་པའི་ཆོས་ཀྱི་བདུད་རྩི་ཞུ་བའི་དོན་ཏུ་འབུལ་བར་བགྱིའོ། །སོགས་དང་། དེའང་ཐེག་ཆེན་དང་གསང་སྔགས་ཀྱི་ཆོས་ལྔ། ཐེག་པ་ཆེན་པོའི་དམ་པའི་ཆོས་ཀྱི་བདུད་རྩི་ཞེས་དང་། ཁྲིད་ཀྱི་རིགས་ལ། གྲོལ་བྱེད་ཁྲིད་ཀྱི་རིམ་པ་ཟབ་མོ་ཞུ་བའི་དོན་ཏུ། ཞེས་བསྒྱུར། སེམས་ཅན་རྣམས་ཀྱི་བསམ་པ་དང་། བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ཞེས་གསོལ་བ་གདབ། དེའི་ཚེ་འཆད་པ་པོས་བློ་གྲོས་རྒྱ་མཚོས་


LT40_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

མཚོས་ཞུས་པའི་མདོ་ལས་བྱུང་བ་བདུད་ཚར་གཅོད་པའི་སྔགས་འདི་ཤུབ་བུས་བཀླག་པར་བྱ་སྟེ། ཏདྱ་ཐཱ། ཤ་མེ། ཤ་མ་བ་ཏི། ཤ་མི་ཏཱ་ཤ་ཏྲུ། ཨཾ་ཀུ་རེ། མ་ཀུ་རེ། མཱ་ར་ཛི་ཏེ། ཀ་རོ་ཏྲི། ཀེ་ཡཱུ་རེ། ཨཱུ་ཀོ་ཧཱ་ཡ་ཏི། བི་ཤ་ཐ་ནི་རྨ་ལེ། མ་ལཱ་པ་ན་ཡ། ཨུ་ཁ་རེ། ཁ་རོ་གྲ་སེ། གྲ་ས་ནེ། ཧེ་མུ་ཁཱི། པ་རཱ་མུ་ཁཱི། ཨཱ་མུ་ཁཱི། ཤ་མི་ཏ་ནི་སརྦ་གྲ་ཧ། བནྡྷ་ནཱ་ནི། ནི་གྲ་ཧཱི་ཏྭཱ། སརྦ་མཱ་ར་པྲ་བཱ་དི་ནོ་བི་མུཀྟཱ་མཱ་ར་པྲ་ཤཱསྟཱ་རི་ཏཱ། བུདྡྷ་མུ་དྲཱ། ས་མུརྒྷ་ཏི་ཏཱ་སརྦ་མཱ་ར་ཀརྨ་ི། ཞེས་དང་། འདུས་པ་རིན་པོ་ཆེའི་ཏོག་ལས་འབྱུང་བ། ཏདྱ་ཐཱ། ཨ་བ་མེ། ཨ་བ་མེ། ཨ་མ་བ་རེ། ཨ་མ་བ་རེ། པཱ་རི་ཀུནྫ། ནཱ་ཌ་ནཱ་ཌ་པུཥྐ་ར་མ་ཧཱ། ཛ་ལུ་ཁ། མ་ཁ་ཡ། ཨི་ལི་མི་ལི། ཀི་ལི་མི་ལི། ཀཱི་རྟི་ཙ་ར་མུ་དྲེ། མུ་ཏྲ་མུ་ཁེ་སྭཱ་ཧཱ། །ཞེས་ཚངས་པ་དབྱངས་དང་ལྡན་པའི་རིགས་སྔགས་ཀྱང་བཟླས་པས་བར་དུ་གཅོད་པ་བཅིངས་ལ། གོང་དུ་སྨོས་པ་ལྟར་སེམས་བསྐྱེད་ཏིང་འཛིན་གསལ་གདབ་སྟེ། གང་ཞིག་གསེར་མཆོག་རང་བཞིན་རི་རབ་ལ་གནས་མནྡ་ར་དང་ལྷར་བཅས་གནོད་སྦྱིན་དང་། །གདེངས་ཀ་ནོར་བུའི་འོད་ཀྱིས་མུན་པ་སེལ་མཛད་ས་འོག་གནས་པའི་ཀླུ་རྣམས་གང་ཡིན་


LT40_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གངས་ཅན་རིར་ནི་དཔལ་གྱིས་རོལ་ཞིང་རབ་ཏུ་དགའ་བའི་རིག་པ་འཛིན་པ་གང་ཡིན་པ། །དེ་དག་ཐམས་ཅད་ཐར་པ་དམ་པའི་སྒོར་གྱུར་ཐུབ་པའི་གསུང་མཉན་ཕྱིར་ནི་འདིར་གཤེགས་ཤིག །ལྷ་དང་ལྷ་མིན་མིའམ་ཅི་ཡི་དབང་པོ་དང་། །བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱས་པ་རྣམས། །སངས་རྒྱས་གསུང་རང་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ། །དེ་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག །གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་བཅས་པ་གང་སུ་དག །དེང་འདིར་སྟོན་པས་ཆོས་ཀྱི་ཆར་འབེབས་ཀྱི། །ཉན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག །ཅེས་བསྐུལ། གང་ཟག་ཕལ་པའི་གསུང་འབུམ་ནམ་ཉིན་གྲངས་ཀྱི་ཕྱི་མ་རྣམས་ལྟ་བུར། །སྟོན་པའི་སློབ་མ་སེམས་ཅན་གང་སུ་དག །འཇིག་རྟེན་ཁམས་ན་གནས་པ་ཀུན་ཉོན་ཅིག །དེང་འདིར་སྟོན་པའི་ཆོས་ཀྱི་ཆར་འབེབས་ཀྱི། །སུ་དག་ཉན་པར་འདོད་པ་ཀུན་ཉོན་ཅིག །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་སྐད་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ། །ཞེས་པ་ཙམ་བརྗོད། གཉིས་པ་བྱེ་བྲག་ཏུ་ལུང་ཆེན་དང་ཁྲིད་ཆེན་ཚུགས་


LT40_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐོག་མ་ལྟ་བུར་ཅུང་ཟད་རྒྱས་པར་སྤྲོ་ན། འོ་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་དྲངས་ཏེ། བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ལ་ཅི་ནས་ཀྱང་བཞག་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཀྱི་བདུད་རྩི་ལེགས་པར་ནོད་དེ་ལམ་གྱི་རིམ་པ་ལ་ཚུལ་བཞིན་ཏུ་བསླབ་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་རྣམ་པར་དག་པ་མཛད་པ་དང་ཆོས་གསན་པའི་ཚེ་སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག་ཉེས་པ་སུམ་ཅུ་རྩ་དྲུག་གི་ཚོགས་དང་བྲལ་བས་ལེགས་པར་གསན་པར་བྱ་དགོས་ཏེ། དེའང་སྐྱོན་གསུམ་ནི་སྣང་ཁ་སྦུབ་པའི་ནང་དུ་བདུད་རྩིའི་ཆར་བབ་པའི་ཐིགས་པ་གཅིག་ཀྱང་མི་འོང་བ་བཞིན་ཏུ། ཆོས་ལ་སྣང་བ་མི་གཏོད་པའམ། གཏོད་ཀྱང་གཉིད་རྨུགས་དང་རྩེ་འཇོ་དང་གཞན་ཏུ་ཡིད་འཕྲོ་བར་བྱེད་པ་དང་། ཞབས་རྡོལ་བའི་སྣོད་ས་ལ་ཡོད་རིང་ཆར་བབས་པའི་ཆུ་ཡོད་པ་ཀུན་བཏེག་ནས་ཟགས་པ་ལྟར། ཆོས་ཐོས་པ་ཐེངས་རེ་དེ་ན་ཡོད་རིང་ཟིན་ཀྱང་ཡང་དང་ཡང་དུ་ངན་པ་ལ་འདྲིས་པར་མ་བྱས་པས་བརྗེད་པར་འགྱུར་བ་དང་། དུག་ཅན་ཏུ་ཆར་ཆུས་གང་བ་མ་བོ་བར་གནས་ཀྱང་གང་གིས་ཀྱང་སྤྱད་པ་མི་བདེ་བ་ལྟར། ཉོན་མོངས་པའི་དབང་དུ་སོང་


LT40_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སླར་ཞིང་ཐོས་པས་རྒྱགས་པར་འགྱུར་བ་ཡིན་ཏེ། དེ་གསུམ་སྤང་བར་གདམས་པ་ཡང་། ཡུམ་བར་མ་ལས། ལེགས་པ་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་དོ་ཞེས་གསུངས་ཏེ། ཉོན་མོངས་པ་མེད་པར་ལེགས་པར་ཉོན། ཁ་མ་སྦུབ་པར་རབ་ཏུ་ཉོན། ཞབས་མ་རྡོལ་བར་ཡིད་ལ་ཟུང་ཞེས་གདམས་པ་ཡིན་ནོ། དྲི་མ་དྲུག་ནི་རྣམ་བཤད་རིག་པ་ལས་ང་རྒྱལ་དང་ནི་མ་དད་དང་། དོན་ཏུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་པ་ལྟར་རང་གི་རིགས་རུས་ལ་སོགས་པའི་ཡོན་ཏན་ཅུང་ཟད་ལ་ང་རྒྱལ་བ། སློབ་དཔོན་དང་ཆོས་ལ་ཞེ་ཐག་པ་ནས་དད་ཅིང་གུས་པ་མི་བྱེད་པ། ཆོས་དང་ལམ་ལ་དོན་གཉེར་ཆེན་པོའི་འདུ་ཤེས་མེད་པ། ཕྱི་རང་གི་ཡུལ་ལ་སེམས་རྣམ་པར་གཡེང་བ་དང་། ཧ་ཅང་ཚོགས་དྲུག་ནང་དུ་སྡུད་པས་བཤད་པའི་སྒྲ་དོན་མི་གོ་བ། ངལ་བ་དང་སྐྱོ་བའི་སེམས་ཀྱིས་ཉོན་པ་དྲུག་པོའང་སྤང་དགོས་ཤིང་ཉེས་པ་སུམ་ཅུ་རྩ་དྲུག་ནི། ཡོན་ཏན་ཡོངས་སུ་བཀོད་པའི་མདོ་ལས་གསུངས་པའི་བདུད་ཀྱི་ལས་དྲུག །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་གསུངས་པའི་སྒྲིབ་པའི་ལས་དྲུག །ཆོས་སྤོང་བའི་རྒྱུ་དྲུག །གཡེང་བའི་སྐྱོན་དྲུག །ཡུལ་འཁོར་སྐྱོང་གི་མདོ་


LT40_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསུངས་པའི་ལོག་པར་འཁྱོག་འི་སྐྱོན་དྲུག །འཇམ་དཔལ་རྣམ་པར་འཕྲུལ་བའི་མདོ་ལས་གསུངས་པའི་ཐེག་པ་ཆེན་པོ་ལས་གོལ་བའི་སྐྱོན་དྲུག་རྣམས་རབ་ཏུ་སྤངས་ལ། ཡོན་ཏན་གྱི་ཚོགས་སུམ་ཅུ་རྩ་དྲུག་དང་ལྡན་པས་ཉན་བར་བྱ་དགོས་ཏེ། དེའང་ལག་བཟང་གིས་ཞུས་པའི་མདོ་ལས། ཆོས་སྨྲ་བའི་བླ་མ་ལ་རིན་པོ་ཆེའི་གཏེར་དུ་ཤེས་པ་དང་། ཆོས་ལ་ཡིད་བཞིན་གྱི་ནོར་བུར་འདུ་ཤེས་པ་དང་། ཆོས་ཉན་པ་ལ་རབ་ཏུ་དཀོན་པར་འདུ་ཤེས་པ་དང་། ཆོས་འཛིན་ཅིང་བསམ་པ་ལ་གཅེས་པའི་དོན་ཡོད་པར་འདུ་ཤེས་པ་དང་། ཆོས་ལ་སོ་སོར་རྟོག་པ་ལ་ཚེ་རབས་བརྒྱར་མི་རྙེད་པར་འདུ་ཤེས་པ་དང་། ཆོས་འཚོལ་བ་སྤང་བ་རྣམས་ལ་བདུད་རྩི་བོར་ནས་དུག་ལ་སྤྱོད་པར་འདུ་ཤེས་པ་དང་། ཉན་ཅིང་སེམས་པ་རྣམས་ལ་དོན་དང་བཅས་པར་འགྱུར་བའི་འདུན་པ་བསྟེན་པར་བྱའོ་ཞེས་གསུངས་པ་ལྟར་གཅེས་པའི་འདུན་པ་དྲུག །གཞན་ཡང་དེ་ཉིད་ལས་གསུངས་པའི་དཀའ་བའི་བཟོད་པ་དྲུག །རྐྱེན་གྱིས་མི་འགྱུར་བ་དྲུག །ཆེད་དུ་བྱ་བའི་ཁྱད་པར་དྲུག །འོད་སྲུངས་ཀྱིས་ཞུས་པའི་མདོ་ལས་གསུངས་པའི་དགོས་པ་སྒྲུབ་པ་དྲུག །ཕལ་པོ་ཆེ་ལས་གསུངས་པའི་འཚོལ་བ་དྲུག་དང་ལྡན་པས་ལེགས་པར་གསན་


LT40_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཀུན་ཏུ་སྤྱོད་པའང་། སྐྱེས་པ་རབ་ཀྱི་རྒྱུད་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་ཉེ་བར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་ནི་བདུད་རྩི་འཐུང་བ་བཞིན། །རབ་ཏུ་དྭངས་ལ་དྲི་མེད་བློས། །ནད་པས་སྨན་པའི་ཚིག་སྙན་བཞིན། །རིམ་གྲོར་བསྐྱེད་དེ་ཆོས་ཉོན་ཅིག །ཅེས་གསུངས་པའི་དོན་ཚུལ་བཞིན་ཕྱག་ཏུ་བཞེས་པ་དང་། ཐུགས་ཀྱིས་བསྒོམ་བྱ་རང་རེ་གནས་པའི་ཞིང་འདི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྒྱན་དང་བཀོད་པ་དང་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་གཞི་ལ། གནས་ཁང་འདིའང་ཐ་མལ་པ་མ་ཡིན་པ་མཁའ་སྙིང་ནོར་བུའི་འབྱོར་པས་རབ་ཏུ་སྤྲས་པའི་ཐར་པ་ཆེན་པོའི་ཕོ་བྲང་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་མེད་ཁང་ཚད་དང་བཀོད་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། རྡོ་རྗེ་རིན་པོ་ཆེའི་ཁྲི། པདྨའི་རྒྱལ་པོའི་ཟེ་བ་ལ་ཞབས་བསྟེན་པའི་སློབ་དཔོན་ཉིད་ངོ་བོ་དུས་གསུམ་སངས་རྒྱས་ཀྱི་ཐམས་ཅད་ཐུགས་རྗེ་དང་ཕྲིན་ལས་གཅིག་ཏུ་འདུས་པ་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རང་གཟུགས། མཚན་ཐོས་པ་ཙམ་གྱིས་ཀྱང་འཁོར་བ་དང་ངན་སོང་ལས་སྒྲོལ་བའི་ཕྲིན་ལས་ཅན། སྲིད་དང་ཞི་བའི་དཔལ་མགོན་གཅིག་པུ་པ་ཡིན་པ་ལ། རྣམ་པ་འདུལ་བ་ལ་མཚོན་ན།


LT40_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་མི་རྣམས་ཀྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་མཉམ་མེད་ཤཱཀྱའི་རྒྱལ་པོ་ཞེས་པ་ལྟ་བུ་གཞན་ལ་འཕྲུལ་ཤེས་པར་བྱ། དངོས་སུ་གསལ་བའི་ཞལ་ནས་ཆོས་ཀྱི་ཚིག་རྣམས་དབྱངས་གསལ་ཡིག་འབྲུ་འོད་ཟེར་གྱི་རྣམ་པར་འཕྲོས། ཆོས་གསན་པ་པོ་རྣམས་འཇམ་དཔལ་རྣོན་པོ་དམར་སེར་ཨུཏྤ་ལའི་སྟེང་ན་རལ་གྲི་དང་པུསྟ་ཀ་འཛིན་པར་གསལ་བའི། ཞེས་སམ། བུད་མེད་ཡིན་ན། ལྷ་མོ་སྒྲོལ་མ་ལྗང་གུ་ཨུཏྤ་ལ་གསལ་བའི་རྣ་བ་གཉིས་ཨུཏྤལ་སྔོན་པོ་འདབ་མ་བཅུ་དྲུག་པར་གྱུར་པའི་ནང་དུ་ཞུགས། སྙིང་གི་པདྨོར་སིབ་སིབ་ཐིམ་པས་མ་རིག་པའི་མུན་པ་སངས། ཤེས་བྱའི་པདྨོ་རྒྱས། ཆོས་ཀྱི་དོན་རྣམས་གསལ་ལམ་ལམ་གོ་ཞིང་མི་བརྗེད་པའི་གཟུངས་ཀྱིས་ས་ལེར་འཛིན་པར་མོས་ལ་གསན་པར་ཞུ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི་བཀའ་འགྱུར་ལུང་གི་ཐོག་མར་ལྟ་བུར། བདག་ཅག་གི་སྟོན་པ་ཐབས་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་ལ་བཀའ་དྲིན་མཉམ་པ་མེད་པ་དེའི་གསུང་གི་བདུད་རྩི་ཡིད་བཞིན་ནོར་བུའི་ཕུང་པོ། དཔག་བསམ་ཤིང་གི་ནགས་ཚལ་ལས། ཐོག་མར་དགེ་བ་མདོ་སྡེ་བསྐལ་པ་བཟང་པོའི་ལུང་འབོགས་པ་སྟེ། རྒྱ་གར་སྐད་དུ། ཞེས་དང་། ཁྲིད་རྒྱས་པའི་ཕྱོགས་


LT40_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་སོ་སོའི་ས་བཅད་ཀྱི་དབུར་སྦྲེལ་ཤེས་པར་བྱའོ། །གཉིས་པ་ལུང་ཁྲིད་གང་གི་ཚེའང་དེ་ལས་ཅུང་ཟད་བསྡུ་བར་འདོད་ན། འོ། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་རྫོགས་པའི་སངས་རྒྱས་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྐུ་ཚེ་འདི་ཉིད་ལ་དུས་མྱུར་བ་ཉིད་དུ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་། སྐྱེས་པ་རབས་ཀྱི་རྒྱུད་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་ཉེ་བར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་ནི་བདུད་རྩི་འཐུང་བ་བཞིན། །རབ་ཏུ་དྭངས་ལ་དྲི་མེད་བློས། །ནད་པས་སྨན་པའི་ཚིག་ཉན་བཞིན། །རིམ་གྲོར་བསྐྱེད་དེ་ཆོས་ཉོན་ཅིག །ཅེས་གསུངས་པ་ལྟར། ཆོས་ཀྱི་ཚིག་དོན་ལ་ཡིད་མི་གཏོད་པ་སྣོད་ཁ་སྦུབས་པ་ལྟ་བུའི་སྐྱོན་དང་། ཡིད་གཏོད་ཀྱང་དྲན་པ་དང་ཤེས་བཞིན་གྱིས་མི་འཛིན་པ་སྣོད་ཞབས་རྡོལ་བ་ལྟ་བུའི་སྐྱོན་དང་། དྲན་པ་དང་ཤེས་བཞིན་གྱིས་གཟུང་ཡང་། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་ཏུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་


LT40_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་པའི་དྲི་མ་ཡིན། །ཞེས་གསུངས་པའི་དྲི་མ་དྲུག་པོ་གང་རུང་དང་ལྡན་པ་སྣོད་དྲི་མ་ཅན་གྱི་སྐྱོན་ཏེ། སྣོད་ཀྱི་སྐྱོན་གསུམ་སྤངས་ལ། དེ་དག་གི་གཉེན་པོར་རང་ལ་ནད་པ། ཆོས་སྨྲ་བ་ལ་སྨན་པ། ཆོས་ལ་སྨན། ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་གསོ་བའི་འདུ་ཤེས་ཏེ་འདུ་ཤེས་བཞི་ལ་དྲན་པ་ཉེ་བར་བཞག་པ་དང་། ཁྱད་པར་ས་ཕྱོགས་དག་པའི་ཞིང་ཁམས་སུ་གྱུར་པའི་དབུས་སུ་གནས་ཁང་ཡང་དག་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ད་ལྟ་ཆོས་སྟོན་པའི་རྡོ་རྗེ་སློབ་དཔོན་ཀྱང་ཐ་མལ་གྱི་རྣམ་པ་ཅན་མ་ཡིན་པར། ཐུགས་རྗེ་ཆེན་པོའི་དམར་ཁྲིད་ལ་མཚོན་ན། དུས་གསུམ་རྒྱལ་བ་སྲས་དང་བཅས་པའི་སྙིང་རྗེ་ཆེན་པོའི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ་དངོས་ཡིན་སྙམ་པ་དང་། ཁྱེད་རང་རྣམས་ཀྱང་ཐུན་མཚམས་ཀྱི་ལྷག་པའི་ལྷ་གང་ཡང་རུང་བའི་ང་རྒྱལ་དང་ལྡན་པའི་སྒོ་ནས། ཆོས་ཀྱི་སྒྲ་དབྱངས་གྲགས་སྟོང་སྐྱེ་བ་མེད་པར་སྒྲོག་པ། སྲིད་ཞིའི་རྒུད་པ་ཐམས་ཅད་སེལ་བར་མཛད་པའི་སྒྲ་ལྷང་ལྷང་ཡོད་སྙམ་པ་དང་བཅས་ཏེ་གསལ་སྟོང་


LT40_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མེད་ཀྱི་ངང་དུ་ཡེངས་པ་མེད་པའི་ཚུལ་གྱིས་གསན་པ་གནང་བར་ཞུ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། ལུང་ལ་འདི་ཙམ་གྱིས་འཐུས་ལ། ཁྲིད་ཀྱི་ཚེ་དམར་ཁྲིད་ཚེམ་བུ་ལུགས་ལ་མཚོན་ན། གངས་ཅན་མགོན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གོ་འཕང་སྒྲུབ་པའི་ཟབ་མོའི་གདམས་ངག་རྒྱ་མཚོ་ལྟ་བུ་ལས། ཟབ་ཅིང་ཁྱེར་བདེ་བ་དམར་ཁྲིད་རིགས་བཞིའམ་དྲུག་ཏུ་གྲགས་པའི་ནང་ཚན་གྲུབ་པའི་དབང་ཕྱུག་གཉན་ཚེམ་བུ་པ་ནས་བརྒྱུད་པའི་ཁྲིད་ཀྱི་རིམ་པ་ཟབ་མོ་འཆད་པར་བྱེད་པ་ལ། ཞེས་མཚམས་སྦྱོར་ནས། སྔོན་འགྲོའི་ས་བཅད་ལ་འཇུག་པ་ལྟ་བུ་གཞན་ལའང་རིགས་འགྲེའོ། །གསུམ་པ་ཤིན་ཏུ་བསྡུ་བར་འདོད་ན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱང་འདས་ཆེན་པོ་ལ་འགོད་པའི་སླད་དུ། དམ་པའི་ཆོས་ཀྱི་བདུད་རྩི་ནོད་ལ་དོན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་པ་དང་། སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག་ལ་སོགས་པ་ཉེས་པའི་ཚོགས་སྤངས་ལ། འདུ་ཤེས་བཞི་སོགས་ལེགས་པའི་ཡོན་ཏན་དང་ལྡན་པས་ཆོས་གསན་པའི་ཀུན་སྤྱོད་མདོ་རྒྱུད་བསྟན་བཅོས་རྣམས་ལས་ཇི་སྐད་གསུངས་པ་རྣམས་ལེགས་པར་ཉམས་སུ་བསྟར་ལ་


LT40_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གསན་པར་ཞུ། དེ་ལ་གང་གསན་པར་བྱ་བའི་ཆོས་ནི་སོགས་སྐབས་བསྟུན་བྱའོ། །བཞི་པ་བསེ་འཕོ་དང་རིམ་ལྔ་ལ་སོགས་པའི་ཁྲིད་ཀྱི་སྐབས་སུ་སློབ་མ་རྣམས་འདུས་པ་ན། དཔོན་སློབ་ཀུན་གྱིས་ཐལ་སྦྱར་བཅས། བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཨོཾ་བཛྲ་སཏྭ་སོགས་ཡིག་བརྒྱ་བདུན་ཙམ་གྱི་མཐར། མ་རྒྱུད་ལ། མགོན་པོ་བདག་ནི་སོགས། ཕ་རྒྱུད་ལ། ཕྱག་འཚལ་བསྟོད་དེ་སོགས་ཤློ་ཀའི་མཐར། སྐུ་གསུང་ཐུགས་སོགས་ལྷུག་པའི་གསོལ་གདབ་དང་། ཁྲིད་སོ་སོའི་བརྒྱུད་འདེབས་བྱ། མཎྜལ་དལ་བུས་ལན་གསུམ་ཕུལ་བའི་ཚེ་བླ་མས་ཁྲིད་གཏོར་དཀྱིལ་འཁོར་སོ་སོའི་སྒྲུབ་ཐབས་ལྟར་འབུལ་གྲུབ་པར་མཛད། དེ་ནས་མཚམས་སྦྱོར་ཚུལ་གོང་ལྟར་གྱིས་ཁྲིད་ལ་འཇུག་པར་བྱའོ། །ས་སྐྱ་དང་ཞྭ་ལུ་སོགས་ཀྱི་ཕྱག་བཞེས་སུ། བླ་མས་བསྐུལ་ཏེ་བརྒྱུད་འདེབས་དང་། སློབ་མས་བསྐུལ་ཏེ་མཎྜལ་འབུལ། མཚམས་སྦྱར་དང་བཅས་སུ་མཁྲིད་དམ། ཚར་ལུགས་ཀྱིས་བཞི་ཁྲིད་མཛད་པ་ཡིན་ནོ། །ལྔ་པ་ཕྱག་ཆེན་དང་རི་ཆོས་སྐོར་གསུམ་ལ་སོགས་པའི་ཁྲིད་དབུ་ཚུགས་པའི་ཐོག་མར། བླ་མ་ལ་བསྐོར་བ་ལན་གསུམ་དང་ཕྱག་ལན་གསུམ་བྱས་ལ་བྱོན་ཅིག་བྱས་ཏེ། དེ་དག་བྱར་གཞུག་བསྐོར་


LT40_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བ་དངོས་སུ་མི་འགྲུབ་ཡིད་ཀྱིས་བྱ། བདུད་བཟློག་པའི་ཆེད་དུ་ཤེས་རབ་སྙིང་པོ་དང་ཟློག་པ་ལན་གསུམ། རྡོར་སེམས་བསྒོམ་པ་ཕྱག་ཆེན་སྔོན་འགྲོ་ལྟར་བྱས་ལ། ཡིག་བརྒྱ་ལན་ཉེར་གཅིག་མཐར་གསོལ་གདབ་ཞུ་བསྟིམ་བཅས་གྲུབ་པ་དང་། མཎྜལ་རྒྱས་བསྡུས་ལན་གསུམ་གྱི་མཐར། ཐལ་མོ་མེ་ཏོག་དང་བཅས་ཏེ། ཀྱེ་ཀྱེ། རྗེ་བཙུན་འགྲོ་བའི་མགོན། །དེ་རིང་བཤད་པ་རིན་ཆེན་གྱིས། །གཙོ་བོས་བདག་ལ་བཀའ་དྲིན་གསོལ། །འདི་ན་སྣོད་མིན་གང་ཡང་མེད། །རྗེས་སུ་བཟུང་འཚལ་ཐུགས་རྗེའི་ལྷ། །བདག་ཅག་གདུལ་བྱ་སྨིན་སླད་དུ། །དེ་རིང་བདུད་རྩིའི་ཆུ་རྒྱུན་གྱིས། །གདམས་པའི་ཆོས་ཆར་དབབ་ཏུ་གསོལ། །ཞེས་གསོལ་བ་ལན་གསུམ་གདབ། མཎྜལ་གྱི་སྐབས་བདུད་གཞོམ་པའི་སྔགས་སོགས་སྔ་མ་ལྟར་ལ། གསོལ་གདབ་གྲུབ་མཚམས་སེམས་བསྐྱེད་གསལ་གདབ་སྐབས། ཟབ་པ་ལས་ཀྱང་ཆེས་ཟབ་པའི་ཁྲིད་ཀྱི་རིམ་པ་ཟབ་མོ་གསན་ལ། ཞེས་བསྒྱུར་བའི་མཚམས་སྦྱོར་རྒྱས་འབྲིང་གང་རུང་ལྟར་ལ། སློབ་དཔོན་གསལ་གདབ་སྐབས་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག །རིགས་ཐམས་ཅད་ཀྱི་དབང་ཕྱུག །དྲུག་པ་རྡོ་རྗེ་འཆང་ཆེན་པོ་དངོས་སུ་གསལ་བའི་ཞེས་བསྒྱུར། དེ་ལ་འདིར་


LT40_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གང་གསན་པར་བྱ་བའི་ཆོས་ནི། ཕྱག་ཆེན་ལ་མཚོན་ན། རྒྱུད་སྡེ་ཟབ་མོ་ཐམས་ཅད་ཀྱི་མཐར་ཐུག་གི་བསྟན་དོན། འཕགས་བོད་མཁས་གྲུབ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་བཅུད། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཀྱི་རིམ་པ་ཟབ་མོ་འདི་ཉིད་ཡིན་ལ། དེ་ཇི་ལྟར་འཆད་པའི་ཚུལ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་ལོ་རྒྱུས་དང་། ལོ་རྒྱུས་དེ་ལྡན་གྱི་གདམས་པ་དངོས་གཉིས་ལས། དང་པོ་ལའང་བཤད་བྱ་ཆོས་ཀྱི་ལོ་རྒྱུས་དང་། བླ་མ་བརྒྱུད་པའི་ལོ་རྒྱུས་གཉིས་ཀྱི། དང་པོ་ནི། བདག་ཅག་གི་སྟོན་པ་ཐབས་མཁས་ཤིང་ཐུགས་རྗེ་ཚད་མེད་པ་དེ་ཉིད་ཀྱིས་གདུལ་བྱ་སེམས་ཅན་རྣམས་ཀྱི་ཁམས་དང་། དབང་པོ་དང་། བསམ་པ་དང་། བག་ལ་ཉལ་གྱི་རིམ་པ་དང་རྗེས་སུ་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཐམས་ཅད་ཀྱང་བསྡུ་ན། བརྗོད་བྱའི་ངོས་ནས་བསླབ་པ་གསུམ་དང་། རྗོད་བྱེད་ཀྱི་ངོས་ནས་སྡེ་སྣོད་གསུམ་དུ་འདུ་ཞིང་། དེ་ཡང་བསྡུ་ན་ཐེག་པ་དམན་པ་དང་། ཐེག་པ་ཆེན་པོ་གཉིས་སུ་འདུ་བ་ལས། འདིར་ཐེག་པ་དམན་པ་ལས་ཁྱད་ཆོས་བདུན་གྱིས་ཁྱད་པར་དུ་འཕགས་པའི་ཐེག་པ་ཆེན་པོ་ཡིན། དེ་ལྟ་བུའི་ཐེག་པ་ཆེན་པོ་དེ་ལ་ཡང་རྒྱུ་ཕ་རོལ་


LT40_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པ་རྣམ་པ་གཉིས་སུ་ཡོད་པ་ལས། འདིར་ཐེག་ཆེན་ཕ་རོལ་ཏུ་ཕྱིན་པའི་ལམ་རིམ་དགེ་བའི་བཤེས་གཉེན་བཀའ་གདམས་པའི་ཕྱག་བཞེས་ཀྱིས་ལམ་གྱིས་ཁོག་དབུབ། རྡོ་རྗེ་ཐེག་པ་བླ་ན་མེད་པའི་རྒྱུད་ཀྱི་བསྟན་དོན་མཐར་ཐུག་ལྷན་སྐྱེས་ཕྱག་རྒྱ་ཆེན་པོས་ལམ་གྱི་གཞི་བཟུང་ནས་བཀའ་ཕྱག་ཆུ་བོ་གཅིག་འདྲེས་གྲུབ་ཐོབ་བརྒྱུད་པ་བར་མ་ཆད་པའི་གསང་ལམ་ལྷ་དང་བཅས་པའི་འཇིག་རྟེན་ན་གཡེར་པོ་ཆེར་གྲགས་པ་དོན་དང་ལྡན་པ་ཉིད་ཡིན་ལ། གཉིས་པ་བླ་མ་བརྒྱུད་པའི་ལོ་རྒྱུས་ཀྱི་དབང་དུ་བྱས་ན། རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་འཆང་གིས་ས་བཅུ་པའི་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་རྗེས་སུ་བཟུང་། དེས་འཕགས་བོད་གྲུབ་ཐོབ་རྒྱ་མཚོའི་སྤྱི་མེས་བྲམ་ཟེ་ཆེན་པོ་ས་ར་ཧ། དེས་རྒྱལ་བ་གཉིས་པ་འཕགས་པ་ཀླུ་སྒྲུབ། དེས་གྲུབ་པའི་དབང་ཕྱུག་ཤ་བ་རི། དེས་གཉིས་མེད་རྡོ་རྗེ་མངའ་བདག་མཻ་ཏྲི་པ་ཆེན་པོ་རྗེས་སུ་བཟུང་། དེ་ལ་དགྱེས་མཛད་སྤྲུལ་པའི་སྐུ་མར་པ་ལོ་ཙཱ་ཆོས་ཀྱི་བློ་གྲོས་ཀྱིས་དཀའ་བ་ཆེན་པོ་སྤྱད་དེ་ཡིད་ལ་མི་བྱེད་པའི་ཆོས་ཐམས་ཅད་རྫོགས་པར་གསན། ཡང་རྡོ་རྗེ་འཆང་གིས་གྲུབ་ཆེན་ཏེ་ལོ་པ་རྗེས་སུ་བཟུང་། དེས་པ་ཆེན་ནཱ་རོ་པ་རྗེས་སུ་བཟུང་།


LT40_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་མར་སྟོན་ཆེན་པོས་བདེ་སྟོང་ཕྱག་རྒྱ་ཆེན་པོའི་སྨིན་གྲོལ་གདམས་ངག་སྙན་བརྒྱུད་ཀྱི་སྐོར་རྫོགས་པར་གསན་ཅིང་། དེར་མ་ཟད་མར་ལོ་ཆེན་པོ་ཉིད་དཔལ་མདའ་བསྣུན་ཞབས་ཀྱི་ཡེ་ཤེས་ཀྱི་སྐུ་དང་མཇལ་ཚེ་རྡོ་རྗེའི་ཡེ་ཤེས་ཀྱི་བྱིན་རླབས་འཕོ་བའི་སྟོབས་ཀྱིས་གནས་ལུགས་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་གཟིགས། དེ་ནས་རིམ་པ་བཞིན་གངས་ཅན་གྲུབ་པའི་གཙུག་རྒྱན་མི་ལ་རས་ཆེན། རྒྱལ་བས་ལུང་བསྟན་དགེ་སློང་འཚོ་བྱེད། དྲུག་པ་སེང་གེ་དཔལ་ལྡན་དུས་གསུམ་མཁྱེན་པ་ནས། རྩ་བའི་བླ་མ་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོའི་བར་དུ་བྱིན་རླབས་ཀྱི་བཀའ་བརྒྱུད། རྟོགས་པའི་གསེང་ལམ། གྲུབ་ཐོབ་ཀྱི་རྒྱལ་རབས། བཀའ་བབས་ཀྱི་གསེར་ཕྲེང་རྒྱུན་མ་ཆད། མི་བར་དུ་ཁྱི་མ་ཞུགས། ཆུ་རྒྱུན་གངས་ལ་ཐུག །ཆོས་བརྒྱུད་གྲུབ་ཐོབ་ལ་ཐུག །གཟུ་ལུམ་རས་ཆོད་རང་བཟོའི་བསླད་མེད་པས་ཚོང་དུས་ཀྱི་འོ་མ་བཞིན་ཏུ་བསྲེ་བསླད་དང་པོ་ཟག་མ་སོང་། བྱིན་རླབས་ཀྱི་ངད་མ་ཡལ། དངོས་གྲུབ་ཀྱི་ཁ་མ་བྲི། སྙན་ནས་སྙན། ཐུགས་ནས་།ཐུགས་སུ་བརྒྱུད་ཅིང་ཟབ་གསལ་བདེ་སྟོང་དབྱེར་མེད་མཁའ་ཁྱབ་ཀྱི་ཡེ་ཤེས་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར་པས་མཆོག་གི་དངོས་གྲུབ་ཉམས་འོག་ཏུ་ཆུད་པ་ཤ་


LT40_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་ཏུ་བྱོན་པ་ལགས། གཉིས་པ་ལོ་རྒྱུས་དེ་ལྡན་གྱི་གདམས་པ་དངོས་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་གྱིས་བསྡུས་པར་གྱུར་པ་ལས། དང་པོ་སྔོན་འགྲོ་ལའང་ཐུན་མོང་དང་། ཐུན་མོང་མ་ཡིན་པ། ཁྱད་པར་གྱི་སྔོན་འགྲོ་སྟེ་གསུམ། དེ་རེ་རེ་ལའང་བཞི་བཞིར་དབྱེར་ཡོད་པའི་དང་པོ་ཐུན་མོང་སྔོན་འགྲོ་བཞིའི་ཐོག་མར་གྱུར་པ་དལ་འབྱོར་རྙེད་པར་དཀའ་བའི་ཁྲིད་ཀྱི་རིམ་པ་འཆད་པའི་ཐོག་མར་སྤྱིར་ལུགས་འདི་ལ་འཇུག་ཚུལ་འདི་བཞིན་ཐུགས་ལ་བཞག་པར་ཞུ། ཁྱེད་རྣམས་ཟབ་དོན་གྱི་སྙིང་པོ་ཉམས་སུ་ལེན་པར་འདོད་པ་དེ་ལེགས་སོགས་གཞུང་ལྟར་རོ། །རྫོགས་ཆེན་སོགས་ལའང་འདི་དག་གིས་མཚོན་པ་ལས་རེ་རེ་བཞིན་དཔེར་བརྗོད་ན་ཡིག་ཚོགས་སུ་འགྱུར་བས་མ་བྲིས་སོ། །དྲུག་པ་མཇུག་གི་བྱ་བ་ལ། དེ་ནས་རྗེས་ཀྱི་བྱ་བ་བཀའ་དྲིན་དྲན་པ་ནི། འཆད་པོ་དང་ཉན་པོ་གཉིས་ཀས། དམ་པའི་ཆོས་ལ་སྤྱད་དུ་ཡོད་པས་དལ་འབྱོར་དོན་ལྡན་སྲིད་པ་ཧྲུལ་པོར་བྱས་པ་ནི། བདག་རྐྱེན་སངས་རྒྱས་དང་བླ་མ། དམིགས་པའི་རྐྱེན་དམ་ཆོས། དེ་མ་ཐག་པའི་རྐྱེན་ཆོས་ཀྱི་གྲོགས། ལྷན་ཅིག་བྱེད་རྐྱེན་ཕ་མ་བར་ཆད་མེད་པ་སྲུང་མ་དམ་ཅན་རྒྱ་མཚོའི་བཀའ་དྲིན་ལས་བྱུང་བ་དེ་རྣམས་བཀའ་དྲིན་ལྷག་པར་ཆེའོ་སྙམ་པ་དང་། དེ་


LT40_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱང་སངས་རྒྱས་ཀྱི་བསྟན་པ་གནས་པ་ལས་བྱུང་བའི་བཀའ་དྲིན་ཡིན་པས་བསྟན་པ་རིན་པོ་ཡུན་རིང་དུ་གནས་པར་གྱུར་ཅིག་སྙམ་དུ་བསམ། བསྔོ་སྨོན་བྱ་བ་ནི། ཆོས་འཆད་པ་པོ། ཉན་པ་པོ། བཤད་བྱའི་ཆོས་གསུམ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་ཤེས་པར་བྱས་ལ་བསྔོ་བ་འདི་ལྟར་གཅིག་ཏུ་གསུང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། ཅེས་སོགས་དང་། རིན་ཆེན་དགེ་ཚོགས་འདི་ཡིས་འགྲོ་བ་ཀུན། །རྟག་ཏུ་དམ་པའི་ཆོས་དང་མི་འབྲལ་ཞིང་། །རང་གཞན་དོན་གཉིས་རྫོགས་པ་མཐར་ཕྱིན་ནས། །ཆོས་རྔ་སྒྲོགས་པས་འཇིག་རྟེན་མཛེས་བྱེད་ཤོག །ཕན་བདེའི་འབྱུང་གནས་བསྟན་པ་འཕེལ་གྱུར་ཅིག །ཚེ་རབས་ཀུན་ཏུ་ཆོས་ལ་སྤྱོད་གྱུར་ཅིག །རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་རྒྱས་གྱུར་ཅིག །འགྲོ་ཀུན་ཕྱམ་གཅིག་སངས་རྒྱས་ཐོབ་གྱུར་ཅིག །ཅེས་སོགས་དཔོན་སློབ་ཐུན་མོང་དགེ་རྩ་གཞན་དོན་བསྔོ། །ཡང་ན། ཐེག་མཆོག་དམ་ཆོས་རིན་ཆེན་བཤད་འདི་ལས། །བདག་གི་བསོད་ནམས་མཐའ་ཡས་གང་ཐོབ་པ། །དེས་ནི་འགྲོ་ཀུན་ཐེག་མཆོག་དམ་པའི་ཆོས། །རིན་ཆེན་དྲི་མ་མེད་པའི་སྣོད་གྱུར་ཅིག །བདུད་ཀྱི་སྡེ་དང་མུ་སྟེགས་གཞུང་ཀུན་དང་། །ཆོས་ལྟར་


LT40_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་པའི་མུན་སྤྲུལ་དུ་མ་དང་། །གཞན་ཡང་འགྲོ་བའི་ཉེ་བར་འཚེ་བ་རྣམས། །བདག་གི་སྟོབས་ཀྱིས་རྩད་ནས་འཇོམས་གྱུར་ཅིག །སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་རྙེད། །ཐབས་དང་ ཤེས་རབ་ཏིང་འཛིན་རྣམ་ཐར་དང་། །ཡོན་ཏན་ཀུནགྱི next hit་མི་ཟད་མཛོད་གྱུར་ཅིག །ཞེས་པའི་བསྔོ་བ་བྱ། སློབ་མ་རྣམས་ཀྱིས། སྲིད་ཞིའི་དཔལ་འབྱོར༴ ཕན་བདེ་འབྱུང་བའི༴ཆོས་རྔ་ཆེན་པོ་སོགས་ཀྱིས་བསྟན་པ་རྒྱས་ཤིང་བསྟན་འཛིན་དར་བ་དང་། ཁྱད་པར་བླ་མའི་ཞབས་པད་བརྟན་ཅིང་ཡང་ཡང་ཆོས་ཀྱི་འཁོར་ལོར་བསྐོར་བའི་སྨོན་ལམ་གདབ་བོ། །བདུན་པ་བཤད་ཉན་བྱས་པའི་ཕན་ཡོན་མཐའ་ཡས་པས་བརྗོད་དུ་མི་ལོངས་ཀྱང་། ཆོས་སྟོན་པའི་ཕན་ཡོན་ནམ་མཁའ་མཛོད་ཀྱི་མདོ་ལས། སངས་རྒྱས་མཐོང་ཞིང་ཞིང་དག་པར་སྐྱེ་བ་སོགས་ཕན་ཡོན་ཆེན་པོ་སུམ་ཅུ་རྩ་གསུམ། ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། དྲན་པ་དང་བློ་གྲོས་དང་ལྡན་པ་སོགས་ཕན་ཡོན་ཉི་ཤུ། ཏིང་འཛིན་རྒྱལ་པོའི་མདོ་ལས། བྱ་བ་མ་ཡིན་པ་སྤང་ཞིང་ལེགས་པའི་བྱ་བ་སྡུད་པ་སོགས་ཕན་ཡོན་བཅུ། རབ་ཞི་རྣམ་ངེས་ལས། ཤེས་རབ་རྣོ་བ་སོགས་ཡོན་ཏན་དྲུག་ཐོབ་པར་གསུངས་ཤིང་། མཆོད་པ་


LT40_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྦྱིན་པ་ཐམས་ཅད་ལས་ཀྱང་ཆོས་བཤད་ཉན་གྱིས་ཕན་ཡོན་ཆེ་བར་གསུངས་ཏེ། དཀོན་བརྩེགས་ལས། མི་རྣམས་གང་ཞིག་གངྒཱའི་བྱེ་སྙེད་ཀྱིས། །འཇིག་རྟེན་ཁམས་མཆོག་རིན་ཆེན་བཀང་བྱས་ཏེ། །དགེ་མཆོག་སེམས་ཀྱིས་རྒྱལ་ལ་ཕུལ་བ་བས། །གང་གིས་སེམས་ཅན་གཅིག་ལ་ཚིགས་གཅིག་བྱིན། །རིན་ཆེན་སྦྱིན་པ་རྒྱ་ཆེན་བྱིན་པ་དེས། །ཚིགས་བཅད་སྦྱིན་པ་སྙིང་རྗེ་བསྒྲུབས་དེ་ལ། །ཆར་ཡང་མི་ཕོད་གྲངས་སུ་ཡང་མ་ཡིན། །ཞེས་དང་། བྱམས་པ་སེང་གེའི་མདོ་ལས། གང་གཱའི་བྱེ་སྙེད་འཇིག་རྟེན་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པ་བྱིན་པ་བས། །དུས་ངན་ཚེ་ན་ཚིགས་བཅད་གཅིག་བརྗོད་པ། །དེ་ཡི་ཕན་འདོགས་ཅི་འདྲ་དེ་ལ་མེད། །ཅེས་སོགས་གསུངས། མདོར་ན། ཀུན་མཁྱེན་ཀློང་ཆེན་པས། སེམས་རབ་ཏུ་དྭངས་བས་ཐར་པ་ལ་དམིགས་ཏེ་རྙེད་པ་དང་བཀུར་སྟི་དང་གྲགས་པ་འདོད་པའི་རེ་ལྟོས་མེད་པར་ཆོས་སྟོན་པ་ལས། དྲན་པ་དང་། ཏིང་ངེ་འཛིན་དང་། སྤོབས་པ་དང་། ཉོན་མོངས་པ་ལས་རྣམ་པར་གྲོལ་བ་དང་། ཆོས་ཀྱི་མཛོད་འཛིན་པ་དང་། སངས་རྒྱས་ལས་ཆོས་ཐོས་པ་དང་། ལྷ་དང་མིའི་ཚོགས་ཀྱིས་བསྟོད་ཅིང་འདུན་པ་དང་། ལེགས་དགུའི་བསམ་པ་ཐམས་ཅད་


LT40_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པ་དང་། ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་དང་མི་འབྲལ་བ་དང་། མྱུར་དུ་སངས་རྒྱས་ཐོབ་ནས་ཆོས་ཀྱི་ཆར་གྱིས་གདུལ་བྱ་སྨིན་པར་བྱེད་པ་དང་། རང་དང་གཞན་གྱི་དོན་འགྲུབ་པར་འགྱུར་བ་ཉིད་ཐོབ་པར་འགྱུར་རོ། །ཞེས་གསུངས་པ་དང་། ཀུན་འདུས་རིག་པའི་མདོ་ལས། གསང་སྔགས་ཀྱི་ལྷའི་མཚན་རྣ་བས་ཐོས་པ་ཙམ་གྱིས་བསྐལ་པ་དགུ་བཅུ་རྩ་གསུམ་དུ་བསགས་པའི་སྒྲིབ་པ་ཐམས་ཅད་ཟད་པར་བྱེད་དོ། །གཟུངས་སྔགས་ཀྱི་སྒོ་ལན་རེ་བསྒྲགས་པས་ཀྱང་དེ་སྙེད་ཀྱི་ཕན་ཡོན་དཔག་ཏུ་མེད་པ་ཚད་མེད་པ་ཇི་སྙེད་འཛིན་པས་ན་ཆོས་སྟོན་པ་ལ་འབད་བར་བྱའོ་ཞེས་སོ། །ཆོས་ཉན་པའི་བསོད་ནམས་ཀྱང་སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས། རིགས་ཀྱི་བུ་ཐོས་པ་དང་ལྡན་ན་ཤེས་རབ་འབྱུང་བར་འགྱུར་རོ། །ཤེས་རབ་དང་ལྡན་ན་ཉོན་མོངས་པ་ཞི་བར་འགྱུར་རོ། །ཉོན་མོངས་པ་རབ་ཏུ་ཞི་བ་ལ་ནི་བདུད་ཀྱིས་གླགས་མི་རྙེད་དོ། །ཞེས་དང་། མྱང་འདས་ལས་ཆོས་ཉན་པ་ལས་དད་པ་སྐྱེའོ། །དད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མོས་ནས་མྱུར་དུ་མངོན་པར་རྫོགས་ནས་འཚང་རྒྱ་བའི་བར་དུ་ཐོབ་པས། དགེ་བའི་ཆོས་ཐམས་ཅད་ཐོབ་པ་ནི་ཐོས་པའི་རྒྱུ་ལས་བྱུང་བའོ། །ཞེས་སོགས་གསུང་རབ་རིན་པོ་ཆེ་རྣམས་


LT40_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཐའ་ཡས་པ་གསུངས་པའི་དོན་བསྡུས། ཀློང་ཆེན་པས། ཤེས་རབ་དང་ཏིང་ངེ་འཛིན་དང་། ཆོས་ཀྱི་རྒྱུན་ལ་སོགས་པའི་གཟུངས་དང་། སྤང་བླང་ཤེས་པའི་མིག་དང་། དགེ་བ་འཕེལ་ཞིང་མི་དགེ་བ་སྲབ་པ་དང་། ལྷ་དང་བཅས་པའི་འཇིག་རྟེན་གྱིས་བསྟོད་ཅིང་འདུན་པ་དང་མ་རིག་པའི་མུན་པ་སངས་པ་དང་། ཤི་འཕོས་ནས་དག་པའི་ཞིང་གི་པདྨོ་ལ་བརྫུས་ཏེ་སྐྱེ་བ་དང་། སངས་རྒྱས་མཆོག་གི་སྤྲུལ་པ་ལས་ཆོས་ཐོས་པ་དང་། མྱུར་དུ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བ་ལ་སོགས་པ་ཕན་ཡོན་གྱི་སྒོ་ཚད་མེད་པ་སྙེད་ཡོད་དོ། །ཞེས་གསུངས་ཤིང་དད་པས་ཆོས་ཉན་པ་ལྟ་ཅི་སྨོས། ཉན་པ་པོ་སྡུད་པའི་རོལ་མོའི་སྒྲ་ཐོས་པའང་འཁོར་བ་ལས་རྣམ་པར་གྲོལ་བ། གཎྜཱིའི་མདོ་ལས། དམ་ཆོས་བཤད་པའི་དུས་བསྟན་ཕྱིར། །རྔའམ་གཎྜཱི་བརྡུང་བའི་སྒྲ། །ཐོས་པས་བྱང་ཆུབ་ཐོབ་གྱུར་ན། །ཉན་ཕྱིར་ལྷགས་པ་སྨོས་ཅི་དགོས། །ཞེས་གསུངས་པ་ཡིན་ནོ། །མདོར་ན་འགྲོ་བ་རྣམས་ལ་ཐར་པའི་ལམ་ཡོད་མེད་རྒྱལ་བསྟན་གནས་མི་གནས་ལ་རག །སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་གནས་པའི་རྩ་བ་ནི་དམ་ཆོས་འཆད་ཉན་བྱེད་པ་ཁོ་ན་ལ་ཐུག་པས་ལེགས་པར་འདོད་པ་རྣམས་ཀྱིས། རང་ཉིད་ཐར་བའི་ལམ་


LT40_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་ཤིང་བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར་འཆད་པ་དང་ཉན་པ་ལ་གཡར་དམ་དུ་བཞེས་པར་རིགས་སོ། །དེང་གི་སྐབས་སུ་བསྟན་འཛིན་ཆེན་པོར་གྲགས་པ་ཕལ་མོ་ཆེའང་སྨྲ་བ་ལ་དགའ་བར་མཐོང་སྨྲ་བཅད་ཀྱི་བརྟུལ་ཞུགས་ཅན་མ་མཐོང་། སྨྲ་བ་ཕལ་ཆེར་ཚོང་དང་། འཐབ་མོ་དང་། ཁྲིམས་དང་། ཀུ་རེ་དང་། ཡུལ་གྱི་ལོ་རྒྱུས་སོགས་ཆགས་སྡང་ལུང་མ་བསྟན་གྱི་འཆད་ཉན་ཁོ་ནས་མི་ཚེ་འཕུལ་བས་དེ་ཐམས་ཅད་ལ་དོན་ཏུ་འགྱུར་ངེས་པ་སྐྲའི་རྩེ་མོ་ཙམ་ཡང་མེད་པའི་ཁར་སླར་སྡིག་པའི་ཕུང་པོ་གསོག་པའི་རྒྱུ་འགྱུར་ལ། དམ་པའི་ཆོས་ཚིག་བཞིའི་ཚིགས་སུ་བཅད་པ་ཙམ་བཤད་ཅིང་ཉན་པའི་ཕན་ཡོན་ཀྱང་བྱང་ཆུབ་སྙིང་པོའི་བར་དུ་ཕན་པ་དང་བདེ་བ་འབའ་ཞིག་པའི་རྒྱུར་ལྟ་ཅི་སྨོས། འཕྲལ་ཡུན་གྱི་དོན་ཆེན་པོ་དུ་མ་དང་ཡང་ལྡན་པས་སྨྲ་ན་ཆོས་སྨྲ་བའི་བཤེས་གཉེན་ཏུ་འགྱུར་བ་ལས་ལོག་པར་སྨྲ་བའི་ཕུང་ཁྲོལ་ཅན་ཏུ་མི་འགྱུར་བ་སྐྱེ་བ་ནས་སྐྱེ་བར་ཡི་དམ་དུ་བླང་བར་བྱའོ། །གཏན་གྱི་དབུལ་བ་འཕྲོག་པའི་ནོར། །ཆོས་མཆོག་ལས་ལྷག་འཇིག་རྟེན་ན། །མ་མཆིས་དེ་ཉིད་འཛིན་པ་པོ། །འཇིག་རྟེན་གསུམ་གྱི་མིག་ཡིན་ནོ། །དམ་པ་འཚོ་བ་བྲལ་ཡང་བླ། །ཆོས་གཏོང་བ་ནི་དེ་ལྟར་མིན། །ཆོས་སྲུང་སྲས་བཅས་རྒྱལ་རྣམས་


LT40_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །བུ་གཅིག་པར་ནི་དགོངས་པར་མཛད། །འགྲོ་ལྔ་ལོང་བར་གྱུར་པ་ལ། །ཆོས་ཀྱི་མིག་པུས་ལམ་བཟང་སྟོན། །སྒྲོན་མེ་མཆོག་དེ་སུས་འཛིན་པ། །འཇིག་རྟེན་རྣམ་པར་འདྲེན་གཉིས་པ། །སྙིགས་མས་མནལ་དུ་ཉེ་བ་ཡི། །ཆོས་ཀྱི་སྒྲོན་མེ་སྦར་བརྩོན་པ། །འདྲེན་པའི་འཁོར་ལོ་གསུམ་ལས་ཀྱང་། །ངོ་མཚར་འཁོར་ལོ་བཞི་པ་ཉིད། །ཆོས་ཀྱི་བདུད་རྩིས་སྐྱེ་རྒུ་གསོ། །ཞི་བསིལ་སྨན་གྱིས་གཅོང་ནད་འབྱིན། །བདེན་གསུང་ས་གཞིས་འཁོར་འདས་སྐྱེད། །ཤེས་བྱར་ཆོས་ལས་གཞན་མཆོག་མེད། །འདི་སྲུང་འདི་འཛིན་འདི་ཀློག་ཅིང་། །འདི་དོན་སྒོམ་ལ་ཡང་སྲིད་ཀུན། །མཆོག་ཐོབ་དེ་བཞིན་གཤེགས་ཀུན་གྱི། །ཆོས་འཛིན་འཁོར་ལོས་སྒྱུར་བར་ཤོག །ཅེས་པ་འདིའང་ལུང་རྟོགས་ཆོས་ཀྱི་གཏེར་མཛོད་སྐྱོ་ངལ་མེད་པར་འཛིན་པ། མཁན་ཆེན་བླ་མ་ཀརྨ་ངེས་དོན་བསྟན་པ་རབ་རྒྱས་ཞབས་ཀྱིས་བཀའ་བསྩལ་རྗེས་སུ་བསྒྲུབ་ཕྱིར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཀྱི་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་དགེ་ལེགས་འཕེལ།། །།


previousདམ་པའི་ཆོས་འཆད་ཉན་བྱ་བའི་སྐབས་སུ་ཉེ་བར་མཁོ་བའི་མཚམས་སྦྱོར་གྱི་ཡི་གེ་མཆོག་དམན་ཀུན་དགའ།next