Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

12 occurrences of བྱས་པ་གང་
[Clear Hits]


  
  
 
མ་མགོན་ཞལ་སྦྱོར་གྱི་རྣལ་འབྱོར་དང་འབྲེལ་བའི་ཕན་བྱེད་མན་ངག་ཕྲན་ཚེགས་ཟུར་དུ་བཀོལ་བ།
  
 
  
  
 
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
 
 
  


12 occurrences of བྱས་པ་གང་
[Clear Hits]

 
previousམ་མགོན་ཞལ་སྦྱོར་གྱི་རྣལ་འབྱོར་དང་འབྲེལ་བའི་ཕན་བྱེད་མན་ངག་ཕྲན་ཚེགས་ཟུར་དུ་བཀོལ་བ།next

མ་མགོན་ཞལ་སྦྱོར་གྱི་རྣལ་འབྱོར་དང་འབྲེལ་བའི་ཕན་བྱེད་མན་ངག་ཕྲན་ཚེགས་ཟུར་དུ་བཀོལ་བ།


LT40_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

མ་མགོན་ཞལ་སྦྱོར་གྱི་རྣལ་འབྱོར་དང་འབྲེལ་བའི་ཕན་བྱེད་མན་ངག་ཕྲན་ཚེགས་ཟུར་དུ་བཀོལ་བ་བཞུགས།། །།


LT40_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཛྙཱ་ན་ནཱ་ཐཱ་ཡ། །གང་ལའང་མ་བརྟེན་བརྟེན་ནས་བྱུང་། །འཇིགས་མེད་ས་གསུམ་འཇིགས་བྱེད་པ། །བླ་མ་ཡེ་ཤེས་མགོན་པོ་ལ། །བཏུད་ནས་ཉེར་མཁོའི་མན་ངག་འཆད། །དེའང་རྡོ་རྗེ་གུར་གྱི་རྒྱུད་དོན་ལྷོ་བྲག་མར་པའི་ཞལ་གདམས་དཔལ་མཁའ་སྤྱོད་དབང་པོའི་མན་ངག་གིས་ཕྱེ་བ་ཟབ་མོའི་རིམ་པ་ཇི་སྙེད་ཅིག་མཆིས་པ་ལས། རིགས་གསུམ་སྤྱི་དྲིལ་དུ་སྒྲུབ་པ་ཞེས་རྩ་བ་གསུམ་ངོ་བོ་གཅིག་ལ་རྣམ་པ་ གང་འདུལ་དུ་སྒྱུར་བའི་ཨུ་་དེ་ཤ་ལས། མགོན་པོར་གནས་་རྡོར་སེམས་སུ་བྱས next hit་ཏེ་རྒྱལ་བ་ཐམས་ཅད་ཀྱིས་དབང་བསྐུར་ཁྲུས་བྱས་ལ། བླ་མ་མགོན་པོ་རྡོར་སེམས་ཀྱིས་རྒྱས་བཏབ་པའམ། རྡོར་སེམས་ཀྱི་ངོ་བོ་ཉིད་དུ་ལྟ་བས་ཉམས་སྒྲིབ་སྦྱང་ངོ་། །ཞེས་གསུངས་པའི་དོན་ལག་ཏུ་བླང་བ་ལ། སྤྲོས་བཅས་བུམ་ཁྲུས་ཀྱི་ཆོ་ག་དང་། སྤྲོས་མེད་ཞི་བྱེད་ཀྱི་མན་ངག་གཉིས་སོ། །དང་པོ་ནི། སྒྲུབ་ཡིག་སྐོར་གསུམ་གྱི་དོན་བསྡུས་དཔལ་མཁའ་སྤྱོད་པའི་གཞུང་ལས། ལས་མཐའ་གསང་ཆེན་གསུམ་གྱི་ཡ་གྱལ་ཁ་ཚར་དགུའི་མན་ངག་གི་བྱེ་བྲག་ཏུ་བུམ་པའི་ཆོ་ག་གསལ་བར་བསྟན་པ་ཉིད། ཡབ་སྲས་བརྒྱུད་པ་དང་བཅས་པས་ཕྱག་བཞེས་སུ་མཛད་པ་སྟེ། དེའང་གང་ལ་བྱ་བའི་ཡུལ་རྣལ་འབྱོར་སྒྲུབ་བ་པོའི་ཆོས་བརྒྱུད་འདིར་ཞུགས་པའི་དམ་ཚིག་དང་ལྡན་པ་ལ་བྱ་ཡི། སེལ་ཡོད་པ་དང་མི་ནག་སོགས་ལ་བྱར་མི་རུང་། གང་གི་ཆེད་དུ་བྱེད་ན་ཉམས་གྲིབ་ཆེ་འབྲིང་ཆུང་གསུམ་གྱི་རྒྱུས་ལུས་སེམས་ལ་ན་ཚ་སྡུག་བསྔལ་བྱུང་བ་དེ་ཉིད་སེལ་བའི་ཆེད་དུ་བྱ། གང་གིས་བྱེད་ན་འདི་ཉིད་ལ་རྣལ་འབྱོར་དུ་བྱེད་པའི་གང་ཟག་ནུས་རྟགས་ཐོབ་པའམ། ཐ་མའང་གྲངས་བསྙེན་སོང་བའི་དམ་ཚིག་ཅན་གྱིས་བྱ། །


LT40_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་བྱ་བའི་ཚུལ་ལ་གཉིས། གཞུང་གི་དགོངས་པ་དངོས་དང་། མན་ངག་ལྟར་ཞི་བའི་ལས་བྱེ་བྲག་ཏུ་བསྒྲུབ་པའི་ཚུལ་ལོ། །དང་པོ་ནི། སྐོར་གསོལ་ལ་སོགས་པའི་ཞོར་དུ་བྱེད་ན་དེ་དག་གི་མཆོད་གཏོར་ལ་སོགས་པ་དང་འབྲེལ་བར་གཞི་སྟེང་མཉྫིའི་ཁར་བུམ་པ་རྫས་ལྡན་མགུལ་ཆིངས་སྔོན་པོ་ཁ་རྒྱན་དང་བཅས་པ། མདུན་ཏུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་ཕྲེང་ཚར་དུ་བཤམ། བུམ་པའི་ནང་དུ་འཁོར་ལོ་བཞི་རིམ་གྱི་ལྟ་ཚང་བ་བསྐྱེད་ཅིང་། དེའང་མདུན་བསྐྱེད་དང་ཚིག་རིས་གཅིག་གིས་དུས་མཉམ་གསལ་ཐེབ་ན་ཤིན་ཏུ་ལེགས་ཤིང་། འདོན་བྱ་ཟུར་དུ་མ་དགོས་ཀྱང་། མདུན་བསྐྱེད་མེད་པའི་བུམ་པ་ཁོ་ན་བསྒྲུབ་པའམ། གསལ་ཐེབས་སླ་བས་འཁོར་ལོ་དང་པོ་ཙམ་བསྒོམ་པ་དང་། མདུན་བསྐྱེད་དང་འབྲེལ་ཡང་གསལ་འདེབས་ཟུར་དུ་བྱེད་པར་སྤྲོ་ན། ཨོཾ་དཥྚོུད་སོགས་ཀྱིས་བསང་། སྭ་བྷཱ་བས་སྦྱངས། སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་པད་ཟླར་བྷྲཱུྃ་ཡིག་ལས། །ཕྱི་ལྟར་རིན་ཆེན་བུམ་པ་མཚན་ཉིད་རྫོགས། །ནང་ལྟར་རྡོ་རྗེའི་བྲག་སྟེང་དུར་ཁྲོད་དབུས། །གྲུ་གསུམ་དྲག་པོའི་ཕོ་བྲང་རྒྱན་ལྡན་ནང་། །གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་ལྟེ་བ་རུ། །པད་ཉི་དགྲ་བགེགས་ཕོ་མོ་བརྩེགས་པ་དང་། །ཏི་ལས་རྫུ་འཕྲུལ་དྲེལ་ལྟའི་གདན་གྱི་སྟེང་། །བྷྱོ་ལས་ལྷ་མོ་ཞལ་གཅིག་ཕྱག་བཞི་མ། ཁ་ཊྭཱཾཾ་ཕུར་པ་མེ་ལོང་སྦྲུལ་ཞགས་བསྣམས། །བཙན་སྟབས་འཁྱིལ་པའི་སྟབས་ཀྱིས་བཞུགས་པའི་པང་། །ཧཱུྃ་ལས་མགོན་པོ་ཞལ་གཅིག་


LT40_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་པ། །མཐིང་ནག་སྤྱན་གསུམ་ལྗགས་འདྲིལ་མཆེ་བ་གཙིགས། །དབུ་སྐྲ་གྱེན་བརྫེས་གཡས་པས་གྲི་གུག་དང་། །གཡོན་གྱིས་ཐོད་ཁྲག་ཐོད་སྐམ་དབུ་རྒྱན་ཅན། །དུག་སྤྲུལ་རུས་པ་སྣ་ཚོགས་དར་གྱིས་བརྒྱན། །དར་ནག་འཇོལ་བེར་སྟག་གི་ཤམ་ཐབས་དང་། །མགོ་ཕྲེང་དོ་ཤལ་ཞབས་གཡས་བརྐྱང་བའི་གར། །གཡོན་པ་ཡུམ་ལ་འཁྲིལ་ཚུལ་འཇིགས་པའི་གཟུགས། ཁམས་གསུམ་དབང་སྡུད་ཟིལ་གནོན་ཆེན་པོར་གྱུར། །རྩིབས་བརྒྱད་སྟེང་དུ་དྲེལ་རྟ་ལ་གནས་པའི། །ནག་པོ་ཆེན་པོ་ཡབ་ཡུམ་བཅུ་དྲུག་ནི། །མཐིང་ནག་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན། །རྒྱན་དང་རྣམ་འགྱུར་གཙོ་བོ་ལྟ་བུའོ། །ཕྱི་རོལ་བཀའ་ཉན་སྤྲུལ་པའི་མ་མགོན་ཚོགས། །ཉི་དང་ཟེར་བཞིན་ལྷུན་གྱིས་གྲུབ་པར་བཞུགས། །ཀུན་གྱི་སྤྱི་བོར་ཨོཾ་ཡིག་དཀར་པོ་སོགས་གནས་གསུམ་བྱིན་རླབས་སྤྱན་འདྲེན་སོགས་གཞུང་རྒྱས་འབྲིང་བསྡུས་པ་སོ་སོ་ལྟར་རང་གི་དལ་བྲེལ་བསྟུན་ནས་བཏང་ཆོག་ཀྱང་། བུམ་ཆོག་ཁོ་ནའི་སྐབས་དོན་ལྟར་ན། སྤྱན་འདྲེན། མཆོད་པ། བཞུགས་གསོལ། དམ་བཞག །དབང་བསྐུར། ཕྱག་མཆོད་གཉིས། བསྟོད་པ་གྲུབ་ནས་བཟླས་པ་ལ་འཇུག་པའམ། དེའང་ཤིན་ཏུ་བསྡུ་ན། ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས་མཛད་པའི་རྒྱུན་ཁྱེར་ལྟར་ལེགས་སོ། །གང་ལྟར་བཟླས་པའི་སྐབས། །བུམ་ལྷའི་སྤྱི་བོར་རིགས་བདག་མི་བསྐྱོད་པ། །རྡོ་རྗེ་སེམས་དཔའི་རྣམ་པར་


LT40_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་ཡི། །སྐུ་ལས་བྱིན་རླབས་བདུད་རྩིའི་རྒྱུན་བབས་པས། །མ་མགོན་སྐུ་གང་རྡོར་སེམས་ངོ་བོར་གྱུར། །དེ་ཡི་སྦྱོར་མཚམས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་པ་ཡོངས་གང་སྡིག་སྒྲིབ་དང་། །ནད་གདོན་དག་བྱེད་བདུད་རྩིའི་རྒྱ་མཚོར་གྱུར། །ཅེས་བསྒོམས་ལ་མན་ངག་ཡིག་བརྒྱ་གང་འགྲུབ་བཟླ། དེ་ནས་ཞལ་སྦྱོར་གསུང་སྙིང་ཤམ་དུ། སརྦ་པཱ་པ་ཀརྨ་ཨཱ་བ་ར་་རོ་ག་གྲ་ཧེ་ཤཱནྟི༚ི༚་ཀུ་རུ་སྭཱ་ཧཱ། །ཞེས་པ་དེ་བོད་སྐད། སྡིག་སྒྲིབ་ནད་གདོན་ཐམས་ཅད་ཤཱནྟི༚ི༚་ཀུ་རུ་ཞེས་པ་སྟེ། དེས་མཚོན་ནས། ཞི་བར་བྱ་བ་དམིགས་བསལ་གང་ཡིན་པའི་མིང་ལེགས་སྦྱར་མི་ཤེས་ན་བོད་སྐད་བཅུག་སྟེ། །སྟོང་ཕྲག་སོགས་ཇི་ཙམ་འགྲུབ་པ་བཟླ། མཐར། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ། ཨ་ཨ་ཨ་སྭཱ་ཧཱ། །ཞེས་ཁྲུས་བདུན་གྱི་རིག་པའང་བརྒྱ་རྩ་ཙམ་བཟླས་ལ་མཐར། ཨོཾ་ཁྲག་གི་རྒྱ་མཚོ་སོགས་ཀྱིས་མཆོད། ཧཱུྃ། ཌཱ་ཀི་བྱེ་བ་སོགས་ཀྱིས་བསྟོད། ཨོཾ་བཛྲ་མུཿབུམ་ལྷ་ཡེ་ཤེས་པ་མདུན་གྱི་རྟེན་ལ་ཐིམ་པར་གྱུར། །ཅེས་སམ། རྟེན་མེད་ན། རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་འོད་དུ་ཞུ་བས་དག་བྱེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ཆེན་པོར་གྱུར། ཅེས་མོས། དེ་ནས་རང་དམ་གཞན་ལ་བྱ་བ་ཁྲུས་རྒྱས་པར་སྤྲོ་ན། རྣམ་


LT40_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་སམ་ཚེ་ཆོག་ལྟ་བུ་ལ་ལྷ་སྔགས་ཀྱི་བསྒྱུར་ཁ་བྱས་ཏེ། བཀྲུ་བྱབས་སྲུང་གསུམ་ཤིས་བརྗོད་དང་བཅས་པ་བྱ། རང་བཞིན་ལོངས་སྤྱད་ན། གོང་གི་རྩ་སྔགས་ཤམ་བུ་ཅན་དང་ཁྲུས་བདུན་རིག་པ་བཟླ་བཞིན་ཏུ་འཐུང་བ་དང་བཀྲུ་བ་དང་འཐོར་བ་སོགས་བྱ། །རྟ་ཕྱུགས་གྲ་འཁོར་སྦྱིན་བདག་གལ་ཆེན་ལ་བུམ་ཆུ་འཐོར་བཞིན་ཏུ། ཞལ་སྦྱོར་གྱི་ཤཱ་ས་ན་དང་སུམྡྷ་ནི་བརྗོད་ལ་བགེགས་བསྐྲད། སླར་ཤཱ་ས་ནའི་གཤམ་དུ། བསྲུང་བྱ་ལ་རཀྵ་རཀྵ། བཏགས་པ་བརྗོད་ན་སྲུང་བའི་མཆོག་ཏུ་འགྱུར་བ་གསུངས་སོ། །གཉིས་པ་ཞི་བའི་ལས་བྱེ་བྲག་ཏུ་སྒྲུབ་པ་ལྟར་ན། བཅའ་གཞི་འདོན་འགྲིགས་སྤྱི་གོང་དང་མཚུངས་པ་ལས། ཁྱད་པར་བུམ་པ་མགུལ་ཆིངས་དཀར་པོ་ཉེར་ལྔའི་བཅུད་ལྡན་དང་། མཆོད་གཏོར་ཤ་ཁྲག་མེད་པའི་དཀར་ཟླུམ་བཤམ། མངོན་རྟོགས་སྐབས་སུ། བསང་སྦྱང་། སྟོང་པའི་ངང་ལས་པད་ཟླར་བྷྲཱུྃ་ཡིག་ལས། །ཕྱི་ལྟར་རིན་ཆེན་བུམ་པ་མཚན་ཉིད་རྫོགས། །ནང་ལྟར་ཞི་བའི་གཞལ་ཡས་རྒྱན་ལྡན་དབུས། །འཁོར་ལོ་རྩིབས་བརྒྱད་ལྟེ་བར་པད་ཉི་དང་། །ཏི་ལས་རྫུ་འཕྲུལ་དྲེལ་རྟའི་གདན་གྱི་སྟེང་། །མ་ལས་ལྷ་མོ་ཞལ་གཅིག་ཕྱག་བཞི་མ། །དང་པོ་གཉིས་ཀྱི་ཁ་ཊྭཱཱཾ་མེ་ལོང་བསྣམས། །གཡས་འོག་ལྕགས་ཀྱུ་གཡོན་འོག་ཚེ་བུམ་འཛིན། །དཀར་མོ་མཛེས་འཛུམ་དར་དཀར་ན་བཟའ་གསོལ། །བཙན་སྟབས་འཁྱིལ་པའི་སྟབས་ཀྱིས་བཞུགས་པའི་པང་། །ཧཱུྃ་ལས་མགོན་པོ་ཞལ་གཅིག་ཕྱག་གཉིས་པ། །གྲི་གུག་ཐོད་འཛིན་


LT40_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་གཡས་བརྐྱང་བའི་གར། །གཡོན་པ་ཡུམ་ལ་འཁྲིལ་ཚུལ་ཞི་ཉམས་ལྡན། །རྩིབས་བརྒྱད་སྟེང་དུ་དྲེལ་རྟ་ལ་གནས་པའི། །ནག་པོ་ཆེན་པོ་ཡབ་ཡུམ་བཅུ་དྲུག་ནི། །ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན། །རྒྱན་དང་རྣམ་འགྱུར་གཙོ་བོ་ལྟ་བུའོ། །ཕྱི་རོལ་བཀའ་ཉན་སྤྲུལ་པའི་མ་མགོན་ཚོགས། །ཉི་དང་ཟེར་བཞིན་ལྷུན་གྱིས་གྲུབ་པར་བཞུགས། །ཀུན་ཀྱང་དཀར་གསལ་མཛེས་འཛུམ་འོད་དཀར་འཕྲོ། །ཞི་བའི་ཕྲིན་ལས་སྒྲུབ་ལ་དགོངས་པའོ། །ཀུན་གྱི་སྤྱི་བོར་སོགས་སྔར་ལྟར་ལ། །བཟླས་པའི་སྐབས་སུའང་འོད་ཟེར་དཀར་པོའི་སྤྲོ་བསྡུས་ནད་གདོན་བར་ཆད་ཞི་བའི་དམིགས་པ་དང་། བདུད་རྩི་འབེབས་ཞུ་སོགས་གོང་ལྟར་བྱ། འདི་ཉིད་ཡུན་རིང་སྒྲུབ་ནས་ཐུན་གཏོར་སོགས་སྤྲོ་ན་བྱང་ཕྱོགས་དུར་ཁྲོད་དང་། ཡེ་ཤེས་དབྱིངས་མ་འདོན་ལ། བཤོས་ཟླུམ་དཀར་པོ་འབུལ་བར་བྱའོ། །སྔ་མ་བཀའ་གཉན་པས་ཡབ་སྲས་ལྟ་བུའི་སྐུ་ཁྲུས་ལས་གང་ཡིན་ལ་མཛད་སྲོལ་མེད་པར་གསུངས་ཤིང་། ཕྱི་མ་ཕྲིན་ལས་ཀྱི་ཁ་ཚར་ཡིན་པས་ཅུང་ཟད་བཀའ་ཡང་བར་མངོན་ནོ། །གཉིས་པ་ལ་རྒྱས་པ་དང་བསྡུས་པ་གཉིས། དང་པོ་ནི། མཁས་གྲུབ་ཁྱུང་པོའི་གདམས་ངག་ཏུ་འབྱུང་བ་ཉིད་བོད་ཡུལ་གསར་རྙིང་ཕལ་ཆེར་གྱིས་ཆོས་སྐྱོང་ལ་སྦྱོར་བ་ལྟར། ཆགས་མེད་རིན་པོ་ཆེས་དེ་དོན་ཅུང་མདོར་བསྡུས་ནས་ཞལ་སྦྱོར་ལ་སྦྱར་བར་མཛད་པའི་ངག་འདོན་གསལ་བར་བཀོད་ན། སྐོང་བའི་མཇུག་གམ། རྗེས་ཆོག་བཤགས་ཚིག་གི་མཇུག་གང་ཡང་རུང་བར། །


LT40_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་བསྐྱེད་མ་མགོན་སྤྱི་བོར་པད་ཟླའི་སྟེང་། །རྒྱལ་བ་སྲས་བཅས་རྡོ་རྗེ་གསུམ་འདུས་པ། །རྩ་བའི་བླ་མ་རྡོར་སེམས་ཧེ་རུ་ཀ །སྙེམས་མ་ཡུམ་སྦྱོར་རྡོ་རྗེ་དྲིལ་བུ་འཛིན། །དར་དང་རིན་ཆེན་རྒྱན་ལྡན་རོལ་སྟབས་བཞུགས། །དཔྲལ་མགྲིན་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང་། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་གྱི་མཐར། །ཡིག་བརྒྱ་དཀར་དམར་མཐིང་གསུམ་གཡས་སུ་འཁོར། །དེ་ལས་འོད་ཟེར་རང་མདོག་ཕྱོགས་བཅུར་འཕྲོས། །རྒྱལ་བ་སྲས་བཅས་གསང་གསུམ་བྱིན་རླབས་ཀུན། །འོད་ཟེར་དཀར་དམར་མཐིང་གའི་རྣམ་པར་བསྡུས། །གནས་གསུམ་ལ་ཐིམ་འབྲུ་གསུམ་སྔགས་འཁོར་ལས། །ཡེ་ཤེས་བདུད་རྩི་རང་མདོག་རྒྱུན་བབས་པས། །སྐུ་གང་སྦྱོར་མཚམས་ཞབས་ཀྱི་མཐེ་བོང་ནས། །བདུད་རྩིའི་རྒྱུན་བབས་མ་མགོན་སྤྱི་བོར་ཞུགས། །བདུད་རྩིའི་ཟེགས་མ་འཁོར་རྣམས་ཚངས་བུག་བརྒྱུད། །ཀུན་གྱི་སྐུ་གང་དམ་ཚིག་ཆགས་ཉམས་དང་། །མཁོན་གྲིབ་ཀུན་བྱང་ཐུགས་རྒྱུད་བདེ་བས་མཉེས། །བཀྲག་མདངས་འོད་འབར་རྡོར་སེམས་ངོ་བོར་གྱུར། །བླ་མའི་གསང་གསུམ་མ་མགོན་གཙོ་འཁོར་གྱི། །གནས་གསུམ་འབྲུ་གསུམ་ཡིག་བརྒྱས་བསྐོར་བ་ལས། །ངོ་བོ་སྔགས་ལ་རྣམ་པ་འོད་དང་ཟེར། །བདུད་རྩིའི་རྒྱུན་བྱུང་བདག་དང་བསྲུང་བྱ་ཡི། །སྒོ་གསུམ་ལ་


LT40_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ལུས་ཀྱི་ཕྱི་ནང་སྦྱངས། །ཉམས་ཆགས་སྡིག་སྒྲིབ་ནད་གདོན་ཐམས་ཅད་དག །བླ་མ་མགོན་པོའི་རྡོ་རྗེའི་གསང་གསུམ་དང་། །སྒོ་གསུམ་དབྱེར་མེད་བདེ་ཆེན་རྡོ་རྗེར་གྱུར། །ཅེས་པའི་དམིགས་པ་རྩེ་གཅིག་ཏུ་བྱས་ལ་མན་ངག་གི་ཡི་གེ་བརྒྱ་པ་ཅི་ནུས་བཟླ། མཐར་རྒྱུད་ལས་གསུངས་པའི། ཚེ་རབས་སྔོན་ནས་སོགས་ཀྱི་གཟུངས་ཀྱང་ཅི་རིགས་པ་བརྗོད་ལ། སྦྱང་བྱའི་སྡིག་སྒྲིབ། སྦྱོང་བྱེད་ལྷ་སྔགས། སྦྱོང་མཁན་སྒྲུབ་པ་པོ་སྟེ་འཁོར་གསུམ་གདོད་ནས་དག་པ་རྣམ་པར་མི་རྟོག་པའི་ངོ་བོ་ཡུན་རིང་དུ་བསྐྱང་བར་བྱའོ། །གཉིས་པ་ནི། གཞུང་ལས། མགོན་པོའི་གདམས་པ་ཤིན་ཏུ་བཀྲ་ཤིས་པའི་ཐབས་ནི། བདག་དང་མགོན་པོའི་སྤྱི་བོར་རྡོ་རྗེ་སེམས་དཔའ་སྒོམ་ཞིང་སྐབས་སུ་ཡི་གེ་བརྒྱ་པ་བགྲང་། བདག་གི་ཆགས་ཉམས་ཀྱིས་མགོན་པོ་མི་མཉེས་པ་ཐམས་ཅད་དག་པར་བསྒོམ། ཞེས་ཐུན་མཚམས་ཞལ་གདམས་སུ་བསྟན་པ་འདི་ལ་ཉམས་སུ་ལེན་ཚུལ་གཞུང་དངོས་བསྟན་ལྟར་ན། སྐོང་གསོལ་གྱི་རྗེས་དང་བཤགས་པའི་སྐབས་སུ། བདག་མདུན་བསྲུང་བྱའི་སྤྱི་བོར་པད་ཟླའི་སྟེང་། །བླ་མ་རྡོར་སེམས་དར་དང་རིན་པོ་ཆེའི། །རྒྱན་ལྡན་རྡོ་རྗེ་དྲིལ་འཛིན་སེམས་སྐྱིལ་བཞུགས། །ཐུགས་ཀར་ཟླ་སྟེང་ཧཱུྃ་མཐར་ཡིག་བརྒྱས་བསྐོར། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ། །ཐོག་མེད་བསགས་པའི་སྡིག་ལྟུང་དང་། །ཁྱད་པར་གསང་སྔགས་དམ་ཚིག་གཉན། །རྩ་བ་ཡན་ལག་སྤྱི་བྱེ་བྲག །ཆོས་


LT40_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་འཁོར་བཅས་མི་དགྱེས་པའི། །ཉམས་ཆགས་འགལ་འཁྲུལ་ཅི་མཆིས་པ། །མྱུར་དུ་བྱང་བར་མཛད་དུ་གསོལ། །གུས་པས་རྒྱུད་བསྐུལ་ས་བོན་སྔགས་ཕྲེང་ལས། །བདུད་རྩིའི་རྒྱུན་བྱུང་སྐུ་གང་ཞབས་ནས་འཐོན། །བདག་མདུན་སྤྱི་བོ་ནས་ཞུགས་དྲི་མ་སྦྱངས། །ཆོས་སྐྱོང་ཐུགས་མཉམ་རྩ་གཅིག་དགོངས་པ་ཡིས། །བྱིན་རླབས་ཕྲིན་ལས་རྣམ་བཞི་ལྷུན་གྲུབ་གྱུར། །ཅེས་མོས་ལ་ཡིག་བརྒྱ་རྐྱང་པའམ། མན་ངག་ཡིག་བརྒྱ་གང་རུང་བཟླས་ལ་མཐར་རང་དང་བསྲུང་བྱའི་སྤྱི་བོའི་རྡོར་སེམས་འོད་དུ་ཞུ་ནས་སོ་སོ་ལ་ཐིམ་པར་མོས། ཡང་མཁའ་སྤྱོད་པའི་དགོངས་པ་ལྟར་ན། མོས་གུས་དྲག་པོས། དཔལ་ལྡན་རྡོ་རྗེ་སོགས་ཀྱིས་གསོལ་བ་བཏབ་པས། རིགས་ཀུན་ཁྱབ་བདག་བླ་མ་རྡོ་རྗེ་སེམས། །རྣམ་པ་མ་མགོན་ལྕམ་དྲལ་སྐུར་སྣང་བའི། །སྐུ་གསུང་ཐུགས་ལས་འོད་ཟེར་བདུད་རྩིའི་རྒྱུན། །དཔག་མེད་འཕྲོས་ཏེ་བདག་དང་བསྲུང་བྱ་ཡི། །ལུས་ཀྱི་ཕྱི་ནང་ཀུན་གང་སྡིག་ལྟུང་དང་། །དམ་ཚིག་ཉམས་ཆགས་གྲིབ་ཀུན་བ་མོ་ལ། །ཉི་ཟེར་ཕོག་ལྟར་སྐད་ཅིག་དག་པར་གྱུར། །ཅེས་མོས་ལ་ཡིག་བརྒྱ་གང་རུང་དང་གཟུངས་བཤགས་བྱའོ། །གང་ཞིག་མགོན་པོའི་བསྙེན་སྒྲུབ་ལ་འཇུག་པར་འདོད་པ་དག་གིས་ཀྱང་དངོས་གཞི་ལ་ཏིང་སྟབས་མི་བྱ་བར། ཐོག་མ་ཁོ་ནར་སྐོང་གསོལ་དང་འབྲེལ་བར་འདི་དག་ལ་ཞག་བདུན་ལྔ་གསུམ་སོགས་ལ་ཆེད་དུ་བརྩོན་པར་བྱས་ན་ཆོས་སྐྱོང་ཉེ་བ་དང་། བར་ཆད་འཁུ་ལྡོག་མི་


LT40_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་དགོས་གནད་ཆེན་པོ་དང་ལྡན་པ་གསར་རྙིང་གི་རྗེ་བཙུན་གོང་མ་རྣམས་ཀྱི་མན་ངག་སྙན་བརྒྱུད་ལས་འབྱུང་ངོ་། །གཞན་ཡང་བསྙེན་སྒྲུབ་ཀྱི་ཐུན་མཚམས་རྣམས་སུའང་ཕྱག་ཆེན་སྔོན་འགྲོ་སོགས་ལས་འབྱུང་བ་ལྟ་བུའི་རྡོར་སེམས་བསྒོམ་བཟླས་སྤྱི་འགྲེ་ཅི་ནུས་བྱས་པས་དམ་ཚིག་ཉམས་ཆགས་བྱང་ཞིང་ཆོས་སྐྱོང་སྒྲུབ་པའི་འབྲས་བུ་མྱུར་དུ་འབྱིན་བའི་ཐབས་ཤིན་ཏུ་ཟབ་པ་ཡིན་ནོ། །དེ་ནས་ཞར་བྱུང་དུ་མགོན་པོ་འདི་ལ་བརྟེན་ནས་བར་ཆད་སེལ་བའི་གདམས་པ་ནི། བསྙེན་སྒྲུབ་སྐབས་སེམས། དུས་གཞན་དུའང་རུང་སྟེ་སྒབ་འདྲེ་རྒྱལ་བསེན་སོགས་བར་ཆད་ཀྱི་ལྟས་བྱུང་བའམ། འབྱུང་བར་དོགས་པས་མན་ངག་འདི་ཉམས་སུ་བླང་སྟེ། སྐོང་གསོལ་དང་འབྲེལ་ན་བཟླས་པའི་གཤམ་དང་། རྒྱུན་ཁྱེར་ལའང་རུང་སྟེ། བདག་མདུན་མགོན་པོ་ལྕམ་དྲལ་སྐུར་གསལ་བའི། །ཕྲག་པ་གཉིས་སུ་སྤྲུལ་པའི་བྱ་རོག་ནི། །གནམ་ལྕགས་ལས་གྲུབ་ལྕགས་ཀྱི་མཆུ་སྡེར་ཅན། །སྤུ་གྲིའི་འདབ་གཤོག་ནག་ལ་དམར་བའི་མདངས། །དེ་ལས་དེ་འདྲའི་སྤྲུལ་པ་དཔག་མེད་འཕྲོས། །བདག་ལ་གནོད་པར་བྱེད་པའི་དགྲ་དང་བགེགས། །འབྱུང་པོ་མི་དང་མི་མ་ཡིན་པ་ཀུན། །བྱེའུས་འབུ་སྲིན་བཏུས་བཞིན་སྐད་ཅིག་གིས། །བཅོམ་ཞིང་ཟོས་ནས་རྗེས་མེད་བརླག་པར་གྱུར། །ཅེས་སྒོམ་ལ་ཞལ་སྦྱོར་གྱི་ཤཱ་ས་ནའམ། ཤཱ་ས་ན་དཀྱུས་མ་བཟླ་མཐར། །སྤྲུལ་པའི་བྱ་རོག་སྤྲུལ་གཞི་གཉིས་ལ་ཐིམ། །དེ་ཡང་བདག་མདུན་ཕྲག་པ་གཡས་གཡོན་ཐིམ། །སླར་


LT40_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མགོན་པོའི་ཐུགས་ལས་རྣམ་འཕྲུལ་གྱི། །བྱ་རོག་སྟོབས་ལྡན་འཇིག་རྟེན་གང་བ་འཕྲོས། །འདབ་གཤོག་འུར་སྒྲ་དྲག་པོ་འབྲུག་ལྟར་ལྡིར། །རྐན་རྡེབ་ཚག་སྒྲ་འཇིགས་རུང་གནམ་ཐོག་བཞིན། །བར་ཆད་གནོད་བྱེད་ཐམས་ཅད་སྐད་ཅིག་གིས། །རྡུལ་དུ་བརླག་ནས་ཚུར་འདུས་ཐུགས་ཀར་ཐིམ། །འཇིགས་དང་བར་ཆད་ཀུན་ལས་རྣམ་རྒྱལ་གྱུར། ཅེས་བསྒོམས་ལ་ཤ་ས་ན་བཟླས་པས་མི་དང་མི་མ་ཡིན་པའི་བགེགས་དང་བར་ཆད་ཐམས་ཅད་ལས་རྒྱལ་བར་གསུངས་སོ། །མི་མཐུན་བར་ཆད་ཀུན་ཞི་ཞིང་། མཐུན་རྐྱེན་བཀྲ་ཤིས་འཕེལ་བའི་ཐབས། ཉམས་སུ་བླངས་ཏེ་སྒྲུབ་བརྒྱུད་ཀྱི། བསྟན་དང་བསྟན་འཛིན་དཔལ་རྒྱས་ཤོག །ཅེས་པ་འདིའང་རྡོར་སློབ་བླ་མ་ཀརྨ་མཐུ་སྟོབས་དབང་ཕྱུག་གི་བཞེད་ངོར་བློ་གྲོས་མཐའ་ཡས་ཀྱིས་གཞུང་དང་མན་ངག་ལས་འདོན་བདེར་ཁོལ་དུ་ཕྱུངས་བ་དགེ་ལེགས་འཕེལ།། །། །།


previousམ་མགོན་ཞལ་སྦྱོར་གྱི་རྣལ་འབྱོར་དང་འབྲེལ་བའི་ཕན་བྱེད་མན་ངག་ཕྲན་ཚེགས་ཟུར་དུ་བཀོལ་བ།next