Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

2 occurrences of བདག་མེད་པ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
ལེགས་སྤྱད་བྱང་ཆུབ་ཀྱི་རྒྱ་མཚོར་སྤེལ་བའི་ཚིག་གི་ཕྲེང་བཟླ་འོད་བདུད་རྩིའི་ཆར་པ།
  
  
  


2 occurrences of བདག་མེད་པ་
[Clear Hits]

 
previousལེགས་སྤྱད་བྱང་ཆུབ་ཀྱི་རྒྱ་མཚོར་སྤེལ་བའི་ཚིག་གི་ཕྲེང་བཟླ་འོད་བདུད་རྩིའི་ཆར་པ།next

ལེགས་སྤྱད་བྱང་ཆུབ་ཀྱི་རྒྱ་མཚོར་སྤེལ་བའི་ཚིག་གི་ཕྲེང་བཟླ་འོད་བདུད་རྩིའི་ཆར་པ།


LT41_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སྤྱད་བྱང་ཆུབ་ཀྱི་རྒྱ་མཚོར་སྤེལ་བའི་ཚིག་གི་ཕྲེང་བཟླ་འོད་བདུད་རྩིའི་ཆར་པ་ཞེས་བྱ་བ་བཞུགས་སོ།། །།


LT41_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་ཀུན་འདུས་བླ་མ་ཚེ་དཔག་མེད། །མདུན་མཁར་བསྔོ་བའི་དབང་པོ་མངོན་སུམ་བཞུགས། ས་གཞི་སྤོས༴ །རི་རབ༴ །སངས་རྒྱས༴ །འགྲོ་ཀུན༴ །སྐུ་གསུམ་ཡོངས་རྫོགས༴ །ཕྱི་ནང་༴ །བདག་ལུས༴ །བླ་མེད༴།ཕྱག་འཚལ་བ༴ །རབ་འབྱམས་རྒྱལ་བ་སྲས་བཅས་བརྩེར་དགོངས་ནས། །དགེ་འདི་འཁོར་གསུམ་ཡོངས་དག་བསྔོ་བར་གསོལ། །ཇི་ལྟར་འཇམ་པའི་དབྱངས་སོགས་དཔའ་རྣམས་ཀྱིས། །བསྔོས་བཞིན་རྒྱལ་བ་རྣམས་ཀྱིས་ཆེར་བསྔགས་པའི། །བསྔོ་བའི་མཆོག་ངེས་ཡོངས་སུ་བསྔོ་བར་བགྱི། །སྲས་བཅས་རྒྱལ་བས་ཚོགས་གཉིས་ཅི་བསགས་པ། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ་། །འདིས་མཚོན་དུས་གསུམ་དགེ་རྩ་


LT41_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བསྡོམས་ཏེ། །སྣང་མཐའ་སྤྱན་རས་གཟིགས་སོགས་ཕྱོགས་དུས་ཀྱི། །བཅོམ་ལྡན་སློབ་མར་བཅས་ལ་འབུལ་བགྱི་ན། །ཀུན་བཟང་མཆོད་སྤྲིན་ལྟ་བུར་འབྱུང་གྱུར་ཅིག །དེ་མཐུས་སངས་རྒྱས་བསྟན་པ་རིན་པོ་ཆེ། །དར་ཞིང་རྒྱས་ལ་ནུབ་མེད་ཡུན་རིང་གནས། །དེར་འཛིན་སྐྱེས་ཆེན་རྣམས་ཀྱི་སྐུ་ཚེ་དང་། །མཛད་ཕྲིན་དཔལ་འབྱོར་ཡར་ངོའི་ཟླ་ལྟར་རྒྱས། །དེ་ལྟའི་དགེ་རྩ་མཁའ་ཁྱབ་འགྲོ་ལ་སྦྱིན། །ཀུན་ཀྱང་བདེ་བ་དང་ལྡན་སྡུག་བསྔལ་བྲལ། །མྱུར་དུ་རྣམ་མཁྱེན་སངས་རྒྱས་ཐོབ་ཕྱིར་བསྔོ། །བདག་དང་བདག་ཉིད་མཐོང་ཐོས་དྲན་རེག་གིས། །དུས་གསུམ་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དང་། །ནད་གདོན་བར་གཅོད་མི་མཐུན་


LT41_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀུན་ཞི། །ཚེ་བསོད་དཔལ་འབྱོར་སྟོབས་དང་སྙན་གྲགས་རྒྱས། །སྙིང་རྗེ་བྱང་སེམས་ཚད་མེད་རྒྱུད་ལ་སྐྱེ། །དད་དང་གཏོང་བ་ལ་སོགས་འཕགས་ནོར་ཕྱུག །མཁོ་བ་སྦྱིན་སོགས་བསྡུད་ངོས་བཞི་ཡིས་འབྱོར། །ཕ་རོལ་ཕྱིན་པ་དྲུག་དང་བཅུ་ལ་སྤྱོད། །ཐོས་བསམ་སྒོམ་ལྡན་བསླབ་གསུམ་རྒྱན་གྱིས་མཛེས། །བྱང་ཆུབ་ཕྱོགས་ཀྱི་ཆོས་ཀུན་རྒྱུད་ལ་རྫོགས། །འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་གྱུར་ཏེ། །ཚེ་གཅིག་རྡོ་རྗེ་འཆང་དངོས་འགྲུབ་ཕྱིར་བསྔོ། །འཕོས་ཚེ་གནད་གཅོད་མི་འབྱུང་ལུས་སེམས་བདེ། །འཁྲུལ་སྣང་རང་ངོ་ཤེས་ནས་རང་སར་གྲོལ། །བླ་མ་སྣང་མཐའ་ཡས་པས་མདུན་བསུས་ཏེ། །བདེ་བ་ཅན་ཏུ་པདྨོར་བརྫུས་ཏེ་སྐྱེས། །སངས་རྒྱས་ཞལ་མཇལ་ལུང་བསྟན་རབ་ཐོབ་ནས། །ས་བཅུ་བགྲོད་ཅིང་སྤྲུལ་པས་འགྲོ་བ་འདྲེན། །རྒྱལ་བའི་སྐུ་གསུང་ཐུགས་དང་མཉམ་ཕྱིར་བསྔོ། །བསོད་ནམས་འདི་ཡིས༴ །ཐོབ་ནས༴ སྐྱེ་རྒ་ན༴ སྲིད་པའི༴ །སྐྱབས་ཀྱི་གནས་ཀུན་ཚེ་དཔག་མེད་ལ་ཐིམ། །དེ་ཉིད་རང་ཐིམ་ཡེ་ཤེས་ཡོན་ཏན་འཕེལ། སངས་རྒྱས་སྐུ༴ །ཆོས་ཉིད༴ །དགེ་འདུན༴ ཇི་བཏབ་བསྔོ་བ༴ །དེ་བཞིན་གཤེགས་པ་བསྔོ་བ་སྨོན་ལམ་ཀུན། །ཡོངས་སུ་འགྲུབ་པའི་རྒྱལ་འོད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་དྷ་རེ་དྷ་རེ་བནྡྷ་རེ་སྭཱ་ཧཱ། ཅེས་ཆགས་མེད་རིན་པོ་ཆེས་མཛད་པའི་བསྔོ་བ་རྒྱས་པའི་དོན་མ་འཛོལ་བས། །རྒྱུན་ཏུ་ཉམས་ལེན་བདེ་ཕྱིར་ཉུང་ངུའི་ཚིགས་བཅད་དུ་བསྡེབ་པ་པོ་ནི་ཡོན་


LT41_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་རྒྱ་མཚོ་སྟེ། །གཤིན་བསྔོ་སྐབས་འོད་དཔག་མེད་དང་། །གསོན་བསྔོལ་ཚེ་དཔག་མེད་དུ་བསྒྱུར་བར་བྱའོ། །འགྲོ་བ་མང་པོ་ལ་ཕན་པར་གྱུར་ཅིག །མངྒ་ལཾ། ༈ །ངེས་པར་ལེགས་པའི་ལམ་ཚང་ལ་མ་ནོར་བ་སྟོན་ཅིང་། ལོག་པའི་ལམ་མཐའ་དག་ལས་ཟློག་པར་མཛད་པ་ཨོ་རྒྱན་གྱི་སློབ་དཔོན་པདྨ་སཾ་བྷ་བའི་ཞལ་སྐྱིན། །ཐམས་ཅད་མཁྱེན་པ་ཏཱའི་སི་ཏུ་མཚན་ཡོངས་སུ་གྲགས་པ་པདྨ་དབང་ཆེན་གྱི་ཞབས་ལ་སྙིང་ཐག་པ་ནས་སྐྱབས་སུ་མཆི་ཞིང་། །འདི་ཕྱི་བར་དོ་གསུམ་དུ་ཅི་མཛད་ཁྱེད་ཤེས་ཀྱི་བློ་གཏད་ལིངས་བསྐྱུར་བགྱིན་བདག་སོགས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་མ་རིག་པས་མིག་ལྡོང་ཞིང་། ཆོས་དང་མི་མཐུན་པའི་བྱ་བ་ལ་བརྟེན་ཏེ་ངན་སོང་གི་གཡང་སར་ལྷུང་བ་རྣམས་ལ་ཐུགས་རྗེས་བྱིན་གྱིས་རླབས་སྟེ་གཟིགས་ཤིང་དགོངས་སུ་གསོལ། །བདག་དུས་འདི་ནས་བཟུང་སྟེ་ཨོ་རྒྱན་གྱི་སློབ་དཔོན་པདྨཱ་ཀ་རའི་གོང་འཕང་མངོན་ཏུ་མ་གྱུར་གྱི་བར་དུ་དམ་པའི་ཆོས་དང་མི་མཐུན་པའི་བསམ་སྦྱོར་ཕྱིན་ཅི་ལོག་ཐ་ན་རྨི་ལམ་དུའང་མི་འབྱུང་བར་ཤོག་ཅིག །སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཁྱད་པར་ངེས་དོན་སྙིང་པོ་ཕྱག་རྫོགས་ཟུང་འཇུག་གྲུབ་ཐོབ་ཆུ་བོ་བརྒྱུད་པའི་གསང་ལམ་ཀརྨ་ཀཾ་ཚང་དྭགས་རྙིང་ཟུང་དུ་འབྲེལ་བའི་བསྟན་པ་ལ་རང་དོན་ཏུ་ཐོས་བསམ་སྒོམ་གསུམ་མཐར་ཕྱིན། །གཞན་དོན་ཏུ་འཆད་རྩོད་རྩོམས་གསུམ་སོགས་སྐྱེས་བུ་དམ་པའི་བྱ་བས་བསྟན་པའི་


LT41_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོན་མེ་གཞན་དྲིང་མི་འཇོག་པར་ཡུན་རིང་དུ་བྱེད་པར་ཤོག་ཅིག། མཁྱེན་བརྩེ་ནུས་གསུམ་ཡང་མཐར་ཕྱིན་པར་གྱུར་ཅིག །གལ་ཏེ་བསྟན་པའི་བྱ་བ་མི་འགྲུབ་པར་གྱུར་ན་ཡང་རང་རྒྱུད་དགེ་ཞིང་ཉོན་མོངས་པས་མི་དཀྲུག་པར་ཆོས་དང་མཐུན་པའི་འཚོ་བས་འཚོ་སྟེ་ཁ་རོག་པར་འདུག་པར་གྱུར་ཅིག །དམ་པའི་ཆོས་ལ་དབང་ཟ་བ་དང་། །དམ་པའི་ཆོས་སྤོང་བ་དང་། སྙིང་པོའི་ཆོས་བསྣུབ་པའི་རྐྱེན་ཏུ་འགྱུར་བ་སོགས་དཀོན་མཆོག་ལ་བསྟན་པའི་སྡིག་པ་སྤུ་ཙམ་ཡང་བསགས་པར་མ་གྱུར་ཅིག །ཁྱད་པར་ངེས་དོན་སྙིང་པོའི་བསྟན་པ་ལ་རྨ་འབྱིན་པའི་བསམ་སྦྱོར་སྐད་ཅིག་མ་ཙམ་ཞིག་བྱུང་བར་གྱུར་ན་དེ་མ་ཐག་ཏུ་བདག་གི་ཚེ་དང་བསོད་ནམས་ཐམས་ཅད་ཟད་པར་གྱུར་ཅིག །ནམ་མཁའི་མཐའ་ཀླས་པའི་འགྲོ་བ་རྣམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་སྒོ་བླ་མ་ལ་སྨོད་པ་དང་། ཆོས་སྤངས་པ། ཆོས་ལ་དབང་ཟབ་སོགས་རྣམ་སྨིན་མི་ཟད་པར་མྱོང་བར་འགྱུར་བའི་ལས་བསགས་པ་དང་། བསགས་པར་འགྱུར་བ་དང་། བསགས་བཞིན་པ་ཐམས་ཅད་བདག་གི་ལས་ལ་གཅིག་ཏུ་བསྡུས་ནས་སེམས་བསྐྱེད་པ་འདི་དང་། དགེ་བའི་བསམ་པ་འདི་ལ་བརྟེན་ནས་ཐམས་ཅད་བྱང་ཞིང་དག་སྟེ་སྡུག་བསྔལ་གྱི་འབྲས་བུ་འགའ་ཡང་མི་མྱོང་བར་ཕྱིན་ཆད་བག་དང་ལྡན་པས་སྒོ་གསུམ་བསྡམ་པར་གྱུར་ཅིག །ཁྱད་པར་དུ་མངོན་ཤེས་ཤར་བར་བརྫུ་བ་དང་། །ཞལ་གཟིགས་དང་ལུང་བསྟན་པར་བརྫུབ། །བླ་


LT41_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

མ་གོང་མའི་བཀའ་དཀྲུགས་སྟེ་ཨོ་རྒྱན་སངས་རྒྱས་གཉིས་པའི་ངེས་དོན་གྱི་བསྟན་པ་ལ་སེལ་བཞག །སེམས་ཅན་གཡོ་སྒྱུས་བསླུ། །གཏེར་སྟོན་ཏུ་ཁས་འཆེ་བ་སོགས་མིན་པ་ལ་ཡིན་པར་བརྫུ་བའི་སྤྱོད་ངན་སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ་དངོས་སུ་བགྱིད་པ་ལྟ་ཅི་སྨོས། །སེམས་ལའང་མི་དྲན་པར་གྱུར་ཅིག །གལ་ཏེ་ཕྱིན་ཅི་ལོག་གི་སྤྱོད་པ་བརྩམས་པར་གྱུར་ན་དེ་མ་ཐག་ཏུ་གཅིག་ཤུལ་ཚོགས་བདག་མ་ནིང་ནག་པོ། །དཔལ་ལྡན་སྔགས་ཀྱི་སྲུང་མ། །ཁྱབ་འཇུག་དུག་གི་སྤུ་གྲི། སྐྱེས་མཆོག་བཛྲ་སཱདྷུ་རྩལ་སོགས་བརྒྱུད་པ་དྲུག་ལྡན་གྱི་གཉེར་ཁ་སྐྱོང་བའི་སྙིང་ཏིག་གཉན་པོའི་རྒྱུད་སྲུང་རྣམས་ཀྱིས་བདག་གི་མགོ་ཨརྫ་ཀ་ཡི་དོགས་པ་བཞིན་ཏུ་ཁོས་ལ་སྙིང་ཁྲག་དྲོན་མོ་ཇམས་ཟས་སུ་བཞེས། །རྣམ་ཤེས་ཀུན་བཟང་པདྨ་འབྱུང་གནས་ཀྱི་ཐུགས་ཀློང་དུ་སྦར་བར་གྱུར་ཅིག །དེ་ལྟ་མ་ཡིན་པ་ཆོས་བཞིན་ཏུ་བྱེད་ཅིང་དྭགས་རྙིང་ཟུང་འཇུག་གི་བསྟན་དང་བླ་མ་སྙིང་ལ་འཆང་། །དམ་ཆོས་གཡོ་སྒྱུ་མེད་པར་སྒྲུབ། །ཆོས་བརྒྱད་ཀྱི་རྟོག་ངན་ཚར་བཅད་པ་ལ་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་སོགས་ཆོས་དང་མཐུན་པའི་དངོས་གྲུབ་མཆོག་ཐུན་མོང་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག །བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་གཞན་དག་དང་། །ཁྱད་པར་སྙིགས་མའི་དུས་ཀྱི་རྒྱལ་བསེན་ཀླུ་གདོན་རྣམས་ཀྱིས་བརྫི་བར་མི་ནུས་ཤིང་


LT41_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་གཅོད་པས་མི་ཚུགས་པར་གྱུར་ཅིག །རང་དོན་ཡིད་བྱེད་དང་། ཐ་མལ་གྱི་སྣང་ཞེན་སེམས་ལ་འགྱུ་བར་མ་གྱུར་ཅིག །དགེ་བའི་རྩ་བ་འདིའི་མཐུས་རྡོ་རྗེ་འཆང་ཆེན་པོ་ཏཱའི་སི་ཏུ་པདྨ་དབང་ཆེན་དང་། །དཔལ་ཀརྨ་པ་ཆེན་པོ་ཐེག་པ་མཆོག་གི་རྡོ་རྗེ་དང་། །དཔལ་ལྡན་དཔའ་བོ་པདྨ་བསྟན་འཛིན། །མཁས་གྲུབ་ཀྱི་དབང་ཕྱུག་ཀརྨ་ཐེག་མཆོག་བསྟན་འཕེལ། །འགྱུར་མེད་མཐུ་སྟོབས་རྣམས་རྒྱལ་གཙོར་གྱུར་པའི་བཀའ་དྲིན་ཅན་གྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་དགོངས་པ་ལུས་རྟེན་འདི་ཉིད་ཀྱིས་བསྐང་བར་ནུས་པར་གྱུར་ཅིག །མ་རིགས་པའི་དབང་གིས་དེ་དག་ཅུང་ཟད་ཙམ་ཡང་མི་མཉེས་པར་འགྱུར་བའི་ལས་གང་དང་ཅི་བསགས་པ་ད་ཐམས་ཅད་འཕྲལ་དུ་འབྱང་བར་གྱུར་ཅིག །སླན་ཆད་མཉེས་པ་ཁོ་ན་སྒྲུབ་པ་ལས་མི་མཉེས་པའི་བྱ་བ་རྨི་ལམ་དུའང་མི་འབྱུང་བར་ཤོག་ཅིག །རྗེ་བཙུན་དམ་པ་དེ་དག་གི་སྤངས་རྟོགས་ཡོན་ཏན་ཇི་མཆིས་པ་ཐམས་ཅད་རྒྱུད་ལ་འཕོས་ནས་མྱུར་བ་ཉིད་དུ་འབྲེལ་ཐོག་གི་འགྲོ་བ་རྣམས་དང་ཆབ་ཅིག་བར་ཀུན་བཟང་རྡོ་རྗེ་འཆང་པདྨ་འབྱུང་གནས་ཉིན་བྱེད་དབང་པོའི་དཔལ་གྱི་ཐུགས་ཀློང་དང་དབྱེར་མེད་པར་འོད་གོང་ཁྱབ་བརྡལ་ལྷུན་གྲུབ་ཏུ་འཚང་རྒྱ་བར་གྱུར་ཅིག །དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱི་རླབས་ཀྱིས་དེ་དེ་བཞིན་ཏུ་འགྲུབ་པར་གྱུར་ཅིག །ཅེས་པའི་སྨོན་ལམ་འདི་སྙིང་ནས་འདེབས་པ་པོ་ནི་བཙུན་པ་ཡོན་ཏན་རྒྱ་མཚོ་སྟེ། །


LT41_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དུས་རྒྱུན་བདེ་བས་ནུས་པ་ཡོད་ན་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ཁྱད་པར་རྒྱལ་བ་ཀརྨ་པ་ཡབ་སྲས་ཀྱི་དགོངས་པ་ཚེགས་ཆུང་ངུས་བསྐང་བར་བྱས་པ་ཡིན་ནོ། །འདིས་ཀྱང་སྙིགས་དུས་ཀྱི་འགྲོ་བ་མང་པོ་ཕྱིན་ཅིང་ལོག་གི་ལམ་ལས་སྡོག་ནུས་པར་གྱུར་ཅིག །ཀརྨ་པ་མཁྱེན་ནོ། རང་ལོ་ཉེར་བདུན་པ་ལའོ། ༅ །ཨོཾ་སྭ་སྟི་སིདྡྷི་རསྟུ། །ཚེ་འོད་དཔག་མེད་མགོན་པོ་སྤྱན་རས་གཟིགས། །རྒྱལ་ཀུན་སྤྱི་གཟུགས་བདེ་འབྱུང་ཡབ་ཡུམ་སོགས། །རྩ་གསུམ་སྲུང་མར་བཅས་ཡ་སྐྱབས་སུ་མཆི། །ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པར་མཛོད། ༡ རིགས་ཀུན་ཁྱབ་བདག་མགོན་པོ་འོད་མི་འགྱུར། །ཐེག་དགུ་ཡོངས་ཀྱི་རྒྱས་གདབ་དཀྱིལ་འཁོར་པའི། །རྣམ་པར་ཤར་བ་དགོངས་པ་འདུས་པའི་ལྷར། །གུས་པས་ཕྱག་འཚལ་རྟག་ཏུ་ཐུགས་རྗེས་ཟུངས། ༢ སྙིགས་ལྔའི་མུན་པར་ཆུད་ལ་ཐུགས་རྗེའི་ཉི། །རྒྱལ་བ་ཟླ་བ་ཀུན་ལས་འཕགས་སོ་ཞེས། །བདེན་ཚིག་བསླུ་བ་མེད་པ་རྡོ་རྗེའི་བཀའ། །དུས་ལ་བབ་བོ་ཡེ་ཤེས་སྤྱན་གྱིས་གཟིགས། ༣ དཀྱིལ་འཁོར་ཀུན་གྱི་བྱེད་པོ་བླ་མ་སྟེ། །བླ་མ་ཀུན་གྱི་མཆོག་རབ་མཐར་ཐུག་པ། །པདྨ་བཛྲའི་དཀྱིལ་འཁོར་ཚོམ་བུ་དགུ། །བརྒྱུད་པར་བཅས་པའི་སྐུ་བརྙན་བཞེངས་པ་དང་། ༤ ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བྲིས་པ་དང་། །བསོད་ནམས་མཉམ་ཞིང་འབྲུ་རེར་ཌཱ་ཀི་མ། །འབུམ་ཕྲག་འདུ་བར་བསྔགས་པའི་གསེར་


LT41_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འདི། །དད་གུས་ཆེན་པོས་བཞེངས་པའི་དགེ་བ་དང་། ༥ བདག་གཞན་འགྲོ་བ་ཀུན་གྱིས་དུས་གསུམ་དུ། །རྣམ་པར་དཀར་བའི་ལེགས་བྱས་ཇི་བསགས་པ། །ཐམས་ཅད་གཅང་གྱུར་བྱང་ཆུབ་སྙིང་པོ་རུ། །འཁོར་གསུམ་མི་དམིགས་ཤེས་རབ་སྟོབས་ཀྱིས་བསྔོ། ༦ ཀུན་ཏུ་བཟང་དང་འཇམ་དཔལ་དཔའ་བོ་སོགས། །སྲས་བཅས་རྒྱལ་བས་དམིགས་པ་མེད་པ་ཡི། །བསྔོ་བ་མཆོག་གིས་ཇི་ལྟར་བསྔོས་པ་ལྟར། །བདག་ཀྱང་དེ་དང་མཚུངས་པར་བསྔོ་བར་བགྱི། ༧ བསོད་ནམས་མཐུ་ཡིས་དེང་ནས་བྱང་ཆུབ་བར། །བསམ་བཞིན་སྲིད་པར་འཇུག་པ་མ་གཏོགས་པ། །ལས་ཀྱི་དབང་གིས་ཁམས་གསུམ་རིགས་དྲུག་ཏུ། །མི་འཁྱམས་ལས་རླུང་དབུ་མར་དག་པར་ཤོག༨འགྲོ་ཕན་སྐྱེ་སྲིད་གང་དང་ཅི་སྣང་ཡང་། །རིགས་བདག་མཚོ་སྐྱེས་རྡོ་རྗེ་ཡབ་ཡུམ་དང་། །སྐད་ཅིག་རྨི་ལམ་དུ་ཡང་མི་འབྲལ་ཞིང་། །གདམས་པའི་བདུད་རྩི་ངོམ་མེད་འཐུང་བར་ཤོག༩བདེ་བ་ཆེན་པོ་པད་འབྱུང་ཡབ་ཡུམ་གྱིས། །དབང་བསྐུར་བྱིན་བརླབས་གསང་བའི་མཛོད་གཏད་ནས། །དཀའ་བ་མེད་པར་ཚེ་ལུས་གཅིག་ཁོ་ནར། །རིག་འཛིན་རྣམ་བཞིའི་གོང་འཕང་འགྲུབ་པར་ཤོག ༡༠ རྣམ་སྨིན་ཕུང་ཁམས་འཇའ་ལུས་རྡོ་རྗེར་དག །འཕོ་བཙས་ངག་རླུང་གཞོམ་མེད་རང་སྒྲར་སྨིན། །དྲན་རིག་ཀ་དག་ཁྱབ་བདག་ཆེན་པོར་གྲོལ། །པདྨའི་གསང་བ་གསུམ་


LT41_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཉམ་གྱུར་ཤོག༡༡འདུལ་བ་བཞི་ཡིས་དངོས་དང་བརྒྱུད་པ་ནས། །གང་གི་ཕྲིན་ལས་ནམ་མཁའི་མཐར་སྤེལ་ཏེ། །ཚར་གཅོད་རྗེས་བཟུང་བླ་མེད་བརྟུལ་ཞུགས་ཀྱིས། །ཐུགས་དགོངས་བདག་ཉིད་ཁོ་ནས་སྐོང་བྱེད་ཤོག ༡༢ མཁའ་ཁྱབ་ཡིད་ཅན་སྤྱི་དང་ཁྱད་པར་དུ། །བདག་ལ་དུས་གསུམ་བཟའ་ངན་པར་མ་ཡི། །འབྲེལ་བ་ཐོགས་ཚད་པདྨ་བཛྲ་ཡི། །གོ་འཕང་གདོན་མི་ཟ་བར་ཐོབ་གྱུར་ཅིག ༡༣ ཐོག་མེད་ནས་བསགས་སྒྲིབ་གཉིས་བག་ཆགས་དང་། །ཁྱད་པར་སྡོམ་པ་གསུམ་དང་འགལ་བ་སོགས། །བཅས་དང་རང་བཞིན་ཁ་ན་མ༴་ཐོ་བ། །ཐར་པའི་གེགས་རྣམས་དུས་འདིར་བྱང་གྱུར་ཅིག ༡༤ ནད་གདོན་བགེགས་རིགས་བྱད་ཟོར་གཏད་ཁྲོམ་དང་། །རྨིས་ལྟས་མཚན་ངན་ལོ་ཟླ་ཞག་ཀེག་སོགས། །སྔོན་ལས་འཕྲལ་རྐྱེན་གཟུགས་ཅན་གཟུགས་མེད་ཀྱི། །ཉེར་འཚེ་མ་ལུས་རྩད་ནས་ཞི་གྱུར་ཅིག ༡༥ གསོན་གཤིན་དགེ་འདུན་དཀོར་ལ་སྤྱོད་པ་དང་། །སློབ་དཔོན་ས་བཟུང་ཆོས་ལ་དབང་ཟོས་སོགས། །དཀོན་མཆོག་ལ་བསྟན་སྡིག་པ་ཅི་བསགས་པ། །ཐམས་ཅད་སྐད་ཅིག་ཡུད་ལ་དག་པར་ཤོག ༡༦ དུག་ལྔ་ཆོས་བརྒྱད་ལ་སོགས་ཐར་པ་དང་། །ཚེ་ཡི་གེགས་གྱུར་ནང་མུག་འཁྲུགས་རྩོད་སོགས། །སྙིགས་མའི་རྒུད་པ་ཀུན་ཞི་འཇིག་རྟེན་ཀུན། །སྡེ་བཞིའི་རྫོགས་ལྡན་གསར་པས་ཚིམས་བྱེད་ཤོག ༡༧ ཚེ་


LT41_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་དཔལ་འབྱོར་མངའ་ཐང་སྙན་གྲགས་དང་། །ཆོས་བཞིན་སྤྱོད་དང་བྱང་ཆུབ་མཆོག་གི་སེམས། །ཉམས་རྟོགས་ཡོན་ཏན་ཡར་ངོའི་ཟླ་བ་དང་། །དབྱར་གྱི་ཆུ་གཏེར་བཞིན་ཏུ་རྒྱས་གྱུར་ཅིག༡༨ཁྱད་པར་ཐུབ་བསྟན་མདོ་སྔགས་ཚུལ་སྤྱི་དང་། །སྒྲུབ་བརྒྱུད་སྙིང་པོ་འོད་གསལ་རྡོ་རྗེ་ཐེག །མཁའ་ལྟར་ཁྱབ་ཅིང་ནམ་མཁའ་ཇི་སྲིད་གནས། །ཆོས་ཀྱིས་ཕོངས་པ་མིང་ཡང་མི་གྲགས་ཤོག ༡༩ །བསྟན་འཛིན་སྐྱེས་བུ་ཐམས་ཅད་ཐུགས་མཐུན་ཞིང་། །སྐུ་ཚེ་རྡོ་རྗེ་ལྟར་བསྟན་མཛད་ཕྲིན་རྒྱས། །ཆོས་འཁོར་ཀུན་དང་ཟབ་གསང་རྫོགས་པ་ཆེའི། །བསྟན་པའི་ཉི་མ་ཕྱོགས་བརྒྱར་སྣང་བྱེད་ཤོག ༢༠ །སྐྱེ་བར་ཚུལ་གནས་ཐོས་བསམ་སྒོམ་ལ་ཞུགས། །ཕར་ཕྱིན་དྲུག་རྫོགས་སྡོམ་གསུམ་རྣམ་པར་དག །ཐེག་ཆེན་གསང་སྔགས་བཅུད་དང་རྟག་འཕྲད་ནས། །ས་བཅུ་ལམ་ལྔ་མཐའ་རུ་ཕྱིན་པར་ཤོག༢༡ལོག་པའི་ལམ་དང་མི་དགེའི་བཤེས་གཉེན་དང་། །མི་འཕྲད་བརྒྱུད་ལྡན་བླ་མས་རྗེས་བཟུང་སྟེ། །སྔགས་ཀྱི་ལྟ་སྤྱོད་ཟབ་མོ་སྒྲ་ཇི་བཞིན། །སྤྱོད་ནུས་རྡོ་རྗེ་སེམས་དཔའི་གནས་ཐོབ་ཤོག༢༢བླ་མའི་ཐུགས་དགོངས་རྫོགས་ཤིང་ཐུགས་ཡིད་འདྲེས། །ཕ་མའི་དྲིན་ལན་འཁོར་ཞིང་ཐར་ལམ་སྦོར། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོའི་སྐུ། །བདག་གཞན་འགྲོ་བ་ཀུན་གྱི་བརྙེས་པར་ཤོག༢༣ཁྱད་པར་བདག་དང་


LT41_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་ཚེ་འདི་ལ། །མཐོང་ཐོས་དྲན་རེག་འབྲེལ་བ་ཐོབ་ཀུན་དང་། །ཁྱད་པར་འཕགས་པའི་རྟེན་མཆོག་འདི་དག་ལ། །འབྲེལ་བ་ཅུང་ཟད་ཐོགས་པ་ཐམས་ཅད་ཀུན། ༢༤ ཚེ་འདིར་འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་འགྲུབ། །ཐར་པའི་ལམ་ལ་དད་དམ་ཤུགས་ཀྱིས་འཇུག །རང་གཞན་འབྲེལ་བར་བཅས་ཀུན་དགེ་ལ་སྦྱོར། །གཤིས་ངན་འཆི་རྐྱེན་གཏན་ནས་མི་འབྱུང་ཤོག ༢༥ །ཚེ་འདིས་སྣང་བ་ནུབ་ཚེ་གནད་གཅོད་ཀྱི། །ཟུག་རྔུ་མི་འབྱུང་རྩ་གསུམ་དཀྱིལ་འཁོར་ལྷས། །མངོན་སུམ་བསུས་ཏེ་བདེ་ཆེན་ཞིང་ཁམས་སུ། །བརྫུས་སྐྱེས་འོད་དཔག་མེད་པའི་ཞལ་མཐོང་ཤོག༢༦མདོར་ན་རྒྱལ་དབང་པདྨ་སཾ་བྷ་བའི། །གསང་བ་གསུམ་དང་དབྱེར་མེད་གཅིག་གྱུར་ནས། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །རྣམ་ཐར་བདག་ཉིད་ཁོ་ནས་ངེས་འགྲུབ་ཤོག༢༧རྟེན་མཆོག་འདི་ཡང་བྱམས་པའི་ཟླ་བ་ནི། །འཛམ་བུ་གླིང་གི་དཔལ་དུ་སྣང་དེ་སྲིད། །བསྟན་པའི་བཙས་དང་འགྲོ་བའི་བསོད་ནམས་ཀྱི། །ཞིང་དུ་ཉམས་པ་མེད་པར་བཞུགས་གྱུར་ཅིག༢༨དེ་མཐུས་བླ་མ་དགོངས་པ་འདུས་པ་ཡི། །བསྐྱེད་རྫོག་ནོར་བུའི་བང་མཛོད་ཁ་བྱེ་བས། །འབྱོར་ལྡན་རིག་པ་འཛིན་པའི་མྱུ་ཚོགས་ཀྱིས། །དོན་གཉིས་འཁོར་ལོ་མཁའ་ཁྱབ་སྒྱུར་བྱེད་ཤོག༢༩སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་


LT41_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུས་པའི་བྱིན་རླབས་ཀྱི། །ཇི་ལྟར་བསྔོ་བ་སྨོན་ལམ་འགྲུབ་པར་ཤོག༣༠ཅེས་དགོངས་འདུས་སྐུ་རྟེན་ཞལ་ཐང་གྲྭ་ཚང་༡༡གསུང་རྟེན་གསེར་ཆོས་པུསྟ་ཀ་བཅུ་གསུམ་བཅས་བཞེངས་གྲུབ་པའི་སྐབས། པདྨའི་རྒྱལ་ཚབ་ཏཱའི་སི་ཏུ་པདྨ་དབང་ཆེན་གྱི་བཀའ་འབབས། པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་རི་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་ཡ་ཐཱ་སིདྡྷིྷ་བནྟུ། དགེ་ལེགས་འཕེལ། ༈བསྐལ་བཟང་སྒྲོན་མེ་སྟོང་ཕྲག་ལས། །ཐུགས་བསྐྱེད་པད་དཀར་ལྟར་འཕགས་པ། །འགྲོ་མགོན་ཤཱཀྱའི་རྒྱལ་པོ་ཡི། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ཐེག་གསུམ་མཐར་ཐུག་སེང་གེའི་སྒྲ། །ངེས་དོན་འཁོར་ལོ་ཐ་མ་ཡི། །སྡེ་སྣོད་དགོངས་འབྲེལ་བཅས་པ་ཀུན། །ཡུན་རིང་བསྟན་པ་འབར་གྱུར་ཅིག །ས་བཅུའི་དབང་ཕྱུག་མ་ཕམས་པ། །ཤིང་རྟ་ཆེན་པོ་ཐོགས་མེད་མཆེད། །བརྩོད་དུས་ཀུན་མཁྱེན་ཞི་བའི་ཞབས། །དགོངས་དོན་ཚུལ་བཞིན་བཀྲལ་བ་ཡི། །བཀའ་སྲོལ་གངས་རིའི་ལྗོངས་འདི་ན། །གཟུ་བཙན་འཇིག་རྟེན་མིག་གཅིག་གི། །བཀའ་དྲིན་ཆེན་པོས་སྣང་བྱས་པའི། །བསྟན་པ་ཡུན་རིང་འབར་གྱུར་ཅིག །རིགས་ལྡན་ཆེན་པོ་ཀུན་སྤངས་པ། །རྒྱལ་བ་ཡེ་ཤེས་བྱང་ཆུབ་སེམས། །ཡོན་ཏན་རྒྱ་མཚོ་ཆོས་ཀྱི་མཛོད། །ཁྱད་པར་རྒྱལ་བས་ལུང་བསྟན་པ། །ཀུན་མཁྱེན་ཆེན་པོ་བདེ་བར་གཤེགས། །ཡོངས་རྫོགས་བསྟན་པ་


LT41_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོའི་བདག །ངེས་དོན་དབུ་མའི་ཤིང་རྟ་ཆེ། །ཆོས་ཀྱི་རྒྱལ་པོ་ཇོ་ནང་པའི། །བརྒྱུད་འཛིན་མཁས་ཤིང་གྲུབ་པའི་ཚོགས། །གྲངས་ མེད་སྤྱི་དང་ཁྱད་པར་དུ། །གསང་བདག་སྒྲོལ་བའི་མགོན་པོ་ཡི། །བསྟན་ next hit་ཡུན་རིང་འབར་གྱུར་ཅིག །ངེས་དོན་ཕྱིར་མི་ལྡོག་པའི་གཏམ། །འོད་གསལ་བདེ་གཤེགས་སྙིང་པོའི་ཚུལ། །ལེགས་པར་རྣམ་པར་ཕྱེ་བ་ཡི། །བསྟན་པ་ཡུན་རིང་འབར་གྱུར་ཅིག །འཕོ་བའི་འཇིགས་འཇོམས་རྒྱུད་ཀྱི་རྒྱལ། །ཕྱི་ནང་གཞན་དང་དེ་བཞིན་ཉིད། །ཟུང་འཇུག་རྣལ་འབྱོར་ཡན་ལག་དྲུག །ཡུན་རིང་བསྟན་པ་འབར་གྱུར་ཅིག །ཤཱཀྱ་སེང་གེའི་བསྟན་པ་ལ། །མདོ་དོན་གཞན་སྟོང་དབུ་མ་དང་། །སྔགས་དོན་རྡོ་རྗེའི་རྣལ་འབྱོར་ལས། །མཐར་ཐུག་ཆོས་ཚུལ་གཞན་མེད་པས། །ཡིད་ཆེས་བསྐལ་པ་བཟང་ལྡན་ཏེ། །རྟོགས་ནས་གཞན་ལ་སྟོན་ནུས་པའི། །དམ་པའི་སྐྱེས་བུས་ས་སྟེང་ཁྱབ། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ཅེས་པའང་འཇོ་ནང་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ལ་མི་ཕྱེད་པའི་འདུན་པ་ཅན། ཀུན་མཁྱེན་ཏཱའི་སི་ཏུའི་བཀའ་འབངས་ཐ་ཤལ་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་ཛཾ་ཐང་གི་ཆོས་སྡེར་རྟེན་འབྲེལ་ཆེད་དུ་བྲིས་པ་དགེ་ལེགས་འཕེལ། ༈བདག་གཞན་དུས་གསུམ་བསགས་དང་ཡོད་པ་ཡི། །རྣམ་དཀར་དགེ་བའི་དཔལ་ཀུན་གཅིག་བསྡོམས་


LT41_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །ཚེ་འོད་མཐའ་ཡས་རྣམ་རོལ་པ་ཆེན་མཆོག །ཤམྦྷ་ལ་ཡི་མི་འཇིགས་སེང་གེའི་ཁྲིར། །རིགས་ལྡན་དྲག་པོ་འཁོར་ལོའི་སྐུར་བཞེངས་ཚེ། །འཁོར་གྱི་འདུས་པ་དང་པོ་སྐྱེ་ཕྱིར་བསྔོ་། །དེར་ཡང་ཟབ་དོན་ཕྱི་ནང་གཞན་གསུམ་གྱི། །ཚེས་ཀྱི་བདུད་རྩིས་སྨིན་ཅིང་གྲོལ་གྱུར་ཅིག །ཅེས་པའང་སྒ་ཟེལ་དཀར་བླ་མ་ཞིག་གི་ངོར་ཡོན་ཏན་རྒྱ་མཚོས་ཇོ་བོ་སྒྱོགས་ཆེན་གདོང་རའི་མདུན་ནས་སྤེལ་བ་དགེ། ༄༅ །རྟག་བརྟན་ཡོངས་སུ་གྲུབ་པ་ཡི། །སྙིང་པོ་ཏིལ་ལ་མར་བཞིན་ཏུ། །ཡོངས་ཁྱབ་སེང་གེའི་སྒྲ་བསྒྲགས་པ། །བདེན་པ་དེ་ཡིས་བདེ་ལེགས་ཤོག ༡ འགྱུར་བ་མེད་པ་དམ་པའི་རྒྱུད། །ཟབ་ཅིང་ཕྲ་ལ་གཏིང་དཔག་དཀའ། །ཡེ་ཤེས་རྒྱ་མཚོའི་འབྱུང་གནས་དེར། །ཡིད་ཆེས་བདེན་པས་དགེ་གྱུར་ཅིག ༢ །ཀུན་རྫོབས་ཆོས་གཞན་བྲལ་བས་སྟོང་། །དོན་དམ་རང་ངོར་སྟོང་མིན་པ། །ཆ་མེད་ཀུན་འགྲོ་སྲོག་ཆེན་པོ། །བདེན་པས་ཕྱོགས་རྣམས་བདེ་མཛད་ཤོག ༣ །མ་བྱས་གཤིས་ཀྱི་དགེ་བ་སྟེ། །སྐྱེ་བ་previous hit མེད་པས་འགག་་མེད། །ཀུན་ཏུ་བདུད་རྩིའི་བདག ་ཉིད་བདེན། །བདེན་པས་སྲོག་ནི་བརྟན་གྱུར་ཅིག ༤ །སངས་རྒྱས་རིན་ཆེན་ཟ་མ་ཏོག །རྒྱལ་བ་སེང་གེའི་ཁྲིར་བཞུགས་པ། །རྡོ་རྗེ་སེམས་དཔའ་དང་པོའི་བདག །ཆོས་དབྱིངས་བདེན་པས་མི་བསླུ་ཤོག ༥ །སེམས་ཀྱི་རྣམ་དཔྱད་ཤིན་ཏུ་སྤངས། །བལྟ་བར་མི་བཟོད་ནམ་མཁའི་ལུས། །རྣལ་འབྱོར་ཡེ་ཤེས་ཡུལ་དུ་སྣང་། །


LT41_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོའི་དོན་ཕྱིར་བདེ་ལེགས་སྩོལ། ༦ །ཆུ་ཤིང་ལྟ་བུའི་སྟོང་ལས་འདས། །རྒྱུན་མི་ཆད་པའི་བདེ་བ་ཅན། །འཕོ་འཛག་ཀུན་བྲལ་ཡེ་ཤེས་སྐུ། །ས་གསུམ་དགེ་ལེགས་མཛད་གྱུར་ཅིག ༧ །ཐོག་མཐའ་མི་དམིགས་དམ་པའི་བདག །འཁོར་ཚེ་སྒྲིབ་པ་ཀུན་སྤངས་པ། །རྡོ་རྗེའི་རང་བཞིན་སེམས་ཅན་ཀུན། །སྲུང་མཛད་དེ་ཡིས་རྟག་སྲུང་མཛོད། ༨ །གཏེར་དང་འབྲས་བུའི་ཤིང་བཞིན་ཏུ། འཇིག་རྟེན་ཕན་མཛད་རིགས་གཉིས་པོ། །ཤེས་བྱ་བླ་ན་མེད་བདེན་པས། །བདག་སོགས་འགྲོ་ཀུན་བདེ་གྱུར་ཅིག ༩ །ཡེ་ཤེས་ཉིན་མོར་བྱེད་པའི་སྐུ། །པདྨ་འདབ་མ་རྒྱས་པའི་སྤྱན། །རྒྱུད་གསུམ་ཡོངས་དག་མ་ནིང་གི། །གོང་འཕང་རྡོ་རྗེའི་སྐུ་བརྙེས་ཤོག ༡༠ །ཤིས་པ་བརྗོད་པའི་ཚིག་ཕྲེང་སེང་གེའི་སྒྲ་ཞེས་བྱ་བ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་སྤེལ་བ་དགེ་ལེགས་འཕེལ། །མངྒ་ལཾ། ཤུབྷཾ། །


previousལེགས་སྤྱད་བྱང་ཆུབ་ཀྱི་རྒྱ་མཚོར་སྤེལ་བའི་ཚིག་གི་ཕྲེང་བཟླ་འོད་བདུད་རྩིའི་ཆར་པ།next