འཚོ་བྱེད་ལས་དང་པོ་ལ་ཉེ་བར་མཁོ་བའི་ཟིན་ཏིག་གཅེས་པར་བཏུས་པ་བདུད་རྩིའི་ཐིགས་པ།
འཚོ་བྱེད་ལས་དང་པོ་ལ་ཉེ་བར་མཁོ་བའི་ཟིན་ཏིག་གཅེས་པར་བཏུས་པ་བདུད་རྩིའི་ཐིགས་པ་ཞེས་བྱ་བ་བཞུགས་སོ། །
ཨོཾ་ཨ་ཐ། །ཀུན་གསལ་ངོས་སུ་བདུད་རྩིའི་ཐིག་ལེ་བཞིན། །ཆོས་དབྱིངས་མཁའ་ལ་གཟུགས་སྐུའི་འཛུམ་ཟེར་གྱིས། །རྒྱུ་འབྲས་ཉེས་པའི་མུན་པ་ཀུན་འཇོམས་མཛད། །བླ་མ་སྨན་པའི་རྒྱལ་པོར་གུས་ཕྱག་འཚལ། །རིག་པ་དཔེ་ཐོག་ལུས་པས་ལག་ལེན་དཀའ། །མ་སྦྱངས་སྨན་རྐྱལ་ཐོགས་པས་ནད་པ་སླུ། །ཟང་ཟིང་དོན་གཉེར་སྣན་པའི་མིང་འཛིན་ལ། །འདི་འདྲས་དོན་ཏུ་འགྱུར་སྙམ་འབད་པས་འགོད། །སྤྱིར་གསོ་རིག་རྒྱུད་བཞི་སོགས་ལ་བསླབས་པ་ཞིག་ཡིན་ཀྱང་ནད་ངོས་བཟུང་ཞིང་གཉེན་པོ་ཐོག་བབ་ཏུ་སྤྲད་པ་ལ་སློབ་དཔོན་ཉམས་མྱོང་ཅན་གྱི་མན་ངག་ཞལ་ཁྲིད་དུ་ཐོས་པ་དང་།
ཡུན་རིང་གོམས་པའི་མྱོང་བ་བཅས་མེད་དུ་མི་རུང་ཞིང་། རྒྱུད་དང་མན་ངག་མང་དུ་མ་ཐོས་པར་ཕྱི་རྒྱུད་རྩ་ཆུ་ཕྱོགས་ཙམ་བསླབས་ནས་གཅེས་གཏུས་ཉུང་ངུ་ཞིག་ལ་བློ་གཏད་དུ་འཆའ་བའི་སྨན་པ་རྣམས་ལ་ནི་འདི་འདྲ་ལྷག་པར་ཡང་གལ་ཆེ་བས། ནད་སྨན་སྤྲོད་པའི་ཉམས་ཡིག་དང་། ལག་ལེན་གལ་ཆེ་བ་ཁ་ཤས་ཀྱི་ཟིན་བྲིས་ཉུང་བསྡུས་འགོད་པར་བྱའོ། །དང་པོ་ནི། སྤྱིར་སེམས་ཅན་རྣམས་ཀྱི་རྒྱུད་ལ་རྒྱུ་ཉོན་མོངས་པ་དུག་གསུམ་ཡོད་པའི་དབང་གིས་འབྲས་བུ་ཉེས་པ་གསུམ་གྱི་ནད་ལྷན་སྐྱེས་སུ་གནས་ཏེ། དེའང་འདོད་ཆགས་ལས་རླུང་། ཞེ་སྡང་ལས་མཁྲིས་པ། གཏི་མུག་ལས་
བད་ཀན། དེ་དག་གཉིས་རེ་འདྲེས་པ་ལས་ལྡན་པ་དང་། གསུམ་ཀ་འདྲེས་པ་ལས་འདུས་པའི་ནད། ཤས་ཆེ་ཆུང་ལས་ནད་ཀྱི་དབྱེ་བ་མང་དུ་འགྱུར་ཡང་མདོར་བསྡུས་བཅོས་དགོས་ངེས་པ་ཡོངས་གྲུབ་ཚེའི་ནད་བརྒྱ་རྩ་གཅིག་ཏུ་གསུངས། དེ་བས་སེམས་ཅན་རྣམས་ཀྱི་རྒྱུད་ལ་ནད་མེད་པ་མི་སྲིད་ཀྱང་འབྱུང་བ་ཆ་སྙོམས་ཤིང་གདོན་གྱིས་མ་བསྐྱོད་པས་རྣམ་པར་མ་གྱུར་པ་མིན་པར་གནས་པ་ཡིན་ལ། འབྱུང་བ་མ་སྙོམས་པས་འཁྲུགས་ཤིང་རྒྱབ་བརྟེན་གདོན་གྱིས་བསྐྱོད་པས་རྣམ་པར་གྱུར་ཏེ་ན་བ་གཉིས་སུ་བྱུང་། དེ་ལ་སངས་རྒྱས་རྣམས་ཀྱིས་ཐུགས་རྗེའི་ཕྲིན་ལས་ཤར་ཏེ་མིན་པར་རིང་དུ་འཚོ་བའི་ཐབས་བཅུད་ལེན་ལ་སོགས་པ་དང་། ན་བ་གསོ་བར་བྱེད་པའི་ཐབས་སྨན་དཔྱད་ཀྱི་ཚུལ་བསམ་གྱིས་མི་ཁྱབ་པ་ཡུལ་ལྗོངས་ཀུན་ཏུ་བྱུང་བ་ཡིན་ནོ། །དེའི་ཕྱིར་ནད་ཐམས་ཅད་ཀྱི་རྩ་བ་རླུང་མཁྲིས་བད་ཀན་གསུམ་ལ་ཐུག་པས་དེ་གསུམ་གྱི་རྒྱུ། གནས་ལམ་ཡུལ་དུས། སློང་རྐྱེན་ན་ལུགས། གཉེན་པོ་རྣམས་རྩ་རྒྱུད་དུ་མདོར་དྲིལ་ཏེ་གསུངས་པ་ཙམ་ནི་བྱང་བར་ཤེས་པ་ཤིན་ཏུ་གལ་ཆེ། དེས་ན་དེ་གསུམ་ནས་བརྩམས་རིམ་པར་བཤད་པར་བྱ་སྟེ། །
དེའང་རྒྱུད་ལས། ལག་འཇུམ་སྔ་ནད་ཀྱི་སྐད་ལ་དྲིས། ཞེས་ པ་ལྟར་ཐོག་མར་ནད་དེ་སློང་རྐྱེན་གང་གིས་བྱས ། ད་ལྟ་ན་ལུགས་གང་ལྟར་བྱེད། ཟས་སྤྱོད་ཀྱི་ཕན་གནོད་ཅི་འབྱུང་ཞིབ་པར་དྲིས་ལ་གཟོད་རྩ་ཆུ་བརྟགས་ཏེ་ངེས་པ་རྙེད་པར་བྱ་དགོས་ཀྱི་དྲི་ཁོམས་ཉན་ཁོམས་མེད་པར་རྩལ་རེག་ཙམ། ཆུ་ལ་ཀྲུགས་ཙམ་བྱས་པས་ནད་ངོས་མི་ཟིན། དེ་མ་ཟིན་པས་སྨན་དཔྱད་ཕལ་ཆེར་དམན་ལྷག་ལོག །ནད་ངོ་ཕལ་པས་ཀྱང་ཟིན་པའི་གཞི་ཆུང་བ་དང་། སྟབས་ལེགས་ཀྱི་སོས་པ་རེ་ཟུང་བྱུང་བས་ང་རྒྱལ་སྐྱེས་ཏེ་ཤེས་པར་རློམས་ནས་གང་བྱུང་བྱས་པས་ཕལ་ཆེར་སྨན་དཔྱད་ཀྱི་སྐྱོན་གྱིས་འཆི་བ་མང་བས་ཤིན་ཏུ་གཟབ་དགོས་སོ། །དེ་ལ་དང་པོ་རླུང་ནད་སྤྱིའི་སློང་རྐྱེན། སེམས་ལས་ཆེ་བ། ཁྲད་ཟག་པ། འཁྲུ་སྐྱུག་མང་བ། །རིག་པ་གཅུན་དྲག་པ་ཟས་བཅུད་མེད་དང་སྐོམ་འཁྱག་པ་མང་བ་སོགས་ཀྱིས་སློང་། ནད་གཞན་རྣམས་ཀྱི་སྣ་འདྲེན་དང་མཇུག་སྡུད་ཀྱང་བྱེད་པས་དུས་རྒྱུན་དུ་རླུང་ལ་ཟོན་བྱེད་དགོས། ནད་རྟགས་གཡལ་མང་། གཉིད་ཡེར། མགོ་བོ་འཁོར། རྣ་བ་འུར། །སྙིང་དང་རོ་སྟོད་དཔྱི་རྐེད་སོགས་ན་ཞིང་གཟེར་བ་ངེས་མེད་དུ་འཕོ། །གྲོང་ཤུམ་དང་འདར་གཡེང་བྱེད། རུས་
ཚིགས་ཁོལ། སེམས་འཕྱོ་དགོང་དང་ཐོ་རངས་ལྡངས་ཤིང་སྦུ་སོ་བ་ལུ། རྩ་མགྱོགས་དལ་མ་ངེས་ཀྱང་མནན་མི་བཟོད་པར་སྟོང་པ་ཆུ་སྟེང་རྐྱལ་བ་བུས་པ་བཞག་པ་དང་མཚུངས་ལ། སྐབས་སུ་སྡོང་ཆུང་ཡང་བྱེད། ཆུ་སྔོ་ཞིང་སླ་ལ་ལྦུ་བ་ཆེ། དྲི་རོ་རླངས་པ་ཆུང་། ཚད་གཞུག་སོགས་ལ་དམར་སེར་དུ་ཡོད་ཀྱང་ཀུ་ཡ་མེད་ལ་དྭངས་ན་རླུང་ཡིན། ལྕེ་དམར་ལ་སྐོམ་ཞིང་ཟུར་དུ་འབྲུམ་ཕྲན་ཧྲོབ་ཙམ་འབྱུང་དེ་ལ་སྨན་ཤིང་ཀུན་ཉེར་ལྔ། ཨ་གར་སོ་ལྔ། ཛཱ་ཏི་བཅུ་བཞི་སོགས་སྤྱི་འགྲོ་འཕྲོད། ནད་གཞན་དང་འདྲེས་པར་དོགས་པ་ལ་ཨ་གར་བཅོ་ལྔ་ལེགས། སྨན་རྟ་ཆང་དང་རུས་ཁུ་ལ་བྱ། ཤ་རྙིང་བུར་ཞོ་སོགས་དྲོད་བཅུད་བསྟེན། དྲོ་སར་བསྡད་ཅིང་སྨྲ་བརྗོད་མང་པོ་སྤང་། ཚིག་མི་སྙན་པ་མི་སྨྲ། རླུང་སྲོང་སྤྱི་གཙུག །ཚིགས་པ་དྲུག་བདུན། བྲང་གཞུང་། གཉའ་ལྟག །རྐང་ལག་མཐིལ་བཞི་སོགས་ལ་ཛཱ་ཏི་མར་སྦྱར་རམ་ཕྱེ་འཕུར་བྱུགས། ཡང་ན་ཧོར་གྱི་མེ་བཙའ་ཞེས་གོ་སྙོད་འབྲས་བུའི་ཕྱེ་མ་དང་ཕྱེ་འཕུར་སྦྱར་བ་རས་ཐུམ་བྱས་ཏེ་མེ་ལ་ཚན་མོར་བསྲོས་པས་དེ་རྣམས་སུ་དྲོད་དུགས་བྱ། སོ་ལྔ་དང་རྩམ་པ་བསྲེས་པའམ་རྩམ་བདུག་རྐྱང་པས་
ཀྱང་ཕན་ནོ། ༈ །རླུང་དང་ཁྲག་མཁྲིས་བསྡངས་པ་ཁྲག་རླུང་ཡིན། རྩ་ཆུ་སོགས་རླུང་གཞིར་བཞག་ཐོག་དབུགས་འཚངས། རོ་སྟོད་མདུན་རྒྱབ་སྦྲགས་པའམ་རྒྱབ་ངོས་གཟེར་ཆེ། སྐབས་རེ་བདེ་ཞིང་སྐབས་སུ་ཐུ་བ་རེས་མོས་བྱེད་པ་ནད་རྟགས་ཡིན་ཀྱང་། དེང་སང་དུས་དབང་གིས་འདི་ན་མཁན་མང་ཞིང་གདོན་རྒྱབ་ཆེ་བས་ན་ལུགས་དང་ནད་རྟགས་སྣ་ཚོགས་འབྱུང་ཞིང་ངོས་ཟིན་པར་དཀའ་བས། གཟེར་མིག་སྟེང་རྩམ་པ་བྱུག་ན་ཅུང་ཞི་བ་སྙམ་བྱེད་ན་ངེས་པ་ཡིན། དེ་ལ་འཚངས་ཤས་ཆེ་ན་རླུང་ཤས་ཆེ་བས། མ་ནུ་བཞི་སྟེང་ཀོ་བྱི་བསྣན་པའི་ཀོ་བྱི་ལྔ་ཐང་། ཁྱད་པར་ཀོ་བྱི་བཅུ་གསུམ་ཟབ། ཀོ་བྱི་བདུན་པ། རྡོ་རྗེ་རབ་འཇོམས་རྣམས་ཟབ། གདོན་ཅན་ལ་ཨ་གར་ཉི་ཤུ་དང་སོ་ལྔ་ཟབ་ཀྱང་། སོ་ལྔ་བཏང་བ་ལས་གཟེར་སར་བྱུགས་པ་དང་དུ་ཚགས་སུ་འཐེན་པ་ཟབ། ཡང་ན་ཕན་བདེ་ཆར་རྒྱུན་ནང་ཚངས་པ་དབུལ་སེལ་དུ་གྲགས་པ། གུར་གུམ། བ་ཤ་ཀ །ཙནྡན་དཀར་དམར། གུ་གུལ། གླ་རྩི་དྲི་ཐོན་བཅས་ཀྱི་སྟེང་འུག་པ་ལག་པ་དང་གཟེར་འཇོམས་གང་འཛོམ་ཨར་ནག་བཅས་ཕྱེ་མར་བསྡེགས་ནས་འཐེན་པས་ཕན་ཆེ།
སྐབས་འདིར་རླུང་ལ་གནོད་པས་ཙན་དཀར་ཉུང་དགོས། ཤིན་ཏུ་འཚངས་ཆེ་ན་དེ་སྟེང་ཀོ་བྱིའི་སྦུ་བསྡེབ། དུད་འཐེན་འདིས་ཆམས་པ་སྦོར་འཚངས་དང་གདོང་སྲིན་འཚངས་ཤས་ཅན་སོགས་ལའང་ཕན། གཟེར་ཤས་ཆེན་ཁྲག་སྟོབས་ཆེ་བས་སྐྱུ་རུ་ཉེར་ལྔ་འཕྲུལ་འཁོར་ཅན། རྒྭ་ལོ་སྐྱུ་རུའི་ཁ་ཚར་ཅན། མན་ངག་བསིལ་སྦྱོར། བདུད་རྩི་སུམ་སྦྱོར་སྟེང་རུ་རྟ་ཨ་བྱག་གཟེར་འཇོམས་ཧོང་ལེན་བསྣན་པ་ཟབ། ལུས་བྱིངས་གཟེར་ངེས་མེད་བྱེད་པ་ལ་ཨ་གར་སོ་ལྔ། ཕྱི་རྒྱུད་ཨར་བརྒྱད་སྟེང་ཀོ་བྱི་ལ་སྦུ་བཞར་བསྣན་པ། ཀོ་བྱི་ལྔ་ཐང་དང་གསེར་ཐང་བཅོ་བརྒྱད། རླ་རྐང་དཔྱི་རྐེད་དུ་གཟེར་མིག་འཕོ་བ་ལ་ཕྱེ་འཕུར་བྱུག་ན་ཕན། རྐང་ནད་ཀྱི་སྨན་དང་བྱུག་པ་གཏན་ནས་མི་རུང་། ཁྲག་རླུང་སྨད་དུ་བབས་ན་འབམ་དུ་འགྱུར་བ་ཡིན། སྟོད་སྨད་གང་དུ་གཟེར་ཡང་ཨ་གར་བཅོ་ལྔ་འཕྲོད། སྟོད་སྨད་སྤྱི་སྨན་ཡིན་པས་གཞན་གནོད་མེད། ཁྱད་པར་སྟོད་འཚངས་གཉན་དང་བསྡངས་པ་ལ་སྨན་གང་བྱུང་བཏང་མི་རུང་ཞིང་སྲོག་འཛིན་ནོར་བུ་ཟབ། ཨ་གར་བཅོ་ལྔས་དེ་ལའང་མི་གནོད་པས་ཐོག་མར་བཏང་ན་ངོས་འབྱེད། ཁྲག་རླུང་ཆམས་པ་དང་བསྡངས་ན། མ་ནུ་བཞི་ཐང་། ཀོ་བྱི་ལྔ་ཐང་། སྤྲིན་བྲལ་ཟླ་ཟེར།
བསིལ་བཅུད་བཅོ་ལྔ་རྣམས་དང་། བདུད་རྩི་སུམ་སྦྱོར་ལ་སླེ་ཏྲེས། ཀཎྜ་ཀ་རི། ཨ་གར་བསྣན་པ་ཟབ། འདི་ཁྲག་རླུང་རིགས་སྤྱི་ལའང་འཕྲོད་ཆེ། ཁྲག་རླུང་གིས་མགོ་གཟེར་ན་སྨན་རྣམས་ཐོད་རུས་བཅུ་པའི་ཐང་གིས་ཕུལ། ༈ །སྙིང་རླུང་ཚིག་པ་ཟ། དོན་མེད་པར་སེམས་སྡུག །གཉིད་ཡེར་བའི་རིགས་ལ་གདོན་རྒྱབ་མེད་པ་ཆེར་མེད་ཀྱང་། ཞུང་ཆེ་ཆུང་ཡོད་པས། གདོན་ཆེན་རིགས་ལ་རིམ་གྲོ་གཙོར་བྱེད་དགོས། གཟེར་ཆེན་འབྲང་རྩེ་ཨར་བརྒྱད་ཀྱིས་ཟུག་གཅོག། །རྒྱུན་སྨན་ལ་ཨ་གར་ཉི་ཤུ་སོགས་ཨ་གར་རིགས་གང་འོས་དང་། ཁྱད་པར་རྒྱུད་ཀྱི་སྲོག་འཛིན་བརྒྱད་པ། བྱེ་རིང་སེམས་ཀྱི་བདེ་སྐྱིད། བི་མ་ལ། སྲོག་རླུང་འཇོམས་རྡོར་རྡོ་རྗེ་རབ་འབྱམས་རྣམས་མྱོས་ཁུའམ་རུས་ཁུ་གང་རུང་གིས་ཕུལ། ཡང་། ཨར་ནག །ཛཱཏི། སྙིང་ཞོ་ཤ །རུ་རྟ་སྤོས་དཀར། ཤ་ཆེན་བཅས་ཨར་ནག་དྲུག་སྦྱོར་སྙིང་རླུང་སྤྱི་ལ་ཕན། སྨན་དང་ཟས་སྤྱོད་བསིལ་གྱི་རིགས་འགྲོ་མི་རུང་། ཟླ་བ་གསུམ་བཞི་སོང་ནས་བཙན་དུག་སྨན་མར་བསྟེན་པ་ལེགས་ཀྱང་ཤེས་རབ་ཅན་ལ་གནོད་གསུངས། རིམ་གྱིས་ཇེ་དྭངས་སོང་ན་རྗེས་གཅོད་ནུ་གསང་ཁ་
བཞི། དཀར་ནག་མཚམས། ཚིགས་པ་དྲུག་བདུན་རྣམས་མེ་བཙའ་བསྡམ་དགོས་ཀྱང་ཧ་ཀྱང་བསྲེག་སྔ་མི་རུང་། མ་ཐུབ་རྐང་མཐིལ་རྒྱུ་རྩ་གཏར། རྒྱལ་གདོན་དང་བསྡངས་ན་ཁྱུང་སྟེང་ཛཱ་ཏི་བསྣན་པ་གསང་ནས་གཏོང་བ་དང་། གྲི་སྙིང་ཚད་ལྡན་མ་ཚོར་བར་སྦྱིན་པ་ཟབ། ༈ཆམས་གཞུག་ལྟ་བུར་དགོང་མོ་ཤིན་ཏུ་ལུ་བའི་གློ་རླུང་ལ། མན་རྒྱུད་ཀྱི་བསིལ་བཅུད་དགུ་པ། འབྲས་གསུམ་བདུན་པ་རྣམས་དང་། དྲང་སྲོང་ཨར་བརྒྱད་བདུན་ཐང་བསྲེས་པའི་བཅོ་ལྔ་ཆང་ངམ་རུས་ཁུས་ཕུལ་བ་ཟབ། ཡུན་རིང་ན་ཚིག་པ་བཞི་ལྔར་མེ་བཙའ་གདབ། གློ་ཡུལ་ལ་དགོངས་མོར་མར་དཀར་བྱུགས། ༈བད་རླུང་འདྲེས་པས་མགོ་བོ་འཁོར། ཞེན་པ་མི་བདེ། སྟོང་སྐྱུག་བྱེད་པ་ལ་རྒྱུད་ཀྱི་ཨར་བརྒྱད་དང་བདུད་རྩི་སུམ་སྦྱོར་སྦྱར་བའམ། དེ་སྟེང་ཙན་དཀར་དང་བ་ཤ་ཀ་སྦྱར་བའི་བདུད་རྩི་བཅུ་གསུམ། བདུད་རྩི་སུམ་སྦྱོར་སྟེང་སེ་བའི་མེ་ཏོག་བུངས་མཉམ་བསྣན་པའི་རི་ལ་དཀར་པད་སྡོང་། ཡང་ན་སུམ་སྦྱོར་སྟེང་མ་ནུའི་བུངས་མཉམ་ཀྱི་ཨ་རུ་སྐྱུ་རུ། དེ་ལྔ་དང་བུངས་མཉམ་སེ་མ་བསྣན་པས་ཕན་པ་མྱོང་གྲུབ། ཛཱ་ཏི་ཉེར་ལྔ། ཨ་གར་སོ་ལྔའང་འཕྲོད། ཁྱད་པར་བྱེ་རིང་
ལུག་ཀླང་རིལ་བུ་ཡོད་ན་ཟབ་པས་རིལ་བུ་མར་ཁུ་གྲུངས་པར་བཏབ། སྒྲོལ་མ་ཚར་གཉིས་ཀྱི་ཡུན་ཏུ་བཙོས་ནས་བཏང་། ལྟག་པའི་བདུད་སྒོ། འཚོགས་གསང་། རྣ་རྩེའི་དབུས་དྲང་པོ་ནས་སོར་རེ་རེ་གཞལ་བ་སྟེ་མགོའི་རྒྱ་བཞི་དང་སྤྱི་གཙུག་ལ་ཚུག་གམ་མེ་བཙའ་གདབ། དེ་དག་ལ་ཕྱེ་འཕུར་བྱུགས་པས་ཀྱང་གནས་སྐབས་ཙམ་ཕན་ཅིང་ཐུབ་དཀའ་ན་རྫ་མའི་འཁྲུལ་འཁོར་བྱ། རླུང་རྐྱང་གིས་མགོ་འཁོར་ཞིང་ནག་ཐམ་དང་ཟི་ཆོམ་བྱེད། རྣ་བ་འུར་ཏིང་གྲགས་པ་སོགས་ལ་སྨན་གོང་གསལ་རྣམས་དང་། ལུག་མགོ་ལོ་གསུམ་ལོན་པ་སོགས་རྙིང་པའི་རུས་ཐང་ཁ་ཚར་ཅན་ཞག་ཤས་བསྟེན་རྗེས། སྣ་རྩེ་ནས་རང་སོར་བཅུ་གཉིས་གྱེན་དུ་གཞལ་མཚམས་མཚོག་སྲང་དང་། སྤྱི་གཙུག་གི་སྐྲ་འཁྱིལ་དབུས་གཙུག་སྲང་བཅས་གཉིས། ལྟག་རུས་འབུར་པོའི་གཤམ་སྣེ་འགའ་ཞིག་ལ་ཀྱོང་ཙམ་ཡོད་པ་ལྟག་པའི་བདུད་སྒོ་ཟེར་བ་བཅས་གསུམ་དུ་ལུས་བསྲང་བའི་དབུས་དྲང་པོར་ཚུག་གམ་མེ་བཙའ་གདབ། འདི་རྣམས་ལ་རླུང་སློང་བས་གཏར་ཁ་མི་རུང་ངོ་། ༈ །རླུང་ཁྲག་པུས་མོར་བབས་པ་ཅེ་སྦྱང་མགོ་དང་གཉན་གྱི་སྐྲངས་རྒོད་ནོར་སོ་ཆེ་བས། །
གཉན་ལ་བ་སྤུའི་ཁུང་བུ་མི་མངོན། རླུང་སྐྲངས་ལ་མངོན་ཅིང་། ཚ་དྲོད་ཆེ་ཡང་སྐྲངས་མདོག་སྐྱ། སྐར་ཆུས་རེག་བྱ་ཉམས་པར་བྲན་པས་གཉན་སྐྲངས་ཡིན་ན་གཟེར་ཞི་འགྲོ། །དེ་ལ་གཉན་བཅོས་བྱ། རླུང་སྐྲངས་ཡིན་ན་ཕྱུར་འོང་བས། ཚྭ་སྒོག་སྐྱ་མར་དཀར། རྩམ་པ་བཅས་ཕྱེ་བོལ་བྱས་ནས་དྲིལ་ཕྱིས་དང་འབྱར་ནན་བྱས་པས་ཞིའོ། །ཁོང་སྨན་སྤོས་དཀར་བཅུ་པ་དང་ཨར་བརྒྱད་སོགས་བསྡེབས་པའམ་ལྟག་སྤྲད་དུ་བཏང་། མཁྲིས་པའི་སློང་རྐྱེན་ནི། ཆང་བཟང་པོ་དང་ཤ་ཁུ། སྣམ་རྙིང་དང་ཟས་སྐོམ་བཅུད་སྣུམ་བསྟེན་ཆེ་བ་དང་། སྤྱོད་ལམ་དྲག་ཤུལ། མེ་ཉིས་དྲོས་ཆེ་བ་སོགས་ཀྱིས་སློང་། ནད་རྟགས་གཟེར་མི་འཕོ། ཁ་ཁ། སྐོམ་དད་ཆེ། མིག་སྤྲིན་སེར་བའམ་དམར། ལུས་ལ་ཚ་དྲོད་ཆེ་ཞིང་ཉོབ། ཁྱད་པར་མགོ་བོ་དང་མིག་རུས་ལྟག་པ་ན། ལུད་པ་ཚྭ་བྲོ། །ཞེན་པ་ལོག །རྩ་རྒྱུད་ཕྲ་ཞིང་གྲིམས་ལ་མགྱོགས་པར་འཕར། ཆུ་སེར་ཁ་ཆེ་ཞིང་དྲི་དང་རོ་དུགས། ལྦུ་བ་ཕྲ་སེར་སངས་སླ། ལྕེ་ལ་བད་ཀན་སེར་པོ་ཆགས། དྲོ་བས་གནོད། བསིལ་བ་འཕྲོད། དེ་ལ་མགོ་ན་བ་ཤས་ཆེ་ན་མགོ་ཐང་གསུམ་པ་དང་བཅུ་གསུམ་པ་བཏང་། སྨན་དར་མ་ལ་རྒྱུད་ཀྱི་ཏིག་བརྒྱད་རྒྱ་ཏིག་དངོས་
སྦྱར་བ། གཡའ་ཀྱི་ཉེར་ལྔ། ཏིག་ཏ་ཉེར་ལྔ་སོགས་མཁྲིས་སྨན་སྤྱི་ཁྱབ་བཏང་། རྒན་པོ་ལ་མཁྲིས་ལས་རྣམ་རྒྱལ་ལྟ་བུ་རླུང་མི་སྐྱེད་པའི་འཇམ་པོ་བཏང་བ་ལེགས། ཁྲག་མཁྲིས་རྟགས་ཆུ་ལ་དམར་མདངས་ཡོད། རྩ་ཁེངས། རོ་སྟོད་གཟེར་བ་སོགས་ལ་ཙནྡན་བཅོ་བརྒྱད། །གླང་ཆེན་རིགས། སྐྱུ་རུ་འཕྲུལ་འཁོར་ཅན། གུར་གུམ་མཆོག་བདུན་དང་ཏིག་བརྒྱད་བསྲེས་པའི་གུར་ཏིག །གི་ཏིག་རྣམས་ཟབ། དཔྲལ་རྩ་དང་། རུ་ཐུང་ཨན་ཙམ་གཏར། བད་མཁྲིས་ནད་རྟགས་གོང་མ་རྣམས་ཀྱི་སྟེང་དུ་ཆུ་སྐྱུར་སྐྱུགས། ཞེ་ལྡོག །རྩ་ཁ་བྱིང་ཞིང་གཏིང་གྲིམ། ཆུ་དཀར་སེར་སོགས་ལ་ཏིག་བརྒྱད་དང་བདུད་རྩི་སུམ་སྦྱོར་དང་བསྲེས་པ། རྒྱུད་ཀྱི་ཅོང་ཞི་དྲུག་པ། རིལ་དཀར་པད་སྡོང་། མན་ངག་བསིལ་སྦྱོར། སེ་འབྲུ་པདྨ་འདབ་བརྒྱད། གསེར་མདོག་བཅོ་བརྒྱད་རྣམས་ཟབ། མཚོག་སྲོང་དབྱེ། རྒྱབ་རྩ་དྲུག་འདུས་དང་གསེར་མདུང་གཏར། རླུང་མཁྲིས་བསྡངས་ནས་མགོ་གཟེར་འཕོ་ལེན་སྐྱེ་འབྲི་བྱེད་ལུས་འདར་བ་སོགས་ལ་གསེར་མདོག་ལྔ་པ། མཁྲིས་ལས་རྣམ་རྒྱལ་དང་ཨ་གར་བརྒྱད་པ་ལྟག་པ་སྤྲད། ཆང་ནད་དང་བསྡངས་པའི་མཁྲིས་པ་ལ་མཁྲིས་ལས་རྣམ་རྒྱལ་གྱིས་སེལ། སྤྱིར་ཆང་
རག་གིས་ན་བའི་རིགས་ལ་ནངས་སྔ་ཆང་རག་ཁར་མ་སོང་གོང་། དཀར་པོ་དྲུག་སྦྱོར་ཐུན་རེ་བཏང་བས་ནད་སྐྱོན་མི་འབྱུང་ཞིང་ལུས་བདེ་བར་བཤད། མཁྲིས་སྲིན་བསྡངས་ནས་མགོ་གཟེར། སྐབས་སྐབས་ཚ་འབྲབ་བྱེད། སྲིན་ཚང་གཟེར་བ་ལ་ཚེ་བྷྲཱུྃ་ལུགས་ཀྱི་གར་ནག་བཅོ་ལྔ་ཐེང་ཆོག་ཡིན། གསེར་མདོག་བཅུ་གཅིག་བཟི་ཡོད། གུར་ཁྱུང་རྣམས་དང་། མཁྲིས་པའི་སྤྱི་སྨན་ཀྱང་འཕྲོད། མུར་གོང་འཕར་རྩ་གཏར། མཁྲིས་པ་སྣོད་དུ་བབས་པའི་གྲང་མཁྲིས་རྟགས། བསིལ་དྲོད་ཀྱི་ཕན་གནོད་མི་ཆོར། ཕོ་བ་ཅུང་གཟེར་ཞིང་འཁྲོག །ཁ་ཁ། ཞེ་ལྡོག །ཁ་ཟས་མི་ཞུ་བ་ལ། གསེར་མདོག་ལྔ་པ་ཁ་རྐྱང་ངམ། དེ་དང་ཞི་དྲུག་བསྲེས་པའི་གསེར་ཞི་ཁ་སྤྲོད། པདྨ་འདབ་བརྒྱད། གཡའ་ཀྱི་བདུན་པ། མཁྲིས་ལས་རྣམ་རྒྱལ་སོགས་བཏང་ཕོ་བར་བབས་ནས་མཁྲིས་ཁུ་སྐྱུགས། ཕོ་བ་གཟེར་བ་ལ་བྲག་ཞུན་དགུ་བ། བདུད་རྩི་སླེབ་ཆོག་བཟི་ཆུང་ཅན་བྲག་ཁྱུང་བཟི་ཆུང་ཅན་ཡོད་པ་བཅས་ཟབ། ནད་འདི་གཉན་རིམས་དང་བསྡངས་པ་མང་བས་སྨན་འདི་རྣམས་བཏང་བ་ཤིན་ཏུ་ལེགས། རྒྱུ་མར་བབས་ནས་སར་པོ་འཁྲུ་བ་ཁྲིས་ཕྱེ་བདུན་པ་དང་། བྲག་ཞུན་དགུ་པ་ཟབ། སྣོད་མཁྲིས་ཕོ་བའི་གཡས་ངོས་གཟེར་བ་ལ་གར་ནག་བཅུ་པ་ཁོ་ན་ཟབ། གྲང་མཁྲིས་ཁ་ལུད་པ་ལ་གར་ནག་བཅུ་སྟེང་ཁ་ཆེ་དོམ་མཁྲིས་ཁ་ཚར་
བཏབ་པ་ཟབ། སྤྱིར་སྣོད་མཁྲིས་ཀྱི་རིགས་ལ་གར་ནག་སྦྱོར་བ་ཐམས་ཅད་ཟབ། དྭངས་མ་གནས་འཇོག་གཤམ་གསལ་ཡང་མཁྲིས་པའི་ནད་རིགས་ལ་ཕན་ཆེ་བ་ལག་བླངས་མའོ། །མཁྲིས་པ་བཤལ་ལས་མི་འདའ་བ་ཡིན་པས་མཁྲིས་ནད་ཐམས་ཅད་དང་ཁྱད་པར་སྣོད་བབས་ཀྱི་མཁྲིས་ནད་ལ་ཨ་རུ་གསེར་བཤལ་མཆོག་ཏུ་བསྔགས། བཅུ་པ་མཁྲིས་སྲོང་དང་མེ་མཉམ་སྲང་ལ་མེ་བཙའ་རྒྱབས་པས་གྲང་མཁྲིས་རྗེས་གཅོད་ཕན། མཁྲིས་པཀྵ་ཡ་སྣོད་དུ་ལྷུང་བ་ལ། གུར་གུམ་མཆོག་བདུན། ཏིག་བརྒྱད་སྟེང་གཡའ་ཀྱི་བསྣན་པ་ཟབ། སྨན་གྱིས་མཆོག་ཡུན་རིང་ལུས་པས་མཁྲིས་པ་ཤ་ལྤགས་ལ་གྲམ། མིག་རྩ་ཤ་མདོག་སེར། ཆུ་རྟགས་སྐྱེར་ཁུ་ལྟ་བུ་བྱུང་ན་མན་ངག་རྒྱུད་ཀྱི་ཏིགྟའི་མང་སྦྱོར། གཡའ་ཀྱི་ཉེར་ལྔ། གཡའ་ཀྱི་བདུན་པ་སོགས་ཟབ། མཁྲིས་པ་ཐམས་ཅད་ལ་ཉིན་མོ་གཉིད་མི་ལོག །བསིལ་སར་དལ་བར་བསྡད། ཆུ་བསིལ་བསྐོལ་གྲང་། འབྲས་དང་ཆག་ཆེའི་ཐུག་པ་སླ་མོ། །རི་དྭགས་སོགས་ཀྱི་ཤ་གསར། བ་མར་གསར་པ་སོགས་བསྟེན་ཅིང་དྲོད་བཅུད་ཀྱི་སྤྱོད་ལམ་དང་ཟས་སྐོམ་སྤང་བར་བྱའོ། ༈ །བད་ཀན་གྱི་ནད་སློང་བའི་རྐྱེན། ཧ་ཅང་དལ་བར་སྡོད་ཆེ་བ་དང་། ས་ཆུ་མ་འཕྲོད་པ། བཟའ་བཏུང་མ་ཞུ་བ། ལུས་ཟུང་རྒས་པ་སོགས་
སྐྱེད། ནད་རྟགས་ལུས་སེམས་ལྕེ་བས་འགུལ་སྐྱོད་མི་འདོད། ཟས་མི་འཇུ། དྲང་གཞན། ཁ་མངལ། ཕོ་བ་དང་མཁལ་རྐེད་མི་བདེ། ཚིགས་མཚམས་ལྷོད་རྩ་བྱིང་ཞིང་གུད་ལ་དལ་བར་འཕར། ཆུ་དཀར་ལ་ཉོག་ཅིང་ལྦུ་བ་ཞིབ། ལྕེ་སྐྱ་ཞིང་གླེགས་ལ་མདངས་མེད་པ་ནི་བད་ཀན་སྐྱ་བོ་རང་རྒྱུད་ཅན་ཡིན་པས། བདེ་བྱེད་སྙམས་ལྡན། ཕག་གྲུའི་སྦྱོར་བ། རྒྱུད་ཀྱི་ཅོང་ཞི་ཅུར་ནིས། ཅོང་ཞི་བསིལ་སྦྱོར། སེ་འབྲུའི་སྦྱོར་བའི་རིགས་བཅས་ལེགས། སྒ་ཆུ་བཀོལ། རྒྱམ་ཚྭ་བཞི་ཐང་། ནངས་མོ་ཆུ་བཀོལ་རྒྱུན་འཐུང་བྱ། འབྲུ་རྙིང་གི་བཙོས་ཟན། ལུག་དང་གཡག་རྒོད་ཤ །ཆང་ནར་སོན་རྣམས་འཕྲོད། ཧ་ཅང་དལ་བར་མི་སྡོད་པར་རྟེན་ལ་བསྐོར་བ་སོགས་རྩོལ་བ་གཅག་པ་ནི་བད་ཀན་སྤྱི་ལ་གཅེས། དཔྱད་ཀྱི་མཆོག་སྐྱུགས་ཡིན་ཀྱང་གཅོང་ཅན་དང་རྒན་པོ་སོགས་ལ་མི་འཕྲོད། བཅུ་གཉིས་པ་སོགས་བད་ཀན་གསང་མེས་བསྡམ། ༈ །མཁྲིས་པ་ཕོ་ཁར་འདྲིལ་ནས་ཕོ་ཐོག་རང་ཡང་མིན་པ་དང་ག་མི་བདེ། ཐས་སྐོམ་མི་ལེན། བད་རྟགས་ཀྱང་ཡོད་པ་དེ་བད་ཀན་སེར་པོ་ཡིན་པས། སེ་འབྲུ་པདྨ་འདབ་བརྒྱད་སོགས་བད་མཁྲིས་ཀྱི་སྨན་དང་། གོང་བཤད་རྣམས་ལྟག་པ་སྤྲད། ༈ །བད་ཀན་ཁྲག་མཁྲིས་དང་འདྲེས་པ་སྨུག་པོ་ཡིན་ཅིང་། ནད་རྟགས་ཕོ་མཆིན་དང་རོ་རྒྱབ་གཟེར།
སྐབས་སུ་མགོ་བོ་སོགས་ངེས་མེད་ན། གྲང་ཚ་ཆུ་སྐྱུར་སྐྱུགས། ཁྲག་རུལ་དུད་ཁུ་འཁུ་སྐྱུགས་བྱེད། རྩ་སྦོམ་ལ་གུང་མོའི་འོག་གི་རྩ་གཉིས་ཞན། ཆུ་སྨུག་ལ་ཉག་པ་འབྱུང་། རྒྱུད་ལས་རྣམ་འགྱུར་བཅུ་གསུམ་དུ་གསུངས་ཀྱང་མདོར་བསྡུ་ན་དང་པོ་ཆུ་སྐྱུར་སྐྱུགས་པའི་ལོ་མ་ཤར་ཚེ་སྨུག་པོ་ཚ་བའི་དུས་ཡིན་པས་དྲོད་བཏང་མི་ཉན། ཐང་ཆེན་ཉེར་ལྔ་བཏང་། སྤྱིར་སྨུག་པོ་གྲང་རྐྱེན་མ་གཏོགས་སྟོད་སྨད་བར་གསུམ་ཐམས་ཅད་དུ། ཐང་ཆེན་ཉེར་ལྔ་ཁོ་ན་ཟབ་ཆེ་བས་རྒྱུན་དུ་བཏང་དགོས། སྨུག་པོ་གཡུལ་རྒྱལ་ལམ་སྟོད་ལུགས་ཅོང་ཞི་ཉེར་གཅིག །བདུད་རྩི་སུམ་སྦྱོར་དང་ཨར་སྐྱུར་བསྡེབས་པའི་ལྔ་སྦྱོར། རྒྱུད་ཀྱི་ཅོང་ཞི་དྲུག་པ། ཅོང་ཞི་བསིལ་སྦྱོར། ཅོང་ཞི་ཉེར་ལྔ་དང་དགུ་པ། མན་རྒྱུད་རྡོ་རྩི་སྔོ་གསུམ། གསེར་མདོག་བཅོ་བརྒྱད་རྣམས་དང་། སྐབས་སུ་མ་ནུ་བཞི་ཐང་དྲོ་འཇམ་ཡང་བསྟེན། ཁྲག་སྟོབས་ཆེ་ན། སྐྱུ་རུ་ཉེར་ལྔ། གི་ཝཾ་དགུ་པ། མན་ངག་བསིལ་སྦྱོར། གླང་ཆེན་བཅོ་བརྒྱད་རྣམས་བཏང་། དེས་ཆུ་མདོག་དམར་སྨུག་དྭངས། ཟས་མི་ཞུ་ཞིང་སྦྲན་དུག་ལྟར་ན། བར་དུ་རྒྱབ་ཤལ་སྐྱུགས་པའི་ལོ་མ་ཤར་ཚེ་ཚ་གྲང་འཐབ་པའི་དུས་ཡིན་པས་སྨན་སྔ་མ་རྣམས་དང་། ཁྱད་པར་གཡུ་དྲིལ་བཅུ་གསུམ། ཅོང་ཞི་ཅུང་ནིས། བདེ་བྱེད་སྙོམས་
ལྡན། བདེ་བྱེད་ཀུན་ཕན་ཟླ་ཤེལ་ཆེན་མོ། །བདེ་བའི་མྱུ་གུ། ཀ་རུ་ཁ་སྦྱོར་རྣམས་བཏང་། ཁྱད་པར་འོག་ཏུ་འབྱུང་བའི་དུང་རུ་བཅོ་བརྒྱད་ཟབ། མདོར་ན་བསིལ་དྲོད་སྙོམས་པའི་ལྟག་སྤྲོད་བསྟེན་དགོས། འདི་རྣམས་སྤྱི་འགྲོའི་སྨན་ཡིན་ཅིང་སྨུག་པ་གཞིར་བཞག་གི་ནད་ལ་ཕོ་བ་མི་བདེ་བ་ཤས་ཆེ་ན་བད་ཀན་བཅོས། མཆིན་པ་ལ་ཁྲག་བཅོས། རྒྱུ་མ་ལ་མཁྲིས་བཅོས། ལོང་ལ་རླུང་བཅོས་ཤས་ཆེར་དགོས་པ་སོགས་རིག་པས་འཕྲུལ། དཔྱད་གསེར་བཤལ་དང་མཁྲིས་བཤལ་སོགས་བཏང་། སྐབས་འདིའམ་གཞན་དུ་མ་ཞུ་དུག་ཐབས་སོགས་ཀྱིས་ཉི་དྲོས་ནས་གཟེར་ཞིང་གཡས་ངོས་མཆིན་པ་ལ་ཟུག་ཡད་ན། གི་ཝཾ་དང་གངས་ཐིག་ཆ་མཉམ་ཉི་ཟླ་ཁ་སྦྱོར་དུ་གྲགས་པས་སེལ་ཞིང་། འདུས་ནད་སོགས་ཀྱི་གཞུག་ཏུ་མཆིན་གློ་ལུ་བ་ལའང་ཆེས་ཕན། ཐ་མ་དུད་ཁུ་སྐྱུགས་པའི་ལོ་མ་ཤར་ཚེ་ཐོག་མར་ཁྲག་ལ་མཆོད་མཆོད་ཕྱེད་པ་གནད་ཆེ་བས། ལོ་ཉུང་ཟུང་བཟང་རིགས་ལ་གོང་གསལ་སྨན་རྣམས་གཏོང་བས་རང་བཞིན་ཆོད་པའང་ཡོད་པས་དེ་ལ་ཡག་ཉེས་མེད་ཕྱིར་དེ་རིགས་རྒྱུན་སྨན་ཏུ་བྱ། ཟས་སྤྱོད་རྒྱུན་རིང་གཟང་བ་གནད་ཆེ། མདུན་རྒྱབ་སྟོད་སྨད་བར་གྱི་རང་སྲང་བསྡམ་ཟུངས་ཟད་རྒས་པ་ཁྲག་ལ་མ་མཆོད་ན་གླང་ཆེན་བཅུ་གསུམ་ལ་ཁ་ཆེ་དང་དོམ་
མཁྲིས་བཏབ་པ། མདོར་ན་ཁྲག་གཅོད་རིགས་དང་ཁྱད་པར་ཐང་ཆེན་ཉེར་ལྔར་ཁ་ཆེ་གུར་གུམ་འདབ་ལོག་བསྣན་པས་བཅད། སྨུག་པོ་བརྡོལ་བ་སོགས་ལ་ཉམས་ཡིག་གི་སྨུག་པོ་ཚ་རྐྱེན་སྐབས་སུ་ཡོད་པའི་གླང་ཆེན་བཅུ་གཅིག་པ་རྣོ་བས་ཐོག་མར་བཏང་གསུངས། རྒན་པོ་དང་ཟུང་ཟད་རིགས་ཁྲག་ལམ་མཆོད་ན་བཅོས་དཀའ་བས་སྨན་གང་གསལ་བཏང་། ལུས་ཟུངས་གསོ། །རླུང་སྲང་མནན་ཅིང་རླུང་སྨན་བཏང་བ་སོགས་རླུང་ལ་བྱ་ར་གལ་ཆེ། ཆོད་ནའང་རླུང་གི་ཁྲིད་ནས་སྐྱ་རྦབ་དང་ཆུ་གཞིར་འགྱུར་ཉེན་ཆེ་བས། དགོངས་མོར་ད་ལི་བཅུ་དྲུག། ནང་མོར་ལྕགས་ཕྱེ་བཅོ་ལྔ། དྭངས་མ་གནས་འཇོག་སོགས་སེ་འབྲུའི་རིགས། ཉིན་གུང་ལ་ཅོང་ཞི་ཅུར་ནིས་སོགས་ཅོང་ཞིའི་སྦྱོར་བ་བཏང་། ཟས་སྔོ་ཚོད། ལ་ཕུག །ཇ་ཁྲེབ། འོ་རློན། རུལ་སྐྱུར། ཞོ་ཆང་མ་ལངས་པ་ཤིང་ཏོག་མ་སྨིན་པ། ཤམ་ཚོས་པ་དང་ཚིག་པ་ཁེང་པོའི་རིགས་སོགས་ཡུན་རིང་བར་ཤིན་ཏུ་འཛེམ། གསར་བཅུད་རིགས་ཀྱིས་ལུས་ཟུང་གསོ། །སྤྱོད་ལམ་མེ་ཉི་བསེར་བུ་སོགས་སྤངས་ནས་བསིལ་དྲོད་སྙོམས། རྩོལ་བ་གཅག་རླུང་སྲང་སྟོད་སྨད་དང་བད་ཀན་རང་སྲང་བསྡམ། འདི་ལ་གཏར་བཤལ་ཡག་ཉེས་ཆེ་བས་གཏན་ནས་མི་རུང་ངོ། །མཐར་གྲང་བལ་བབས་ནས་མཁལ་སྐེད་ན། ཁམས་ཟག །ཁ་ཟས་གཏན་ནས་མི་ཞུ་བ་སོགས་
ལ་འོག་གི་གྲང་རྐྱེན་ལྟར་བཅོས། ༈ །བྱེ་བྲག་སྨུག་པོ་ཚ་རྐྱེན་ནམ་ཁྲག་རྐྱེན་ཞེས་པ། ཕོ་མཆིན་རོ་སྟོད་དུས་རྒྱུན་གཟེར། སྐབས་སུ་མགོན། ལུས་ཁམས་ཉོ་བ། ཞེ་ལྡོག །ཟས་མི་འཇུ་བ་སོགས། སྟོད་ནས་སྨད་དུ་བབས་པའི་རིགས་ལ། མནུ་བཞི་ཐང་། ཐང་ཆེན་ཉེར་ལྔ། ནང་སྨན་དྭངས་མ་གནས་འཇོགས་སོགས་སེ་འབྲུའི་རིགས། མན་རྒྱུད་གངས་ཏིག་བཅུ་དྲུག །སྔོ་རྩི་རྡོ་གསུམ་སྦྱོར་བ་གཉེན་པོ་བདུན་སྦྱོར། མན་རྒྱུད་སེ་འབྲུ་བཞི་པའི་ཁ་སྒྱུར་རིགས། མན་ངག་བསིལ་སྦྱོར། ཅོང་ཞི་བསིལ་སྦྱོར། ཕྱི་རྒྱུད་ཅོང་ཞི་དྲུག་པ། བདུད་རྩི་སུམ་སྦྱོར་དང་ལྔ་སྦྱོར། གསེར་མདོག་བཅོ་བརྒྱད་སོགས། ཉིན་གུང་ལ་གླང་ཆེན་རིགས། གསེར་རྩི་བཅོ་བརྒྱད། གི་ཝཾ་དགུ་པ། མན་རྒྱུད་སྔོ་སྦྱོར། ཕྱི་རྒྱུད་ཨུཏྤལ་བརྒྱད་པ། གཡུལ་རྒྱལ་སོགས་བཏང་། ནུབ་མོར་ཟླ་ཤེལ། བདེ་མྱུག །གྲུབ་ཐོབ་རིལ་དཀར། རྒ་ལོ་སྐྱུ་རུའི་ཁ་ཚར་ཅན། སྐྱུ་རུ་ཉེར་ལྔ། མན་བསིལ། ཅོར་བསིལ་སོགས་ཀྱང་བཏང་། ཟས་སྤྱོད་གཟབ། རྗེས་གཅོད་མ་གཏོགས་དཔྱད་གཞན་མི་རུང་ཡང་། རུ་ཐུང་། རྒྱབ་རྩ་དྲུག་འདུས། ཐེབས་ན་སྣོད་ཀ་དང་མཆིན་མཁྲིས་འདོམས་རྩ་སོགས་གཏར། གཟེར་ཚབ་ཆེ་ན་ཆུ་རྡེའི་དུགས་བྱ། མཆིན་པར་ཁྲག་རྒྱས་ཆེ་ན་གླང་ཆེན་རིགས་བཏང་། རུ་ཐུང་གཡས་པ་སོགས་གཏར་ཁ་ཤིན་ཏུ་འཕྲོད་ཆེ།
རྗེས་གཅོད་རིན་ཆེན་རིལ་བུ་བཏང་བ་ལེགས། སྤྱིར་ཟླ་ཤེལ་བཏང་གང་རུང་ལ་རིན་ཆེན་རིལ་བུ་བཏང་བ་ཟབ། ༈སྨུག་པོ། རྐྱེན་མ་ཞུ་བའི་རྒྱུ་ལས་བྱུང་བ་ཟས་མི་ཞུ། སྒྲག་པ་བྱེད། བེ་སྣབས་སྐྱུགས། འཕོ་བ་འཚིང་ཞིང་གཟེར། ལུས་ཁམས་ཉོབ་པ་སོགས་ཀྱི་མཐར་གཅོང་སྡེ་དྲུག་ཏུ་འགྱུར་ཉེན་ཆེ་བས། རྒྱམ་ཚྭ་བཞི་ཟང་། མན་རྒྱུད་སེ་འབྲུའི་རིགས། ཅོང་ཞི་ཅུར་ནིས། །ཕྱི་རྒྱུད་སེ་འབྲུའི་སྦྱོར་བ་དང་། ད་ལིའི་སྦྱོར་བའི་རིགས་གང་བདེ་གང་འཕྲོད་སྐབས་བསྟུན། རྒྱམ་ཚ་དྲུག་པ། སེ་འབྲུ་ཅུར་ནིས། བདེ་བྱེད་སྙོམས་ལྡན། ཕག་གྲུའི་སྦྱོར་བ། བཅོ་ལྔ་དྲག་སྦྱོར། གཡུ་དྲིལ། ཅོང་ཞི་འཕྲུལ་ཐལ་སོགས་རྡོ་སྦྱོར་དང་ཚྭ་སྦྱོར་རིགས་འཕྲོད། གསར་བཅུད་ཀྱིས་ལུས་ཟུངས་གསོབ་ཙམ་ལས་ཟས་འཛེམ་ཤིན་ཏུ་ཆེ་དགོས། ལྟོ་སྨྱུང་ཞིང་ཞོག་པ་སོགས་ལ་ཆུ་བཀོལ་ཡང་ཡང་འཐུང་། མཐར་ཚྭ་ལའི་འཕྲུལ་བཤལ་གཙོས་པའི་སྦྱོང་དང་སྐྱུགས་ཀྱི་དྲང་། རྗེས་གཅོད་རང་སྲང་མདུན་རྒྱབ་མེས་བསྡམ། གྲང་རྐྱེན་རིགས་ལ་རིན་ཆེན་རིལ་བུ་མི་འཕྲོད་ཅིང་རིན་ཆེན་མང་སྦྱོར་ཟབ། སྨུག་པོ་ཚྭ་གྲང་ཐོག་མ་ནས་འཐབ་པའི་རིགས་ཀྱང་ཡོད་པས་སྨན་བསིལ་དྲོད་སྙོམས་པས་གཉིས་ཀ་ཟུང་འབྲེལ་དུ་བཅོས་པ་སོགས་རིགས་པས་འཕྲུལ་ཤེས་པར་བྱའོ། ༈བད་ཀན་མགུལ་འགགས་སམ་གྲེ་ཐོག་གི་རྟགས། །
བྲང་རྒྱབ་དང་ཕྲག་མིག་གཟེར། བྲང་ཚ། སྐབས་སུ་གྲེ་བ་དང་ལྕེ་ཐོག་ཏུ་སྦུ་ཡོད་པ་འདྲ་བ་དང་། ཕྲེང་རྡོག་ལྟ་བུ་ཡར་འགྲོ་ཕྱིར་འགྲོ་བྱེད་པ་འབྱུང་། རྒྱུད་དུ་དབྱེ་བ་བཅོ་བརྒྱད་ཙམ་གསུངས་ཀྱང་བསྡུ་ན་ཚ་འགགས་གྲང་འགགས་གཉིས་སུ་འདུ་བ་ལས། ཚ་འགགས་ཟུག་ཤིན་ཏུ་ཆེ། རྩ་ཅུང་ཟད་གྲིམ། ཆུ་མདོག་སེར། གྲང་འགགས་ཟུག་གཟེར་ཆུང་། རྩ་སྟོང་ཞིང་ལྷོད་ཆུ་མདོག་སྔོ། །དེ་གཉིས་ཀ་ལ་ཐོག་མར་མན་ངག་བསིལ་སྦྱོར་ཚད་ལྡན་ཞག་ཤས་བསྟེན། དེ་རྗེས་ཚ་འགགས་བད་ཁྲག་ཤས་ཆེ་བ་ཡིན་པས། སྤང་རྒྱན་བཅོ་ལྔ་དང་ཉེར་ལྔ། མཁའ་འགྲོ་བཅུ་སྦྱོར་རྒོད་གཡག་ཁྲག་གིས་ཕུལ་བ་རྣམས་ཕན་ཆེ། གྲང་འགགས་ལ་ཉང་ལུགས་རྡོ་ཐལ་ཉེར་བདུན། གཉིས་ཀ་ལ་བེ་ཁྲག་ཉེར་ལྔ་ཚད་ལྡན། འབྲང་ཁྲག་དྲུག་པའམ་བརྒྱད་པ། གོ་རེ་བཅུ་བདུན། བད་ཁྲག་ཤས་ཆེ་ན་སྐྱུ་རུ་ཉེར་ལྔ། རྒྭ་ལོ་ལ་སྐྱུ་རུ་བུངས་སྐྱེད། སྤང་རྒྱན་དཀར་པོ་འཁོར་སྨན་གཅིག་དང་ཆ་མཉམ་བསྣན་པ་ཟབ་ཅིང་། གུར་གུམ་བཅུ་གསུམ་དང་བདུད་རྩི་སུམ་སྦྱོར་བསྲེས་པའམ་དེ་གཉིས་ལྟག་སྤྲད་བཏང་། མར་བབས་ནས་ལྷེན་དང་ཕོ་བར་འདྲིལ་ན་ཕོ་ཐོག་བཅོས་བྱ། ཡར་བབས་ནས་ལྕེ་ལ་འབྲུམ་པ་བྱུང་ན་གྲི་ལྕགས་ཀྱི་ཏེལ་པས་བསྲེག །ལྕེ་རྒྱས། སྐད་འགགས་པ་སོགས་བྱུང་ན་ལྕེ་རྩ་གཏར། ཟས་རྩམ་ཡིབ། ཤ་ཐུད་རུལ་པ། རྒྱུ་ཁྲག །མ་སྨིན་པའི་རིགས་ཐམས་ཅད་ཤིན་ཏུ་གནོད་ཅིང་ཁྱད་པར་ལུག་ཤ་རྙིང་པ་
ཟོས་ན་བཅོས་སུ་མེད་པས་རྟག་ཏུ་སྤང་། གྲེ་ཐོག་ཕོ་ཐོག་གཉིས་ཀར་ཚིག་ཧྲོག་གི་རིགས། ཇ་སྣུམ་ཚིག་སོང་བ། གྱང་པོའི་རིགས་རྣམས་དང་། ཕོར་གྲིབ་གོས་གྲིབ་སོགས་གྲིབ་རིགས་ཤིན་ཏུ་འཛེམ་པ་གལ་ཆེ། སྔ་དྲོ་ཟ་འཐུང་ཉུང་ཙམ་བྱེད། ཕྱི་དྲོ་ལྟོ་ཆས་ཤིན་ཏུ་འཛེམ། སྐྱུགས་འཕྲོད། རྫས་གཅོད་ཚ་འགགས་ལ་གསལ་ན་ཐང་རྩ་དང་། མི་གསལ་ན་རྩེའུ་ཆུང་ཞད་ཙམ་གཏར། གྲང་འགགས་ལ་རྐེ་ལྟོང་ལྷེན་སྲོང་ཚིགས་བཞི་པ་བསྲེག །སྤྱིར་མེ་བཙའ་སྔ་མི་རུང་ཞིང་རྗེས་གཅོད་ལ་ལེགས། གནམ་ཆོས་ལུགས་སོགས་ཀྱི་སྔགས་རྣམས་དང་། ལག་འཁོར་གཞན་ནས་འབྱུང་བ་ལྟར་བྱས་ལས་ཕལ་ཆེར་ལ་དེ་ཁོ་ནས་ཕན་པའང་འབྱུང་། ཡང་གཉན་ནད་དང་ཚ་ཤས་མེད་པའི་རིགས་ལ་མེ་བཙའ་ཁོ་ནས་བཅོས་ཚུལ་སྙན་བརྒྱུད་མ་ནི། སྤྱིར་མེ་སྔགས་སོགས་སྤང་བའི་ཡུལ་ནད་ཚང་བཞི་དང་། གདབ་པའི་དམིགས་འབྲོས་འཕྲོང་དགུ། །སྤྱིའི་འབྲོས་འཕྲང་གཉིས་རྣམས་སུ་ཡོད་པ་ལས། དང་པོ་ནི། རྐེ་ལྟོང་ཅར་ཁུང་ནས་གྱེན་ཏུ་ཚོན་ཕྱེད་བཅལ་བ་ནད་ཚང་འོག་མ། །དེ་ནས་གྱེན་དུ་སོར་ཕྱེད་བཅལ་བ་ནད་ཚང་བར་མ། ཨོལ་མདུད་ཀྱི་མགོ་ནི་ནད་ཚང་ཆེན་མོ། །དེ་ནས་གྱེན་དུ་ཚོན་ཕྱེད་བཅལ་བ་ནད་ཚང་གོང་མ་སྟེ། དེ་བཞི་ལ་བསྲེག་ན་ནད་གཏོར་ཞིང་སྲོག་ལ་རྒོལ་ངེས་པས་རྣམ་པ་ཀུན་ཏུ་སྤང་བར་བྱའོ། །གཉིས་པ་ནི། ནད་ཕོག་ནས་ཟླ་བ་གཅིག་གི་བར་དུ་
སྔར་བཤད་པའི་ཞི་བྱེད་རིགས་བསྟེན། དེ་ནས་ཟླ་བ་གཉིས་པ་ལ་མེ་བསྲེག །དེ་ལས་སྔ་ན་འཚང་ལ་ཕོག་པས་འཚོ་དཀའ་ཞིང་། ཕྱི་ན་འབྲོས་ཚར་བས་ཕན་གནོད་མེད། འོན་ཀྱང་ཅུང་ཕྱི་ན་འཕྲང་སྔོན་མ་མ་ཆོད་ཀྱང་རྗེས་མ་གང་ཡིན་དེ་བཀག་པས་ཨེན་ཙམ་ཕན། དེ་ལ་ཐོག་མར་རྐེ་ལྟོང་ཅར་ཁུང་དང་། ནད་ཚང་འོག་མའི་གཡས་གཡོན་ནས་ཐད་དུ་གཞལ་བའི་ཚོན་རེའི་སར་བཅས་གསུམ་ལ་བསྲག །དེ་ནས་ཞག་གསུམ་ནས་ནད་ཚང་བར་མའི་གཡས་གཡོན་ཚོན་རེའི་ས། །དེ་ནས་ཞག་གསུམ་ན་ནད་ཚང་ཆེན་མོའི་གཡས་གཡོན་ཚོན་རེའི་ས། །དེ་ནས་ཞག་གསུམ་ནད་ཚང་གོང་མའི་གཡས་གཡོན་བཅས་རིམ་བཞིན་སྲེག་པ་ནི་འཕྲོས་འཕྲང་དགུ་དགག་པའོ། །དེ་ནས་ཞག་གསུམ་ན་ཕྱིའི་འབྲོས་འཕྲང་བསྡམ་པ་ནི། རྐེ་ལྟོང་ནས་གཡས་གཡོན་འཕྲག་མིག་བར་ལིང་ལིང་འཕར་བའི་རྩ་རྩེ་ཡོད་པས་གཡས་སུ་བྲོས་པས་མཆིན་ཐོག་དང་། གཡོན་ཏུ་བྲོས་པས་ཕོ་ཐོག་ཏུ་འགྱུར་བ་ཡིན་པས་འཕྲག་མིག་ནས་རྐེ་ལྟོང་བར་ཚོན་རེ་དང་ཚོན་ཕྱེད་རེ་སྤེལ་མར་གཅིག་རྗེས་གཅིག་མཐུད་དུ་མེ་བཙའི་ཕྲེང་བ་གདབ། དེ་རྣམས་ཀྱི་བར་བར་དུ་སྔགས་ཟབ་མོ་ལག་བླངས་ཅན་ཆུ་དང་མར་ལ་བཏབ་ནས་ནད་ཚང་རྣམས་མ་གཏོགས་པ་ཀུན་ལ་བྱུགས། ནད་ཚང་བཞི་པོར་མེ་སྔགས་གང་ཡང་མི་གདབ་པ་གནད་ཤིན་ཏུ་ཆེའོ། ༈ །བད་ཀན་ཕོ་ཐོག་ཟས་སྐོམ་ཁར་སོང་ཚད་ཡར་
སྐྱུགས་ནས་ལུས་པོ་ཇེ་སྐོམ་དུ་འགྲོ་བ་ཐམས་ཅད་ཀྱིས་ཤེས་སླ་ཞིང་ལས་ནད་ལྟ་བུས་བཅོས་དཀའ་ཡང་། མྱིད་དཀྱུས་ནད་ཐུར་དུ་བབས་ནས་ཕོ་བར་འདྲིལ་བ་ལ་རྡོ་ཐལ་ཉེར་ལྔའམ་ཉེར་བདུན་གྱིས་བཤིགས། གྲང་ཤས་མ་ཞུའི་རྒྱུར་བྱས་པའི་ཕོ་ཐོག་ལ་ཉང་ལུགས་རྡོ་ཞུ་ན། བདེ་བྱེད་སྙོམས་ལྡན། ཅོང་ཞི་ཅུར་ནིས། བཅོ་ལྔ་དྲག་སྦྱོར། བེ་ཁྲག་ཉེར་ལྔ། སེ་འབྲུའི་རིགས་ལ་རྡོ་ཞུན་སྦྱོར་བ་བསྡེབས་པ་འབྲི་གུང་གཅེས་བསྡུས་ལྟར་ཟབ། ཁྱད་པར་སེ་འབྲུ་དར་གདུགས་ཅན། སེ་འབྲུ་ཉེར་ལྔ་སྨན་བྱིངས་དང་བུངས་མཉམ་པའི་རྡོ་ཐལ་བསྣན་ལ་སྟར་ཁ་་གྱིས་འདམ་བཏགས་བྱས་ནས་རིལ་བུ་དྲིལ་བ་ལ་བདུད་རྩི་རིལ་དཀར་ཟེར་བ་སྟེ་དེ་གཉིས་ཤིན་ཏུ་ཟབ། །དེ་ལ་སེ་འབྲུ་དར་གདུགས་ནི། གཙོ་བོ་སེ་འབྲུ། །དེ་དང་བུངས་མཉམ་པྲི་ཡང་ཀུ། འཁོར་སྨན་ཨ་རུ་ལི་ཤི་ཅོང་ཞིའུ་སུ་རྣམས་ཆ་མཉམ་པ་སྟེ་སྨན་འདི་ཕོ་ཁ་གཟར་གསོགས་ཕོ་ནད་ཀྱི་རིགས་ཐམས་ཅད་ལ་ཟབ་ཅིང་སྐྲན་ལའང་ཤིན་ཏུ་འགྲོ་བ་ཞིག་གོ། །ཟས་སྤྱོད་འཛེམ་བྱ་གོང་གི་མགུལ་འགགས་སྐབས་ལྟར་སྤང་བླང་གལ་ཆེ། དཔྱད་ལ་ཁྲག་ནི་གཏན་ནས་མི་རུང་། སྨན་ཡུན་རིང་བསྟེན་པས་ཇེ་དྲག་སོང་ནས་རྗེས་གཅོད་ལྷེན་སྲང་། མེ་མཉམ་ཁ་གསུམ། སྐྲན་སྲང་བཅས་མེ་བཙའ་ལྔས་བསྡམ། །དེ་རྗེས་ཐུ་ཚབ་ཆེ་ཆུང་དང་བསྟུན་པའི་བདུན་གསུམ་མམ་ཟླ་བ་གཅིག་ཙམ་གྱི་མཚམས་སུ། བྲང་གཞུང་
དཀར་ནག་མཚམས། །དེ་ནས་ཡར་ཚོན་རིང་གང་གི་མཚམས། ཡང་ཚོན་རིང་གང་མཚམས་གཅིག་བཅས་གསུམ་བཞག །སྔ་ཕྱིའི་མེ་བཙའ་བརྒྱད་པོ་དུས་གཅིག་ཏུ་བཞག་ཀྱང་རུང་། །དེ་དག་གིས་གྱེན་དུ་དེད་ཐུབ་པའི་ནད་རྟགས་བྱུང་ནས་སྨན་མུས་མི་སྐྱུར་བར་འཐུང་རིམ་གྱིས་བདུན་གཉིས་གསུམ་གང་རུང་མཚམས་རྐེ་ལྟོང་ཅར་ཁུངས་ལ་གཅིག །དེའི་གཡས་གཡོན་ནས་གྱེན་གསགས་ཚོ་ན་རིང་རེ་གཞལ་བའི་ཙཎྜ་གཉིས་ཀྱི་སྣེ་ཙམ་ལ་རེ་རེ་སྟེ་གསུམ་བཞག །ཡང་བདུན་གཉིས་གསུམ་ཕན་ཆད་མཚམས་སྔར་བཞག་པའི་ཙཎྜའི་སྣེ་གཉིས་ནས་ཚོན་རེ་གྱེན་དུ་གཞལ་བའི་མཚམས་སུ་རེ་རེ། ཡང་ཚོན་གང་རེ་ཡར་བཞལ་བའི་མཚམས་སུ་རེ་རེ། ཡང་དེ་འདྲ་གཅིག་བཅས་ཁྱོན་བསྡམས་གཡས་གཡོན་གཉིས་ལ་གསུམ་གསུམ་དྲུག་དུས་གཅིག་ཏུ་བཞག་པ་ནི་མེ་བཙའི་ར་བ་དགུ་སྐོར་ཟེར། །དེ་རྣམས་རྐེ་རྨན་དང་མ་ཐུག་པའི་ཤ་མེག་ཏུ་གདབ། སྤྱིར་ཨོལ་མདུད་ནས་གཡས་གཡོན་ཕུན་རེ་ཇི་མཚམས་གཉིད་ལོག །ཡང་ཕུན་གང་མཚམས་ཙཎྜ། ཡང་ཕུན་གང་མཚམས་རྩ་ནག་གཉིད་ལོག་ཡོད་པའང་ཤེས་པར་བྱའོ། །མི་མཁས་པ་ཁ་གཅིག་ཨོལ་ཁྲོང་སྟེང་ནས་གྱེན་དུ་མེ་བཞག་པ་ནི་མི་སྲོག་མྱུར་ལེན་ཡིན་པས་སྤང་བར་བྱའོ། །དེ་རྗེས་ལྕེ་ལ་འབྲུམ་པ་རྡོལ། ལྕེ་རྒྱས། སྐད་འགགས་པ་སོགས་བྱུང་ན་ནད་གྱེན་དུ་ཐོན་པའི་རྟགས་ལེགས་པས་ལྕེ་རྩ་གཡས་གཡོན་གང་རུང་གཙག་བུ་
རྣོན་པོས་ཧྲད་ཧྲད་བྱེད་ནས་གཏར། ཁྲག་རྗེས་ཆོད་དཀའ་ན་རུས་སྲེག་གླན། ཚན་མོ་འཐུང་བས་ཆོད་པའང་ཡོད། ད་དུང་མཆོད་ན་མགོ་ཐོག་ཆུ་ཕྱར་བ་དང་། ཁ་ནང་ཆུ་འཁྱག་གིས་ཡང་ཡང་བཀང་བ་དང་། ཁྲག་གཅོད་སྔགས་གདབ། ལར་ཁྲག་གཅོད་སྔགས་རྣོན་པོ་ཞིག་གཏར་ག་བྱེད་པས་མ་ཤེས་ཐབས་མེད་པ་ཡིན་ནོ། །ལྕེ་ལ་འབྲུམ་པ་རྭ་ལྟ་བུ་བྱུང་ན་ཟངས་སྦུབས་སུ་དྲངས་ལ་ལྕགས་ཏེལ་གྱིས་བསྲེག་པོ་ཐོག་གྲེ་ཐོག་གཉིས་ཀར་ཤེས་ཤིང་ནུས་ན། འཇམ་དཔལ་ན་ག་རཀྵ། ཁྱུང་ནགས་འོག་གདོན་འཇོམས། དུས་འཁོར་ཁྱུང་ཁྲ་སོགས་ཁྱུང་ཁྲའི་རིགས་གང་རུང་གི་རྗེས་གནང་ཞུ་ནས་བསྙེན་པ་ཚུལ་བཞིན་བསྐྱལ་བ་ཤིན་ཏུ་ཟབ་ཅིང་གདོན་རྒྱབ་ཆེ་བ་ཕལ་ཆེར་ལ་སྨན་དཔྱད་ལས་ཀྱང་སྔགས་དམིགས་ཟབ་ཆེ་བར་སྣང་། སྨན་སྔགས་གཉིས་བསྡེབས་ན་ཕན་ཁ་ལྷག་པར་ཆེ་ཞིང་། །ནད་གྲོལ་བའི་རྟགས་སུ་དབང་པོའི་སྒོ་རྣམས་ནས་རྣག་ཁྲག་ཆུ་སེར་སྲོག་ཆགས་སོགས་དངོས་སུ་དོན་པའམ། རྨི་ལམ་དུ་བྱུང་ཡང་ཕན་ངེས་པ་ལག་བླངས་ཅན་ནོ། ༈། མ་ཞུ་བའི་ནད་རྒྱུ་རྐྱེན་དྲིས་བས་ཤེས་སླ་ཡང་། ལོ་རྒས་པ་སོགས་ཀྱིས་མེ་དྲོད་ཉམས་ནས་ཟས་ཟོས་མ་ཐག་ན། སྦོ་འཁྲོག་སྤྲེག་པ་སོགས་གྲང་རྟགས་སྟོན་པ་དང་། ཟས་ཟ་ཉེས་ཀྱིས་ན་བ་གཉིས་ཡོད། མ་ཞུ་གསར་པའི་རིགས་ལ་རྩ་སྦོམ་ཞིང་འཁྲད། མ་ཞུ་རྙིང་པ་ལ་ཤེད་ཆུང་ཞིང་རྩ་རྒྱུད་ཕྲ། ཆུ་ལམ་ཞུ་
བ་གང་ཡིན་དེའི་དྲི་ངད་ཞིབ་ཏུ་བརྟགས་ན་ཅུང་ཟད་བྲོ། ཁ་ཟས་ཟ་ཆེ་བ་སོགས་ཀྱིས་མ་ཞུ་བ་ལ་ཟས་སྨྱུང་བར་གནས་པ་གལ་ཆེ། སྔ་མ་མ་ཞུ་སྟེང་ཕྱི་མ་ཟོས་ན་སྨན་གྱིས་ཕན་དཀའ། མེ་དྲོད་ཉམས་པ་ལ་དྲོད་སྨན་གལ་ཆེ། མ་ཞུ་སྤྱི་ལ་རྒྱ་མ་ཚྭ་བཞི་ཐང་། ཡེ་འབྲུའི་སྦྱོར་བའི་རིགས། ཅོང་ཞི་ཅུར་ནིས། རྒོད་མ་ཁ་ཕྱེ་སོགས་འཕྲོད། མ་ཞུ་གསར་པ་ལ་ཞི་བྱེད་དྲུག་པ། དཀར་པོ་དྲུག་སྦྱོར། བཅོ་ལྔ་དྲག་སྦྱོར་རྣམས་དང་། རྙིང་པ་ལ་རུ་རྟ་དྲུག་པ། གཡུ་དྲིལ། ཟླ་ཤེལ། རྣམ་རྒྱལ་རིལ་བུ་སོགས་བཏང་། ཡུན་རིང་ལོན་ནས་རིན་ཆེན་རིལ་བུ། རིན་ཆེན་མང་སྦྱོར། དབང་རིལ་རྟ་རིམ། ཤེལ་དཀར་མཆོད་རྟེན་སོགས་དུག་གི་བཅོས་ཁོ་ན་བྱ་དགོས། ལྷེན་སོགས་ལའང་འདི་དང་མཚུངས་ཤིང་མ་ཞུ་བ་འདི་གཅོང་སྡེ་དྲུག་ཐམས་ཅད་ཀྱི་རྩ་བ་ཡིན་པས་ཐོག་མ་ནས་ཇ་འཁྱག་པ། ཟས་ཞུ་དཀའ་བའི་རིགས་སོགས་སྤངས་ནས་མི་འབྱུང་བ་ལ་འབད་ཅིང་། བྱུང་མ་ཐག་བཏང་སྙོམས་མི་བཞག་པར་བཅོས་པ་གལ་ཆེ། སྐབས་འདིར་མཁོ་གལ་ཆེ་བ་མ་ཞུ་ཁོང་ནད་ཀུན་གྱི་སྤྱི་སྨན་དཀར་པོ་དྲུག་གི་སྦྱོར་བའི་འཕྲུལ་འཁོར་ནི། མ་ནུ། སྒ་སྐྱ། ཨ་རུ་ར། །ལྕུམ་རྩ། །ཅོང་ཞི། བུལ་ཏོག་དྲུག་པོ་རིམ་བཞིན་ཆ་རེ་བསྐྱེད་པ་ནི་རྩ་བ་ཡིན་ལ། དེ་སྟེང་རྩམ་པ་མ་ཞུ་ན་ཕབ་དང་བུལ་ཏོག །ཤ་མ་ཞུ་ན་སྤྱང་ཀིའི་ཕོབ་དང་སོ་བྱ་བྱ་རྒོད་ཕོ་བ་དང་གྲེ་བ་བསྣན། ཡང་ན་སོག་ཡུའི་ཐང་གིས་
ཕུལ་ཡང་ཆོག །སྔོ་རྔད་མ་ཞུ་ན་ཟ་འབྲུ་དང་དབྱི་མང་། མར་ཚིལ་མ་ཞུ་ན་ཅོང་ཞི་རྒོད་བཏུལ། རྡོ་རིགས་མ་ཞུ་ན་མཚུར་དང་ཆ་ལ་སྨན་མ་ཞུ་ན་བོད་དཀར་པི་ལིང་རྣམས་བསྣན། ཆང་མ་ཞུ་ན་ཕབ་བསྣན་ལ་ཆང་གིས་ཕུལ། ཡང་ན་སོག་ཚིགས་ཐང་གིས་ཕུལ། ཇ་དང་ཆུ་མ་ཞུ་ན་ཚྭ་སྣ་ཚེགས་ཚད་བསྡེབས་པའམ་ལོ་བརྒྱད་དྲི་ཆུས་ཕུལ། ཞོ་དར་མ་ཞུ་ན་ཆུར་ཁུས་ཕུལ། འབྲུ་མར་མ་ཞུ་ན་སྲན་མའི་ཐང་གིས་ཕུལ། དྭངས་མ་མ་ཞུ་ན་རྒྱ་མ་ཚྭ་དང་པི་ལིང་བསྣན་པ་དང་། སེ་འབྲུ་བཞི་སྟེང་རྒྱ་མ་ཚྭ་པྲི་ཡང་ཀུ་བསྣན་པ་བཅས་ལྟག་པ་སྤྲད། སྙིགས་མ་མ་ཞུ་ན་སེ་འབྲུ་བཞི་སྟེང་། བཅའ་སྒ་རྒྱ་མ་ཚྭ་གུར་གུམ་དབྱི་མང་བྱི་ཏང་ག་བསྣན་པའི་ལྒ་རྒོད་དགུ་པ་དང་ལྟག་པ་སྤྲད་མ་ཞུ་སྤྱི་ལ་གོ་ཐལ་བསྡེབ། ལྕུམ་ནག་རྩ་བ་བུངས་བསྐྱེད་བཏང་། བྱེར་ན་འོ་མ་ལ་ལན་ཚྭ་བཏབ་བས་བསྡུས་ལ། དེད་དཔོན་བཞི་སྦྱོར་ཐར་ཁ་་བཅས་བསྣན་པའི་བཤལ་གྱིས་སྦྱོང་བ་ལེགས། ཁ་ཚར་འདི་རྣམས་རྒྱུད་ཀྱི་དགོངས་པ་ཡིན་པས་ཞི་དྲུག་ལའང་རིགས་འདྲེས་ན་ཟབ་བོ། །ཡང་དེ་ལ་དམར་དཔང་རི་ལ་ཉེར་ལྔ་དང་། རྒྱུད་ཀྱི་ཅོང་ཞི་རུག་པ། རུ་རྟ་དྲུག་པ། དཀར་པོ་དྲུག་སྦྱོར། ཞི་བྱེད་དྲུག་པ་བཅས་སྨན་ཚོ་བཞིའི་ནང་འབབ་འཕར་ཐམས་ཅད་འཕྲིས་ནས་ཕྱོགས་སུ་བསྡེབས་བདུང་རུ་བཅོ་བརྒྱད་ཟེར་བ་འདིའང་མ་ཞུ་བ་དངོས་དང་། དེས་རྒྱུ་ བྱས་པའི་ནད་རིགས་གང་ལའང་ཕན་པ ་ཆེ།
དྭངས་མ་གནས་འཇོགས་ནང་ནུས་པ་ཚྭ་བའི་རིགས་ཆ་འཕྲི། རྒྱ་མ་ཚྭ་ཆ་བསྐྱེད་པས་མ་ཞུ་བ་དང་མཁྲིས་ནད་སོགས་ལའང་ཤིན་ཏུ་ཕན་པ་མྱོང་གྲུབ་བོ། ༈ །སྐྲན་ནི་དང་པོ་མ་ཞུ་བ་ས་བསྐྱེད། ཡུན་ལོན་པ་སྐྲན་དུ་སྨིན་པ་སྟེ་རྣམ་གྲངས་མང་ཡང་ཚ་གྲང་གཉིས་སུ་འདུ། རྩ་རྒྱུད་ཞན་ཅིང་འཕར་ལུགས་ཞར། ཆུ་ལ་སྤྲིས་མ་དུམ་བུར་ཆད། ཕྱི་སྐྲན་དངོས་སུ་མཐོང་ཞིང་། ནང་སྐྲན་གར་ཡོད་དུ་ཟུག་བྱེད་ཅིང་གར་ཡོད་ཐད་དུ་དྲེགས་པ་ཆགས། ལྟོ་སྟོང་ནད་པ་གན་རྐྱལ་དུ་ཉལ་ནས་ལག་པས་མྱོང་བས་འདྲིལ་བ་མཐོང་། གསར་པ་རྣམས་ཚ་ཤས་ཆེ། རྙིང་ནས་གྲང་ཤས་ཆེ། དེ་ལ་ཚ་སྐྲན་མཁྲིས་རྟགས་ཤས་ཆེ་བ་ལ། གར་ནག་རིགས་བྱེ་རིང་གི་མེ་མཉམ་ཆེན་མོ་སོགས་དང་། ཨེ་ཝཾ་ནང་གི་སྐྲན་སྨན་རྣམས་འཕྲོད། གྲང་སྐྲན་དེ་ལས་ལྡོག་པ་ལ། ཉང་ལུགས་རྡོ་ཐལ། བཅོ་ལྔ་དྲག་སྦྱོར་སོགས་དང་། རྒྱུད་ཀྱི་ཅོང་ཞི་འབྲུལ་ཐལ་ལྷག་པར་ཟ་བ་ལྷེན་སྐྲན་ཟས་མི་ལེན་སྐྱུགས་པ་ལ་ཕྱི་རྒྱུད་ཚ་སྲེག་སྦྱོར་བར་སྟར་བུ་བུངས་ཆེ་ཙམ་བསྣན་པ་ཡུན་རིང་བཏང་། བས་བཤིགས་རྗེས་ཚ་ལའི་འཕྲུལ་བཤལ་བྱེད། དེ་རྗེས་ལྷེན་སྣ་ཀྲུམ་ཀྲུམ་གྱི་སྣེ་ནད་པའི་ཚོན་གང་གི་མར་སྣ་ལྷེན་སྲང་ལ་མེ་གདབ། ཕོ་སྐྲན་སོགས་ཚ་བ་ཆེན་དེ་འོག་ཚོན་གང་གིས་དང་། །དེ་ནས་གཡས་གཡོན་ཏུ་ཚོན་རེ་བཅལ་བ་བཅས་ཁ་གསུམ་དང་། དབུས་ནས་འོག་ཏུ་ཚོན་གང་གིས། གོང་གི་
ལྷན་སྲང་བཅས་ལྔ་ཚོམ་དུ་གདབ། སྣོད་ཀྱི་རྒྱུ་མའི་མཁྲིས་སྐྲན་ལ་གསར་མདོག་བཅུ་གཅིག་དང་། སྐྲན་སྨན་ལྟག་པ་སྤྲད་པ་སོགས་བབ་ཡུལ་གྱི་དབྱེ་བས་གཉེན་པོ་འཕྲུལ་ཤེས་དགོས། དཀར་པོ་དྲུག་སྦྱོར་ལ་མགྲོན་ཐལ་ཆ་མཉམ་དུ་སྦྱར་བ་དང་། བདུད་རྩི་སུམ་སྦྱོར་སྟེང་རྡོ་ཐལ་དང་སྟར་ཁ་སྦྱར་བ་ཀུན་ལ་འཕྲོད་ཅིང་། རྒྱུ་ལོང་ལ་བབ་ན་སྨན་ཕྱི་མའི་སྟེང་དུག་ཉུང་བོད་དཀར་སྙ་ལོ་བསྣན་ཅིང་ཐར་ནུའི་བཤལ་གྱིས་སྦྱང་། ཚ་གྲང་གཉིས་ཀྱི་རྗེས་གཅོད་དུ་སྐྲན་གྱི་ཕྱི་ནས་ཚོན་རེ་ཙམ་གྱི་ཕྱིའི་ཕྱོགས་བཞིར་མེ་གདབ། རིམ་པར་ཆུང་ངུ་བཅར་ནས་གང་འོས་གདབ། ཐོག་མ་ནས་སྟེང་དུ་གང་བ་ན་འབྱམས་ནས་བཅོས་སུ་མེད་པར་འགྲོ་བས་མི་རུང་། མེ་བཙའ་གདབ་ལུགས་དེ་ཝ་བ་ལའང་མཚུངས་སོ། ༈ །བད་ཀན་སྒྱ་རྦ་བ་འོར་དུ་འགྱུར། དེ་དམུ་ཆུར་འགྱུར་བ་ཡིན་ཅིང་དེའི་བཅོས་ཚུལ་འབྲི་སུང་པའི་གསང་བ་སྦུབས་འདྲེན་མ་བུ་ལེ་ལག་དང་བཅས་པ་རྣམས་དང་། དེའི་དོན་ཕྱོགས་སུ་བསྡུས་ཤིང་ཟབ་གནད་མང་པོས་བརྒྱན་པ་ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པ་ཉིད་ཚད་ལྡན་ལག་ཏུ་བླངས་ན་དེ་ལས་ཟབ་པ་མ་དགོས། འདི་རྣམས་ཀྱི་ནད་རྟག་ནི་ཐམས་ཅད་ཀྱིས་ཤེས་སླ་ཡང་སྨན་གྱིས་བཅོས་ཐུབ་པ་ནི་རེ་རེ་ཙམ་ལས་མ་མཐོང་།
དེའི་རྒྱུ་རྐྱེན་ཀྱང་སྙིགས་དུས་འདིར་གཟའ་ཀླུ་རྒྱལ་པོ་ཤིན་ཏུ་ཁ་དར་བས་དེ་དག་གི་སྡོང་ཟླ་ཡོད་པའི་ནད་རིགས་ཐམས་ཅད་བཅོས་དཀའ། །དེ་ལ་བད་ཀན་ནི་ཀླུ་གཉན་ས་བདག་གི་སྡོང་ཟླ་ཅན་ཡིན་ཅིང་དེ་རྣམས་ཞེ་གནག་ཅིང་གཏིང་ཟབ་པ་ཡིན་པས་དེ་དག་གི་བཅོས་དང་གདོན་ཁྲོལ་སོགས་གྲུབ་ན་ལེགས་པར་ངེས། ཕལ་ཆེར་གཞན་དབང་སྔོན་ལས་ཀྱི་ནད་དུ་སྣང་བས་ཚོགས་གསོག་ཅི་འགྲུབ་བྱེད་པ་ཟབ། སྨན་སྤྱི་དང་ཁྱད་པར་གསང་སྨན་རྣམས་ངོས་འཛིན་མ་འཁྲུལ་བའི་དུས་བཏུས་ལོ་རེ་བཞིན་གསར་དུ་བརྗེ་བ་སོགས་བྱུང་ན་ཕན་པ་ཆེ་བར་ངེས་ཀྱང་། སྲད་རིགས་གང་བྱུང་དུས་ནམ་བདེར་ཐུས་པའི་སྨན་སྦྱོར་ལོ་གྲངས་ལོན་པ་བཏང་བ་སོགས་ལ་བརྟེན། ནད་འདི་ལ་ཐུག་ནས་སྨན་པ་རྣམས་རེ་བ་ཟད་པ་ལྟ་བུ་བྱེད་པར་སྣང་ཡང་ནད་པ་ལ་སྙིང་རྗེའི་ཀུན་ནས་བསླངས། རང་ཉིད་དཀའ་ཚེགས་ལ་མི་ལྟས་པར་ལག་ལེན་བརྩོན་འགྲུས་བྱེད་པ་བྱུང་ན་འཚོ་བ་གསུམ་ཟད་པ་མ་གཏོགས་པ་ཕལ་ཆེར་ལ་ཕན་ཐོགས་པ་མ་ཟད། རང་གི་རྒྱུད་ལ་བསོད་ནམས་རླབས་ཆེན་བསྐྱེད་པར་འགྱུར་བས་འབད་སྩོལ་སྙིང་ནས་བསྐྱེད་པ་གཅེས་སོ། ༈ །དེ་ལ་ཐོག་མར་སྐྱ་རྦ་བ་ནི། གོང་གསལ་བད་ཀན་གྱི་ནད་རྟགས་གཞིར་བཞག་ཐོག །དབུགས་འཚངས། གདོང་སྐྱ་ཞིང་ཤ་ལྤགས་ཅུང་རྒྱས་པ་སྟེ། འདི་མ་ཞུ་བས་བསྐྱེད་
པའི་གྲང་ཤས་ཆེ་བས། ནང་སྨན་ལྕགས་ཕྱེ་ཅོ་ལྔ། བདེ་བྱེད་སྙོམས་ལྡན། སེ་འབྲུའི་སྦྱོང་བ་རྣམས་བཏང་། ཉིན་གུང་སྨན། མཁལ་རྐེད་མན་ཆད་སྐྲངས་ཤིང་ན་བ་ལ་སེ་འབྲུ་ཉི་དཀྱིལ་ད་ལི་བསྡེབས་པ། བདེ་བྱེད་ཀུན་ཕན་ཆབ་རྟགས་ཅུང་སེར་བ་ལ། གླང་ཆེན་གང་གཱ་ཆུ་སྒྱུར། སེ་འབྲུ་ཉི་དགའ། འབོལ་སྨན་བདུན་པ། གུར་གུམ་ཆུ་འབེབས་སོགས་བཏང་། ནུབ་སྨན་ད་ལི་བཅུ་དྲུག་སོགས་རྒྱུད་ཀྱི་ད་ལིའི་སྦྱོང་བའི་རིགས་ལེགས་ཤིང་། གློ་ལུས་རྐྱེན་ནས་བྱུང་བའི་རིགས་ལ་ཨ་གར་བཅོ་ལྔ་དང་སོ་ལྔ། ཅུ་གངས་ཉེར་ལྔ་སོགས་འཕྲོད། བདུད་རྩི་སུམ་སྦྱོར་སྟེང་སྐྱུ་རུ་ར། འུ་སུ། ད་ལིས། ལྕམ་འབྲུ། ག་དུར་བསྣན་པའི་བདུད་རྩི་བརྒྱད་སྦྱོར་གཞན་གནོད་མེད་ཅིང་ཡུན་དུ་བསྟེན་ན་ཤིན་ཏུ་བསྔགས། སྔ་མ་ལས་སྐྲངས་ཅུང་ཟད་ཆེ་ཞིང་གཞོག་འོག་ཏུ་གང་བསྟན་ལ་སྐྲངས་བྱོ་བླུགས་བྱེད་ཚེ་འོང་ཡིན། ཚ་གྲང་དང་བསྟུན་ནས་བཅོས་གང་མཚུངས་བྱ། བདོ་བྱེད་ཆེ་འབྲིང་ཆུང་གསུམ་སོགས་ཆུ་སྒྱུར་རིགས་གོང་ལས་ཆ་བསྐྱེད་དེ་བཏང་ལུགས་རིགས་པས་འཕྲུལ། ཐམས་ཅད་སྐྱུ་རུ་རའི་ཐང་གིས་ཕུལ། འདི་སྐབས་རིན་ཆེན་རིལ་བུ་བཏང་ན་ལྡོག་བའང་སྲིད། ༈སྐྲང་གཞི་དངོས་བྱུང་ནས་དམུ་ཆུ་ཡིན། དེ་ལ་གནད་གཞན་གྱི་གྲོགས་ཡོད་པ་ནི་རྟེན་ཅན་ཏེ་ངོས་འཛིན་གསོ་བ་གཉིས་ཀ་དཀའ། ཆམས་རིམས་དང་འབམ་གྱི་གཞུག་སོགས་ལ་འབྱུང་བས་
སྔ་ཚེ་ནས་རྩ་ཆུ་སོགས་ལ་བྱར་ཞིབ་མོ་ཐེངས་དགོས། ནད་གཞན་གྲོགས་མེད་པ་ནི་རྟེན་མེད་དེ་ངོས་འཛིན་དང་གསོ་སླ། རིགས་མང་ཡང་ཚ་གྲང་གཉིས་སུ་འདུ། དེ་ལ་ཚ་ཆུའི་རྟགས་རྩ་བྱིང་ཡང་གཏིང་ན་གྲིམས་ཞད་ཡོད། ཆུ་མདོག་སེར་ཁ་ཆགས། ནད་རྒྱས་ནས་དམར་སེར་དུ་འགྱུར། ལྦུ་བ་སོབ་ལ་གཡུང་བ་དང་། རྒོད་ཅིང་མི་སྡོད་པའང་ཡོད། རྔམས་པ་ཤིན་ཏུ་རྒོད། ལུས་ཉོ་བ། འདི་ལ་སྐྲངས་མངོན་དཀའ་ཞིང་ཆུ་ལྡོག་པ་དང་ཕོ་བ་སྐྲངས་པ་ནི་གཏན་ནས་མི་ཆོས། སྐྲངས་པའང་ཆེར་མངོན་ནས་བཅོས་དཀའ་བས་བྱར་འཕྲལ་དུ་མི་ལྷོད་པར་སྒྲིམས་དགོས། །དེ་ལ་སྔོན་འགྲོ་ཨམྦྷི་དྲུག་ཐང་ཚད་ལྡན་ཞག་རེ་ཟུང་བསྟེན། འདི་ལ་སྲད་དཀར་མ་འཁྲུལ་བ་དང་སྐྱུ་རུར་བུངས་བསྐྱེད་པ་གནད་ཆེ། ཚ་ཆུ་དྲག་པོ་ལ་ཐང་འདི་མི་འཕྲོད་པའང་ཡོད་པས་ཚོད་ཤེས་དགོས། དེ་ནས་ནངས་མོ་གུར་གུམ་ཆུ་འབེབས། གུར་གུམ་ཆུ་སྒྱུར། བདེ་བྱེད་ཆུ་སྒྱུར་རིགས་རྣམས་འུ་སྐྱུར་གཉིས་ཀྱི་ཐང་གིས་ཕུལ། ཉིན་གུང་འབོལ་སྨན་བདུན་པ་ལ་སྐྱུ་རུ་བུངས་ལོགས་ཅན་འུ་སྐྱུར་ཐང་གིས་ཕུལ། འདི་ནང་གུར་གུམ་ལ་ཁ་ཆེ་མི་འདེབས་བལ་གུར་སྦྱོར་དགོས། གཞན་ཡང་གླང་ཆེན་གངྒཱ་ཆུ་སྒྱུར། སྨན་ནག་ཆུ་སྨན། ཉམས་ཡིག་གི་ཝཾ་བཅུ་གཅིག །རྒྱུད་ཀྱི་གི་ཝཾ་དགུ་པ་རྣམས་གང་རིགས་སྐྱུར་ཐང་གིས་ཕུལ། །འདི་རྣམས་ལ་གླང་ཆེན་གི་ཝཾ་དངོས་བུང་བསྐྱེད་ནས་བཏང་བ་གནད། ནུབ་སྨན་ཟླ་ཤེལ་
ཆུ་སྒྱུར་སོགས་ཆུ་སྒྱུར་རིགས་དང་། འབྲི་ལུགས་བོང་དཀར་བཅུ་པ། ཆུ་སྨན་བདེ་བའི་འཁོར་ལོ་སོགས་སྐྱུ་རུ་རའི་ཐང་གིས་ཕུལ་ལ་སྐབས་བསྟུན་བཏང་ཆུ་གཞིའི་རིགས་ལ་བཏུང་བ་ཤིན་ཏུ་ཉུང་བ་གལ་ཆེ་ཞིང་ཁྱད་པར་ཆང་རག་གཏན་ནས་འགྲོ་མི་ཉན། སེང་ཁ་་གྱི་ཇ་དང་སྐྱུ་རུ་རའི་ཐང་གིས་སྐོམ་སེལ་བ་གལ་ཆེ། ལྡོག་དཀའ་ན་རིན་ཆེན་རིལ་བུས་ལྡོག་པའང་སྲིད། འདི་ལ་དཔྱད་མི་རུང་ཡང་ཅིས་ཀྱང་སེལ་དཀའ་ན་ཆུ་སྦྱོང་གི་རིགས་གང་འོས་སམ། བ་ཆུའི་འཕྲུལ་བཤལ་གཞུང་བཞིན་སྦྱར་བའི་སྟེང་འབུ་སྐྱོགས་བསྣན་པའམ། ཡང་ན་བདེ་བའི་འཁོར་ལོ་དང་། འབུ་སྐྱོགས་བདུན་པ་ལྟག་པ་སྤྲད་པའི་བཤལ་བཏང་བས་སེལ་བར་གསུངས། རྗེས་གཅོད་ཆུ་སྲང་ཚིགས་པ་དང་པོ་བཅུ་གསུམ་བཅོ་བརྒྱད་རྣམས་མེས་བསྡམ། ཟས་སྤྱོད་རིང་དུ་གཟབ། ༈གྲང་ཆུའི་རྟགས་བད་ཀན་སྤྱི་ལྟར་ལ་ཆུ་མདོག་སྔོ། །ལྦུ་བ་སོབ་ཅིང་དལ་བས་སྣོད་ཁེངས་པའང་འབྱུང་། སྒྲངས་པ་སྐྱ་སོབ་ལ་ཕལ་ཆེར་སྨད་ནས་རིམ་གྱིས་རྒྱས། དེ་ལ་ཐོག་མར་ད་ལི་བཅུ་དྲུག་བཏང་། དེ་ནས་ཆུ་སྐྱུར་རིགས་དང་། དྭངས་མ་ཆུ་འདྲེན་སོགས་བཏང་བ་ཡིན་ལ། ལྟག་པ་སྤྲད་སྐབས་ནང་སྨན་སེ་འབྲུའི་སྦྱོར་བའི་རིགས། བདེ་བྱེད་སྙོམས་ལྡན། ལྕགས་ཕྱེ་བཅོ་ལྔ། ཉིན་གུང་གུར་གུམ་དང་བདེ་བྱེད་ཆུ་སྒྱུར། བདེ་བྱེད་ཀུན་ཕན། དྭངས་མ་གནས་
འཇོག །དངས་མ་ཆུ་འདྲེན། དགོངས་མོར་ད་ལི་བཅུ་དྲུག །ཕྱི་རྒྱུད་ད་ལིས་སྦྱོར་བའི་རིགས། ཤིང་ཀུན་ཅུར་ནིས་སོགས་བཏང་། གྲང་ཆུའི་སྨན་རྣམས་ཉིད་དགའི་ཐང་གིས་ཕུལ་བ་ལེགས། རིན་ཆེན་རིལ་བུ་མི་འཕྲོད། ཡན་ལག་གི་སྐྲངས་རྣམས་རིམ་གྱིས་བྲི་བའམ། མ་བྲི་ཡང་ཕོ་བ་ལྷག་པར་སྐྲངས་པ་ནི་འཚོ་དཀའ་བས། སེ་འབྲུ་བཞི་པའི་སྟེང་སྒ་ཏིག །བ་ཆུ་ཁཎྜ། ཐར་ཁ། བཅས་བསྣན་པ་བཏང་བས་ཆུ་འདྲོད་བར་གསུངས། ཚ་ཆུས་ཕོ་བསྐྲངས་པ་ལའང་ཅུ་གང་བདེ་བྱེད་ལ་བཤལ་སྨན་གསུམ་བསྣན་པ་བཏང་བས་ཟབ་པར་བཤད། རྗེས་གཅོད་ཚ་གྲང་གཉིས་ཀར་སྐེམ་བྱེད་ཀྱི་བྱུགས་པ་སྐྲང་ལྷག་སྟེང་བྱུགས་ཤིང་མེ་ཉི་ལ་བསྲོ། །ནད་ལྷག་མེད་ཞི་སྐབས་ཆུ་ཚན་བསྟན་པ་དང་ཆུ་སྲང་ཁ་གསུམ་ལ་མེ་གདབ། ཆུ་ལྷག་ཞི་དཀའ་ན་ཟངས་ཐལ་ཉེར་ལྔ་སོགས་སྦྱར། སློང་རྐྱེན་གྱི་ཟས་སྤྱོད་སྤྱི་དང་ཁྱད་པར་རླན་གྲང་བསེར་བུ་ཞུ་དཀའི་བཟའ་བཏུང་ཆུ་ངན་པ་སོགས་རྟག་ཏུ་སྤངས། ཆུ་ནད་ཐམས་ཅད་ལ་བསྔགས་པའི་སྐྱུ་རུའང་ཁཎྜ་ལེགས་པར་བཀོལ་བ་དང་། ར་མོ་ཤེལ་སྨན་ལུགས་ཀྱི་གསང་སྨན་ངོས་འཛིན་འབྲི་ལུགས་ཀྱི་མན་ངག་ལས་འབྱུང་བ་རྣམས་མ་ནོར་ཞིང་སོ་སོའི་དུས་གནད་མ་ཡོལ་བར་བཏུས། རྨ་ཅུང་ཟད་ཕབ་ལ་གྲིབ་སྐམ་བྱས་པ་རྣམས་ཕྱོགས་གཅིག་ཁཎྜ་བྱས་པ་ཉིད་
སྡུད་ཁ་རྣམས་ལ་བསྡེབས་པ་བྱུང་ན་ཕན་ངེས་པའི་མན་ངག་སྙིང་ཐིག་མ་ཡིན་གསུངས། གློ་བར་བབས་ནས་ལུད་བ་སྐྱ་སོབ་ལུ། རྔམ་པ་འདེགས། གདོང་པ་སྐྲངས་པ་ལ་ཅུ་གང་ཆུ་སྒྱུར་རམ། རྒུན་འབྲུམ་བདུན་སྦྱོར་ནང་ཤིང་ཚ་འཕྲིས། སྐྱུ་རུ་ར་བུངས་བསྐྱེད་པ་དང་ཆུ་སྨན་སྤེལ། ཚ་ཆུ་དང་བསྡངས་ན་འབོལ་བདུན་སྟེང་རྒུན་འབྲུམ་བདུན་པ་བསྣན་པ་དང་། ཨམྦྷི་དྲུག་ཐང་ཤིང་མངར་བསྐྱེད་པས་ཕུལ། སྐྲན་དང་བསྡངས་པ་ལ་ཐུར་མ་བྱ་བར་བཤད་ཀྱང་ལག་ལེན་ཚད་ལྡན་མེད་ན་མི་བཏུབ། ལུ་ཆུང་བྱེད། ཆུ་མདོག་སྨུག་ཁ་ཡོད་པ་མཆིན་པའི་ཟག་ཆུ་དང་འབམ་གཞུག་ཆུར་འགྱུར་བའི་རིགས་ལ་གུར་གུམ་བདུན་སྦྱོར། གླང་ཆེན་ཆུ་སྒྱུར་སོགས་དང་། འབམ་གཞུག་ཚ་ཆུར་གྱུར་པ་ལ་གུར་ཏིག་བསྔགས། ཆུ་ནད་བྱེར་ནས་ཡུན་རིང་དུ་མནར་བ་དང་། སྨུག་པོའི་ཟག་ཆུ་སོགས་ལ་ཟླ་ཤེལ་བདུད་རྩི་ཐིག་པ་ཁོ་ན་ཟབ། ཆུ་སེར་དང་བསྡོངས་ནས་སྐྲངས་ཤིན་ཏུ་ཆེ་ཞིང་ཆུ་སེར་བ་རྡོལ་བ་ལ་གསང་སྨན་ཆིག་བརྒྱུད་བཏང་བས་ཕན་པར་བཤད། མདོར་དྲིལ་ན་ཚ་ཆུ་ལ་འབོལ་སྨན་བདུན་པ་དང་། གྲང་ཆུ་ལ་ཨམྦྷི་དྲུག་ཐ་དད་མ། །ད་ལི་བཅུ་དྲུག་མ་ནུ་བཞི་ཐང་གིས་ཕུལ་བ་ཞག་ཁ་ཡར་བསྟེན་རྗེས། དངོས་གཞིར་ཚ་ཆུ་ལ་ཆུ་འབེབས་དཀའ་ན་འབོལ་སྨན་སྟེང་རྒྱ་སྡིག་གསེར་བྱེ་ལྕམ་པ་བསྣན་པ་དང་། །
གྲང་ཆུ་ལ་ཆུ་རྩི་ཉེར་ལྔའམ། སེ་འབྲུའི་རིགས་སོགས་གང་འཕྲོད་སྦྱོར། ཤིན་ཏུ་སྐྲངས་ཆེ་ཞིང་ཆུ་སེར་དང་བསྡོངས་ན་སྒ་ཏིག་ཁཎྜའམ་བ་ཆུའི་ཁཎྜ་བསྣན་ལ་བཏང་། སྲད་རིགས་འགྲོ་བའི་སྨན་རྣམས་ཚ་ཆུ་ལ་མི་འཕྲོད་བས་བཏང་སྲོལ་མེད། ཚ་ཆུ་ཡག་ཉེས་ཆེ་ཡང་སྣ་ལོན་སླ། གྲང་ཆུ་སྨན་སོགས་ཀྱིས་ཡག་ཉེས་འཕྲལ་དུ་མི་བྱེད་ཀྱང་གདིང་ཆེ། སྤྱིར་གོང་སྨོས་སྨན་རྣམས་ཐོག་མ་ནས་འཕྲོད་ཉམས་དང་ངོ་ལོན་པ་ཞིག་མ་བྱུང་ན་དཀའ་བར་སྣང་ངོ་། ༈ །ཚ་བ་ཐོག་མར་ཕོག་སྐབས་ལུས་གྲང་ཤུམ་བྱེད། མེ་ཉི་ལ་དད། རྐང་ལག་བརྐྱང་བསྐུམ་དང་། རྨི་ལམ་ཟ་ཟི་མང་། མགོ་དང་རུས་ཚིགས་ཉྭ་བཞི་ལ་གཟེར་ཕྲེང་བྲེང་འཁྱུག །རྩ་སྟོང་ལ་རྒྱུག །ལྕེ་སྐྱ་བོར་རླུང་འབྲུམ་དམར་ཚེམ་མང་བ་ནི་མ་སྨིན་པའི་ཚ་བ་ཡིན་པས། དེ་ལ་བསིལ་སྨན་གཏར་བཤལ་སོགས་ཚ་བ་བྱེར་འགྲོ་ཞིང་། དྲོད་བཅོས་བྱས་ན་ཚ་བའི་གྲོགས་སུ་འགྲོ་བས་སྤང་། ནོར་བུ་བདུན་ཐང་ངམ་མ་ནུ་བཞི་ཐང་ལན་ཁ་ཤས་བཏང་། སྨིན་དཀའ་ན་བསིལ་བཅུད་བཅོ་ལྔ། སླ་ན་སྤྲིན་བྲལ་ཟླ་ཟེར་ཡང་བཏང་བས་སྨིན་པའི་རྟགས་གྲང་ཤུམ་ཆད། ལྕེ་འབྲུམ་ཡལ། གཟེར་བབས་པའི་གནས་གཅིག་ཏུ་འདུས། རྩ་འཁྲང་ཞིང་འཕར་མྱུར། ཆུ་མདོག་དམར་སེར་དྲི་མ་དུགས། རླངས་པ་ཆེ་ཞིང་ཡུན་རིང་། ལྦུ་བ་ཕྲ་ཞིང་སང་
སྐྱེན། ཆུ་གར་ཉམས་ཡོད་ཅིང་ཀུ་ཡ་འཐུག །ལུས་ལ་རྡུལ་དྲི་འབྱུང་བ་སོགས་བྱུང་ན། གཙོ་བརྒྱད། བེ་དོ་བཅུ་གསུམ། སྟོད་ལུགས་དང་ཟུར་ལུགས་སྤང་རྩི། གི་ཝཾ་དགུ་པ། མན་རྒྱུད་ཙནྡན་སྦྱོར་བའི་རིགས། ཐང་ཆེན་བརྒྱད་པ་སོགས་བཏང་། སྤང་རྩིའི་རིགས་འདི་དར་མ་ཁྲག་ཤེད་ཅན་མ་གཏོགས་རྒས་པ་དང་རླུང་ཅན་ལ་ཅུང་མི་ལེགས། ཁྱད་པར་རྟ་ཟི་རིལ་བུ་ཚད་ལྡན་ནོར་བུ་བདུན་ཐང་གིས་ཕུལ་བ་ཟབ། འདིའི་སྦྱོར་ཚད་ངར་ཕུག་ཨེམ་མཆིའི་དྲིས་ལེན་ལྟར་དགོས། རྩ་བདུན་བརྒྱད་ཙམ་དག་ཏུ་འཕར་ནས་སྡོད། ཆུ་མདོག་ལྗང་ངམ་ནག་ཞད་བྱུང་ན་གཉན་དང་བསྡོངས་རྟགས་ཡིན་པས་གཙོ་ཆུང་ཁོ་ན་ཟབ། དེ་རྣམས་གྱིས་མཐུབ་ན། སྲོ་མ་རྟ་རིའི་བཤལ་སྨན་གྱི་རིལ་བུ་དང་པོ་བདུན། བར་དུ་བཞི། ཐ་མ་གསུམ་རེ་བཏང་བས་ཉི་ཤར་དུས་ཐེབས། བཅད་རན་ནས་ཆུ་གྲོགས་དང་། དེ་རྗེས་ཤ་གསར་བ་ཙབས་པའི་ཁུ་བ་ཕྲན་བུ་བླུད། ཚད་རྟགས་སླར་འཕར་ན་སྔོན་གྱི་ཚ་སྨན་རྣམས་བཏང་། དེ་རྣམས་གཟེར་ཁ་ཆག །རྩ་ཅུང་དལ་བའམ་རྒྱུག་ཀྱང་མནན་ན་སྟོང་། ཆུ་དྭངས་པའམ་དམར་ཡང་ཀུ་ཡ་སྲབ་ཅིང་སླ་ལ་ལྦུ་བ་ཆེ། དྲི་དང་བྲོ་བ་མེད། ལྕེ་དམར་སྐམ་རྩུབ། སྐྲ་རྩ་སེང་། ཁྱད་པར་རླུང་སྲང་ཚིགས་པ་དང་པོ་མནན་མི་བཟོད་པ་བྱུང་ན་རི་ཐང་
མཚམས་སུ་སླེབ་པ་ཡིན་པས་བཅོས་ཕྱི་ན་སྟོང་ཚད་སོགས་ཀྱི་ས་ལ་འདའ་བ་སྲིད་པས། ཕོ་ལོང་སོགས་སྣོད་ཚད་ལ་མན་ངག་བསིལ་སྦྱོར། ཅུ་གང་བདེ་བྱེད། གློ་སྙིང་སོགས་དོན་ཚད་ལ་ཨ་གར་བཅོ་ལྔ་དང་། སོ་ལྔ་གཉན་སྨན་ཅན་ཐུན་ཆུང་རེ་སད་མདའ་བཏང་བས་ཕྱིར་ནང་ལྕེ་རློན་ཅིང་། ཁམས་དྭངས་ཞད་ལས་ཐུ་སྐྱོན་མེད་ཚེ་དེ་རྣམས་ཐུན་ཅུང་ཆེ་བ་དང་། ཚད་སྨན་ལྟག་སྤྲད་ཞག་གཉིས་ཙམ་བཏང་། །དེ་ནས་བ་འོ་ཕུལ་གང་དང་ཆུ་ཕུལ་གང་མཉམ་དུ་བསྐོལ་བ་བཏང་བས་སྔ་མ་ལས་ཚད་རྟགས་བྲི་ན། ནོར་གྱི་སྲེ་ལོང་གསར་པ་ལྤགས་པ་ཕུད། ཐལ་ཚན་དུ་ཧྲོག་ཙམ་བྱས་པ་ཆུ་ནང་དུ་ལྷོག་ཙམ་བསྐོལ་ཁུ་ཞག་བཅད་ནས་དགོངས་མོར་སུན་ཙམ་བཏང་བས་བདེ་ཉམས་ཡོད་ན། སྲེ་ལོང་བཅག་་ནས་དུམ་བུ་གཉིས་སུ་བྱས་པའི་དུམ་བུ་རེ་རེའི་ཁུ་བ་ཞག་བཅད་ཉིན་གཉིས་སུ་བཏང་། །དེས་ཇེ་བདེ་ཇེ་དྭངས་སོང་ན་ཤ་གསར་མཐེ་བོང་དྲག་ཙམ་བཙོས་ནས་བཏང་བ་སོགས་ཟས་ཆ་ཡིས་ཀློད། སྨན་ནང་མོ་སྤྲིན་བྲལ་ཟླ་ཟེར། གཙོ་བརྒྱད་གཡུ་རལ། གི་ཝཾ་དགུ་པ། ཉིན་གུང་གཙོ་བརྒྱད་དམ་སྤྲིན་ཟླ། ནུབ་མོ་ཨ་གར་བཅོ་ལྔ། སོ་ལྔ། བསིལ་བཅུད་བདེ་བྱེད་ཆུང་ངུ་སོགས་བསྟེན། མདོར་ན་སད་མདའ་བཏང་བས་རི་ཐང་ངེས་པ་རྙེད་ཚེ་ནད་ཚབས་ཆེ་ན་གོང་བཤད་ལྟར་གཟབ་ནས་རིམ་
བལྟས་དང་། ཆུང་ན་ཐོག་མ་ནས་ནུབ་སྨན་རྣམས་སྲེ་ལོང་ཐང་གིས་ཕུལ་བ་སོགས་སྐབས་བབས་བྱ། བསིལ་སྨན་ཐུན་རེ་ཉིན་གུང་བཏང་བས་ཆད་ལྷག་འདོན། རླུང་སྨན་དང་ཤ་གསར་སོགས་ཀྱིས་རླུང་ཁ་མནན་ཅིང་ལུས་ཟུངས་གསོ། །སྨན་རྒྱུན་གཅོད་སྔ་མི་བྱ་བར་རིམ་པར་ཆ་འཕྲི་བ་ཐམས་ཅད་དུ་ཤེས་པར་བྱའོ། ༈ །ཚ་བ་སྨིན་ལོང་མེད་པ་ནད་ཕོག་མ་ཐག་ནས་གཟེར་ཆེ། ལུས་ཤེད་འཆོར། ཚད་རྟགས་སྟོན། ལུད་པ་དམར་སེར་སོགས་འབྱུང་བ་ནི་རྒྱས་ཚད་ཡིན་པས་འཕྲལ་དུ་གཉེན་པོ་མ་སླེབ་ན་སྲོག་ལ་རྒོལ་བས་གཙོ་བརྒྱད་སོགས་བསིལ་སྨན་བཏུད་ནས་བཏང་བ་སྨན་གྱི། ཆུ་གཞི་རྩལ་སྤྲུགས་བྱེད་པ་གསུངས་ཀྱང་། ནད་འདི་ལ་དེང་སང་དུས་དབང་གིས་གཉན་དང་མ་འདྲེས་པའི་ཚ་རྐྱང་ཆེར་མི་འབྱུང་། ག་བུར་དང་གཏར་ཁ་གཏན་ནས་འགྲོ་མི་ཕོད་པས་འོག་གཉན་རིམས་སྐབས་ལྟར་བཅོས། ༈ །སྟོང་ཚད་ནི། གོང་གི་རི་ཐང་མཚམས་སུ་བཤད་པའི་རྟགས་རྣམས་འབྱུང་། ཁྱད་པར་བསིལ་སྨན་གྱིས་ཚད་རྟགས་ཆེར་སོང་ན་ངེས་པ་ཡིན་པས། སྤྲིན་ཟླ། ཨ་གར་རིགས་རྣམས་འཕྲོད། སྟོང་ཚད་སྲོག་རྩར་ཤོར་ན་སེམས་འཕྱོ། །ཅལ་ཅོལ་སྨྲ། ཚབས་ཆེ་ན་རིག་པ་མ་ཟིན་སྨྱོ་བའང་འབྱུང་བས། རྒྱུད་ཀྱི་སྲོག་
འཛིན་བརྒྱད་པ། ངར་ཕུག་སྲོག་འཛིན་བཅུ་གཅིག །སྲོག་རླུང་འཇོམས་རྡོར་སོགས་མྱོས་ཁུས་ཕུལ། ཀོ་བྱིའི་རིགས་ཀྱང་འཕྲོད། ཚིགས་པ་དང་པོ་དང་དྲུག་བདུན་མེས་མནན། འདི་ནི་རི་ཐང་ཕྱེ་ཚོད་མ་ཟིན་པ་དང་། རིམས་དང་འབྲེལ་བའི་ཚ་བ་ཕལ་ཆེ་ར་ལ་འབྱུང་བས་ཟས་གསར་བཅུད་ཀྱིས་རླུང་སྣ་ལེན་པ་ཟ་བ། ༈ །གབ་ཚད་ནི། རིམས་གྱིས་བསྐྱེད་པ་སོགས་ཚ་བ་ཕོག་པ་ཟས་སྤྱོད་རྐྱེན་གྱིས་བད་རླུང་འཕེལ་བའམ། མ་སྨིན་པའི་ཚ་བ་བསིལ་གྱིས་དེད་པ་སོགས་ཀྱིས་གཏིང་དུ་ཚ་བ་གབ་པ་ལ། བད་རླུང་གི་རྟགས་སྟོན། ཁྱད་པར་ཕོ་མཁལ་སྙིང་གསུམ་ལ་གབ་ན་ཁྲག་རླུང་དང་ནོར་ཉེན་ཡོད་པས་ཞིབ་ཏུ་བརྟགས་པ་གལ་ཆེ། དེའི་རྟགས་ནི་རྩ་དལ་ཡང་གཏིང་གྲིམས། ཆུ་སྔོ་དཀར་ལ་ལྡོག་སྐྱེན་ཅིང་ཀུ་ཡ་ལིང་གིས་འདྲིལ། བསིལ་དྲོད་གང་ཡང་འཕྲལ་འཕྲོད་པ་ལྟར་སྣང་ཡང་བཏུད་ན་གནོད་ན་ངེས་པ་ཡིན་པས། སྙིང་ལ་གབ་ན་ཨ་གར་རིགས། ཕོ་བར་གབ་ན་སེ་འབྲུའི་རིགས། མཁལ་མར་གབ་ན་ཨ་རུ་བཅུ་པ། གུར་གུམ་བཅུ་པ་སོགས་དྲོད་ལྡན་བསྟེན་པས་དང་པོ་བད་རླུང་ལ་སླེབ་པས་བན། བར་དུ་བད་རླུང་ཐལ་བས་ཕན་གནོད་མེད། མཐར་གཏིང་ཚད་ལ་སླེབས་པས་དྲོད་ཀྱིས་གནོད་ཅིང་ཚད་རྟགས་མངོན་གྱུར་བྱུང་དུས་ཚ་བཅོས་གོང་གསལ་བྱེད། །
རྙིང་ཚད་ཡུན་རིང་ལོན་ནས་ནད་མཇུག་མཆོད་པ་སྟེ་ལུས་སེམས་ལྗི། གཟེར་ཕྲན་ངེས་མེད་ལྡངས། རྩ་རྒྱུད་ཕྲལ་གཏིང་གྲིམས། ཆུ་མདོག་ངེས་པ་མེད་ཀྱང་དྲི་དང་བྲོ་བ་ཆེ། ལྡོག་དཀའ་ཞིང་ལོག་ན་ཀུ་ཡ་མཐུག །སྟོད་ཁེངས་ཤིང་མགོ་དང་རུས་ཚིགས་སྐབས་སུ་ན། རླུང་དང་བསྡོངས་ན་རླུང་རྟགས་ཐོར་བུའང་འབྱུང་བ་ཡིན་ལ། སྨན་གཏིང་འདོན་ཉེར་ལྔ། མན་རྒྱུད་ཀྱི་ཤིང་སྣ་བརྒྱད་པ་ཟབ། སྤོས་དཀར་བཅུ་པའང་འཕྲོད། ནད་གདིང་ཆེན་སྨུག་པོའི་བཅོས་ཐབས་རྣམས་དང་འཕྲུལ་དགོས་སོ། །༈། རྙོགས་ཚད་ནི། ཚ་བ་ཆུ་སེར་དང་བསྡོངས་པ་སྟེ། ཚད་རྟགས་སྤྱིའི་སྟེང་དུ་མིག་དང་རྐང་བོལ་གཡོ། །སྙིང་འཕར་ཞིང་རྩེ་ཆུང་རྡེག །དབུགས་རྒོད། རྩ་ཅུང་འདར། ཆུ་ལ་རྒྱ་བ་ཤལ་འབྱུང་བ་ལ། གི་ཝཾ་དགུ་པ། ཅུ་གང་བདེ་བྱེད། འབོལ་སྨན་བདུན་པ། བདེ་བྱེད་ཀུན་ཕན། གླང་ཆེན་བཅུ་གསུམ་སོགས་ཟབ། ནད་འདིས་ཡུན་རིང་མནར་བ་ལ་སྲོ་མ་རྟ་རིའི་སྦྱོང་དང་། གཉན་ཤས་མེད་ན་ག་བུར་ཉེར་ལྔ་བཏང་། འདི་ཚ་གསོག་ལ་འགྱུར་ཉེན་ཆེ་བས་ཟས་སྤྱོད་སོགས་ཤིན་ཏུ་གཟབ། ༈འགྲམ་ཚད་འཁྲུགས་ཚད་སོགས་ཕལ་ཆེར་རྒྱས་ཚད་གཞིར་བཞག་ལ་སྡོང་ཟླ་གང་བྱུང་གི་གཉེན་པོ་དང་བསྡེལ། འཁྲུགས་སུ་ཤོར་བ་ག་བུར་ཉེར་ལྔ་ཟབ་ཀྱང་
གཉན་ཤས་མཆོག་པར་མི་བཏང་། བཏད་དུས་ཀྱང་གཙོ་བོ་ག་པུར་སྲན་མ་ཙམ་བྱེད་ནས་སྟོང་རི་ཟིལ་པ་ཕོན་ཆེར་བཏང་བ་ཕྱག་ལེན་ཡིན། ༈ །ཚ་བ་དོན་སྣོད་དུ་བབས་བའི་རིགས་གོང་གི་རྒྱས་ཚད་བཅོས་གཞིར་བཞག་སྟེང་། སོ་སོའི་གཉེན་པོ་དང་ལྟག་སྤྲད་དུ་བཏང་དགོས་ཏེ། སྙིང་ཚད་སྙིང་མི་བདེ། ཟ་ཟི་ཆལ་ཆོལ་བྱེད་པ་རྒྱུད་ཀྱི་སྲོག་འཛིན་བརྒྱད་པ་དང་། བསིལ་བཅུད་སོགས་ཨ་གར་རིགས་བཏང་། གློ་ཚད་ལུད་པ་ཁྲག་ཏུ་འོང་བ་ལ་ཨ་ཕྱག་དྲུག་ཐང་། རྟ་ཟི་དམར་པོ། །ཕྱི་རྒྱུད་གུར་གུམ་བདུན་པ། གཙོ་བརྒྱད་བཅུ་གཉིས་ལྷག་པར་ཟབ། ཁྱུང་སྔོན་དགུ་པའང་ཟབ་ཅིང་གཉན་ཤས་ཆེན་སྲོ་ལོ་ཕྲི། །འཁྲུགས་གློ་ཚ་ཤས་ཅན་ལའང་ཁྱུང་དགུ་ལེགས་ཤིང་དེ་ལ་ཅུ་གང་བསྣན་པ་ཕྱག་ལེན་ཡིན། ཚད་མགོ་ཆོག་ནས་ག་བུར་རིན་ཆེན་ཞགས་སྦྱོར། ཕྱི་རྒྱུད་ཙནྡན་བརྒྱད་པ་ཟབ། མཐར་གཙོ་བོ་ཉེར་ལྔ། ནོར་བདུན་ཀློ་སྨན། སྤྲིན་བྲལ་ཟླ་ཟེར་སོགས་བཏང་། འདི་དང་གློ་བ་ཁྲག་རྒྱས་གཉིས་རུལ་ཉེན་ཆེ་བས་མཐར་རྒྱ་བརྩ་དྲུག་འདུས་དང་དཔུང་རྩ་གང་རུང་གཏར། ༈མཆིན་ཚད་ལ། གི་ཝཾ་དགུ་པ། གི་ཏིག་ཨུཏྤལ་བརྒྱད་པ། ཉམས་ཡིག་གི་ཝཾ་བཅུ་གཅིག །མན་རྒྱུད་ཙནྡན་སྦྱོར་བ། ཕྱི་རྒྱུད་གུར་གུམ་བདུན་པ། གཙོ་བརྒྱད་ལ་གི་ཝཾ་དངོས་ཡོད་ན་ར་བ། མེད་ན་བྲག་ཞུན་སྦྱར། གང་ཡང་ཆ་མཐོ་བྱས་
པ ་བཏང་། མཐར་ཁྲ་ཁྲིས་བཤལ་ལམ་རུ་ཐུང་གཏར། མཆིན་མཁྲིས་འདོམས་རྩའང་ལེགས། མཆེར་ཚད་ལ། རྒྱུད་ཀྱི་གུར་གུམ་བདུན་པ། ཨ་རུ་བདུན་པ་བཏང་། མཁལ་ཚད་ལ་ཤུག་ཚེར་བདུན་སྦྱོར། ཕྱི་རྒྱུད་གུར་བདུན། གུར་གུམ་བཅུ་གསུམ་ཟབ། མཐར་བྱིན་གཞུག་ལོང་རྩ་གོང་རུང་གཏར། གཉན་ཚད་མཁལ་མར་བབས་པའི་ཁ་མེད་ལ་བྱེ་རིང་རྣམ་རྒྱལ་དགུ་པ་བཏང་། འདི་རྣམས་ཀྱི་ནད་རྟགས་ནི་གང་ལ་བབས་པའི་ཟད་ཀྱི་རྩི་བསམ་སོགས་གཟེར་བ་ལས་ཤེས་ཤིང་། ཆུ་མདོག་ཀྱང་དམར་ཤས་ཆེ་ན་གློ་བ། སྨུག་ཤས་ཡོད་ན་མཆིན་པ། ལྡང་མདོག་ཡོད་པ་མཆེར་པ། དམར་སེར་བྱེ་ཞབས་ཅན་རྙོགས་ཞད་ཡོད་པ་མཁལ་མ་ལ་ནད་ཡོད་པའང་ཤེས་པར་བྱའོ། ༈ཕོ་བར་གཟེར་འདྲིལ་བའི་ཕོ་ཚད་ལ། བྲག་ཁྱུང་། སླེབ་ཆོག །བྲག་ཞུན་དགུ་པ་ཁ་རྐྱང་སོགས་བཏང་། དཀར་པོ་དྲུག་སྦྱོར་སྟེང་རྒྱ་མ་ཚྭ། བསེ་སྦུར། གླ་རྩི། ཕུར་ནག་ཁཎྜ་རྣམས་སྦྱར་བས་གཉན་གླང་ཕོ་བར་བབས་པ་ལ་ཟབ་གསུངས། རྒྱུ་མར་བབས་ན་མཁྲིས་ཕྱེ་ཉེར་ལྔ་སོགས་ཕལ་ཆེར་རྒྱུ་རིམས་ལྟར་བཅོས། ༈ །རིམས་ཀྱི་རྟགས་བཅོས་རྣམས་གོང་གི་ཚབ་དང་ཕྱོགས་མཚུངས་ཤིང་། རྩ་ཕྲལ་འཕར་མྱུར་བ་དེ་ལ། བདུན་ཐང་ཐེང་རེ་ཟུང་གིས་སྨིན་ནས། བདུད་
རྩི་སླེབ་ཆོག །རིམས་ཀྱིས་གཙོ་བརྒྱད། གཙོ་བརྒྱད་བཅུ་གཉིས། འཛིན་པ་དགུ་སྦྱོར་སོགས་འབྲི་ལུགས་རྣམས་དང་། དཔའ་བོ་བཅུ་བཞི། ཟུང་བཟང་ཁྲག་མཁྲིས་ཅན་ལ་སྤང་རྩི་བཅུ་གཉིས་རྣམས་ཟབ་ཀྱང་སྤང་རྩི་བཏང་སྔན་བྱེར་འགྲོ་བས་བདུན་ཐང་དང་སླེབ་ཆོག་ཁོ་ན་འཕྲོད་ཆེ་ཞིང་། དེ་ལའང་རྒན་པོ་དང་རླུང་ཤས་ཆེ་བ་ལ་བདུན་ཐང་གིས་ཕུལ་ན་ལེགས། འགའ་ཞིག་ཐང་སྨན་མཉམ་དུ་བསྐོལ་བའི་ལག་ལེན་ཞིག་ཀྱང་འདུག་པ་ཁུངས་མ་མཐོང་ཡང་འཕྲོད་ཟབ་ལེགས་པ་ལྟར་སྣང་། རི་ཐང་ཕྱེ་ལུགས་སོགས་ཚ་བ་ལྟར་བྱ། ༈ །མཁྲིས་རིམས་ཆུ་རྟགས་སེར་ཁ་ཤིན་ཏུ་ཆེ་ཞིང་ཕལ་ཆེར་མར་ནག་ཁུ་བའི་མདོག་ཏུའང་འབྱུང་བ་དེ་ལ། འབྲི་ལུགས་སྨ་ན་ནག་ཆེན་མོ་ཟབ། སླེབ་ཆོག །ཏིགྟ་བརྒྱད་པ། གི་ཏིག །གི་ཝཾ་བཅུ་གཅིག་སོགས་ཀྱང་འཕྲོད། ༈རྒྱུ་རིམས་སྐྱ་བཤལ་བཅོས་སླ། །ཐོག་མ་ནས་ཁྲག་ཏུ་འཁྲུ་བ་དེ་བཅོས་དཀའ། རྒྱུ་མའི་ནང་འུར་འཁྲོག་བྱེད་ཅིང་ཆུ་མདོག་མར་ཁུ་ལྟར་བྱུང་ན་ནད་ཕོག་པ་ཡིན་པས། ཨིནྡྲ་བཞི་ཐང་གིས་སྨིན་པར་བྱས། བཤལ་བྱུང་ན་རྒྱུད་ཀྱི་བྲག་ཞུན་དགུ་པ། བྲག་ཁྱུང་། འབྲི་ལུགས་སྨན་ནག །སློབ་དཔོན་རུ་རྟ་བཅུ་གསུམ། སྣོད་ཚད་སེལ་བའི་གུར་གུམ་བདུན་པ། ག་མ་ཕྱེ་དམར་པོ་རྣམས་བཏང་། ནད་འདི་ལ་ཟས་འཛེམ་ཤིན་ཏུ་གལ་
ཆེ། །ཁྱད་པར་ཤ་དང་རྩམ་པ། ཚན་མོའི་རིགས་གཏན་ནས་སྤང་། འབྲས་ཐང་ངམ་ནས་བཙོས་པའི་ཁུ་བ་དྲོ་འཇོམ་ཕྲན་བུ་བསྟེན་པ་ལེགས། ཟུང་བཟང་ལ་ཐོག་མ་ནས་མཁྲིས་བཤལ་ལམ་གཉན་བཤལ་བཏང་བས་བཅོས་སླ་ཞིང་ཟབ། དམར་བཤལ་ཚབ་ཆེ་ན་ཕྱི་རྒྱུད་ཆུ་སྡེར་དགུ་པ་དང་། མཁྲིས་ཕྱེ་བདུན་པ་གཉིས་བསྲེས་པའི་ཆུ་སྦྲུལ་མཇིང་བསྣོལ་སྟེང་གསང་སྨན་ཆར་སྡོད་བྱེའུའི་བྲུན་བསྣན་པ་དེ་ཐེང་ཆོག་ཡིན། སྦྱོང་སྨན་རིགས་ལའང་གསང་སྨན་དེ་ཉིད་བསྣན་པས་རྒྱུ་མའི་རྩི་སྲུང་ཤིན་ཏུ་ཟབ། རྒྱུ་རིམས་སྤྱི་ལ་མཁྲིས་ཕྱེ་ཉེར་ལྔ། དམར་གསུམ་འཁྲུ་གཅོད་རྣམས་ཀྱང་ལེགས། ཚ་བ་ཆོག་ནས་ཟས་སྐོམ་བག་རེ་ཀློད། འཁྲུ་བ་ཆུ་ཁར་ལྡིང་། མདོག་དཀར་དུ་སོང་ན་གཅོད་རན་པ་ཡིན་པས་མཁྲིས་ཕྱེ་བདུན་པ་འབྲི་ལུགས་ཁ་ཚར་ཅན་འཁྲུ་གཅོད་བཏང་། དེས་མ་ཆོད་ན་འཁྲུ་གཅོད་གཞན་ཅི་རིགས་བཏང་། ཆོད་དཀའ་ན་འབྲི་ལུགས་རྒྱུ་རྒན་འཕྲུལ་གྱི་ཐེམ་བཙོང་ལྟར་བྱ། རྗེས་གསེར་མདོག་ལྔ་པ། བཅུ་གཅིག །གསེར་ཞི་ཁ་སྤྲོད། པདྨ་འདབ་བརྒྱད། དྭངས་མ་གནས་འཇོག་སོགས་ཀྱིས་མེ་དྲོད་གསོ་བར་བྱའོ། ༈ །གཉན་རིམས་ནི། དེང་སང་དུ་དབང་གིས་ཤིན་ཏུ་མང་ཞིང་ནད་རྟགས་སྣ་ཚོགས་པ་བྱུང་བས་ཤིན་ཏུ་བརྟག་
བཀའ་ཞིང་ནད་གཞན་ལའང་གཉན་ཤས་མེད་པ་ཆེར་མེད་པ་ལྟ་བུ་སྣང་བས་ཟོན་ཐེངས་དགོས། ཐོག་མ་ནས་སེམས་མི་བདེ། གཟེར་གློ་བུར་དུ་བོག །རྩ་ཐུང་ཐུང་རྦུད་རྦུད་འབར། འཁྱིག་ཅིང་འཕར་གྲངས་མི་སྙོམས་པར་ཆེ་ཆུང་བྱེད། ཆུ་མདོག་ནག་ཞད་དང་ལྦུ་བ་རྒོད་ན་གཉན་ཤས་ཡོད། །འདི་ལ་གཏེར་མའི་སྐོར་གྱི་རྟགས་བཅོས་སྲུང་བ་རྣམས་ཁོ་ན་ཟབ་པ་ལས་རྒྱུད་བཞི་སོགས་སུ་ཆེར་མི་འབྱུང་ཞིང་། སྡེ་སྲིད་ལྷན་ཐབས་དང་། ཀརྨ་ངེས་ལེགས་ཀྱི་ཨ་ཝཾ་རྣམས་སུ་ཞིབ་ཆ་ཆེ་བས་དཔེ་དེ་དག་འགྲལ་སྤང་དགོས་པར་སྣང་གཏེར་བྱོན་དྲག་ཁྲོས་དང་། བདུད་རྩི་བུམ་པའི་སྒོམ་བཟླས་ཆགས་མེད་ལྟ་བུ་ལྷ་སྔགས་ཀྱིས་སྲུང་བ་དང་། གུ་གེ་ཆིག་དྲིལ་དང་རྡོ་རྗེ་ཁྲབ་རིང་སོགས་རྫས་སྔགས་འཁོར་ལོས་སྲུང་བ་རྣམས་རང་གཞན་སུ་ལའང་གལ་ཆེ། ཚབས་ཆེན་ཕོག་མ་ཐག་ནས་དབང་པོ་སྡུད་པ་ལ་བཅོས་ལོངས་མེད་ཅིང་། ནད་ཚབས་ཆེ་བ་ལ་རྩ་ཆུ་ནད་མེད་ལྟར་སྟོན་པ་དེའང་བཅོས་དཀའ། གཞན་གང་ལའང་ཐོག་མར་ཕུར་ནག་བཞི་ཐང་དང་། གུང་པའི་སྦྲ་ཐང་གང་རུང་བཏང་དངོས་གཞིར་སྤུ་ནག་ཉེར་དགུ། ཉྭ་ལོག་འཁྲུ་སྐྱུག་སོགས་ལ་སྦྲུ་ནག་སྔོ་རིལ་ཟབ། དོན་ལ་བབས་པའི་གཟེར་ཐུང་ལ། ཐོག་མར་ཐང་ཆེན་བརྒྱད་པ་བཏང་། ཨ་བྱག་དྲུག་པའི་གྲང་ཐང་སྐབས་སུ་བླུད། ནང་ནུབ་
དམར་པོ་རྟ་ཟི་བཏང་དགོས་ཀྱང་སྨིན་དུས་སྒུག་ལོང་ཆེར་མེད་པས། སྲོ་མ་རྟ་རིའི་བཤལ་བཏང་བ་ལེགས། སྤྱི་སྨན་འབྲི་ལུགས་སྨན་ནག །སླེབ་ཆོག །གཙོ་བརྒྱད་བཅུ་གཉིས། བེ་དོ་བཅུ་གསུམ། ཕྱི་རྒྱུད་མེ་ཏོག་དྲུག་པ། གཙོ་ཁྱུང་རྣམས་འཕྲོད། གཉན་བཤལ་སྲོ་མ་རྟ་རི། སེར་མོ་ལས་བྱེད་བཅུ་གཉིས། དྲག་པོ་བཅུ་གསུམ་སོགས་ཟབ། དམིགས་བསལ་མ་གཏོགས་གཏར་དང་མེ་བཙའ་མི་རུང་། དཀར་མངར་སྐྱུར་ལ་ཤིན་ཏུ་འཛེམ། ༈ །མགོ་གཟེར་ལ་མགོ་ཐང་བཅུ་གསུམ་སྤྲུ་ནག །འབྲི་ལུགས་སྨན་ནག །ཏིག་བརྒྱད་ལ་མི་ཐོད་གསུམ་པ་བསྡེངས་བ་ཟབ། ༈ །སྙིང་གཟེར་ལ་ཨ་གར་བསིལ་བཅུད་སོགས་སྙིང་ཚད་དང་། གློ་གཟེར་གློ་ཚད་ལྟར་བཅོས་འཕྲུལ། ཉ་གསལ་རྒྱ་ནག་མ། གུ་གུལ་བཅུ་གཅིག་འཕྲོད། སྤྱི་སྨན་རྣམས་ཀྱང་བཏང་ཆོག །ཆམས་རིམས་རྐེ་སྐྲངས་ཕྱིར་ཡོད་པ་ལ་ཁྱུང་སྔོན་དགུ་པ་དང་གཉེན་པོ་བཅོ་བརྒྱད། ནང་བསྒག་པ་ལ་སྤྲུ་ནག་ཉེར་དགུའི་སྟེང་གསང་སྨན་གསུམ་བསྣན་པའི་ལྷན་ཐབས་ལུགས་དེ་ཟབ། གཉན་རིམས་ཀྱིས་སྐྲངས་སོགས་ན་ལུགས་མ་ངེས་པ་འབྱུང་བ་ལ། རྒྱ་ནག་མ་དག །ཁྱུང་ཆེན་ཉེར་ལྔ་ཟབ། ཕོ་བ་སོགས་སྣོད་བབས་རིགས་གོང་གསལ་ཚ་བའི་
སྐབས་ལྟར་བྱ། ལར་འདི་རིགས་བླ་གཉན་ཐར་བུ་མང་བས་ལྷན་ཐབས་གཉན་ལེ་སོགས་ལ་བལྟ་དགོས། ཚ་རིམས་དང་ཁྱད་པར་གཉན་རིགས་ཀྱི་སྨན་ལ་བཟི་ཅུང་མ་ཆེ་ན་ནོན་དཀའ་ཡང་། རླུང་དང་ལ་སྡོངས་པའི་གཉན་ལ་བཟི་སྨན་ཁོ་ནས་ངེད་མི་རུང་བ་སོགས་རིགས་པས་འཕྲུལ། ཡང་ཀུན་མཁྱེན་དྷརྨཱ་ཀ་རས་སྟོང་ནག་བསྟན་འཛིན་རབ་རྒྱས་ལ་ཞལ་རྒྱུན་སྩལ་བ་ནི་དང་པོ་རྣམ་རྒྱལ་དམར་པོ་གསུམ། ཚ་ལ་ཕག་གྲུན་སྟག་ཤབ། སླེ་ཏྲེས་གླ་བ་གུ་གུལ་ནག །སྤང་རྩི་ཀཎྜ་ཀ་རི་རྣམས། བསྡེབས་པ་རྣམ་རྒྱལ་ཐང་ནག་ཟེར། ཞེས་པ་ད་དང་། ཕུར་ནག་དགུ་ཐང་དང་པོར་བཏང་བ་ཤིན་ཏུ་ཟབ། །དེ་རྗེས། གི་ཝཾ་ཨུཏྤལ་གུར་གུམ་པ་ལེ་ཀ །ཏིགྟ་བྲག་ཞུན་རུ་རྟ་པ་ཤ་ཀ །གསེར་གྱི་མེ་ཏོག་སྦྱར་བའི་གི་ཝཾ་དགུ། །དེ་སྟེང་ཨ་རུ་རུ་རྟ་ཤུ་དག་དང་། །གླ་རྩི་བོང་ང་ཕག་བྲུན་ཞད་ཙམ་སྦྱར། །གུ་གུལ་བུར་ནག་སྦྱར་བའི་བཅུ་བདུན་པ། །གི་དབུ་ཁྱུང་ནག་ཅེས་གྲགས་དུས་ངན་གྱི། །གཉན་ཚད་མཁྲིས་ལ་རྩར་རྒྱུག་ལ་སོགས་པ། །ཀུན་ལ་ཟབ་ཁྱད་ལག་ལེན་བྱོང་གྲུབ་བོ། །ཞེས་པའི་སྨན་འདི་དུས་ངན་གྱི་གཉན་གཟེར་རིགས་ལ་ཆེས་ཟབ། ལར་ནད་འདི་ལ་སྨན་མང་མི་རུང་བ་གཏེར་མའི་སྐོར་ལས་གསུངས་པས་ཕྱི་མ་འདི་ཉིད་ལག་ལེན་བདེའོ། །མཁྲིས་པ་རྩར་རྒྱུག་ནད་ལ་འབྲོས་འབྲང་
བསྡམ་ཞེས་ཐོག་མ་ནས་མེ་བཙས་འབྲོས་འཕྲང་བསྡམ་དགོས་པའི་རིགས་ལ། མགོ་གཟེར་སྟོབས་ཆེ་ལ་ལྟག་ཁུང་ཁ་གསུམ་དང་། མཚོག་སྲང་ཁ་གསུམ་བསྲེག །སྟོད་བརྒྱངས་དབུགསཐུུང་། མིག་འབུར་ཚུགས་སུ་ལྟན་སྲོག་རྩར་ཤོར་བ་ཡིན་པས་ཚིགས་པ་དང་པོ་དང་དྲུག་པ་བདུན་པ་གསུམ། མདུན་གྱི་དཀར་ནག་མཚམས་རྣམས་བསྲེག །རྒྱུངས་པར་བབས་པའི་འཛུམ་བུ་ལྟག་དགྱེད་ལ་རྒྱབ་ཀྱི་ཚིགས་པ་གོང་སྨོས་གསུམ་བསྲེག །རྐང་ཉྭ་ལོག་ན་ཐེ་བོང་སྤུ་སྐྱེས་དང་། ལག་ཉྭ་ལོག་ན་སྲིན་ལག་གི་རྩེ་མོ་བསྲེག །དེས་མན་ཐུབ་བྱིན་ཉྭའི་སྣེ་དང་། ལག་མགུལ་དུ་སྤྲ་ཚུགས་ཆུང་ངུ་གདུ་བུ་ལྟར་སྐོར་ནས་བསྲེག །ཐམས་ཅད་ལ་ཕོག་མ་ཐག་ནས་ཐང་བཏང་བ་དང་མེ་གདབ་པ་དུས་གཅིག་བྱེད། དེ་རྗེས་གཉན་སྨན་ནམ་ལོང་མེད་ན་གཉན་བཤལ་བཏང་། གཉན་ཁ་ཆག་ནས་ཚད་རྟགས་མ་ནུབ་ན་ཚད་སྨན་གང་འོས་སམ། སླེབ་ཆོག་དང་། སྨན་ནག་ཆེན་མོ་ཉིད་སྤྱི་འགྲོ་ཟབ། གཉན་རྟགས་མེད་ངེས་བྱུང་ནས་ཤ་གསར་དང་། མར་གསར་སོགས་ཟས་སྐོམ་ཆ་ཡིས་གློད་བས་རླུང་མནན་སྔོན་བསུ་བྱ་བའང་གལ་ཆེ། ལར་ནད་འདིའི་བཅོས་འབྲི་གུང་པའི་ཞལ་ལུང་བདུད་རྩིའི་ཆུ་རྒྱུན་དང་། ཁྱད་པར་ཀརྨ་མཚན་དཔེས་གསར་བསྒྲིགས་རྣམས་ཤིན་ཏུ་གལ་ཆེ་བར་ཡོད་
ཅིང་། ཕྱི་མའི་སྨན་ནག་གཅིག་ཆོག་མའི་གསང་སྨན་དཀར་མོ་ལུག་དུག་ཅེས་ལྷོ་རྒྱུད་སྟོད་སྨད་དུ་ཡོད་པ་དེ་མ་འཁྲུལ་བ་སྔ་ཆགས་བྱ་དགོས་སོ། ༈ །འབྲུམ་བུའི་བཅོས་ཀུན་མཁྱེན་ཆོས་འབྱུང་གིས་མཛད་པའི་ཕན་བདེ་མྱུར་སྟེར་ཤིན་ཏུ་ཟབ་ཅིང་། མདོར་བསྡུ་ན། ནད་རྟགས་རིམས་རྒོད་ཕོག་པ་དང་འདྲ་ལ་ཁྱད་པར་ཤ་མདངས་དམར་ལ་མཐུག །ལུས་ཐམས་ཅད་རྩེ། གློ་སྙིང་བརྡུང་། མཁྲིས་པ་སྐྱུག་པ་སྐྱ་ནད་ཀྱི་སྐབས་ཡིན་པས། སྦུ་སྒོ་དབྱེ་བའི་ཐང་སླེ་ཏྲེས་བདུན་པའམ། སླེ་ཏྲེས་བཅུ་དྲུག་པའི་བསྡུས་ཐང་དྲོན་མེ་གང་མང་བཏང་། སྨན་ཞུ་མཚམས་ཆུ་བསྐོལ་རྫེའུ་རུ་མ་དུ་བཅུག་ཅིང་གོས་ཀྱིས་བྱིབས་ནས་རྡུལ་འདོན། བལ་དང་སྲན་ཕྱེས་ལུས་ལ་དྲིལ་བྱ། ཐོག་མཐའ་བར་གསུམ་དུ་ལུས་ཅུང་ཟད་ཀྱང་འཁྱག་མི་རུང་ཞིང་། རླུང་དང་སེར་བུས་གཏན་ནས་མ་ཕོག་པ་ཤིན་ཏུ་གལ་ཆེ། འདི་སྐབས་ནས་ལྷན་ཐབས་ནས་བཤད་པའི་མིག་དང་གྲེ་བའི་འབྲུམ་སྲུང་བསྟེན། ཞག་གསུམ་ཙམ་ནས་འབྲུམ་པ་ཐོན་པའི་དུས་ཡིན། མ་ཐོན་ན་ཁྲག་མཁྲིས་གཉན་ཚད་སོགས་ཀྱི་རྟགས་ཧ་ཅང་མི་ཆེ་བ་རྣམས་ལ། ལ་མོ་རྡོ་སྨན་ནམ། འབྲི་ལུགས་ཀྱི་རྡོ་སྨན་ལ་རྩ་ཁ་སྡོམ་བྱད་རྣམས་ཕྲིས་པ་ཐུན་ཆུང་དུ་ཆང་ཞིམ་ཉུང་ངུས་ཕུལ་ནས་ལན་ཁ་ཤས་བཏང་། ཚང་རྟགས་ཆེ།
འབྲུ་ནག་གི་དོགས་པ་ཡོད་ན་ལྷན་ཐབས་མེ་ཏོག་ཉི་ཤུ་བ་བག་རིལ་མ་བསྲེགས་པའི་ཐང་གིས་ཕུལ། གཉན་ཚད་ཀྱི་རྟགས་ཆེ་ན་ལྷན་ཐབས་ཀྱི་རྩི་སྨན་དང་རྡོ་རྩི་འདྲེས་མའི་སྦྱོར་བ་རྣམས་ཐང་དང་སྤེལ་ནས་བཏང་། འབྲུམ་པ་ཐོན་སྐབས་ལག་པའི་ཆང་པ་གཡས་གཡོན་གྱི་འབྲུམ་པ་གསུམ། ཁའི་ཟུར་གཉིས། རྣ་རྒྱབ་གཉིས་སུ་བྱུང་ན་དེ་མ་ཐག་ཏུ་དཔལ་འབར་སྣུམ་ལྡན་གྱིས་བསྲེག །གཉན་ཚད་ཀྱི་སྟོབས་ཆེ་ཞིང་འབྲུམ་པ་ཐོན་དཀའ། ཐོན་ནས་རྣག་ཁུག་དཀའ་བའི་རིགས་ལ་གཉན་བཤལ་བཏང་བ་ཟབ་པས། བྱེ་རིང་གི་ཁྱུང་བཤལ་ལམ། སེར་པོ་དགུ་སྦྱོར་གྱི་བཤལ་གང་རུང་བྱ། འབྲུམ་པ་རྫོགས་ནས་ཞུད་ཀ་སོགས་ཀྱིས་འབྲུམ་པའི་རྩེ་ཞོམ་པ་དང་གཏོགས་ཀྱང་ཆུ་སེར་མེད་པའི་རྟགས་བྱུང་ན་ལྷན་ཐབས་ཀྱི་ཁང་ཤོར་འདྲེན་སྨན་དངུལ་ཆུ་བདུན་པ་བཏང་། །དེས་ཀྱང་ཐེན་དཀའ་ན། ནད་པས་མ་ཤེས་པར་བྱས་ཏེ་ནད་པ་རང་གི་བཤང་གཅི་དང་བག་རི་ལ་མ་བསྲེགས་པ་བསྡུས་པའི་ཁུ་བར། འཛིམ་དཀར་རྩ་བ་ནས་ཚད་གསུམ། དངུལ་ཆུ་ཚ་འདུལ། མུ་ཟི། ཛཱ་ཏི། གུ་གུལ། གི་ཝཾ། ཨ་ག་རུ། གླ་རྩི་རྣམས་ཀྱི་བྱེ་མ་བཏབ་ནས་ཉིན་ཞག་གཅིག་ལ་ལན་དྲུག་བཏང་བས་མི་ཐོན་མི་སྲིད། འདི་སྐབས་ཕལ་ཆེར་ལ་རླུང་གིས་
སྨྱོ་འཆལ་བྱུང་ན་ཆང་ཞིམ་ཅུང་ཟད་བཏང་བས་སྣ་བླང་། ཚབས་ཆེ་ན་འདོན་བཞི་གང་རུང་དང་སྦྱར་ན་ལི་ཤི་ཉེར་ལྔ་སོགས་རླུང་སྨན་ཐེ་ཚོམས་མེད་པ་བཏང་བ་གནད་ཆེ། མིག་ལ་འབྲུམ་པ་བྱུང་ན་ལྷན་ཐབས་ལྟར་བཅོས། གྲེ་བར་བྱུང་ན་ཚལ༔ བོད་མཚལ་བཏུལ་མ༔ རྒྱ་མཚལ་བཏུལ་མ༔ ག་བུར༔ གླ་རྩི༔ བཅས་ཀྱི་ཕྱེ་མ་སྨྱུག་སྤུབས་མ་སོག་སྦུབས་ནས་གྲེ་བའི་ནང་དུ་སྦུར། ཁྲག་འཁྲུ་ན་མྱོང་རྩི་སྤྲས་ཀྱི་ཐང་ཚན་མོ་ཕོར་ཆུང་ཕྱེད་ཙམ་ལན་ཁ་ཡར་བསྟེན། སྐྱིགས་བུ་སོགས་བླ་གཉན་བྱུང་ན་སོ་སོའི་བཅོས་ཐབས་འཕྲུལ། རྗེས་གཅོད་རྣག་སྐེམ་དངུལ་ཆུ་ཉེར་ལྔ་བཏང་ཞིང་སྤོས་དཀར་དང་རི་བོང་རིལ་མའི་དུད་པས་བདུག །རྣག་ཚན་ཆེ་ན་ཕུར་ཡོག་དྲེས་མའི་ཐལ་བ་གདབ། གདོང་བའི་ཤུ་བ་སོགས་རང་བུད་མ་སོང་བར་མི་བཀོག །ཐབ་ཆེ་སར་འབྲུམ་བུ་རྣག་ཏུ་ཁུག་པ་ནས་སྔགས་དང་སྨན་གྱི་སྲུང་བ་བསྟེན། འབྲུམ་བསྐོམ་རྗེས་སུའང་འགྲུལ་དང་ཐབ་བསྲུར་ལ་རིང་དུ་འཛེམ། རྣག་སྐོམ་ནས་ཁ་ཟས་ལྷུག་པར་བཏང་། ལན་ཚ་ཡུན་རིང་དུ་བསྲུང་། ༈ །བུའམ་བེ་གེན་དགོང་དང་ཕྱོགས་མཚུངས། ཐོག་མར་མ་ནུ་བཞི་ཐང་ངམ། སིབ་ཐང་གིས་སྨིན་པར་བྱས། རྩ་ཆུ་ཚ་ཤས་ཆེ་ན་སླེ་ཏྲེས་བཞི་ཐང་བཏང་། ཁོང་
སྨན་བདུད་རྩི་ལོ་མ་ཤུག་པ་ཚེར་ཅན་གླ་རྩི་གུ་གུལ་ཤུ་དག་ཤིང་ཀུ་ན་དངུལ་ཆུ་རྒོད་བཏུལ་བརྒྱད་སྦྱོར་ཆུ་བསྐོལ་གྱིས་ཕུལ། འབྲུམ་ཆུང་དམར་ཞིབ་མཆན་ཁུང་ཐོད་པ་སོགས་སུ་ཐོན་སྐབས་ལྷན་ཐབས་ཀྱི་སིབ་སྨན་ནམ། ཟུང་བཟང་ཁྲག་མཁྲིས་ཅན་ལ་སྤང་རྩི་བཅུ་གཉིས། སྤྱི་ལ་འབྲི་ལུགས་སྨན་ནག་གམ་སླེབ་ཆོག་བཏང་ཡང་ཆོག །ནད་སྟོབས་ཆེ་ན་སྲོ་མ་རྟ་རིས་སྦྱང་། བེ་གེ་མི་འཇིགས་ལྡོག་པ་འཇིགས། ཞེས་སིབ་བུ་དངོས་གཞི་བཅོས་སླའང་། རྗེས་འགྲུལ་རྐྱེན་དང་ཟས་སྤྱོད་ཟླ་གཅིག་བར་གཟབ་དགོས། སྟོད་དུ་ལྡོག་ན་གག་པ་དང་སྟོད་གཟེར། སྨད་དུ་ལྡོག་ན་བཤལ་རིམས་སུ་འགྱུར་བས་བཅོས་དཀའ་ཞིང་དེ་དག་ཏུ་ལྡོག་ན་སོ་སོའི་བཅོས་ལྟར་བྱ། མ་ལྡོག་ན་ཞག་བཅུ་གསུམ་ནས་རུས་ཁུ་སོགས་ཆ་ཡིས་ཀློད། གལ་ཏེ་སོ་སོའི་གཞུང་སྨན་རྣམས་མ་འཛོམ་ན། འབྲུམ་པ་དང་སིབ་བུ་གཉིས་ཀར་ཐོག་མར་ནོར་བུ་བདུན་ཐང་ལ་གུ་གུལ་བསྣན་པའི་ཐང་གིས་སྨིན་པར་བྱས། དངོས་གཞིར་སྦྲུ་ནག་ཉེར་དགུའམ། གསང་སྨན་བསྣན་པའི་སོ་གཉིས་མ་བཏང་། རྣག་སྐེམས་ག་བུར་ཉེར་ལྔ་ཁོ་ནས་ཀྱང་བན་བ་ལག་བླང་དུ་སྣང་ངོ་། ༈ །གཉན་རིམས་ལྕེ་ཐོག་ཏུ་བབས་པའི་གག་བལ། འབྲི་ལུགས་གག་པའི་བན་པ་ཀུན་ལྡན། རྣམ་རྒྱལ་དགུ་པ། སྦྱང་ལྕེ་བརྒྱད་པ་དང་
དགུ་པ། ཤུ་དག་བཞི་པ། ཁྱུང་ལྔ། གཙོ་ཁྱུང་རྣམས་ཟབ། གག་ལྷོག་རྣམས་ལ་སྨན་ལས་ཀྱང་སྔགས་ཀྱིས་ཕན་པ་ཆེ་བས་འདིར་ཡང་སྤྱང་ལྕེ་དར་དམར་གྱིས་དྲིལ་བལ་སྔགས་ནས་ཁར་བཟུང་བ་ཟབ། མ་ཐུབ་ན་སྤྱི་གཙུག །ལྟག་བའི་བདུད་སྒོ། །མ་ཚོགས་མའི་འདུས་སོ། །སྨིན་མཚམས་གཡས་གཡོན། ཨོལ་མདུད། རྩེ་ཆུང་གཉིས་ཀྱི་མགོ་རྣམས་བསྲེག །དེས་ཀྱང་མ་ཞི་ན་དྲག་པོ་བཅུ་གསུམ་དང་སྲོ་མ་རྟ་རི་གང་རིགས་ཀྱི་སྦྱོང་སྐྱུགས་བཏང་། མེ་མི་གདབ་པར་བཤལ་ཁོ་ནས་ཀྱང་འཐུས། ༈ །གཉན་ཤ་ལ་བབས་པའི་ལྷོག་བལ། ཐོག་མར་སྐྱེར་ཤུན་གྱི་ཐང་བཏང་། །མཐའ་སྐོར་དུ་དཀར་གསུམ་བྱུགས། ཁྱུང་ལྔ་ཝ་ཏ་མཉམ་སྦྱོར། དམར་ཆེན་རྡོ་རྗེ་བ་ལམ་གྱིས་གསོད། ཡང་སྔོན་མོ་ལྷོ་གཟན། མེ་ཏོག་གསུམ་པ་ཁ་ཚར་ཅན་རྣམས་རེ་རེས་ཀྱང་བན། བའུ་ཆུང་ངམ་སྟག་མའི་ཡུང་རྡོག་ཟེར་བདེའི་ཁུ་བ་བཏང་ནས་གཉིད་ན་སད་དུས་དྲག །ཅིས་ཀྱང་མ་ཐུབ་ན་སྡོམ་ནག་ལ་འཇིབ་ཏུ་གཞུག །ཝ་ཏ་གཅིག་རྒྱུག་ཀྱང་ཤིན་ཏུ་ཟབ། གག་པའི་ཕན་པ་ཀུན་ལྡན་དང་རྣམ་དགུ། གཙོ་ཁྱུང་རྣམས་ཀྱང་འཕྲོད་གག་ལྷོག་གཉིས་ཀའི་སྐྲངས་མཐར་རེག་པ་བདེ་སྐྱེད་བྱུགས། གཡུང་བའི་རིགས་རྣམས་དེ་ཙམ་གྱིས་ཐུབ་རྒོད་ཡང་རྒོད་ཀྱི་རིགས་ལ་བྱུག་པ་ཁང་སྨན་ཞག་གསུམ་
བསྟེན་རྗེས་སྐྲང་གིས་དཀྱིལ་ལ་མངར་གསུམ་བྱུགས་ནས་ལྕགས་ཀྱི་ཏེལ་པའམ་སྤྲ་བས་བསྲེགས། ཁྱུང་རྒོད་མཉམ་སྦྱོར་གྱི་ཁོང་སྲུང་བཏང་ཞིང་ཐབ་སྔགས་བྱ། དེས་མ་ཐུབ་ན་གཉན་བཤལ་སྲོམ་རྟ་རིའམ། ཁྱུང་བཤལ་བཏང་། འདི་ཐོག་མར་བྱུང་སྐབས་ཡིན་མིན་ཐེ་ཚོམས་ན་མུ་ཟི་ཤུ་དག་གླ་རྩི་སྦྱར་བ་ཁོངས་སུ་བཏང་། ཤུ་དག་སྦྱར་བ་བྱུགས། དཀྱིལ་དུ་ཚ་མར་བཀུས་ན་ལྟོ་དམར་བ་དང་། །སོག་འདབ། ཨན་སྟོང་། མུར་འགྲམ་རྣམས་ལ་དམར་ཐིག་འབྱུང་བར་བཤད། ཡང་ཕྱི་རྒྱུད་མེ་ཏོག་གསུམ་པ་ལ། མིང་ཅན་ནག་པོ། །ཝ་ཏ་ཐུན་ལོག་ཙམ་བཏང་བདེ་མི་བྱུགས་གཉིས་ཀ་ཕན་པ་ལག་བླང་མྱོང་གྲུབ། ལྷོག་རྒོད་ཐོག་བབས་སུ་བྱུང་བ་ལ། རྟ་བླའི་རོ་མགོ་སུག་མ་ཉམས་པ་མར་གྱིས་དྲིལ་ལ་ཁྱུར་མིད་བྱས་པས་ཕན་གསུངས། གག་ལྷོག་གཙོར་གྱུར་གཉན་རིགས་སྤྱི་འཇོམས་ཀྱི་སྔགས་རྒོད་ཤིན་ཏུ་ཟབ་པ་ནི། རང་ཉིད་ལྕགས་ཀྱི་བྱ་ཁྱུང་མེ་འབར་བ་རྭ་དང་མཆུ་སྡེར་གནམ་ལྕགས་ངར་མ་ལས་བྱས་པ། གཉན་ནད་ཐམས་ཅད་འཇོམས་པར་བྱེད་པར་བསམ་ལ། ཨོཾ་ནག་པོ་ཀྭ་ལ་རཀྴ་རྦད་རྦད། སོད་སོད། ཕྱུང་ཕྱུང་། སྤུ་གྲིས་ཟང་ཟང་། ལྕགས་ཀྱུས་སྡེར་མོས་གནོད་བྱེད་འབྱུང་པོའི་སྙིང་ལ་ཟོ་ཟོ། །ནཱ་ག་བྱི་མ་སོད། ནཱ་ག་བྱི་མ་ལིང་སོད་སྭཱ་ཧཱ། ཞེས་སྨྲ་བ་བཅད་ནས་མ་ཡེངས་
པར་བཟླས་གྲངས་མངས་སུ་ཐེམས་ན་གཉན་རིགས་ཐམས་ཅད་འདི་གཅིག་པུས་ཐུབ་པའི་ལག་བླངས་མའོ། །གཉན་སྒང་ཆུང་ངུ་ལ་བྱང་བུལ་ཆུ་བྱུགས་པས་ཐུབ་བོ། །རིམས་དང་མ་འདྲེས་པའི་ཆམས་པ་ཁ་རྐྱང་ལ་ཟས་སྤྱོད་གཟབ་པ་ཙམ་གྱིས་འཚོ་བས་སྨན་མི་དགོས། །ནོར་བུ་བདུན་ཟང་དྲོད་འཇམ་ཙམ་གྱིས་ཀྱང་ལམ་ནས་ལྡོག་པར་འགྱུར། ཅུང་ལྗི་ན་དཔའ་བོ་བཅུ་བཞིའམ། བསིལ་བཅུད་བཅོ་ལྔ། སྤྲིན་བྲལ་ཟླ་ཟེར་སོགས་འབྲོད། སྣབས་ལུད་མང་ཞིང་གྲེ་བ་ཚ་བའི་གྲེ་ཆ་མལ་པི་པི་ལིང་ཐུན་གཅིག་ཞོ་ནང་བཏབ་ནས་འཐུང་བས་སེལ། བོང་ང་དཀར་དམར་པི་ལིང་གསུམ་ཆ་མཉམ་ཕྱེ་མ་ཞོར་སྦྱར་འཐུང་བ་ཤིན་ཏུ་ཟབ་པར་བསྔགས། ཆམས་གཞུག་ལུང་ལ་ནོར་བདུན་གློ་སྨན་བཏང་། ཡང་གློ་ལུ་ཐོག་མར་བྱུང་སྐབས་ག་བུར་ཉེར་ལྔ། བར་དུ་འཁྲུགས་གློ་ཀུན་སེལ་འཕྲོད། མཐར་ལུ་བ་ཅིས་ཀྱང་མཆོད་བཅོས་རྡུགས་ན། དར་མ་མཁྲིས་ཤས་ཆེ་བ་ལ་ལུག་མུར་བདུན་པ་ཙནྡན་དཀར་དམར་གཉིས་ཆ་མཉམ་བཏང་བ་དང་། བད་ཤས་ཆེ་ན་རྒ་ལོ་སྨན་དམར་སྟེང་ཤིང་མངར་འཁོར་སྨན་གཅིག་གི་བུང་མཉམ་བསྣན་པ་ཆང་གིས་ཕུལ་བས་ཕན། །དེང་སང་ཆམས་པ་ལའང་གཉན་ཤས་འཁྲི་ཞིང་ཅུང་ལྗི་བར་སྣང་བས་ཐོག་མར་ཐང་བཏང་རྗེས། ཁྱུང་སྔོན་དགུ་པ་བཟི་ཆུང་ཅན་བཏང་ན་འཕྲོད་ཆེ་ཞིང་ལུ་
བ་མི་འབྱུང་བ་ལའང་ཕན། ཆམས་རིམས་མཐའ་དག་ལ་སྨན་གང་ཡང་ཁོངས་སུ་མ་སོང་བའི་སྐབས་རྒྱ་ནག་མ་བཏང་ན་གཅིག་ཆོག་ཡིན་པ་ངག་རྒྱུན་ལས་ཐོས་སོ། ༈ །མགོ་ནད་ཀྱི་བཅོས་སྐོར་གོང་ངོག་རྣམས་སུ་ཡོད་པས་འཐུས་ཤིང་། ལྕི་འཐིབས་སོགས་མགོ་ནད་སྤྱི་ལ། བདུད་རྩི་སུམ་སྦྱོར་སྟེང་། རྡོ་དྲེག །དུང་ཐལ་དུར་རུས་བསྣན་པ་ཟབ། ༈མིག་ནད་ལ། མདོག་དམར་ལ་ཚ་བ་ཁྲག །མིག་ཟུར་ཟ་བ་སྲིན། མཆི་མ་ཟག་ནས་ཚ་བ་རླུང་། ན་ཚ་མེད་ནས་མི་མཐོང་བ་བད་ཀན་ཡིན། མིག་ནད་སྤྱི་ལ་སྐྱེར་ཁ་དང་། །དེའང་མན་ངག་ཁ་ཚར་ཅན་ཟབ། ཁྲག་རྐྱེན་ལ་སྐྱུ་རུ་ཉེར་ལྔ། རྒྭ་ལོ། ཙནྡན་བཅོ་བརྒྱད། ཁྱད་པར་ཁྲག་མཁྲིས་ཅན་ལ་སྤང་རྩི་བཅུ་གཉིས་ཟབ། སྲིན་ལ་གུར་གུམ་བཅུ་གསུམ་རྩེ་གསུམ་ཁ་ཚར་ཅན། རླུང་རྐྱེན་ལ་སོ་ལྔ་སོགས། བད་ཀན་རྐྱེན་ལ་བདུད་རྩི་སུམ་སྦྱོར། ཟླ་ཤེལ། གུར་གུམ་ཉེར་ལྔ། རླུང་རྐྱེན་ལ་ཁོང་སྨན་གྱིས་ཕན་དཀའ་བས་ཛ་ཏི་དང་གོ་སྙོང་བཏབ་པའི་ཟན་དྲོན་གྱིས་བསྲོས་བྱེད། མིག་སྨན་སྤྱིར་གསལ་བྱེད་ལྕགས་རིལ། གསལ་བྱེད་ཉེར་ལྔ། མདུད་རྩེ་ཉེར་ལྔ། གསལ་བྱེད་ཉི་ཟླ་འཁོར་ལོ། །གསལ་བྱེད་དྲུག་པ་སོགས་དང་། མིག་གི་འབྱར་བཞག་རྒྱུ་དེའང་ཟབ་པ་ལག་བླངས། ལྷ་ལུང་བའི་གསལ་བྱེད་སྤོས་རེང་བརྡར་བའི་བུ་བ་བླུག །
འགྲིབ་རིགས་ཡོད་པའི་མིག་ནད་ལ་དཀར་པོ་དྲུག་སྦྱོར་གྱིས་ཕན། རྗེས་སུ་ནང་སྲང་བརྒྱད་དང་ཕྱི་སྲང་རྣམས་ལ་མེ་ཚུགས་གང་བདེ་བྱ། ལིང་ཏོག་ལ་ཁོང་སྨན་སྤང་རྩི་བཅུ་གཉིས་སྨན་ནད་ཐོན་པ་ལན་ཁ་ཤས་བཏང་། ནི་ལ་ཐོ་ཋ་ཞིབ་བཏགས་ཕྱེ་མཐུར་རྩེས་བླངས་ནས་ལིང་ཏོག་ལ་གླན་པས་འཕྲལ་དུ་ཕན། རྒྱལ་མོའི་སྟེང་དུ་འགྲོ་གྲབ་བྱུང་ན་ལིང་ཏོག་ཡོད་ཕྱོགས་ངོས་ཀྱི་ནང་སྲང་། རྒྱལ་མོའི་སྟེང་ནས་ནད་ང་རང་གི་ཐེབ་ཚོན་གང་གཞལ་མཚམས་སུ་མེ་བཙའ་བཏབ་བས་དེ་ཕྱོགས་སུ་འཐེན་འགྲོ། །འདི་ལ་སྔགས་གཙོ་ཆེ། མིག་ལྤགས་ལ་ཤ་འཛེར་ཆེན་པོ་བྱུང་ན། རྒྱས་ཚར་དུས་སྟང་སྐུད་ཀྱིས་དམ་པར་བསྡམ་ད་།།།བརྡོལ་ཤོར་མི་ཉན། རྩ་བ་ཕྲ་མོར་སོར་སྐབས་གྲི་གུ་རྣོན་པོས་བཅད། རྨ་ཁར་ཟངས་ཏེ་ལ་བརྒྱག །དམར་ཚག་ཚབ་ཆེན་དང་པོ་མ་ལྤགས། རྗེས་ཡེ་ལྤགས་ནང་གཙགས་བུས་བྲད་ལ་ཤར་ཤར་མང་དུ་བཤག་ཐོན་ཤུལ་ཆུས་བཀྲུས་ལ་མིག་སྨན་བླུག །མིག་གི་བགས་སྲིན་ལ་ཁ་ཤའི་ར་ཚུགས་ཀྱིས་ཕན། མིག་ཁ་བས་ཕྱིད་ན་གླ་ཅིག་བུར་ཤེལ་དཀར་དམ་མཁྲིས་རྣམས་མཉམ་སྦྱོར་ཞིབ་བཏགས་ཆུ་གཙང་དང་སྦྱར་ཏེ་མིག་ལ་བླུག །དུ་བས་ཕྱིད་ན་གི་ཝཾ་གི་ཕྱེ་མ་སྣ་ནས་འབུད། ཉི་མ་ལ་ཡུད་ཅིག་བལྟ། ཤ་གསར་དམར་པོས་ཡང་ཡང་ཕྱི་ཞིང་དུ་པ་ལ་འཛེམ། མིག་གི་འགྲིབ་རིགས་
ལ་ཐུར་མ་སྨན་དཔྱད་གཞན་ལ་མི་ལྟོས་པར་མེ་བཅལ་ཐོ་ནས་བཅོས་ཚུལ་ནི། སྨིན་མའི་མཇུག་ནས་དབུས་དང་། མགོ་ནས་ཀྱང་དབུས་སུ་ཚོན་གང་གཞལ་བའི་སྨིན་དབུས་དྲང་པོའི་རུས་པའི་གདོང་ནས་གསོ་བྱ་རང་གི་མཛུབ་མོའི་ཚིགས་གསུམ་པ་བཞག་སྟེ་གྱེན་དུ་བསླང་བའི་མཛུབ་རྩེ་སླེབ་མཚམས་དང་། སླ་སྔལ་ཅན་རྣམས་ཀྱི་སྨན་དབུས་ཀྱི་སྐྲ་མཚམས་ནས་གྱེན་དུ་ཚོན་གང་གཞལ་བ་དོན་གཅིག་པས། གནས་དེར་མནན་ན་མིག་འབྲས་ལ་ཟུག་རྔུ་འབྱུང་བའི་དམིགས་ཡོད་པ་དེར་ལུག་རིལ་ཙམ་གྱི་སྦྲ་བ་ཤིན་ཏུ་དམ་པའི་མེ་ཚུག་གཅིག་བཞག །གཡས་གཡོན་གཉིས་ཀར་བཞག་དགོས་སམ་གང་རུང་གཅིག་གིས་ཆོག་གསོ་བྱའི་མིག་དང་བསྟུན། །དེ་ནས་མིག་གཡས་ལ་ཚིགས་པ་དང་པོ་ནས་གཡས་སུ་འཕྲེད་དུ་མཛུབ་གང་། སོག་རྩེ་ཁ་སྤྲོད་ནས་སོག་པའི་ཕྱོགས་སུ་ཚོན་གང་བཅལ་བའི་ཕན་ཚུན་འཕྲད་མཚམས་སམ། ཚིགས་པ་ལྔ་པ་ནས་གཡས་སུ་སོར་བཞི་འབྲེད་ལ་འཇལ་བའི་མཚམས་སུ་མནན་པས་མིག་ལ་ཟུག་འབྱུང་བདེ་གཉིས་གང་རྙེད་དུ་སྦྲ་ཚུགས་ཆེ་བ་རེ་བཞག །གཡོན་པ་ལའང་དེ་དང་མཚུངས། འདི་ནི་སྔོན་ནས་ཆེར་མ་འགྲིབ་པ་གསལ་ཐུབ་ལ། འགྲིབ་བཞིན་པ་སླར་མི་འགྲིབ་བའི་སྲང་གཅོད་ཞལ་ཤེས་ཁོ་ན་ཡི་གེར་བཀོད་པའོ། ༈རྣ་བའི་ནད་ལ། རྣ་རྐྱག་སྐྱ་སེང་འུར་སྒྲ་ཅན་རླུང་ཡིན་པས་
ཤིང་ཀུན་ཉེར་ལྔའི་ཕྱེ་མར་ས་ཐུམ་མར་ཁུར་བཙོས་པ་བཙིར་བའམ་ཡང་ན་ཐོག་མ་ནས་ཨུག་ཆོས་བཅུ་པའི་ཕྱེ་མ་རས་ཐུམ་མར་བཙོས་བླུགས་ནས་རྣ་ཁུང་དགག །འོན་པ་ཡིན་ན་མ་སོས་པར་བསྟེན། རྣ་བའི་བུ་ག་ནས་ཕྱོགས་བཞིར་ནད་པ་རང་གི་མཚོན་རེ་གཞལ་བར་སྤྲ་བའི་ཚུགས་བརྒྱག །ཁོང་སྨན་ཡང་བསྟེན། ཁྲག་ཤས་ཆེ་ཞིང་རྣབ་གཟེར་བ་ལ་རྣ་རྒྱབ་ལྗོན་ཤིང་ངམ་ལྦ་རྩ་ཟེར་བ་དེ་གཏར་བས་ཕན། རྣ་ཟུག་ཁ་རྐྱང་ལ་ལ་བ་གཞོན་བཙིར་བའི་ཁུ་བ་བླུག །རྣག་ཟག་ནའང་དེ་ལྟར་རམ་ར་གཅི་ན་བླུག །ཟུག་བྱེད་ཅིང་འོན་ན་ཨ་རུ་ར་དང་རུ་རྟ་གཉིས་ཀྱི་ཕྱེ་མ་རས་ཐུམ་མར་བཙོས་ཀྱི་ཐིག་པ་བཙིར་ནས་བླུག །གཟེར་འཁྱུག་ཅིང་རྣ་རྐྱག་སྣུམ་ཞད་ཡོད་པ་ཁྲག་དང་སྲིན་ཡིན་པས་སྲིན་བཅོས་བྱ། རྣ་བའི་ནད་ཐམས་ཅད་ལ་ཨ་རུ་བཅོ་བརྒྱད་མར་ཁུ་དང་སྦྱར་ནས་བླུག་ན་ཕན་ཆེ་ཞིང་སྤྱིར་ཡང་རྣ་ནད་ལ་མཁལ་བཅོས་བགྱིས་པས་འཐུས་ཆེ། སྲོག་ཆགས་ཤོར་ན་མཁན་སྐྱའི་ལོ་མ་གདུས་པའི་ཁུ་བ་བླུགས་པས་ཕན་ནོ། །སྣ་ནད་འགག་འཚངས་དང་། ཡ་མའི་རླངས་པ་སོགས་ལ་ཚངས་པ་དབུལ་སེལ་མེ་ལ་བཏབ་པའི་དུད་པ་སྣར་རྡུབས། །ཆོས་འབྱུང་གི་སྣ་སྨན་ཉེས་སེལ་བསྟེན་པས་ནད་རིགས་སྤྱི་ལ་ཕན་ཅིང་དབང་པོ་གསལ་བའི་མཆོག་ཡིན་པར་གསུངས། སྣ་ཤུ་ལ་ཏི་ཆའི་ཐལ་བའམ་རྒུན་འབྲུམ་ནུས་བསྲེགས་ཀྱི་ཐལ་བ་བྱུག །
སྣ་ཁྲག་ལ་ཐང་ཆེན་ཉེར་ལྔ་ཁ་ཆེ་བུངས་བསྐྱེད་པ། གླང་ཆེན་བཅུ་གསུམ་ལ་ཁ་ཆེ་དམ་མཁྲིས་ཁ་ཚར་བཏབ་པ། བི་ཇིའི་ཚོ་ལ་ལུད་ཁ་སྡོམ་སོགས་ཟབ། གསེར་ཐང་བཅོ་བརྒྱད། སྐྱུ་རུ་ཉེར་ལྔ་ཁྲག་སེལ་གྱེ་འཁྲུལ་འཁོར་ཅན་ཀྱང་ལེགས། མགོ་དང་རོ་སྟོད་ལ་ཆུ་ཕྱར། མ་ཐུབ་ན་རུ་ཐུང་དང་དྲུག་འདུས་གཏར། ཁྲག་གར་སླེབ་ཀྱི་དཔུང་འཛུམ་མམ་ལང་ན་སྨིན་མཚམས་སུ་མེ་གད་པ། རྟེན་འབྲེལ་བཅོས་སྐྱེས་པའི་སྒྲོ་བ་དང་བུད་མེད་སྣ་ཁྲག་འོང་ཕྱོགས་ཀྱི་ནུ་མ་དར་སྐུད་དམར་པོས་བཅིང་། མདའ་གཞུ་སྣ་ཁྲག་འོང་ཕྱོགས་གཡས་གཡོན་གོ་ལྡོག་ཏུ་འཐེང་། མེ་རྫས་ཀྱི་སྙིགས་མ་བདུག་པས་ཀྱང་ཆོད་པར་བཤད། ཅིས་ཀྱང་མཆོད་ན་མན་ངག་སྨན་སྣ་ཁྲག་ལྕགས་སློང་དུ་ནུས་ལྡན་བསྲེགས་པ་ཆ་གསུམ་གཞིར་བྱས། ཚ་ལ། ཁ་ཆེ། ཤིང་ཚ་གསུམ་བསྡམས་པ་ཆ་གཅིག་དང་དམ་མཁྲིས་ཅུང་ཟད་བཏབ་པའི་ཕྱེ་མ་ཆུ་གྲང་གིས་ཕུལ་བསངས་པར་ཆོད། ཟུང་ངན་རིགས་ལ་སྐྱ་རྦབ་ཁྲིད་ཉེན་ཆེ་བས་ཟས་སྤྱོད་གཟབ། ད་ལི་བཅུ་དྲུག །སོ་ལྔ་སོགས་བཏང་དགོས་མིན་རིག་པས་དཔྱད་དོ། ༈ །ཁའི་ནད་ཁ་ཤུལ་ཚངས་པ་དཔུལ་སེལ་དུད་པ་རྡུབས། རྙིལ་ལ་ཁྲག་ཆད་བབས་པའི་གཟེར་སྐྲང་དང་རྙིལ་ཆད་པ་ལ་ཕྱི་རྒྱུད་གྲང་ཐང་གསུམ་པའི་མཁུར་བཀང་ངམ། དྲི་ཆུ་ལ་མཚུར་ནག་བཏབ་པའི་མཁུར་བཀང་
ཟབ་འདི་རྣམས་ཕྱིར་ཕོ་དགོས། །ལྡོང་རོས་དྲུག་པས་ཀྱང་ཕན། ལྕེ་མི་བདེ་བ་ལ་ནང་སྔ་ལྕེ་བཞར་གྱིས་དག་པར་བྱས་ནས་པི་ལིང་ཕྱེ་མ་ཐུར་མགོ་རེ་བྱུག་པས་ཕན། ལྕེའུ་ཆུང་བབས་ན་སྤྱི་གཙུག་གི་སྐྲ་ཚོམ་གཅིག་ཐེབ་སྐོར་ལྟ་བུའི་ནང་ནས་གྱེན་དུ་དྲངས་ནས་ཕྱིར་མི་འོང་བར་བཅིངས་ཏེ་བཞག །ཁ་ལྕེ་གྲེ་བ་སྐོམ་པ་ལ་ཕྱི་རྒྱུད་སོ་ཕག་མཁུར་བཀང་བསྟེན། སྐད་འགགས་པ་དང་གྲེ་བ་ཚ་སྐོམ་ལ་ཕྱི་རྒྱུད་བོང་དཀར་བཞི་ཐང་ངམ། ཚར་བོད་གཅིག་ཐང་བཏང་། ལི་ཤི་བཞི་པའམ། ལི་ཤི་དྲུག་པ་ལོ་བརྒྱད་དྲི་ཆུས་ཕུལ། ཕལ་ཆེར་ལ་སྤང་རྒྱན་བཅོ་ལྔ་དང་བཅུ་པ་འཕྲོད། གྲེབ་གཟེར་ཆེ་བའི་གཉན་ཤས་ཅན་ལ་ཁྱུང་སྔོན་དགུ་པ། ལི་ཁྱུང་རྣམས་ཟབ་འབྲོང་སྤང་ཡང་འཕྲོད། ཡང་བད་ཁྲག་གིས་གྲེབ་དང་ལྡོག་མ་མི་བདེ་བ་ལ། བདུད་རྩི་སུམ་སྦྱོར་སྟེང་། སྒང་ཐོག་པ་དང་བོང་ང་དམར་པོ་བསྣན་པ་ཟབ། བོང་དམར་བདུན་པ་ཚར་བོང་ཐང་གིས་ཕུལ་བའང་བསྔགས་ཀྱང་བོང་དམར་བོད་ཀྱི་སྔོ་སྨན་ལེགས་པར་སྣང་། ལྷ་ལུང་མཁན་པོའི་བོང་དམར་བརྒྱད་པ་འཕྲོད་ཆེ། མཆུ་གློ་ལ་ནང་གཤག་ནས་ཁྲག་བཏོན། མཆུ་མཛེ་ལ་ཙནྡན་དམར་པོ་དང་བ་ཤ་ཀའི་ཕྱེ་མ་བྱུག །ནང་སྔ་རྡོ་བ་མོ་ཅན་ལྟ་བུའི་གྲང་མོ་གླན་ཀྱང་ཕན་ནོ། །ཡང་མཆུ་ནད་ཕལ་ཆེར་ལ་མྱུ་གུ་ཤིང་གི་ཁཎྜ་བྱུག །དེས་མ་ཐུབ་ནམ་ཆུ་རྩ་དང་སྲིན་རྩ་རྒྱབ་རྩ་གཏར། ལྷགས་པས་མ་མཆུ་གས་པ་ལ་
སྤྱི་གཙུག་ཏུ་མར་བྱུགས་པས་ཕན། ༈ །ལྦ་བའི་བཅོས་སྐོར་ལྷན་ཐབས་ནང་གསལ་ལག་ལེན་བདེ་ཞིང་ཟབ་པར་བསྔགས་ཀྱང་། བྱུར་ལྦ་སོགས་བཅོས་དཀའ། ཤ་སྦྱོར་བརྒྱད་པ་ཟླ་སྨད་ཉི་ཤུ་གཅིག་ནས་དགུའི་བར་བསྟེན། རྨེན་བུའི་སྦྱོར་བ་ལྦ་བ་རྒྱུན་གཅོད་ཡུན་རིང་བསྟེན་པའང་ཟབ། རྒྱ་ཚྭ་དྲུག་པས་ལྦ་བ་འཇོམས་ཤིང་། ཛཱ་ཏི་དགུ་པས་མཇུག་གཅོད་པའང་བསྔགས་ལྦ་བའི་མཐའ་ནས་ཚོན་རེའི་སར་མེ་བཙའ་བསྐོར་ནས་གདབ། དེས་ཆུང་དུ་སོང་ན་རིམ་པར་ཇེ་བཏུད་ཀྱིས་ནང་དུ་གདབ་པ་ཡིན་ཀྱང་འཕྲོད་མིན་ཞིབ་བརྟག་དགོས། མགོ་སོ་སོགས་ལ་ཤ་ལྷག་ལྟ་བུ་སྐྱེས་པ་རྩ་བ་སྐུད་པས་བསྡམ་ལ་ཅུང་བཞག །རྩེ་ནས་གཙག་བུས་གཤག་སྟེ་བརྟོལ་ལ་འབྲས་འདུལ་སྦྱར་ཏེ་གསོ། །ཡང་ལྦ་བ་སོགས་ཤ་ལྷག་གི་རིགས་རྩད་ནས་འདོན་པའི་གདམས་ངག་ནི། བྱུང་ནས་ལོ་གཉིས་གསུམ་ཙམ་སོང་བའི་རྙིང་པ་ལ་ཚ་ཐུར་བརྒྱབ་ཅིང་བཙགས་ནས་རྨ་གསོ་བ་དང་། རྗེས་གཅོད་མེ་བཙའ་གོང་སྨོས་བྱས་ཀྱང་ཆོག །ཡང་ན་གཙག་བུས་ལེགས་པར་གཤག་ནས་ནང་གི་རྣག་ཁྲག་ཆུ་སེར་སོགས་དབྱུང་། གཉིས་ཀ་ལ་ཤ་གད་ནད་ངོས་མ་བསྣད་པ་གལ་ཆེ། །དེ་ནས་ཆུ་ཡིས་དག་པར་བཀྲུས་རྗེས་རྨ་སྨན་སྤྱི་དང་། ཁྱད་པར་གུར་གུམ་དམ་མཁྲིས་སྦྱར་བའི་ཆུ་ལ་ལན་ཚྭ་བཏབ་པ་བྱུགས། དར་སྙུད་ཀྱིས་ཤ་གདན་དང་མཉམ་པར་བཙེམ། ཕྱི་རུ་
ཏེལ་གེ་དུམ་བུ་སྦྱིན་གྱིས་སྦྱར། ཞག་བཅུ་སྐོར་ཟས་སྤྱོད་གཟབ། ཡང་རྣ་བའི་ནང་གི་ལྦ་རྩ་དེ་ཁབ་ཀྱིས་ཕུག་ནས་ཞ་ཉེའི་རྣ་ཆ་བཏགས་བའམ། ཀང་མར་ལུང་ཐིག་བྱས་པའི་ཞ་ཉེའི་རྡོག་པོ་རྐེ་ལ་བཏགས་པས་ཀྱེང་།ཐུབ། ཉིན་གཉིད་མི་ལོག །ཟས་སྐོམ་ཉུང་དུ་བྱ་བ་སོགས་གལ་ཆེ། ༈ །སྙིང་ནད་གོང་གསལ་རྣམས་ཀྱིས་མཐུས། སྙིང་སྲིན་སོགས་མན་རྒྱུད་ལྟར་བཅོས་དགོས། ༈ །གློ་ནད་ཁྲག་འཁྲུགས་ཆམས་པ་སོགས་ཀྱི་ནད་མཇུག་གློ་བར་ཞེན་པ་ཡིན་པས། ཐོག་མར་གཙོ་བོ་ཉེར་ལྔ་དང་། ཙནྡན་བཅོ་ལྔས་ཚད་པ་བཅག །གློ་རླུང་ལྤུ་སོབ་ལུ་བ་ལ་བདུད་རྩི་འཆི་སོས། འཁྲུགས་གློ་ཀུན་སེལ། ཨ་གར་རིགས་པ་འོ་དང་ཆང་སོགས་གང་འོས་ཀྱིས་ཕུལ་ནས་བཏང་། བད་གློ་འཚང་ཞིང་རྒྱུན་ཏུ་ལུབ་ལ་རྒུན་འབྲུམ་བདུན་པ་ཁ་ཚར་ཅན་དང་། སྤང་རྒྱན་བཅོ་ལྔ་ཡང་ཟབ། མན་བསིལ། ད་ལི་བཅུ་དྲུག །ཨ་གར་བཅོ་ལྔ་རྣམས་ལྟག་པ་སྤྲད་པའང་འཕྲོད། གློ་རྣག་ཡོད་རྟགས་ཆུ་གར་ཞིང་ཀུ་ཡ་སྤྲིན་དང་རྣག་འདྲ་བ་བྱུང་ན་དཀར་པོ་ཡར་འདྲེན། མན་རྒྱུད་སྟར་བུ་པཉྩ་གང་རུང་བཏང་པས་གྱེན་དུ་དྲངས་ཐུབ་ནས་རྣག་སྐེམས་ལ། ཟངས་ཐལ་ཉེར་ལྔ་དང་། བསེ་རུ་ཉེར་ལྔའི་སྟེང་ཟང་ཐལ། དངུལ་ཆུ། དུང་ཐལ་བསྡེབས་པ་ཟབ། ཡང་རླུང་ཤས་དང་གཉན་ཁ་མེད་ན། ག་བུར་ཉེར་ལྔ། དཔའ་བོ་བཅུ་བཞི་སོགས་བཏང་པས་ལུད་པ་གར། །
མཐར་ལུད་པ་སྐྱ་སོབ་ཏུ་འགྱུར། ཆུ་དྭངས། རླུང་རྟགས་བྱུང་ན་སོ་ལྔ། དྲང་སྲོང་ཨར་བརྒྱད། ཨ་གར་བཅོ་ལྔ་སོགས་བཏང་། ཤ་གསར་དང་བ་འོས་ལུས་ཟུང་གསོ། །དམར་པོ་གསུམ་པ་འོ་ལ་སྦངས་བའི་ཁུ་བས་ཅུ་གང་ཉེར་ལྔ་ཕུལ་བ་ཡུན་གང་འོས་བསྟེན། གློ་བ་སུརྻ་ལ་ཟངས་ཐལ་ཉེར་ལྔ་དང་། བསེ་རུ་ཉེར་ལྔ་ཟབ། རྒྱུན་ཏུ་གློ་རོ་ལུ་བ་ལག་པུར་ཉེར་ལྔའི་ག་བུར་ཚབ་སྟོང་ཟིལ་དང་། སྲོ་ལོ་དམར་པོ་ཁ་ཚར་བཏབ་པས་ཕན། འཁྲུགས་ལུ་ལ་ནོར་བདུན་གློ་སྨན། ཕྱི་རྒྱུད་ཙནྡན་བརྒྱད་པ། བོང་དམར་བདུན་པ། འཁྲུགས་ཁྲག་ཀུན་སེལ་རྣམས་ཟབ། གློ་རྒན་རྗེས་གཅོད་ཚིགས་པ་བཞི་པ་དང་ལྔ་པ་བསྲེག ༈ །མཆིན་པའི་ནད་སྨུག་པོ་ཁྲག་རུལ་མཆིན་པར་སླེབ་པ་དང་ཆང་རག་འཐུང་ཆེ་བ་དང་། མཁྲིས་ནད་ཡུན་ལོན་སོགས་ཀྱིས་རྩིབ་ལོགས་གཡས་གཟེར། མིག་དམར་ཞིང་གདོང་སྨུག །ལག་གཡས་ཀྱི་ཀན་རྩ་འབུར་བའམ་ཡང་ན་ཞན། ཆུ་མདོག་དམར་སྨུག་འབྱུང་། ནད་ཞེན་ཤོར་ན་བཅོས་དཀའ་བས་ཐང་ཆེན་ཉེར་ལྔས་བསྡུས། མཆིན་ནད་སྤྱི་ལ། ཟླ་ཤེལ། བདེ་མྱུག །གཡུ་སྙིང་ཉེར་ལྔ། གླང་ཆེན་བཅུ་གསུམ་དང་བཅོ་བརྒྱད། གི་དགུ། གུར་གུམ་བཅུ་གསུམ། མཆོག་བདུན། མན་བསིལ། སྨུག་པོ་གཡུལ་རྒྱལ་སོགས་ཟབ། སྨུག་པོ་ཤས་ཆེ་ཞིང་གྲང་གཞི་མེད་ན་སྐྱུ་
རུ་ཉེར་ལྔ་ལེགས། བདུད་རྩི་སུམ་སྦྱོར་སྟེང་གི་ཝཾ་བྲག་ཞུན་བསྡེབས་པ་མཆིན་མཆེར་གཉིས་ཀར་འཕྲོད། མང་སྦྱོར་ཆེན་མོའང་ཟབ་ཅིང་རྗེས་གཅོད་མཆིན་རྩ་གཏར། ཕོ་མཆིན་ནད་རིགས་སྤྱི་ལ་དབང་རིལ་ཉིར་ལྔ་ཚད་ལྡན་སྦྱར་བས་ཕན་ཆེ་བ་ལག་བླངས་ཡིན། མཆིན་ནད་ལ་ལུ་ཆུང་བྱེད་པ་མང་། ལུད་པ་སྐྱ་སོབ་འབྱུང་བདེ་ལ་ཉི་ཟླ་ཁ་སྦྱོར་ཟབ། ༈ །མ་ཆེར་ནད་ལ་སྤོས་གཟེར་བྱེད་ཅིང་གཡོན་ངོས་ན། མཆུ་སྔོ་བའམ་སྐྲངས། བེར་ཝ་ཟེར་བའི་ཤུ་ཐོར་དང་གློག་ཤུ་ངེས་མེད་འབྱུང་། ཤིག་མང་བའང་མཆེར་ནད་ཡིན། །དེ་ལ་ཆུ་དམར་པོ་ལྡང་ཞད་ཡོད་ན་ཚ་ཞད་ཡོད་པས་མཆེར་ཚད་ལྟར་བཅོས། གྲང་ཞད་ཅན་ལ་ཀོ་ལ་བཅུ་གཅིག །བཅོ་ལྔ། བཅུ་དགུ་རྣམས་དང་། ཞི་དྲུག་ཨ་རུ་བདུན་པ་བསྲེས་པའང་ཟབ། ཟ་འཕྲུག་བྱུང་ན་དེ་སྟེང་སྤོས་དཀར་བཅུ་པ་གདབ་ལ་བཏང་། ༈ །མཁལ་ནད་ནི། ཁྲག་ནད་སྨད་བབས་ཀྱི་རྒྱུ་སོགས་ལས་འབྱུང་ཞིང་མཁལ་རྐེད་ན་ཞིང་རྐང་པ་བཤལ་བ་སོགས་གྲང་གཉན་སྤྱི་ལ། དངུལ་ཁྱུང་མེད་པ་ལ་ཅན། ཨར་ཁྱུང་། དངུལ་ཆུ་ཉེར་ལྔ་སོགས་སྐབས་དང་བསྟུན། ཆུ་མདོག་དམར་ལ་སྙིགས་མ་ཅན་གཉན་འགྲམ་རྩ་འགྲམ་གང་ཁྲག་སོགས་སུ་འབོད་པ་དེ་ལ། ཨ་རུ་བཅུ་པ་དང་། བཅོ་བརྒྱད། འར་ཕུག་ཨ་རུ་ཉེར་བཞི། སཱ་རའི་བྱ་ཁྱུང་། །
ཨར་ཁྱུང་སོགས་ཀྱིས་གཉན་ཚད་བཅག །དེས་གཉན་ཁ་ཆོག་ཚེ་ཕྱི་རྒྱུད་སུགྨེལ་བཅུ་པ། གོ་ཡུ་དགུ་སྦྱོར་དང་བཅུ་གསུམ། སེ་འབྲུ་ཉི་དཀྱིལ་དང་ལྔ་པ། བདེ་བྱེད་ཀུན་ཕན་སོགས་ཟབ། འགྲམ་གྱི་རིགས་ལ། རྒྱུ་ཞབས་གཟེར། ཆུ་ལམ་ཆ་ཞིང་སྙིགས་མ་འོ་རུལ་ལྟ་བུ་འོང་བ་དེ་ལ་སེར་ཤས་ཆེ་ན་ཁྲག་དང་གཉན། སྔོ་ཤས་ཆེ་ན་རླུང་དང་གྲང་བ་ཡིན་ཅིང་། འགའ་ཞིག་ལ་གཤང་གཅི་ཐམས་ཅད་ཁྲག་ཏུ་འོང་བའང་ཡོད་ཅིང་དེ་རིགས་བཅོས་དཀའ། འདི་ལ་གཉན་ཁ་དང་གདོན་ཆེ་བས་ཐོག་མར་དྲོད་སྣན་འགྲོ་མི་རུང་། ཨར་ཁྱུང་དང་སཱ་ར་ཁྱུང་། ཆོས་ཉིད་དམར་མོ། །ཨ་རུ་བཅོ་བརྒྱད་སོགས་ཡུན་རིང་འཐུད་པས་གཉན་ཁ་ཆག་ནས་ཟུག་གཟེར་ཆུང་། ཆུའི་དམར་མདངས་ཡལ་ན་གོང་སྨོས་གོ་ཡུའི་སྦྱོར་བ་སོགས་དང་། བསམ་འཕེལ་ནོར་སྦྱོར་བཏང་། གྲང་འགྲམ་སོགས་གནམ་ལྕགས་ཟིལ་བཤལ་ཆེས་ཕན་ཀྱང་ཅུང་ཟད་རྩུབ། ཟུག་གཟེར་གཏན་མེད་དུ་སོང་སྐབས་ཨ་རུ་ཟག་གཅོད། ཉི་ཟླ་གྱེ་ན་ཟློག་སོགས་དང་སུགྨེལ་བཅུ་པ་བཏང་། འབྲུས་བུ་སྐྲང་ཞིང་རྩ་རྒྱུད་གཟེར་བ་དང་། ཕོ་མཚན་སྐྲངས་ནས་འགྲེངས་པ་སོགས་ཀྱང་འདིའི་ཁོངས་སུ་གཏོགས་པས་གོང་སྨན་རྣམས་དང་། ལྷག་པར་ཨར་ཁྱུང་། སྤོས་ཆུང་། རྩ་ཐ་ག་བཅུ་གསུམ་དང་བཅུ་དྲུག །ངར་ཕུག་བྲེ་
ག་བཅུ་གསུམ། སེ་འབྲུ་བཅོ་ལྔ་ཟབ། ཡང་དྲེས་མའི་འབྲུ། ཐང་ཕྲམ་ནག་པོའི་འབྲུ། སུགྨེལ། སྡིག་སྲིན་བཞི་ཆ་གཉིས་རེ། བྲེ་ག །སྨད་འབྲས་གསུམ། དམར་པོ་གསུམ། ཨ་རུ་མཁལ་ཞོ། །བ་ཤ་ཀ་རྣམས་ཆ་རེ་རེ་སྦྱར་བས་རྩ་འགྲམ་མཁལ་རླུང་། ཚ་གྲང་འབྲས་བུ་སྐྲངས་པ་རྣམས་ལ་འཕྲལ་དུ་ཕན་པས་ཆེས་ཟབ་འབྲས་བུ་སྐྲངས་ཕྱོགས་ཀྱི་རྐང་འཐེབ་སྤུ་འཁྱིལ་གང་འོས་བསྲེག །ཕོ་མཚན་སྐྲངས་པ་འབྱར་སོགས་ཀྱི་མ་ཞི་ན་ལྦགས་སྣེ་གཙག་ཕུས་དྲལ་ནས་ཆུ་བཏོན་མཐར། འབྱར་ཆེན་བཅོ་བརྒྱད་ཀྱིས་འབྱར་བྱ། མཁལ་མའི་ཐད་རྨ་འབྱུང་བའི་སཱུརྻ་ལ། ཨར་ཁྱུང་། གུར་ཁྱུང་། བསམ་འཕེལ་ནོར་བུ་ཟངས་ཐལ་བསྡེབས་པ་ཟབ་བྱིན་གཞུག་གཏར། མཐར་ཟངས་ཏེལ་མེ་ཚུགས་གདབ། མཁལ་ནད་སྤྱིའི་མཐར་ན་སོ་རྒས་པ་ལ་ཚིགས་པ་བཅུ་གསུམ་དང་བཅུ་བཞི་བསྲེག །གཞོན་པ་ལ་གཏར་ག་བྱ། མཁལ་རྐེད་ཀྱི་ནད་སྤྱི་ལ་གོ་ཡུ་བདེ་བའི་དཔག་བསམ། ཨ་རུ་བཅོ་བརྒྱད་དང་སོ་ལྔ། གཉན་ཤས་ཅུང་ཡོད་པའམ་ཡོད་པར་དོགས་པ་ལ་རྒྱ་ནག་མ་དང་། མན་ངག་གམ་ཕྱེ་དམར་པོ་རྣམས་ལེགས། མཁལ་རྩ་འགྲམ་པ་ལའང་དེ་རྣམས། ཨར་ཁྱུང་ཟབ། ཁྲག་ཁམས་ཀྱིས་སྟོད་གཟེར་སོགས་འདྲེས་པའི་གྲང་ཁྲག་ལ། གུར་གུམ་བཅུ་གསུམ། གཉེན་པོ་བཅོ་བརྒྱད།
སེ་འབྲུ་ཀུན་ཕན་རྣམས་ཟབ་ཅིང་། མཐར་སྨད་དུ་བབས་ཚེ་བྱིན་གཞུག་ངང་བྱིན་སྐྱོག་གཏར། མཁལ་སྲད་ལ་མེ་བཙས་རྗེས་གཅོད་བྱ། ཁམས་ཟག་ཚ་འཛག་ལ་སཱ་རའི་བྱ་ཁྱུང་དམ་མཁྲིས་ཁ་ཆེ་ཧ་ལོ་བུངས་བསྐྱེད་པ་དང་། རྡོ་རྗེ་ཁྱུང་དམར། ཆོས་ཉིད་རིལ་བུ་རྣམས་དང་། ལྷན་ཐབས་འཛག་སྡོམ་ལ་ལྕམ་དཀར་མེ་ཏོག་མང་མའི་བུད་མཉམ་གཏོང་བདེ་ཆེས་ཟབ། གྲང་འཛག་ལ་རི་མིག་དགུ་པ་ཧ་ལོའི་ཐང་གིས་ཕུལ་བའམ། ཉི་དཀྱིལ་སྟེང་ཁ་ཆེ་དམ་མཁྲིས་གངས་སྦལ་ལམ་སམ་གྱི་གཞུག་ཏོ་བསྣན་པ། གཉིས་ཀ་ལ་ཛཱ་དངུལ་སྦྱོར་བ་ཟབ། བཛྲ་དངུལ་ཁ་ཚར། སེ་འབྲུ། སུགྨེ་ལ། ཤིང་ཚ། པི་ལིང་། གུར་གུམ། དམ་མཁྲིས། གོ་ཡུ་བཅས།།།བདྷརྨཱ་ཀ་རའི་ནལ་རྒྱུན་ཡིན་ཟེར། ཆུ་བཙགས་རྗེས་སུ་ཆུ་ཁ་ཚ་བ་ལ་སྐྱེར་ཤུན་ལྔ་པ་ཁོ་ན་ཟབ། སྐྱེས་པའི་ཁམས་རྣག་ལྟ་བུ་དང་། སྐབས་སུ་ཁྲག་ཀྱང་འོང་བ་དེ་ལ་ཨ་རུ་བཅོ་བརྒྱད་དང་། སཱ་རའི་བྱ་ཁྱུང་ལྟག་སྤྲད་ཟབ། འབའ་སམ་སྨན་མར་ཚད་ལྡན་སྟེང་། །སེ་འབྲུ་ཉི་དཀྱིལ་ལ་དབང་ལག །བྲེག །གང་སྦལ་ལམ་སྲམ་གྱི་ཤ་བསྣན་པ་ཁ་ཚར་བཏབ་པས་མཁལ་རྐེད་གྲང་ནད་སྤྱི་དང་། ཁྱད་པར་ལུས་སྟོབས་ཆུང་བ་ལ་བསྔགས། མཁལ་རྐེད་རྐྱང་པ་ལ་གོ་ཡུ་དགུ་སྦྱོར་ཁ་ཚར་བཏབ་ཀྱང་ལེགས་སོ། ༈ །སྣོད་ཀྱི་ནད་མཁྲིས་པ་ནི་མཁྲིས་ནད་སྐབས་སུ་སོང་། ཕོ་བའི་ནད་མ་ཞུ་བ་སོགས་བད་ཀན་གྱི་སྐབས་ལྟར་ལ། ཕོ་ནད་སྤྱི་ལ། ཅོང་ཞི་ཅུར་ནིས་སྟེང་
ཚ་ལ་ཆུ་བཅང་མང་ཙམ་བཏབ་པས་ཤིན་ཏུ་ཕན། ཕག་གྲུའི་སྦྱོར་བའང་ལེགས། སེ་འབྲུ་ཉེར་ལྔའི་སྟེང་རྡོ་ཐལ་བུངས་མཉམ་བསྣན་ཏེ་སྟར་ཕུའི་ཁཎྜས་འདམ་འཐགས་བྱས་པའི་རིལ་བུ་ཕོ་ནད་ཕལ་ཆེར་ལ་ཟབ། ཕོ་བར་ཁྲག་མཁྲིས་ལྷུང་བའི་བཅོས་གཞན་རྡུགས་ན་བྲག་དགུའི་སྟེང་ཀུན་དང་འཇིབ་རྩི་ཆ་སྙོམས་བྱས་པ་ཟབ། སྲིན་གཟེར་གྱིས་ཕོ་བ་སྦོས་པ་ལ་ཟུར་ལུགས་རྒྱ་སྟག་སུམ་འགྲོལ་དམ་མཁྲིས་ཆུས་ཕུལ། རྒྱུ་མའི་ནད་རྣམས་མཁྲིས་པ་ལྟར་བཅོས། ལོང་ནད་རླུང་དང་བད་ཀན་ཕྱེ་མར་བཅོས་དགོས་ཤིང་། ལོང་རླུང་ལ་ཤིན་ཀུན་ཅུར་ནིས་དང་ཉེར་ལྔ། བདེ་བྱེད་སྙོམས་ལྡན། ད་ལི་བརྒྱད་པ་ཟབ། ཛཱ་ཏིའི་ཕྱེ་མ་མར་ཁུས་བུལ་བས་ཀྱང་ཆོག །མདུན་དང་རྒྱབ་ཀྱེ་བཅུ་དྲུག་པ་བསྲེག །ལྒང་པ་དང་བསམ་སེའུའི་ནད་རྣམས་མཁལ་བཅོས་ཀྱིས་འཐུས་སོ། ༈ །ཐོར་ནད་ཀྱི་སྐད་འགགས་གོང་དུ་བཤད་པའི་གྲེ་སྨན་རྣམས་དང་། ཅུ་གང་ཙན་དཀར་ཨ་ཀྲོང་སྲོ་ལོ་སྤང་རྒྱན་བོང་དཀར་སྦྱར་བའི་དཀར་པོ་དྲུག་སྦྱོར་བུལ་དཀར་གྱིས་ལུག་རིལ་ཙམ་བསྒྲིལ་བ་དར་དཀར་གྱིས་དྲིལ་བ་ལྕེ་འོག་ཏུ་མུར། ཡང་ན་ཕྱེ་མ་ཆུ་བསྐོལ་གྱིས་ཕུལ། མན་རྒྱུད་ཀྱི་འབྲས་རྒྱུད་བདུན་པ་དང་། ༈ །བྱེ་རིང་སྐད་སྨན་ཛམ་གླིང་འབྲུག་སྒྲ་སེགས་ལོགས། ཡི་གེ་འཆུ་སི་ནས་བཟའ་བཏུང་མི་འདོད་པ་ལ་ནམ་རྒྱིད་ལ། །ད་ཕུང་བཅུ་གསུམ་པའམ། ཚ་བ་གསུམ་ཕྱེ་བསྟེན། ཚ་ཤས་ཆེ་བ་ལ་ཅུ་གང་བདེ་བྱེད་སོགས་རྒྱུད་ལྟར་བྱ། སྐྱུ་རུ་ར་དང་པི་ལིང་ཞོ་ལ་བཏབ་ནས་བཏུང་
བས་ཡིག་འབྱེད་པ་ལ་ཕན། ༈སྐོམ་དད་ཆེ་བའི་ནད་ནི་གྱེན་རྒྱུའི་རླུང་དང་མཁྲིས་པ་འཁྲུགས་པ་སོགས་ཀྱིས་བསྐྱེད་པས། སོ་ཕག་སུམ་ཐར། ཁྲག་ཤས་ཆེ་ན་ཙནྡན་བཅོ་བརྒྱད། རླུང་ཤས་ཆེ་ན་ཨ་གར་རིགས་སྤྱི་ལ་སྤང་རྒྱན་བཅོ་ལྔ་སོགས་ཟབ། ༈ །སྐྱིགས་བུ་ཚ་བའི་རྗེས་སུ་རླུང་བཞུགས་པ་དང་། བད་ཀན་གྱེན་རྒྱུའི་རླུང་འཁྲུགས་པ་ལས་འབྱུང་། གློ་རྡོལ་ཟུང་ཟད་སོགས་ལ་ཉེན་ཆེ་བས་གཡས་ཆུང་མི་བྱ་བར་འཕྲལ་དུ་བཅོས་དགོས་ཡུན་རིང་ན་ཕོ་ཐོག་ཏུ་འགྱུར་བའང་ཡོད། །དེ་ལ་ཐོག་མར་འབྲུ་མར་གྱིས་བཀུ་མཉེ་བྱ། ཟས་ཀྱིས་སྐྱིགས་ན་གོང་ཟོས་དེ་མནམ་ནས་བར་རླུང་བཟུང་། སྐྱིགས་བུ་ཆུང་བ་ལ། རྒྱ་ཡུངས་བ་ཚ་ཅན་སྐྱེ་གདན་ལེབ་མོ་དེ་བདུན་ཙམ་གྱི་ཐང་བཏང་བས་ཕན། ཨ་གར་མར་སྦྱར་གྱི་དུ་བ་རྡུབས། ཡང་ན་སྤོས་དཀར་དང་སྡོང་རོས་ཀྱི་དུ་བ་བརྡུབས། འབྲིང་པོ་ལ་དེ་དང་མཚུངས་ཤིང་། རླུང་ལ་ཨ་གར་བཅོ་ལྔ། ཚ་གཞུག་ལ་ཨ་གར་སོ་ལྔ། བད་ཀན་ལ་གོ་གྲེ་བཅུ་གསུམ་ཟབ། མ་ཐུབ་ན་རྐེ་ལྟོང་དང་། དཀར་ནག་མཚམས་སུ་མེ་བཙའ་བསྲེག །ཆེ་བ་བཅོས་དཀའ་བས་རིམ་གྲོ་སོགས་ལ་འབད། སྐྱི་དབུ་ཕལ་ཆེར་གློ་བུར་སྐྲག་སྡངས་བཏོན་པས་ཀྱང་ཕན། ༈། དབུགས་
མི་བདེ་བ་མ་ཞུ་བས་བད་ཀན་འཕེལ་བ་དང་། ལུད་པས་དབུགས་ལམ་བཀག་པས་སྙིང་ག་རྩིབས་ལོགས་རྒྱང་། སྦོ་ཞིང་དབུགས་རྒོད་པའམ་ཞན་པ་ལ། མན་ངག་བསིལ་སྦྱོར། བདུད་རྩི་བཅུ་གསུམ། སྲོག་འཛིན་བརྒྱད་པ། མ་ནུ་བཞི་ཐང་སོགས་བད་རླུང་གཙོ་བོར་བཅོས། མ་ཐུབ་ན་རླུང་དང་བད་ཀན་སྲང་ལ་མེ་གདབ། ༈ །གླང་ཐབས་ནི། ཕོ་ལོང་གི་སྲིན་བུ་ཚ་གྲང་གི་རྐྱེན་དང་ཁ་ཟས་མ་འཕྲོད་བས་བསླང་བ་ལས་འབྱུང་། དབྱེ་བ་མང་ཡང་ཚ་གླང་། གྲང་གླང་། སྲིན་གླང་། གཉན་གླང་བཞིར་འདུས། གང་ཡང་ལྷེན་སྣའི་འོག་ན་བ་ཕོ་བ་གླང་ཐབས། ལྟེ་འོག་ན་བ་རྒྱུ་མའི་གླང་ཐབས། ལྟེ་སྐོར་ན་བ་ལོང་གླང་སྟེ་དེའང་གཡས་ངོས་ཁྲག་གླང་། གཡོན་ངོས་སྲིན་གླང་། དབུས་རྩམ་གླང་ཟེར། རྒྱུ་རྐྱེན་ཚ་བས་བསླངས། ལུས་རྡུལ་ལྡང་དུབ་མྱུར་བ་ཚ་གླང་། རྒྱུ་རྐྱེན་གྲང་འཁྱག་ལས་བྱུང་། ལྡང་དུབ་མེད་པ་གྲང་གླང་། དཀར་མངར་སོགས་ཀྱིས་བསྐྱེད་ནས་དྲུ་བུར་འདྲིལ་བའམ་ཚ་ཞིང་ཕུག་འོང་བ་ལྟ་བུར་ན། ལྡང་དུབ་ཆེ། །ལངས་ན་སྲན་གླགས་མེད་པ་སྲིན་གླང་། ཕོ་བའམ་རྒྱུ་མ་གྲིས་དཀྲུགས་པ་ལྟར་གཟེར་བ་སོགས་གཉན་གླང་ཡིན། གླང་ཐབས་སྤྱི་ལ་ཕན་
པ་ཀུན་ལྡན་ཟབ། དཔའ་བོ་ཉེར་ལྔའང་འཕྲོད། ཚ་གླང་དང་སྨུག་པོ་དུག་ཐབས་ཀྱིས་སྤོས་ནས་རྡུལ་ཆུ་འཛག་པ་ལ། ཟླ་ཤེལ། རུ་རྟ་དྲུག་པའམ་བཅུ་བཞི། གྲང་གླང་ལ། བཅོ་ལྔ་དྲག་སྦྱོར། གཡུ་དྲིལ་བཅུ་གསུམ། ཞི་དྲུག །རྒྱམ་ཚ་དྲུག་ཐང་། དོང་གྲ་བསྣན་པའི་སེ་འབྲུ་བཞི་པ་ཟབ། མ་ཐུབ་ན་ཕོ་བ་རྒྱུ་མ་གང་བབ་ཀྱི་རང་སྲང་ངམ་ལྷེན་སྣ་ནས་ཐུར་དུ་ཚོན་གསུམ་འཇལ་བའི་མེ་མཉམ་སྲང་ཁ་གསུམ་ལ་མེ་བཙའ་བྱ། སྲིན་གླང་ལ་དང་པོ་ཀ་ར་ཆུ་བསྐོལ་ནང་བཏབ་པ་བཏང་ལ་སྲིན་བསྒངས་པ་བཤིགས། དེ་ནས་འཆི་མེད་སྲིན་སེལ་བྱི་ཏངྒ་བུངས་མཉམ་ཅན་དང་། སྤྱི་སྨན་གཉིས་བཏང་། ལྟེ་བའི་གཡོན་ནས་ཚོན་གང་གཞལ་བ་ལོང་གི་ཐེར་དང་དེ་ནས་ཚོན་གང་གཞལ་གའི་ལོང་ཕུག་སྲང་གཉིས་བསྲེག །ཞར་བྱུང་ཁྲག་གླང་ལ། སྤྱི་སྨན་གཉིས། རུ་རྟ་བཅུ་བཞི། བྲག་ཞུན་དགུ་པ་བཏང་། ལོང་རྩ་གཡས་པ་གཏར། རྩམ་གླང་ལ་སྤྱི་སྨན་དང་། ལྟེ་འོག་ཚོན་གང་ཁ་གསུམ་རྒྱུ་སྟོད། དེ་འོག་ཚོན་གང་ཁ་གསུམ་རྒྱུ་སྨད་ལ་མེ་གདབ། གཉན་གླང་ལ། ལྷ་ལུང་ལུགས་སྨན་ནག་སྦྱོར་བར་གར་ནག་ཆ་མཐོ། གཞན་ཐལ་སྨན་བཞི་ཆ་སྙོམ། ཁ་
ཚར་གཞན་ཐུན་ཕྲན་རེ། ཕོ་བའི་ཁ་འཛིན་བཞི་ཐུན་ཆེ་ཙམ་སྦྱར་ནས་བ་ཆུ་ར་འདམ་ཐག་བྱས་བ་དེ་ཐེང་ཆོག་ཡིན། ཡང་བྲག་ཆུང་། རུས་ཆུང་། ཕན་པ་ཀུན་ལྡན། འཆི་མེད་སྲིན་སེལ། བྱེ་རིང་རྒྱལ་བློན་བཅུ་བདུན། འཕུར་སླེབ་བཞི་སྦྱོར་རྣམས་ཟབ། སྤྱིར་གླང་ཐབས་ཀྱི་རིགས་འདི་ཁོང་ལྷོག་དང་ནོར་ཕོ་ཆེ་བས་ཁྱུང་ལྔ་གཤོག་རྫོགས་ཀྱིས་གཟེར་རྩེ་བཅིལ་ན་ཁོང་ལྷོག་ཡིན་རྟགས་རྩ་གྲིམ། ཆུ་མདོག་ལྗང་ན་གང་གི་གཉན་རིམས་ལྟར་བཅོས། གླང་ཐབས་སྤྱི་ལ་དམར་མོ་སྤྱི་འཇོམས་བཟི་མེད་ཀྱི་བཤལ་ཡང་ཟབ། སྐྱུགས་ནས་སྨན་མ་བླངས་ན་བུ་རམ་སེན་མོ་ཙམ་གྱི་རྗེས་སུ་སྨན་བཏང་། བཤལ་མ་ཐུབ་ན་ནི་རུ་ཧས་དྲང་། སྤྱིའི་ནད་མཐའ་མ་ཆོད་ན་རིན་ཆེན་མང་སྦྱོར་ཟབ། ༈ །སྲིན་ནད་སྤྱི་ལ་རྒྱུད་ཀྱི་བྱི་བཏང་བདུན་པ། གར་ནག་དགུ་པ་བཟི་ཡོད། གསེར་མདོག་བཅུ་གཅིག །རྩ་རྩི་རྡོ་སྦྱོར། གར་ནག་བཅོ་ལྔ། གུར་གུམ་བཅུ་གསུམ་བྱི་ཏང་ག །མ་རུ་རྩེ། ལང་ཐང་རྩེ་བཅས་ཙེ་གསུམ་བསྡེབས་པ་རྣམས་ཟབ། སོ་སྲིན་འགྲམ་སྲིན་མགོ་སྲིན་གདོང་སྲིན་རྣམས་ལ་ཚངས་པ་དབུ་ལ་སེལ་ལ་ཙེ་གསུམ་བསྡེབས་པའི་དུ་བ་བརྡུབ། ཤ་བའི་མིག་རྐྱག་གམ་
མིག་ཚིལ་བདུག་པས་ཀྱང་ཕན། བདུག་པ་ཡ་མ་འཇོམས་པའི་རྡོ་རྗེ་ལེགས། མགོ་གཟེར་ཚབ་ཆེན་མགོ་ཐང་བཅུ་གསུམ་དང་། གར་ནག་བཅུ་གསུམ་བཏང་། གཉེན་དང་བསྡོངས་པ་ལ་ཟུར་ལུགས་གནམ་ལྕགས་ཐོག་མདའ་ཟབ། སོ་སྲིན་ལ་ཤིང་རྟ་དྲུག་པ་ཟབ། ཁྱུང་ལྔ་བཟང་པོ་སོ་བར་བཟུང་། གཉེན་བསྡོངས་བ་དང་། རྨ་སྲིན་ལ་གུར་ཁྱུང་། ཁྱུང་ལྔ། རྒྱ་ནག་མའང་འཕྲོད་ཅིང་དེ་ལ་ཙེ་གསུམ་བསྡེབས་ན་ལེགས། རྨ་སྲིན་ལ་ཁྱད་པར་དངུལ་ཆུང་ཟབ། སྣ་སྲིན་ལ་གླ་རྩི་ལྔ་སྦྱོར། སྣ་སྨན་གསར་བྱུང་ཉེས་པ་ཀུན་སེལ་ལམ། སྣ་ཐ་འཐེན་མཁན་ལ་དེ་རང་དྲག་ཆེ། ལྤགས་སྲིན་ལ་སྒྲོན་ཤིང་དང་སྤོས་དཀར་དུད་པས་ཕན་ངེས། མིག་ལྤགས་སྐྲངས་ཤིང་གཟེར་མེད་པའི་ལྤགས་སྲིན་དེ་རིགས་ལ་བྱིའུ་མཆིལ་པའི་བྲུན་དྲོན་མོ་བྱག་པ་ཁོ་ནས་ཆོག །ཡང་ཕུར་ནག་ལོ་མ་རྒྱས་པའི་སྐབས་སུ་ཁཎྜ་བྱས་པར་རིལ་ཆུང་ངུ་ཙམ་ཆུར་གདུས་པ་དང་། སྟག་མའི་ལོ་མ་ཁཎྜ་བྱས་པ་ལ་གླ་རྩི་ཤུ་དག་ཁ་ཚར་བཏབ་པ་ཆུ་བསྐོལ་གྱིས་ཕུལ་ནས་གཉིད་ལོག་པ་དང་། ཤུ་དག་ནག་པོའི་ཆིག་ཐང་མང་དུ་བསྐྱར་བ་དང་། ནཱ་གི་གླ་རྩི་མར་དཀར་སྦྱར་བའི་རིལ་བུ་དང་། སྤྲུ་བ་དཀར་ནག་གང་རྙེད་ཀྱི་རྩ་བའི་ཐང་ཚན་ཆེན་བཏང་བ་རྣམས་རེ་རེས་ཀྱང་སྲིན་རིགས་ཀུན་ལ་ཕན་པར་བཤད། ཡང་བྱང་ཚྭ་དང་བྱང་བུལ་བཟང་
པོ་བསླད་མེད་པ། ཟེ་ཚྭ་བསླད་མེད་གསུམ་ཕུལ་གསུམ་སླ་ངར་བླུགས་པ་དང་མཉམ་དུ་ནས་འབྲུ་གཅིག་འཕངས་པས་དེ་ནག་ཚིག་ཏུ་སོང་བ་དང་། ཡང་ནས་འབྲུ་གཅིག་འཕངས་པས་ཚིག །ཡང་གཅིག་སོགས་བ་སྦྱར་ནས་ནས་འབྲུ་བཅོ་ལྔ་སོལ་བར་སོང་བའི་བར་བརྔོས། དེ་ནས་ལི་སྡེར་ནང་དུ་བྱོས་ལ་ངད་མ་ཡལ་བའི་སྟེང་དེ་ཉིད་དུ་བྱིས་པ་ལོ་བརྒྱད་ཀྱི་ཆུ་ཅུང་ཟད་བླུགས་ཏེ་གར་སླ་ཞོ་ཙམ་བྱས་པའི་སྟེང་དུ་ཐར་ནུ་བཟང་པོ་མཐེབ་ཆེན་ཕྱེད་གཉིས་ཙམ་ཞིབ་པར་བཏགས་པ་བསྲེས་ནས་མ་སྐོམ་བར་དུ་འཐག །དེ་ཉིད་སྣོད་བཟང་པོར་བཅངས་ནས་ནམ་དགོས་དུས་ཐུར་མགོ་རེ་ཆུ་བཀོལ་གྱིས་ཕུལ་ན་སྲིན་དང་གླང་ཐབས་མ་ཞུ་དུག་ཐབས་རིགས་ཐེ་ཚོམ་མེད་པར་འཇོམས་པའི་མན་ངག་ཤིན་ཏུ་ཟབ་པའོ། །ཡང་ཆུང་ལྔའི་སྟེང་བྱི་ཏང་ག་ཀུན་གྱི་བུང་མཉམ་བསྡེབས་པ་དེ་སྲིན་སྨན་གཅིག་ཆོག་ཡིན། སྲིན་སྨན་གང་ཡང་ཐོག་མར་ཐུན་གཅིག་གཉིས་ཀྱིས་ཅུང་ཕན་པ་ལྟར་སྣང་ཡང་བཏུད་ན་མི་ཕན་པར་འགྲོ་བ་ནི་སྲིན་ག་བ་པ་ཡིན་པས། སྨན་ཐུན་རྗེས་མ་རྣམས་ཀྱི་སྔོན་ཏུ་ཀ་ར་སོགས་ཅུང་ཟད་རེ་བཏང་ནས་བསླངས། དེ་རྗེས་སྨན་བཏང་བ་ཟབ་གསུངས། སྲིན་རིགས་ཕལ་ཆེར་
ལ་དུད་པ་དང་དཔྱད་སྔ་ན་ཁྲོས་ནས་བཅོས་སུ་མེད་པར་འགྲོ་བས་གཟབ་དགོས་ཤིང་། ནད་འདི་གདོན་རྒྱབ་ཆེ་བས་རིམ་གྲོ་དང་སྔགས་སོགས་གལ་ཆེ་བར་སྣང་ངོ། །སྲིན་བུ་བུད་སླ་བའི་ཐབས་ནི་གཟེང་སར་བུ་རམ་བྱུག། མཐའ་སྐོར་དུ་འབྱར་སྣ་ཚོགས་བྱ། རྨ་ཁུངས་སུ་མུ་ཟི་ནག་པོ་བཏབ་པས་ཆོག་གོ། །ཡང་སྲིན་ནད་ཀྱི་རྣག་དང་ཆུ་སེར་སོགས་འཛག་པའི་བུག་པ་བརྡོལ་ན། གྲོ་ཟན་སྲབ་མོ་མར་གོར་འདྲ་བ་གཉིས་ཀྱི་བར་དུ་བུ་རམ་གྱི་ལྡེ་གུ་བྱུགས་ནས་རྨ་ཁར་ཞག་གཅིག་སྦྱར་ནས་བཞག །སྲིན་བུ་ཡོད་ན་ཟན་ཁྲོལ་བུར་ཕུག་ཡོད་པས་འབུ་ཡོད་ཐག་ཆོད་དུས། དུག་འབྱར་ནི། གྲོ་ཟན་གོར་མོ་སྟར་ལྟར་གསུམ་བཅོས་པའི་ཞབས་མའི་སྟེང་དུ་བོང་ནག །བར་མའི་སྟེང་འོག་གཉིས་ཀ་ར་བུ་རམ། སྟེང་མའི་ཞབས་སུ་བོང་ནག་གི་ལྡེ་གུ་བྱུགས་ནས་སྦྱར་བ་སུམ་བརྩེགས་ བྱས་པ་དེ་རྨ་ཁར་ཡང་ཡང་བཞག །འབུ་མེད་དུས་རུས་པ་བསྣད་མེད་ན་རང་སོས་འགྲོ་བས་གང ་ཡང་མི་དགོས། རུས་པ་བསྣད་ཡོད་ན་རྨ་ཁུང་དུ་རྒྱ་ཚྭ་ལྡོང་རོས་ཆ་མཉམ་གྱི་ཕྱེ་མ་ཡང་ཡང་བླུགས་ནས་རྨ་ཁར་ཤོག་གུ་སྦྱར་བས་རུས་བྱེ་དོན་རྗེས་རྨ་སྨན་འདེབས་དགོས་
སོ། ༈ །སྐྱུགས་ནད་མ་ཞུ་བ་དང་བད་སྨུག་གྱེན་རྒྱུ་འཁྲུགས་པ་སོགས་ལས་འབྱུང་བས་རིགས་མང་ཡང་། སྤྱི་སྨན་ཤུ་དག་དཀར་པོ་ཆ་གཅིག །སོག་ཁ་བ་ཆ་བྱེད། འོམ་བུ་དེའི་ཕྱེད། ཀུན་དང་མཉམ་པའི་སྐྱེར་དཀར་འབྲུ། འབྲས་ཕྱེ་ཕབ་ཙམ་བཏབ་པ་ཐུན་ཆུང་ངུ་ལན་མང་དུ་བཏང་བས་ཆོད། ཤིང་མངར་དྲུག་པའང་ལེགས། ཡང་ན་སོག་ཀ་པའི་འབྲས་བུ་ལ་རྒྱ་ཚྭ་བུ་རམ་སྦྱར་བའམ། འབྲས་ཀྱི་ཁུ་བར་སྤུ་ཤེལ་རྩེ་དང་སྦྲང་རྩི་བཏབ་པའམ། འབྲས་ཡོས་ཁྱོར་གང་ཞིབ་པར་བཏགས་པ་ལ་སེ་འབྲུ་པི་ལིང་སྒ་སྐྱ་རྣམས་ཀྱི་ཕྱེ་མཐུན་རེ་ལ་སྦྲང་རྩི་ཐུར་འགོ་བཏབ་ནས་ཆུ་བཀོལ་གྱིས་ཕུལ། རྐེ་སོགས་ལ་རྡོ་འཁྱག་པ་གླན་ཅིང་གདོང་དུ་ཆུ་གྲང་གཏོར་བ་ན་རྐེ་ལྟོང་དང་ལྷེན་སྲང་ལ་མེ་བཙའ་བྱ། མ་ཞུ་བ་ལས་བྱུང་བ་སོགས་བྱེ་བྲག་པ་རྣམས་སོ་སོ་ལྟར་བཅོས། ༈ །འཁྲུ་ནད་མ་ཞུ་བ་ལ་ཟས་སྐོམ་སྤྱི་དང་ཁྱད་པར་གང་མ་ཞུ་བ་དེ་སྤངས་ཤིང་དེའི་གཉེན་པོ་སྦྱར། ཕོ་བའི་མེ་དྲོད་ཉམས་པ། རྒྱུ་ལོང་ལ་གྲང་བ་སྐྱེས་པ། མཁྲིས་པ་སྣོད་ལྷུང་། མཆིན་ཚད་ཐུར་བབས་རྣམས་སོ་སོ་ལྟར་བཅོས། ཚ་འཁྲུ་མདོག་དམར་རམ་སེར་བ། གྲང་འཁྲུ་མདོག་སྐྱ་བོ་
ཟས་མདོག །ཡང་ཆུ་གཙང་དུ་བླུགས་པ་ལ་འཁྲུ་བའི་དྲི་མ་ཐུར་མགོ་གང་དལ་བུས་བཞག་པས་ཆུའི་གཏིང་དུ་འགྲོ་ན་ཚ་འཁྲུ། ཆུ་ཁར་ལིང་ངེར་སྡོད་ན་གྲང་འཁྲུ་ཡིན། ཚ་འཁྲུལ་ཨིནྡྲ་བཞི་ཐང་། གི་ཝཾ་དགུ་པ། གུར་གུམ་བདུན་པ། གཙོ་བརྒྱད་སོགས་ཀྱིས་ཚད་པ་བཅག་ནས། གཙོ་བརྒྱད་སྟེང་ད་ཏྲིག །ཐ་རམ། སྨག །མོན་ཆ་ར་སོགས་ཁ་ཚར་བཏང་བའམ། ཨིནྡྲ་བཅོ་ལྔ། མཁྲིས་ཕྱེ་བདུན་པ་སོགས་ཀྱིས་འཁྲུ་བ་གཅོད། གྲང་འཁྲུལ་རྒྱམ་ཚཱ་དྲུག་པ། རུ་རྟ་དྲུག་པ་སོགས་སྐབས་སྦྱར་བཏང་། བྱི་ཏང་བདུན་སྟང་སྒ་སྐྱ་གོ་ཐལ་དོམ་མཁྲིས་སོགས་བསྡེབས་པའམ། ད་ཏྲིག་བདུན་པ་དང་དགུ་པ། གུ་ལིང་འབྲས་ཀྱི་རིལ་བུ་སོགས་ཀྱིས་བཅད། བཅད་སྔ་ན་གཟེར་ཆེ་བར་འགྱུར་བས་མཚམས་ཕྱེད་དགོས། གྲང་འཁྲུམ་ཆོད་ན་མདུན་རྒྱབ་ཀྱི་རྒྱུ་ལོང་སྲང་བསྲེག །འཁྲུ་ནད་ཚ་བས་ཆུང་བ་ལ་བྲག་སྐྱ་ཧ་བོའི་རྩ་བའམ་མེ་ཏོག་གི་ཐང་གཅིག་པུས་ཀྱང་ཆོག །ལོ་བཙན་པའི་ཐང་ངམ། འབྲས་ཐང་ལ་ཚྭ་ཅུང་ཟད་བཏབ་པའམ། དེ་སྟེང་གཙོད་ཁྲག་ཐུན་གཅིག་ཞིབ་བཏགས་བཏབ་པ་དྲོ་འཇམ་ཉུང་ཙམ་ཡང་ཡང་བྱིན་པས་ཆོད་དོ། ༈ །དྲི་མ་འགགས་ནས་མཐོན་པ་ལ་དཀར་པོ་དྲུག་སྦྱོར། ཞི་དྲུག་སྟེང་ཨུག་ཆོས་སམ་ལྕུམ་རྩ་
བཏབ་པ། རྩ་ལྟོ་བདེ་བྱེད། ཆང་དང་ཞོག །ཆུ་གང་རུང་ནང་ལན་ཚྭ་བཏབ་ནས་ཅུད་དྲོས་པ་དང་། ཡང་ཨ་རུ་ལྕུམ་རྩ་བུལ་ཏོག་གདུས་པའི་ཐང་རྣམས་ཀྱིས་ཕན། ཚབས་ཆེན་ནི་རུ་ཧས་དྲང་། ༈ །གཅིན་འགག་ཚབ་ཆུང་བ་ལ་རྒྱ་ཚྭའི་ཆིག་ཐང་ཁོ་ནས་ཆོག །སྤྱིར་བདེ་བྱེད་ཀུན་ཕན་ནང་དྲོད་སྨན་རིགས་ཆ་འཕྲི། གསེར་ཕྱེ་བསྣན་པས་ཆུ་འགགས་ཚ་གྲང་ཕལ་ཆེར་ལ་ཟབ། ཡང་སེ་འབྲུ་ཉི་དཀྱིལ་སྟེང་རྒྱ་སྡིག་གསེར་གསུམ་ཆ་མཐོར་བསྣན་པའང་ཕན་ཆེ། བད་ཀན་གྲང་རླུང་གིས་འགགས་པ་ལ། སུགྨེལ་བཅུ་པ། ཚ་སྦྱོར་ཆེན་མོ། །གཡེར་དྲུག་ཆུ་འདྲེན། རིམས་ཚད་ཀྱིས་འགགས་པ་ལ་གུ་གུལ་བཅུ་གཅིག །མོ་ནད་ཀྱིས་འགགས་པ་ལ་རྡོ་རྗེ་ཅན་སྦྱོར་བཏང་། རྡེའུས་འགགས་པ་ཉན་ཆེ་བས་རྒྱུད་མན་ངག་རྣམས་ཞིབ་མོ་དགོས། ༈ །གཅིན་སྙི་ཚ་ཤས་ཆེ་ན་ཨ་རུ་བཅོ་བརྒྱད། གྲང་ཤས་ཆེན་སེ་འབྲུ་ཉི་དཀྱིལ་ལམ། སེ་འབྲུ་ཀུན་ཕན་གང་རིགས་བཅས། ཡུང་བ། སྐྱེར་པ། སྐྱུ་རུ། གཟེ་མ་བཞི་པོ་གདུས་ཐང་གིས་ཕུལ། ཚིགས་པ་བཅོ་བརྒྱད་པའམ་བཅུ་དགུ་པ་ཁ་གསུམ་བསྲེག །ཆུ་མི་ཐུབ་ཅིང་ཆུ་ཁ་སྙི་བའི་རིགས་ལ་ཤིན་ཏུ་ཟབ་པའི་ཆིག་།ཐུབ་ནི། སུགྨེལ། དོམ་མཁྲིས། མཚེའི་ཁཎྜ་གསུམ་ཆང་ངམ་བུ་རམ་ལ་སྦྱར་ནས་བཏང་ན་ཟབ། ཆུ་ཁ་སྲ་སྙི་བྱེད་
པ་ལ་ཉི་དཀྱིལ། ཨ་རུ་བཅུ་པ། བཅོ་བརྒྱད་རྣམས་ཟབ། ༈ །ཚད་འཁྲུ་ཞེས་པ་རྒྱུ་རིམས་རང་ཡང་མིན་པར་ཕྱི་ཡུལ་དྲོད་རླངས་ཆེ་བ་དང་། ཟས་ཚོད་མ་ཟིན་པ་དང་བཅུད་མེད་ཟས་སོགས་ཀྱིས་མེ་དྲོད་ཕྱིར་བཏོན་པས་སྙིང་ག་རྩིབས་ལོགས་གཤང་ལམ་རྣམས་གཟེར། ཁོང་པ་སྦོ། ཟས་མི་ཞུ། ཐོག་མར་ཆུ་རྐྱང་འཁྲུ། སྨིན་ནས་རླུང་མཁྲིས་རང་མདོག་འཁྲུ་བ་དེ་སྟོབས་ཆུང་ན་ཟས་སྤྱོད་གཟབ་ཅིང་རང་གར་བཞག་པས་འཐུས། མ་ཞི་ནད་མར་གསུམ་འཁྲུ་གཅོད། མཁྲིས་ཕྱེ་བདུན་པའམ་ཉེར་ལྔ། ད་ཏྲིག་བདུན་པ་དང་དགུ་པ་སྐབས་སྦྱར་བཏང་། རབ་ར་རྒོད་ཀྱི་ཁྲག་དྲོན་མོ། །འབྲིང་ཤ་ཁྲག་ཚིལ་གསུམ་གང་རུང་གི་ཁུ་བ་ཆིག་རྒྱུག་ཆོག་པའི་གསང་སྨན་ཡིན། ནད་འདི་རྒྱའི་ཚད་རིམས་འདར་བུ་ཡེར་བུ་དང་དོན་གཅིག་པར་ཕོ་བར་རེག་ན་འཁྱག་ཏིང་ངེ་ཡོད་པས་བསིལ་སྨན་གྱིས་བཅོས་ན་ཐུ་རུ་འགྲོ་བས་གོས་དྲོ་ཞིང་ཨ་རག་བཟང་པོ་ཐིག་ཙམ་འཐུང་ཡང་ཕན། ༈ །དྲེག་ནད་ཁྲག་ངན་ཆུ་སེར་རྩ་ལ་བབས་པས་རྐང་པའི་མཐེ་བོང་དང་། ལག་པའི་གྲུ་མོ་ལ་གཟེར་ཆེ་ཞིང་སྐྲང་སྲ་ལ་སྔོ་ཐིག་ཡོད། རྙིང་ནས་མཆེད་པ་ཡིན་པས། སླེ་ཏྲེས་སུམ་ཐང་། བོང་ཁྲག་ཉེར་ལྔ། དངུལ་ཁྱུང་། གྲངས་ཤས་ཆེ་ན་སེང་ལྡེང་ཉེར་ལྔ་སོགས་དང་། ཀླུ་བདུད་བཅོ་བརྒྱད་ཀྱིས་ཀྱང་ཕན་
སླེ་ཏྲེས་སྲན་ཆུང་བ་ལྕི་རྣམས་ཀྱི་ཕྱེ་མའམ། མཛོའི་གཅིན་དང་ལྕི་བས་འབྱར་བྱེད། ཁྱད་པར་སྤོས་ཁྱུང་དང་དངུལ་ཆུ་ཉེར་ལྔ་བཏང་བ་དང་། བྱ་ཁྱུང་སྔོན་པོས་བྱུགས་པ་བྱེད་པ་ཟབ། གཉན་ཁ་ཆོག་ནས་དྲེག་རྩ་གཏར། ༈གྲུམ་བུ་ནི་ན་ཚུལ་དྲེག་དང་ཆ་འདྲ་བ་ལས་ཁྱད་པར་ཚིགས་སྤྱི་དང་ལག་ཚིགས་ལ་བབས། མཚན་གྱི་རིགས་ལ་གཟེར་ཆེ། སྤྱི་སྨན་བོང་ཁྲག་ཉེར་ལྔ་དང་བཅུ་གཅིག །སེང་ལྡེང་ཉེར་ལྔ། སྤོས་ཁྱུང་བཅུ་དགུ། ཀླུ་བདུད་བཅོ་བརྒྱད། ཁྱུང་ལྔ་ཚད་ལྡན། དངུལ་ཁྱུང་རྣམས་དང་། ཚ་ཤས་ཟུག་གཟེར་ཆེ་བ་ལ་གྲུམ་བུའི་ཟུག་གཅོག་ཆེན་མོ་ཟབ། ཐོག་མར་གཉའ་བའི་རྩ་རྒྱུད་ནས་ན་བ་རྩ་དཀར་དང་བསྡོངས་པ་ཡིན་པས་བསམ་འཕེལ་ནོར་བུ་དང་ལྟག་པ་སྤྲད། གྲུམ་བུ་སྤྱིར་མེ་གདབ་པ་ཡིན་ཀྱང་ཁྲག་ཤས་ཆེ་བ་ལ་ཐོག་མར་གཏར་ག་འགྲོ་དགོས། །མཁལ་གྲུམ་ལ་ཁྱད་པར་བོང་ཁྲག་ཉེར་ལྔ་ཟབ། ཚད་གཞུག་ཏུ་བྱུང་ན་རྒྱུད་ཀྱི་ག་པུར་ཉེར་ལྔའང་འཕྲོད། །ཐུབ་ཚབས་ཆེ་བའི་རིགས་ལ་བོང་ཁྲག་གིས་སྨན་ཕུལ་བ་ཤིན་ཏུ་ཟབ། མ་འབྱོར་ན་སྨན་ནང་བོང་ཁྲག་བུང་བསྐྱེད་བཏང་བས་ཀྱང་ཕན། དཔྱད་རྔབ་རྭ་གཙོ་ཆེ་བར་བྱེད་ཀྱང་གནད་དུ་མ་སོང་ན་ཡག་ཉེས་ཀྱང་སྣང་། རྗེས་གཅོད་དྲེག་རྩའམ་ཆུ་སེར་གདོང་རྩ་
ཅུང་ཟད་གཏར་ཡང་རུང་ལ་ཁྲག་གྲུམ་ཤས་མི་ཆེ་བ་རྣམས་ལ་མེ་བཙའ་རང་ལེགས་པས་ཕྱག་རྒྱུན་མ་ནོར་གདབ་ཤེས་ན་ནད་འདི་རྩད་ནས་འབྱིན་ནུས། མདོར་བསྡུས་དཀྱུས་མཐུན་ཙམ་ལ་གང་ན་བའི་ཚིགས་ཐམས་ཅད་དུ་མེ་གདབ། རྐང་ལག་མཛུབ་མོ་གར་བབས་ཀྱི་གཡས་ཟུར་གཡོན་ཟུར་གཉིས་སུ་སྤྲ་བ་སྲན་མ་ཙམ་དྲིལ་བ་དེ་ཕྱེད་མར་བཤགས་པ་སོ་སོར་བཞག་ནས་མེ་གདབ། ཆུ་སེར་ནི་ཤ་ལྤགས་སྤོས། ཤུ་ཐོར་དང་ཟ་འཕྲུགས་བྱེད་པའི་རིགས་ཡིན་ཅིང་དབྱེ་བ་མང་ཡང་གང་བ་དང་བསྡོངས་བའི་ཆུ་སེར་དཀར་པོ། །ཚ་བ་དང་བསྡོངས་པའི་ནག་པོ་གཉིས་སུ་འདུས། གདོན་རྒྱབ་ཀླུས་བདག་གིས་བྱེད་པས་ཚབས་ཆེ་བ་མཛེ། འབྲིང་པོས་དྲེག་གྲུམ་ཐ་མས་མེ་དབལ་གླང་ཤུ་བས་ལྡག་མགོ་ལུས་ཀྱི་རྨ་རྣམས་བསྐྱེད། དེ་རྣམས་ཀྱི་གཉེན་པོ་རབ་ཏུ་འབྱོར་ལྡན་ཡིན་ན་རིན་པོ་ཆེ་དང་དངུལ་ཆུའི་སྦྱོར་བ་རྣམས་ལ་བསྟེན་པ་ཟབ། དེ་དག་མི་འབྱོར་བ་རྣམས་དཀར་པོ་གྲང་བ་དང་། ནག་པོ་ཚ་བ་ལྟར་བཅོས། སྤྱི་ལ་སྤོས་ཁྱུང་ངམ་སྤོས་དཀར་བཅུ་པ་དང་ཁྱུང་ལྔ་གང་འཕྲོད། སེང་ལྡེང་ཉེར་ལྔ། དངུལ་ཁྱུང་ངམ། མན་རྒྱུད་ཀྱི་དངུལ་ཆུ་རིལ་བུ། བྱུག་པ་རེག་པ་བདེ་བྱེད། བྱ་ཁྱུང་ཤེལ་རལ་ཅན་རྣམས་དང་། སེང་ལྡེང་སྨན་མར་
ཟབ། རུས་ལ་ཞེན་ན་པུཥྤ་སྦྲང་ཆང་བཏང་དགོས། རྐང་ལག་ཆུ་སེར་གྱི་རིགས་ལ་ཤུག་འབྲུའི་ཁཎྜ་དང་བུ་རམ་སྦྱར་བ་བཏང་བས་ཕན། ༈ །རྩ་དཀར་ནད་བརྡབ་འགྲམ་རླུང་འཁྲུགས་གྲིབ་རྐྱེན་སོགས་ལས་འབྱུང་ཞིང་། རྒྱུད་ལས་མ་ངེས་པའི་ནད་རྟགས་དུ་མ་སྟོན་པར་གསུངས་པ་ལྟར་བརྟག་དཀའ་ཞིང་། ཚབས་ཆེ་ན་གཟའ་གྲིབ་རྒྱལ་གྲིབ་སོགས་དང་ཡང་འཁྲུལ་སོ་ཆེ། ཚབས་ཆུང་གཉའ་ལྟག །སོག་པ། དཔུང་པ། གྲུ་མོ། །སོར་ཚིགས་རྣམས་ན་ཞིང་གཟེར་བ་ཡིན། སྤྱི་སྨན་ཨ་གར་ཉི་ཤུ། བསམ་འཕེལ་ནོར་བུ། ས་འཛིན་ཉེར་ལྔ་རྣམས་མྱོས་ཁུས་ཕུལ་བ་ཟབ། བྱུག་པ་རྩ་དཀར་ཀུན་སེལ་དང་། རྡོ་བྱུག་སོགས་ཕག་ཚིལ་ལམ་མར་རྙིང་ལ་སྦྱར་བ་བྱུགས་ནས་ཉི་མར་བསྲོ། །ད་ལི་བཅོ་བརྒྱད། སེང་ལྡེང་ཉེར་ལྔའང་འཕྲོད། ཚབས་ཆེ་ན་སཱ་རིའི་བྱ་ཁྱུང་རིན་ཆེན་གཤོག་རྫོགས། རཏྣ་བསམ་འཕེལ་ཟབ། མཐིལ་བཞི་བསྲེག །ཟངས་གསེར་གྱི་ཏེལ་པ་བརྒྱག །གྲིབ་གཞི་དང་བསྡོངས་ན་བསམ་འཕེལ་ནོར་བུ་བཀྲ་འབུམ་ཞལ་ཤེས་ལྟར་བཏང་། གུལ་རྒོད་ཀྱི་ཐང་། ལ་ཆའི་བདུག་པ་བྱེད། རྩ་དཀར་རིགས་གང་ལའང་མེ་བཙས་བསྡམ་པ་གནད་ཆེ་བས་སྤྱི་གཙུག །ལྟག་པའི་བདུད་སྒོ། །ལྟག་ཟུར་སྤུ་འཁྱིལ་གཉིས། །
རྣ་ཤལ་གཉིས་འོག་ནས་ཚོན་རེ་འཇལ་བ། སྒྲོ་གཤོང་གོང་འོག །དཔུང་པའི་ཕྱི་མཆན་ནང་མཆན་གཉིས། གཞུ་མཆོག་ཕྱི་དང་རུས་འབུར་སྟེང་བཅས། དཔུང་བ་དང་གྲུ་མོའི་སྲང་བཞི་གཟེར་མིག་ཡོད་པ། རྒྱབ་ཀྱི་ཚིགས་པ་དང་པོའི་གཡས་གཡོན་སོར་རེའི་མཚམས། དཔུང་སོག་གཡས་གཡོན་མཚམས་གཉིས། ཚིག་པ་བཞི་པ་བཅུ་བཞི་པ། དཔྱིའི་ཁོར་མིག་གཉིས། ཐུ་ཚབས་ཆེན་འདིར་ལྔ་སྒྲོམ་དགོས། བརླའི་ཕྱི་ཟུར་གཉིས་རྒྱུས་རྩ་སྤིར་མགོའམ་རྐང་མཐེབ་སྤུ་སྐྱེས་གཉིས་རྣམས་བསྲེག །རླུང་ཤས་ཆེ་ན་ཚིག་པ་དང་པོ་དང་། སྤུས་མོ་འཁྲོལ་ན་པུས་མོའི་སྒོ་བཞིའང་བསྡམ། ཁྲག་ཤས་ཆེ་ན་སྲིན་ལག་རྒྱབ་རྩ། རྐང་པའི་བྱིན་གཞུག །བྱིན་ཀྱོག་རྣམས་ཉུང་ཙམ་གཏར། སྤྱིར་གསར་ཚུགས། རྭ་ཚུགས། སེང་ལྡེང་ཚུགས་རྒྱག་པ་དང་མེ་བཞག་པ་གང་འོས་བྱ་ཆོག་ཅིང་། མེ་ཚུགས་གང་ཡང་ཚབས་ཆེ་ན་གྲིབ་གཞི་དང་བསྡོངས་པ་ལ་སྤྱི་གཙུག་དང་ལྟག་པ་འཕྲལ་དུ་བསྡམས་པ་མ་གཏོགས་གཞན་ལ་མ་སྔས་པ་དགོས། ཁྱད་པར་སྤྱི་གཙུག་དང་དཔུང་མགོ་སོགས་རིམ་པར་ཐུར་དུ་དེད་པ་ལས། ཐོག་མར་རྐང་པ་དང་། ལག་སོར་སྲེག་པ་སོགས་བྱས་ན་ཉེན་ཆེ་བས་མི་རུང་པའང་ཤེས་པར་བྱའོ། ༈པགས་ནད་ཆུ་སེར་
ཟ་འཕྲུག་ལ། སྤོས་དཀར་བཅུ་པ། སྤོས་ཁྱུང་། མན་ངག་གམ་ཕྱེ་དམར་པོ་རྣམས་དང་། སེང་ལྡེང་ཆིག་ཐང་། བགས་བྱུག་འཇམ་པོའི་རིགས་ཕག་ཚིལ་དང་སྦྱར་བ་བྱུག །ཚབས་ཆེ་ན་ཆུ་སེར་གདོང་རྩ་ལྟར། མཛེར་བ་ཚབས་ཆེ་ན་ལ་ཁྱུང་ཆེ་ན་ཉེར་ལྔ་ཚད་ལྡན་ཟབ། མཛེར་པ་ཆུང་ངུ་ཁྲབ་བྱང་ལྟ་བུའི་མིག་ནས་དྲངས་ཏེ་བཙོད་མེའམ་ཤེལ་ཚ་མེས་བསྲེག །སྲིན་ཐོར་ལ་ཆེར་རྗེའི་ཁྱུང་དྲུག་གམ། ཁྱུང་ལྔའི་སྟེང་དངུལ་ཆུ་དྲག་འདུལ་མུ་མན་བཅས་ཆ་མཉམ་སྦྱར་བ་ཆང་གིས་ཕུལ་བས་བགས་མཛེ་སྤྱི་ལ་ཟབ། རྒྱ་ཐོར་ལ་ཁོང་སྨན་བྱ་ཁྱུང་བཅུ་གསུམ་བཏང་། མུ་ཟི། ལྡོང་རོས། ལི་ཁྲི། བཙན་དུག་ནུས་བསྲེགས་ར་ཚིལ་ཕག་ཚིལ་ལ་སྦྱར་བ་བྱུག །དྲེས་ཐལ་བསྡེབས་ཀྱང་རུང་། ཡང་ཞིང་ནང་ཡོད་པའི་དུག་སྤུ་སུ་དང་ར་མར་སྦྱར་བ་བྱུགས་ནས་ཉི་མར་བསྲོས་པ་ཐེང་ཆོག་ཡིན། གླང་ཤུ་དང་ཤ་བཀྲ་ལ་ཕག་ཚིལ་དང་མུ་ཟི་སྦྱར་བ་བྱུག ༈ །ཕྲན་བུའི་ནད་གསོ་ཐབས་མན་ངག་རྒྱུད་དང་སྡེ་སྲིད་ལྷན་ཐབས་ཞལ་གསལ་ཞིང་ལེགས། ཁྱད་པར་གཉིད་སྲུང་འགུག་ཀྱི་གདམས་པ་ལྷན་ཐབས་འདི་ཤིན་ཏུ་ཟབ། ཕྲ་མོ་ཀུན་གྱིས་ལག་ལེན་ཤེས་པ་རྣམས་འདིར་མ་བྲིས། ༈ །ལྷན་སྐྱེས་རྨའི་ནང་ཚན་འབྲས་ནི་སྐྲངས་པ་སྲ་ཞིང་བརྟན་ལ་ན་ཟུག་ཆུང་།
འབྱར་ལུམ་བྱུགས་པས་མི་ཞི་བ་དེ་ཡིན། རིགས་མང་ཡང་། སྤྱི་ལ་ཐོག་མར་གཉན་སྨན་གཏོང་ཞིང་གཉན་འབྱར་བྱ། གཉན་ཁ་ཆོག་ནས་འབྲི་གུང་བཅེས་བཏུས་སུ་བཤད་པའི་འབྲས་འདུལ་གྱི་འབྱར་བྱ། དེས་རྣག་ཏུ་ཁུག་ནས་བརྟོལ་ལུགས་སོགས་ལྤ་བ་དང་འདྲ། རུས་འབྲས་ལ་གྲས་བཅོས་བྱ། གཞང་འབྲུམ་སོགས་འགའ་ཞིག་ཆེར་མི་འབྱུང་བས་དམིགས་བསལ་བཅོས་གང་ཟབ་ཀྱི་ཞལ་རྒྱུན་མེད་ཅིང་། རྨེན་བུ་སོགས་ཉེར་མཁོ་ལའང་རྒྱུད་དང་ལྷན་ཐབས་རྣམས་སུ་མི་གསལ་བའི་བཅོས་ལུགས་གསལ་བར་མ་ཐོས། ༈ །རྐང་འབམ་མན་རྒྱུད་དུ་མདོ་ཙམ་ལས་མི་འབྱུང་ཡང་། དེད་སང་འདི་ཉིད་ཁོ་ན་དར་ཆེ་བས་བརྟག་བཅོས་འབྲི་གུང་ལུགས་ཀྱི་ཚེ་འཛིན་སྲོག་སྐྱོབ་དང་། ཤོག་དྲིལ་ཐེམ་སྤངས་མ་སོགས་ཟབ། མདོར་བསྡུས་ནད་འདིའི་རྒྱུ་ནི། འགྲོ་ཆེ་བ་དང་། སྡོད་ཆེ་བ་དང་། ཆང་རག་ཇ་ཁྲེབ་འཐུང་ཆེས་པ་སོགས་ཀྱིས་སྟོད་ནད་བྱུང་ནས་སྨད་དུ་བབས་པ་ཁྲག་རླུང་གི་བཅོས་བྱས་པས་འབམ་ལ་འགྱུར་བ་དང་། ཆུ་གཞི་འབམ་ལ་འགྱུར་བ་དང་། གཉན་འབམ། བརྡབ་འབམ་སོགས་རིགས་མང་སང་གྱེན་ལ་ཕྱུར་བ་དང་མི་ཕྱུར་བའི་རིགས་གཉིས་སུ་འདུ། ནད་འདིའི་རྟགས་ནི། སྟོད་ནས་རིམ་བཞིན་སྨད་དུ་བབས་པའམ། སྟོད་
སྨད་རེས་མོས་བྱེད་ནས་ན། མིག་དམར། མཆུ་སྔོ་ནག་ཏུ་སྐྲངས། སོ་རྐན་རྒྱས། སོ་དང་མུར་འགྲམ་བྲང་དང་རོ་སྟོད་ན་བ་རྣམས་ཚང་མའམ་རེ་རེ་བྱུང་ན་ངེས་པ་ཡིན། དེ་ལ་ཁྲག་རླུང་ཤས་ཆེ་བ་ལ་གྱེན་ཏུ་ཕྱུར་རྐྱེན་བྱེད་པས་སྨན་གཟི་ཁ་ཅན་གཏན་ནས་འགྲོ་མི་རུང་། སྟོད་ནས་རིམ་པར་བབས་པའི་སྐབས་སུའང་རྐང་པ་ལ་བབས་མ་ཚར་བར་བཟི་སྨན་མི་བཏང་བ་གདམས་ངག་ཡིན། དེའང་ཁྲག་རླུང་ཤས་ཆེ་བ་སོགས་ལ་ཨར་གླང་གསེར་གསུམ་ཚེ་བྷྲཱུྃ་ཞལ་ཤེས་ལྟར་རྒྱུན་རིང་བཏང་བས་བབ་རྒྱུ་ཡོད་རིགས་ལ་བབ་སྨན་གཅིག་ཆོག་ཡིན། བབ་མ་ཐུབ་ཀྱང་ངན་ཁྲག་རང་བྱེར་འགྲོ་བས་ཟབ། གཏོར་སྨན་བཏང་བ་དེས་ནམ་ཕུག་བཅོས་མེད་དུ་འགྲོ་བས་མི་ལེགས། འདིར་ཞལ་ཤེས་ནི་སོ་ལྔ་ནས་གཉན་སྨན་བཞི་གཏན་འཕྲི། རླུང་སྨན་ཆ་མཐོ། །གསེར་ཐང་བཅོ་བརྒྱད་དང་། གླང་ཆེན་བཅོ་བརྒྱད་ནང་ནས་ཀྱང་བསིལ་སྨན་ཆ་ཆུང་། རླུང་སྨན་ཆ་ཆེ་བར་བྱ། སྨད་དུ་བབས་རིམ་བཞིན་སྦྱོར་ཚད་དེ་གོ་ལྡོག་པ་ཤེས་དགོས། བབ་སྨན་གསུམ་པོ་དེ་གཞིར་བཞག་ཐོག་ན་ཚུལ་དང་བསྟུན་པའི་མ་དེ་ཁ་སྒྱུར་ཚུལ་ནི་རོ་སྟོད་གཟེར་ཆེ་བ་ལ་ལ་ཕྱིའི་འབམ་ཐང་ཟབ། ལུ་བ་མང་ཞིང་ཁྲག་གཟེར་ཤས་ཆེ་བ་ལ་ཙནྡན་བཅོ་བརྒྱད་དང་། རེ་ཙམ་སྐྱུ་
རུ་ཉེར་ལྔ། རླུང་ཤས་ཆེ་ན་གོང་གསལ་སོ་ལྔས་ཀྱང་འཐུས་རུང་དམིགས་བསལ་དགོས་ཚེ་ཨ་གར་བཅོ་ལྔ། དྲང་སྲོང་ཨར་བརྒྱད། གྲིབ་གདོན་ཤས་ཆེ་བ་ལ་ཨ་གར་བཅུ་དགུ་སོགས་བཏང་། ཆམས་རིམས་ཀྱིས་དཀྲུགས་ན་ཨ་གར་བཅོ་ལྔ། བསིལ་བཅུད་བཅོ་ལྔ། སྤྲིན་ཟླ། གཙོ་བརྒྱད། ཀོ་བྱི་ལྔ་ཐང་། ཆམས་པས་སྲིན་དཀྲུགས་ན་གུར་གུམ་བཅུ་གསུམ། ཚངས་པ་དབུ་སེལ་དུད་འཐེན། མཁྲིས་ཤས་ཆེ་ན་ཏིག་བརྒྱད། འབྲིང་ན་གསེར་མདོག་ལྔ་པ། ཆུང་ན་རིལ་དཀར་པད་སྡོང་། མགོན་བ་ལ་དཔའ་བོ་དྲུག་པ། བད་ཀན་ཤས་ཆེན་སྨུག་པོ་གཡུལ་རྒྱལ་དང་བདེ་བྱེད་ཀུན་ཕན་གང་འོས་དང་། བདུད་རྩི་སུམ་སྦྱོར། བད་ཁྲག་ཤས་ཆེ་བ་ལ་རྒྭ་ལོའམ། སྐྱུ་རུ་ཉེར་ལྔ། ཕོ་མཆིན་མི་བདེ་བའི་རིགས་ལ་མན་བསིལ་གི་ཝཾ་ཆ་མཐོ་ཅན་དང་། དྭངས་མ་གནས་འཇོག་སྟེང་རྩ་བ་ལྔ་བསྣན་པའམ། ཟླ་ཤེལ་རིགས་ནང་ས་མོར་བཏང་། བད་ཀན་སྨུག་པོ་དང་བསྡོངས་པ་ལ་གི་དགུ་དང་མན་བསིལ་ལྟག་པ་སྤྲད། སྐབས་རེར་ཐང་ཆེན་ཉེར་ལྔའང་བསྟེན། གློ་ནད་བསྡོངས་པ་ལ་སྤྲིན་ཟླའི་སྟེང་སྲོ་ལོ་དཀར་པོ་དང་། རུ་རྟ་བསྣན་པ་བཏང་། ཟས་མི་ཞུ་བ་སོགས་ཕོ་ནད་ལ་གསེར་ཞི། བདེ་བྱེད་ཀུན་ཕན་སོགས།
མཁལ་རྐེད་གྲངས་ཁམས་དཀྲུགས་ན། ཨ་རུ་ཉེར་ལྔ། བསམ་འཕེལ་ནོར་སྦྱོར། ཨ་རུ་བཅུ་པ། གོ་ཡུ་དགུ་སྦྱོར། རྐེད་པ་ན་ཆེ་ཞིང་ཆུ་ཁ་སྲ་སྙི་བྱེད་པ་ལ་གཉེན་པོ་བཅོ་བརྒྱད་ཟབ། གུར་གུམ་བཅུ་གསུམ་ཡང་འཕྲོད། འབྲས་བུ་སྐྲངས་པའང་ཡོད་པས་དཔའ་བརྒྱད་གཟི་ཆུང་ངུ་ཅན་བཏང་། སྨན་དེ་རྣམས་གང་བཏང་ཡང་ཆ་ཆེ་ཆུང་སྦྱོར་ཚད་གོང་སྨོས་ཀྱིས་རིགས་འདྲེ་ཐོན་ན་འཕྲོད་ཆེ་ཞིང་འབམ་གཞི་ལ་མི་གནོད་པའི་སྨན་ཡིན། བབ་སྨན་རྒྱུན་རིང་བསྟེན་པས་བབས་པའི་རྟགས་ཁོག་སྟོད་ཀྱི་གཟེར་གཏན་ནས་མེད་ཅིང་བདེ་ན་ངེས་པ་ཡིན། རྐང་པ་ཞྭ་ཆེ་ཆུང་ཙམ་ལ་ངེས་པ་མེད། གང་ལྟར་རྐང་པའི་རྩ་དང་ཆུ་རྒྱུས་ལ་གཟེར་ཆེ། ཁྱད་པར་སྒྱིད་ཁུང་སོགས་འཐེན། རྐང་པ་གཡས་གཡོན་གང་རུང་ས་ལ་བཙུགས་མི་ཕོད་པ་བྱུང་དུས་འབམ་དངོས་གཞི་ཡིན། དེ་ལ་དཀར་ནག་ཁྲ་བོ་གསུམ་ཡོད་པའི། དཀར་པོ་རྩ་དལ་ལ་འཇམ། ཆུ་མདོག་དཀར་ཞིང་ལྦུ་བ་སངས་བ་སྐྱེ་ན། སྒྱིད་ཁུག་སོགས་སུ་སྐྲངས་པ་སྐྱ་ལ་སོབ། གཟེར་ཟུག་ཆུང་ཞིང་སྐྲངས་པ་རེག་ཀྱང་ཟུག་མེད། ཁྲ་བོ་ནི་རྩ་བྲེལ་ཉམས་ཡོད། ཆུ་མདོག་དམར་སེར་མཐར་རྒྱ་བཤལ་ཅན་ལྦུ་བ་ཅུང་མི་བརྟན། རྐང་པ་ཟུག་ཆེ་ཞིང་སྐྲངས་ལ་མེ་ལྕེ་འདྲ་བའི་དམར་ཐིག་
འབྱུང་། འབམ་རྟགས་འདི་འབྱུང་བ་མང་། ནག་པོ་ནི། རྩ་ཆུ་སོགས་ལ་ཚད་རྟགས་ཆེ། ཁྱད་པར་རྩ་གྲིམ་ཞིང་འཁྲང་། ཆུ་ཁྲག་རུལ་འདྲ་བ་ལ་ལྦུ་བ་རྐོད། རྐར་པའི་སྐྲངས་ཤིན་ཏུ་སྲ་ཞིང་མདོག་སྔོ་དམར་འོང་། གཟེར་ཟུག་བཟོད་གླག་མེད། དེའང་རླུང་ཤས་ཆེ་བ་འབམ་དཀར་ཡིན་པས་བཅོས་སླའང་བབས་དཀའ། རླུང་ཁྲག་འདྲེས་པ་ཁྲ་བོ་སྟེ་འབྲིང་། ཁྲག་མཁྲིས་གཉན་དང་བསྡོངས་པ་འབམ་ནག་ཡིན་པས་གློ་བུར་དུ་བབས་པའང་འབྱུང་ཞིང་བབ་སླ་ཡང་བཅོས་དཀའ། འདི་ལ་འཁྲུལ་སོ་ཆེར་མེད་ཀྱང་འབམ་སྐྲངས་ཡིན་མིན་ཐེ་ཚོམས་བྱུང་སྐབས་ནད་པ་རང་གི་དྲི་ཆུའམ། མཛོ་སྔོ་ཁྲའི་གཅིན་གང་རུང་བར་སྣང་ལ་བཟེད་པས་བཀྲུ་ས་ན་ཤ་མདོག་འགྱུར་ནས་དམར་ཐིག་ནག་ཐིག་སོགས་བྱུང་ན་ངེེས། ཡང་ན་དཔའ་སེར་དང་སྒ་སྐྱ་མ་ར་རྙིང་ལ་སྦྱར་ཏེ་བྱུག །ཉི་མ་ལ་བསྟེན་པས་ཟུག་ཆེན་འབམ། ཕན་སྙམ་བྱེད་ན་ཆུ་སེར་དུ་ཤེས་པར་བྱའོ། །ཡང་ནད་ཕོག་མ་ཐག་ནས་རོ་སྟོད་གཟེར། རྐང་པ་བེམ་ཞིང་འབྲུམ་ཕྲན་འབྱུང་། དེ་ལ་ཐོག་མར་སྐྱུ་རུ་ར། ཧོང་ལེན་གཟེར་འཇོམས་གསུམ་གྱི་ཐང་ཡང་ཡང་བཏང་བའམ། ཐང་ཆེན་ཉེར་ལྔ་དང་། ནོར་བུ་བདུན་ཐང་ཞག་ཤས་བསྟེན། དེ་རྗེས་ཨ་
གར་སོ་ལྔའི་ནང་གཉན་སྨན་བཞི་འཕྲི། གི་ཝང་། པྲི་ཡང་ཀུ། བྲག་ཞུན་གསུམ་ཆ་ཆུང་རེ་བསྣན། ཀོ་བྱི་སྤུ་ལྡན། ནཱ་ག་གེ་སར། གཟེར་འཇོམས་རྣམས་འདབ་འཕར་བྱས་པའི་སྙན་རྒྱུད་སོ་ལྔ་དང་། གླང་ཆེན་བཅོ་བརྒྱད་གི་ཝཾ་བུངས་བསྐྱེད་པ། རཏྣ་བརྒྱད་པ་བཅས་རྒྱུན་དུ་བསྟེན། བླ་གཉན་རིགས་བཅོས་ལུགས་དང་བབས་རྟགས་གོང་དང་མཚུངས། བབ་སྨན་འདིའང་ལུགས་ཟབ་མོ་གཅིག་ཡིན། བབ་སྨན་འཐུང་སྐབས་རྐང་པ་བརྐྱང་སྐུམ་གཏན་ནས་མི་བྱེད་པར་སྡོད་དགོས། སྨད་དུ་བབས་ཀྱང་སླར་རོ་སྟོད་ན་བ་སོགས་བྱུང་ན་གསང་སྨན་ཆེན་མོའི་འབྱར་བྱ། རཏྣ་བརྒྱད་པ་དང་ཀོ་བྱི་ཨམྦྷིའི་ཐང་གིས་ཕུལ། རོ་སྟོད་ཀྱི་གཟེར་ནམ་ཡང་མེད་པའི་སྨད་དུ་བབས་ངེས་རྟགས་བྱུང་ནས། རླུང་འབམ་སོགས་བབ་སླའི་རིགས་ལ་ཞག་བཅོ་ལྔ་ཙམ་གྱི་མཚམས་སུ་ལ་ཕུག་བཏང་རན་པས། སྤོས་ཆུང་བཟི་ཆེར་མེད་པ། སེང་ལྡེང་ཉེར་ལྔ། སོ་ལྔ་བཟི་ཡད་ལྟ་བུ་ཐུན་རེ་ཟུང་གིས་གཉན་ཁ་བཅག་ནས་ལ་ཕུག་བཏང་། བབ་དཀའ་བའི་རིགས་དང་ཁྲག་འབམ་ལྟ་བུ་ལ། ཆུ་འཕྲལ་དུ་མི་དྭངས། རོ་སྟོད་གཟེར་ཡང་མེད་དཀའ་བས་ལ་ཕུག་བཏང་སྔ་གཏན་ནས་མི་རུང་ཞིང་། ཟླ་གཅིག་ཚུན་གོང་གསལ་བབས་རྟགས་ངེས་ཅན་མ་བྱུང་བར་དུ་བབ་སྨན་རྣམས་རྒྱུན་བསྲིང་། བབས་ངེས་པ་བྱུང་ནས་རྐང་པ་ལ་གཟེར་
ཤིན་ཏུ་ཆེ་ན་གོང་གི་ཨར་གླང་གཉིས་ནང་སྔ་དང་ཉིན་གུང་། དགོངས་མོ་སོགས་ལ། ཀླུ་བདུད་བཅོ་བརྒྱད་སྟེང་དངུལ་ཆུ་ཚ་འདུལ་བསྣན་པ། དཔའ་བོ་བརྒྱད་པ། གནམ་ལྕགས་རིལ་བུ་སོགས་བཏང་། ཟུག་གཟེར་ཤིན་ཏུ་ཆེ་བ་ལ་སྤོས་ཁྱུང་བཅོ་ལྔ་ཟབ། དེ་རྗེས་ཞག་དྲུག་བདུན་མཚམས་ནད་ཟུག་རིམ་པར་ཆག །སྒྱིད་ཁུག་གི་རྒྱུས་པ་འཁུམ། གོང་སྨོས་ཞག་ཟླ་འོས་མཚམས་སོང་ནས་སྨན་དཀར་གཏོང་རན་མིན་བརྟག་པ་ནི། ལྕགས་སྣོད་དུ་དྲི་ཆུ་དཀར་ཡོལ་ཕྱེད་པ་གཉིས་བཞག །གཅིག་གི་ནང་ལ་ཕུག་གྲི་གཞོག་གཅིག་བཅུག །ལྕགས་སྣོད་ནང་དེར་ཆུ་དཀར་ཡོལ་གཉིས་བྱེད་ནུབ་ཙམ་བླུགས་ནས་བསྐོལ་ཏེ་བལྟས་པས་ལ་ཕུག་ཅན་དྭངས་ཞད་དང་མདོག་སྔོ་བ་བྱུང་ན་འཕྲོད་རྟགས་ཡིན་པས། ཚབས་ཆུང་རིགས་ལ་ལ་ཕུག་ཆ་གཅིག་ཤ་གསར་ཆ་གསུམ་ བྱས་པའི་ཐུག་པ་སླ་མོ་ཕོར་ཆུང་གང ་དགོངས་མོར་བཏང་། དེའི་ཕྱིར་ནང་ཐུ་ཞད་མེད་པར་འཕྲོད་ན་ལ་བུག་དང་ཤ་གསར་ཆ་སྙོམ་པའི་ཐུག་པ་པོར་ཆུང་དོ་ཙམ་བཏང་། དེ་འཕྲོད་ན་ཕྱིར་ཉིན་ལ་ཕུག་ཆ་མཐོ། ཤ་ཆེ་ཆུང་བར་བྱས་པའི་ཐུག་པ་བཏང་། དེ་འཕྲོད་ན་ལ་ཕུག་བཏང་རན་པ་ཡིན་ཅིང་། ཐོག་མ་ནས་ལབ་ཁུ་མི་ལེན་པའི་རྟགས་བྱུང་ན་འཕྲོ་བཅད་ནས་
གཉན་སྨན་བཏང་། གང་ལྟར་ལ་ཕུག་ཤུན་པ་བཤུས་ནས་ལ་བརྡར་ལ་བརྡར་པ་དེ་རས་དཀར་དུ་བཏུམས་ལ་ཁུ་བ་ཕོར་གང་ཙམ་བཙིར། སྙིགས་མ་ཟུར་དུ་ཚག་བྱ། ཁུ་བ་དེ་དཀྲུགས་ནས་ལྦུ་བ་ལན་ཉི་ཤུ་ཙམ་ཡར་བཅད་པའི་དྭངས་མ་དཀར་ཡོལ་ནང་དུ་བླུགས། དེ་སྣོད་གང་བདེའི་ནང་དུ་བཞག་ནས་ཁ་བཀབ་ལ་དབྱར་ཁ་བྱེ་མ་དང་། དགུན་ཁ་ནས་སོགས་ཀྱི་ནང་དུ་མ་རུལ་མ་ཁེངས་པར་ཞག་གཅིག་བཞག །ཕྱིར་ནང་ཉི་དྲོས་དཀར་ཡོལ་ཆུ་ཚན་ནང་དུ་བསྲོས་ནས་དྲོད་འཐུང་བདེ་རེ་ད་དུས་ཁྱིམ་བྱའི་སྒོང་ལྐོག་དོ་ཙམ་གྱི་ཚོད་འཐུང་། ཡང་ལུགས་གཅིག་ལ་ལབ་ཁུ་དྭངས་མའི་ནང་། པྲི་ཡང་ཀུ་སོར་བཞི་ཙམ་དུས་བཏུས་པ་དང་། ཁྲག་སྐྲོད་པ་ཉི་མ་མ་ལྡོག་གང་བཏུས་པ། གུར་གུམ། རྒྱ་ཚ་ཞད་ཙམ་བཅས་བཏབ་ནས་ཉུང་ངུ་ནས་ཆ་ཡིས་བསྐྱེད་ལ་ཁྱེའུ་གསོས་ཀྱི་ཚུལ་དུ་བསྟེན། གནས་གོས་སོགས་ཤིན་ཏུ་དྲོ་བར་བྱ། ལ་ཕུག་སྙིགས་མའི་ནང་ལྕུམ་རྩ། ཆུ་རྩ། བུལ་ཏོག །སྔོ་ལྕགས་ཀྱུ། ཀླུ་བདུད་རྡོ་རྗེ་རྣམས་སྦྱར། འཛོམ་ན་ལག་ཁུ་དང་མ་འཛོམ་ན་ཆུ་ཕྲན་བུ་སབ་ནས་གར་སླ་ཞོ་ཙམ་དུ་སྐྱོས། ཚོ་འཛིན་སྲན་ཕྱེའམ་བག་ཕྱེ་ཅུང་ཟད་བསྲེ། དྲོད་ཡོད་ཙམ་བསྲོས་ནས་རྐང་པའི་སྐྲངས་དང་གཟེར་ཡོད་སར་ཁྱབ་པར་བྱུག །དེ་སྟེང་རས་ཀྱིས་དཀྲིས་
ནས་བཞག །ཡང་ཕྱིར་ཉིན་བཏང་རྒྱུའི་ལབ་ཁུ་སྟ་གོན་བྱ་བ་སོགས་འཐུང་ལུགས་དང་འབྱར་བཅས་འདི་བཞིན་ཞག་བདུན་ཙམ་བྱ། དེ་ཚེ་སྤོས་ཁྱུང་དང་། སེང་ལྡེང་ཉེར་ལྔ་ཁོང་སྨན་བསྟེན། ཞག་གྲངས་ཁ་ཤས་མཚམས་ལབ་ཁུ་མི་འཇུ་བ་སོགས་བྱུང་ན་འཕྲོ་བཅད། ད་ལྟའི་ཕྱག་ལེན་ཏུ་བྱུག་པ་འདི་མི་བྱེད་པར་གཤམ་གསལ་ཁོ་ན་བྱེད་པ་ཡིན་ཀྱང་གཉན་ཁ་ཆུང་ན་གཉིས་ཀ་བྱས་ན་ལེགས་པ་ལས་འགལ་བ་མེད། གཉན་ཁ་ཆེ་ན་བྱུག་པ་སྐབས་འདིར་མི་བྱེད་པ་ལེགས། ལབ་བཅོས་བསྟེན་པའི་ཞག་གཅིག་མཚམས་ནས་འགུལ་སྐྱོད་ཨི་ལོ་ལྟ་བ་གལ་ཆེ། དེའང་དང་པོ་དལ་བུས་བསླབ་པ་ལས་དྲག་ཤུལ་མི་རུང་། ཉིན་རེ་བཞིན་འགུལ་སྐྱོད་འགྲོ་འདུག་གང་ནུས་ཇེ་དྲག་ཏུ་བཏང་བ་ལས་རང་བཞིན་འདུག་མི་རུང་། ལངས་འདུག་ཐུབ་མཚམས་ནས་གསེར་མཚོའི་བུལ་ཏོག །ཞུ་མཁན། རྒྱ་སྐག །ལྕུམ་རྩ་བཅས་བྱུག་པ་གསེར་བུལ་བཞི་པ་དང་ལབ་རོ། །སྔོ་ཁྲག་སྐྲོད་པའི་ཁུ་བ་བསྲེས། ཚོ་འཛིན་བཅས་དྲོན་མོ་བྱས། སྐྲངས་པ་གར་ཡོད་ནད་པའི་གཅིན་གྱིས་བཀྲུས་བའི་སྟེང་སྲབ་མཐུག་བཀོ་ཙམ་བྱུགས་པའི་འབྱར་བྱ། སྣམ་རས་གཙང་མས་དཀྲིས་ལ་ཉི་མར་བསྲོ། །ཁོག་སྟོད་ལ་ཉི་མ་མ་ཕོག་
པར་བྱ། གཉན་ཤས་ཆེ་ན་གང་གི་སྟེང་། སྨན་ཆེ་ན། རེ་ལྕགས། སྔོ་ལྕགས་ཀྱུ། ཧོང་ལེན། ཐར་ནུ། སྟག་ཤ་རྣམས་བསྣན། སྐྲངས་པ་སྲ་ཞིང་མདོག་ནག་ན་རྡོ་སྨན་རིགས་ཚོགས་ཚད་བསྣན། སྐྲངས་པ་སྐྱ་སོབ་ལ་ཆུ་སེར་སྨན་གསུམ་བསྣན། རྡོ་སྨན་ལ་བྱང་ལྟའི་གཡའ་སྔོན་རུལ་བ་རྫ་མར་ཅུང་ཟད་བསྲེགས་ནས་བཏང་བ་མན་ངག་ཡིན། ཞྭ་ཤིན་ཏུ་རངས་དཀའ་བའི་རིག་ལ་བྱེ་རིང་ཕྱིར་མི་ལྡོག་པའི་བྱུག་པ་ཟབ། ཚབས་ཆེ་ན་རིགས་ལ་རྗེས་གཅོད་གུ་གུལ་བཅུ་པའི་སྟེང་། ཁྱུང་ལྔ། ཀླུ་བདུད། སྡིག་པ་དཀར་ནག་རྣམས་བསྣན་པའི་རིལ་བུ་བཏང་། སྐྲངས་དང་གཟེར་གཏན་མེད་དུ་སོང་དུས། ལྷ་ལུང་མཁན་པོའི་ལུགས་སམ་འབྲི་ལུགས་ཕྱིར་མི་ལྡོག་པའི་བྱུག་པ་སྣུམ་ནག་གམ་མར་རྙིང་གང་རུང་དང་སྦྱར་ནས་ཡུན་རིང་དུ་བྱུགས་ནས་ཕྱིས་མི་འཕར་བའི་གནད་ཟབ། རྗེས་གཅོད་ན་སོ་རྒས་པ་རླུང་དང་གྲང་གཞི་ཆེ་བ་ལ་ཆུ་ཚན་དང་སྨན་མར། གཞོན་དར་རིགས་ཁྲག་མཁྲིས་ཤས་ཆེ་བ་ལ་གཏར་ག །དེའང་དར་གདོང་ལ་བབས་པ་རྣམས་ཆུ་སེར་གདོང་རྩ། སྒྱིད་ཁུག་ལ་བབ་ན་བྱིན་གཞུག ། བྱིན་ཀྱོག ། ལོང་རྩ་གང་རུང་གཏར། གཏར་ཁ་སྔས་ན་ནད་མཇུག་མི་ཆོད། ཕྱིས་ན་ཕན་གནོད་མེད་ཅིང་ཕོར་བ་འབྲིང་ཚད་ཀྱི་ཕྱེད་ཙམ་ལས་
མང་དུའང་གཏར་མི་རུང་། ཁྲག་རླུང་ཅན་ལ་ཆུ་ཚན། རྒན་པོ་ཟུང་ངན་ལ་གཏར་ག །ཆུ་གཞི་ཅན་ལ་ལུམ་དང་གཏར་ག་མི་འཕྲོད་པ་སོགས་ཀྱང་ཤེས་པར་བྱ། སློང་རྐྱེན་གོང་སྨོས་ཆང་དང་ང་ཁྲེབ་སྔོ་ཚོད་སོགས་ནད་ཡོན་མེད་གང་གི་སྐབས་སུའང་སྤང་དགོས་ཤིང་། རླུང་ཤས་ཤིན་ཏུ་ཆེན་ན་བའི་སྐབས་ཤ་ཅུང་ཟད་བསྟེན་རྒྱུ་རུང་ངོ་། ༈ །ནད་འདིའི་སྟེང་བླ་གཉན་གྱི་ནད་གོང་སྨོས་རྣམས་དང་། ཁྱད་པར་ཚབས་ཆེ་བ་འབམ་ཆུ་གཞི་ལ་འགྱུར་ཉན་ཆེ་བས། དེའི་རྟགས་ཆུ་ལ་ལྦུ་བ་སོབ། དབུགས་རྒོད། ཆུའི་མཁར་གཡོ་བ་འབྱུང་། དེ་ལ་ཆུ་སེར་ཤས་ཡོད་ན། འབོལ་སྨན། གུར་གུམ་ཆུ་འབེབས། ཆུ་མདོག་ལྟར་རེད་ན། གླང་ཆེན་ཆུ་སྒྱུར། ད་ལི་བཅུ་དྲུག་རྣམས་བབ་སྨན་དང་ལྟག་སྤྲད་དུ་གཏོང་། སྤྱིར་ཆུ་གཞིར་འགྱུར་ཉེན་ཅན་ལ་གླང་ཆེན་བཅོ་བརྒྱད་ཚབས་སུ་གངྒ་ཆུ་སྒྱུར་གཏོང་བ་ལེགས། ཆུ་འབམ་ལ་འགྱུར་བའི་རྟགས་ཆུ་དྭངས། དབུགས་དང་ཆུ་མཁར་ཞི། རྐང་པ་གཟེར་ཆེ་རུ་སོང་བ་སོགས་ཡིན་ཅིང་། སྐབས་འདིར་ལ་ཕུག་ཅུང་ཟད་གཏོང་སྔན་ལེགས། གཉའ་ལྟག་ལག་ཚིགས་ན། དེའང་མཚན་ལ་གཟེར་ཆེ་ན་གྲུམ་བུ་དང་བསྡོངས་པས་བོང་ཁྲག་ཉེར་ལྔ་བཏང་། རྐང་པའི་མཐེ་
བོང་གཟེར་ཆེ་ཞིང་སྐྲངས་བ་སོགས་གྲུམ་བུའི་རྟགས་བྱུང་ན། སྦོས་ཆུང་དང་དངུལ་ཆུ་བཅོ་བརྒྱད་བཏང་། རྐང་ལག་སྦྲིད་ཅིང་ན་བ་སོགས་རྩ་དཀར་གྱི་རྟགས་བྱུང་ན་ཨ་གར་ཉི་ཤུ། བསམ་འཕེལ་ནོར་བུ་བཏང་། སྤྲན་དུག་སོགས་བྱུང་ན་རུ་རྟ་དྲུག་པ་དང་། གོང་གི་ཕོ་སྨན་ཀྱང་བཏང་བ་སོགས་འཕྲུལ་ཤེས་པར་བྱའོ། ༈ །བྱིས་པའི་བཅོས་ཆུང་དཔྱད་པདྨ་གཅེས་ཕྲེང་སོགས་གཏེར་བྱོན་རྣམས་ལས་ཞིབ་ཏུ་ཤེས་དགོས་ཀྱང་མདོར་བསྡུ་ན་རྩ་ལ་བརྟག་པ་དང་། རྟེན་འབྲེལ་ལ་བརྟག་པ་གཉིས་ལས། དང་པོ་སྤྱིར་བརྟག་པ་ནི་རྣ་བ་ལག་པ་ཀུན་གྱི་རྩ་དམར་ལ་བཤན་ན་ནད་ཡོད་རྟགས། སྦོམ་ཕྲ་མེད་པར་སྙོམ་ན་འཕྲལ་ཟུག་ཆེ་ཡང་ཕུག་སྐྱོན་མེད། མདོག་དམར་ཞིང་སྙོམས་ལ་ཤིང་ལོ་རྒྱས་ན་ནད་མེད། རྣ་བ་དང་ལག་པ་གཡས་གཡོན་གྱི་རྩ་དང་པོ་གཉིས་གུག་ན་འཆི། བར་པ་གཉིས་གུག་ན་གསོ་དཀའ། ཐ་མ་གཉིས་གུག་ན་ནད་གཞི་ཡོད། རྩ་ཆད་ན་འཆི། ཁྱད་པར་སྙིང་རྩ་ལ་ངེས། རྣ་བ་གཡོན་པར་སྙིང་མཆེར་མཁལ་མའི་རྩ། གཡས་བར་གློ་མཆིན་མཁལ་གཡས་རྩ་ཡིན་པས་ཉི་མདངས་ལ་བརྟགས་པས་དམར་ནག་རྒྱས་ན་ཚ་བ། སེར་སྐྱ་སྟོང་ན་གྲང་བ། འཛིང་ཞིང་སྦན་སྦུན་མང་ན་གདོན་རྩ། གཏན་ནས་མི་གསལ་ན་
འཆི་བར་བཤད། གསང་བའི་ལ་ཉེ་བརྟགས་པ་ནི། བུས་མ་ནུས་པའི་སྔོན་ཏུ་ཕོར་པ་གཙང་མ་གཉིས་སུ་ཆུ་བླུགས་པ་ལ་ནུ་ཞོ་ཉུང་དུ་རེ་སོ་སོར་བཞོས་པས། ཁ་ལ་ལིང་གིས་ལྡིང་བའམ་ཆུ་དང་འོ་མ་འདྲེས་ན་འཚོ། །མ་འདྲེས་པར་ཕྲོམ་ཕྲོམ་འདུག་ན་འཆི། གཏིང་དུ་ཧྲིལ་གྱིས་སོང་ན་ན། ཁ་གཏིང་གི་བར་ཀ་བ་བཙུགས་ན་འདྲེ་གདོན་ཡིན་ཅིང་དེའང་ནུ་ཞོ་གཡས་པ་ཕོ་གདོན་དང་གཡོན་པ་མོ་གདོན་ཏུ་ངོས་བཟུང་ལ་རིམ་གྲོ་གཏོ་བཅོས་དེ་ལུགས་བྱ། གཉིས་ཀར་མ་འདྲེས་པར་གཏིང་དུ་སོང་ན་སྤང་། གཅིག་འདྲེས་གཅིག་མ་འདྲེས་པའམ། གཅིག་ཁ་དང་གཅིག་ཞབས་སུ་སོང་ནའང་གསོ་དཀའོ། །གཞན་ཡང་ནུ་ཞོ་གཏིང་སོང་གྲང་བ། བར་དུ་ཚ་བ། ཁར་རླུང་། མིག་མང་རིས་སུ་བྱུང་ན་ཤི་གསོན་ཕྱེད་མ། ཆུ་མདོག་ཏུ་གྱུར་ན་མི་འཚོ། །འདྲེས་ན་འཚོ་བའང་བཤད་དོ། །སྨན་ནི་རིམས་ཚད་ལ་ཕྱི་རྒྱུད་ཀྱི་གུར་གུམ་བདུན་པ་ཁ་སྒྱུར་གང་དགོས་དང་བསྟུན་པ། བློན་པོ་སུམ་སྦྱོར། ཀྲི་ཀ་ཧན། གཙོ་བརྒྱད་འཇམ་པོར་བསྡེབས་པ་རྣམས་དང་། ཁྱད་པར་བྱང་པའི་གློ་ཚད་ཀུན་སེལ་ལ་མ་གཅིག་ཤེས་ཀུན་གྲོལ་ཁ་སྒྱུར་ཅན་ཟབ། ཆམས་པ་གློ་འཁུན་ཅེས་འཁུན་པ་ཅུང་ཟད་བྱེད་པའི་གཟེར་རིམས་བྱིས་པ་མྱུར་དུ་སྲོག་
འཕྲོག་པ་དེ་ལ། བསིལ་གསུམ། རུ་རྟ། ཙནྡན་དཀར་དམར། གུ་གུལ་ནག་པོ། །གླ་རྩི་རྣམས་སྦྱར་བ་ཆུ་བསྐོལ་གྲང་གིས་ཕུལ། འདི་ལ་ག་བུར་སྦྱོར་བའི་རིགས་སྣང་ཡང་དེང་སོང་གཉན་ཡོད་སྐབས་ཆེ་ཆུང་གང་ལའང་སྦྱར་སྲོལ་མི་འདུག །གྲང་བ་ལ་གོ་ཐལ་བདུན་པ་དང་། སེ་འབྲུ་བརྒྱད་སྦྱོར། འཁྲུ་སྐྱུགས་རིགས་ལ། བྲག་སྐྱ་ཧའོ། །གུར་གུམ། ཅོང་ཞི། འབྲས་ཕྱེ་སྦྱར་བས་གཅོད། གྲང་འཁྲུ་ལ་མྱང་ཙི་སྤྲས་མར་དང་སྦྱར་བ་བཏང་། ཕོ་ནད་ལ་མན་ངག་བསིལ་སྦྱོར་ཡང་འཕྲོད། །བྱིས་པའི་ཁ་ལྕེར་འབྲུམ་བུ་དཀར་ཆུང་ཉུང་འབྲུ་ཙམ་གྱིས་གང་། ཚད་པ་ཆེ། གྲེ་བ་འགགས་པ་ཁ་ཚའི་ནད་དམ་ཁ་ལང་བ་ལ། བློན་པོ་གསུམ། འབྲས་བུ་གསུམ། གུ་གུལ་བཅས་བསྡེབས་པ་ཁོང་དུ་བཏང་། ཡང་ན་རུ་རྟ་གླ་རྩི། ཨ་རུ་གུ་གུལ། ཤུ་དག་སྦྱར་བ་བཏང་། དེས་མ་འཚོ་ན། བྱ་ཕོའི་ཟེ་ཁྲག །གླ་རྩི། སྐྱ་གའི་སྒྲོ་གཞོབ། གི་ཝཾ། རུ་རྟ། སྤྱི་གཞུང་། སྦལ་པའི་ཤ་རྣམས་ཞིབ་པར་བཏགས་ལ་ཆུས་ཁོང་དུ་ཕུལ་བ་ཟབ། སྐྱ་གའི་སྒྲོ་གཞོ་བར་འོས་སྦྱངས་ནས་ཁར་བྱུག །ཡང་རུག་པའི་ཁུ་བ་དང་ར་ཁྲག་བསྲེས་ནས་བྱུགས་པས་ཀྱང་ཕན། ཡང་གཙུག་ནད་ཅེས་པ་ཁའི་ནང་དུ་འབྲུམ་བུ་ཞིག་འབྱུང་བ་དེ་སེར་པོར་སོང་བ་དང་། སྤྱི་གཙུག་ཏུ་བཙོད་
ཀྱི་མེ་བཅས་བསྲེག །ཅུ་གང་། གུར་གུམ། གི་ཝང་། གླ་རྩི། མོན་ལུག །ཨ་རུ། ལི་ཤི། ཤིང་མངར་སྦྱར་བའི་ཕྱེ་མ་བཏང་བས་འཚོ། །སྤྱིར་བྱིས་པ་ལ་སྨན་སྣ་མང་པོ་དང་ཚ་གྲང་ཤས་ཆེའི་རྩུབ་པའི་སྨན་སྦྱོར་བཏང་མི་རུང་ཞིང་བརྟགས་བཅོས་ཀྱང་དཀའ་བས་བཀའ་གཏེར་གྱིས་མན་ངག་ཕྱོགས་བསྡུས་སྔ་མ་རྣམས་ཀྱིས་མཛད་པ་ལས་ཤེས་དགོས། ཕལ་ཆེར་གདོན་ནད་ཤས་ཆེ་བས་བྱིས་གདོན་གྱི་མདོས་ཆེ་ཆུང་གང་ཤེས་དང་། ཆུ་གཏོར། ཆ་གསུམ་མང་དུ་བཏང་། གཟུངས་གྲ་ལྔ་ཀློག་པ་སོགས་བྱའོ། ༈ །མོ་ནད་ཀྱི་རིགས་ལ་རྣམ་གྲངས་མང་ཡངས་ནད་གསར་བ་ཁྲག་ཚབ། རྒས་ནས་རྙིང་པ་རླུང་ཚབ་གཉིས་སུ་འདུ། ཁྲག་ཚབ་ནི་རོ་རྒྱབ་དང་མཆིན་ཁྲི་གཟེར། རྒྱུ་ཞབས་ཚ་འབྲབ་བྱེད། རྐེད་པ་མན་ཆད་ཁོལ་བ་ལྟར་ན། རྩ་རྒྱུད་ཚ་ཞིང་འབྲུམ་ཕྲན་ཀྱང་འབྱུང་། ཟླ་མཚན་འབྱམས་པའམ་འཁྱིལ་བ་སོགས་འབྱུང་། རྙིང་ནས་རླུང་ཚབ་ཏུ་འགྱུར་བས་སེམས་མི་བདེ་ཞིང་སྨྱོ་འབོག་བརྗེད་ངས་ཅན་ཏུ་འགྱུར། ལུས་གྲང་། རུས་པ་ཁོལ། ཤ་ལྤག་པར་དུ་སྦྲིད་པ་དང་གཡོ། །མགོ་འཁོར། ཆུ་སོ་རྒྱུ་ཞབས་བསྡམས། ཟླ་མཚན་མི་ཆོད། དེ་ལ་ཐོག་མར་ནད་གསར་པའི་སྐབས་སྨྱུག་རྩི་ཉེར་ལྔ་དང་སྨྱུག་རྩི་དྲུག་
ཐང་བཏང་། དེ་ནས་འོལ་སེ་ཉེར་ལྔ། སེར་མོ་ཉེར་ལྔ། སྟར་བུ་བཅུ་གཅིག་དང་བཅུ་དགུ། རོ་སྟོད་གཟེར་ཆེ་བ་སོགས་ཁྲག་ཤས་ཆེ་བ་ལ་ཁྲག་བཤིག་རིན་ཆེན་ཕ་ལམ། ཙན་དན་བཅོ་བརྒྱད། ཨ་གར་སོ་ལྔའང་འཕྲོད། ཕོ་བ་ན་ཤས་ཆེ་བ་ལ་སྟར་བུ་བཅོ་བརྒྱད། བདེ་བྱེད་སྙོམས་ལྡན། གཡུ་དྲིལ་བཅོ་བརྒྱད། རྒྱུ་ཞབས་དང་རོ་སྟོད་སྦྲེལ་ནས་ན་བ་ལ་རྒྱ་རུ་བཅུ་བཞི། མཁལ་རྐེད་ཤས་ཆེར་ན་བ་ལ་གཉེན་པོ་བཅོ་བརྒྱད། སེ་འབྲུ་ཀུན་ཕན། མངལ་སྐྲན་བྱིས་པ་ལྟར་ཆགས་པ་ལ་ཚ་སྲེག་སྦྱོར་བ་དང་མངལ་བཤལ་བཏང་། སྨད་དུ་བབས་ཆེ་དུས་བྱིན་གཞུག་དང་ལོང་རྩ་གདོང་རྩ་རྣམས་གང་ཐེབས་གཏར། ཁྲག་ཚབ་སྤྱི་ལ་དཀར་པོ་དྲུག་སྦྱོར་སྟེང་། བ་སྤྲུ། སྟར་བུ། སྦྲུལ་ཤ །རྒྱ་ཚྭ། སྡིག་སྲིན། འོལ་མོ་སེ་བསྣན་པའང་ཟབ། ༈ །རླུང་ཚ་བ་སྙིང་སྲོག་ཡན་ལག་རུས་པ་སོགས་གཟེར་ངེས་མེད་དུ་འཕོ་སྐབས། ཨ་གར་སོ་ལྔ་དང་བཅོ་ལྔ། འོལ་སེ་ཉེར་ལྔ། རྒྱ་རུ་བཅུ་བཞིའི་སྟེང་ཨར་བརྒྱད་རིགས་གང་རུང་བསྡེབས་པ། འབྲང་རྩེའི་ཨར་བརྒྱད། རུ་རྟ་ཉེར་གཅིག་སོགས་བཏང་། རླུང་སྲང་རིགས་ལ་མེས་བསྡམས། མོ་ནད་སྤྱི་སྨན། ཤིང་ཚ། གཟེ་མ། བ་སྤྲུ་རྣམས་ཆ་གཅིག །བི་ལིང་། མཛེ་ཚྭ། ཚ་ལ་གསུམ་ཐུན་ཕྱེད་རེ། ཀུན་གྱི་བཞི་
འགྱུར་ཕངས་མའི་འབྲུ་སྦྱར་ལ། རབ་སྐྱེས་པའི་བྱང་སེམས། ཡང་ན་སྐྱེས་དར་མའི་དྲི་རྡུལ་གྱིས་རིལ་བུ་དྲིལ་ལ་བཏང་བ་ཟབ་མོ་མོ་བཙུན་ཉེར་འཚོ་ཞེས་པའོ། ༈ །བཙས་རྗེས་ཚད་པ་སྐྱེས་པའི་བོང་ཚད་ལ་སྔ་དྲོ་ཞི་དྲུག །ཉིན་གུང་གཙོ་བརྒྱད། དགོངས་མོ་ཨ་གར་རིགས་བཏང་། ཡང་ན། ཙནྡན་དཀར་པོ་ཧོང་ལེན་བ་ཤ་ཀ །པདྨ་གེ་སར་ནཱ་ག་པུཥྤ་དང་། །བཅའ་སྒ་སྤང་སྦོས་དུག་ཉུང་གསེར་མེ་ཏོག །བིལྦ་པ་ཏོ་ལ་ཛཱ་ཏི་འབྲས་བུ་གསུམ། །སུགྨེལ་ཀ་རས་བུད་མེད་རིམས་བཏབ་དང་། །བཅས་རྗེས་ཚད་པ་སྐྱེས་པ་སེལ་བར་བྱེད། ཅེས་པ་འདི་ཟབ། བུ་དང་ཤ་མ་མ་ཐོན་ན། མིང་ཅན། ལྕུམ་རྩ། རྒྱ་རུ་གསུམ་སྦྱོར་བཏང་བས་ཆོག་པར་བཤད། རྒྱས་པ་མན་རྒྱུད་ལྷན་ཐབས་སོགས་སུ་བལྟ། ནུ་སྐྲངས་རྣག་ཏུ་སྨིན་རྒྱུ་མེད་པ་ལ། དང་པོར་ཐུག་རིལ་མ་དྲི་ཆུས་འདུར་བ་བྱུག །དེ་རྗེས་ཤུ་དག་འམ་བུས་ཁུ་བས་བྱུག །དེ་རྗེས་སྲུབ་ཀ །སྒ་ཏིག །ལྕགས་ཀྱུ་བ། ཀྱི་ལྕེ། ཧོང་ལེན། སྟག་ཤ་བ། ཨུག་ཆོས། གླ་རྩི་དྲི་ཐོན་བཅས་དྲི་ཆུ་ལ་སྦྱར་ནས་བྱུག །བྱུག་པ་རིམ་གསུམ་པར་མཚམས་ཅུང་ཟད་རེ་ཕྱེ་དགོས། ཡང་མོ་ནད་སྟོང་ཕྲག་འཇོམས་པའི་སྤྱི་འཇོམས་ཆེན་མོ་ནི། རུ་རྟ་ཆུ་དག་གླ་བའི་རྩི། །ཡ་བཀྵ་ར་འོལ་མོ་སེ། །སྨན་ཆེན་
གསེར་མདོག་བུལ་ཏོག་དང་། ཟེ་ཚྭ་མགྲོན་ཐལ་སྟར་བུ་སྦྱར། །ནད་ནུབ་ཆུ་བསྐོལ་ཕུལ་བས་ཟབ། ༈གདོན་སྤྱིའི་རྟགས་རྩ་སྔ་དྲོ་ཕྱི་དྲོ་དང་ཉིན་སྔ་ཕྱིར་འདྲ་མིན་ཏུ་འགྱུར། སྡོད་ངེས་མེད་དྲག་དལ་བྱེད། ཆུ་ལ་འོད་དང་ཐིག་ལེ་ཤར་བའམ། ལྦུ་བ་མི་བརྟན་ཞིང་བསྐོར་བ་བྱེད། ལྦུ་བའི་མཐར་འབུ་རིས་ལྟ་བུས་བསྐོར་བའམ། ཆུང་ངུ་ཉ་མིག་ལྟར་སྡོད་པ་རྣམས་དང་། ལྡོག་ཏུ་མི་འདོད་པ་རྣམས་ནད་གཞི་དེ་ལ་གདོན་ཁ་ཆེ་བའི་རྟགས་ཡིན། གདོན་གང་གནོད་ལིང་ཚེ་དགུ་དང་ཕྱོགས་མཚམས་ལས་བརྟག་ཚུལ་ཕྱི་རྒྱུད་ལྟར་བྱ། ལོག་རྗེས་ཀྱི་གཟུགས་ལས་གདོན་གྱི་ངོས་བཟུང་དགོས་ཀྱང་མ་ལྡོག་པའམ། ལྡོག་ཀྱང་གཟུགས་མ་འགྱེད་ན་ནས་དཀར་པོ་བརྒྱད་ནག་པོ་གཅིག་དང་དགུ་ཐོགས། དམོད་བརྔར་དྲག་ཏུ་བྱས་ལ་ཤར་ནས་གཡས་བསྐོར་དུ་དོར་བས་ནག་པོ་བབས་པ་དེར་གདོན་ངོས་བཟུང་བའི་སྐོར་ཕྱ་ལ་བརྟགས་ཚུལ་རྒྱས་པ་གཞན་ནས་འབྱུང་བ་ལྟར་རམ། བསྡུ་ན་ཕྱི་རྒྱུད་ལྟར་ངོས་བཟུང་ལ་དེ་མཐུན་གྱི་བཅོས་རིམ་འབོག །འབྱུང་གདོན་སྤྱི་ལ་ཉང་གཏེར་སྲུང་བ་རྒྱན་འཁོར། །བྱུག་པ་རྒྱན་འཁོར། །བདུག་པ་རྒྱ་ན་འཁོར་རྣམས་ཟབ་ཅིང་། གདོན་བྱེ་བྲག་པ་རྣམས་ལའང་སྲུང་བཅོས་གཏེར་མ་ལས་བྱོན་པ་རྣམས་ལག་ལེན་བདེ་ཞིང་ཟབ་ངེས་པ་
པ་ཡིན། །བཟའ་བཅོས་བྱ་ཁྱུང་པས་བཀའ་གཏེར་ཟབ་དགུའི་མན་ངག་ཕྱོགས་དྲིལ་གྱི་བེ་བུམ་ཁོ་ན་ལེགས། སྨན་ཁྲག་སྦྱོར་ཉེར་ལྔ། རྫས་ཆེན་བཅོ་བརྒྱད་པ་སོགས་ཟབ། གྲིབ་ཕོག་དུས་ཐོག་མར་སྦོས་དཀར་གྱི་ཐང་བཏང་ན་བཅོས་སླ། སྲིན་བྱའི་ཀླད་པ། ཡུག་སའི་མངལ་ཁྲག །དཔའ་བོའི་གྲི་ཁྲག་གསུམ་བུ་རམ་དང་བསྲེས་ནས་བྱིན་པས་ཐེང་ཆོག་ཏུ་བཤད། ཀླུ་གདོན་གྱི་བྱེ་བྲག་མཛེ་བཅོས་ཀྱང་ནཱ་ག་རཀྵ་སོགས་ལས་འབྱུང་བ་ཟབ་ཅིང་། གཟའ་ཀླུ་སྤྱི་ལ་སྨན་ཕྱག་རྡོར་རིལ་བུ་བསྡུ་སྒྲུབ་ཚད་ལྡན་བྱས་པ་དང་། མཛེ་སོགས་ལ་ཁྱུང་ལྔ་ཁ་ཚར་ཅན་རིན་པོ་ཆེའི་སྦྱོར་བ་རྣམས་བསྔགས་སོ། ༈ །རྨ་སྤྱི་ལ་ཁོང་སྨན་ཐོག་མར་སྤང་རྩི་བཅུ་གཉིས། ག་བུར་ཉེར་ལྔ་སོགས་བཏང་བས་རྨ་ཚད་མི་ལྡང་། རྒྱུན་ཏུ་ལྡུམ་ཆེན་དགུ་སྦྱོར། རིམ་པ་བཅུ་གསུམ་རྣམས་ཟབ། རྨ་ཁ་ལ་བཅད་འབྱོར་ཉེར་ལྔའམ། ཡུ་གུ་ཤིང་ཁཎྜ་བྱུག །མགོ་ཆག་ལ་བྱ་མོ་ཁུད་པའི་བདུད་རྩི་སུམ་སྦྱོར། གནམ་ཆོས་མགོ་སྨན་རྣམས་ཟབ་ཅིང་། བདུད་རྩི་སུམ་སྦྱོར་དཀྱུས་མས་ཀྱང་ཚབ་ཆུང་བ་ལ་ཕན། སྔགས་ཏི་རྟི་ཀ་བྱ་མ་ཟབ། འབྲི་ལུགས་ཐིག་སྨན་སྤྱི་ལ་འགྲོ། །བརྡབ་འགྲམ་རིགས་ལ་བུལ་ཏོག་སྟར་བུ་ཆ་མཉམ་དུ་སྦྱར་བ་ཁོ་ན་མཆོག་
ཡིན། ཤའུ་གསོ་བ་ལ་སྟག་ཤ་ཐུན་གསུམ། ཚ་ལ་གུར་གུམ་དོམ་མཁྲིས་རྣམས་ཐུན་རེ་སྦྱར་བ་ཞིབ་བཏགས་སྐམ་འདེབས་བྱ། ཤ་རོ་གཅོད་ན་དཀར་གོང་སྲིན་ཅན་ཐུན་གསུམ། སྟག་ཤ་བ། ལྡོང་རོས། དོམ་མཁྲིས། ཚ་ལ། མྱུ་གུ་ཤིང་། ཁུར་མང་། ཆུ་རྩ། ཡུང་བ་རྣམས་ཐུན་རེ་རེ་སྦྱར་བའི་ཕྱེ་མ་ཞིབ་མོ་སྐམ་འདེབས་བྱ། ཐོག་མཐར་གཉན་བསྡོང་ན་གཉན་སྨན་རིགས་དང་ཁྱད་པར་ཁྱུང་ལྔ་ཁོ་ན་ཟབ་པས་བཏང་། ༈ །ཁྱད་པར་མཁོ་གལ་ཆེ་བ་མགོ་བོ་ཆག་མིན་བརྟག་པ་ནི། སོར་མོ་གསུམ་ཁར་བཅུག་བས་ཐམས་ཅད་ཚུད་ན་ཆག་མེད་པའི་རྟགས། གཅིག་མ་སོང་ན་ཆག་ཡོད་རྟགས་གཉིས་མ་སོང་ན་པགས་རྒྱ། གསུམ་ཀ་མ་སོང་ན་ཀླད་རྒྱ་ཉམས་རྟགས་ཡིན་པས་རིམ་བཞིན་ཕྱི་མ་ཕྱི་མ་རྣམས་གསོ་དཀའ་འོ། །ཆག་ན་ཕྱི་ནས་རྒྱ་ཆིངས་ཕྱག་ལེན་བཞིན་བྱ། བྱང་བ་མ་བཏང་བའི་མགོ་སྦྱང་གིས་འབྱར་བྱ། བདུད་སྒོ་བཞིར་གཙག་བུས་ཆུ་སེར་དྲངས། དེ་སྟེང་ཚུགས་གདབ། ཁོང་སྨན་བྱ་མོ་ཁུད་པའི་བདུད་རྩི་སུམ་སྦྱོར་དང་། ཕྱི་ནས་འདེབས་སྨན་ལྡུམ་ཆེན་དགུ་སྦྱོར་ཟབ། རུས་པས་གང་ནས་ཕུག་ཡོད་པ་དེ་སྟེང་འདབ་སྦུ་བཞག་པས་རྣག་དང་ཆུ་སེར་དྲངས་ནས་རྨ་ཁ་གསལ་བར་མཐོང་དུས་ལྕགས་ཐུར་གྱི་རུས་ཟན་བྲུ།
དེ་དང་ཁུང་མཚམས་སུ་རྟོ་ལེའི་རུས་པ་ལྟ་བུ་སྤྲད་པའི་སྟེང་ཐིག་སྨན་རྣམས་ཀྱི་འབྱར་བྱས་ལ་དཀྲི། པགས་རྒྱ་ཉམས་ན་སྐྲ་བཞར་ནས་མགོ་སྦྱོང་ལྟར་འབྱར་བྱ། དེ་སྟེང་འབྱོར་ན་གྲོད་པ། མ་འབྱོར་ན་རས་སོགས་ཀྱིས་བཏུམ། འདམ་འཆིང་འདིར་གསལ་ལམ་བྱེ་རིང་ལྟར་བྱས་ཀྱང་ལེགས། ཁོང་སྨན་གོང་དང་མཚུངས། རྒྱ་ཆིངས་བྱེད་ལུགས། སྐྲ་དཀར་ནག་གི་མཚམས་ནས་སོར་བཞི་རེའི་བར་དུ་ཤིང་བུ་མཛུབ་གང་གི་ཕྱེད་ཙམ་རེ་འཁོར་བར་བཞག་ལ་སྣལ་མས་དཀྲིས་མཚམས་ནས་ཤིང་བུ་བཏང་ལ་དྲུ་གུ་ལྟར་དཀྲི། དེ་སྟེང་ཞྭ་མོ་ལྟ་བུས་གཡོགས། འགྲམ་སོས་སྲན་མ་བསྡད་ལོ་དུས་འབྱོར་རྟགས་ཡིན་པས་རིམ་གྱིས་ཀློད། ༈ལག་པ་ཆག་ན་རྨ་སྨན་གྱིས་འབྱར་བྱ། དེ་སྟེང་རྩི་དཀར་འཁོར་མོར་བཞག་པའི་སྟེང་རི་བོང་སྦུའམ་མ་རྙེད་ན་བལ་གྱིས་དཀྲི། དེ་སྟེང་ཤིང་བྱང་བཞག་དགོས་པས་དེའང་དཔུང་པ་ཆག་ན་ནང་དུ་རང་གི་མཁྱིད་གང་དང་། ཕྱི་ནས་མཐོ་གང་ཡོད་པའི་ཤིང་བྱང་སྲབ་ལ་ལྡེམ་པ་གང་འོས་བཞག་ལ་སྣལ་མས་བསྡམ། དེ་བ་དང་སྣལ་མ་ཐམས་ཅད་ཧ་ཅང་དམ་མི་ཉན་པས་ཧྲལ་པོར་དཀྲི། སེན་མོའི་མདོག་དམར་ཞིང་ལག་མགོ་ལ་དྲོད་ཕོག་ན་འབྱོར་རྟགས་དང་། དེ་ལས་གོ་ལྡོག་ན་མི་འབྱོར། །
རིམ་གྱིས་འབྱོར་བ་ན་རྩི་དཀར་ཤབ་པས་རང་ཀློད་དུ་འགྲོ། །རྐང་པའང་དེས་འགྲེ། རྟ་ནོར་ཆག་དུས་ཀྱང་རྩི་དཀར་དང་སྦེན་མའི་དེ་བས་ཀྱིས་སྔར་བཞིན་དཀྲི་མཛུབ་མོ་ཆག་ན་ལྕུམ་སྡོང་ཧོ་འབུད་ཀྱིས་དེབ་བཏང་ཞིང་དཀྲི། མཛུམ་མོ་ཆད་ན་གྲི་རྣོན་པོས་བཅད་ནས་མར་ཁུ་བླུགས་ལ་དེ་བས་བྱ། རྒྱུ་མ་ལུ་ག་ན་ཆུ་དྲོད་ཉག་ཙམ་ཡོད་པས་ཁྲག་བཀྲུ། ཚིལ་རྣམས་ཆུ་དྲོན་གྱིས་དྲོད་རྒྱ་བས་ནས་ནང་དུ་བཙུད། གླ་རྩི་དང་དོམ་མཁྲིས་བཏབ། ཞིབ་མོ་མིན་ཙམ་དུ་ལེགས་པར་བཙེམ། ཐེར་ཁུག་གི་ཐད་ནས་ལུག་ན་བཅོས་རྒྱུ་མེད། དཔུང་པ་བུད་ན་མི་གཅིག་གིས་རྒྱབས་ནས་དམ་པར་བཟུང་། ལྷ་རྗེས་ལག་དཔུང་ནས་འཐེན་པས་ཐེམ་སྒྲ་གྲགས་ན་ཚུད་རྟགས་ཡིན་པས་མགུལ་དུ་བཅིངས་ལ་སྤྱོད་ལམ་གཟབ། ལག་པ་བུད་ན་ས་ཁད་སྙོམས་པ་ཞིག་གི་སྟེང་དུ་ཕྱིང་པ་བཏིང་། ལག་པ་ཁ་སྦུབས་དྲང་པོར་བཞག་ནས་རྐང་པས་བརྫིས་པས་ཚུད་འོང་། །རྐང་པ་བུད་ན་གར་བུད་པའི་ས་ནས་སྔ་མ་ལྟར་ཚུར་བསྲངས་ནས་བཙུད། པུས་མོ་བུད་ནའང་བཙུད་ཐབས་སྔར་ལྟར་དང་། ཐམས་ཅད་ལ་རྗེས་གཅོད་རྔབས་རུ་དང་ཆུ་ལུ་མ་སོགས་བྱ། མནེ་བུད་ན་སྣ་ནང་དུ་དུད་རྒན་བཏབ་པས་སྦྲིད་པ་བྱུང་ན་ཚུད་ངེས། ཐུར་སེལ་གྱི་རླུང་ལོག་པ་དང་གྲང་གཞི་སོགས་ཀྱིས་གཞང་ལུག་ན།
འཕང་སྟོད་དང་། ཁོག་སྟོད། འཕང་མཐོ་བར་བསྟོད། ཁོག་སྟོད་སྒུ་ཞིང་དམའ། མར་ཁུ་ཐོན་ཡག་བྱས་པ་དྲོད་ཉག་ཙམ་ཡོད་པས་བཀྲུ། རས་སྣུམ་ཚོས་བྱས་པས་ནང་དུ་བསྡིག །ཕྱིང་པ་སྣུམ་ཚོས་དང་ཆུ་སྲིན་སྡེར་མོ་བཏབ་པ་བླུགས་ནས་བརྫང་། ཁོང་སྨན་སྦྲུལ་ཞགས་བཅུ་གཉིས་དང་བཅོ་བརྒྱད་པ་རྣམས་ཟབ། ཡང་ན་སྦྲུལ་ཞགས་པ། ད་ཏྲིག །མོན་ཆ་ར། སྒ་སྐྱ། དཀར་པོ་ཆིག་ཐུབ་ཆ་མཉམ་ལྔ་སྦྱོར་རམ། སྦྲུལ་ཞགས། མོན་ཆ། སྒ། རམ་བུ་ཆིག་ཐུབ་བཞི་སྦྱོར་མར་ཁུས་ཕུལ། འབའ་ཆ་དང་རུས་རྙིང་སྣུམ་ལྡན་གྱིས་དྲོད་དུག་བྱ། རྗེས་གཅོད་མདོ་རོ་སྲང་ཆེན་དང་། དཔྱི་མིག་གཉིས་སུ་མེ་བཙས་བསྡམ་མོ། །རྨའི་ཁྲག་ཤོང་ཅིས་ཀྱང་མ་ཐུབ་པ་དང་། རྒྱུ་གཟེར་ཁྲག་བཤལ་འབྱམས་པ། སྣ་ཁྲག་ཚབས་ཆེན་སོགས་ལ། སུགྨེལ། །མཚེའི་ཁཎྜའམ་ཐལ་བ། མཚལ། དོམ་མཁྲིས། ཤིང་ཚ་རྣམས་ཀྱིས་ཕྱེ་མཆུ་གྲང་གིས་ཕུལ་བ་ཟབ། ༈སྦྱར་དུག་ལ། ཕྱི་ནང་གསང་རྟགས་རྒྱས་པར་མན་རྒྱུད་ལས་གསུངས་པ་ལྟར་ཤེས་དགོས་པ་ལས་ཕྱོགས་རེས་མི་རྟོགས་ཀྱང་། མདོར་སྡུས་ཕྱི་རྟགས་ནང་སྔ་ན་མ་ལངས་གཏམ་མ་ལབ་ཁ་ཟས་མ་ཟོས་སྐབས་མཆི་ལ་མ་མ་དཀྲོག་པར་རང་ལུགས་དེ་ཆུ་གཙང་ཕོར་གང་དུ་བླུགས་
པས་ཁར་ལྡིང་ན་མིན་ལ་གཏིང་དུ་སོང་ན་ཡིན། ཡང་དཀར་གོང་མེས་བསྲེགས་པའི་སྟེང་མཆིལ་མ་བླུགས་ལ་གྲང་ནས་བཅག་པས་ནས་གང་ཙམ་ནག་པོར་སོང་ན་ཡིན། ནང་རྟགས་རྩ་རྒྱུད་འགྱུར་ལྡོག་མང་ལ་གདོན་རྩ་དང་། ཆུ་མདོག་མ་ངེས་པ་སྣ་ཚོགས་འགྱུར། ཟངས་ལ་བྱུགས་ན་ནག་པོར་འགྲོ་ནད་སྣ་མང་ཞིང་འགྱུར་ལྡོག་ཆུང་། ཟས་ཟོས་ཀྱང་ལུས་སྟོབས་འཆོར། པོ་མཆིན་མི་བདེ། ཆམས་རིམས་མང་དུ་ཕོག །སྙིང་མི་དགའ། དོན་མེད་པར་ན་ཞིང་དོན་མེད་དུ་དྭངས་པ་རྣམས་དུག་རྟགས་ཡིན། གསང་རྟགས་རེ་རལ་བའི་འོ་མར་བཏབ་པ་བཏང་བས་སྐྱུགས་པ་དང་། སྡུད་སྨན་བཏང་བས་འདུས་རྟགས་བྱུང་ན་ངེས་པ་ཡིན། དེ་ལ་ཐོག་མར་སྡུད་སྨན་ཐང་ཆེན་ཉེར་ལྔ། བྱང་ལུགས་སྔོ་ཐང་བཅུ་གསུམ་རིགས་གཉིས། བསེ་རུ་བཞི་ཐང་རྣམས་བཏང་། འདུས་རྟགས་ལུས་ལྕི་ཞིང་སྒྱིད་པ་བསྐྱུར། ཡིག་འགག །ཁ་ལྕེ་སྐམ། པོ་བང་ཚ་རུབ་བྱེད། དེ་ལྟར་མ་བྱུང་བར་སྡུད་སྨན་ནན་བསྐྱེད་ཅིང་སྐབས་སུ་མཐིལ་བཞི་བཀུ་མཉེ་དང་། ཕོ་བར་རུས་དུགས། རྒྱུ་ཞབལ་ལ་བྱེ་མའི་དྲོད་དུགས་བྱ། དངོས་གཞི་རྒྱུད་ཀྱི་ཅོང་ཞི་བསིལ་སྦྱོར་དུག་སྨན་ཁ་ཚར་ཅན། གུར་གུམ་བཅུ་གསུམ་ཁ་ཚར་ཅན། དབང་རིལ་ཉེར་ལྔ། གཡུ་རྙིང་ཉེར་ལྔ།
དཔའ་བོ་བཅུ་གཉིས་ཁ་ཚར་ཅན། བྱེ་རིང་བསེ་རུ་བཞི་སྦྱོར་ལྡེ་སྒྱུར་བཅས་པ། ཁྱད་པར་ཀོ་ཋའི་སྦྱོར་བ་རྣམས་ཀྱིས་གསོད། མ་ཐུབ་ན་ཀོ་ཋའི་ཚིག་སྦྱོང་སོགས་ཀྱིས་དག་པར་བྱས་རྗེས། དུག་འཇོམས་རྨ་བྱའམ། པུ་རི་སྐྲ་ཆིངས་ཀྱི་ལག་ལེན་ལྟར་བཏར་བས་ཕན་ཆེར་འབྱུང་། ལོག་གནོན་རིན་ཆེན་རིལ་བུ། ཁྱད་པར་རིན་ཆེན་ཡང་ཟབ། མང་སྦྱོར་ཆེན་མོ། །དབང་རིལ་རྟ་རིམ་དང་། ཤེལ་དཀར་མཆོད་རྟེན་རྣམས་གཙིག་ཆོག་ཏུ་འགྱུར། རྒྱབ་བརྟེན་གདོན་བཅོས་བྱ། སྔ་དྲོའི་རིགས་ལ་ཁ་ཟས་སྤང་། ཕྱི་དྲོར་ནན་བསྐྱེད་ནས་བཟའ། ཉ་ཕག་གི་ཤ་རུལ་སྐྱུར། བཤུལ་ཆགས་ཤ །སྔོ་ངད་སོགས་སྤང་། བ་ལང་གནའ་དགོའི་ཤ་གསར། ཁུར་མང་འབྲས་དང་ཡོས་ཐུག་ཇ་སོགས་བཏང་། ཟུངས་ངན་ལ་ཆང་གསར་ཤ་ཡིབ་སོགས་ཚོད་སྦྱར་བསྟེན། ནད་འདིས་ཟིན་ནས་ཉལ་པོ་དང་བཞོན་པ་ཞོན་པ། ངལ་དུབ་ཀྱི་ལས། སྨྲ་བརྗོད་མང་པོ། །ཉིན་གཉིད། རླན་གྲང་སོགས་སྤང་དགོས། ནད་འདི་རྒྱུ་དང་བབས་པ་སོགས་མི་འདྲ་བ་ཤིན་ཏུ་མང་བས་བརྟག་དང་བཅོས་ཐབས་ཐམས་ཅད་མན་ངག་རྒྱུད་ཉིད་ལ་དཔང་པོར་བྱ་བ་གལ་ཆེའོ། ༈ཁ་ཟས་མ་འཕྲོད་པ་དང་མ་གོམས་པ་དང་དུས་མིན་ཟོས་པ་སོགས་མེ་དྲོད་ཀྱིས་འཇུ་བར་མ་
ནུས་པར་དྭངས་སྙིགས་འདྲེས་ཏེ་རྩ་མིག་ཏུ་བྱེར་བས་གྱུར་དུག་ཏུ་སོང་། ནད་རྟགས་རླུང་མཁྲིས་སོགས་སྡོང་ཟླ་ལྟར་སྟོན། ཕོ་བ་རྩིབས་ལོག་གནེར། སྒྲེག་ཅིང་སྤོ་ལ་ཟས་འཇུ་དཀའ། རྩ་ཕྲ་ལ་གཏིང་ན་གྲིམས། ཆུ་མདོག་དམར་པོའམ་སྨུག་ལ་ཀུ་ཡ་དུམ་བུར་ཆད། དེ་ལའང་སྦྱར་དུག་ལྟར་སྡུད་གསོད་བཤལ་གསུམ། ཚ་བས་ཆེ་ན་མང་སྦྱོར་བཏང་ཡང་ན་ཐོག་མར་ཕྱི་རྒྱུད་ཀྱི་སེ་འབྲུ་བཞི་པའམ་ད་ལིས་བཞི་པ་བཏང་། དེ་ནས་ཐོ་རངས་སྤོས་དཀར་ཕག་ཁྲག་སྟར་བུ་སྦྱར་བ་དང་། སྲོད་ལ་འོ་མ་ནང་ལན་ཚྭ་བཏབ་པ་ལྟག་སྤྲད་དུ་བཏང་། འདུས་རྟགས་ཁོང་པ་སྙོམ། ལུས་ལྕི་ཞིང་མཆིལ་སྣབས་མང་། ཁ་ཟས་མི་ལེན་པའི་སྐབས། མན་རྒྱུད་ཀྱི་ཝང་བཅོ་ལྔ་དང་། བོང་དཀར་བཅུ་གཅིག་ལྟག་སྤྲད་ཀྱིས་བཏང་ལ་གང་ཉེའི་གནས་ནས་སྐྱུག་བཤལ་གྱིས་སྦྱོང་བའམ། འདུས་རྟགས་བྱུང་འཕྲལ་སྦྱོང་བས་ད་གཅིག་དྲིལ་བྱས་ཀྱང་ཆོག །དུག་ནད་སྤྱི་ལ་དཔའ་བོ་ཉེར་ལྔ། སུ་མི་བཅུ་གསུམ། ཟུར་མཁར་བའི་སེང་གེ་གསུམ་འགྲོ་ལ་ཉུངས་མའི་ཁུ་བས་ཕུལ་བ་དང་། གླང་ཐབས་དང་བསྡོངས་པ་དང་། མ་ཞུ་དུག་ཐབས་བྱུང་བ་རྣམས་གོང་དུ་སོ་སོའི་སྐབས་
སུ་བཤད་པ་ལྟར་བཅོས། །ཁྱད་པར་མ་ཞུ་དུག་ཐབས་ལ་ཟུང་ལུགས་སྐྱ་ཁྲ་སུམ་འགྲོལ་ལམ། མ་ཞུ་བའི་དུག་བྱུང་འཕྲལ་ཐབ་ཀའི་ནང་ས་ཚིག་དམར་པོ་ཕྱེ་མ་བྱས་པ་ཆུ་བསྐོལ་ཚན་མོར་སྦྱངས་པ་ཕོར་པ་དོ་གསུམ་འཐུངས་པས་སྐྱུགས་འོང་ཞིང་། དེ་རྗེས་སྨན་བཏང་དགོས་མིན་ནད་ལ་དཔྱད་པས་ཀྱང་ཆོག ། ཡང་རི་ཀླུང་གི་དྲེག་མའི་རིགས་མང་པོ་ཁཎྜ་རིལ་བུ་ལུག་རིལ་ཙམ་བྱས་པ་ཆུ་བཀོལ་གྱིས་ཕུལ་བས་ཉིན་རེའི་དུག་ཐབས་དང་མཆིན་པའི་དུག་ཚད་ལ་ཤིན་ཏུ་ཟབ། ༈ །ཤ་དུག་སྤྱི་ལ་གསེར་ཞི་ཁ་སྤྲོད། ཞི་དྲུག་ལ་བྱེའུ་ལ་ཕུག་ཁ་ཚར་ བྱས་པའམ། ཞི་དྲུག་རྐྱང་པ་གང ་ཡང་འོམ་བུའི་ལོ་མའི་ཐང་གིས་ཕུལ་བ། དཔའ་བོ་ཉེར་ལྔ། ཟླ་ཤེལ། ཟུར་ལུགས་གླང་ཆེན་སུམ་འགྲོལ། འོམ་བུའི་ཆིག་ཐང་ཁོ་ནས་ཕན་ཅིང་། ཤ་དུག་ཡོད་པར་དོགས་པ་ལ་ཤ་བཙོ་སྐབས་འོམ་ཤིང་མཉམ་དུ་བཙོས་ནའང་ཕན་ཟེར། ༈ །ཤ་དུག་གྲེ་འགག་འཕྲལ་དུ་མ་བཅོས་ན་ཚབས་ཆེ་བས། དཔའ་བོ་ཉེར་ལྔ། ཞི་དྲུག་དང་བྱེའུ་ལ་ཕུད་སྐོང་ཐོག་པ་འོམ་བུ་རེ་རལ་བཅས་པུཥྤ་བཞི་སྦྱོར་བསྡེབས་པ། རྒྱ་ཚྭ་བཅུ་གཅིག །ཐང་ཆེན་ཉེར་ལྔ། འོམ་ཐང་བཅས་ཟབ་ཅིང་རྒྱུན་རིང་ན་མང་སྦྱོར་བཏང་། ཡང་ཤ་དུག་དངོས་མིན་པའི་ཤ་
ནད་ཅེས་འཁྲུ་སྐྱུགས་བྱེད་པ་སོགས་ནད་རྟགས་སྣ་ཚོགས་ཅན་ཡོད་པ་དེ་ལའང་ཞི་དྲུག་འོམ་ཐང་གིས་ཕུལ་བ་དང་། རྨ་བྱའི་མདོངས་བདུན་ཏུ་གྲགས་པའི་ཐང་སོགས་ཀྱིས་ཕན། ཡང་། ཨ་རུ། བོང་དཀར། འོམ་བུ། རེ་རེ་ལ། བྱེའུ་ལ་ཕུག་རྣམས་ལོ་བརྒྱད་དྲི་ཆུས་ལྕགས་སྣོད་དུ་བཙོས་པའི་ཁུ་བ་གྲང་མོ་མང་དུ་བཏང་། དེ་རྗེས་ཐང་དེ་ལ་དུར་བྱིད། དན་རོག །ཐར་ནུ། ཁྲོན་བུ། སྔོན་བུ་རྣམས་ཐུན་ལོག་བཏབ་ནས་རས་ཐུམ་བྱས་ཏེ་བཙོས་པའི་ཁུ་བས་བཤལ་བཏང་ན་ཤ་ནད་དང་ཤ་དུག་གི་རིགས་ཐམས་ཅད་ལ་ཕན་ནོ། ༈ །དཀར་དུག་གི་རིགས་གང་ལའང་དཀར་པོ་དྲུག་སྦྱོར་ཁོ་ནས་ཆོག་ཅིང་། དེ་སྟེང་གོ་ཐལ་བསྡེབས་ནས་ལྕུམ་རྩ་བུངས་བསྐྱེད་བཏང་བ་ཆུར་ཁུས་ཕུལ་བ་ཟབ། ༈ །དངུལ་ཆུའི་དུག་ལ། པི་ལིང་། ཕོ་རིས། ཅོང་ཞི། མཚུར་ནག །བུལ་ཏོག །སྟར་བུ་རྣམས་སྦྱར་བའི་གཉེན་པོ་དྲུག་སྦྱོར་ཟབ། ས་མུ་དྲ་ཕ་ལ་ཁར་བཟུང་བས་དངུལ་དུག་ཐུབ། རྐན་སྐྲངས་ཤིང་ཆད་པ་ལ། ཨ་རུ་ར། སྟོད་ཇ། དུ་བ་རལ་པ་ཅན་གསུམ་གྱི་རིལ་བུ་ཉིན་རོ་གཉིས་རེ་ཁར་བཟུང་ཞིང་མཆིལ་མ་ཕྱིར་ཕོས་པས་ཕན། ༈ །བཙན་དུག་ཚབས་ཆུང་བ་ལ་པི་པི་ལིང་གི་ཐང་ཡང་ཡང་བླུད་པ་དང་། ཤོ་མོའི་རྩ་བ་དང་ཡོས་ཚིག་སྦྱར་བའི་ཐང་ངམ། རྟ་སྦོང་
གི་ཁུ་བ་བཙིར་བའི་ནང་དུ་བུལ་ཏོག་མང་ཙམ་བཏབ་པ་དྲོ་འཇམ་བྱས་པ་ཕོར་པ་དོ་གསུམ་བཏང་བས་སྐྱུགས་པ་འོང་ཞིང་དེས་ཀྱང་ཕན། ཚབས་ཆེ་བ་ལ་ལན་ཚྭ་བཟང་པོ་ཁྱོར་གསུམ་བྲག་སྐྱ་ཧ་བོ་ཐུན་ལོག་བཏབ་པའི་ཕྱེ་མ་ཆང་གར་མ་ལ་སྦྱར་ནས་སོ་བར་དུ་བླུགས་ཏེ་ཕྱར་བའི་ནང་དུ་བཞག་ཟུར་བཞི་ནས་བཏེགས་ལ་སར་བརྡེག་པ་ཁ་ཤས་མཐར། ཀོ་གྲུ་བར་སྣང་ལ་ཐག་པས་དཔྱངས་པའི་ནང་ན་ནད་པ་བཞག་ནས་བསྒྲིམས་ཏེ་དྲག་ཏུ་བསྐོར་བས་སྐྱུག །དབུགས་ལོན་ནས་སྦྱོང་སྨན་བཏང་། བཙན་དུག་ཚབས་ཆེན་ལ་ཐོག་མ་ནས་ཨ་རུར་སོགས་གཉེན་པོ་བཏང་ན་དུག་ཚད་ཕོབ་ནས་སྲོག་རྩར་དེད་དེ་བཅོས་སུ་མེད་པས་གོང་སྨོས་ལྟར་བྱ་བ་གལ་ཆེ། །ཡང་རྒྱ་ཚྭ་བཅུ་གཅིག་པའི་ཐང་གིས་མན་ངག་བསིལ་སྦྱོར་ཕུལ་ན་ཟབ། བཙན་དུག་ཚབས་ཆུང་ལ། ཨ་རུ་ར་རྒྱ་གར་གྱི་བོད་ད་དཀར་དམར། གླ་རྩི། ལོ་བརྒྱད་དྲི་ཆུ་རྣམས་རེ་རེས་ཀྱང་ཐུབ་བོ། ༈ །དབྱར་དུས་རྟ་ངང་པའི་སྤུ་ཁོང་དུ་སོང་བའི་སྟེང་ཆང་སྐྱུར་འཐུང་། ལུས་འཁྲུགས་པས་རྟ་སྤུ་འབུར་གྱུར་ནས་གྲ་བ་ཕོ་བ་སོགས་གང་གནས་ནས་ཟ་ཞིང་སྐྲངས། རྨ་ཡོད་པར་སེམས་ཤིང་ཟུག་ཆེ་བ་ལ་འབྲུ་མར་དང་ཚིལ་དང་ཕག་ཚིལ་གང་རུང་ཟོས་པས་འཇོམས། ༈ །ཁྱི་སྨྱོན་གྱིས་ཟིན་འཕྲལ་རྨ་ཁར་རྡབས་རུ་བཙུགས་
ནས་ཁྲག་དྲང་། རྨ་ལས་སོར་བཞིའི་གོང་དུ་རས་འཇག་བསྡམ། ཞག་ལོན་ནས་རྨ་ལྕགས་ཏེལ་གྱིས་བསྲེག །རྨ་ནང་དུ་རྒྱ་ཚྭ་སྐྱེར་ཤུན་དུད་རྒན་རྣམས་བཙོད་ཁུས་བྱུག །ཡུང་སྐྱེར་བོང་ང་གླ་རྩི་རྣམས་མར་གྱིས་བྱུགས་ཤིང་སྟེང་དུ་རྟ་སྤངས་ཞོ་སྦྱར་རས་ཀྱིས་དཀྲི། ཁྱི་དུག་ལྡང་བ་དང་མི་ལྡང་བ་གཉིས་ཀྱི་སྨན་དཔྱད་གང་འོས་མན་ངག་རྒྱུད་ལྟར་ལ། ཁོང་སྨན་སྤྱིར་ཟུར་ལུགས་གཟིག་ཆེན་སུམ་འགྲོལ་གུ་གུལ་ཐང་གིས་ཕུལ་བ་ཟབ། ༈ །སྦྲུལ་གྱིས་ཟིན་པའི་དུག་ལ་རྨ་ཁར་འཕྲལ་དུ་རྔབས་རྭ་བཙུགས་ནས་ཁྲག་དྲང་། རྨ་ཆས་དང་བྱུག་པ་ཁྱི་སྨྱོན་སྐབས་ལྟར་བྱ། དུག་འདི་ཁྲག་ལ་གནས་པས་གང་དང་ཉེ་བའི་རྩ་ལ་གཏར་ཁ་བྱ། གུ་གུལ། དུད་རྒན། ཨ་ཤྭ་གནྡྷ། རྒྱ་སྣེ་རྣམས་པ་ཆུས་རིལ་བུ་དྲིལ་བ་གུ་གུལ་བཞི་པ་སྟེ་བ་ཆུས་ཕུལ། རྒྱ་སྤོས། སེང་ཕྲོམ། ཤུ་དག །ཧོར་ལེན། གོ་ཡུ། སུགྨེལ། གུར་གུམ་རྣམས་ཞུན་མར་དང་སྦྱར་བའམ། རྒྱ་སྤོས། ན་ལེ་ཤམ། སུགྨེལ། རུ་རྟ། ཤིང་མངར་སྦྱར་བའི་རྒྱ་སྤོས་ལྔ་པ་ཞུན་མར་གྱིས་ཕུལ་བ་སྟེ་བཞི་པ་དང་ལྔ་པ་གཉིས་ཀ་ཁྱི་སྦྲུལ་སྲིན་བུའི་དུག་རིགས་འཇོམས་པ་ལ་བསྔགས་སོ། ༈ །རེག་དུག་གི་ནད་ལ། ཐོག་མར་བརྟག་ཐབས་ནི། རྩ་ཕྲ་ཞིང་གཏིང་ན་བྱིང་། དྲག་དལ་ངེས་མེད་དུ་འབར་
ཞིང་སྐབས་སུ་སྡོད། ཆུ་མདོག་ལྗང་ལ་ལྦུ་བ་གཡུང་། མར་ནག་ཐིགས་གཅིག་བླུགས་པས་སེར་པོའམ་ཁྲག་མདོག་ཏུ་འགྱུར། ཡང་ན་ལྦུ་བ་འཐོར་འགྲོ། །ནད་ཕོག་མ་ཐག་ནས་ཆམ་པ་འདེབས། ལུས་ལྕི། སྒྱིད་པ་བསྐྱུར། མཁལ་རྐེད་གཟེར་ཞིང་ཆུ་སོ་ཟབ། དེ་ལ་བྱང་ལུགས་མིང་ཅན་ནག་པོ་འཕྲུལ་མེད་ཀྱི་ཐང་བཏང་བས་རང་གི་མངོན་ཚུལ་འབྱུང་། ནད་པས་རྒྱུ་རྐྱེན་མ་ཤེས་པའམ་ངོ་ཚས་མི་བཤད། སྨན་པ་ཉམས་མེད་ཀྱིས་ནད་ངོས་མ་ཟིན་པར་སྨན་གང་བྱུང་བཏང་བས་བཅོས་སུ་མེད་པའམ། ཡུན་རིང་མནར་བའི་གཅོང་ནད་ཆེན་པོར་འགྱུར་བས་ཐེ་ཚོམས་དོགས་གཞི་ཡོད་རིགས་ལ་རྟོག་དཔྱོད་ཤིན་ཏུ་ཞིབ་མོ་གལ་ཆེ། གསང་རྟགས་མིག་སྔོ་ཞིང་མིག་སྤྲིན་དམར་པོ་འབྱུང་། ཆང་། ལུག་ཤ །མངར་རིགས་དང་ཤིང་ཏོག་རིག །ཁྲག་ཚྭ་རྣམས་འཛེམ། སྨན་བཟི་ཡོད་གཏན་ནས་འགྲོ་མི་རུང་། ནད་ཕོག་སྐབས་རི་བོང་ཤ་དང་། ཀུ་ཤུ་རློན་པ་ཁར་སོང་ན་རྗེས་ནས་སྨན་བཅོས་རྡུག་པས་སྤང་། ཐོག་མར་སྨན་གང་ཡང་ཁར་མ་སོང་སྐབས་ར་ཁྲག་བཅོ་ལྔའམ་ལྔ་པས་ཀྱང་ཐུབ་ཅིང་། གུར་གུམ་བཅུ་གསུམ་ཁ་ཚར་ཅན། བ་རུ་བཞི་སྦྱོར་རྣམས་ཀྱང་འཕྲོད། ཟི་ལིང་ཤིང་ཏོག་ཆི་པ་ཁའམ་དམར་རིལ་དཀར་ཡོལ་སོགས་
ཀྱི་འོག་ཏུ་ནུས་བསྲེགས་བྱས་པའི་དུད་པས་ཀྱང་ཐུབ་པའི་གསུང་རྒྱུན་འདུག །འོན་ཀྱང་བཅོས་ཚུལ་ཟབ་ཁྱད་ཅན་ལག་བླངས་མ་ནི། ཐོག་མར་ཐང་ཆེན་ཉེར་ལྔའམ། བྱང་ལུགས་མིང་ཅན་ནག་པོའི་གཅིག་ཐང་ལན་ཁ་ཡར་བཏང་རྗེས། རྒྱའི་སྲེག་སྨན་རིལ་བུ་གསུམ་རེ་ཐོ་རངས་སྔ་བར་ཇ་ཐང་གར་སླ་སྙོམ་པ་བྱ་སྒོང་ང་ཙམ་ལོང་ལོང་ཁོལ་བ་དེས་ཕུལ། ཡང་ན་ཆུ་བསྐོལ་གྱིས་ཕུལ་ཡང་རུང་། རིལ་བུ་རྣམས་འཇང་གི་སྨན་ཤོག་ལྟ་བུས་དམ་པར་དྲིལ་ནས་ཁ་ལ་མི་རེག་པར་བྱས་ལ་ཇུར་མིད་དགོས། འཇུ་ཚོད་ལ་སྐྱུགས་གྲབ་བྱེད་ན་མགོ་ལ་ཆུ་ལྕག་དང་། རྐེ་ལྟོང་རྡོ་འཁྱག་གཏུགས་པ་དང་། སྣ་སྒོར་སྤོས་དྲི་ཞིམ་པོ་མནམ་པ་སོགས་སྐྱུགས་ནོན་གང་དྲག་བྱེད། བཤལ་སོང་ན་ཕན་ཆེ། བཤལ་གྲབ་ཀྱིས་རྒྱུ་མ་གཟེར་ཆེ་ན་ཆང་ཧུབ་དོ་གསུམ་འཐུང་བས་གཟེར་ཆག་ནས་བཤལ་འོང་། མ་གཟེར་ན་ཆང་མི་བཏང་། སྨན་བཏང་བའི་དགོངས་མོ་ནས་སོ་བར་ཤིང་བུས་བཀར་ནས་གཉིད་ཞབས་མཆིལ་རླངས་རྒྱབ་ཏུ་འགྲོ་བར་བྱེད་པར་གསུངས་ཀྱང་དེང་སོང་སྨན་ཞུ་ཚོད་ཙམ་ལ་སོ་ཤིང་བཞག་ནས་ཇ་སྦྱོར་གཉིས་གསུམ་ཙམ་གྱི་མཚམས་སུ་མི་དགོས་པ་བྱེད་འདུག། ཞོག་པ་དང་ཉིན་མོ་སོགས་སུ་ཇ་ཐང་གོ་ཡུ་ཁྱི་ལ་ཝ་རི་བསྐོལ་གྲང་གིས་མཁུར་བཀང་བཅངས་
པས་ཁ་ལ་རྨ་མི་འབྱུང་ཞིང་སོ་རྩ་བརྟན། དེ་བྱས་ཀྱང་རྙེལ་སྐྲངས་ཆེ་ན། གསེར་མདོག་ཁྱི་ཝར་སྟར་བུ་རྣམས་ཕོན་ཆེ་བ། བིག་པན་ཨ་རུའི་བཞི་ཆ། གླ་རྩི་དྲི་ཐོན་བཅས་ཀྱིས་རྒྱུན་ཏུ་མཁུར་བཀང་བྱ། ཁ་ནང་རྨ་བྱུང་ན་བིག་པན་ལ་ལྡོང་རོས་མདོག་འགྱུར་བསྲེས་པ་སྐམ་འདེབས་བྱེད། ན་ཚས་མ་བཏུབ་ན་ཆུ་ལ་སྦྱངས་ནས་མཁུར་བཀང་བྱེད། སྲེག་སྨན་སྙིགས་མའི་སྟེང་ཁྱི་ཝར་གོ་ཡུ་དང་ཤ་རུ་ནུས་སྲེགས་སོ་སོར་ཆ་གཉིས། བིག་པན་ཆ་གཅིག །གླ་རྩི་དྲི་ཐོན་བཅས་རློན་བྱུག་དང་སྐམ་འདེབས་གང་འོས་བྱ། ཉི་མར་ནན་གྱིས་སྐམ་ན་ཕན་ཆེ། ཡང་བྱུག་པ་ལུགས་གཅིག་ལ་སྲེག་སྨན་སྙིགས་མ་དཀར་པོ་གཞིར་བྱ། དེ་སྟེང་གོ་ཡུ། སྙིང་ཞོ་ཤ །བ་རུ་ར། ཆི་བ་ཁའམ་དམར་རིལ་རུས་པ། སྟག་ཤ །ཡུ་གུ་ཤིང་། སྣ་དུད་ཤིང་། བསམ་དཀར། ལུག་མུར་རྣམས་ནུས་བསྲེགས། དུང་ཧར་སྲེག །ནཱི་ལ་ཐོ་ཋ། ཡུང་བ། ཆུ་རྩ། ལུག་མུར་རྣམས་མ་བསྲེགས་པ་བཅས་ཞིབ་ཏུ་བཏག །ཞོ་ལ་བཏབ་ནས་ཟངས་སྣོད་དུ་སྦྱར་ལ་བྱུག །མིག་ནད་ཡ་སྲེག་སྨན་གྱི་དུད་པ་སེར་པོ་ཆགས་པ་དང་ཁ་ཆེ་གུར་གུམ་སྦྱར་བ་བྱུག །གཞན་ཡང་ཁོང་སྨན་ར་ཁྲག་བཅོ་ལྔ་དང་བཅུ་གསུམ་སོགས་སྤེལ་ནའང་ལེགས། རླུང་ཤས་ཆེ་ན་ཨ་གར་བཅོ་ལྔ་དང་སོ་
ལྔ། ཆུ་སེར་ཤས་ཆེ་ཞིང་ཟ་འཕྲུག་བྱུང་ན་སྤོས་དཀར་བཅུ་པ་དང་། སེ་འབྲུ་བརྒྱད་པ་སོགས་བཏང་། སྨན་བཏང་བའི་ཞག་བདུན་ཕྱིན་ཆད་ཚྭ་དང་ལུག་ཤ་མ་འདྲེས་པའི་འབྲི་གཡག་གི་ཤ་ཟ་གང་ཐུབ་དང་། ནད་གཞི་ཅན་ལ་མ་གནོད་ན་ར་ཤའང་བཏང་བས་ཕན། ཇའང་སྨན་གཏའ་བྱས་སྟབས་འཛེམ་མི་དགོས། སྨན་བཏང་ནས་ཞག་གཉིས་གསུམ་སོང་སྐབས། ཟུངས་ངན་ཞག་གཅིག་གཉིས་སྨན་མི་བཏང་བར་ངལ་གསོ། །དེ་ནས་ཟུངས་བསྟུན་བཏང་། ནད་གསར་པའི་སྐབས་སྨན་དངོས་ཐུན་ལྔའམ་གསུམ། ཕལ་ཆེར་བདུན་ལས་བཏང་མི་དགོས་པ་མྱོང་གྲུབ་ཡིན། ཞག་བཅུ་གཉིས་ནས་ཚྭ་ཕྱེད་ཚྭ། ཞག་ཉེར་གཅིག་ནས་ལུག་ཤ་མ་གཏོགས་པ་འཛེམ་མི་དགོས། ཟུངས་ངན་དོང་ག་མི་བདེ་བའི་རིགས་ལ་ཆར་ཅུང་ཟད་གཏོང་ཆོག །རྗེས་སུ་ལོང་རྩ་དང་རུ་ཐུང་གང་འོས་ལན་གཉིས་ཙམ་གཏར། རྐེད་པ་དང་རྐང་པ་ན་བ་ལ་བྱིན་གཞུག་དང་གདོང་རྩ་གང་འོས་གཏར་ནས་ཆུ་ཚན་བསྟེན་པས་ཕྱིས་མི་འཕར་བའི་གནད་ཟབ། གཏར་ག་མ་བྱས་པར་ཆུ་ཚན་རྐྱང་པས་རྗེས་མི་ཆོད། ལུས་ཟུངས་གསོ་བའི་སྨན་མར་སོགས་ཀྱང་བྱ། དྲག་ཤུལ་གྱི་ལས། རྟ་སོགས་ཞོན་པ། ཉིན་གཉིད། ཉལ་བོ་སོགས་སློང་རྐྱེན་རྣམས་ལོ་དུས་
སམ་ཟླ་བ་དྲུག་གི་བར་དུ་སྤང་། ཟས་ཁ་ཚ་རུལ་སྐྱུར་སྔོ་རྔད་ལ་ཕུག་སོགས་དང་། ཤིང་ཏོག །མངར་རིགས་རྣམས་ཀྱིས་གནོད་པས་འཛེམ། སྤྱིར་ནད་འདི་དཔྱིད་ཁམ་ཕུའི་མེ་ཏོག་རྒྱས་པ་དང་། སྟོན་དུས་བཅས་ལྡང་བའི་དུས་ཡིན་པས་ནད་གཞི་ཡོད་ན་དུས་དེར་ལྷག་པར་གཟབ། ཡང་འདིའི་ནད་རོ་ལུས་པས་མཐིལ་བཞར་ཟ་འཕྲུག་གླང་གཉའ་ལྟ་བུར་གྱུར་པ་ས་གང་ཉེ་གང་རྒྱས་ཀྱི་རྩལ་ཡང་ཡང་གཏར། རྨ་རོ་གྲི་རྣོན་པོས་བཞར་ནས་ཁྲག་འབྱུང་བ་བྱས་ལ། ཨ་རུ་རྡོག་གཉིས། གོ་ཡུ་གཉིས་ནུས་བསྲེགས་ཐལ་བ། སྟར་ཁན་སྟར་ག་ཙམ །མནུ་ཁྲག་ཅན་གཅིག་མེ་མུར་དུ་ཚོས་ཙམ་བསྲེགས་པ། སྤོས་དཀར། གླ་རྩི་ཐུན་གཅིག །སྟོད་ཇ་དང་ནཱི་ལ་ཐོཋ་གཉིས་སྟར་ག་ཙམ་རེ། ཕོ་རིལ་བཅུ་གཅིག་རྣམས་ཕྱེ་མར་འཐག་པ་ལྕགས་སྣོད་དུ་འདམ་འཐགས་བྱས་བས་སྔོ་ནག་ཏུ་སོང་བའི་ཕྱེ་མ་དེ་ལན་ཁ་ཤས་སྐམ་འདེབས་བྱས་ན་སྔ་མའི་ཤ་རོ་ཆོད་ནས་ཤའུ་གསར་པ་འབྱུང་བས་ཟབ། ཡང་ལུགས་གཅིག་ལ། གོ་ཡུ་དང་། མནུ་ཁྲག་ཅན་མེར་བསྲེགས་ཐལ། ལ་ལ་ཕུད། སེང་ལྡེང་ཁཎྜ། ནཱི་ལ་ཐོཋ་རྣམས་སྦྱར་བའི་བྱུག་བས་ཀྱང་ཕན་པར་བཤད། རེག་དུ་གལ་སྨན་མ་བཏང་བའི་སྐབས་འགོས་རྒྱུ་མེད། སྨན་བཏང་ཟིན་ནས་ཁ་རླངས་
གོས་སྟན་གྱི་དྲི་དང་དྲོད་སོགས་ཞག་གསུམ་མམ་བདུན་བར་ཤིན་ཏུ་འཛེམ་པ་གལ་ཆེ། སྨན་བཏང་ཚར་ནས་ནད་འགོ་སླ་བ་ཡིན་ནོ། ༈ །དེ་ནས་ཞར་བྱུང་དུ་ཤེས་པར་བྱ་བ། རྟ་རྣམས་ལ་འབྲི་གུང་པའི་ཡོ་མ་ཁྱུ་འཚོ་རུ་གྲགས་པའི་སྲུང་སྨན་བཏང་རྒྱུ་བྱུང་ན་གནད་ཟབ་སྟེ། དེ་ནི་འདི་ལྟར། བཟང་དྲུག་ཨུཏྤལ་ག་བུར་མ་གི་ཏ། །རྟ་བོན་མི་དང་བྱ་རྒོད་ཏེ་ལོའི་ཤ། གི་ཝཾ་ཤིང་ཀུན་མུ་ཟི་སེར་ནག་གཉིས། །བོང་ནག་སྟག་ཤ་གུ་གུལ་དཀར་ནག་གི། །ཕྱེ་མ་ཐུན་ཚད་རེ་ལ་དགུར་བགོས་ཏེ། ཕོ་གཡས་མོ་གཡོན་སྣ་བུག་དག་ཏུ་བཏང་། གུ་གུལ་དཀར་ནག་བོང་ནག་ཏེ་ལོའི་ཤ །གླ་རྩི་བྱ་རྒོད་ཤ་རྣམས་ཞིབ་པར་བཏགས། །སྤྲ་ཚིལ་རིལ་བུར་དྲིལ་བ་སྲན་མ་ཙམ། མེར་བསྲེགས་དུད་བ་སྣ་ལ་བདུག་པ་ཡིས། །རྟ་ནད་རིགས་ཀུན་སྲུང་བ་ཐེ་ཚོམས་མེད། །རྟ་ནད་སྤྱི་ལ་སེར་མོ་མང་འཇོམས་ཟབ། ༈རྟ་ངོ་མཚུལ་ནག །ཉལ་ལངས་བྱེད། ཁོང་སྦོ། །རོ་སྨད་འཁུམ་ཞིང་འདར། མིག་ཟླུམ་པོར་གྱུར་པའི་ཁོང་སྲིན་ནད་ལ་རྟ་བོང་སྲོག་གི་ཆད་མཐུད་དུ་གྲགས་པ། གླ་རྩི། ཐང་ཕྲོམ། དྭ་བ། བུལ་ཏོག །རྒྱ་ཚྭ་རྣམས་ཆུ་ར་སྦྱར་བཏང་བས་ཕན། སྦོ་བ་མང་ན་དེ་སྟེང་བོང་དམར་བསྡེབ། གླང་ཐབས་ན་བ་ལ། བྱང་ཁྲ། རྒྱ་ཆ། བསེ་སྦུར་གསུམ་སྦྱོར་བཏང་བས་ཕན། རྟའི་དུག་སྨན་
སྤྱིར་ཚྭ་རིལ་བུ་ཁ་ཚར་ཅན་ཟབ། དེའི་ལག་ལེན་ནི། བྱང་ཚྭ་ཆ་གཉིས། ཐར་ནུ་ཆ་གཅིག་བྱས་ལ་ཐར་ནུ་བ་ཆུར་བཙོས་པའི་ཁུ་བའི་ནང་དུ་དཀར་པོ་གཅིག་ཐུབ་རྡོག་གཅིག་གི་ཕྱེ་མ་འདེབས། བྱང་ཚ་བརྔོས་པ་ལ་ཆང་ངམ་ཨ་རག་གི་ཁ་ཕྲུ་བཏབ་པ་བཏགས་ནས་རིལ་བུར་དྲིལ། དྲིལ་དམར་ཉེར་ལྔ་ཤེལ་ཕྲེང་ནང་ཡོད་པའི་དཔའ་བོ་ཉེར་ལྔ་དེ་ཟབ། རྟ་ཕྱུགས་སེམས་ཅན་རིགས་སྦོས་པ་ལ་རྔ་སྙིང་སྲེག །སྒལ་རོ་སོགས་རྨ་རྒན་རྣམས་ལེགས་པར་བཀྲུས་ལ། མཁར་སྒོང་སྲིན་ཅན། སྟག་ཤ །ལྡོང་རོས། དོམ་མཁྲིས། ད་ཆུ་སྟེ་མཚལ། ཡུ་གུ་ཤིར། ཁུར་མང་། ཆུ་རྩ། ཡུང་བ་རྣམས་ཀྱི་ཕྱེ་མ་བཏབ་པས་སོས། རྟའི་གཅིན་འགགས་ཤིང་ཆུ་ལམ་རྒྱས་པ་ལ་ཁྱུར་ལྔ་ཟབ། རྟ་ཕྱུགས་ལ་གཉན་ནད་སྐྲངས་པ་སོགས་བྱུང་བ་ལ་མཉམ་སྦྱོར་ཁྱུང་རྒོད་དྲག་པོ་བཏང་། རྟ་སྨན་ཚ་རིལ་མ་འཛོམ་སྐབས་དུག་ནད་ཚབས་ཆུང་ལ་ཞི་དྲུག་དང་། བཅོ་ལྔ་དྲག་སྦྱོར་བསྲེས་པ་ཐུན་ཆེ་ན་བཏས་པ་དང་། ཚ་བས་ཆེན་ལ་ཁྱུང་ལྔ་ཞི་དྲུག་བསྡེབས་པ་བཏང་བས་ཀྱང་ཕན། རྟ་དྲེལ་རྔོ་ནད་རིགས་ལ་རྒྱ་ཚི་དུག་ལོའི་ཕྱེ་མ་མར་རྙིང་དང་སྦྱར་ནས་བྱུག་པ་ཟབ་ཀྱང་ཆུ་བས་པས་
པགས་པགས་དོགས་ཡོད། འོལ་མོ་སེའི་འབྲུ་ནུས་སྲེག་བྱས་པའི་ཐལ་བ་མར་རྙིང་ལ་སྦྱར་བ་བྱུག་པས་རྟ་དྲེལ་བོང་བུ་ཀུན་གྱི་རྔོ་ནད་ལ་ཟབ། ཡང་དུག་སྲད་མེ་ཏོག་དམར་སེར་གཉིས་ཀའི་ཕྱེ་མ་མར་རྙིང་ལ་སྦྱར་བ་བྱུགས་པས་ཀྱང་ཕྱུགས་ཀྱི་རྔོ་ག་ནུ་གཉིས་ཀ་ཕན། རྟ་ལ་གདོན་ནད་ཀྱིས་མིག་རྭ་བབས་ན་ཉལ་ལངས་བྱེད། མིག་ཟླུམ་ཞིང་མཆི་མ་བབས། མགོ་ལག་པ་སོགས་ལ་སྤྲུགས་ཤིང་སྨད། མིག་ལ་བལྟས་པས་མིག་ལྤགས་ལ་རྭ་ལྟ་བུ་ཡོད་པ་དེ། བྱུང་འཕྲལ་ཡིན་ན་སྣ་ཐ་རུལ་མ་སྨྱུག་གམ་སག་སྦུབས་ལྟ་བུར་གཞུག་ལ་རྭ་ཐོག་ཏུ་ཕུས་དེད་ནའང་ཕན། མིག་གི་རྭ་དེ་ཁབ་སྦམ་ལ་རྟ་རྔའི་སྐུད་པ་བརྒྱུས་པས་ཕུག་ནས་ཚུར་འཐེན། པགས་པ་གཙག་བུ་ལྟ་བུས་གཤག །ཚིལ་གྱི་མཚམས་ནས་བཅད། རྭ་ཁྲུམ་དེ་རྟ་རྐུབ་ནས་ཡར་བརྫངས་པས་རྗེས་སུ་མི་འཕར། བཏོན་ཤུལ་དུ་སྣ་དུད་བླུག །སྣ་ལའང་སྣ་རུ་འབྱུང་བ་དེ་ལྟར་བྱས་པས་ཐུབ། རྟ་ནད་ལ་གར་སོགས་ཀྱང་མ་རྒས་གོང་དུ་ཁྱུང་ནོད་ཡང་ཡང་བླུད་པས་ཐུབ། འདིར་རྒྱུན་མཁོ་ཕྲན་བུ་ཙམ་ཡིན། སྤྱིར་རྟ་ལ་ནད་རིགས་སུམ་ཅུ་སྐོར་དང་གཏར་མེའི་སྲང་སོགས་རྟ་བཅོས་རྒྱས་པ་ཟུར་རུ་ཤེས་དགོས་ཤིང་མི་དང་ཕལ་ཆེར་འདྲ་བས་སྨན་སོགས་རིགས་པས་དཔྱད་གསུངས། ༈ནོར་གྱི་གློ་ནད་ལ། འབྲས་གསུམ་བསྣན་པའི་
ག་བུར་ཉེར་ལྔའི་སྟེང་། སྲོ་ལོ། །སྤང་རྒྱན། ཨ་ཀྲོང་། ཤུ་དག །གླ་རྩི་རྣམས་བསྣན་པ་འདི་རང་ལེགས། སྐྱ་རྩིལ་ནག་པོ་དགུ་སྦྱོར་ཚང་བར་བྱ། དམར་རྩི་སོགས་བྱེད་ཐབས་འཆི་མེད་ནོར་ཕྲེང་ལྟར་ལས་སྨོས་མ་དགོས། ཆུ་དུག་ན་བ་ལ། ཆུ་སྲིན་སྡེར་མོ། ཁ་ཏའི་ཤ །ཉ་ཤ །ཤུ་དག །ཆུ་མ་རྩི་རྣམས་ཆང་དང་སྦྱར་ནས་བཏང་བས་ཕན། ར་ཕོའི་ཁྲག་བླུད་ན་གཅིག་ཆོག་ཏུ་བཤད། རྐང་ལག་སོགས་ཆག་ན་སྤྱི་བཞུར་ཁུབ་བླུད། ༈ །ཚེ་སྲིང་ཞིང་རྒས་པ་གསོ་བ་སོགས་ལ་སྤྱིར་བཤད་རྒྱུད་ནས་གསུངས་པའི་རྒྱུན་སྤྱོད་དུས་སྤྱོད་གནས་སྐབས་སྤྱོད་པ་རྣམས་ཚུལ་བཞིན་བསྟེན་པ་གལ་ཆེ། མན་ངག་རྒྱུད་ལས་གསུངས་པའི་རྩི་བཞི་དྭངས་མ་ལྔའི་བཅུད་ལེན། འབའ་སམ་སྨན་མར་དཀྱུས་མཐུན་ནམ། ཁྱད་པར་ཕན་བདེ་འབུམ་ཕྲག་སོགས་ལས་བཤད་པ་ཅོང་ཞི་བྲག་ཞུན་གཙོ་བོར་བྱས་པའི་སྨན་མར་སོགས་ཟབ། སྐྱེར་ཁ་་ཚད་ལྡན་ཞག་བདུན་རེ་བཞིན་མིག་ལ་བྱུགས་པས་མིག་གི་བཅུད་ལེན་དང་། ནང་རེ་བཞིན་ཆུ་གྲང་མོས་ཁ་དང་སོ་རྩ་དག་པར་བཀྲུ་བ་ཁོ་ནའམ། དེ་སྟེང་མཛེས་བྱེད་སོ་རྩི་བསྐུས་ན་སོ་བརྟན་བའི་བཅུད་ལེན་ཏུ་འགྱུར་བ་དང་། དབྱངས་ཅན་རིལ་བུ་རྒྱུན་ཏུའམ་སྐབས་སུ་བསྟེན་ན་བློ་གྲོས་འཕེལ་བའི་བཅུད་ལེན་ཏུ་འགྱུར་བ་དང་། རིན་
པོ་ཆེ་ཁྱད་འཕགས་རྣམས་དང་དེའི་སྦྱོར་བ་སྤྱི་དང་། ཁྱད་པར་རིན་ཆེན་རིལ་ནག་ཆེན་མོ་མགུལ་དུ་འཆང་བ་དང་ཁོང་དུ་བསྟེན་པ་རྣམས་ཀྱིས་ནད་གདོན་སྲུང་ཞིང་ཞི་བའི་མཆོག་ཏུ་འགྱུར་ཞིང་། དངུལ་ཆུ་གྲང་འདུལ་ལ་ཁ་སྒྱུར་གྱི་སྦྱོར་བའི་རིགས་རྣམས་ཚུལ་བཞིན་བྱུང་ན་ཤིན་ཏུ་མཆོག་གོ། ༈ །རོ་ཙ་སྟོབས་སྐྱེད་ལ། དབྱིད་སྐྱིན་གོར། །དབྱིད་དགུ་སྦྱོར། །རོ་ཙ་ཡོན་ཏན་རྒྱ་མཚོ། །སྲོ་མ་སེང་གེ་སོགས་དང་། གོ་ཡུ་དགུ་སྦྱོར་སྟེང་། དངུལ་ཆུ་གྲང་འདུལ། དབང་ལག །རྩབ་རྩ། སྲམ་གྱི་ཤ་རྣམས་བསྣན་པ་བུ་རམ་གྱིས་མགོ་བསྡུས་ཏེ་རིལ་བུར་དྲིལ་བ་དང་། གོ་ཡུ་བདེ་བའི་དཔག་བསམ་རྣམས་སྟོབས་སྐྱེད་ཀྱི་སྨན་ཁྱད་པར་ཅན་ཏུ་གྲུབ་བོ། ༈ །རྩ་བའི་གཉིས་པ་མཁོ་གལ་ཆེ་བའི་ལག་ལེན་ཁ་ཤས་ཀྱི་དྲན་ཐོ་འགོད་པ་ལ། ཐོག་མར་རིན་པོ་ཆེའི་དུག་འདོན་ནི། གཡུ་རྙིང་བྱེ་རུ་མུ་ཏིག་སོགས་གང་ཡིན་ཁྲོལ་ཙམ་བརྡུངས་བའི་ལྗིད་དང་མཉམ་པའི་ཚ་ལ་དང་ཟེ་ཚྭ། ཟེ་ཚྭའི་སུམ་ཆ་བེ་ལྗང་རེ་རལ་མཆོག་ཡིན་ཀྱང་མ་རྙེད་ན་ལྡུམ་བུ་རེ་རལ་དང་གངྒཱ་ཆུང་། སྟར་བུའི་ཁཎྜ་མང་ཙམ། མགྲོན་བུ་ལྦོ་ཅན་གྱི་ཐལ་བ་ཚྭ་འདེབས་ཙམ། གླ་རྩི་དྲི་ཐོན་ཙམ་བཅས་ལོ་བརྒྱད་དྲི་ཆུར་བཏབ་ལ་ཉི་མ་ཕྱེད་ཙམ་མམ་བྱེ་རུ་མདོག་འགྱུར་ཙམ་དུ་བཙོ། །དེ་རྗེས་ཆང་བཟང་པོ་བསྣན་ནས་བཙོ། །དེ་རྗེས་ཆུ་ཨ་རུ་ར་རུས་པ་བཅས་པ་དང་
གྲང་གིས་དག་པར་བཀྲུ། དེ་རྗེས་ཆུ་གཙང་ནང་དུ་ལན་གསུམ་བཙོས་ལ་བཤལ་ལོ། ༈ །དབང་རིལ་རྣམས་ནམ་མཁའ་མི་མཐོང་ཞིང་ཁྱི་དང་བུད་མེད་མི་རྒྱུ་བའི་དབེན་པར་གཡའ་མེད་པའི་སྣོད་དུ་དབང་རིལ་དཀར་པོ་མཛོ་མོའི་འོ་མ། དམར་པོ་གཡག་རྒོད་ཤ་ཁུ། སྔོན་པོ་ཆང་གིས་དྲོད་བབས་ཙམ་བཙོ། །སེར་པོ་བཙོས་ཟན་ནང་དུ་བཏུམས་ནས་མེར་ཅུང་ཟད་བསྲེག་པས་དུག་འདོན། ངར་འདོགས་ནི། ལེགས་པར་བཏུལ་བའི་ཕྱེ་མ་སྲང་གང་ཡོད་ན། ཁ་ཆེ། གི་ཝཾ། གླ་རྩི། ཛཱ་ཏི། ལི་ཤི་ལྔ་པོ་ཞོ་གང་རེའི་ཕྱེ་མ་དང་མཉམ་དུ་དཀར་ཡོལ་གཙང་མར་ཆུ་མིག་ཁ་ཤར་ལྷའི་ཆུ་བྱིས་པ་མགོ་གཙང་གིས་སྐྱོག་ཁ་ཐུར་གྱུས་བླངས་པ་དང་ལྷན་ཅིག་བླུགས་དར་གྱིས་ཁ་བཅད་ལ་སྟེགས་གཙང་མར་འབྲུ་དཀར་གྱིས་གཡུང་དྲུང་བྲིས་པའི་སྟེང་དུ་ཞག་གཅིག་བཞག་ནས་སྨན་ལ་བསྲེ། ༈ལྕགས་རྩི་ཟླ་འོད་ནི། ཨ་རུ་གསེར་མདོག་གི་རུས་པ་དོར། །ཤ་ཞིབ་པར་བཏགས་ནས་ལྕགས་སྣོད་དུ་བྱིས་པ་ལོ་བརྒྱད་པའི་ཆུའམ་ཆུ་གཙང་གིས་གར་སླ་སྐྱོ་མ་གར་བ་ཙམ་བྱས་ལ་དབྱང་ཡིན་ན་ཁེབ་རྒྱག་པ་ཙམ་དང་། དགུན་ཀ་དྲོ་སར་བཞག་པ་ཞག་གསུམ་བསྙལ་བས་ནག་མཐིང་དུ་གྱུར་པ་དེ་རློན་ཆེ་ན་མེ་ཐོག་ཏུ་ཅུང་ཟད་སྐམ། ཕྱེ་འཕུར་ཙམ་གྱི་ནེམ་ཡོད་དེ་ལི་སྡེར་དུ་
བླུགས་ནས་བཅོ་ལྔའི་ཟླ་བ་ཤར་ནས་མ་འགྲིབ་བར་གྱི་ཟླ་འོད་ནང་བཞག །ལྕགས་རྩི་དཀྱུས་མ་བསྙལ་ལུགས་སྔོན་ལྟར་ཟླ་འོད་དུ་མ་བཞག་པའོ། །ཨ་རུ་རྗེན་པ་ནི་ཨ་རུ་རའི་ཕྱེ་མ་ལི་སྡེར་དུ་རློན་ཅུང་ཟད་ཡོད་པར་བྱས་ནས་བཅོ་ལྔའི་ཟླ་འོད་ལ་བཞག་པའོ། །ཟླ་ཤེལ་སོགས་སྨན་སྦྱོར་ཆེ་བ་རྣམས་ལ་བཏང་རྒྱུའི་དངུལ་ཆུ་གྲང་འདུལ་བསྡུས་པ་དཀར་འདུལ་དུ་གྲགས་པ་ལའང་། ལག་ལེན་ཅུང་ཟད་རྒྱས་པའི་ཕྱོགས་ནི་ཟླ་ཤེལ་སྒྱོར་ཐབས་སུ་བྲིས་ཟིན། འདིར་བསྡུས་པ་རྒྱུད་ཀྱི་དངོས་བསྟན་ནི། དངུལ་ཆུ་ཞོ་གང་ལ་སྒ་བི་ཕོ་གསུམ་སོ་སོའི་ཕྱེ་མ་ཐུར་མགོ་གང་ཙམ་རེ་བཏབ། རའམ་གླ་ལྤགས་སྐྱི་ནང་བསྟན་ཏུ་བླུགས། ཁུག་མའི་སྟོད་ནས་ཁ་དམ་པར་བསྡམས་ལ་ཉི་མ་ཕྱེད་ཙམ་ལ་དལ་བུས་མཉེས་ལ་རྫས་རོ་ལྗང་ནག་གུད་དུ་ཕྱེ། དུག་ཡོད་པས་སར་སྦ། དེ་ནས་བ་གཅིན་ནང་དུ་ཁོལ་ཙམ་བཙོ་ཞིང་དཀྲུགས་ལ་ཆུ་ཕྱིར་དོར་ལ་ཆུ་གྲང་གིས་བཤལ། དེ་ནས་ལྕགས་སྐྱོག་ཏུ་སྣུམ་ནག་ཕོར་ཆུང་གང་ཙམ་བསྐོལ། ཁོལ་བྱུང་དུས་དངུལ་ཆུ་སྣུམ་ནང་བཏབ། དེ་འབྲལ་གཤར་དཀར་ཞོ་ཕྱེད་བཏབ་ལ་མ་ི་ཕྲེང་སྐོར་ཙམ་གྱི་ཚོད་ཙམ་བཙོས་ལ་ཕོག །སྣོད་ཀྱི་ཁ་ནས་སྣུམ་ཕྱིར་ཕོས་ལ་དངུལ་ཆུ་གྲང་དུ་བཅུག །དེ་ནས་དངུལ་སྐམ་དང་མུ་ཟི་བསླད་མེད་
ལྗིད་མཉམ་པ་ལྷན་ཅིག་རྡོ་གཏུན་དྲོད་ལྡན་ཏུ་ལེགས་པར་བསྣུར་བས་ནག་མཐིང་དངུལ་འོད་མེད་པ་བྱུང་ཚེ་དར་རས་ནག་པོར་བཏུམས་ལ་སྨན་སྦྱོར་དུ་བཏང་། ༈ །གཉན་དང་ཆུ་སེར་སོགས་ཀྱི་སྨན་སྦྱོར་ལ་བཏང་རྒྱུ་དངུལ་ཆུ་ཚ་འདུལ་ལམ་དྲག་འདུལ་རྡོ་རྗེའི་ཐིག་པ་ནི། རྡོ་གཏུན་མེའམ་ཉི་མ་ལ་བསོས་ནས་ལག་པས་རེག་མི་བཟོད་པའི་ནང་དུ་དངུལ་ཆུའི་ལྗིད་མཉམ་གྱི་མུ་ཟིའི་ཕྱེ་མ་བླུག །དེ་ཞུ་བ་དང་དངུལ་ཆུ་དེ་མཉམ་བླུགས་ནས་རྡོ་ཚ་མོས་ཡུན་ཏུ་འདུར་ནས་དངུལ་འོད་ཅུང་ཟད་ཀྱང་མེད་པའི་ནག་མཐིང་དུ་སོང་ནས་བཞག །གློ་བུར་མགྱོགས་ཐབས་དགོས་ན། ལྕགས་སྐྱོག་མེ་ཐོག་བཙུགས་ནས་མུ་ཟི་བཞུ། དེ་ནང་དངུལ་ཆུ་བླུགས་ལ་ཤིང་བུས་དཀྲུགས། སྐྱོགས་ངོས་འབྱར་བ་རྣམས་བཀོག་ནས་རྡོ་གཞོང་དུ་ཕྱེ་མ་བྱས་པས་ཆོག་གོ། །ཨ་རུ་ར་དང་བ་རུ་གཉིས་རུས་པ་བཏང་དགོས་པ་དམིགས་པས་ལ་རིགས་མ་གཏོགས་སྤྱི་ལ་རུས་པ་མེད་པའི་ཤ་ཁོ་ན་བཏང་བ་ལེགས། དུག་སྨན་ལ་ཁྱད་པར་རུས་པ་བཏང་མི་རུང་། སྐྱུ་རུ་རའང་དེ་དང་འདྲ་ཞིང་ཆུ་གཞིའི་སྨན་ལ་རུས་པ་གཏན་ནས་མི་འགྲོ་བ་གལ་ཆེ། སུགྨེ་ལ་ཀོ་ལ་གཉིས་ཀྱང་བྱུང་ན་ལྐོག་པ་ཕྲལ་ནས་སྙིང་པོ་བཏང་། ཀོ་བྱི་ལ་མེ་མུར་ནང་དུ་འགྲོས་ནས་སྤུ་བཞར། ཀོ་བྱི་རྡོག་པོ་བདུན་ལ་མཛོ་མོ་ན་གཞོན་གྱི་འོ་མ་ཕུལ་དོའི་
ཚད་སྦྱར་ནང་དུ་བཙོས་ནས་འོ་མ་ཆ་གསུམ་འཐག་པ་དང་། འོ་མ་དུག་ལྡན་སར་སྦས། ཀོ་བྱི་ཆུ་གཙང་གིས་བཤལ། འོ་མས་བྱ་དང་ཁྱི་བརྒྱལ་ན་དུག་ཐོན་རྟགས་ཡིན་པར་བཤད། ཁྲག་རླུང་སྨན་གྱི་རིགས་ལ་ཀོ་བྱི་དུག་མ་བྲལ་བ་བཏང་། འཇམ་འབྲས་མེ་མུར་དུ་སེར་ཙམ་བསྲེག །བསེ་རུ་ཐལ་ཚན་དུ་རྩི་ཧྲོག་ཙམ་ལ་བསྲེགས་ནས་ཆུ་བརྡར་བྱེད་པ་ཡིན་ཀྱང་། དུམ་བུ་ཆུང་ངུ་ལས་མེད་ན་ཞིབ་པར་བཏག་ནས་ཆུ་འདུར་ཡུན་རིང་བྱེད། ཤ་རུ་སོགས་རཱ་ཅོ་བཏང་དགོས་རིགས་ཐལ་ཚན་ནང་དུ་རྩི་ཧྲོག་བསྲེགས་ལ་བཏང་། ལྕགས་སྦྲུལ་གླ་རྩི་ཅུང་ཟད་ཆང་ནང་དུ་བཏབ་པའི་ཞག་གཅིག་སྤངས་མེ་འདགས་སུ་སྐམ། བྱ་རིགས་དང་ཆུ་གནས་ཤ་རུས་བཏང་དགོས་རིགས་རྒྱས་པར་བྱེད་ན། གོ་བོའི་ཤའི་ཕྱེ་མཐུན་བཟང་དང་། གླ་རྩི་ཐུན་བཟང་། འབྲས་བུ་གསུམ་བྱེ་མ་སོ་སོ་ནས་ཐུན་བཟང་རེ་བཅས་ཆུར་བཏབ་པའི་ནང་དུ་བཅུག་སྟེ་བཏོན་ལ་ཚག་ཤའི་བར་དུ་བཅུག །ཁ་བཙེམ་ནས་མེ་ནང་ཚག་ཤ་སེར་ཙམ་བསྲེག །བསྡུ་ན་བྱ་ཤ་རྣམས་ཚག་ཤའི་ནང་སྲེག་ལུགས་དེ་ལྟར་ལ་གོ་བོའི་ཤ་ཕྱེ་སྨན་ནང་ལྷན་ཅིག་བཏང་། ཡང་ན་དུག་འབྱིན་ཏིལ་དཀར་ངར་འདོགས་དབང་ལག །རྣོ་འདོན་རྒྱ་ཚྭ་དང་ལྕམ་འབྲུ་ཐུན་རེ་བཏང་། ཀླུ་ནོར་ཤ་ཐམས་ཅད་ལ་དུག་འདོན་ཨ་རུ་ར་གླ་རྩི་གོ་བོའི་ཤ །
ངར་འདོགས་ཐལ་རྡོར། རྣོ་འདོན་རྩང་གཡེར་ཚྭ་འདེབས་ཙམ་བསྲེ། བཤལ་སྨན་དུག་ལྡན་གྱི་རིགས་ལས། དོང་གྲའི་བར་ཚིགས་ཀྱི་འཁོར་ལོ་རྐྱང་པ་བཏང་། ཤན་པ་ངོར། དུར་ཕྱིང་རྐང་ཤུན་ཕྲལ་ནས་ཡོས་ཚན་ནང་དུ་རྒྱང་ཙམ་བཅུག །དན་རོག་ལྕེ་དང་ཤུན་པ་ཕྲལ་ལ་ལྕགས་སློང་དུ་རྩམ་པ་བཏབ་པའི་སྟེང་དུ་བཞག །དེ་སྟེང་ཡང་ཙམ་པ་བླུགས་ནས་མེ་ཐོག་རྔོས་པས་ཙམ་པ་སེར་ཧྲོག་སོང་དུས་ཕོག་ལ་དན་རོག་ཚུར་ལེན། ཤྲཱི་ཁཎྜ་རང་མཉམ་གྱི་མར་དཀར་བཞུས་ཏེ་སྙིགས་མ་དོར་བའི་དྭངས་ལ་ཤྲཱི་ཁ་ཁྲོལ་བུ་བཏང་ཅིང་བཙོས། མར་ཁུ་རང་ཐིམ་སོང་ནས་འདོན། པོ་སོ་ཆ་ལྐོག་པ་བཏང་། ཅོང་ཞི་རྣམས་ཁྲམ་ཕྲུམ་བརྡུངས་ལ་ཆུར་བཙོས་པའི་ཁུ་བ་སེར་ཤས་ཅན་ཕྱིར་ཕོ། །སླར་ཆུ་གྲང་གི་ཡང་ཡང་བཤལ་བས་ཆུ་མདོག་སྔོ་ཁྲོང་བྱུང་ན་དུག་ཐོན་པས་དེ་བཏང་། འདམ་འཐག་དགོས་སྐབས་ཞིབ་པར་བཏུལ་བ་ལ་མཛོ་མོ་ཡར་མའི་འོ་མས་སྐྱོས་ནས་འདམ་འཐགས་ལེགས་པར་ཟིན་ནས་འཕང་ལོ་བཅོས་ཏེ་གྲིབ་སྐམ་བྱ། མུ་ཟི་དུག་འདོན་ནི། མུ་ཟི་བསླད་མེད་ཕྲམ་ཕྲུམ་བརྡུང་། རྙེད་ན་ཤུ་དག་དཀར་པོ་དང་མ་རྙེད་ན་རམ་པའི་རྩ་བ་ཁྲོབ་བརྡུངས་བྱས་ལ་ཆུར་བཙོས་པའི་ཁུ་བའི་ནང་དུ་བླུགས་
ལ་ལྷོག་ཙམ་བསྐོལ་ནས་ཞག་གཅིག་བསྙལ། ཕྱིར་ཉིན་ཅུང་ཟད་བསྐོལ་ལ་ཁུ་བ་ཕྱིར་ཕོ། །ཆུ་གྲང་གིས་ཡང་ཡང་བཤལ་བས་དྲི་མ་མེད་ན་དུག་ཐོན་པ་ཡིན། ཟེ་ཚྭ་ལྕགས་སྐྱོགས་སུ་བསྔོས་ནས་ཚག་སྒྲ་འོང་དུས་ཕོག །སྦལ་མདུང་སོགས་རྔོ་སྨན་གར་འགྲོ་ལ་འཇུ་རྩི་དར་སྨན་ཅེས་ཟེ་ཚྭ་དུག་འདོན་བྱས་པ་ཐུན་གཅིག །ཚ་ལ་ཆུ་བཅད་ཐུན་གཅིག་བཏང་། གོ་ཐལ་དང་རྒོད་ཐལ་ཞིབ་ཏུ་བྱས་ལ་སྐྱོགས་ནང་དུ་མེ་ལ་ཡུད་ཙམ་བརྔོས་ནས་བཏང་། གོ་ཐལ་དང་། ཁྱད་པར་རྡོ་དྲེགས་གླ་རྩིའི་ཆུ་འདེབས་ནས་བརྔོ། ཐར་ནུ་རློན་པ་ལྐོག་པ་བཤུ། ནང་ཤ་ལ་རྨ་རེད་ན་ནུས་པ་འཆོར་བས་རྨ་མ་དོད་པར་བྱས་ལ་པ་གཅིན་དུ་ར་ཤ་ཅུང་ཟད་འཕངས་པ་ལ་བཙོས་ནས་ཁཎྜ་བྱ། རྒྱས་པར་འདུར་དྲུག་བྱེད་ན་ཐར་ནུ་གང་ཡོད་ལྐོག་ཕྲལ་ཆ་དྲུག་ཏུ་བགོས་ལ། ཆང་། ཨ་རག། བ་གཅིན། ར་ཤ་རྣམས་སུ་སོ་སོར་བཙོས་ནས་ཁཎྜ་ཕྱོགས་གཅིག་བསྡུ་བ་ཡིན་ཀྱང་ད་ལྟའི་ལག་ལེན་སྔ་མ་བྱེད་པ་ལྟར་ལེགས། སྔོ་སྨན་རྐྱང་པ་སྦྱོར་སྐབས། ཨ་རུ་ར། སེ་འབྲུ་པི་པི་ལིང་། ཤ་ཆེན་ཐུན་རེ་བཏང་། དོན་སྣོད་སོ་སོའི་ཁ་འཛིན་གྱི་བཟང་དྲུག་ཀྱང་སྦྱར་དགོས། ཡང་ན་སྔོ་ཐམས་ཅད་ཁཎྜ་བྱས་ནས་བསྡེབས་ན་ལེགས་པར་གསུངས། དབང་ལག་བརྐོས་མ་
ཐག་པ་དྲེག་བཤལ། ཆུ་གཙང་ཉིས་འགྱུར་དུ་ཁུ་བ་རང་ཐིམ་བཙོས་པས་དྲོད་དུ་འགྲོ། །སྐོས་མ་ཐག་ར་འོ་ཉིས་འགྱུར་ཁུ་བ་རང་ཐིམ་བཙོས་པས་བཅུད་དུ་འགུགས། ར་མྱེ་ལའང་དེ་ལྟར་བྱད། ཉེར་ཤིང་ཕྱི་ལྤགས་དང་ནང་གི་རྒྱུས་པ་དོར་ནས་ཆུ་ལ་བཙོས་པས་དྲོད་དུ་འགུག །གཟེམ་སྲིད་པའི་བྱེ་མའི་མཉམ་དུར་མགོ་ཚིག་ཙམ་བརྡོ། །བ་སྤུའང་ཆུ་བཅད་ན་ལེགས་པར་བཤད། སྨན་གྱི་སྦྱོར་བ་རྒྱུད་སོགས་ནས་ཚད་བཤད་པ་ཐམས་ཅད་དེ་ལྟར་མ་ནོར་བ་གལ་ཆེ། ཚད་མེད་པ་ཐམས་ཅད་གཙོ་བོ་བུངས་བསྐྱེད། འཁོར་རྣམས་ཆ་མཉམ། གཙོ་བོ་མེད་དུ་མི་རུང་ཞིང་སྦན་སྣ་མང་རིགས་ལ་འཁོར་སྨན་རེ་རེ་ཙམ་ཆད་ཀྱང་སྐྱོན་ཏུ་མི་འགྱུར། འོན་ཀྱང་ནད་གཞི་ལ་གཉེན་པོ་དམིགས་སུ་འགྲོ་བའི་རིགས་འཁོར་སྨན་ཡིན་ཀྱང་ཆད་དུ་མི་རུང་ཞིང་ཆ་བསྐྱེད་པ་ལེགས། སྔོ་སོགས་འབྱོར་སླ་བའི་རིགས་ཀྱིས་བུངས་བསྐྱེད་ནས་གཙོ་བོ་ཡིན་ཀྱང་འཛོམ་དཀར་ན་ཉུང་ངུར་སྦྱར་བའི་སྨན་གྱིས་ནད་ལ་ཕན་པ་དཀའོ། །སྨན་གཉིས་བསྡེབས་དགོས་རིགས་ལ། བསིལ་བཅུད་བཅོ་ལྔ། སྤྲིན་བྲལ་ཟླ་ཟེར། བདུད་ཏིག །གི་ཏིག །གསེར་ཞི། ཀ་རུ་སོགས་རྒྱུད་དང་མན་ངག་བར་མ་ཆད་པ་ལས་བྱུང་བ་རྣམས་ལས་རིགས་བཟོས་
གང་འདོད་དུ་བསྡེབ་མི་རུང་། ཕྱོགས་བསྡེབས་སྐབས་སུའང་སྨན་ཁྲོལ་བུ་ཕྱོགས་གཅིག་བསྡུ་བརྡུང་བྱེད་པ་དེ་ཕྱག་ལེན་ལེགས་པའི་ཕྱོགས་ཡིན། སྨན་ཕྱེ་ཚོ་གཉིས་ཕྱོགས་བསྲེ་བྱེད་པ་དེ་ཅུང་མི་ལེགས་པར་གསུངས། ༈ །ཁྱུང་ལྔ་འདོགས་བཞི་ཅན་ཤིན་ཏུ་གལ་ཆེ་ཞིང་དེའི་ཕྱག་ལེན་འབྲི་གུང་གཅེས་བསྡུས་སོགས་སུ་གསལ་བ་ལྟར་བྱ། ཁྱུང་ལྔ་སྤྱིའི་སྦྱོར་ཚད་རྒྱུད་ལས། བཞི་གཅིག་གསུམ་གཉིས་ཕྱེད་དང་སུམ་ཆ་སྦྱར། ཅེས་གསུངས་པ་ལྟར། ཨ་རུ་ར་བྱ་ཞི་འགྱུར། དེའི་ཆ་གཅིག་བཙན་དུག། །ཨ་རུའི་སུམ་ཆ་གཉིས་རུ་རྟ། ཨ་རུ་རའི་ཕྱེད་ཤུ་དག་ནག་པོ། །ཨ་རུའི་སུམ་ཆ་གླ་རྩི་སྦྱར་བའི་ཚད་འདི་ཕྱེ་མ་རིལ་བུ་ཐམས་ཅད་ལམ་ནོར་པ་བྱེད་དགོས། གཉན་རིགས་དང་རྟ་སྨན་སོགས་ལ་ཤིན་ཏུ་ཟབ་པའི་མཉམ་སྦྱོར་ཁྱུང་རྒོད་དྲག་པོ་ནི། ཨ་རུ་ར་དང་བཙན་དུག་ཆ་མཉམ་བྱེད། སྤོས་ཁྱུང་ལ་འདོགས་བཞིའི་ཞལ་གདམས་ཅན་བསྡེབ། གུར་ཁྱུང་དང་བྲག་ཁྱུང་ཨར་ཁྱུང་སོགས་ལ་སྨན་ཕྱེ་མཉམ་སྡུད་ལས་འདོགས་བཞི་ཅན་བསྡེབ་སྲོལ་མེད། གི་ཁྱུང་གཙོ་ཁྱུང་སོགས་ལ་ཁྱུང་རྒོད་དང་བསྡེབ་དགོས་པའང་ཤེས་པར་བྱའོ། ༈ །སྤྱིར་ནད་ཆེན་གྱི་རིགས་ལ་རྒྱུད་སྨན་གཙོ་བོར་གྱུར་པའི་རྩི་སྨན་འགྲོ་རིགས་དང་
སྨན་སྣ་མང་བའི་རིགས་རྣམས་འཇམ་ཞིང་ཁེ་ཉན་ཆུང་བས་ལེགས་ཤིང་། ནད་གཞི་ཆུང་ངུ་དང་གློ་བུར་ནད་རིགས་ལ་སྔོ་སྨན་གྱི་སྦྱོར་སྡེ་དང་། སྨན་སྣ་ཉུང་ངུའི་རིགས་རྣམས་རྣོ་ཞིང་མྱུར་ལ་ཟུར་ལུགས་སུམ་འགྲོལ་གྱི་རིགས་ལྟ་བུ་རྣོ་མྱུར་ཆ་ཡང་ཅུང་ཟད་རྩུབས་པའི་ངག་རྒྱུན་སྣང་ངོ་། ༈ །ཕྱི་རྒྱུད་ལྡེ་གུའི་སྨན་གང་ཡིན་ཞིབ་པར་བཏགས་ཏེ་ཆུ་ནང་དུ་བཏབ་ནས་བསྐོལ་བས་ཐུག་པ་ཙམ་དུ་སོང་བ་དང་། ཚ་སེལ་ལ་ཤིལ་ཀ་ར། གྲང་སེལ་ལ་བུ་རམ་མང་བར་བྱས་པ་སོགས་རིག་པས་འཕྲུལ་བའི་སྨན་རྟ་རྣམས་སྨན་ལས་དྲུག་འགྱུར་རམ་བརྒྱད་འགྱུར་ཙམ་ཞིབ་པར་བཏགས་པ་དང་། དེ་དང་བུངས་མཉམ་པའི་མར་བཅས་བཏབ་ནས་སྐྱ་བས་མ་འདྲེད་པར་དཀྲུགས། མར་ཁུ་མ་བྱེ་ཙམ་ནས་ཕོག་སྟེ་གྲང་དུ་བཅུག་ལ་རིལ་བུ་མཐེ་བོང་ཙམ་དྲིལ། གསལ་བྱེད་ལྡེ་གུར་མིག་གི་ཁོང་སྨན་རྣམས་ཞིབ་པར་བཏགས། སྨན་གྱི་བརྒྱད་འགྱུར་བུར་སྦྲང་ཤེལ་ཀར་རྣམས་དང་དེ་དང་མཉམ་པའི་མར་དཀར་རྣམས་ཟངས་མཁར་མིན་པའི་ཁྲོ་ལྕགས་ཀྱི་སྣོད་གཙང་མར་ཆུ་ཅུང་ཟད་བཅས་བླུགས་ལ་བསྐོལ་མར་ཁུམ་བྱེ་ཙམ་ནས་སྨན་ཕྱེ་བཏབ་ལ་དཀྲུགས་ཏེ་ཕོག །གྲང་ནས་རིལ་བུ་དྲིལ་ལ་བསྟེན་ནོ། །སྨན་མར་སྐབས།
ཀུན་ལ་འགྲོ་བའི་འབའ་སམ་སྨན་མར་ནི། འབྲས་བུ་གསུམ་དང་རྩ་ལྔ་སྦྱར་བ་སྟེ། ཚ་ཤས་ཆེན་འབྲས་བུ་གསུམ་མང་། མིག་ལ་འབྲས་གསུམ་ལྷག་པར་གལ་ཆེ། གྲང་ཤས་ཆེ་བ་ལ་རྩ་བ་ལྔ་མང་བར་བྱ། སྤྱི་ཙམ་ལ་ཆ་མཉམ་བྱས་ལ་ཁྲོལ་བུར་བརྡུང་། ཁྲོ་དཀར་སོགས་གཡའ་མེད་པའི་སྣོད་དུ་ཆུལ་བཏབ་ནས་བསྐོལ་བའི་ཁུ་བ་གུད་དུ་ཕྱེ། ཡང་ཆུ་བསྣན་ནས་ཁུ་བ་བཏོན་པ་བཅས་ལན་གསུམ་ཙམ་བྱས་ཏེ་སྨན་རོ་ལ་སྨན་གྱི་རོ་མེད་པ་བཅུད་ལོ་ན་ངེས་བྱ། ཁུ་བ་བྲེ་བཞི་ཙམ་གྱི་ཚད་བྲེ་གསུམ་དུ་གདུ། དེའང་བྲེ་གང་ཙམ་དུ་གདུས་པའི་ཁར་བཞོས་ཐོག་འོ་མ་བྲེ་བཞི་བླུག །དེའང་འབྲི་འོ་བཅུད་ཆེའང་ཁྲག་མཁྲིས་ཅན་སོགས་ལ་རྩུབ། མཛོ་མོའི་འོ་མ་སྤྱི་སྙོམས་ལེགས། འོ་མ་བླུག་མ་ཐག་ནས་སྐྱབས་བར་མེད་དུ་དཀྲུགས། མི་འབྱུར་བ་དང་མི་ཚིག་པའི་ཕྱིར་དང་པོ་མར་དཀར་ཅུང་ཟད་བཏབ་ནས་རིམ་བསྣོན་བྱེད། སྔ་མའི་སྨན་ཆུའི་ཚོད་ཙམ་དུ་འདུས་ནས་སྨན་ཕྱེ་ཁྱོར་གང་ལ་མར་དཀར་རྒྱ་མ་གཉིས་ཙམ། མཁྲིས་ཤས་ཆེ་བ་དེའི་ཕྱེད་ལྷག་ཙམ་བཏབ་སྟེ་དྲག་ཏུ་དཀྲུགས། མར་ཁུ་ཆུ་ཐག་ཆོད་པའི་རྟགས་མེར་གཏིགས་པས་ཚེག་སྒྲ་མེད་ན་དྭངས་སྙིགས་ཕྱེད་པའི་དྭངས་མ་ཚན་མོའི་ནང་དུ་ཁ་ཚར་གང་སྦྱོར་གྱི་སྨན་
བཏབ་ནས་འདྲེས་པར་དཀྲུགས། མཐའ་ནས་སྐྱ་ཧར་སོང་སྐབས་སྨན་རྟ་སྦྲང་བུར་ཀར་སོགས་ཀྱི་ཕྱེ་མ་མར་གྱི་ཕྱེད་ཆ་ཙམ་བཏབ་ལ་མར་དུ་མ་ལོག་པར་དཀྲུགས་ནས་དཀར་ཡོལ་པར་བུ་སོགས་སུ་རླུང་མི་འགྲོ་བར་བཞག་ལ། ཐོ་རངས་སྔ་བར་མཐེ་བོང་དམ་བྱ་སྒོང་ཙམ་ཆུ་བསྐོལ་ཚན་མོས་ཕུལ། ༈ །སྲོག་རླུང་ལ་ངན་པའི་བཙན་དུག་སྨན་མར་ནི། བཙན་དུག་བཟང་པོ་ཆ་གཅིག །ཨ་རུ་ར་ཆ་བཞི་གཉིས་སོ་སོར་ཞིབ་པར་བཏགས། བཙན་དུག་ཆང་ནང་ཞག་གཅིག་སྤངས། དེ་དང་ཨ་རུ་ར་གཉིས་ཆང་ནང་ལྷན་ཅིག་འདམ་འཐག་ཉིན་གཅིག་བྱེད། སྤོས་ཟན་ཙམ་དུ་སོང་ནས་ཆུ་བྲེ་གང་ལ་བཏབ་ནས་བསྐོལ་བ་ལ་འོ་མ་བྲེ་བཞི་བླུགས་པ་དང་གདུ་ལུགས་མར་མངར་གསུམ་སྦྱོར་ཚུལ་སོགས་གོང་ལྟར་བྱ། ༈ །བད་མཁྲིས་རླུང་གསུམ་ལྡན་པ་ལ་སྨན་ཆང་མཆོག་ཏུ་གྱུར་བ་སྟེ། ཟན་ཆང་ནི། ར་མྱེ། ལྕ་བ། གཟེ་མ། ལྕམ་པའི་འབྲས་བུ་རྣམས་སོ་སོར་ཁྱོར་གང་རེ་ཞིབ་ཏུ་བཏགས། ནས་སྔོན་རྗེན་འཐག་ཕུལ་དོ་དང་འདྲེས་པར་བསྲེས་ལ་ཆུ་བླུགས་ནས་ཟིན་ལྟར་བརྫིས། ཐེབས་ཀྱུ་མང་དུ་བཟོས་ནས་ཆུ་དྲོན་རང་ནུབ་ཙམ་གྱི་དྲོད་བབ། ཆང་ཕབ་ཅུང་ཟད་བཏབ་ནས་རྗ་མའི་ནང་དུ་དྲོ་སར་ཞག་གསུམ་བསྙལ། ཆང་དྲི་བསྣམ་
དུས་ལང་བའི་ཚད་ཡིན་པས་བླངས་ལ་མར་ཁུའི་དྭངས་མ་བྲེ་གསུམ་ནང་དུ་སྦྱར་ལ་བཅའ་སྒ་ཞིབ་བཏགས་ཁྱོར་གང་། བུ་རམ་སྲང་བཅུ་བཅས་བཏང་ཅིང་དཀྲུགས། ཞོ་ལྟང་འདྲེས་པར་བྱས་ལ་ལོངས་སྤྱད་དོ། ༈ །པུཥྤ་སྦྲང་ཆང་ནི། མེ་ཏོགས་དབྱར་མོ་ཐང་མང་དུ་བཏུས་ལ་གྲིབ་སྐམ་ བྱས་པ་རྫ་བུམ་དུ་བླུགས་ནས་ཆུ་དྲོན་གྱིས་བསྙལ། རིམ་གྱིས་བསྲིངས་པའི་ཁུ་བ་བཞུར། དེ་ནང་སྦྲང་ཕུལ་གང ་དང་ཕབ་ཅུང་ཟད་བཏབ། དྲོ་སར་ཞག་གསུམ་བསྙལ་བས་སྐྱུར་དྲི་མན་མ་ཞིང་སྦུ་བ་ཆིར་གྱིས་བྱུང་བ་ན་བླངས་ཏེ་བསྟེན། ༈གཟེ་ཆང་ནས་ནང་གཟེམ་ཅུང་ཟད་བསྲེས་ནས་བཙོས་ཏེ་སྤྱི་ལྟར་བསྙོལ། གཟེ་མ་བྲེ་གང་ཁྲོལ་ཙམ་བརྡུངས་བ་ཆུ་མང་པོའི་ནང་བཀོལ་བའི་ཁུ་བས་བསིང་ངོ། ༈སྲེག་ཐལ་གྲས། སྐྲན་ནད་ཐམས་ཅད་ལ་འགྲོ་བའི་ཚ་སྲེག་ནི། རྫ་སྣོད་དུ་བ་ཞོ་བྲེ་གང་བླུག །དེ་ནང་ལན་ཚྭ་བསླད་མེད་ཁྱོར་དོ་དང་གཡག་རྒོད་ཤ་མཐེ་བོང་ཙམ་བཅས་ཐང་ཞིབ་བ་ཙམ་དུ་བརྡུངས་བ་བཏབ། མེ་ཐོག་ཏུ་བཀོལ་ནས་བར་མེད་དུ་དཀྲུགས། ཟན་ཙམ་སོང་ནས་རྫ་བུམ་དུ་བླུགས་པའི་ཁ་ཚྭ་འདམ་གྱིས་བཅད་ནས་སྐམ། དེ་ནས་བོང་མེར་ཉི་མ་གཅིག་གི་བཞི་ཆ་ཙམ་བསྲེགས་ནས་གྲང་དུ་གཞུག །ཚྭ་སྲེག་སྲང་གང་ལ་ལྷན་ཐབས་ནས་བཤད་པའི་ཁ་ཚར་སྨན་
རྣམས་ལས། བསྲེག་འོས་རྣམས་ནུས་བསྲེགས་བྱས་ལ་ཞོ། རེ་ཆ་སྙོམས་པ་བསྣན་ནས་ཞིབ་པར་བཏགས། མོ་ནད་ཁྲག་སྐྲན་ལ་ཆེས་ཟབ་ཅིང་བཙས་རྗེས་ལའང་ཕན་པར་བཤད་དོ། །མིག་གི་ལིང་ཏོག་སོགས་ལ་འདེབས་དགོས་པའི་རྒྱ་ཚྭ་ཐལ་བ་གལ་ཆེ་བས་ལྕགས་ལེབ་སྲེག་པའི་སྟེང་རྒྱ་ཚའི་ཕྱེ་མ་བླུག་ལ་ལིའི་ཏིང་ཕོར་བཀབ། སྟེང་ནས་བྱེ་མ་རློན་པས་ནུབ་པར་བཀབ་ནས་དུད་རླངས་མ་ཤོར་བ་བྱ། གྲང་ནས་ལི་ཏིང་དུད་པ་ཕུག་རོན་དོང་རུས་བསྡུའོ། །ཤ་རུ་དང་། དུང་། མགྲོན་བུ། མི་ཐོད་རྣམས་ནི་སོལ་མེར་དཀར་པོར་མ་སོང་བར་ཧར་བསྲེག་བྱ། ནག་སྔོ་ཏིལ་ཙམ་ཡང་མི་བཏང་། དུང་ཐོད་ཚ་སྨན་ལ་བཏང་སྐབས་མི་བསྲེགས་པར་བཤད། ཕག་རིལ། སྒོག་སྐྱ་སོགས་གཞན་རྣམས་སླ་ངའི་ནང་དུ་བཞག །སྟེང་ནས་རྫ་ཕོར་བཀབ། བར་མཚམས་འདག་པས་བཀག་ལ་མེ་ཐོག་ཏུ་བཞག་སྟེ་དུ་བ་མ་ཤོར་བར་ནུས་བསྲེག་བྱ། ཅོང་ཞི་རྒོད་བཏུལ་ནི་ཕོ་ཅོང་བཟང་པོ་མེ་ནང་དུ་དཀར་པོར་མ་སོང་བར་བསྲེགས་ལ། བསིལ་ན་ཆུ་དྲོན། དྲོ་དགོས་ན་ཆང་། སྙོམས་བ་ལ་དར་བའི་ནང་དུ་འཕངས་ལ་བཤིགས་པའི་ཕྱེ་མ་འདེབས། མ་
ཚོས་པ་ཏིལ་འབྲུ་ཙམ་ཡང་དུག་ཡིན་པས་མི་བཏང་། སྨན་ནག་སྐབས་ཐལ་སྨན་ལྔ་པོ་དུས་གཅིག་བསྲེགས་ན། སླ་ང་ཆེ་བའི་ཕྱོགས་བཞིར་དབུས་ལྔར་ཕག་བྲུན་སོགས་སྨན་སྐམ་པོ་རྣམས་སོ་སོར་བཞག་པའི་སྟེང་ནས་རྫ་ཕོར་ལྔས་བཀབ་ལ་བར་རྣམས་ཚྭ་འདམ་གྱིས་བཀག །དེ་སྟེང་སྲིད་པ་བྱེ་མའམ་ཆུ་འགྲམ་བྱེ་མའི་འདམ་གྱིས་གཡོགས། རློན་པ་དེ་ག་ཐབ་ལ་བཙུགས་ནས་མེ་བུས་པས་མཐིལ་དམར་པོ་དང་སྐྱ་ཧང་སོང་ནས་ཕོག་ནས་གྲང་དུ་གཞུག །འདག་པ་རྣམས་དལ་བུས་བསལ་ལ་བསྲེགས་ཐལ་བླང་། ནུས་བསྲེགས་དགོས་རིགས་མགྱོགས་ཁྱད་རྣམས་དེ་ལྟར་བྱ་ཆོག་གོ། ༈ །རེག་དུག་སྲེག་སྨན་ནི། དངུལ་ཆུ་རྒོད་པོ་སྲང་། ལ་མཚོན་ན་བིག་ཧན་ཏེ་རྒྱ་མཚུར་དཀར་པོ་འཁྲུལ་མེད༔ དར་སྨན་ཏེ་ཟེ་ཚྭ་༔ མཚལ་རྒོད༔ བཅས་པ་ལས་སྨན་ཕྱི་མ་གསུམ་སོ་སོར་ཞིབ་པར་བཏགས། འདི་ལ་གཞལ་ཚད་འདྲ་མིན་ཁ་ཤས་འདུག་ཀྱང་འདི་ཉིད་ལེགས་པ་ཉམས་མྱོང་རྒྱུན་ཡིན། དེ་ནས་སླང་ཡོགས་ལྕགས་སྣོད་མཐིལ་ཡངས་ལ་བུག་བརྡོལ་མེད་པ་ཞིག་གི་ནང་དུ། ཐོག་མར་ཟེ་ཚྭ། དེ་ནས་མཚུར་དེ་ནས་
མཚལ་རྣམས་རིམ་པར་བརྩིགས་ལ་བཞག །དེ་སྟེང་དངུལ་ཆུ་དེ་ཤོག་གུ་ནང་དུ་ཚོ་བཞི་ལྔ་ཐུམ་པོར་བྱས་ལ་ཕྱོགས་ཕྱོགས་སུ་མི་འདྲིལ་བར་བྱས་ལ་བཞག་དཀར་ཡོལ་ཆེན་པོ་གས་ཆག་མེད་པ་ཞིག་གིས་སྟེང་ནས་སྦུབ། བར་མཚམས་ས་སྦྱོར་སྤྱི་ལྟར་རམ། མ་འཛོམ་ན་རྟ་སྤང་། ལན་ཚྭ། ས་ནག་གསུམ་བསྲེས་པའི་འདམ་གྱིས་ལེགས་པར་གཡོགས། དེ་སྟེང་ཞ་ཉེའམ་རྡོ་ལེབ་སོགས་ལྗིད་ཡོད་པས་མནན་ལ་སྐམ། སྐམ་ཐག་ཆོད་ནས་གནས་དབེན་པ་འགྲུལ་དང་ཁྱི་སྒྲ་སོགས་མེད་པར་མེ་ཐབ་ཏུ་བཙུགས་ལ་བསྲེག །དེའང་དང་པོ་མེ་ཆུང་། བར་དུ་ཆེ། མཐར་སླ་ངའི་ཞབས་སྐྱ་བོར་སོང་སྐབས་ཚོས་ཚད་ཡིན་པས་མེ་རིམ་གྱིས་ཀློད་ལ་གྲང་དུ་གཞུག །གྲང་ཐག་ཆོད་ནས་འདག་པ་རྣམས་དལ་བུས་བཀོག་ལ་ཁ་ཕྱེས་བས། དཀར་ཡོལ་ཡ་ཁེབ་ལ་དམར་པོ་ལི་ཁྲིའམ་མཚལ་མདོག་ལྟ་བུ་ཟུར་ལ་འཇའ་རིས་འཕྲེ་བ་བྱུང་ན་མཆོག་ཏུ་བཟང་། དམར་སེར་དང་ནག་ཐིག་ཕྲན་བུ་བྱུང་ཡང་བཏང་རུང་། ནག་པོ་ནི་གཏན་ནས་མི་བཏང་། བར་ལྗང་ཞིང་གཏིང་དཀར་བར་འབྱུང་། དེ་ནས་ཆི་གབ་སྟེ་ཟི་ལིང་ཤིང་ཏོག་དམར་རིལ་རྡོག་ཉེར་ལྔ་ཙམ་ཇ་
ནང་དུ་རླངས་ཚོས་བྱས་ལ་རུས་པ་དོར་ནས་རྡོ་གཞོང་དུ་བསྣུར། སླར་ཡང་རླངས་ཚོས་བྱས་ལ་ཟན་ལྟ་བུ་དེས་ཡ་ཁེབ་ལ་ཆགས་པའི་དུད་པ་སྟེང་དམར་པོ་དང་། བར་ལྗང་གུ་ཡན་བསྡུས་ལ་རིལ་བུ་སྲན་མ་ཆུང་ཤོས་ཙམ་དུ་དྲིལ་ནས་རྒྱ་ཤོག་དམར་པོས་རེ་རེ་བཞིན་བཏུམ། ཤིང་ཏོག་གི་ཚབ་ཏུ་ར་ཁྲག་གིས་དྲིལ་ན་ཕན་པ་ཆེ་ངེས་སུ་བཤད། རིལ་བུ་སྐམ་ནས་པར་བུ་སོགས་སྣོད་བཟང་པོར་བཅུག་ལ་རླུང་མི་འཆོར་བའི་ཚག་བྱ། མ་འགེབས་ལ་ཆགས་པའི་སྙིགས་མ་དེ་ར་ཁྲག་ལ་སྦྱར་ཏེ་བྱུག་སྨན་བྱ། འདི་རྟ་བོང་སོགས་ཀྱི་རྨ་སྨན་ལའང་ཤིན་ཏུ་རྣོ། ཁ་ཡི་མེ་ཏོག་ལ་དངུལ་ཆུ་ཕྲན་བུ་ཙམ་མ་ཚིག་པ་བྱུང་ཡང་སྐྱོན་ཆེ། གཏིང་དཀར་ས་ཡི་དཀྱིལ་དུ་དངུལ་ཆུ་མ་ཚིག་པ་བྱུང་ན་སྔར་ལྟར་ཁ་རྒྱབ། སྐམ་ཐག་ཆོད་ནས་སྲེག་སྐྱོར་བྱེད་པར་བཤད་དོ། །ཐལ་སྨན་རྣམས་གྲང་ནད་ཀྱི་རིགས་ལ་མཆོག་ཏུ་གྱུར་པ་ཡིན་ནོ། ༈ །ཚ་བའི་ནད་རིགས་རྣམས་ལ་ཟབ་པ་ཁཎྜའི་རིགས་ནི། རྩ་བ་སོགས་གང་ཡང་ས་དང་དྲེགས་པས་མ་གོས་པར་བཀྲུ་ཞིང་བཤལ། ཁྲམ་ཁྲུམ་བརྡུངས་ལ་ཆུ་གཙང་དུ་ལེགས་པར་བཙོས་ནས་ཁུ་བ་ཐོན་ངེས་བྱ། རྫ་སྣོད་གཙང་མར་རྔ་ཚགས་ཀྱིས་བཙགས་ལ་མེད་ལ་བུལ་བཀོལ་ཞིང་སྐྱ་
བས་དལ་མེད་དུ་དཀྲུགས་ལ་མ་འདྲེགས་པར་བྱ། སྐྱོ་མ་ལྦུབ་ཅན་དུ་སོང་སྐབས་རྡོ་འཁྱག་སྟེང་ཐིགས་གཅིག་བླུགས་པས་གྲང་ནས་རིལ་བུ་དྲིལ་བཏུབ་ན་ཚོས་ཚད་ཡིན་པས་ཕོག །མཐའི་འདྲེགས་པ་རྣམས་མི་གཏོང་། གཞན་ཐམས་ཅད་གྲོད་པུ་སོགས་སུ་བླུགས་ལ་ཚག་བྱའོ། ༈ །སྦྱོང་བྱེད་ལས་ལྔའི་སྡེ་ལས་བཤལ་གྱི་ཕྱག་ལེན་ནི། གཉན་བཤལ་སོགས་གློ་བུར་དགོས་རིགས་མིན་པའི་ནད་གཞི་ཆེ་རིགས་ལ་སྦྱོར་སྐབས། བཤལ་མ་བཏང་བའི་ཞག་གཉིས་གསུམ་གོང་ནས་བཏུང་བ་མ་གཏོགས་བཟའ་བ་སྤང་། གཏོང་ཉིན་གདོན་དང་འགྲུལ་བསྲུང་། རླུང་སྲང་དང་མཐིལ་བཞིར་མར་དཀར་བྱུགས་ལ་རྩམ་པ་འདེབས། ནུབ་མོ་སྣ་སེལ་ཨ་རུ་མཆུ་རིང་། ལྕུམ་རྩ། ཆུ་མ་རྩི། རྒྱ་མ་ཚྭ། པི་ལིང་བཅས་ཆ་མཉམ་བཏུལ་བའི་བསྡུས་ཐང་བཏང་། ནམ་གུང་ཇ་སླ་མོ་ཉུང་ཙམ་བཏང་། ཐོ་རང་སྦྱོང་བྱེད་རིལ་བུ་སྲན་མ་ཙམ་ལྔའམ་བདུན་ནམ་དགུ་སོགས་ལྟོ་བ་སྲ་སྙི་དང་བསྟན། རིག་པས་དཔྱད་ལ་ཆུ་ཁོལ་གྱིས་རིམ་པར་ཕུལ། སྐྱུག་ཤོམ་བྱེད་ན་དོང་གར་རྡོ་གྲང་གཏུགས་པ་དང་གདོང་ལ་ཆུ་ལྕག་རྡེག་པ་སོགས་ལག་ལེན་ལྟར། དངོས་གཞིའི་སྦྱོར་བ་རྣོ་ལ་འཇམ་པ་ཕྱི་རྒྱུད་
མགྲོན་པོ་ལམ་བཤལ་ལ་མཚོན་ན། ཨ་རུ་མཚུ་རིང་མེ་མུར་དུ་མ་ཚིག་ཙམ་བརྡོ། །དུར་བྱིད། དན་རོག །ཤྲཱི་ཁན་རྣམས་གོང་སྨོས་ལྟར་དུག་འདོན་བྱས་པ་དང་། ཐར་ནུའང་བ་ཆུར་བཏུལ་བ་རྣམས་དང་། ལྕུམ་རྩ། སྔོན་བུའི་སྡོང་པོ། །ཁྲོན་བུའི་རྩ་བ། དན་ཁྲ། དོང་གའི་འབྲས་བུ་རྣམས་ཁྲོལ་བུར་བརྡུངས་པ་སོ་སོ་ནས་སྲང་རེ་བྱས་པ། བ་ཆུ་བྲེ་བཞིའི་ནང་དུ་མེ་ཤེད་ཆུང་བར་བཙོས་ལ་མ་འདྲེད་པར་བར་མ་ཆད་དུ་དཀྲུགས། ཚིགས་མ་བཙགས། དྭངས་མ་ཁཎྜ་བྱས། ཁ་ཚར་རྣམས་ཡོད་ཙམ་ལས་མི་གཏོང་བར་གསུངས་པས་ལྕུམ་རྩ་སོགས་ཉུང་ན་ལེགས་པར་མངོན། ཆུ་མ་རྩི། དངུལ་ཆུ་གྲང་འདུལ། དུང་ཐལ། རྒྱ་ཚྭ་བཅས་ཉུང་ཙམ་རེ་དུས་རྒྱུན་བསྣན། ཁ་སྒྱུར་གང་འོས་རྒྱུད་ལྟར་བྱ། འདིར་དུར་བྱིད་ཤུན་པ་འཕྲལ་བ་ཙམ་དང་། དན་རོག་ལྕེ་ཤུན་ཕྲལ་བ་ཙམ་ལས་གཞན་དུག་འདོན་མི་དགོས་བཤད་ཀྱང་གོང་སྨྲོས་རྒྱུད་ཀྱི་དགོངས་པ་ཡིན་པས་ལེགས། བཤལ་ཐེབས་ནས་ཆུ་ཁོལ་གྱི་ལྕག་རིམ་པར་བཏང་། ནད་འཁྲུས་ནས་གཅོད་རན་ན་ལྕག་མི་གཏོང་བར་འབྲས་ཐུག་སླ་མོ་བཏང་བས་རིམ་པར་ཆོད། ལྟོ་བཤལ་འབྱམས་ནས་མ་ཆོད་ན་རྒྱུད་ཀྱི་ད་ཏྲིག་བདུན་པ་བཏང་ངོ་། ༈ །ཆུ་སྦྱོང་གི་གདམས་
པ་ཐུན་མོངས་མ་ཡིན་པ་འབུ་སྐྱོགས་བདུན་པ་ནི། འབུ་སྐྱོགས་དུང་འདྲ་བ་ཉེར་གཅིག་ཆང་ལ་གླ་རྩི་བཏབ་པའི་ནང་དུ་བཙོས་ལ་དུག་འདོན། །སྡིག་སྲིན། ཟངས་དྲེགས། ཆུ་མ་རྩི་སྟེ་མཁའ་འགྲོ་ལ་ཕུག །ལྕམ་འབྲུ་བཅས་དེ་བཞི་ཞེ་ཕྱེད་རེ། ཐར་ནུའི་ཁཎྜ་ཞོ་དོ། །བྱང་བ་བར་གཤོག་ལྡན་པ་བཞིའི་བར་གཤོག་བླངས་ནས་ཆང་ནང་དྲོད་ཉག་ཙམ་ཕབ་ནས་དུག་བཏོན་པ་གཉིས་བཅས། སྨན་སྣ་བདུན་ཕོ་བ་ཆུ་ཕུལ་གང་ཙམ་གྱི་ཁཎྜས་རིལ་བུར་དྲིལ། ཤ་ལྤགས་སྦོས་ཤིང་ཆུ་སེར་ཤས་ཆེན་སྒ་ཏིག་ཁཎྜ་ཞད་ཙམ་བསྣན་པ་སྟེ་དངོས་གཞིའི་སྨན་སྦྱོར་རོ། །འདི་ཚ་ཤས་ཤིན་ཏུ་ཆེ་ན་སྲོག་ལ་ཐོབ་ཤ་བྱ་བ་ལས། གྲང་ཆུ་སོགས་ལ་གཏན་ནས་མི་བཏང་སྣ་སེལ་དུ་ཨམྦྷི་དྲུག་ཐང་ཞག་ཁ་ཡར་བསྟེན། གཟེར་ཆེན་སྦང་ཚན་གྱིས་དུག་བྱ། ཤིན་ཏུ་དྲོ་བར་ཡིབས། ཆུ་མདོག་སྔོན་པོ་བྱུང་ན་བཅད་རན་པ་ཡིན་པས། ཤ་ཚིགས་མ་བཙགས་པའི་ཁུ་བ་ཕོར་ཆུང་དོ་ཙམ་བླུད། དེ་ནས་ཞག་ཁ་ཡར་སྐམ་གྱི་རིགས་ཆེར་བཏང་བར་མི་བྱའོ། ༈ །གླང་ཐབས་ཚབས་ཆེན་སོགས་ལ་སྟེང་ནས་སྨན་བཏང་ནས། འོག་ཏུ་ནི་རུ་ཧས་དྲངས་པ་ཤིན་ཏུ་གལ་ཆེ་བས། ཕྱི་རྒྱུད་ལྟར་གཅེའུ་དངོས་ཡོད་ན་ལེགས་ཀྱང་མེད་ན་སྨྱུག་སྦུབས་སོར་བརྒྱད་ཡོད་
པ་ཅན་གྱི་སོར་བཞིའི་རྩིབ་བཞར་ནས་ཤིན་ཏུ་འཇམ་པོར་ བྱས། ཆུ་བསྲོས་པའི་ཚ་མོའི་ནང་དུ་བ་ཆུའི་ཁཎྜ་སྤངས་པ་བོར་ཆུང་གང ་ཙམ་ལ་སྨན་ཐུན་གསུམ་ཙམ་བཏབ་ལ་དཀྲུགས། །དྲོན་མོ་དེ་ཀ་དྲོད་པར་བླུག་ལ་སྨྱུག་སྦུབས་ཚུར་སྣེ་དྲོད་པར་བསྡམ་ལ། འཇམ་ངོས་འོག་སྒོར་སྣུམ་བྱུགས་པར་བཅུག །ནད་པ་སྒུར་པོར་བསྡད། དལ་བུས་སོར་བཞི་གཞུག་ནས་ཅུང་ཟད་ཕྱིར་བསྣར། དེ་ནས་དྲོད་པ་བཙིར། འགྲོ་དཀའ་ན་གཡས་གཡོན་སྟེང་འོག་ཏུ་གཅུ། ལྷག་མ་ཅུང་ཟད་བཞག་ལ་སྨྱུག་སྦུབས་བཏོན་ལ་རས་སམ་ཕྱིང་བས་ཆར། གཞོག་གཡོན་འོག་ཏུ་བཅུག་ལ་ལན་གཉིས་གསུམ་ཕྱིར་མི་བཏང་བར་གྱེན་ཏུ་ཟློག་ཐུབ་ན་ལེགས་ཤིང་མི་ཐུབ་པ་ན་སྣོད་དུ་བཤལ་བར་བྱའོ། ༈ །གཏར་གའི་སྐབས། རྒྱས་ཚད་ལྟ་བུ་གློ་བུར་གཏར་དགོས་མ་ཡིན་པ་ལ་ངན་ཁྲག་དབྱེ་བའི་ཐང་སྔ་ཉིན་ནས་བཏང་། བླ་གནས་མཐུག་ཅིང་གཟའ་སྐར་འཇམ་སྐབས་འགྲུལ་བསྲུང་། བཏུང་བ་ཡང་འཐུང་། ལུས་དྲོས་ངེས་མེ་ཉི་ལྟ་བུས་བསྲོ། ནད་པ་ལོ་ལྷའི་ཕྱོགས་སུ་གདོང་གཏད་ལ་འདུག །གཙག་བུ་ལ་ཉེས་སྐྱོན་སྲུང་བའི་སྔགས་བཏབ། བསྙལ་ལུགས་གཞུང་གསལ་ལྟར་བསྙལ་ཐག་གིས་པགས་པ་མ་འཆུས་པར་སྦྲིད་ཆིལ་
རྩ་རྒྱུད་ལྟོང་གིས་མ་བྱུང་བར་བསྡམ། དེ་ནས་རྩ་རྒྱུད་རྣམས་རེ་ཞིག་འཕུར་བསུབ་བྱས་ནས་རྩ་གང་ཡིན་དེ་ལ་ལག་པའི་མཐེབ་མཛུབ་ཀྱིས་དམ་པར་བཟུང་ལ་སྨྱུག་ཁ་ལྟ་བུའི་སེན་རིས་བྱས། དེ་སྟེང་གཙག་བུས་ཕུག་པས་ཁྲེབ་སྒྲ་གཉིས་བྱུང་ན་ཤ་དང་རྩ་ཕིགས་པའི་རྟགས་ཡིན་པས་བླང་། དེ་ལས་ཐལ་ཏེ་ཤ་གདན་བསྣད་ན་མི་ལེགས་པས་ལག་ཚོད་ཟིན་པར་བྱ། ནད་ཁྲག་ཐོན། ཟུངས་ཁྲག་བྱུང་ནས་བཅད་རན་པ་ན་བསྙལ་ཐག་ཀློད་ལ་རྨ་ཁ་མཐེ་མོས་ཅུང་ཟད་མཉེ། ཕྱིང་པ་ཆུར་བཅུག་པའི་དུམ་བུ་གླན་ལ་བལ་ཐིག་གིས་བསྡམ། ཁྲག་ཆོད་དཀའ་ན་ཤིང་གཞོག་གླན། རྩ་རྒྱུད་རྡོ་གྲང་གཏུགས། འགྲོ་འདུག་ལངས་འགུལ་མི་བྱ་བར་གཟབ། ཁ་ཅིག་ལ་ཁྲག་གིས་བོགས་ནས་དབང་པོ་ཤོར་བ་ཡོད་པས་གསུར་བདུག་བྱ་ཞིང་ཁ་བྲུ་གདབ། ཚབས་ཆེན་གསོན་ཁྲག་བླུད་པའང་གསུངས། རྨ་ཁ་སྐྲངས་ན་ཚྭ་མར་དང་ཁྱི་གཞོབ་བྱུགས་ལ་མཉེ། རླུང་སྐྱེས་ན་རླུང་སྨན་དང་བུ་རམ་བཏང་། ཁྲག་ངན་སྐྱེ་བས་ཆང་རག་བཏོང་མི་རུང་། གག་པའི་ལྕེ་ཟོར་སྐབས་ལྕེ་རྩེ་ཟླ་གམ་རིང་ཐུང་ཕུན་གང་ཙམ་ཡོད་པའི་ཕྱེད་ཡན་དར་གྱིས་དཀྲི། དེ་ནས་ལྕེ་སྐྲངས་དབུས་སུ་བཞག་ནས་གྲི་ལྟག་ལྟ་བུས་བརྡེགས་པས་
རྣག་དོན་ཡོང་། དྲེག་རྩ་ནི་རྐང་པའི་མཐོ་བོང་དང་མཛུབ་མོའི་བར་གྱི་བདར་ཤ་ན་ཡོད་པས། དྲེག་འབུག་རྣོན་པོའི་བུ་གར་དར་དམར་པོ་བརྒྱུས་ནས་ཕུག་ཅིང་། འབུག་བླངས་རྗེས་དར་སྐུད་ཡར་མར་དྲངས། མཐར་ཞབས་ངོས་སུ་བླངས་ནས་དོར། །ཕུག་གདན་འབོལ་ལྟ་བུ་ཞིག་དགོས་སོ། ༈མེ་བཙའ་ནད་སྤྱི་ལ་དོན་སྣོད་སོགས་སོ་སོའི་སྲང་རྣམས་དང་། རྩ་འཁྱུག་ལ་རྩ་ནད་གར་ལངས། རླུང་ཁྲག་འཐབས་པ་སོགས་ཕྱིའི་གཟེར་མིག་ཚབ་ཆུང་མནན་ན་ཕན་པ་ལྟར་སྣང་ཞིང་མཐེབ་རྗེས་འབྱུང་བ་རྣམས་ལ་དེ་གར་མེ་བཙའ་གདབ་རུང་། མི་བཙའ་ཆེ་ཆུང་ཚད་ནད་དང་སྦྱར་ཚུལ་རྒྱུད་ནས་གསུངས་ པ་ལྟར་ལས་གང་བྱུང་བྱས ་ན་དམན་ལྷག་གི་ཉེས་པ་སྐྱེད། མེ་བཙའི་དམ། མར་ནག །རྒྱུངས་པ། སྒོག་པ་གསུམ་སྦྱར་བ་དགོས། མེ་བཙའ་མང་པོ་དུས་གཅིག་བཞག་སྐབས་སྔ་མའི་སུམ་གཉིས་ཚིག་རྗེས་གཞན་གཅིག་སྦར་ནས་རྒྱུན་མི་འཆད་པ་གལ་ཆེ། མེ་ཤི་རྗེས་མཐེབ་རྒྱས་མནན་ལ་གོམ་པ་འགའ་རེ་འགྲོར་གཞུག །དེ་ནུབ་ཆུ་གྲང་མི་བཏུང་། ཕོ་བ་སོགས་སྣོད་དུ་ཟས་ཟོས་རྗེས་མེ་མི་གདབ་པ་གནད་ཡིན་ནོ། ༈སྐྲངས་པ་རྣག་ཏུ་འགུགས་ན། སྐྲངས་པའི་དཀྱིལ་དུ་ཕུག་
རོན་བྲུན་དང་ནས་སྔོན་ཕྱེ་མ་ཆུ་ཉུང་ངུར་བཙོས་ལ་བ་ཀོ་ཙམ་གྱི་སྲབ་མཐུག་གི་ཐིག་ལེ་བྱས་པའི་སྟེང་ཤོག་གུས་བཀབ་ལ་སྦྱར། རྣག་མ་སྨིན་པར་དུ་འཇོག །རང་བརྡོལ་བཅོལ་ན་དེའི་དཀྱིལ་ཕུག་ལ། ཕུག་རོན་བྲུན་ཆ་གཉིས་དེའི་ཕྱེད་ཀྱི་དུང་ཐལ། ནས་སོན་ཕྱེ་མ། རྒྱ་ཚྭ། ཐར་ནུ་ནུས་བསྲེགས་རྣམས་ཞིབ་པར་བཏགས་ལ་ལྡེ་གུ་བྱས་པ་འཐུག་པོར་བཀུས་པའི་སྟེང་སྐྱི་མོས་བཀབ། ཆུ་ཡིས་རྒྱུན་ཏུ་ནེ་མ་བརྒྱབས་པས་ཞག་གཉིས་གསུམ་ནས་བརྡོལ། འཕྲལ་དུ་ཕུག་འདོད་ན་ཟངས་ཐུར་གྱིས་བསྲེགས་ནས་འབིགས་པར་བཤད་དོ། ༈ཙནྡན་མར་ཁུའམ་ཤུག་རག་ཏུ་གྲགས་པ་ནི། ཤུག་པ་སྤ་མ་སྡོང་པོ་ཐང་ཆུ་ཅན་གཞོག་པ་དེ་རྫ་མའི་ནང་དུ་གང་ངེས་བླུག །ས་ལ་དོང་བྲུས་པའི་ནང་དུ་སྣོད་ཞིག་ཁ་ཡར་ལ་ཟེད་པའི་སྟེང་རྡོ་ལེབ་ཁུང་བུ་བདུན་ཙམ་ཡོད་པས་བཀབ། དེ་སྟེང་ཤུག་པས་བཀང་བའི་རྫ་མ་ཁ་སྦུབས་ལ་ས་དོང་མཚམས་ནས་སྲུབ་མེད་པར་རྫ་མའི་ཕྱི་ངོས་འདག་ཞལ་བྱས་ནས་སྐམ་དུ་གཞུག །དེ་ནས་སོལ་མེ་འབུད་ནས་ཉིན་གཅིག་ཙམ་བསྲེགས་པས་ཤུག་པའི་ཁུ་བ་རྡོ་ལེབ་ཐུག་ནས་དོང་གི་སྣོད་དུ་འཁྱིལ་པ་དེས་ཆུ་སེར་སོགས་པགས་ནད་རིགས་ལ་ཆེས་ཟབ་པའོ། །འདི་
ལའང་འོག་ཏུ་ཆུ་རླན་མེད་ན་མང་བ་མི་བབས་རིམ་གྱིས་སྐམ་འགྲོ་བས། དོང་ནང་ཆུ་དོང་ལ་རྫ་མ་ནུབ་པ་བྱ། ལྟག་ནས་ཝ་བརྐོས་ནས་ཆུ་ཁྲིད། འོག་ནས་ཝ་ལ་ཆུ་ཕྱིར་འགྲོ་རྒྱུ་ཡོད་པ་བྱ་བ་དང་། ཤུག་པའི་ཤིང་ལའང་ཚིལ་ཞགས་ཅུང་ཟད་བརྒྱབ་ན་ལེགས་པ་ལག་བླངས་སོ། ༈ །བདུད་རྩི་ལྔ་ལུམ་ནི། བྲག་མཚེ། ཤུག་པ་ཚེར་མ་ཅན། མཁན་པ་གསེར་མགོ། །སུར་དཀར། འོམ་བུ་བཅས་རློན་བཏུས་ བྱས་པ་སོ་སོར་ཁྲོལ་བུར་བརྡུངས་པ་རེ་རེ་ནས་ཕུལ་གྱིས་འཇལ་བའི་བྲེ་གང ་རེ་བྱས། རྩ་བ་ལྔ་དེ་ལས་ཉུང་ཙམ་བྱ། གཟེ་མ་ཞིབ་མོར་བརྡུང་། གཞན་ཡང་བཤལ་སྐྱུགས་དུག་རིགས་མིན་པའི་སྨན་གང་འཛོམ་དང་། བྲག་ཞུན་ཅོང་ཞི་ཆུ་སེར་སྨན་གསུམ་གང་མང་བཅས་ཁྲོལ་ཙམ་བརྡུངས་བ་ཐམས་ཅད་སྣོད་ཆེན་པོར་ཆུ་མང་ཙམ་བླུགས་པའི་ནང་དུ་བུལ་ཏོག་བྲེ་ཕྱེད་ཙམ་བཏབ་པ་དང་ལྷན་ཅིག་ཇ་ཡུན་ལྷག་ཙམ་བསྐོལ། ཁུ་བ་བཏོན་ནས་ཅུང་ཟད་གྲང་བ་དང་ཕབ་ཕྱེ་བྲེ་ཕྱེད་བཏབ། སྟན་དང་ཁེབ་བཅས་དྲོ་སར་ཞག་གསུམ་བསྙལ་ལ་བཏོན། ལོགས་སུ་ཆུ་ཚན་ཁྲོ་སྣོད་ཆེ་བར་བསྐོལ་བ་ལ་ཉུང་ཙམ་བསྣན་པ་དེ་གྲོ་འཇམ་ཙམ་ལ་ཞུགས། མགོ་མ་གཏོགས་སྣོད་བཅས་རས་ཀྱིས་དཀྲིས་ལ་རླངས་མ་ཤོར་བར་བྱས་
ནས་མཚན་བརྗོད་ཚར་གཅིག་རིང་འདུག་དེ་ནས་རས་ཕུད་ཆུ་ཕྱར། མཚན་མོ་ཆུ་ལ་ཁེབས་རྒྱག །ཕྱིར་ཉིན་ནས་ཉིན་རེ་བཞིན་ཆུ་རིམ་པར་ཚྭ་རུ་བཏང་ནས་ལན་གཉིས་རེ་ཞུག །ཞག་བཅུ་ཙམ་ནས་འཕྲོ་བཅད་ལ་ཕྱེ་འཕུར་གྱི་བྱུག་པ་བྱ། སྤྱིར་ཆུ་འཐག་ན་ཆུ་བསྣན་མ་འཐག་པར་གྲང་ན་བདུད་རྩི་རང་གི་ཆུ་དྭངས་བཀོལ་ནས་བསྣན། པར་ཐམས་ཅད་དུ་རླངས་པ་མ་ཤོར་བ་གལ་ཆེ། ཡང་ལག་ལེན་ལུགས་གཅིག་ལ། བདུད་རྩི་ལྔ་པོ་ཞིབ་བརྡུངས་ཕྱེ་མ་སོ་སོ་ཆ་མཉམ་པ་ཟངས་སྣོད་ཆེ་བ་ཞིག་ཏུ་བླུགས། དེ་མཉམ་ནས་སྔོན་ཕུལ་གང་ཙམ་དང་བུལ་ཏོག་བཏབ། ཆུ་རང་ནུབ་ཙམ་བླུགས་ལ་བསྐོལ། ཡང་ཡང་ཆུ་ས་བཅིང་ཁུ་བ་རང་ཐིམ་སོང་དུས་ཕོག་ནས་གྲང་བཅུག །དྲོད་རྔ་ཡོད་ཙམ་དུས་ཆང་ཕབ་བཏབ་ཅིང་ཞག་གསུམ་ལ་ཆང་བསྙལ་བ་ལྟར་བྱ། དེའི་མཉམ་དུ་འབྲུ་ཆང་ཞིག་ཀྱང་བཙོས་ལ་བསྙལ། དེ་ནས་གཟའ་སྐར་བཟང་པའི་ཉིན་བདུད་རྩིའི་སྨན་སོབ་སྒྲ་དང་ཆང་དྲི་བཅས་བྱུང་དུས་ཁ་ཕྱེས་ལ། ཁ་ཚར་གྱི་སྨན་སྤྱི་ལ་རྩ་བ་ལྔ་ཁྲོལ་བརྡུངས་བྱས་པ། རྩ་དཀར་ལ་གླ་རྩི་ཁྱོར་དོ་ཙམ། ཆུ་སེར་ཅན་ལ་མུ་ཟི་ཐུན་གཅིག་བཏབ། འབྲུ་ཆང་ལ་ཆུ་བརྒྱབ་ནས་བཙགས་པའི་ཆང་རང་
ནུབ་ཙམ་བླུགས་ནས་བསྐོལ་ལ་ཕོག་སྟེ་ཁ་བཅད་ནས་ཅུང་ཟད་བཞག །དེ་ནས་ཟངས་སྣོད་ཆེ་བར་བླུགས་ལ་སྔོ་ཁུ་དང་ཆུ་ཡིས་བུངས་བསྐྱེད་ལ་བསྐོལ། །དེ་ནས་ས་ལ་ལུས་སྐྱིལ་ཀྲུང་གིས་སྡོད་ལོ་བའི་ཚད་ཀྱི་དོང་བྲུས་པའི་ནང་དུ་ཀོ་རློན་བཏིང་། ཟུར་རྣམས་དོང་ཁར་ཕུར་པས་བརྒྱད། དེའི་ནང་དུ་སྨན་གྱི་ཆུ་ཁོལ་བླུགས་ལ་ཉལ་བའི་དང་པོ་ཆུ་ཚན་དེས་མགོ་དང་ཁོག་སྟོད་བཀྲུ། སླར་ཅུང་ཟད་རེ་གྲང་དུས་ཐབ་ཀྱི་སྨན་ཁུ་ཚན་མོ་རེ་དང་བརྗེ་རེས་བྱེད་ནས་ཡུན་ཇེ་རིང་ལ་གཏོང་བའི་ལན་གྲངས་ལྔ་དང་བདུན་དགུ་བཅོ་ལྔ་ཕྱིན་ཡང་ཡང་ཞུག །།ཁྲག་ནད་བད་ཀན་སོགས་སྟོད་དུ་འཕྱུར་སྙམ་བྱུང་ན་གསེར་ཐང་བཅོ་བརྒྱད། ཨ་གར་སོ་ལྔ་སོགས་རིག་པས་དཔྱད་ལ་བཏང་། །མཚམས་སུ་ཤ་གསར་དང་ཕྱེ་ཐུག་སོགས་དྲོད་བཅུད་ཅན་གྱི་ཟས་ཀྱང་ཁམས་དང་བསྟུན་ནས་བཏང་། ཉལ་ཚེ་རླངས་པ་ཕྱིར་མི་ཤོར་བ་གོས་སམ་རས་ཕྱར་གྱིས་སྟེང་ནས་བཀབ། ལུམ་འཇོག་མཐར་མར་དཀར་དང་ཕྱེ་བསྲེས་པས་ལུས་ལ་བྱུག་པ་བྱ། ཆང་བསྲེས་ཀྱི་ལུམ་འདི་རྩ་དཀར་དང་རླུང་ལ་ཁྱད་པར་བསྔགས། དུག་དང་དུག་ཐབས་ཀྱི་ནད་གཞུག་ཆུ་ཆན་མི་བྱེད་པར་འདུད་རྩི་ཆུ་ཚན་འཇི་ལྟར་བསྟེན་པ་མཆོག་ཏུ་བསྔགས། རྩ་དཀར་དྲེག་གྲུམ་སོགས་ལ་བཅིངས་ལུམ་དགོས་ཚེ་གོང་ལྟར་སྦྱར་བའི་རོ་མ་ཚ་མོ་ནས་ར་བཅིངས། གཡོགས་ཀྱིས་
བསྡམས་ལ་རེས་མོས་བརྗེ་བ་དང་། སྟེང་ནས་བདུད་རྩིའི་རྒྱུན་འབེབས་ པ་སོགས་གང་འོས་བྱས ་པས་ནད་སེལ་ཞིང་ཕན་བདེའི་ཡོན་ཏན་རྒྱས་པར་འགྱུར་རོ། ༈ །དབང་རིལ་ཉེར་ལྔའི་ཕྱག་ལེན་ནི། དབང་རིལ་འཁྲུལ་མེད། གཙོ་བོར་བྱས་པའི་དབང་དུ་བྱས་ན། བསེ་རུ་དཀར་པོ་ཆུ་བརྡར་ བྱས་པ། གུར་གུམ་ཁ་ཆེ་མའམ་དཀྲུས་མ། ཆར་ཉུང་ཁཎྜ་ ཁྱུང་སྐྱུགས་ སུགྨེལ། ལི་ཤི། ཅུ་གང ་རྣམས། རེ། གླ་རྩི་ རྒྱ་གར་རུ་རྟ་དང་བོང་ཀྱི་རུ་རྟ་འདྲེས་མ་ གསེར་བྱེ། ཉི་དགའ། སྡིག་སྲིན་རྣམས་ རེ། ཨ་རུ་གསེར་མདོག །བ་རུ་ར་དང་། སྐྱུ་རུ་ར་ རེ། ཙནྡན་དཀར་པོ། བ་ཤ་ཀ་ ལྡུམ་བུ་རེ་རལ་ འབྲས་སྣ་གསུམ་སོ་སོ་ནས་ རེ། མཚལ་དཀར་ཏེ་རྡོ་མཚལ་རང་བྱུང་ མཁལ་མ་ཞོ་ཤ་དང་། གོ་ཡུ་ བཅས་སྨན་བྱིང་རྣམས་ཞིབ་པར་བཏགས། དེ་ནས་དབང་རིལ་དུག་འདོན་ལ། དཀར་པོ་ཡིན་ན་མཛོ་མོའི་འོ་མ་དང་། སྔོ་ལྗང་གར་ཆང་ནང་དུ་དྲོད་བབ་ཙམ་བཅོ། །སེར་པོ་ཡིན་ན་བཙོས་ཟན་ནང་དང་། དམར་པོ་གཡག་རྒོད་ཤའི་ནང་དུ་བསྟུམ་ལ་དྲོད་བབ་ཙམ་བསྲེག །ངར་འདོགས་
གདན་གཙང་ཁར་དཀར་ཡོལ་གས་ཆག་མེད་པའི་ནང་བྱིས་པ་ཕ་མ་འཛོམ་ཞིང་མིང་བཀྲ་ལེགས་པས་ཆུ་མིག་ཁ་ཤར་བསྟན་ནས་སྐྱོགས་ཁ་ཐུར་དུ་གྱུར་ཏེ་བླངས་པའི་ཆུ་བླུགས། དེ་ནང་དབང་རིལ་ །ཕྱེ་མ་དང་། ཁ་ཆེ། གི་ཝཾ། གླ་རྩི། ལི་ཤི། ཛཱ་ཏི་རྣམས་ རེའི་ཕྱེ་མ་དང་ལྷན་ཅིག་ཏུ་ཞག་གཅིག་བར་དར་དཀར་གྱིས་ཁ་བཅད་ལ་བཞག །དེ་ནས་སྨན་དང་བསྲེ། ཁྱུང་སྐྱུགས་སྤོས་རྡོ་མ་ཡིན་པ་རིན་པོ་ཆེའི་རིགས་སུ་གཏོགས་པའི་ལེགས་པ་ལ་དུག་འདོན་བྱ་དགོས་པས། དེའི་ཚུལ་ནི། གཞི་ཁྱུང་སྐྱུགས་ཞོ་གསུམ་ལ། ཟེ་ཚྭ་དང་། ཚྭ་ལ་ཆུ་བཅད་ རེ། བེ་ལྗང་རེ་རལ། ལྡུམ་བུ་རེ་རལ། གངྒཱ་ཆུང་རྣམས་ རེ། སྟར་བུའི་ཁཎྜ་ ཨ་རུ་གསེར་མདོག་དང་། མགྲོན་བུ་སྦོ་ཅན་ཧར་བསྲེགས་ཐལ་བ། རེ། གླ་རྩི་དྲི་ཐོན་བཅས་ལོ་བརྒྱད་དྲི་ཆུར་བཏབ་ལ་ཉི་མ་ཕྱེད་ཙམ་བཙོ། །དེ་རྗེས་གར་ཆང་བསྣན་ལ་བཙོ། །ཆུ་གྲང་གིས་དག་པར་བཀྲུས། སླར་ཡང་ཆུ་གཙང་ནང་དུ་ལན་གསུམ་བཙོ་ཞིང་བཤལ་བ་ཞིབ་བཏགས་ཀྱི་ཕྱེ་མ་སྨན་དང་བསྲེ། དེ་རྣམས་ཆར་ཉུང་གི་ཁཎྜས་འདམ་ཐག་ལེགས་པར་བྱས་ཏེ། རིལ་བུ་སྲན་འཕོས་ཙམ་དྲིལ། རིལ་ཆགས་འཐེམ་པར་བྱ། རབ་ཏུ་
གནས་ཤིང་རླུང་མི་འཆོར་བའི་སྣོད་པར་བུ་བཟང་པོར་བཅང་བར་བྱའོ། །དབང་རིལ་མེ་དང་ཉི་མ་བུད་མེད་ཀྱིས་མ་རེག་ཅིང་ནམ་མཁའ་མ་མཐོང་བར་བྱ་བ་དམ་ཚིག་ཏུ་བཤད། ཕན་ཡོན་ནི། གཞུང་ལས། ཕན་ཡོན་དུ་གནད་གསར་རྙིང་དང་། །ཚད་པ་རྙིང་པ་རྣམས་ལ་ནི། །སྡུད་དང་གསོད་དང་འཇོམས་པར་བྱེད། །འདི་ལས་ཟབ་པ་གཞན་ན་མེད། ཅེས་གསུངས་པ་ལྟར། སྦྱར་དུག་དང་གྱུར་དུག་གི་གཙོས་ཁོང་ནད་རིགས་སྤྱི་དང་། ཁྱད་པར་སྨུག་པོ་དུག་ཐབས་ལ་ཡུན་རིང་བསྲིད་སྟེ་བསྟེན་ན་ཤིན་ཏུ་ཕན་པ་ལག་ལེན་མྱོང་གྲུབ་བོ། །འདི་ལ་ཁྱུང་སྐྱུགས་མལ་དུ། ཛ་ལུ་ར། ཞེས་དང་། དེའི་མཆན་ཏུ། རྟའི་ཕྱ་ཚན་བྲིས་པ་དང་། སུགྨེལ་ལ་གསང་སྨན་ཅེས་དང་། དེའི་མཆན་གཡུ་རྙིང་བྲིས་པའང་སྣང་ཞིང་། དེ་དག་གང་ཡང་དུག་དང་སྨུག་པོའི་གཉེན་པོར་འགྲོ་བ་ཁྱད་པར་མི་སྣང་ངོ། །དེ་སོགས་ཉེར་མཁོའི་རིགས་གྱུར་མང་ན་ཡང་། །ཤེས་བྱ་ནམ་མཁའི་མུ་ཁྱུད་མཐའ་ཡས་ཤིང་། །བློ་གྲོས་དམན་པས་ཉུང་དུའང་ཤེས་པ་དཀའ། །མེད་ཐབས་མེད་པ་འགའ་ཞིག་འདིར་གསལ་བྱས། །དལ་འབྱོར་ཤིན་ཏུ་རྙེད་དཀའ་ཡིད་བཞིན་ནོར། །ནད་
གདོན་དྲི་མས་ནོངས་ཀུན་འཚོ་ཐབས་ཀྱི། །བྱི་དོར་འདིས་ཀྱང་དག་བྱེད་མཆོག་གྱུར་ཏེ། །དོན་གཉིས་འདོད་རྒུ་ཡུན་རིང་འཇོ་བར་ཤོག །དཔལ་ལྡན་གསོ་བ་རིག་པ་འདི་ཉིད་ལུས་ཅན་མཆོག་དམན་ཀུན་གྱི་བདུད་རྩིར་གྱུར་ཀྱང་། སྙིགས་དུས་སྦྱངས་པས་དམན་པའི་འཚོ་བྱེད་གཟུགས་བརྙན་འཛིན་པ་རྣམས་དམན་ལྟག་ལོག་པའི་སྦྱོར་བ་ལ་ཞུགས་པར་མཐོང་ནས་ཅུང་ཟད་ཕན་འདོད་ལྷག་པའི་བསམ་པས་ཀུན་ནས་སླངས་ཏེ། སྨན་རྒྱལ་བསྟན་པའི་ཉིན་བྱེད་བརྒྱུད་པར་བཅས་པའི་གསུང་གི་རྒྱུན་ལས་དངོས་སུ་ཐོས་པ་དང་རེག་ཟིག་ཕྲ་མོ་འགའ་བསྒྲིལ་ཏེ། མང་ཐོས་ཀྱི་དགེ་སྦྱོང་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་ཉག་ཤོང་རི་རྒྱལ་དགའ་ལྡན་ཀུན་ཁྱབ་རྫོང་དུ། མི་རྗེ་སྤྱི་ཁྱབ་ཆེན་པོའི་དགོངས་བཞེད་ལྟར་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་རྒྱ་ཆེར་བསྟར་བའི་སྐབས་སུ་བྲིས་པ་གཞན་ཕན་མཐའ་ཡས་པ་འབྱུང་བར་གྱུར་ཅིག །དགེ་ལེགས་འཕེལ། །