Nitartha Digital Library
Tibetan
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

1 occurrence of གཏེར་སྲུང་
[Clear Hits]


collapse section
  
  
  
  
  
  
  
  
  
 
ལེའུ་བཅུ་པ་བསོད་ནམས་རྒྱན་དང་རྒྱན་ཆེན་མའི་ཞུས་ལན་གྱི་སྐོར།
  


1 occurrence of གཏེར་སྲུང་
[Clear Hits]

 
previousལེའུ་བཅུ་པ་བསོད་ནམས་རྒྱན་དང་རྒྱན་ཆེན་མའི་ཞུས་ལན་གྱི་སྐོར།next

ལེའུ་བཅུ་པ་བསོད་ནམས་རྒྱན་དང་རྒྱན་ཆེན་མའི་ཞུས་ལན་གྱི་སྐོར།

ལེའུ་བཅུ་པ། བསོད་ནམས་རྒྱན་དང་རྒྱན་ཆེན་མའི་ཞུས་ལན། དེ་ལ་ལྟོས་ཏེ་ཡང་

བསོད་ནམས་རྒྱན་གྱིས་ཞུས་པ། མ་ཅིག་ལགས། དེ་འདྲའི་རྒྱལ་ཁྲིམས་འཆུག་པའི་དུས་

སུ་ཆོས་ཁྲིམས་ལའང་ཅི་འདྲ་ཡོང་། ཆོས་ཁྲིམས་འཆུག་གམ་མི་འཆུག །ཆོས་ཀྱི་དར་ཆ་

གང་ལ་བྱས་པ་འོང་ལགས་སམ། ཞེས་ཞུས་སོ། །ཡང་མ་ཅིག་གི་ཞལ་ནས། ཀྱེ་རིགས་

ལྡན་ཕོ་མོ་ཀུན་ཉོན་དང་། རྒྱལ་ཁྲིམས་འཆུག་པའི་དུས་སུ། ཆོས་ཁྲིམས་ཡང་ཉམས་པའི་

239

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

སྐབས་ཤིག་གི་དུས་སུ་ཆོས་ཁྲིམས་ལ་ད་ལྟ་བས་ཀྱང་གསལ་བ་སངས་རྒྱས་ཀྱི་བསྟན་པ་

ཚུལ་བཞིན་སྐྱོང་བའི་དགེ་སློང་གཅིག་འབྱུང་སྟེ། བསྟན་པ་མར་འགྲིབ་ལ་བབ་པས་ཡུན་

རིང་པོར་མི་སྡོད། ནམ་མཁའི་འཇའ་བཞིན་དུ་ཡལ་བར་འགྱུར་བས། དེ་ནས་སངས་རྒྱས་

ཀྱི་བསྟན་པ་མ་ནུབ་ཀྱི་བར་དུ་བསྟན་པ་ལ་བྱ་བ་བྱེད་པར་ནུས་པ་ནི་མི་འབྱུང་ངོ་། །ཆོས་ཀྱི་

དར་ཆ་ནི་ཐོས་པའི་ཚིག་སྐམ་རྐྱང་པ་ལ་བྱས་ནས་རྩོད་པ་རྒྱས་ཏེ། འཁྲུག་པའི་གཞི་མར་

གྱུར་ཅིང་། རྟགས་ཙམ་འཛིན་པའི་དུས་ཡིན་ནོ། །ཞེས་གསུངས་སོ། །

ཡང་བསོད་ནམས་རྒྱན་གྱིས་ཞུས་པ། མ་ཅིག་ལགས། ཆོས་ཁྲིམས་ཉམས་པའི་

དུས་སུ་སངས་རྒྱས་ཀྱི་བསྟན་པ་གསལ་བར་བྱེད་པའི་དགེ་སློང་དེ་གང་ལགས། བསྟན་པ་

གསལ་བ་དེ། དེ་ལྟ་བས་ལྷག་གམ། སྔོན་བྱུང་ངམ། འདི་ནས་བཟུང་སྟེ་བསྟན་པ་དར་བར་

བྱེད་པའི་དགེ་སློང་དེ་མ་བྱུང་བར་དུ་བསྟན་པ་ལ་དར་ནུབ་འོང་ངམ། ཆོས་ཁྲིམས་འཆུག་

ཅིང་བསྟན་པ་ཉམས་པའི་རྟགས་ལ་ཇི་འདྲ་བ་འོང་ལགས། ཞེས་ཞུས་པས། ཡང་མ་ཅིག་

གི་ཞལ་ནས། སྦྱངས་བའི་ལས་སད་རིགས་ལྡན་བསོད་ནམས་རྒྱན། །པད་མའི་མདངས་

ཅན་ཆགས་བྲལ་ཞི་དུལ་ཅན། །ཡིད་འོང་ལྟ་སྡུག་སངས་རྒྱས་བསྟན་ལ་གུས། །དད་བརྩོན་

ཤེས་རབ་ལྡན་པའི་དྲི་བ་མཁས། །མ་གཡེང་གུས་པས་ཉོན་དང་བུ་སློབ་ཀུན། །གངས་

ཅན་ཁྲོད་འདིར་སངས་རྒྱས་བསྟན་པ་འདི། །དར་ནུབ་འབྱུང་ཚུལ་འདི་འདྲ་ཡིན་ནོ་

བཤད་ཀྱིས་ཉོན། །སྔོན་བྱུང་དུས་སུ་དམ་ཆོས་བོད་ཁམས་སྨག་རུམ་ལ། །དམུ་རྒྱུད་བོན་

གྱི་བསྟན་པ་དར་བའི་ཚེ། །སངས་རྒྱས་སྨན་བླའི་རྣམ་འཕྲུལ་རྒྱལ་པོ་ནི། །སྙན་བཙན་ཞེས་

པ་ཆོས་སྒྲ་སྒྲོག་པ་བྱུང་། །དེ་ནས་བཟུང་སྟེ་ཡུན་རིང་དུས་གཅིག་ལ། །འཇིག་རྟེན་དབང་

ཕྱུག་དངོས་ཉིད་བོད་དུ་གདུལ་བྱའི་དོན། །མི་རུ་སྤྲུལ་པའ་ིམ་ིདབང་རྒྱལ་པ་ོན།ི །སྲངོ ་བཙན་

སྒམ་པོ་ཞེས་བྱའི་རིགས་ལྡན་བྱུང་། །དམ་ཆོས་སེང་གེའི་སྒྲ་སྒྲོགས་དམུ་རྒྱུད་ཝ་ཚོགས་ཕམ་

པར་མཛད། །ཐུབ་བསྟན་སྲོལ་བཏོད་བོད་ཡུལ་མུན་པ་བསལ། །རྟེན་གསུམ་ཕོ་བྲང་

240

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

བཞེངས་སོགས་ལྷ་སྡེ་དཔག་མེད་བཙུགས། །འགྲོ་ལ་ཕན་ཕྱིར་ཁྲིམས་ཀྱི་སྲོལ་རྣམས་

བཏོད། །བོད་ཁམས་འགྲོ་བ་བདེ་ལ་བཀོད་མཛད་ཕྱིར། །བསྟན་པ་ལྷག་པར་སྐྱོང་བའི་བོད་

རྗེའི་བཙུན་མོ་གཉིས། །རྒྱ་ནག་བལ་པོའ་ིམི་དབང་སྲས་མོ་ནི། །འཁོར་བའི་འཇིགས་

སྐྱོབ་སྒྲོལ་མའི་སྤྲུལ་པ་གཉིས། །སྨོན་ལམ་ལས་མཐུན་སྲོང་བཙན་ཆུང་མར་བླང་བའི་

དུས། །སངས་རྒྱས་དངོས་ཉིད་མཚུངས་འདྲའི་གཟུགས་སྐུའི་མཆོག །འཛམ་གླིང་འགྲོ་བའི་

གཙུག་གི་རྒྱན་གྱུར་པ། །ཇོ་བོ་ཤཱཀྱའི་གཙོ་བྱས་རྟེན་རྣམས་སྤྱན་དྲངས་ནས། །བོད་ཡུལ་

དབུས་བཞུགས་བསོད་ནམས་ཞིང་གྱུར་དང་། །རྒྱ་གར་མཁས་པའི་ལེགས་བཤད་བདུད་

རྩིའི་ཆུ་རྒྱུན་གྱིས། །གངས་རིའི་ལྗོངས་ཀྱི་འགྲོ་བའི་ཉོན་མོངས་དྲི་མ་འཁྲུད་པ་རྣམས། །དུས་

དེར་འཛོམས་པས་ཐུབ་བསྟན་དར་རྒྱས་ལྷག་པར་བོད་དུ་བྱུང་། །དེ་ནས་བཟུང་སྟེ་ཡུན་རིང་

བར་དུ་ནི། །སྣང་མཐའི་སྤྲུལ་པ་པད་འབྱུང་ལ་སོགས་ཏེ། །མཁས་གྲུབ་དུ་མའི་ཚོགས་

རྣམས་དཔག་མེད་དང་། །རྒྱལ་བའི་རྣམ་འཕྲུལ་བོད་དུ་འཛོམ་པའི་ཚེ། །བསྟན་པ་དར་རྒྱས་

ཡུན་རིང་བྱུང་བའི་མཐའ་སྐབས་ལ། །རྒྱ་ནག་མ་ཧཱ་ཡ་ནའི་སློབ་མ་ཞིག་གིས་ཆོས་ལོག་

སྟོན་པ། །ཤྲིཀ་མ་ལས་འདུལ་བྱས་སོ། །བདུད་སྤྲུལ་བོད་རྗེ་གླང་གི་མཚན་ཅན་གྱིས། །བསྟན་པ་

བདུན་ཅུ་ལོ་བར་བསྣུབས་པའི་རྟིང་། །བསྟན་པའི་མེ་རོ་རྒྱ་ནག་ཕྱོགས་ནས་ཡར་ལྡང་

བས། །བསྟན་པའི་འདུལ་ཁྲིམས་དར་རྒྱས་དབུས་སུ་འབྱུང་བ་དང་། །ང་ཉིད་བོད་ཡུལ་

ལབ་ཕྱིར་བྱུང་བར་གྱུར་པ་དང་། །རྟེན་འབྲེལ་འཛོམ་པའི་ད་ལྟ་བསྟན་པའི་དར་ཆ་འཛོམ་

པ་སྟེ། །འདི་ནས་ཕྱིས་འབྱུང་ཡུན་རིང་སྐབས་ཤིག་དུས། །བསྟན་པའི་བར་ཆད་མུན་སྐབས་

ཤིག་འོང་སྟེ། །སྔགས་ཆས་འཛིན་པའི་ཆོས་ལོག་དར་བར་འབྱུང་། །འགྲོ་བ་དཔག་མེད་

ལོག་ལམ་སྦྱོར་བའི་ཚེ། །དེ་ཡི་གཉེན་པོ་རྒྱ་གར་ཡུལ་གྱི་དབུས་ཉིད་དུ། །མཁས་པའི་གཙུག་

རྒྱན་མཆོག་ཏུ་གྱུར་པ་ནི། །སྒྲོལ་མས་བྱིན་རླབས་མར་མེ་མཚན་ཅན་ཉིད། །ཤཱཀྱའི་སྲོལ་

འཛིན་དགེ་སློང་བོད་དུ་བྱོན། །སྡེ་སྣོད་གསུམ་གྱི་ཉི་མ་མཁའ་ལ་ཤར། །ཆོས་ལོག་མུན་

241

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

པའི་དཔུང་རྣམས་བརླགས་ནས་ནི། །བསྟན་པ་གསལ་བྱེད་འདུལ་ཁྲིམས་སྡེ་རྣམས་

བཙུགས། །ཆོས་ཁྲིམས་དར་ཞིང་བསྟན་པ་ཡུན་རིང་རྒྱས་པའི་སྟེང་། །ཅུང་ཟད་ཉམས་པའི་

བར་སྐབས་བྱུང་བ་ན། །ས་དཀར་ལོགས་ཀྱི་ནོལ་ཐང་ས་སྐྱ་པཎྜི་ཏ་ལོ་དེར་སྐྱ་མོ་དེ། །ཚངས་

པའི་རིགས་ཅན་ལྷ་ཡི་སྲས་ས་ཆེན་ཀུན་དགའ་སྙིང་པོ་ཀྱིས་བཟུང་། །ཞང་ཞུང་ཡུལ་རྣམས་ལྷ་

སྡེས་བཙུད་པ་འོང་། །རྟེན་གསུམ་ཕོ་བྲང་བསྟན་སྲུང་དེར་གནས་ཏེ། །འཇམ་དཔལ་རྣམ་

འཕྲུལ་ཟུང་བཞིས་འགྲོ་བ་འདྲེན། །ཁྱད་པར་ལྷག་པར་མི་གཡོའ་ིསྤྲུལ་པ་ནི། །དཔལ་གྱི་ས་སྐྱ་

པཎྜི་ཏ་ཚན་ཅན་མཚན་ལྡན་སྐྱེས་བུ་འབྱུང་། །མུ་སྟེགས་བཏུལ་ནས་ཤཱཀྱའི་བསྟན་པ་རྒྱལ་

བ་སྟེ། །བསྟན་བཅོས་ཉམས་པ་གསོས་དང་བསྟན་པའི་བ་དན་ནམ་མཁར་འཕྱར། །བསྟན་

པ་མི་ནུབ་བསྟན་པའི་རྒྱལ་མཚན་འཛིན། །བསྟན་པའི་རྒྱལ་ཚབ་དམ་པ་དེ་འདྲ་འབྱུང་། །དེ་

ནས་འགའ་ཞིག་འདས་པའི་ཡུན་རིང་དུས། །སྙིགས་མ་རྩོད་པ་རྒྱས་པའི་དུས་འབྱུང་སྟེ། །

འདུལ་ཁྲིམས་འཆོལ་བའི་བསྟན་པ་ཉམས་གྱུར་ཅིང་། །ཆོས་ཁྲིམས་མི་གཙང་ཉོན་མོངས་

ཆགས་པའ་ིདབང་དུ་འགྱུར། །ལགོ ་སྤྱདོ ་དམ་ཉམས་དཔག་མདེ ་འབྱུང་བའ་ིདུས་ཉདི ་དུ། །བུ་

མོ་ཁྱོད་ཀྱིས་དྲིས་པའི་དགེ་སྦྱོང་དེ། །མ་འོང་བསྐལ་བཟང་སངས་རྒྱས་བདུན་པ་དེ། །ད་ལྟར་

བྱང་ཆུབ་སེམས་དཔའི་སྟོབས་ལྡན་མཆོག །སྙིང་སྟོབས་བསྐྱེད་པ་སྨོན་ལམ་དབང་གིས་

ནི༑ ༑སྙིགས་དུས་ལོག་པར་སྤྱོད་ཚེ་བོད་ཀྱི་ཡུལ་དུ་བྱུང་། །དགེ་སྦྱོང་ཚུལ་འཛིན་གྲགས་པའི་

མཚན་ཐོགས་ཏེ། །ལུང་རིགས་སེང་གེའི་ང་རོ་རབ་བསྒྲགས་པས། །ཁྲིམས་འཆལ་ལོག་

སྤྱོད་སྤབོ ས་པ་ཟལི ་གྱསི ་གནནོ ། །ཁྲམི ས་འཆལ་དཔག་མདེ ་ཡང་དག་ཁྲམི ས་ལ་སྦྱརོ ། །ཐུབ་

པ་ཉིད་ཀྱི་སྲོལ་ལུགས་ཇི་བཞིན་མཚུངས་པ་ཡིས། །འདུལ་ཁྲིམས་སྲོལ་བཏོད་སྟོན་པའི་ཆས་

རྟགས་འཛིན། །ཁྱད་པར་ལྷག་པའི་བསྟན་པ་གསལ་བྱེད་དགེ་སྦྱོང་མཆོག །མཐའ་ཡས་

རྒྱུད་སྡེའི་ཚོགས་ལ་མངའ་བརྙེས་པས། །རྒྱུད་སྡེ་རྒྱ་མཚོའི་དགོངས་པའི་བཅུད་ཕྱུང་ནས། །

དྲི་མེད་གསུང་གི་འོད་ཟེར་དཔག་མེད་ཀྱིས། །མཐས་ཡས་འགྲོ་བའི་རྨོངས་མུན་སེལ་

242

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

བར་བྱེད། །

བསླབ་གསུམ་སྡེ་སྣོད་གསུམ་སོགས་གཞུང་ལུགས་རྣམས། །ལྷག་པར་གསལ་བར་

བྱེད་ཅིང་དོན་རྣམས་མངོན་ཕྱུང་ནས། །གདུལ་བྱར་གྱུར་པའི་སྐལ་བ་ལྡན་རྣམས་ཚིམ་པར་

བྱེད། །སངས་རྒྱས་འཛམ་གླིང་དབུས་བྱོན་ཐོག་མར་ཆོས་འཁོར་བསྐོར་བ་དང་། །མཚུངས་

འདྲའི་དགེ་སློང་འགྲན་ཟླ་བྲལ་བ་དེ་བྱུང་སྟེ། །བསྟན་པ་ཡུན་རིང་མི་སྡོད་ནམ་མཁའི་གློག་

ཙམ་མྱུར་དུ་ཡལ། །སངས་རྒྱས་བསྟན་པའི་ཕྱི་དྲོ་མར་བབ་དུས་ཡིན་པས། །ལོག་རྟོག་

བདུད་རྣམས་ཁ་འཕྱུར་རྩོད་པ་རྒྱས་པར་འབྱུང་། །དེ་དུས་རྒྱལ་ཁྲིམས་ཆོས་ཁྲིམས་འཆུག་པ་

དང་། །སྙིགས་མ་ལྔ་པོ་བདོ་བའི་དུས་ཡིན་པས། །ཆོས་ཁྲིམས་འཆུག་རྟགས་ཆོས་འཆད་

འདི་འདྲ་འབྱུང་། །གྲུབ་མཐའ་སྨྲ་སྐད་སྟོན་པ་འགའ་ཞིག་འབྱུང་བ་ཡི། །ཡིག་ནག་ཀློག་པའི་

ཚིག་སྐམ་མང་འདྲེན་ཡང་། །ཐེག་ཆེན་ལྟ་བའི་ཁྱད་པར་མ་ཤེས་ནས། །བདག་འཛིན་འགོང་

པོ་མ་ཐུལ་འཕེལ་འགྱུར་བས། །ཚེ་འདིར་ཞེན་པའི་སྙན་གྲགས་འདོད་པའི་ཕྱིར། །འཁོར་

མང་བསྡུས་ནས་ཉན་བཤད་བྱེད་མོས་ཀྱང་། །འདོད་པ་ཁོང་དུ་བཅུག་པའི་ཁེངས་

སེམས་རབ་ཏུ་རྒྱས། །རང་བས་མཁས་པའི་བདེན་པའི་ཚིག་མདའ་དེ། །རང་གི་སྙིང་ལ་ཟུག་

པའི་མཚང་ཆེ་ཁོང་ཁྲོ་འབར། །མཁས་པའི་བདེན་ཚིག་བདེན་པར་མཐོང་ན་ཡང་། །རང་

མཚང་ཡིན་ཕྱིར་བདེན་པའི་ཚིག་ལ་སྨོད་བྱེད་ཅིང་། །གྲུབ་མཐའ་ལོག་པར་བཟུང་ནས་ཉོན་

མོངས་འཕེལ་བར་བྱེད། །རང་བས་ལྷག་པའི་བསོད་ནམས་བསགས་པ་གཞན། །ལྷུན་གྱིས་

གྲུབ་པའ་ིའཁརོ ་མང་ལངོ ས་སྤྱདོ ་འདུ་བ་མང་། །ལྷ་མནི ་ལྷ་ཡ་ིདཔལ་ལ་རྩདོ ་འདྲ་བའ།ི །ཕྲག་

དོག་དབང་གིས་གཞི་མེད་སྒྲོ་ངན་བསམ་པས་འདོགས། །སངས་རྒྱས་བསྟན་ལ་ཕྱོགས་

རིས་བགོ་བཤའ་བྱེད། །དམ་པའི་ཆོས་ལ་བདག་འཛིན་ཐེ་གུས་བཏགས། །བདེར་

གཤེགས་སྐུ་ལ་ཕྱོགས་རིས་བླང་དོར་བྱས། །ནང་བའི་གྲུབ་མཐའ་བཟློགས་ནས་རྩོད་གཞི་

བཟུང་། །དགེ་སློང་འདུལ་བ་འཛིན་པས་དམག་དཔོན་བྱེད། །དགེ་ཚུལ་གོ་མཚོན་ཐོགས་

243

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

ནས་འཐབ་ལ་བརྩོན། །གྲུབ་མཐའ་རྩོད་པའི་ཆོས་སྐད་ཆེན་པོ་འདོན། །འཁྲུག་རྩོད་གོང་

མའི་ཞབས་ཏོག་བྱེད་པར་འདོད། །ཕྱོགས་ཆ་སྡུག་ཞེན་དམ་ཚིག་བསྲུང་སྐད་སྨྲ། །ཚིག་

སྐམ་གྲངས་མང་འབྲེལ་བར་གྱུར་པ་ན། །བསྟན་པ་འཛིན་དང་བསྟན་པའི་སྲོག་ཤིང་ཡིན་

ཟེར་ནས། །རྣམ་པར་འབྱེད་པའི་ཚིག་ལ་རབ་ཏུ་དགའ་གྱུར་ནས། །ཐོས་པ་མང་པོ་བྱས་པའི་

ཁེངས་སེམས་ཀྱིས། །ནང་གི་བྱང་ཆུབ་སེམས་ཀྱང་རིང་དུ་སོང་། །དད་དང་མོས་གུས་ཞི་

དུལ་གསུམ་དང་བྲལ་ནས་ནི། །ཕྲག་དོག་འགྲན་སེམས་དག་གི་དབང་དུ་གྱུར། །བསྟན་པ་

གཅིག་པའི་མཁན་སློབ་གྲོགས་མཆེད་དང་། །ཁྱད་པར་བུད་མེད་ཟབ་ལམ་མཐུན་པ་རྡོ་

རྗེ་སྤུན་རྣམས་དང་། །གང་ཞིག་གང་གིས་སློབ་མར་གྱུར་པ་རྣམས། །མི་མཐུན་རྩོད་དང་

དགེ་འདུན་ནང་དམེ་བྱེད། །བསྟན་པའི་ནང་འགལ་དགོན་སྡེ་འཆོལ་བུར་འགྲོ། །བསྟན་

པ་ཉམས་པའི་མི་ནག་སྲིད་དུ་བཀོལ། །དམ་ཚིག་ཉམས་པས་མནའ་བའི་འབྲེལ་བཞག་

ནས། །གཏམ་མཐའ་ཟས་དང་ནོར་གྱིས་སྒྲོགས་པ་དང་། །མི་སྡེ་ཡུལ་ཁམས་ཀུན་གྱི་

དཀྲུག་ཤིང་བྱེད། །ཐམས་ཅད་མི་དགེ་འཁྲུག་པའི་ལས་ལ་སྦྱོར། །དེ་འདྲའི་སྟོན་པ་

འགའ་ཞིག་འབྱུང་བའི་དུས། །ཁ་ནས་གསུང་རབ་དྲི་མེད་སིལ་སིལ་སྨྲ། །སེམས་ལ་

འདོད་སྲེད་མེ་དཔུང་རབ་ཏུ་འབར། །ལུས་ལ་འདུལ་བའི་ཆས་རྟགས་མ་ལུས་འཛིན། །རེས་

འགའ་མི་ནག་དམག་དཔོན་བྱེད། །རེས་འགའ་བཙུན་པའི་ཚོགས་དཔོན་བྱེད། །རེས་འགའ་

དཔོན་སྐྱའི་དཔུང་གྲོགས་བྱེད། །རེས་འགའ་བཤད་ཉན་སློབ་དཔོན་བྱེད། །རེས་འགའ་

དགོན་སྡེའི་ཚོགས་དཔོན་བྱེད། །རེས་འགའ་ཕ་ཚན་འགོ་འདོན་བྱེད། །རེས་འགའ་ཚེ་འདས་

འདྲེན་སྟོན་བྱེད། །རེས་འགའ་ནད་པའི་སྔས་སྲུང་བྱེད། །རེས་འགའ་ཞལ་ལྕེའི་

བཅད་གྲལ་བྱེད། །རེས་འགའ་གྲོང་ཆོག་དམུ་སྣ་འདེད། །རེས་འགའ་རྨོ་རྐོའ་ིལས་

དཔོན་བྱེད། །རེས་འགའ་ཚོང་དཔོན་ཟང་ཟིང་གཉེར། །རེས་འགའ་བརྐུ་སློང་དཔོན་པོ་

བྱེད། །རེས་འགའ་ཟོག་ཆས་གསོག་འཇོག་བྱེད། །རེས་འགའ་ལུང་སྒྲོགས་སྒྲུབ་པ་བྱེད་

244

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ལ་བརྩོན། །རེས་འགའ་བླ་མེད་སྔགས་ཆེན་ཐེག་པ་སྟེ། །མི་ནག་ཕོ་མོ་ཟས་དང་ནོར་

ལ་འཚོང་། །རྙེད་པ་འདོད་ཕྱིར་ཟས་ནོར་སྦྱིན་ལ་དགའ། །སྔགས་འདོན་གཏོར་མའི་

ལས་ལ་ཅུང་ཟད་བརྩོན། །མཐུ་ཆེན་དགྲ་བོ་གསོད་པར་སྙད་པ་དང་། །འདྲེ་གདོན་ཐུལ་

སྙམ་དྲེགས་པས་རབ་ཏུ་ཁེངས། །དེ་འདྲེའི་སྟོན་པ་འགའ་ཞིག་འབྱུང་བའི་དུས། །ཆོས་

ཁྲིམས་ཉམས་རྟགས་ཡིན་ནོ་རིགས་ལྡན་ཀུན། །དེ་དུས་བརྩོན་པ་རྣམས་ཀྱི་སྤྱོད་ལམ་

འདི་འདྲ་བྱེད། །

མཁན་སློབ་སྤྱན་སྔར་ཁས་བླངས་ནས། །བཅས་སོགས་སྡོམ་ཁྲིམས་བསྲུང་བར་

དམ་བཅས་ཤིང་། །རབ་ཏུ་བྱུང་བའི་ཆོས་རྟགས་འཛིན་པར་བྱེད་མོད་ཀྱང་། །ལུས་ལ་

བརྟགས་ན་རབ་བྱུང་གཟུགས། །སེམས་ལ་བརྟགས་ན་སྨྱོན་པ་ཉིད་དང་མཚུངས། །སྤྱོད་

ལམ་བརྟགས་ན་ཐ་མལ་མི་ནག་པ། །བྱ་བྱེད་བརྟགས་ན་ཨརྒཾ་ཉིད་དང་མཚུངས། །སེར་

གོས་འཛིན་པ་བཙུན་པའི་གཟུགས་བརྙན་འགའ་ཞིག་གིས། །སྲོག་གཅོད་ལ་སོགས་ལུས་

ངག་ཡིད་གསུམ་མི་བཙུན་ཞིང་། །ཉེས་པའི་རྩ་བ་མྱོས་བྱེད་ཆང་ལ་བག་མེད་སྤྱོད། །ཆོས་

སྤྱོད་དགེ་བའི་ཕྱོགས་རྣམས་ཚར་བཅད་ནས། །བསྟོད་བཀུར་སྙན་པ་གང་ཆེ་འགྲན། །ནོར་

ལུག་འཚོ་སྐྱོང་ལ་སོགས་འཇིག་རྟེན་དོན་གཉེར་དང་། །རྨོ་རྐོ་སོ་ནམ་ལ་སོགས་ཁུར་བཀལ་

ལས་སྤྱོད་དང་། །ཚོང་དང་བུན་སྐྱེད་བྲེ་སྲང་བསྐྱུར་ལ་བརྩོན། །མགུལ་དུ་དར་དང་མཛེས་

པའི་རྒྱན་ཆ་རྣམས། །ལུས་ལ་ཐོགས་ནས་གླུ་དང་གར་བྱེད་དང་། །རོལ་རྩེད་དཔག་མེད་

སྤྱོད་ལ་རབ་ཏུ་བརྩོན། །དཀོན་མཆོག་གསུམ་ལ་རྒྱབ་ཕྱོགས་རིང་དུ་དོར། །ཟས་ནོར་ཟོག་

ལ་ཞེན་ཅིང་བློ་ཕུག་གཏད། །གཡོ་སྒྱུ་ཐབས་ཀྱིས་སེམས་ཅན་དམ་པ་བསླུ། །མཁན་སློབ་

ཆོས་གྲོགས་རྒྱང་ནས་རིང་དུ་སྤང་། །རི་ཁྲོད་དགོན་པར་དུས་ཤིག་འདུག་མི་ནུས། །ཡུལ་

བའི་གྲོང་དུ་ཁྱི་འཁྱམ་བཞིན་དུ་ཉུལ། །ཁྱིམ་པ་རྣམས་ལ་ཡིད་སྨོན་བྱེད་ཅིང་བརྩེ། །སྡེ་ཚན་

ཤ་ཉེའི་དཔུང་རོགས་བྱེད་ལ་རེམ། །དགེ་ལ་བརྩོན་པའི་ཆོས་གྲོགས་དོར་ནས་ནི། །ཁྲམ་པ་

245

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

རྣམས་ལ་འབྲེལ་ཚད་གཉེན་པོར་འཚོལ། །ཕ་མ་རྒན་རྒོན་སྲི་ཞུ་སྤངས་ནས་ནི། །བུད་མེད་

ཨ་སྲུའི་ཁོལ་བོ་བྱེད་ལ་གུས། །སེར་གོས་སྟེང་དུ་གོ་ཁྲབ་གྱོན། །རྣོ་མཚོན་ཐོགས་ནས་

དམག་སྣར་རྒྱུག །དཔའ་བོ་རྒོད་པའི་བཙུན་པ་སྐད་པོར་སྨྲ། །འཁྲུག་པ་མང་པོའ་ིགཞི་

མར་བཟུང་། །དམ་ཆོས་ཕྱིར་དུ་ཅུང་ཟད་བཟོད་མི་ནུས། །མི་དགེའི་ཕྱོགས་ལ་སྙིང་རུས་

སྡུག་བསྲན་ཆེ། །ཚེ་གཅིག་འཆི་སེམས་སྐད་ཅིག་མི་དྲན་རྟག་བཟུང་ནས། །ལུས་སྲོག་ལྟོས་

མེད་ཚེ་འདིའི་དོན་དུ་གཏོང་། །བསླབ་ཁྲིམས་བསྲུང་ལ་ཆེ་བར་ངེས། །བག་མེད་སྤྱོད་ལ་རྒྱུ་

བ་ཤིན་ཏུ་བཟང་། །དམ་པའི་ཆོས་ཕྱིར་བློ་ནི་འགྱུར་ལྡོག་མང་། །ཆགས་སྡང་ཕྱིར་ན་བློ་སྣ་

རབ་ཏུ་བརྟན། །དགེ་བཅུ་སྤྱོད་ལ་ལེ་ལོ་ཕྱི་བཤོལ་བྱེད། །ཆོས་མིན་ཕྱིར་ལ་བརྩོན་འགྲུས་

མྱུར་དུ་བརྩོན། །དགེ་འདུན་སྤྱི་ནོར་རློམ་པས་ཕྲོགས་ནས་ནི། །མི་ནག་ཕོ་མོ་གཞན་གསོས་

ནས། །སྙན་གྲགས་ཕྱིར་དུ་ཁེ་དང་འབྲེལ་འདོད་པས། །ཟས་ནོར་གཏོང་བའི་བློ་སྟོབས་

ཆེན་པོ་ཡོད། །སེར་གོས་མཆོད་ཆ་རྟེན་བཅས་སོགས། །ཟོག་ལ་བཙོངས་ནས་གསོག་

འཇོག་བྱེད། །བསླབ་པའི་བཅས་མཚམས་ཡལ་བར་བོར། །རྐུ་གླ་ལོག་འཚོའི་ནོར་ཟས་

བསྒྲུབ། །ཟས་གོས་གཉིས་ཀྱིས་རང་ལུས་མནར་བྱེད་ཅིང་། །ཕྱི་རོལ་འབྲེལ་མེད་བུད་མེད་

གསོ། །ཟླ་བོ་བྱས་ནས་ཉོན་མོངས་གླེང་གཞི་ལྷག་པར་སྨྲ། །ཡིད་ལ་དུག་ལྔ་རྒྱུན་དུ་

སེམས་པར་བྱེད། །ལུས་ལ་ཁྱིམ་པའི་གོས་ཀྱིས་དཀྲིས། །བུད་མེད་མཐོང་ན་འཁྲིག་

ཚིག་སྨྲ། །མཁས་བཙུན་མཐོང་ན་གཟུར་འགྲོས་བྱེད། །དམ་ཉམས་མཐོང་ན་དགའ་བ་

བྱེད། །མ་སྲིང་མཐོང་ན་ཁྲོ་ལ་འཁྲུག །མཛེས་མ་གཞན་དག་མཐོང་ན་འཛུམ་གྱིས་བསུ། །དེ་

ལྟ་བུ་ཡི་རབ་བྱུང་སྐད་པར་སྨྲ་བ་དེ། །ཉི་མའི་གུང་ལ་རབ་བྱུང་གཟུགས། །ཟླ་བའི་འོད་

ལ་མི་ནག་དེ་ཉིད་ཡིན། །དགོན་པར་གནས་ཚེ་རབ་བྱུང་གཟུགས། །ཡུལ་དུ་ཕྱིན་ཚེ་མི་

ནག་དེ་ཉིད་ཡིན། །ཆོས་སྤྱོད་གྲལ་ལ་གནས་ཚེ་རབ་བྱུང་གཟུགས། །གཞན་དུ་ཕྱིན་ཚེ་མི་

ནག་དེ་ཉིད་ཡིན། །དབེན་པའི་གནས་སུ་རབ་བྱུང་གཟུགས། །ཚོང་འདུས་ཕྱིན་ཚེ་མི་ནག་

246

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

དེ་ཉིད་ཡིན། །

གཞན་སྣང་ངོ་བོར་རབ་བྱུང་གཟུགས། །རང་སྣང་བརྟག་ཚེ་མི་ནག་དེ་ཉིད་ཡིན། །མི་

རྣམས་མགི ་སྔར་རབ་བྱུང་གཟུགས། །སངས་རྒྱས་བྱང་སམེ ས་སྤྱན་སྔར་མ་ིནག་ད་ེཉདི ་ཡནི ། །

མི་ནག་སྔོན་དུ་རབ་བྱུང་གཟུགས། །བཤེས་གཉེན་མདུན་དུ་མི་ནག་དེ་ཉིད་ཡིན། །གཟུགས་

ཅན་ངོ་བོར་རབ་བྱུང་གཟུགས། །གཟུགས་མེད་ངོ་བོར་དམ་ཉམས་ཉིད་དུ་མཐོང་། །གོས་ལ་

བརྟགས་ན་བསྟན་སྲུང་ཐམས་ཅད་དགའ། །སངས་རྒྱས་བསྟན་པ་གནས་སར་ངེས། །ལུས་

ལ་བརྟགས་ན་བུད་མེད་དགའ། །གཞན་ཡང་ཉེས་པ་གསུམ་དང་ལྡན། །ངག་ལ་བརྟགས་

ན་ཅོལ་ཆུང་དགའ། །གཞན་ཡང་ཉེས་པ་བཞི་དང་ལྡན། །སེམས་ལ་བརྟགས་ན་འགོང་

པ་ོདགའ། །གཞན་ཡང་ཉསེ ་པ་གསུམ་དང་ལྡན། །ད་ེཡ་ིརྩ་བ་ཅ་ིལས་བྱུང་ངམ་སྙམ། །འདུལ་

སོགས་སྡེ་སྣོད་མ་མཐོང་དང་། །བརྩོན་འགྲུས་མེད་ཅིང་ལེ་ལོའ་ིདབང་གྱུར་པས། །སྡོམ་

ཁྲིམས་ངོས་འཛིན་མ་ཤེས་ནས། །བསླབ་གསུམ་ཡོན་ཏན་མར་འགྲིབ་པས། །སྡོམ་

གསུམ་ཉམས་པས་དུག་གསུམ་འཕེལ་བར་འགྱུར། །དེ་འདྲའི་སེར་གཟུགས་ས་སྟེང་གང་

བའི་དུས། །དེར་སྐྱེས་ཀྱི་སེམས་ཅན་དཔག་མེད་རྣམས། །སྐྱབས་མགོན་བྲལ་བས་སྐལ་

བ་དམན། །ཉོན་མོངས་འཕེལ་བས་མགོ་ནོན་དཀའ། །འབྲས་བུ་ངན་སོང་སྡུག་བསྔལ་

བཟོད་གླགས་མེད། །དུས་མཐའི་སེམས་ཅན་ལས་ཀྱིས་མནར་བ་ལ། །བསྟན་དར་སྐྱབས་

སྲུང་ནུས་པ་དཀའ། །དུས་གསུམ་སངས་རྒྱས་རྣམས་ཀྱི་མཐུ་རྩལ་རྡུགས། །བྱང་ཆུབ་

སེམས་དཔའ་རྣམས་ཀྱི་སྤྱན་ཆབ་ཤོར། །རང་རྒྱལ་རྣམས་ཀྱི་ཆོས་ཉིད་འཆོར། །ཉན་ཐོས་

རྣམས་ཀྱང་སྐྲག་པ་སྐྱེ། །བསྟན་སྲུང་རྣམས་ཀྱི་ནུས་པ་ཉམས། །དཀར་ཕྱོགས་སྐྱོང་རྣམས་

མགོ་འཕང་དམའ། །ནག་ཕྱོགས་སྐྱོང་རྣམས་ཁ་འཕྱུར་ཅིང་། །བདུད་རྣམས་ཐམས་ཅད་

རབ་ཏུ་འཕེལ་འགྱུར་བས། །འཇིག་རྟེན་ཐམས་ཅད་མི་དགེས་གང་བའི་ཚེ། །ཐུབ་པའི་

བསྟན་ལས་བཟློག་པའི་ཆོས། །གང་གིས་སྤྱོད་ལམ་ཆོས་མིན་བྱེད་རྣམས་ཀྱི། །བསྟན་པ་

247

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

བདུད་ཀྱི་སྲུང་བས་རྒྱས་པར་འགྱུར། །དེ་ཚེ་ཐུབ་པའི་དགེ་སྦྱོང་འདུལ་ཁྲིམས་ཉམས། །དགེ་

སློང་ཐུབ་བསྟན་ངེས་པར་སྲུང་བ་ནི། །རྣམ་པར་དག་པ་གཅིག་ཙམ་ཡོད་གྱུར་ཀྱང་། །དེ་

ཡ་ིདག་ེདང་ལྷག་བསམ་རྣམ་དག་ལ། །བདུད་རྣམས་བར་ཆད་བྱདེ ་པར་དབང་ཆ་ེབས། །དགེ་

སྦྱོང་ གཏེརསྲུང ་དེ་དག་ནི། །ཚེ་ཐུང་ལོངས་སྤྱོད་ཆུང་ལ་ནད་རྐྱེན་མང་། །ཤིན་ཏུ་ཉམ་

ཐག་རབ་ཏུ་མནར་བར་འགྱུར། །དེ་འདྲའི་དུས་ཤིག་འབྱུང་བར་འགྱུར་བའི་ཚེ། །ཤཱཀྱའི་

བསྟན་པ་ཉམས་པའི་སྔ་ལྟས་ཡིན། །ཆོས་ཁྲིམས་འཆུག་པའི་འཆུག་རྟགས་དེ་འདྲ་འབྱུང་། །

ཀྱེ་ཧུད་དེ་ཉིད་དུས་དང་དེ་ཡི་ཚེ་ཉིད་དུ། །སངས་རྒྱས་བསྟན་པ་ཉི་མ་ནུབ་པའི་འོད་བཞིན་

ཉམས། །ལོག་སྤྱོད་བདུད་ནི་དབྱར་གྱི་སྤྲིན་རླངས་བཞིན་དུ་ལྡང་། །འདུལ་ཁྲིམས་རྣམ་

དག་དགུན་སྒང་མེ་ཏོག་བཞིན་དུ་དཀོན། །ཁྲིམས་འཆལ་སོས་ཀའི་འབུ་སྦྲང་བས་ཀྱང་

མང་། །དམ་ཆོས་སྙིང་ནས་བསྒྲུབ་པའི་སྐྱེས་བུ་དམ་པ་ནི། །ཉིན་མོའ་ིརྒྱུ་སྐར་བས་ཀྱང་

ཤིན་ཏུ་དཀོན། །དམ་ཆོས་བཙོངས་ནས་ཟང་ཟིང་གཉེར་བའི་གང་ཟག་ནི། །སྤྲིན་མེད་

མཚན་མོའ་ིསྐར་མ་བས་ཀྱང་མང་། །གཏོང་ལེན་ངེས་པར་ནུས་པའི་བྱང་སེམས་དམ་པ་

ནི༑ ༑མཐའ་འཁོབ་ཡུལ་གྱི་ཡིད་བཞིན་ནོར་བུ་བཞིན་དུ་དཀོན། །རང་དོན་ཕྱིར་དུ་

གཞན་ཕན་སེམས་པར་འདོད་པའི་གང་ཟག་ནི། །མང་ཡུལ་ཀླུ་ཐང་གི་གྲམ་པ་བས་

ཀྱང་མང་། །བསྐྱེད་རྫོགས་སྲོལ་ཞུགས་སྨིན་གྲོལ་མཐར་ཕྱིན་སྔགས་པ་ནི། །ཨུ་དུམ་ཝ་

རའི་མེ་ཏོག་ཇི་བཞིན་དེ་བས་ཀྱང་ནི་ཤིན་ཏུ་དཀོན། །གསང་སྔགས་འཚོལ་དང་ཚིག་ཐོས་

དམ་ཉམས་སྔགས་པ་ནི། །དབྱར་ཀའི་སྔོ་ལྡུམ་ཇི་བཞིན་དེ་བས་ཀྱང་ནི་ཤིན་ཏུ་མང་། །མན་

ངག་སྲོལ་ཞུགས་རླུང་སེམས་དབང་ཐོབ་བདེན་མཐོང་སྒོམ་ཆེན་ནི། །རྣམ་རྒྱལ་ཨ་རུ་ར་ནི་

ཇི་བཞིན་དེ་བས་ཀྱང་ནི་ཤིན་ཏུ་དཀོན། །མན་ངག་མེད་ཅིང་བརྩོན་འགྲུས་སྤང་དང་ཧར་བོ་

གཡངེ ་བའ་ིསྒམོ ་ཆནེ ་ན།ི །སྒྲག་ལུང་ག་ིརྔ་འབྲས་ཇ་ིབཞནི ་ད་ེབས་ཀྱང་ན་ིཤནི ་ཏུ་མང་། །དམ་

ཆོས་རྩ་བ་དོར་ནས་ཡལ་ག་ཕྲ་མོ་དེད་ནས་ཀྱང་། །འཁོར་བའི་རྩ་བ་འབྱིན་པར་ནུས་པ་

248

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ཤིན་ཏུ་དཀོན། །དེ་འདྲའི་ཆོས་ལུགས་ཆལ་ཆོལ་སྣ་ཚོགས་འབྱུང་བ་ནི། །ཆོས་ཁྲིམས་

འཆུག་པའི་འཆུག་རྟགས་ཡིན་ནོ་རིགས་ལྡན་ཀུན། །ལྷག་པར་ཆོས་ཁྲིམས་འཆུག་པ་འདི་

འདྲ་འབྱུང་། །ཐུབ་པའི་བསྟན་ལ་གསལ་བྱེད་གང་ཟག་ནི། །འདི་འདྲ་འབྱུང་ལ་གཉིས་སུ་

གདའ་སྟེ་ཁྱད་པར་ཆེ། །ཤཱཀྱའི་བསྟན་པའི་ཆོས་རྟགས་མི་འཛིན་པར། །རལ་པའི་ཅོད་

པན་གོས་དཀར་མེ་ལོང་རྒྱན་ཕྲེང་ཐོགས་པ་འབྱུང་བ་ལ་གཉིས་ཏེ། གཅིག་ནི་བསྟན་པའི་

ཆས་རྟགས་དང་མི་མཐུན་ཀྱང་། འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་འཇུག་པའི་

གང་ཟག་ཡིན་པས་སེམས་ཅན་ལ་ཕན་ཐོགས་པ་འབྱུང་གསུངས།

གཅིག་ནི་བསླུ་བ་ཅན་ཡིན་པ་དང་ཆ་ལུགས་འདྲ་ཡང་གང་ཟག་མི་འདྲ་བའི་ཁྱད་པར་

གཉིས་ཡོད་པས། ཁྱད་པར་ཆེ་བའི་དོན་དེ་ཡིན་ནོ་དཔལ་ལྡན་རྒྱན་ལ་གསུངས་སོ། །དཔལ་

ལྡན་རྒྱན་གྱིས་ཞུས་པའོ། །ཁྱིམ་པའི་ཆས་རྟགས་མ་སྤངས་རྣལ་འབྱོར་ཞེས་པས་ཆོས་

བསྟན་ནས། །རལ་པའི་ཅོད་པན་རྒྱན་ཕྲེང་ཐོགས་དང་གླུ་གར་རོལ་མོ་བརྩོན། །ཆང་དང་

དུས་མིན་བཟའ་སོགས་འཁྲིག་ཚིག་ཆོས་སུ་སྨྲ། །བག་མེད་སྤྱོད་དང་ལོག་ཤེས་དབང་གིས་

མི་ནག་སྡུད་བྱེད་ཅིང་། །བླ་མེད་རྡོ་རྗེ་ཐེག་པའི་ཉེ་ལམ་ཟབ་ཆོས་ངས་བསྟན་པའི། །འབད་

མདེ ་གྲལོ ་དང་བརྩནོ ་ཐབས་སངས་རྒྱས་འད་ིཡནི ་ན།ོ །ཞསེ ་པར་སྨྲས་ནས་བསདོ ་ནམས་ཟད་

པའི་སྐྱེ་བོ་འགའ་ཞིག་ནི། །བསླུས་ནས་ལོག་པའི་ལམ་ལ་སྦྱོར་བའི་གང་ཟག་དེས། །ཐུབ་

བསྟན་འཛིན་དང་བསྟན་པའི་ཁྲིམས་སྲོལ་མཐོང་བ་ལ། །དགྲར་འཛིན་ཡང་བྲེད་ཅིང་ཞུམ་

ཞིང་འཇུག་བྱེད་ཅིང་། །དེ་འདྲའི་ལོག་སྤྱོད་གང་ཟག་འགའ་ཞིག་འབྱུང་བ་ནི། །ཁྱད་པར་

ཆོས་ཁྲིམས་འཆུག་རྟགས་ཡིན་ནོ་རིགས་ལྡན་ཀུན། །དེ་བས་ཆོས་ཁྲིམས་འཆུག་རྟགས་

མང་དུ་འབྱུང་མོད་ཀྱང་། །རྒྱས་པར་བཤད་པས་ལང་བར་འགྱུར་བ་དཀའ་བ་ཡིན། །ཚིག་

ཉུང་དོན་འདུས་གོ་བདེ་འདི་ཡིད་ལ་ཟུངས་དང་བུ་སློབ་ཀུན། །ལར་བསྟན་པའི་ཕྱི་དྲོ་ཆོས་

ཁྲིམས་འཆུག་རྟགས་དེ་ལ་སེམས་པ་ན། །ལུས་ཤ་རུས་སོ་སོར་སྐྱེ་བའི་སྐྲག་སྔངས་རབ་

249

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

ཏུ་སྐྱེ། །ཡིད་སེམས་འཁྲུག་པས་གདོང་གི་མཆི་མ་ཁྲག་ཏུ་འབྱུང་མོད་ཀྱང་། །སྤྲང་མོ་

བདག་ལ་བྱ་བློ་ཅི་ཡང་མེད་དོ་ཀྱི་ཧུད་བུ་སློབ་ཀུན། །སོམས་དང་རེམ་ཞིག་དམ་ཆོས་སྙིང་

ནས་བསྒྲུབས་ཤིག་བུ་སློབ་ཀུན། །བུ་མོ་བསོད་ནམས་རྒྱན་གྱིས་དྲིས་པའི་ལན་བཏབ་པ་

དེ་ཡིན་ནོ། །ཞེས་གསུངས།

ཡང་བསོད་ནམས་རྒྱན་གྱིས་ཞུས་པ། ཀྱེ་མ་ཅིག་ལགས། རང་རེ་གངས་ཅན་པ་

འདི་ལ་ཐོག་མར་དམ་པའི་ཆོས་དར་བ་ནས་བཟུང་སྟེ། ཕྱིས་ཆོས་ཁྲིམས་འཆུགས་པའི་

བར་གྱི་བསྟན་པ་གསལ་འགྲིབ་ལ། སྔོན་བྱུང་བ་དང་ཕྱིས་འབྱུང་བ་རྣམས་གསལ་བོར་

གསུངས་པ་ངོ་མཚར་ཆེ་བ་ལགས་སོ། །ཆོས་ཁྲིམས་འཆུག་པའི་དུས་སུ་བསྟན་པ་གསལ་

བར་བྱེད་པའི་དགེ་སློང་གྲགས་པའི་མཚན་ཅན་དེ། སྔར་རྒྱལ་ཁྲིམས་འཆུག་ཚུལ་གསུངས་

པའི་སྐབས་སུ་ཡང་བསྟན་པ་གསལ་བྱེད་དགེ་སློང་གཅིག་འབྱུང་གསུངས་པ་དེ་གྲགས་

པའི་མཚན་ཅན་འདིར་གསུངས་པ་དེ་ཡིན་ནམ། གྲགས་པའི་མཚན་ཅན་ལས་གཞན་ཞིག་

ཡིན་ནམ་ལགས་སམ། ཆོས་ཁྲིམས་འཆུག་པའི་དུས་སུ་རང་རེའི་ཆོས་ལུགས་འཛིན་པ་

ཡོད་དམ། ཡོད་ན་ད་ལྟ་བས་ཉམས་སམ། མི་ཉམས་པར་ཡོད་པར་ལགས་སམ། ཇི་ལྟར་

འོང་བ་རྣམས་གསུངས་བར་འཚལ། ཞེས་ཞུས་པས། མ་ཅིག་གིས་ཞལ་འཛུམ་པ་མཛད་

ནས་གསུངས་པ། བུ་མོ་དྲིས་པ་ལ་ཧ་ཅང་རེམ་ཞིང་། ཁྱད་པར་ཡང་སྙིགས་དུས་བསྟན་པ་

ལ་བྱ་བ་བྱེད་པར་ནུས་པའི་དགེ་སློང་དེའི་དྲིས་པ་ལ་ནན་ཏན་ཆེ་བར་གདའ་སྟེ། དེ་ལེགས་

སོ་དེ་བས་ན་བུ་མོ་ཁྱོད་ཀྱིས་དྲིས་པ་ལ་ནན་ཏན་ཆེ་བ་དེ། སངས་རྒྱས་ཀྱི་བསྟན་པ་ལ་གུས་

པ་ཡིན་པས་ཉོན་དང་། རྒྱལ་ཁྲིམས་འཆུག་པའི་སྐབས་སུ་སངས་རྒྱས་ཀྱི་བསྟན་པ་གསལ་

བར་བྱེད་པའི་དགེ་སློང་གཅིག་འབྱུང་བྱས་པ་དེ། ད་ལྟ་བཤད་པའི་དགེ་སློང་གྲགས་པའི་

མཚན་ཐོགས་པ་འདི་ཡིན། དགེ་སློང་དེ་དག་གིས་བསྟན་པ་ལ་འཆོལ་བ་མང་དུ་འབྱུང་བ་

རྣམས་ཚར་བཅད་ཅིང་། ཡང་དག་པའི་དོན་དང་བསྟན་པ་རྣམ་དག་གི་ཁྲིམས་སྲོལ་བཏོད་

250

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

པ་ནི། འཛམ་བུ་གླིང་དུ་ཐུབ་པ་ཐོག་མར་ཆོས་འཁོར་བསྐོར་བ་དང་། སྙིགས་དུས་བོད་དུ་

དགེ་སློང་གྲགས་པའི་མཚན་ཅན་བྱུང་ནས་ཆོས་ཀྱི་སྲོལ་བཏོད་པ་ནི་མཚུངས་ཏེ། འོན་ཀྱང་

སངས་རྒྱས་ཀྱི་བསྟན་པ་མར་ཕྱི་དྲོ་དགོང་མོ་ལ་ཐུག་པས་བདུད་ཐམས་ཅད་ཁ་འཕྱུར་བའི་

སྟོབས་ཀྱིས་བསྟན་པའི་དར་ཆ་མྱུར་དུ་ཡལ་ཏེ་སྨག་ཏུ་གློག་འགྱུ་བ་ཙམ་ལས་མི་འོང་སྟེ།

ཆད་པ་ནི་མ་ཡིན་ལ། བསྟན་པ་འདི་ལ་འཇིག་རྟེན་ན་གསེར་འབྱུང་བའི་དོད་ཙམ་ཞིག་གི་

རྒྱུན་ནི། ཐུབ་པའི་བསྟན་པ་གནས་ཀྱི་བར་དུ་ཡོད་ཅིང་། ཆད་པར་མི་འགྱུར་རོ། །དགེ་

སློང་དེ་དག་དང་ཐུག་པའི་སེམས་ཅན་གང་དག་རྣམས་ནི་དམུ་རྒོད་བོད་དུ་བསྟན་པའི་

མཐར་སྐྱེས་ཀྱང་དོན་ཆེར་འགྲུབ་པ་ཡིན་ནོ། །ཐུབ་པ་ཉིད་ཀྱི་ཞབས་ཀྱིས་མ་བཅགས་པའི་

བོད་སྨག་རུམ་དུ་སྙིགས་མར་སྐྱེས་པའི་སེམས་ཅན་རྣམས་བསོད་ནམས་ཟད་པ་ཡིན་ཀྱང་།

དགེ་སློང་གྲགས་པའི་མཚན་ཐོགས་པ་འབྱུང་བ་དང་། གཞན་ཡང་དེ་བས་ཅུང་ཟད་སྔོན་

བྱུང་དུས་སུ། བྱམས་པའི་རྒྱལ་ཚབ་དམ་པ་དེ་ཉིད་བོད་དུ་འབྱུང་སྟེ། རྒྱལ་བའི་མཚན་

ཐོགས་པ་དང་། འདི་གཉིས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པས།

འདི་གཉིས་དང་ཁ་གང་དུ་ཐུག་པའི་སེམས་ཅན་དེ་དག་ནི་སྙིགས་དུས་བོད་དུ་སྐྱེས་ཀྱང་

བསོད་ནམས་ཀྱི་ཚོགས་བསགས་རབ་ཏུ་གདའ་བས། འདི་གཉིས་ཀྱི་ཡོན་ཏན་བརྗོད་ན་

ཕ་མཐའ་ཡས་པ་སྟེ་རྙེད་པ་ནི་དཀའ་སྟེ་འདུག་གོ། །

དེ་ཡང་དགེ་སློང་གྲགས་པའི་མཚན་ཅན་ནི། སྐྱེ་བ་དེ་ལས་མི་བཞེས་ལ། རྒྱལ་

བའི་མཚན་ཅན་ནི་སྐྱེ་བ་ཐོག་མ་ཡིན་པས། འདིའི་སྐྱེ་བ་ཕྱིས་འབྱུང་ནི་དུས་གསུམ་

མཁྱེན་པ་གསུམ་དང་ལྡན་ཟེར་བའི་མཚན་ཐོགས་པ་འབྱུང་ལ། དེ་ནས་ཀརྨ་པ་ཞྭ་ནག་པ་

བྱ་བ་འགའ་འབྱུང་། སྐྱེ་མཚན་གཅིག་པར་བརྒྱུད་དེ། སྐྱེ་བ་འགའ་བཟུང་བ་ལ་བོད་དུ་

བསོད་ནམས་བསགས་པའི་ཞིང་གི་མཆོག་ཏུ་འབྱུང་བ་ཡོད། བྱང་ཆུབ་སེམས་དཔའ་འདི་

གཉིས་ནས་བཟུང་སངས་རྒྱས་ཀྱི་བསྟན་པ་འཇིག་ནས་མཐར་སྡུད་པའི་བར་ལ། འདི་

251

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

གཉིས་དང་མཚུངས་པའི་བྱང་ཆུབ་སེམས་དཔའ་ནི་མི་འབྱུང་ལ། སེམས་ཅན་ཡ་ཟུང་ལ་

ཕན་ཐོགས་པར་ནུས་པའི་སྐྱེས་བུ་དམ་པ་ནི་རེས་འགའ་འབྱུང་སྟེ། ཚིག་གི་འཇིགས་པས་

ལན་གཅིག་ཕ་མཐར་ཞོག །གང་གི་ཡོན་ཏན་ཆེ་བ་དང་། གང་ལ་ཡོན་ཏན་འབྱུང་བའི་གང་

ཟག་ཁྱད་པར་ཅན་གྱི་ཚིག་མགོ་སྨོས་པ་ཙམ་དེ་ལ་བུ་མོ་བསོད་ནམས་རྒྱན་གྱི་དད་རྟེན་

གྱིས། བུ་སློབ་ཀུན་གྱིས་མ་བརྗེད་པར་ཡིད་ལ་ཟུངས་ཤིག་དང་། རང་རེའི་ཆོས་ལུགས་

བཤད་ཀྱིས་ལེགས་པར་ཉོན་དང་འདི་ལྟར་འོང་གིས། ང་ཡི་ཆོས་ལུགས་ལ་རང་དོན་

གཉེར་བྱ་ནི་སྐྲ་བརྒྱར་གཤགས་པའི་ཆ་ཙམ་ཡང་མེད་ཅིང་། དེ་ཉིད་ཀྱི་དྲི་མས་ཀྱང་གོས་

པར་གྱུར་པ་མེད་ལ། གཞན་དོན་དོན་དུ་གཉེར་བྱ་ལ་ཡང་ཕྱོགས་རིས་སྐྲ་བརྒྱར་གཤགས་

པའི་ཆ་ཙམ་ཡང་མ་མཆིས་ཏེ། འོན་ཀྱང་འབྱུང་པོ་གདུག་པ་ཅན་འཇིགས་སུ་རུང་བའི་དྲག་

ཤུལ་གྱི་སྟོབས་དང་ལྡན་པ་རྣམས་ནི། གཟུགས་ཅན་དང་གཟུགས་མེད་གཉིས་ཀྱི་སེམས་

ཅན་མང་པོ་ཞིག་ལ་དུས་གཅིག་ལ་གནོད་པ་བྱེད་པར་ནུས་པ་དང་། གདུག་པ་ཅན་ཁོ་རང་

ཡང་འཁོར་བའི་རྒྱ་མཚོ་ལས་ཐར་བར་དཀའ་ཞིང་སྡུག་བསྔལ་དང་ལྡན་པར་མཐོང་ནས་

མ་བཟོད་ནས། ཁྱད་པར་དོན་དུ་གཉེར་བྱའི་གཙོ་བོ་གདུག་པ་ཅན་གྱི་འབྱུང་པོ་སྟོབས་ཆེ་

བ་རྣམས་ཀྱིས་བྱས་ནས། བྱམས་སྙིང་རྗེས་བྱང་སེམས་གསུམ་གྱི་ཕོ་ཉ་བཏང་ནས་འབྱུང་

པོ་སྟོབས་ཆེ་བ་དེ་དག་བཀུག་ཅིང་། རང་གི་ལུས་སྲོག་ལོངས་སྤྱོད་ཁ་རྗེ་གང་ཡོད་ཀྱི་

དབང་ཐང་དང་བཅས་པ་འབྱུང་པོ་འཁོར་དང་བཅས་པ་རྣམས་ལ་བཏང་ནས་ཁོ་ཚིམས་

པར་བྱས་ཤིང་བྱང་ཆུབ་ཀྱི་ལམ་ལ་འཇུག་པར་བྱེད་པ་དེ། སྤྲང་མོ་ངའི་ཆོས་ལུགས་ཡིན་ཏེ།

དེའང་ང་ནས་བཟུང་སྟེ་བརྒྱུད་པ་བཞིའི་བར་དུ་ངའི་ཆོས་ལུགས་མི་ཉམས་པར་ཇི་ལྟ་བ་

བཞིན་དུ་ཡོད་ལ། དེ་ནས་ཅུང་ཟད་ཉམས་ཀྱང་བཞིའི་བར་དུ་ད་ལྟར་སྣང་ཙམ་ཞིག་ཡོད་

པས། བརྒྱུད་པ་བརྒྱད་པ་སྟེ། དེ་ནས་གཅིག་དང་དགུ་བ་ལ་ཐུག་པ་མན་ཆད་ལ་ནི་ངའི་

ཆོས་ལུགས་འདི་གོ་ལྡོག་ནས་རང་འདོད་སེམས་དང་འགྲོགས་པའི་གཅོད་མཁན་ཡིན་ཟེར་

252

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

བ་མང་པོ་འབྱུང་བ་ནི་སྔར་བཤད་པ་དག་དང་མཚུངས་ཏེ། ཆོས་ཁྲིམས་འཆུག་པའི་དུས་སུ་

ངའི་བསྟན་པ་བཤིག་བྱེད་ཆ་ལུགས་མི་འདྲ་བ་སྣ་ཚོགས་པ་བཅངས་ནས་ཁ་ནས་ཕཊ་སྒྲ་

འདོན་ཅིང་། འབྱུང་པོ་མི་མ་མིན་པ་ཨར་ལ་གཏད་པ་སོགས་སེམས་ཅན་མང་པོ་ལ་གནོད་

པར་བྱེད་པའི་ཕུག་གཞི་དུག་གི་སྡོང་པོ་འདྲ་བའི་གཅོད་མཁན་སྨྲ་བ་ཁོ་ན་འབྱུང་ངོ་། །ངའི་

ལུགས་ཀྱི་གསང་སྔགས་ཀྱི་བསྐྱེད་རྫོགས་ཟབ་ཆོས་འདི་ནི་སྒྲོལ་མས་ལུང་བསྟན་པ་

བཞིན་དུ། ཐོད་སྨྱོན་ཁྱོད་ནས་ཆིག་བརྒྱད་དུ་བྱེད་པའི་ཟུང་བཞི་སྟེ། བརྒྱད་པ་ནི་ནམ་

མཁའི་མཚན་ཅན་ཐོགས་པ་གཅིག་འབྱུང་བ་དེ་ནི་གསང་སྔགས་ཀྱི་ཆོས་ལུགས་རྫོགས་པ་

ཡིན་པས། ནམ་མཁའི་མཚན་ཅན་མན་ཆད་དུ་གསང་སྔགས་བསྐྱེད་རྫོགས་ཀྱི་སྒྲ་ཙམ་ཡང་

མི་འབྱུང་ཞིང་། བསྐྱེད་རྫོགས་ནམ་མཁའི་དབྱིངས་སུ་ཡལ་བ་ཡིན་ནོ། །བུ་ཐོད་སྨྱོན་དང་

གང་པ་གཉིས་ཀྱིས་བསྐྱེད་རྫོགས་ཀྱི་དམ་ཚིག་འདི་ཆིག་བརྒྱུད་ལས་མ་འཆོལ་བར་

སྲུངས་ལ། དབང་ཚོགས་ཀྱིས་འགྲོ་བ་མང་པོ་ལ་ཕན་ཐོགས་པའི་རྟེན་འབྲེལ་ཡོད་པས་དེ་

ལྟར་བྱེད་པ་དང་། སློབ་མ་སྣོད་དང་ལྡན་པ་གཅིག་ནས་གཉིས་སམ་གསུམ་ཙམ་རྒྱུད་

འཛིན་བརྟེན་དུ་རུང་བ་ཤེས་པ་བཞིན་ཡིན་ནོ། །

ད་ལྟའི་ཆོས་ལུགས་འདི་ནི་སྙིགས་མའི་དུས་སུ་སྤྱོད་པར་མི་འོང་ཤིན་ཏུ་འཆོལ་བར་

འགྱུར་ཏེ། མདོ་སྔགས་ཟུང་འཇུག་དང་། མདོ་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས་སོ་སོར་རང་

རང་གི་སྲོལ་རྣམས་འཆུག་ཅིང་ཕན་ཚུན་དུ་འདྲེས་ནས་མན་ངག་གི་དོན་འདོར་ཞིང་ཁྱིའི་

སྐྱུག་པ་བཞིན་ཉམས་སུ་ལེན་རྒྱུ་མི་རྙེད་པ་མུན་པའི་ནང་དུ་བོར་བ་ལ་ལག་མྱོང་བྱེད་པ་ལྟ་

བུའི་གཅོད་མཁན་ཤིན་ཏུ་བླུན་ཅིང་ཆེར་བླུན་པའི་ད་ལྟའི་ཆོས་ལུགས་འདི་ལོག་པར་ལྡོག་

ནས། མི་དགེ་བ་དཔག་མེད་བསྒྲུབ་པ་རྣམས་འབྱུང་བ་དང་། ངའི་སྲོལ་ཐམས་ཅད་ལྡོག་

པར་བྱེད་པ་ནི། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་པོ་འདི་ངའི་ཆོས་ལུགས་

ཀྱི་སྲོག་ཤིང་ཡིན་པས་དེ་ལྡོག་ནས་གནོད་སེམས་དང་སྡང་སེམས་རྒྱུན་དུ་འགྲོག་པ་འོང་།

253

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

འགྲོ་དོན་གདུལ་བྱའི་གཙོ་བོ་མི་མ་ཡིན་གདུག་པ་ཅན་རྣམས་ཡིན་པ་དེ། ངས་གཅེས་པར་

བཟུང་ནས་འདུལ་བར་བྱེད་པ་དེ་ལྡོག་ནས་བསྐྲད་ཅིང་གཟིར་ནས་ཨར་ལ་གཏད་པ་འོང་།

ད་ལྟ་མིའི་འདུ་འཛི་སྤངས་པའི་གནས་དབེན་པ་དུར་ཁྲོད་དང་ལུང་སྟོང་མི་མ་ཡིན་འདུས་

པའི་ཕོ་བྲང་གི་ས་ནི་དགེ་སྦྱོར་གྱི་བོགས་འདོན་པའི་གནས་ཡིན་པར་འདུག་པ་དེ་ལྡོག་ནས་

མིའི་འདུ་འཛི་ཤིན་ཏུ་ཆེ་བ་བྱང་འབྲོག་ཏུ་སྒར་གྱི་གསེབ་དང་། ཡུལ་བའི་གྲོང་ཁྱེར་གྱི་

འདུས་མདོ་དང་། གཞན་ལ་གནོད་པར་བྱེད་པའི་ཕྱིར་དུ་གཉན་མིག་དང་གནད་མིག་དང་

དེ་རྣམས་སུ་འདུག་པ་འོང་། ད་ལྟ་བདག་འཛིན་བཏང་ནས་ལུས་སྲོག་ལ་ལྟོས་པ་མེད་པར་

གཏོང་བ་དེ་ལྡོག་ནས་བདག་འཛིན་ཤིན་ཏུ་དམ་ཞིང་ལུས་སྲོག་ལ་གཅེས་སྤྲས་སུ་འཛིན་པ་

འོང་ད་ལྟ་བལ་ཐུལ་རས་ཐུལ་ཕྱིང་ལྷམ་གྱོན་པ་དེ་རྣམས་ལྡོག་ནས། གཅན་གཟན་གྱི་

པགས་པ་དང་། ཁྱད་པར་ཁྱི་ལྤགས་ཀྱི་ཐུལ་བ་དང་། ཀོ་ལྷམ་དང་རེ་བ་ནག་པོ་གྱོན་པ་

འོང་། ད་ལྟ་བ་མེན་འདི་བཅུད་དང་ལྡན་པའི་སློང་ཕོར་དང་། རྐང་གླིང་མ་ཉམས་པ་འབོད་

རྫས་སུ་འཆང་བ་དེ་ལྡོག་ནས། མི་མགོའ་ིསློང་ཕོར་དང་རྐང་གླིང་ལ་གཡག་ནག་གི་རྭ་སྤྲད་

དེ་འབུད་པ་འོང་བ་དང་། གཞན་ཡང་ཆས་མི་འདྲ་བ་སྣ་ཚོགས་པ་དང་། ལུས་ངག་ཡིད་

གསུམ་དང་བཅས་ནི་ཕ་རོལ་པོ་ལ་གནོད་པར་བྱེད་པའི་གཅོད་མཁན་ཡིན་པར་འདོད་པ་

འགའ་ཞིག་འབྱུང་བ་རྣམས་ལ་ནི། ངའི་ཆོས་ལུགས་ཀྱི་དྲི་མ་ཡང་མེད་ལ། ཐེག་ཆེན་གྱི་

ཆོས་ནི་རྣ་བས་ཀྱང་ཐོས་མ་མྱོང་བ་ཡིན་ཏེ། འོན་ཀྱང་ངའི་ཆོས་ལུགས་ལ་ཡི་གེ་ཕཊ་ཅེས་

པའི་སྒྲ་དེ་འདྲེས་ནས་ཀྱང་དུས་མ་ཡིན་པར་ཕཊ་སྒྲ་བཏབ་ན་འབྱུང་པོ་ཕལ་བ་ལ་གནོད་

པས་ཕཊ་སྒྲ་ཡང་སྐྱོན་ཅན་དུ་འགྱུར་བ་ཡིན་པས། དེ་ལྟ་བུའི་ལས་ངན་འབའ་ཞིག་གསོག་

པའི་གཅོད་མཁན་ཡིན་པར་སྨྲ་བ་རྣམས་འབྱུང་བ་ནི་ངའི་བསྟན་དགྲ་ཡིན་ནོ། །དེའི་དུས་

སུ་ད་ལྟ་ངའི་ཆོས་ལུགས་འཛིན་ནུས་པའི་གང་ཟག་ནི་ཉིན་གྱི་སྐར་མ་དང་འདྲ་སྟེ། དེ་བས་

ཀྱང་ནི་དཀོན་པར་གདའ། འོན་ཀྱང་བརྒྱ་ལ་གཅིག་ཙམ་བྱུང་ཡང་དགུན་སྒང་གི་ཉི་ཐུང་

254

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

དང་འདྲ་སྟེ་གང་ཡང་དྲོས་པར་མི་ནུས་སོ། །དེའི་དུས་སུ་དགེ་སེམས་བསྐྱེད་པ་ནི་ཟུང་རེ་

ཙམ་ཡོད་ཀྱང་། ཉམས་སུ་ལེན་བྱའི་ཆོས་ཀྱི་སྲོལ་འཆུག་པས། ཉམས་ལེན་གྱིས་དབེན་

པས་དགེ་སེམས་ལ་ཇི་ལྟར་འབུངས་ཀྱང་འཁོར་བ་ལས་བརྒལ་བ་ནི་དཀའོ། །

དེ་ལྟར་ངའི་ཆོས་ལུགས་ལོག་པར་སྤྱོད་པ་དང་ཆོས་ཁྲིམས་འཆུག་པ་དུས་མཉམ་པ་

ཡིན་པས་ཡིད་ལ་ཞོག་དང་རིགས་ལྡན་ཀུན། ཅེས་གསུངས་སོ། །བསོད་ནམས་རྒྱན་མས་

དེ་བས་ཞུ་བ་དཔོག་པར་མ་ཕོད་པས། རྒྱན་མཚན་མ་ལ་བསྐུལ་ཏེ། རྒྱན་མཚན་མས་

ཞུས་པ། མ་ཅིག་ལགས། ཆོས་ཁྲིམས་འཆུག་པའི་དུས་སུ། རང་རེའི་བསྟན་འཛིན་རྣམས་

ཀྱིས་ད་ལྟའི་ཆོས་ལུགས་འདི་ལྡོག་ནས། ལོག་པར་སྤྱོད་པའི་གང་ཟག་སྡིག་སྤྱོད་ཅན་

རྣམས་འབྱུང་ངོ་གསུངས་པར་གོ་བ་ལགས་མོད་ཀྱང་། གཅོད་མཁན་སྡིག་སྤྱོད་ཅན་རྣམས་

ཀྱིས་ཁྱད་པར་དུ་ཆ་ལུགས་དང་སྤྱོད་ལམ་ཇི་འདྲ་བ་བྱེད་པ་དང་། སྤྱོད་ལམ་ལོག་པའི་

རྟགས་ངེས་པ་ཅན་དུ་ཇི་འདྲ་བ་འབྱུང་བ་རྣམས་ངེད་ཚོ་ལ་གསུངས་པ་ཐུགས་ལ་འདོགས་

ཞུས་ཏེ། ཡང་མ་ཅིག་གི་ཞལ་ནས། དད་བརྩོན་ཤེས་རབ་ལྡན་པའི་བུ་སློབ་ཀུན། །ཡིད་

མ་གཡེང་རྩེ་གཅིག་གུས་པས་ཉོན་ཅིག་དང་། །ང་ཡི་ཆོས་ལུགས་ལོག་པར་འཛིན་ཚུལ་གྱ།ི །

སྨྲེ་སྔགས་ཅུང་ཟད་བཤད་དོ་འདི་ལྟར་འབྱུང་གི་ཨང་། །སངས་རྒྱས་བསྟན་པ་མཐར་ནི་

ཐུག་ལ་ཁད། །ང་ཡི་བསྟན་པ་བཤིག་པའི་མཐར་སྡུད་ནི། །འཇིགས་པའི་ཆོས་ཅན་འགའ་

ཞིག་འབྱུང་བའི་སྟེང་། །ང་ཡི་བསྟན་པ་གསལ་བའི་དུས་ཤིག་འབྱུང་མོད་ཀྱང་། །བར་དུ་

ལོག་པར་སྤྱོད་པ་འདི་ལྟར་ཡིན། །ང་ནས་བཟུང་སྟེ་བརྒྱུད་པ་དགུ་པ་ནས། །དམ་ཆོས་སྤྱོད་

ཡུལ་ལོག་པར་སྤྱོད་པ་ཡི། །གང་ཟག་འདི་འདྲ་འབྱུང་ངོ་ཡིད་ལ་ཟུངས། །དགེ་སྦྱོང་ཆས་

ལ་རབ་བྱུང་གཟུགས། །ནང་ན་འདོད་སྲེད་མེ་དཔུང་འབར། །ཕྱི་ན་ངུར་སྨྲིག་རྒྱལ་

མཚན་གྱོན། །ལག་ན་མི་ཡི་མགོ་རྐང་ཐོགས། །གཅན་གཟན་ལྤགས་པ་ཐོད་དུ་བཅིངས། །

ཁ་ནས་ཕཊ་སྒྲ་ཀྱུར་ཀྱུར་འདོན། །གཅོད་མཁན་ཡིན་ཟེར་ཁས་ལེན་བྱེད། །དམིགས་

255

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

ངན་རྫས་ཐུན་སྣ་ཚོགས་ཀྱིས། །སྣང་སྲིད་ལྷ་འདྲེ་ཨར་ལ་གཏད། །སེམས་ཅན་ཡོངས་

ལ་གནོད་པ་སྐྱེལ། །དཀོན་མཆོག་གསུམ་པོ་རིང་དུ་འདོར། །ཐེའུ་རང་བསྒྲུབས་ཤིང་

མངོན་ཤེས་བཤད། །བེ་དཀར་རྒྱལ་པོས་ནུས་པ་བསྐྱེད། །སྲིའུ་གསོ་དང་འདྲེ་སྲིན་ཐུལ། །

ཕུང་ཁྲོལ་ཟས་ནོར་བག་རེ་འདུས། །མཐུ་ཆེན་ནུས་ལྡན་དྲེགས་པས་ཁེངས། །སྲིན་མོ་ནག་

མོའ་ིཆགས་སེམས་དཀྲུག །ཉོན་མོངས་འདོད་ཆགས་ཆུ་ལྟར་ཁོལ། །བཟོད་གླགས་མེད་

པར་ལུས་སེམས་གཡེང་། །ཟས་ནོར་ལུས་སྲོག་ལྟོས་མེད་བོར། །བུད་མེད་ཕྱིར་དུ་ལྷག་

པར་གཏོང་། །གྲོང་དང་གྲོང་ཁྱེར་རི་སུལ་དང་། །དུར་ཁྲོད་བས་མཐའ་མདོ་འདུས་དང་། །

ལྗོན་ཤིང་ཕུག་སྟོང་ཆུ་འདུས་དང་། །གཉན་མིག་ས་གནས་འབའ་ཞིག་ཏུ། །འདོད་སྲེད་བློ་

དང་འགྲོགས་ཤིང་ཉུལ། །ཐེག་ཆེན་དམ་ཆོས་བསྒྲུབ་པ་དང་། །ང་ཡི་རྗེས་འཇུག་ཁས་ལེན་

བྱེད་མོད་ཀྱང་། །ངས་ནི་སྙིང་རྗེའི་ལྕགས་ཀྱུས་བཟུང་། །འབྱུང་པོ་མི་དང་མི་མིན་རྣམས། །

བུ་བས་གཅེས་པར་སྐྱོང་བ་ཡིན། །གཅོད་མཁན་ཆེན་པོ་དེ་དག་གིས། །དྲག་དམིགས་རྫས་

ཐུན་ངན་སྔགས་དང་། །སྣ་ཚོགས་དུ་མའི་ཐབས་ཀྱིས་ནི། །འགྲོ་བ་དེ་དག་བསྐྲད་ཅིང་

གཟིར། །དེ་ལ་ཐེག་ཆེན་ཆོས་བསྒྲུབ་དང་། །ང་ཡི་རྗེས་འཇུག་ག་ལ་འོང་། །ཁ་ནས་

ཐེག་ཆེན་བྱམས་སེམས་སྨྲ། །ཡིད་ལ་སྡང་སེམས་ངན་སེམས་འཆང་། །དེ་འདྲའི་མི་

བླུན་བློ་དང་འགྲོག །ངུར་སྨྲིག་གོན་ནས་འདུལ་ཁྲིམས་འཆལ། །དུར་ཁྲོད་ཆས་འཛིན་

གྲུབ་ཐོབ་རྟགས། །དེ་འདྲའི་ཆ་ལུགས་མི་མཐུན་སྣ་ཚོགས་འཛིན། །རི་ལུང་མེད་པར་ཕཊ་

སྒྲས་བཀང་། །ང་ཡི་བསྟན་བཤིག་དེ་འདྲ་འབྱུང་། །དེ་ཡང་ཆ་ལུགས་བཟང་ཤོས་གདའ་བ་

ཨང་། །ཡང་གཅིག་ཆ་ལུགས་འདི་འདྲ་འབྱུང་། །དུག་ལྔའི་མཚོན་རྩེ་ནང་ནས་འཛིན། །རེ་

ནག་བདུད་གོས་རྒྱབ་ནས་གྱོན། །བསྟན་འཛིན་སེར་ཆས་བར་ནས་དཀྲི། །དམུ་ཞྭ་སྣ་རིང་

མགོ་ལ་གྱོན། །དུད་འགྲོའ་ིསྤུ་རྐྱང་ཐོད་དུ་བཅིངས། །དུར་ཁྲོད་ཆས་རྣམས་ལུས་ལ་

འཆང་། །པི་ཝང་གླིང་བུ་སྒྲ་སྙན་གྱིས། །བྱིས་པ་བུད་མེད་ཡིད་སེམས་འཕྲོག །སྨན་མོ་

256

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

གཟའ་འདྲེ་ཤུགས་ཀྱིས་འདུ། །ངག་ནས་འཕྱོར་མའི་གླུ་ཆུང་ལེན། །ཁ་ནས་ཕཊ་སྒྲ་ཤར་

ཤར་འདོན། །གཅོད་མཁན་ཡིན་ཟེར་ཁས་ལེན་བྱེད། །ཚེ་འདིར་འདོད་ཡོན་འཐོབ་

འདོད་ཕྱིར། །དུག་ཐུན་དྲག་དམིགས་ངན་སྔགས་ཀྱིས། །གཟུགས་མེད་ལྷ་འདྲེ་གཟིར་

ཅིང་བརྡུང་། །སྣང་སྲིད་ལྷ་འདྲེ་རྣམས་ལ་ཡ་བཟུང་ཞིང་། །དོར་བསྡོ་ཤེས་ཚད་རྒྱུད་ཀྱང་

དཀྲུགས། །ཐབ་གཞོབ་གསུར་ཆེན་རྫས་བསྲེགས་པས། །ལྷ་ཀླུ་དཀར་ཕྱོགས་སྐྱོང་རྣམས་

ཉམས་པ་ཡིས། །ཡུལ་དེར་མི་དགེ་སྣ་ཚོགས་འབྱུང་། །ནག་ཕྱོགས་བདུད་རྣམས་ཁ་

འཕྱུར་ནས། །གཅོད་མཁན་ཆེན་པོའ་ིསྡོངས་ཟླ་བྱེད། །གཅོད་མཁན་ནུས་པ་བདུད་

ཀྱིས་བསྐྱེད། །སྨན་བཟའ་འགབ་འདྲེས་སྣ་དྲངས་ནས། །ལོག་པའི་ལམ་ལ་འདི་བཞིན་

སྦྱོར། །བུད་མེད་བཤོར་དང་གྲོང་ཆོག་མུ་སྣ་འདེད། །སྲིའུ་གསོ་དང་མནན་པ་སྲིད་བཀོལ་

ནས། །ལོ་ནད་སད་སེར་བསྲུང་ཞིང་ཁ་ཆིངས་དང་། །མི་ཡི་དུར་གཅོད་ནོར་གྱི་གོད་

གནོན་དང་། །རོ་ཁུར་ཡས་ལེན་བག་མའི་སྣ་ལེན་བྱེད། །དེ་ལ་སོགས་པའི་ལས་ངན་

དཔག་མེད་ནི། །མཐའ་ཡས་བསམ་འདས་བསྒྲུབ་བྱེད་པ། །བག་མེད་འདོད་སྲེད་ཆོག་

ཤེས་མེད་པ་ཡི། །ངོ་ཚ་ཤོར་བའི་གཅོད་མཁན་དེས། །དབྱར་གསུམ་བྱང་འབྲོག་སྒང་དུ་

འགྲ།ོ །སྟནོ ་གསུམ་ཡུལ་བའི་གྲོང་དུ་འདུར། །དགུན་གསུམ་གྲོང་རལ་ཕུག་སྟོང་འགྲིམ། །

དཔྱིད་གསུམ་དགོན་སྡེའི་དཀོར་ལ་སློང་། །ལུས་ཀྱི་ཆས་དང་ཆ་ལུགས་རྣམས། །མི་མཐུན་

ཆ་ལུགས་སྣ་ཚོགས་ནི། །མཐའ་གཅིག་ངེས་མེད་ཡང་ཡང་བསྒྱུར། །ཐེག་ཆེན་བྱམས་

སེམས་སྐད་ཅིག་དྲན་མ་མྱོང་། །མི་དགེ་སེམས་དང་བྲལ་མ་མྱོང་། །བདེན་འཛིན་བརྟན་

པོའ་ིསེམས་དང་རྒྱུན་དུ་འགྲོགས། །དེ་འདྲའི་གཅོད་མཁན་འབྱུང་བའི་དུས། །ང་ཡི་ཆོས་

ལུགས་ལོག་པར་སྤྱོད་པའི་རྟགས། །ངེས་པར་ཡིན་ནོ་ཡིད་ལ་ཟུངས་དང་རིགས་ལྡན་ཀུན། །

ལར་ལྔ་བརྒྱའི་དུས་ཀྱི་སྙིགས་མ་ལ། །བདུད་དང་འགོང་པོས་བསླུ་བ་ལས། །གོས་ངན་ཁྱི་ཡི་

ཐུལ་བ་གྱོན། །ཟས་ངན་མི་གཙང་སྣ་ཚོགས་བཟའ། །ལས་ངན་མི་དགེ་སྣ་ཚོགས་བསྒྲུབ། །

257

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

ས་མཐའ་ཕཊ་ཀྱིས་བསྐོར་ཞིང་འགྲོ། །གཅོད་མཁན་ཡིན་ཟེར་ཁས་ལེན་བྱེད། །དེ་ནི་

བཤན་པ་ཉིད་དང་མཚུངས། །ང་ཡི་བསྟན་པའི་གཤེད་མར་གྱུར་པའི་བདུད། །དེ་འདྲ་

འབྱུང་ངོ་རིགས་ལྡན་བུ་སློབ་ཀུན། །ཡང་གཅིག་ཆ་ལུགས་འདི་འདྲ་འབྱུང་། །ཤིན་ཏུ་

སྟོབས་ལྡན་གཅོད་མཁན་ནི། །ཚུལ་ཁྲིམས་རྐང་པ་ཆག་པའི་ཞ་བོ་ཡིན། །བཤེས་གཉེན་

མིག་དང་བྲལ་བའི་ལོང་བ་ཡིན། །དམ་ཆོས་སྒྲ་དང་བྲལ་བའི་འོན་པ་ཡིན། །སྙིང་པོ་བཟླས་

བརྗོད་བྲལ་བའི་ལྐུགས་པ་འདྲ། །དེ་ལྟར་ཞ་ལོང་འོན་ལྐུགས་འཛོམ་འདྲ་བས། །གང་ཟག་

གཅོད་མཁན་ཡིན་ཟེར་དེས། །དམ་ཆོས་དགེ་བཅུ་རྒྱབ་ཏུ་བོར། །མི་དགེ་བཅུ་པོ་དང་དུ་

བླང་། །གཉིས་འཛིན་འཁྲུལ་བས་བསྐྱེད་གསོ ་ལུས་ལ་གྱནོ ། །གཟུང་འཛནི ་སྐདེ ་རགས་བརྟན་

པསོ ་དཀྲ།ི །སེར་སྣའི་མདུད་པས་དམ་དུ་བསྡམ། །ཞེ་སྡང་གི་ངར་རྣོན་ལག་ཏུ་ཐོགས། །ང་

རྒྱལ་གྱི་རྔ་གཤང་མཆན་དུ་དཔྱང་། །འདོད་ཆགས་ཀྱི་ཀོ་ལྷམ་རྐང་ལ་གྱོན། །ཕྲག་དོག་གི་མི་

རྐང་སྐེད་དུ་བཅིངས། །ཉོན་སྒྲིབ་ཀྱི་ཁྱི་ལྤགས་རྒྱབ་ཏུ་གྱོན། །བླུན་རྨོངས་ཀྱི་དོམ་ལྤགས་

ཐོད་དུ་བཅིངས། །དུག་ལྔའི་དྲ་བ་མིག་མང་དེར། །ཉོན་མོངས་སློང་ཕོར་མི་ཐོད་འཇུག །

འདོད་སྲེད་ཞགས་པ་རྒྱབ་ཏུ་ཁུར། །མི་རོའ་ིཤུན་པ་ཡན་ལག་མགོ་བོ་དང་། །མགོ་

ལྤགས་སྐྲ་བཅས་ལུས་ལ་ཐོགས། །ཁ་ནས་སྨྱོན་ལབ་ཆལ་ཆོལ་འདོན། །ངག་ནས་ཕཊ་ཀྱི་

སྒྲ་སྐད་འདོན། །སེམས་ལ་ལོག་ལྟའི་མུན་པ་འཁྲིགས། །ཆས་ལ་བརྟགས་ན་སྲིན་པོའ་ི

ཆས། །ལུས་ལ་བརྟགས་ན་མི་ཡི་གཟུགས། །སྤྱོད་ལམ་བརྟགས་ན་མུ་སྟེགས་པ། །སེམས་

ལ་བརྟགས་ན་དུད་འགྲོ་ཉིད། །ལར་ཇི་ལྟར་བརྟགས་ན་ཅི་བྱེད་རྣམས། །སྨྱོན་པ་དངོས་

ཉིད་དག་དང་མཚུངས་པ་ཡིན། །དེ་འདྲའི་ཆོས་ལྡན་གཅོད་མཁན་དེས། །གཏི་མུག་བོང་

ནག་རྣ་རིང་ལ། །མ་རིག་འཁྲུལ་བའི་སྒ་སྟན་བསྟད། །བདག་འཛིན་བརྟན་པོའ་ིགོང་རྨེད་

བྱས། །གཅེས་འཛིན་གློ་ཆིངས་དམ་དུ་བསྡམ། །ཁེངས་རློམ་དྲེད་པོའ་ིམཐུར་སྲབ་སྐོན། །

ངར་འཛིན་བརྟན་པོའ་ིགཅོད་པས་ཞོན། །སྲིན་མོ་ནག་མོས་བོང་སྣ་ཁྲིད། །བེ་དཀར་

258

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

རྒྱལ་པོས་ལམ་མཁན་བྱས། །གཤིན་རྗེའི་ཚོགས་ཀྱིས་མདུན་ནས་བསུ། །བདུད་དམག་

རྣམས་ཀྱིས་རྒྱབ་ནས་སྐྱེལ། །བཙན་རྒོལ་རོལ་པ་གཡས་སུ་རྒྱུག །གཟའ་བདུད་མགོ་

དགུ་གཡོན་དུ་རྔམ། །དམུ་བདུད་རྒྱལ་པོས་སྟེང་ནས་སྐྱོར། །ཀླུ་བདུད་ནག་པོས་འོག་ནས་

འདེགས། །དེ་ལྟར་སྡེ་བརྒྱད་དཔུང་དང་བཅས། །ནག་ཕྱོགས་སྐྱོང་བའི་འཁོར་གྱིས་

བསྐོར། །མི་མིན་ཕལ་པ་འདར་ཞིང་སྔངས། །དེ་འདྲའི་སྡེ་བརྒྱད་འཁོར་དང་བཅས་རྣམས་

ཀྱིས། །སྙིགས་དུས་ང་ཡི་བསྟན་པ་བཤིག་བྱེད་པས། །གཅོད་མཁན་ཀུན་གྱིས་སྡང་

སེམས་བྱས་ནས་ནི། །འདྲེ་གདོན་ངེས་པར་ཐུལ་བ་ཁེངས་སེམས་ཀྱིས། །རབ་ཏུ་རྒྱས་

པའི་གཅོད་མཁན་ཆེན་པོ་སྟེ། །འཁོར་དང་བཅས་པ་ཐམས་ཅད་ནི། །དམ་ཆོས་དགེ་

བཅུའི་ཕྱགས་མ་ཡིན། །མི་དགེ་ཟང་ཟིང་གི་བུད་ཤིང་ཡིན། །ཐར་པའི་སྲོག་གཅོད་བཤན་

པ་ཡིན། །ངན་སོང་སྒོ་ལྕགས་འབྱེད་པའི་ལྡེ་མིག་ཡིན། །བྱམས་སེམས་རྣམས་ཀྱི་སྙིང་རྗེ་

འབྱུང་གནས་ཡིན། །བཤེས་གཉེན་དམ་པ་རྣམས་ཀྱི་སྨད་གནས་ཡིན། །མི་ནག་རྣམས་ཀྱི་

མཆོད་གནས་ཡིན། །བུད་མེད་འདུས་པའི་མཆོད་རྟེན་ཡིན། །བྱིས་པ་རྣམས་ཀྱི་རྩེ་རོགས་

ཡིན། །ཞལ་བུ་ཁྱི་ཡི་གཤེད་མ་ཡིན། །ཡུལ་པའི་གྲོང་དུ་རྒྱུན་གནས་ཡིན། །རི་ཁྲོད་དབེན་

གནས་སྤང་བྱ་ཡིན། །སྙིགས་དུས་ཆོས་ཁྲིམས་འཆུག་པའི་དུས། །ང་ཡི་ཆོས་ལུགས་ངེས་

པར་ལྡོག་པ་ཡིན། །གཅོད་མཁན་དེ་འདྲ་འབྱུང་ངོ་བུ་སློབ་ཀུན། །ཡང་ནག་པོ་དགུ་ཕྲུག་

ཅེས་བྱ་བའི། །གཅོད་མཁན་བྱ་བ་འདི་འདྲ་འབྱུང་། །གཉན་ཁྲོད་གྲོང་ནག་རྟག་ཏུ་འགྲིམ། །

གྲོགས་པོ་ནག་མོ་རྣམས་དང་འགྲོགས། །ཉམས་ལེན་འདྲེ་ནག་བརྡུང་ལ་བྱེད། །བཟའ་

བ་ལོག་འཚོ་དཀོར་ནག་བཟའ། །དམིགས་པ་དུག་འབྱེད་ནག་པོ་གཏོང་། །ལུས་ལ་ཁྱི་

ནག་ལྤགས་པ་གྱོན། །མགོ་ལ་དོམ་ནག་ལྤགས་པ་བཞག །མི་རྐང་རྭ་ནག་ཁ་ཆེ་འབུད། །

ཕཊ་སྒྲ་དིར་དིར་ཁྱི་རྣམས་སྒྲོགས། །སུ་ཞིག་མཐོང་ན་མི་འཇིགས་སམ། །ཀུན་ཕུང་དུག་གི་

སྡོང་པོ་འདྲ་བ་ཡིས། །ང་ཡི་བསྟན་པའི་དགྲར་འགྱུར་བས། །དེ་འདྲའི་སྙིགས་དུས་ས་སྟེང་

259

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

ཁྱབ་པ་འོང་། །ཡང་གཅིག་ཆ་ལུགས་འདི་འདྲ་འབྱུང་། །གཅེས་འཛིན་དུག་ལྔའི་ཕུང་པོ་དེ། །

དུར་ཁྲོད་རོ་གོས་རྙིང་བས་དཀྲི། །མི་ཡི་རྒྱལ་མཚན་ཕྲག་ལ་གཟར། །རོ་གོས་ཤི་སྐྲས་ལུས་

ལ་བརྒྱན། །མི་ཡི་མགོ་རྐང་ལག་ཏུ་ཐོགས། །མགོ་ལ་ཞྭ་མེད་སྐྲ་ཡང་འཕྱང་། །རྐང་ལ་

ལྷམ་མེད་རྗེན་པར་འགྲོ། །གྲུབ་པ་ཐོབ་བོ་ཁ་སྐད་འདོན། །ལས་སུ་མི་དགེ་སྡིག་ལ་སྤྱོད་

པར་བྱེད། །ཟས་སུ་མི་གཙང་སྣ་ཚོགས་བཟའ། །རོ་སྙོམས་བྱེད་དོ་ཁས་ལེན་ཅིང་། །མི་ཤ་

ཟ་ཞིང་མཛེ་ཀླད་འཐུང་། །ནད་པའི་ཁྲག་རྣག་དྲི་ཆུ་འཐུང་། །ཕོ་གདོན་རྒྱལ་པོ་སྙིང་ལ་

ཞུགས། །འབྱུང་པོ་གདོན་ཕྲན་ཐུལ་བར་ངེས། །མོ་གདོན་ཐིག་ནག་རྩ་ལ་ཞུགས། །ཉོན་

མོངས་ཆགས་པས་ལུས་སེམས་གཡེང་། །བཟོད་གླགས་མེད་པར་ངོ་ཚ་བྲལ། །བུད་མེད་

མཐོང་ན་སྲོག་བསྡོས་བྱེད། །བག་མེད་གད་རྒྱང་ཆེན་པོ་སྒྲོག །རེས་འགའ་མུ་ཅོར་ཀུ་ཅོ་

འདོན། །རེས་འགའ་སྙེམས་ཀྱི་མགུར་ཆུང་ལེན། །རེས་འགའ་ཕཊ་ཀྱི་སྒྲ་སྐད་འདོན། །

རེས་འགའ་གར་བྱེད་བྲོ་ཡང་འཁྲབ། །རེས་འགའ་གོས་ཕུད་གཅེར་བུར་རྒྱུག །མུ་ཅོར་སྨྱོན་

པའ་ིལས་སྤྱདོ ་ཀྱསི ། །ལྷ་འདྲེ་འདུལ་བར་ཁས་ལེན་བྱེད། །ཐེག་ཆེན་དམ་ཆོས་མ་ཐོས་པ། །

འདོད་སྲེད་གནོད་སེམས་གཉིས་དང་རྒྱུན་དུ་འགྲོག །ཡུལ་བའི་གྲོང་ཁྱེར་སྲང་མདོ་དང་། །

ཕྱི་འབྲོག་སྒར་གྱི་ལྷས་འདབས་སུ། །ཚེ་གཅིག་གཉན་ས་དེ་རུ་བརྟག །བཤེས་གཉེན་དམ་

པ་མཐོང་ན་ཐབས་ཀྱིས་བཤོལ། །བུད་མེད་མ་རབས་མཐོང་ན་འཛུམ་མདངས་སྟོན། །དེ་

འདྲའི་སྤྱོད་ལམ་བྱེད་པ་དེས། །ང་ཡི་དྲོད་རྟགས་ས་ལམ་ཐོབ་པའི་རྣལ་འབྱོར་ཡིན། །ཐེག་

ཆེན་ཕྱག་རྒྱ་ཆེན་པོ་སྟོན་ཟེར་ནས། །མི་ནག་ཕོ་མོ་ཅོལ་ཆུང་རྣམས། །བསླུས་ནས་ལོག་

པའི་ལམ་ལ་སྦྱོར། །བཟའ་བཏུང་མི་དགེ་ལོག་འཚོ་བརྟེན། །བློ་ཕུག་བསླུ་བྲིད་རྫུན་ལ་

གཏད། །གཅོད་མཁན་ཡིན་ཟེར་ཁས་ལེན་བྱེད། །ང་ཡི་བསྟན་བཤིག་དེ་འདྲ་འབྱུང་། །

ཡང་ང་ཡི་བསྟན་པ་བཤིག་བྱེད་ཀྱི། །གཅོད་མཁན་ཞེས་པའི་མཐར་སྡུད་ནི། །ཆ་ལུགས་

འདི་འདྲ་བྱེད་པ་ཡ་ཟུང་འབྱུང་། །མི་ཡི་ལུས་ལ་གཤིན་རྗེའི་སེམས། །དུར་ཁྲོད་རོ་ཡི་གླིང་

260

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ན་གནས་བཅས་ཤིང་། །ཁྱི་རྟ་མི་ཡི་ཤ་ཟ་ཁྲག་ཀྱང་འཐུང་། །ལུས་ལ་མི་ཁྱིའི་པགས་པས་

དཀྲི། །གཅན་གཟན་འཇིགས་པའི་མགོ་ལྤགས་དེ། །གཞན་ལ་འཇིགས་འདོད་མགོ་ལ་

གྱོན། །མི་ཡི་མགོ་ལྤགས་སྐྲ་བཅས་ཏེ། །རྐང་ལ་གྱོན་ནས་འཇིགས་ཚུལ་སྟོན། །མི་ཡི་མགོ་

རྐང་ལྷུ་དུམ་ལུས་ལ་ཐོགས། །མི་སྙིང་ཕྲེང་བས་མགུལ་ལ་བརྒྱན། །རྟ་ལྤགས་སྟེང་ན་གུར་

དུ་འབུབས་བྱེད་ཅིང་། །རོ་གོས་སྣ་ཚོགས་འོག་ནས་གདན་དུ་གདིང་། །འཇིག་རྟེན་མི་ཡི་

ཟས་གོས་སྤང་། །མི་མེད་ས་མཐའ་རྟག་ཏུ་གནས། །རབ་བྱུང་ལ་སོགས་མི་ཡི་སྡེ། །

མཐོང་ན་གཟུར་ཞིང་གྲིབ་ཏུ་ཉལ། །བྱ་གཅན་ལ་སོགས་དུད་འགྲོའ་ིསྡེ། །མཐོང་ན་དགའ་

ཞིང་རྩེ་བར་བྱེད། །ཆས་ནི་གཤིན་རྗེའི་ཕོ་ཉ་བཞིན། །ལུས་ནི་མི་ཡི་གཟུགས་སུ་གདའ། །

སེམས་ནི་སྲིན་པོའ་ིསེམས་ཡིན་ནོ། །སྤྱོད་ལམ་ཅེ་སྤྱང་དག་དང་མཚུངས། །གནོད་པའི་

སེམས་དང་རྒྱུན་དུ་འགྲོག །མི་རྟ་ཁྱི་གསུམ་ཤི་ལ་ཡིད་སྨོན་བྱེད། །ཤ་ཟ་ཁྲག་འཐུང་

པགས་པ་གྱོན་ལ་དགའ། །གཤིན་རྗེ་བཤན་པའི་ནུས་པ་བསྐྱེད། །དྲི་ཟ་གཤིན་རྗེའི་

འཁོར་གྱིས་བསྐོར། །འབྱུང་པོ་ཕལ་པ་ཤུགས་ཀྱིས་འདུས། །ཧ་སྒྲའི་གད་རྒྱང་ཆེན་པོ་སྒྲོག །

རེས་འགའ་གཅན་གཟན་ངར་སྐད་བྱེད། །རེས་འགའ་ཝ་མོ་ཟུག་སྟོང་བྱེད། །རེས་འགའ་

དམ་ཉམས་གླུ་ཆུང་ལེན། །རེས་འགའ་སྲིད་ལོང་གྱུར་གྱུར་བྱེད། །རེས་འགའ་ཕཊ་སྒྲ་ཤར་

ཤར་བྱེད། །རེས་འགའ་ཧཱུཾ་རིང་ལྷུང་ལྷུང་འདོན། །བརྒྱ་ལས་ལན་ཅིག་ཡུལ་དུ་རྒྱུག །མི་

རྣམས་འདུས་ནས་གཟིགས་མོ་བྱེད། །ཁྱི་རྣམས་འདུས་ནས་ཀུ་ཅོ་འདོན། །བུད་མེད་བྱིས་

པ་འཇིགས་པས་བྲེད། །འཇིག་རྟེན་མི་ཡི་ཟས་ནོར་སྲེད་ཆོད་ནས། །བྱ་བཏང་ཆེན་པོར་ཁ་

སྐད་འདོན། །ཆོས་བརྒྱད་མགོ་བོ་སྙོམས་པ་དང་། །གྲུབ་ཐོབ་ཆོས་རྟགས་འདི་ཡིན་ཟེར། །

ཐེག་ཆེན་དམ་ཆོས་བསྒྲུབ་པ་དང་། །ང་ཡི་རྗེས་སུ་ངེས་པར་འཇུག་པ་ཡི། །གཅོད་མཁན་

ཆེན་པོར་ཁས་ལེན་བྱེད། །ང་ཡི་བསྟན་པ་ཉམས་པའི་མཐར་སྡུད་ནི། །གཅོད་མཁན་དེ་

འདྲ་འབྱུང་ངོ་བུ་སློབ་ཀུན། །ཀྱི་ཧུད་དེ་ལྟར་བྱེད་དང་དེ་འདྲ་དང་། །དེ་ལྟར་གྱུར་པའི་

261

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

གཅོད་མཁན་དེ་རྣམས་ཀྱི། །སྤྱོད་ལམ་ཆ་ལུགས་བརྗོད་པས་ལང་བར་མི་འགྱུར་ཞིང་། །དེ་

བས་བརྗོད་ན་སྙིང་འཁྲུག་ཁམས་འདུས་ཨང་། །ལས་ངན་མཐའ་ཡས་བསམ་འདས་སྒྲུབ་

བྱེད་པ། །ཆོས་ལོག་མངོན་གྱུར་གཅོད་མཁན་དེ་རྣམས་ཀྱིས། །ང་ཡི་ཆོས་ལུགས་ངེས་པར་

ལྡོག་ནས་ནི། །ཚེ་འདིར་འདོད་ཡོན་ཕྲ་མོ་འཐོབ་འདོད་ཕྱིར། །ཉོན་མོངས་ཁྲོ་འཁྲུག་དཔའ་

གཏུམ་ངར་བསྐྱེད་ནས། །རི་གཉན་བཅོམ་ཞིང་བྲག་གཉན་བཤིག །ཆུ་གཤན་དཀྲུག་ཅིང་

ཤིང་གཉན་གཅོད། །ས་གཉན་རྐོ་དང་རྡོ་གཉན་སློག །བསྟན་སྲུང་ལྷ་ཡི་ཕོ་བྲང་བཅོམ། །

གནས་ཆེན་རྣམས་ལ་དམིགས་ངན་རྒྱག །གནས་ཕྲན་རྣམས་ལ་གཏད་པར་བྱེད། །དེ་

འདྲའི་དམིགས་ངན་སྐད་ཅིག་གིས། །གཟུགས་མེད་སེམས་ཅན་གྲངས་མེད་རྣམས། །སྡུག་

བསྔལ་བཟོད་གླགས་མེད་པའི་ལས་ལ་སྦྱོར་བྱེད་ཅིང་། །རྟེན་གསུམ་གནད་སོང་ལ་སོགས་

མཚམས་མེད་ལས་རྣམས་དང་། །མ་ཉེས་རྔན་བགྲང་ལ་སོགས་ལས་ངན་སྣ་ཚོགས་ནི། །

འཇིགས་རུང་དཔག་མེད་རྒྱུན་དུ་སྒྲུབ་བྱེད་པས། །མཐུ་ཆེན་གཅོད་མཁན་དེ་དག་ནི། །ནང་

པའི་གྲྭར་མི་ཚུད་ཅིང་ཕྱི་རོལ་མུ་སྟེགས་པ་ཡིན། །དམུ་རྒྱུད་བོན་ལ་མི་བསྲེ་ཐ་མལ་མི་ནག་

ཡིན། །རིགས་ཆད་ཕྱོགས་ལྷུང་མི་རིགས་ནང་ནས་ཡལ། །ཡི་དྭགས་གཤིན་རྗེའི་ཟླ་བོ་

གྲོགས་དང་འཕྲད། །སངས་རྒྱས་བསྟན་པའི་ནང་ནས་གཅོད་མཁན་དེ་འདྲ་དང་། །མི་

རིགས་ནང་ནས་འདབ་སྐྱེས་ཤང་ཤང་དང་། །འདབ་ཆགས་ནང་ནས་ལུས་ཅན་ཕ་ཝང་

དང་། །འདི་གསུམ་མཚུངས་ཏེ་རང་རང་རིགས་ལས་ཆད་ཅིང་སྡེ་གཞན་མེད། །ལར་འདི་

གསུམ་ལྟས་ངན་ཅན་གྱི་གཟུགས་ཡིན་པས། །གང་དང་འཕྲད་ལ་དེ་ནི་ཉེས་པའི་སྐྱོན་ལ་

སྦྱོར་བར་ནུས། །དེ་འདྲའི་གཅོད་མཁན་དེ་ཡི་ལས་ལ་སེམས་པ་ན། །སྙིང་རྗེ་མེད་པའི་

གཤིན་རྗེ་ཁྲོ་རྔམ་གྱུར་པ་མང་། །མིག་ནས་ཁྲག་གི་མཆི་མ་རབ་ཏུ་འཁྲུག་ཅིང་འབྱུང་། །

ཀྱི་ཧུད་དེ་བས་སྨྲེ་སྔགས་འདོན་པའི་ཚོད་མ་མཆིས། །སྙིགས་དུས་ཆོས་ཁྲིམས་འཆུག་

པའི་རྟགས་འབྱུང་དེ་ཡི་དུས། །ང་ཡི་ཆོས་ལུགས་རྟ་བདུན་རྒྱལ་པོ་མཁའ་ལ་འབྱུང་འདྲ་དེ། །

262

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ལྡོག་ནུས་མུན་གླིང་སྨག་ནག་འཐིབ་པོར་སྒྱུར་བྱེད་པའི། །འདིར་བཤད་གཅོད་མཁན་དེ་

འདྲ་འབྱུང་ངོ་ཀྱི་ཧུད་བུ་སློབ་ཀུན། །བུ་མོ་རྒྱན་མཚན་མས་དྲིས་པའི་ལན་དེ་ལ་གྱིས་དང་མ་

བརྗེད་ཨང་། །ཞེས་གསུངས་སོ། །

ཡང་རྒྱན་མཚན་མས་ཞུས་པ། མ་ཅིག་ལགས། རང་རེའི་ཆོས་ལུགས་འདི་བརྒྱུད་པ་

དགུ་པ་ནས་ལོག་པར་སྤྱོད་ཅིང་ལོག་པར་སྤྱོད་པའི་གང་ཟག་གི་མཚན་ཉིད་རྣམས་གོང་

བཞིན་གསུངས་པ་མཐར་སྡུད་དང་བཅས་པའི་བྱུང་ཚུལ་རྣམས་ཅུང་ཟད་གོ་བ་ལགས་ཀྱང་།

ལོག་པའི་གང་ཟག་རྣམས་ཀྱི་མཐར་སྡུད་འབྱུང་བའི་སྟེང་། སངས་རྒྱས་ཀྱི་བསྟན་པ་

ཉམས་ལ་ཐུག་གི་བར་དེར། རང་རེའི་ཆོས་ལུགས་གསལ་བར་བྱེད་པ་ཞིག་འབྱུང་

གསུངས་པའི་ཆོས་ལུགས་གསལ་བར་བྱེད་པའི་གང་ཟག་ཅི་ཞེས་པ་ཞིག་འབྱུང་། བསྟན་

པ་གསལ་བར་བྱེད་པའི་གང་ཟག་དེ་མ་ཅིག་གི་སྤྲུལ་པའི་ཆ་ཤས་ཤིག་ཡིན་ནམ། དེ་མ་

ཡིན་པ་གཞན་ཞིག་ཡིན་ནམ། ངེད་རྣམས་ལ་གསུང་བར་ཞུ་འཚལ་ཞེས་ཞུས་པས། མ་ཅིག་

གི་ཞལ་ནས། བུ་སློབ་ཀུན་ཉོན་དང་། རང་རེའི་ཆོས་ལུགས་ལོག་པར་སྤྱོད་པའི་གང་ཟག་

གི་མཐར་སྡུད་དུར་ཁྲོད་ཀྱི་ཤ་ཟ་ལྟ་བུའི་འཇིགས་པ་ཞིག་འབྱུང་བའི་སྟེང་དུ་མ་ལགས་ཏེ།

ང་བསྟན་པའི་མཐར་སྡུད་འབྱུང་བའི་དུས་དེ་ཉིད་དང་མཚུངས་པའི་དུས་ནས། བསྟན་པ་

གསལ་བར་བྱེད་པའི་གང་ཟག་གཅིག་ཙམ་འབྱུང་སྟེ། སྨག་རུམ་དུ་གློག་འགྱུ་བ་ཙམ་ལས་

མི་ནུས་ཀྱང་། བསྟན་པ་ལོག་པར་སྤྱོད་པ་རྣམས་ལ་གནོད་པར་ནུས་སོ། །ཁྱད་པར་དུ་གང་

ཟག་བསོད་ནམས་ཕུན་སུམ་ཚོགས་པའི་ནུས་པ་དང་ལྡན་པ་གཅིག་འབྱུང་སྟེ། གང་ཟག་དེ་

དག་ནི་ངའི་ཆོས་ལུགས་ཕྱིན་ཅི་མ་ལོག་པ་ཡང་དག་ངའི་ཆོས་སྲོལ་ད་ལྟར་གྱི་ཆོས་ལུགས་

ཇི་ལྟ་བ་བཞིན་དུ་ཁ་ཐུག་པས། ཡང་དག་པའི་ཆོས་ལུགས་དང་ལོག་པའི་ཆོས་ལུགས་ཀྱི་

སྲོལ་རྣམས་སོ་སོར་ཡང་དག་པར་རབ་ཏུ་ཕྱེ་ནས། ལོག་པའི་ཆོས་ལུགས་སྤང་ཞིང་། ཡང་

དག་པའི་ཆོས་ཀྱི་སྲོལ་ལ་འཇུག་ཅིང་གཏེར་ཆོས་རྣམས་བཏོན་ནས་སྦས་པའི་ཚུལ་དུ་

263

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

འཆད་ཅིང་། ངའི་ཆོས་ལུགས་ད་ལྟ་དང་མཚུངས་པ་ཉམས་སུ་ལེན་ནུས་པའི་གང་ཟག་སེང་

གེའི་མཚན་ཐོགས་པ་གཅིག་འབྱུང་གི། གང་ཟག་དེ་ནི་ངའི་སྤྲུལ་པ་ནི་མ་ཡིན། ངའི་བྱིན་

རླབས་འཇུག་པའི་སྒོམ་ཆེན་ཆོས་ཀྱི་སེང་གེ་འདི་ཡིན་ནོ། །

དེ་ཡང་སྙིགས་དུས་ངའི་ཆོས་ལུགས་ལོག་པར་སྤྱོད་པའི་མཐར་ཐུག་ལ་ཁད་ཤིན་ཏུ་

ལོག་སྤྱོད་རྒྱས་པའི་དུས་སུ། ཆོས་ཀྱི་སེང་གེ་འདིས་ངའི་བསྟན་པ་ལ་དགོངས་ཏེ་འོངས་

ནས་ངའི་ཆོས་ལུགས་གབ་པ་རྣམས་མངོན་དུ་ཕྱུང་ཞིང་། ངའི་ཆོས་ལུགས་ཀྱི་སྲོལ་འཆུག་

ཅིང་སོ་སོའ་ིསྲོལ་རྣམས་ནང་འདྲེས་སུ་སོང་བ་ཁྲག་དང་འོ་མ་འདྲེས་པ་ལྟ་བུར་འདྲེས་ནས་

འབྱེད་དཀའ་བ་དང་། ལོག་པའི་ཆོས་ལུགས་ཀྱི་ལྷད་རྣམས་སོ་སོར་བསལ་ནས། ལོག་པ་

རྣམས་ཚར་གཅོད་པ་དང་། ཡང་དག་པའི་ཆོས་ལུགས་རྣམས་སོ་སོར་གཏོད་པར་བྱེད་པ་ནི།

དཔེར་ན་ནམ་གྱི་ཐོ་རངས་དང་པོའ་ིསྐྱ་རེངས་ཤར་བ་དང་མཚུངས་ཏེ། དེ་ནས་མུན་པ་ཇེ་

དྭངས་ཇེ་དྭངས་སུ་སོང་ནས་ནམ་ལངས་ཏེ་ཉི་མ་ཤར་བ་དེ་བཞིན་དུ་སྙིགས་དུས་ཆོས་ཀྱི་

སེང་གེས་ཡང་དག་པའི་ཆོས་སྲོལ་བཏོད་པ་ནས་ལོ་ལྔ་བཅུ་ཙམ་སོང་ཙ་ན། ཆོས་ལོག་གི་

སྒྲ་ཡང་མི་གྲགས་ནས། ངའི་ཆོས་ལུགས་ད་ལྟ་བཞིན་དུ་ཡང་དག་པ་ནི་མཁའ་ལ་ཉི་མ་

ཤར་བ་བཞིན་མི་ལོ་ལྔ་བརྒྱ་བདུན་ཅུ་རྩ་བདུན་བར་དུ་འབྱུང་བས། དེ་ལྟར་དུ་ཤེས་པར་

གྱིས་ལ་ཡིད་ལ་ཞོག་དང་རིགས་ལྡན་བུ་སློབ་ཀུན། ཞེས་གསུངས།

ཡང་རྒྱན་མཚན་མས་ཞུས་པ། མ་ཅིག་ལགས། སྙིགས་དུས་རང་རེའི་ཆོས་ལོག་

པར་སྤྱོད་པའི་མཐར་ཆོས་ཀྱི་སེང་གེ་འོངས་ནས་ཆོས་ལོག་ཚར་གཅོད་ཅིང་ཡང་དག་པའི་

ཆོས་ཀྱི་སྲོལ་བཏོད་ནས་ལོ་ལྔ་བརྒྱ་བདུན་ཅུ་དོན་བདུན་བར་དུ། རང་རེའི་བསྟན་པ་དར་

རྒྱས་འབྱུང་གསུངས་པ་དེ་ལྟར་ལགས་མོད། འོན་ཀྱང་མ་ཅིག་རང་གིས་གསུངས་པའི་ཆོས་

ལུགས་རྣམ་དག་ནི་གཞན་དང་མི་འདྲ་བའི་ཁྱད་པར་ཅི་འདྲ་བ་མཆིས་པ་ལགས། ཞེས་

ཞུས་ཏེ། མ་ཅིག་གི་ཞལ་ནས། བུ་མོ་ཀུན་ཉོན་དང་། ངའི་ཆོས་ལུགས་འདི་དོན་ལ་གཞན་

264

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

དང་མི་འདྲ་བའི་ཁྱད་པར་མེད་པས། སངས་རྒྱས་ཀྱི་བཀའ་ལས་བྱུང་བའི་མདོ་རྒྱུད་གཉིས་

དང་། མཁས་པ་རྣམས་ཀྱི་བསྟན་བཅོས་རྣམས་དག་མན་ངག་དང་བཅས་པ་རྣམས་ཀྱི་དོན་

ངས་མ་ལོན་པ་ཡང་མེད་ཅིང་། ང་དང་མི་མཐུན་པ་ཡང་ཆོས་ཕྱི་ནང་གི་དོན་ལ་མེད་དོ། །

ངའི་ཆོས་ལུགས་དང་མི་འདྲ་བའི་ཁྱད་པར་ཚིག་ལ་ཡོད་དོ། །

དེ་ཡང་སྔོན་བྱུང་གི་བཀའ་བསྟན་བཅོས་གང་གི་ཚིག་ལ་ངས་ལྟོས་པ་མེད་པས་ན།

ལུང་ཁུངས་སུ་སྨོས་པ་ཡང་མེད་པའི་ཕྱིར་དུ། ངས་བཤད་པའི་ཆོས་ལུགས་ལྷད་མ་ཞུགས་

པ་རྣམས་ལ། བཀའ་བསྟན་བཅོས་སྔོན་བྱུང་རྣམས་ཀྱི་ཚིག་གི་ངོ་བོ་མེད་དོ། །སྔོན་གྱི་མདོ་

རྒྱུད་དང་བཀའ་བསྟན་བཅོས་གཉིས་ལས་བྱུང་བའི་མདོ་སྔགས་ཀྱི་ཚིག་ཡང་དག་པ་རྣམས་

ལ་དཔང་པོ་བྱས་ནས་ཚིག་དེ་དག་ཀྱང་ལུང་ཁུངས་སུ་དྲངས་ནས། ངའི་ཆོས་ལུགས་དང་

མཐུན་པར་བྱས་པའི་ཆོས་ལུགས་བྱུང་ཡང་། ངས་བཤད་པའི་ཆོས་ལུགས་དངོས་ནི་མ་

ཡིན་ཞིང་། ཕྱིས་འབྱུང་གི་མཁས་པ་རྣམས་ཀྱིས་མདོ་སྔགས་ཀྱི་ཚིག་རྣམས་ལུང་དུ་དྲངས་

ནས་ངའི་ཆོས་ལུགས་དང་བསྟུན་ནས་བརྩམས་པའི་རྩོམ་ཆོས་ཡིན་ཀྱང་། ངའི་ཆོས་ལུགས་

རྣམ་དག་དང་མཐུན་ངེས་ན་ངའི་བསྟན་པ་ལ་ཕན་ཐོགས་པ་ཡང་མང་པོ་འབྱུང་ངོ་། །དེ་

ལྟར་སྔོན་བྱུང་གི་བཀའ་བསྟན་བཅོས་གཉིས་ལས་བྱུང་བའི་མདོ་སྔགས་ཀྱི་ལུང་གིས་

བསྒྲོན་པའི་གཅོད་ལུགས་གང་བྱུང་ཡང་། ངས་དངོས་སུ་བཤད་པའི་ཆོས་མ་ཡིན་ལ། ངས་

དངོས་སུ་བཤད་པའི་ཆོས་ལུགས་ལ་ཡང་། སྔོན་གྱི་བཀའ་བསྟན་བཅོས་གང་གི་ཡང་ཚིག་

དངོས་ནི་གཅིག་ཀྱང་མེད་ལ། བཀའ་བསྟན་བཅོས་ཀྱི་དོན་རྣམ་དག་དང་མི་མཐུན་པ་ནི་སྐྲ་

བརྒྱར་བཤགས་པའི་ཆ་ཙམ་ཡང་མེད་དོ། །དེ་ལྟར་ངས་དངོས་སུ་བཤད་པའི་ཆོས་ལུགས་

ལ་ལུང་ཚིག་གིས་བསྒྲོན་པ་མེད་པས། ངའི་ཆོས་ལུགས་གཞན་དང་མི་འདྲ་བའི་ཁྱད་པར་

དེ་ལྟ་བུ་ཤེས་པར་གྱིས་དང་བུ་དང་བུ་མོ་ཀུན་ཞེས་གསུངས་སོ། །དེ་ལྟར་མ་འོངས་པར་

ཆོས་ཁྲིམས་འཆུག་པར་ལུང་བསྟན་པ་དང་། བསོད་ནམས་རྒྱན་དང་། རྒྱན་ཆེན་མ་གཉིས་

265

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

ཀྱིས་ཞུས་པའི་ཡང་དག་བསྟན་པ་རྒྱས་པའི་ལེའུ་སྟེ་བཅུ་པ་ནི་རྣམ་དག་གོ། །

མ་ཅིག་གི་རྣམ་ཐར་བཤད་པ་ཚིག་མགོ་སྨོས་པ་ཙམ་དང་། ཁྱད་པར་ལུས་མཆོད་

སྦྱིན་བྱེད་པའི་ཚུལ་དང་། མ་འོངས་པར་ལུང་བསྟན་པ་དང་བཅས་པ་མདོར་བསྡུས་པ་ཙམ་

གྱི་རྣམ་པར་བཤད་པ་འདི། ཕྱི་རབས་རྣམས་ལ་ཕན་པའི་སླད་དུ་ལེའུ་བཅུའི་ཚུལ་དུ་བྱས་

ནས་གང་པ་བདག་གིས་ཡི་གེར་བཀོད་པའི་དགེ་བ་དེས། ཕ་མས་གཙོ་བྱས་སེམས་ཅན་

རྣམས། །ཉོན་མོངས་བདུད་ལས་རབ་རྒྱལ་ནས། །རྒྱལ་ཡུམ་གོ་འཕང་འདི་ཉིད་ལ། །བདེ་

བླག་ཉིད་དུ་འགོད་པར་ཤོག །

རྣམ་བཤད་ཆེན་མོའ་ིབརྒྱུད་པ་ནི། །མ་ཅིག་ལབ་ཀྱི་སྒྲོན་མ། སྲས་ཐོད་སྨྱོན་བསམ་

འགྲུབ། གང་པ་རྨུག་སངས། གང་པ་ལྷུན་གྲུབ། སངས་རྒྱས་བསྟན་སྲུང་། མཉམ་མེད་རྡོ་

རྗེ་འཛིན་པ། གང་པ་རིན་ཆེན་རྒྱལ་མཚན། བླ་མ་རྡོ་རྗེ། སྔགས་ཞིག་ནམ་མཁའ་རྒྱལ་

མཚན་རྣམས་སོ། །ཡང་ཕྱིས་སུ་བརྒྱུད་པ་ནི། བཀྲ་ཤིས་རྒྱལ་མཚན། ཤེས་རབ་འབུམ་པ།

དཀོན་མཆོག་དཔལ་བཟང་པ། ཉི་མ་རྒྱལ་མཚན། མོན་གཅོད་བརྩོན་འགྲུས་སེང་གེ། དེ་

ནས་བདག་སངས་རྒྱས་དཔལ་ལའོ། །

ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད་ཆེན་མོ་གཅོད་ཀྱི་དོན་གསལ་ལེའུ་བཅུ་པ་མ་

ཅིག་གི་རྣམ་ཐར་རྒྱས་པའི་ལུང་བརྒྱུད་ནི། མ་ཅིག་ལབ་སྒྲོན། དམ་པ་ཀུན་དགའ། ཚ་བ་

དགོན་པ། རྒྱལ་བ་དེ་ནི། ཉི་མ་སེང་གེ། སྙེ་མོ་ཐམས་ཅད་མཁྱེན་པ། རྒྱལ་སྲས་སྐུ་མཆེད།

རྒྱ་སྟོན་སྨོན་ལམ་ཤེས་རབ། དམ་ཆོས་ཀུན་མཁྱེན། བྱང་ཆུབ་བཟང་པོ། རྒྱ་སྟོན་རྡོ་རྗེ་

གདམས་པ། རྒྱ་མཚོ་སྐྱེར་བ། བདེ་ཆེན་ལྷུན་གྲུབ། ནམ་མཁའ་བཟང་པོ། འཇམ་དབྱངས་

དཔལ་འབྱོར་ལྷུན་གྲུབ། དཔལ་འབྱོར་ཕུན་ཚོགས། བཀྲ་ཤིས་བཟང་པོ། འཆི་མེད་བློ་

གྲོས་བསྟན་པ། སྐར་མ་སྨན་བླ། འཆི་མེད་གཞོན་ནུ་བློ་གྲོས། རྗེ་སྐལ་བཟང་རྣམ་གྲོལ།

མཁན་ཆེན་བློ་གསལ་རབ་རྒྱས། ཞི་བ་ལྷ་དགེ་ལེགས་རྒྱ་མཚོ། དཀའ་བཅུ་བྱམས་པ་བློ་

266

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

གྲོས། རྒྱ་ར་སྤྲུལ་སྐུ་བློ་བཟང་ཆོས་འཕེལ། ལྷ་བཙུན་རིན་ཆེན་དོན་གྲུབ་རྒྱལ་མཚན། རྒྱ་

གར་བ་བློ་བཟང་རབ་བརྟན། རྒྱུད་ཆེན་ངག་དབང་ཤེས་རབ། རྒྱུད་ཆེན་བསྟན་པའི་ཉི་མ།

དེས་བདག་བྱམས་པ་བསོད་ནམས་ལའོ། །ཆོས་སྐུ་ཡུམ་ཆེན་མོའ་ིདགོངས་པ་འདི་ལ་

བརྟེན་ནས་༧རྒྱལ་བསྟན་སྤྱི་དང་བྱེ་བྲག་ཡབ་རྗེ་རྒྱལ་བ་གཉིས་པའི་མདོ་སྔགས་ཀྱི་ཆོས་

ཚུལ་རིང་དུ་གནས་ཤིང་། དེ་འཛིན་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་རྣམ་པར་དཀར་བའི་

འཕྲིན་ལས་ཡར་ཟླར་སོན་པར་གྱུར་ཅིག །

འཇིག་རྟེན་ཀུན་ཏུ་མི་དགེ་བའི་རྒུད་པ་རིང་དུ་དོར་ནས་ཆོས་འབྱོར་བདེ་སྐྱིད་ཀྱི་

འཚོ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱང་ཚོགས་གཉིས་རྫོགས་སྒྲིབ་གཉིས་བྱང་

ནས་སྐྱེ་བ་མེད་པ་ཆོས་སྐུ་ཡུམ་ཆེན་མོའ་ིགོ་འཕང་མངོན་དུ་བྱེད་པར་གྱུར་ཅིག །དགེ་བ་

འད་ིཡསི ་འགྲ་ོབ་ཀུན། །གཞནོ ་ནུ་ནརོ ་བཟང་ཇ་ིབཞནི ་དུ། །ཡནོ ་ཏན་རྒྱ་མཚ་ོལྟ་བུ་ཡ།ི །བླ་མ་

དམ་པ་མཉསེ ་བྱདེ ་ཤགོ །

ཨོཾ་སྭ་སྟི། ཆོས་སྲིད་འབྱོར་བའི་མཛོད་དང་དགེ་བཅུ་ལྡན། །དགའ་ལྡན་རབ་རྒྱས་

ཞེས་བྱའི་རྒྱུད་གྲྭ་ཆེར། །ཀུན་མཁྱེན་འཇམ་དབྱངས་བཞད་པ་ཡབ་སྲས་ཀྱི། །ཐུགས་

རྗེས་ཆོས་སྦྱིན་འཛད་མེད་རྒྱུན་འདི་སྤེལ། །སརྦ་མངྒ་ལཾ། །དགེ་ལེགས་འཕེལ།། །།

267


previousལེའུ་བཅུ་པ་བསོད་ནམས་རྒྱན་དང་རྒྱན་ཆེན་མའི་ཞུས་ལན་གྱི་སྐོར།next