སྔོན་བྱུང་བ་སྐུ་ཚེ་སྔ་མའི་ལོ་རྒྱུས་མདོར་བསྡུས་པ།
འདིར་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་ཕུང་པོ་མ་ལུས་པ་གཅིག་ཏུ་བསྡུས་པའི་བདག་ཉིད། ཁམས་གསུམ་པ་ཐམས་ཅད་ཀྱིས་ཞབས་ཀྱི་པདྨོ་ལ་ཕྱག་བྱས་ཤིང་ཆོས་ཀྱི་རྒྱལ་སྲིད་མཐའ་དག་ལ་དབ ང་སྒྱུར་བའི་ཆོས་ཀྱི་དབང་ཕྱུག་ཆེན་པོ་མཚན་བརྗོད་པར་དཀའ་བ་འགྲོ་འདུལ་གཏེར་བདག་གླིང་པ་ཞེས་ལྷ་དང་བཅས་པའི་འཇིག་རྟེན་དུ་ཡོངས་སུ་གྲགས་པ་འདི་ཉིད་ཀྱི་རྣམ་པར་ཐར་པ་ཆེ་ལོང་ཙམ་ཞིག་བརྗོད་པར་བྱ་བ་ལ་གཉིས་ཏེ། སྔོན་བྱུང་བ་སྐུ་ཚེ་སྔ་མའི་ལོ་རྒྱུས་མདོར་བསྡུས་པ་དང་། སྐུ་ཚེ་འདིའི་རྣམ་པར་ཐར་པ་རྒྱས་པར་བཤད་པའོ། །དང་པོ་ནི། བདག་ཉིད་ཆེན་པོ་འདི་སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ཞིག་ནས་ཁམས་ཀྱི་དྲི་མ་མཐའ་དག་དང་བྲལ་བ་ཆོས་ཀྱི་སྐུའི་ངོ་བོར་མངོན་པར་བྱང་ཆུབ་པ་དེའི་ངང་ལས་མ་གཡོས་བཞིན་དུ་ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུར་རང་སྣང་བ་རྟག་པ་རྒྱུན་གྱི་འཁོར་ལོར་ལྷུན་གྱིས་གྲུབ་པ་ནས། ད་གདོད་སྤྲུལ་པའི་སྐུ་སྣ་ཚོགས་པ་བསྟན་ནས་མཐའ་ཡས་པའི་གདུལ་བྱའི་དོན་མཛད་དེ། སྐད་ཅིག་ཉིད་ལ་ཞིང་ཁམས་ལ་ལར་ནི་
རང་བཞིན་སྤྲུལ་པའི་སྐུར་བསྟན་ནས་བྱང་ཆུབ་སེམས་དཔའ་རྣམས་ལ་བརྡའི་ཆོས་ཀྱིས་དོན་མཛད་པ་དང་། ལ་ལར་ནི་ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེར་སྤྲུལ་ནས་འགྲོ་བ་རིགས་དྲུག་གི་གནས་རིས་སོ་སོར་འདུལ་བ་རྣམ་པ་བཞིས་དོན་མཛད་པ་དང་། དེ་བཞིན་དུ་ཞིང་ཁམས་ལ་ལར་ནི་བྱང་ཆུབ་སེམས་དཔའ་དང་། ལ་ལར་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། ལ་ལར་ནི་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་དང་། ལ་ལར་ཉན་ཐོས་དང་། རང་རྒྱལ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་པོ་དང་། ཁྱིམ་བདག་ལ་སོགས་པ་མདོར་ན་གང་དང་གང་གིས་འདུལ་བ་དེ་དང་དེའི་ཚུལ་བཟུང་ནས་འགྲོ་བའི་དོན་མཛད་པ་ནི་བསམ་གྱིས་མི་ཁྱབ་པ་སྟེ། བདེ་གཤེགས་འདུས་པ་ཞི་བ་རྩ་བའི་རྒྱུད་ལས། ཁ་ཅིག་ཏུ་ནི་ཆོས་ཀྱི་སྐུས་འགྲོ་བའི་དོན་མཛད་དོ༔ ཁ་ཅིག་ཏུ་ནི་ལོངས་སྤྱོད་རྫོགས་པའི་སྐུས་འགྲོ་བའི་དོན་མཛད་དོ༔ ཁ་ཅིག་ཏུ་ནི་སྤྲུལ་པའི་སྐུས་འགྲོ་བའི་དོན་མཛད་དོ༔ ལ་ལར་ནི་བྱང་ཆུབ་སེམས་དཔའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་དོ༔ དེའི་དུས་ཁ་ཅིག་ཏུ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་༔ ཁ་ཅིག་ཏུ་བྲམ་ཟེ་དང་༔ ཁ་ཅིག་ཏུ་ཁྱིམ་བདག་དང༔ ཁ་ཅིག་ཏུ་ཚོང་དཔོན་དང༔ ཁ་ཅིག་ཏུ་སྐྱེས་པ་དང༔ བུད་མེད་དང༔ སྡིག་ཏོ་ཅན་དང༔ བྱོལ་སོང་ལ་སོགས་པའི་གཟུགས་ཀྱིས་གཤེགས་ནས་སེམས་ཅན་གྱི་ཁམས་མ་ལུས་པ་ཟད་པར་མཛད་ནས༔ ཞེས་དང་། ཕལ་པོ་ཆེ་ལས་ཀྱང་། ཀྱེ་རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཚད་མེད་དེ། འགྲོ་བ་གང་དང་གང་འདུལ་བ་དེ་དང་དེའི་གཟུགས་དང་ཁ་དོག་དང་མིང་གིས་དོན་མཛད་དོ། །ཞེས་གསུངས་པ་ལྟར་མཐའ་ཡས་པའི་སྤྲུལ་པའི་རོལ་པས་མཐའ་ཡས་པའི་གདུལ་བྱའི་དོན་མཛད་པ་ལས། རེ་ཞིག་སྐབས་སུ་བབ་པ། ཞིང་འདིར་གདུལ་བྱའི་ཆ་ཤས་འགའ་ཞིག་གི་མཐུན་སྣང་དང་བསྟུན་པའི་མཛད་པ་ལས་ཆ་ཙམ་ཞིག་བརྗོད་པའི་དབང་དུ་བྱས་ན། རང་གཏེར་ཤ་འུག་གཏེར་བྱོན་གྱི་ལུང་བྱང་ལས། འདི་ཉིད་འདོན་པའི་གང་ཟག་ནི༔ ལོ་ཙཱ་བཻ་རོ་ཙ་ན་འདི༔ སྔོན་འདས་བསྐལ་པ་གྲངས་མེད་དུས༔ བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས༔ སྐུ་གསུམ་ངོ་བོར་སངས་རྒྱས་ཀྱང་༔ ཐབས་ལ་མཁས་
པའི་སྙིང་རྗེ་ཡིས༔ སྤྲུལ་པ་དུ་མར་སྣང་བ་སྟེ༔ ཞེས་སོགས་གསུངས་པ་ལྟར། བདག་ཉིད་ཆེན་པོ་འདི་ཉིད་སྔོན་སློང་བ་པོར་གྱུར་པ་ན། དེ་བཞིན་གཤེགས་པ་བཀོད་པའི་རྒྱལ་པོ་ལ་བདག་ཉིད་བཙོངས་པའི་བཤོས་སྦྱར་ནས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ཡིན་ཏེ། བསྐལ་བཟང་ལས། དེ་བཞིན་གཤེགས་པ་སྣང་མཛད་སློང་པོའི་ཚེ། །དེ་བཞིན་གཤེགས་པ་བཀོད་པའི་རྒྱལ་པོ་ལ། །བཤོས་དག་བདག་ཉིད་བཙོངས་ཏེ་སྦྱར་ནས་ཀྱང་། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ནས་བཟུང་སྟེ་བྱང་ཆུབ་ཀྱི་ཕྱིར་ཞུགས་པ་མཐར་ཕྱིན་དུ་ཟིན་ཀྱང་། ཉམ་ང་བའི་སྲིད་པ་འདིར་འཁྱམས་པའི་སེམས་ཅན་སྡུག་བསྔལ་དཔག་ཏུ་མེད་པའི་འཁུར་གྱིས་ནོན་པར་གྱུར་པ་རྣམས་ལ་གཟིགས་ནས་ཚད་མེད་པའི་སྙིང་རྗེའི་སྟོབས་ཆེན་པོས་སྤྲུལ་པའི་ཕྲེང་བ་ཇི་སྙེད་ཅིག་བཟུང་བའི་ཚུལ་ནི། རང་གཏེར་གབ་རྒྱ་ཅན་གྱི་ལུང་བསྟན་ལས། བཻ་རོ་ཁྱོད་ནི་སྐྱེ་མཐའི་བྱང་སེམས་ཏེ༔ ཁྱོད་ཀྱི་འདི་གོང་སྐྱེ་བ་འདས་པ་ནི༔ སྨྲ་བསམ་བརྗོད་འདས་ཡེ་ཤེས་སྙིང་པོའི་དོན༔ སེམས་ཅན་སངས་རྒྱས་མཉམ་ཉིད་ཁྱབ་བརྡལ་ཡང༔ ཁམས་གསུམ་འགྲོ་བའི་འདྲེན་པར་རྡོ་རྗེ་ཆོས༔ ཤཱཀྱའི་ཉེ་གནས་ཨཱ་ནནྟ་ཞེས་དང༔ རྒྱལ་པོ་ཛཿདང་ཤཱནྟིང་གརྦྷ་དང༔ བོད་འདིར་སམྦྷོ་ཊ་སོགས་དག་པ་ཡི༔ སྐྱེ་བ་དེ་ཙམ་སྣང་གི་མ་དག་པའི༔ སྐྱེ་ཚུལ་བརྗོད་དུ་ལང་པའི་གནས་མ་ཡིན༔ དེ་ལྟར་དག་པའི་སྐྱེ་བ་དེ་དག་གིས༔ འགྲོ་ལ་སྙིང་རྗེ་ཆེན་པོའི་ཐུགས་བསྐྱེད་པས༔ བཻ་རོ་ཁྱོད་དུ་སྐྱེ་བ་བླངས་པ་ཡིན༔ ཁྱོད་ཀྱང་ཤྲཱི་སིདྷ་ཡེ་ཤེས་མདོ༔ པདྨ་བདག་སོགས་གཙུག་གི་བླ་མར་བསྟེན༔ གདམས་པའི་གནད་རྣམས་ཕུ་ཐག་བཅད་བྱས་ནས༔ ཆོས་སྐུའི་རང་ཞལ་མངོན་སུམ་རྟོགས་གྱུར་པས༔ ལས་འཕྲོ་མ་དག་སྐྱེ་བ་ལེན་མི་སྲིད༔ འོན་ཀྱང་སེམས་བསྐྱེད་སྨོན་ལམ་བཟང་པོ་ཡིས༔ མཚམས་སྦྱར་མཐའ་ཡས་འགྲོ་བའི་དཔལ་ཉིད་དུ༔ དབང་ཕྱུག་འབར་དང་རཀྴག་རྡོ་རྗེ་གླིང༔ ཀུན་སྐྱོང་གླིང་དང་མདོ་སྔགས་གླིང་པ་སོགས༔ པདྨ་བདག་གི་ཟབ་གཏེར་བདག་པོ་དང༔ གཞན་ཡང་ཐེག་པ་ཆེ་ཆུང་སྣ་ཚོགས་ལ༔ དེ་དང་མཐུན་པའི་ངོ་མཚར་སྐྱེ་བའི་གྲངས༔ བཅུ་ཕྲག་གཅིག་དང་གསུམ་ཙམ་འདས་
པའི་མཐར༔ ཞེས་གསུངས་སོ། །དེ་ལ་རིག་འཛིན་རྡོ་རྗེ་ཆོས་ནི་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྟེ། དེ་ཡང་ལངྐའི་ཡུལ་དུ་སྟོན་པས་ལི་ཙ་བཱི་དྲི་མེད་གྲགས་པ་སོགས་རིག་འཛིན་གྱི་འཁོར་རྣམས་ལ་རྒྱུད་སྡེ་མང་དུ་གསུངས་ནས་གསང་སྔགས་ཀྱི་རྒྱུད་མཐའ་དག་ཕྱག་ན་རྡོ་རྗེ་ལ་གཏད་དེ་རྡོ་རྗེ་ཆོས་སུ་མིང་བཏགས་པར་བཤད་ཅིང་། གསང་བ་བསམ་གྱིས་མི་ཁྱབ་པ་སོགས་ནས་བསྐལ་བཟང་འདིའི་རྒྱལ་བ་ཐམས་ཅད་ཀྱི་བཀའི་བསྡུ་བ་པོར་གསུངས་སོ། །ཁྱད་པར་བདེ་གཤེགས་འདུས་པའི་ལོ་རྒྱུས་བཻ་རོས་མཛད་པ་ལས། སྟོན་པ་ཀུན་ཏུ་བཟང་པོ་ཉིད་དང་ཐུགས་གཉིས་སུ་མེད་པ༔ བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ཞེས་ཀྱང་བྱ༔ རྡོ་རྗེ་སེམས་དཔའ་ཞེས་ཀྱང་བྱ༔ ལག་ན་རྡོ་རྗེ་ཞེས་ཀྱང་བྱ༔ རྡོ་རྗེ་དྲག་པོ་རྩལ་ཞེས་ཀྱང་བྱ༔ མིའི་ཐོད་པ་རྩལ་ཞེས་བྱ་བ་དེ་ཉིད་དང༔ ལྷན་ཅིག་ཏུ་ཐོས་པའི་འཁོར་ རིག་འཛིན་གཞན་རྣམས་འཁོར་གྱི་ཚུལ་དུ་བྱས༔ རང ་ཉིད་སྟོན་པའི་ཚུལ་དུ་བྱས་ཏེ༔ ཚོམ་བུ་དགུའི་དཀྱིལ་འཁོར་གྱི་ནང་དུ་སྣང་བར་བྱས་ནས༔ རང་གི་ཚིག་གིས་མཚམས་སྦྱར་ནས༔ ཐོག་མར་ངག་ཏུ་བསྡུས༔ དེ་ནས་པུ སྟི་དང་གླེགས་བམ་དུ་བཀོད་དེ༔ གསེར་གྱི་གླེགས་བམ་ལ་བཻཌཱུཪྱའི་ཞུན་མས་བྲིས་ནས༔ སྤྱི་དང་བྱེ་བྲག་གི་རྒྱུད་སྡེ་རྣམས་སོ་སོའི་ཕྱོགས་སུ་བསྡེབས་ཏེ༔ གླེགས་བམ་དུ་བྱས་ཤིང་གཞན་ལ་སྣང་བར་མཛད་དོ༔ ཞེས་གསུངས་པས་སྟོན་པ་དང་དགོངས་པ་མི་གཉིས་པའི་བཀའི་བསྡུ་བ་པོ་ཡིན་ནོ། །དེ་ནས་བསྐལ་བཟང་གི་སངས་རྒྱས་བཞི་པ་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པའི་ཚེ་ཤཱཀྱའི་རིགས་ལས་ཐོས་པ་འཛིན་པའི་མཆོག་འཕགས་པ་ཀུན་དགའ་བོར་གྱུར་ནས་ལོ་ཉི་ཤུ་རྩ་གཅིག་ལ་ཉེ་བའི་བར་དེ་བཞིན་གཤེགས་པའི་རིམ་གྲོ་པ་མཛད་ཅིང་། རྒྱལ་བས་མདོ་སྡེའི་བསྟན་པ་གཏད་ནས་རབ་ཏུ་ཞི་བར་གཟིམས་པའི་འོག་ཏུ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་མཛད་དེ་མདོ་སྡེའི་སྡེ་སྣོད་བསྡུ་བར་མཛད། འོད་སྲུང་འདས་པའི་རྗེས་སུ་བསྟན་པ་བསྐྱངས་ནས་ཁྱེའུ་གསེར་མདོག་དང་ཤ་ནའི་གོས་ཅན་སོགས་དགེ་སློང་ཁྲི་ཕྲག་ཙམ་སྔ་ཕྱིར་དགྲ་བཅོམ་པའི་གནས་ལ་བཀོད། མཐར་ཆུ་བོ་གདྒཱའི་དབུས་སུ་གླིང་སྤྲུལ་ནས་དེར་རྫུ་འཕྲུལ་གྱིས་ཆུ་ཚོད་གཅིག་ཁོ་ན་ལ་དྲང་སྲོང་ལྔ་བརྒྱ་
རིམ་ཅན་དུ་བསྙེན་པར་རྫོགས་ནས་དགྲ་བཅོམ་པའི་གནས་ལ་བཀོད་དེ་མྱ་ངན་ལས་འདས། སྐུ་གདུང་ཆ་གཉིས་སུ་གྱུར་པ་ཆུའི་རླབས་ཀྱིས་ལྷོ་བྱང་གི་འགྲམ་གཉིས་སུ་བདས་པ་ལི་ཙ་བཱི་རྣམས་དང་མ་སྐྱེས་དགྲས་ཁྱེར་ཏེ་སོ་སོའི་ཡུལ་དུ་མཆོད་རྟེན་བྱས་ཞེས་གྲགས་སོ། །དེའང་ཀུན་དགའ་བོ་ཉིད་གསང་བདག་ཡིན་པར་གསང་འདུས་ཀྱི་འགྲེལ་པ་སྒྲོན་གསལ་ལས་ཀྱང་། འོ་ན་བཙུན་པ་ཀུན་དགའ་བོ་ལ་སོགས་པ་སྡུད་པར་བྱེད་པ་ཅིའི་ཕྱིར་འཇིག་རྟེན་དུ་གྲགས། སྨྲས་པ། ཀུན་དགའ་བོ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་སྟེ་ཕྱག་ན་རྡོ་རྗེ་ཡིན་ལ། རྡོ་རྗེ་འཆང་ཆེན་པོ་ཡང་དེ་ཉིད་ལས་གཞན་མ་ཡིན་ཏེ། གཞན་དུ་ན་མདོ་སྡེ་ལ་སོགས་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་པོ་འདི་དག་དེ་བཞིན་གཤེགས་པ་ལས་ཐོས་ནས་ལྷག་ཆད་མེད་པར་ལན་ཅིག་གིས་ཇི་ལྟར་འཛིན་པར་ནུས། ཞེས་གསུངས་སོ། །དེའི་ཚེ་གཟུགས་སྐུའི་བཀོད་པ་གཉིས་པ་ནི། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཞེས་བྱ་བར་གྱུར་ཏེ། ཞིང་འདིར་གསང་སྔགས་ཀྱི་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བ་ཐམས་ཅད་ཀྱི་ཐོག་མར་གྱུར་པ་དེའོ། །དེའང་ཇི་སྐད་དུ། ཤཱཀ་ཐུབ་ཉེ་གནས་ཀུན་དགའ་བོ༔ ཨིནྡྲ་བྷཱུ་ཏི་རྒྱལ་པོ་ཛཿ ཞེས་སློབ་དཔོན་ཆེན་པོས་ལུང་བསྟན་པའི་ཕྱིར་རོ། །དེའི་འོག་ཏུ་ཟ་ཧོར་གྱི་རྒྱལ་པོ་ཛར་གྱུར་ནས་རྒྱ་གར་ཤར་ཕྱོགས་སུ་ཕྱི་དང་ནང་གི་རྣལ་འབྱོར་གྱི་རྒྱུད་རྣམས་ཆེས་དར་བར་མཛད་དེ། ཇི་སྐད་དུ། ང་ནི་འདི་ནས་མི་སྣང་ན༔ ལོ་ནི་བརྒྱད་དང་ཉི་ཤུའི་ཚེ༔ ལྷ་གནས་གསུམ་དུ་གྲགས་པ་ཡི༔ བསྟན་པའི་སྙིང་པོ་དམ་པ་ཞིག༔ འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི༔ མི་ལས་སྐལ་ལྡན་རིགས་ཅན་ཏེ༔ རྒྱལ་པོ་ཛཿཞེས་བྱ་བ་ལ༔ མངོན་ལྟས་བཟང་པོས་སྣང་བར་འགྱུར༔ ཞེས་ལུང་བསྟན་པ་ལྟར་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན་རྒྱལ་པོ་ཛའི་ཁང་སྟེང་དུ་གླེགས་བམ་གྱི་ཆར་བབས་པ་ལ་བརྟགས་པས་རྡོར་སེམས་ཞལ་མཐོང་གི་ལེའུ་རྟོགས་ནས་བསྒྲུབས་པས་རྡོ་རྗེ་སེམས་དཔའི་ཞལ་མཇལ་ཞིང་། བྱིན་གྱིས་བརླབས་པས་གླེགས་བམ་གྱི་དོན་མ་ལུས་པ་མཁྱེན་ཏེ། རྒྱལ་པོས་ཏནྟྲ་སྡེ་བཅོ་བརྒྱད་དུ་ཕྱེ་ནས་ཀུ་ཀུ་རཱ་ཛ། ཨིནྡྲ་བྷཱུ་ཏི། སིཾ་
ཧ་རཱ་ཛ། ཨུ་པ་རཱ་ཛ། སྲས་མོ་སོགས་ལ་བསྟན་པས་དེ་དག་རང་ རང་གི་ཚོམ་བུ་དང་བཅས་ཏེ་རིག ་པ་འཛིན་པའི་ས་ལ་གཤེགས་སོ། །དེའི་འོག་ཏུ་སློབ་དཔོན་ཤཱནྟིང་གཪྦྷར་སྐྱེ་བ་བཞེས་ཏེ། སློབ་དཔོན་དེ་ནི་གཤེད་སྐོར་འགར། འཇམ་དཔལ་བཤེས་གཉེན་དང་། རོམ་བུ་གུ་ཧྱ། དེ་བ་ཙནྡྲ་སོགས་ཀྱི་སློབ་མ་དང་། འདིས་དྷ་ན་ཏཱ་ལ་སོགས་ལ་བཤད་པར་གསུངས་ཤིང་། བཀའ་འབྱེད་དུ། ཕྱག་ན་རྡོ་རྗེས་བསེ་སྡིག་ཁྲོ་ཆུའི་སྒྲོམ་དུ་བཅུག་ནས་བསིལ་བའི་ཚལ་དུ་སྦས་པ་སློབ་དཔོན་འདིས་བཏོན་པར་བཤད་ལ། དྲེགས་འཇོམས་ལས། ཁྱད་པར་དྲག་སྔགས་མཐུ་ཡི་བདག༔ འཕུང་བྱེད་ཤཱནྟིང་གཪྦྷ་ལ༔ འཇམ་དཔལ་རྒྱུད་དང་སྒྲུབ་ཐབས་ཀྱི༔ སྙིང་པོ་གཅིག་བསྡུས་མན་ངག་མཆོག༔ ཐུགས་བཅུད་དྭངས་མའི་ཁྲག་ཐིགས་ཞུས༔ ཞེས་གསུངས་པས་སློབ་དཔོན་འདི་ལ་རིག་འཛིན་ཆེན་པོ་པདྨས་ཀྱང་གཏུགས་པར་གསལ་ལོ། །ཁྱད་པར་རིག་འཛིན་འདུས་པ་རྩ་བའི་རྒྱུད་ལས། ཞི་བ་སྙིང་པོ་ཞེས་བྱ་བས༔ དྲག་སྔགས་སྤྱོད་པ་སྒྲུབ་ཅིང་སྟོན༔ ཞེས་ལུང་བསྟན་པ་ལྟར་བསིལ་བའི་ཚལ་དུ་སློབ་དཔོན་རྣམ་པ་བརྒྱད་ལ་སྒྲུབ་སྡེ་ཆེན་པོ་བརྒྱད་མ་མོ་དང་མཁའ་འགྲོ་རྣམས་ཀྱིས་གཏད་པའི་ཚེ་སློབ་དཔོན་འདི་ཉིད་ལ་གཟིའི་སྒྲོམ་བུ་བབས་ཏེ་དྲག་སྔགས་དམོད་པའི་སྒྲུབ་པ་ལ་མཁས་པ་འགྱུར་པ་དེའོ། །དེའི་འོག་ཏུ་ཆོས་རྒྱལ་སྲོང་བཙན་སྒམ་པོ་བོད་རྗེར་བྱོན་པའི་ཚེ་དེ་ཉིད་ཀྱི་བློན་པོ་ཐུ་མི་སྣང་གྲགས་ཀྱི་བུ་ཐུ་མི་སམྦྷོ་ཊ་ཞེས་བྱ་བར་སྐྱེ་བ་བཟུང་ནས་བོད་དུ་འདྲི་ཀློག་གི་སྲོལ་མེད་པ་ལ་པཎྜི་ཏ་ལྷ་རིག་པའི་སེང་གེ་ལས་སྒྲ་བསླབས་ཏེ། བོད་སྐད་དང་བསྟུན་ནས་ཀཱ་ལི་སུམ་ཅུ་དང་། ཨཱ་ལི་བཞིར་བསྡུས། གཟུགས་ཁ་ཆེའི་ཡི་གེ་དང་བསྟུན་ནས་བཅོས། བྱཱ་ཀ་ར་ཎའི་བསྟན་བཅོས་བརྒྱད་མཛད་དེ་རྒྱལ་པོ་ལ་བསླབས། དཔང་སྐོང་། མདོ་ཟ་མ་ཏོག་བཀོད་པ། དཀོན་མཆོག་སྤྲིན་སོགས་བསྒྱུར་ཏེ་བསྟན་པའི་སྲོལ་གཏོད་པར་མཛད། འདི་ནི་དུས་འཁོར་འགྲེལ་ཆེན་ལས། བོད་ཀྱི་ཡུལ་དུ་ཐེག་པ་གསུམ་བོད་ཀྱི་སྐད་ཀྱིས་བྲིས་ཏེ། ཞེས་སྡུད་པ་པོར་ལུང་བསྟན་ཏོ། །དེའི་འོག་ཏུ་རྒྱལ་མོ་ལེགས་ཞེར་དཔལ་མོའི་བུ་དགེ་སློང་པུརྣ་ཞེས་བྱ་བར་སྐྱེ་བ་བཞེས་པའི་ཕྱི་མ་ལ་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནར་
སྐུ་འཁྲུངས་པ་ཡིན་ཏེ། རང་གཏེར་ཤ་འུག་གཏེར་བྱོན་ལས། ཤཱཀ་ཐུབ་ཉེ་གནས་ཀུན་དགའ་བོ༔ ཨིནྡྲ་བྷཱུ་ཏི་རྒྱལ་པོ་ཛཿ ཐུ་མི་པུརྞ་ལ་སོགས་པ༔ འགྲོ་འདུལ་སྐྱེ་སྲིད་དེ་དག་ལས༔ བཻ་རོ་ཁྱོད་དུ་འཕོས་པ་ཡིན༔ ཞེས་སོ། །དེ་ལ་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་ནི་གཙང་སྙེ་མོ་བྱེ་མཁར་དུ་སྤ་གོར་ཧེ་འདོད་ཀྱི་སྲས་སུ་འཁྲུངས། ཞི་བ་འཚོ་ལས་རབ་ཏུ་བྱུང་། དོ་ཤི་དོ་ཆད་ལྔ་བཅུ་རྩ་བཞི་ལ་སོགས་པའི་དཀའ་བ་བཟོད་པས་རྒྱ་གར་དུ་བྱོན་ཏེ། པཎྜི་ཏ་ལྔ་བརྒྱ་ལས་རྒྱུ་འབྲས་ཀྱི་ཆོས་སྤྱི་དང་ཕྱི་མ་བདུན་ལས་གསང་སྔགས་ནང་གི་ཆོས་མང་དུ་བསླབས། ཁྱད་པར་ཤྲཱི་སེངྷ་གཙོ་བོར་བསྟེན་ཅིང་། དེའི་སློབ་མ་ཡེ་ཤེས་མདོ་དང་བི་མ་སོགས་ལའང་གཏུགས་ཏེ་རྫོགས་པ་ཆེན་པོའི་ཆོས་ལ་མཁས་པར་སྦྱངས། རྐང་མགྱོ གས་གྲུབ་པས་བོད་ཡུལ་དུ་ཉིན་གཅིག་ལ་བརྟོལ། རྗེ་བློན་རྣམས་ལ་ཉིན་པར་རྒྱུ་འབྲས་སྤྱི་དང་ནམ་གྱི་གུང་ལ་མན་ངག་གི་ཆོས་རྣམས་བསྒྱུར་བཤད་ཀྱིས་གཏན་ལ་ཕབ། ཁྱད་པར་རིག་འཛིན་འདུས་པ་རྩ་བའི་རྒྱུད་ལས། རྣམ་སྣང་མཛད་པ་དྲག་ཤུལ་སྤྱོད༔ ཅེས་ལུང་བསྟན་པ་ལྟར་སློབ་དཔོན་སངས་རྒྱས་གཉིས་པས་རྗེ་འབངས་ཉི་ཤུ་རྩ་ལྔ་ལ་དབང་བསྐུར་བའི་ཚེ་སྟོབས་ལྡན་ནག་པོའི་མེ་ཏོག་ལ་དབང་བར་གྱུར་ཅིང་དྲག་སྔགས་ཀྱི་གྲུབ་པ་བརྙེས། བྲག་དམར་གཡའ་མ་ལུང་སོགས་བོད་ཡུལ་གྱི་དབེན་གནས་རྣམས་དང་། གཞན་ཡང་རྒྱལ་མོ་རོང་། རྒྱ་ནག ལི་ཡུལ་སོགས་ཡུལ་ཁམས་མང་པོར་བྱོན་ནས་འགྲོ་དོན་མཛད་དེ་མཐར་འོད་ཀྱི་སྐུར་ཡལ་ལོ། །དེའི་འོག་ཏུ་དགེ་བའི་བཤེས་གཉེན་དབང་ཕྱུག་འབར་དུ་སྐྱེ་བ་བཞེས་ཏེ། དེ་ཡང་ཡུལ་གྲྭའི་སྐྱིད་རུ་ཞེས་བྱ་བར་ཆུ་ཕོ་བྱི་བ་ལ་ཞང་གི་རིགས་སུ་སྐུ་བལྟམས། ཀླུ་མེས་ཀྱི་མཁན་བརྒྱུད་ཡམ་ཤུད་རྒྱལ་བ་འོད་ལས་རབ་ཏུ་བྱུང་། དམ་པ་སངས་རྒྱས། སོ་མ་ནཱ་ཐ། ཞང་སྟོན་ཆོས་འབར་སོགས་ལས་ཆོས་མང་དུ་བསླབས། ཁྱད་པར་ཁུ་བོ་ཞང་སྟོན་ལས་ཞ་འོན་གྱི་སྒྲུབ་ཐབས་བླངས་པ་ཙམ་གྱིས་ཞལ་གཟིགས། ཡར་ཀླུངས་ཕྱོགས་སུ་འཆད་ཉན་གྱི་འགྲོ་དོན་རྒྱས་ཏེ་དགེ་བཤེས་གྲྭ་པ་ཞེས་སྙན་པར་གྲགས། ཐང་ཡིག་ལས། ཏཱའི་ཧུས་བརྩིགས་པའི་རྩིགས་པ་སྡུག་པ་འོང༔ ཇིང་དང་རྒྱ་རྣམས་གྲོག་མའི་ཚང་ཞིག་འདྲ༔ ཇོ་
མོ་གླིང་གསུམ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་གྲྭ་པ་མངོན་ཤེས་ཞེས་བྱ་འབྱུང༔ ཞེས་པ་ལྟར་ཞ་འོན་གྱི་སྐོར་དང་། གཏེར་གྱི་ཁ་བྱང་སོགས་ཐོན། གྲྭ་ཐང་སོགས་གནས་གཞི་བརྒྱ་རྩ་བརྒྱད་བཏིང་། དགུང་ལོ་དོན་དགུ་པ་ལ་སྙིང་ཐུར་ཐལ་ནས་གཤེགས་སོ། །དེའི་སྐྱེ་བ་རཀྴག་ཆོས་འབར་ནི། ཐང་ཡིག་ལས། ཨོ་རྒྱན་ང་ཉིད་སྨྱལ་སྨད་ལྷ་རྗེར་སྤྲུལ༔ དྭགས་པོའི་རི་ལ་དོན་སྒོམ་ཁྱུ་གཅིག་འབྱུང་། མཆིམས་ཕུ་མཁོ་མཐིང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང ༔ རཀྴག་གཏེར་སྟོན་མདོས་ལ་མཁས་པ་འབྱུང༔ ཞེས་ལུང་བསྟན་པའི་སྐྱེས་བུ་འདི་ཉིད་ཡར་འབྲོོག་གཉན་དུ་འཁྲུངས། མ་མོ་སྒང་ཤར་སོགས་མདོས་གཙོ་བོར་གྱུར་པའི་ཟབ་གཏེར་སྟག་སྒྲོམ་གང་འཐོན། སྦས་པའི་རྣལ་འབྱོར་གྱི་ཚུལ་བཟུང་ནས་མདོས་ཆོག་གི་འཕྲིན་ལས་འབའ་ཞིག་སྐྱོང་བར་མཛད་དོ། །དེའི་སྐྱེ་བ་རྒྱལ་སྲས་རྡོ་རྗེ་གླིང་པ་ནི། ཐང་ཡིག་ལས། སྟོད་ལུང་ཡུལ་དུ་ཕག་ཚང་ཁྱུ་གཅིག་འབྱུང༔ ས་བཙན་རི་འབོས་རེ་ལ་རྫོང་ཆུང་རེ༔ ལ་རྩུབ་འཕྲང་རྩུབ་གཉེར་མེད་ཁྱུ་ཡིས་འཚོ༔ ཀོང་པོ་བུ་ཆུར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་རྡོ་རྗེ་གླིང་པ་ཞེས་བྱ་འབྱུང༔ ཞེས་དང་། རང་གཏེར་ལས། མ་འོངས་ལྔ་བཅུ་ཁ་རལ་ཚེ༔ བསམ་ཡས་འདི་ནས་ལྷོ་ནུབ་མཚམས༔ ལུང་པ་དོར་མ་བརྒྱངས་འདྲའི་ནང༔ གྲྭ་ཞེས་བྱ་བའི་ཕུ་མདའ་རུ༔ རིགས་ལྡན་སྔགས་འཆང་བྱ་ཁྱིའི་ལོ༔ ཆུ་ཁམས་པདྨ་རྡོ་རྗེ་གླིང༔ ཨོ་རྒྱན་ང་རང་དངོས་གཅིག་འབྱུང༔ ཞེས་པ་ལྟར་མེ་ཁྱི་ལ་གྲྭའི་ཕུ་གྲོག་ཁད་དུ་ཁུའི་རིགས་སུ་འཁྲུངས། ཁམས་འུ་ཆུ་ཁམས་པ་ཡིན། ཧ་རི་ཁ་པ་ཞང་ཡེ་ཤེས་མཛེས་ལས་རབ་ཏུ་བྱུང་། ཀུན་མཁྱེན་འཁྲས་པ། སྨན་ལུང་པ་ཤཱཀ་འོད། ཁྱབ་བརྡལ་ལྷུན་གྲུབ་སོགས་ལས་ཆོས་མང་དུ་གསན། གནམ་ལྕགས་བྲག ཡང་རྫོང་། སྤ་གྲོ། མཆིམས་ཕུ་སོགས་དབུས་གཙང་ལྷོ་མོན་གྱི་གཏེར་གནས་མང་པོ་ནས། སྙིང་ཐིག་བཅུ་གསུམ། བོན་རྫོགས་ཆེན་གསེར་ཞུན། ལྟ་བ་ཀློང་ཡངས། གུ་རུ་ཞི་དྲག བཀའ་བརྒྱད། བླ་མ་རྒྱལ་བ་རྒྱ་མཚོ་སོགས་གཏེར་ཆོས་ཤིན་ཏུ་མང་བ་འཐོན། དགུང་ལོ་དྲུག་ཅུ་པ་ལ་གཤེགས།
དེའི་སྐྱེ་བ་ཀུན་སྐྱོང་གླིང་པ་ནི། ཐང་ཡིག་ལས། སྣ་བོ་ལ་ཁར་སོ་པ་རེ་མོས་བྱེད༔ མཆོད་རྟེན་དཀར་པོ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་ཀུན་སྐྱོང་གླིང་པ་ཞེས་བྱ་འབྱུང༔ ཞེས་པ་སྟེ། འདི་ནི་རྡོ་རྗེ་གླིང་པ་འདས་ནས་ལོ་བཅུ་གསུམ་པ་བྱའི་ལོ་ལ་འཁྲུངས། ཟབ་ཕུ་ལུང་། བསམ་ཡས་མཆོད་རྟེན་དཀར་པོ་སོགས་ནས་རྡོར་སེམས་སྙིང་ཐིག གུ་རུའི་ཟངས་སྐུ་མེ་ཐུབ་མ། བྲམ་ཟེ་དྲི་མེད་བཤེས་གཉེན་གྱི་དབུ་ཐོད་སོགས་ཆོས་དང་དམ་རྫས་མང་དུ་བཞེས། གོང་མའི་ཡང་གཏེར་དང་། ཤོག་སེར་མ་ཕྱི་ཐེབ་སྦས་པ་ཡང་འཐོན། རྡོ་རྗེ་གླིང་པ་ལ་གང་ཡོད་ཀྱི་ཆོས་སྐོར་རྣམས་ཡོད་པར་གྲགས། ཞེ་དགུ་པ་མེ་བྱ་ལ་སྐུ་གཤེགས། དེའི་སྐྱེ་བ་མདོ་སྔགས་གླིང་པའམ། མཚན་གཞན་མཆོག་ལྡན་མགོན་པོ་ནི། བཀའ་ཐང་ལས། ཉང་སྨད་ཉི་མ་མདོ་རུ་རྫོང་ཞིག་འབྱུང༔ དམ ག་དཔོན་བརྒྱ་དང་བཅུ་དྲུག་བྱང་ལུང་འཚོག༔ གཡས་རུ་གཙང་འགྲམ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་མདོ་སྔགས་གླིང་པ་ཞེས་བྱ་འབྱུང༔ ཞེས་གསུངས་ཏེ། འདི་ཉིད་རུས་རྒྱ། ཡུལ་བན་པ་འཆོང་ལུང་དུ་མེ་སྦྲུལ་ལ་འཁྲུངས། མཁན་པོ་གཙང་པ་ལས་རབ་ཏུ་བྱུང་། གཏེར་སྟོན་པདྨ་གླིང་པ་སོགས་དགེ་བའི་བཤེས་གཉེན་མང་པོ་ལ་གཏུགས། སྤྲུལ་སྐུ་བསོད་ནམས་ཆོས་སྐྱོང་གིས་གཏེར་གྱི་ཁ་བྱང་ཕུལ་ཀྱང་རྟེན་འབྲེལ་འཆུགས་པས་གཏེར་བཞེས་རྒྱུ་མ་བྱུང་། འོན་ཀྱང་མངའ་རིས་གུང་ཐང་རྒྱལ་པོས་བླ་མར་བཀུར། མཐའ་དམག་བཟློག་ཕྱིར་སྣེ་གདོང་རྩེ་ནས་ཀྱང་བཀུར་སྟི་ཆེ་བར་མཛད། ཞལ་སློབ་ཀྱང་ཡོལ་མོ་སྤྲུལ་སྐུ། བྲང་སོ་བ་སྔགས་འཆང་ཤཱཀྱ་བཟང་པོ། སྤྲུལ་སྐུ་བསྟན་གཉིས་གླིང་པ་སོགས་སྐྱེས་ཆེན་མང་དུ་བྱོན། བན་པ་དྲུག་རལ་དུ་ཨོ་རྒྱན་གྱི་གསེར་སྐུ་ཆེན་མོ་བཞེངས་བར་མཛད་པ་སོགས་འཕྲིན་ལས་རྒྱ་ཆེ། དགུང་ལོ་ཞེ་དྲུག་པ་ཆུ་ཡོས་ལ་གཤེགས། དེའི་སྐུ་ཕྱི་མ་ལ་ལྷོ་ནུབ་རྔ་ཡབ་གླིང་དུ་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་གྱིས་རྗེས་སུ་བཟུང་སྟེ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེས་པ་སྲིན་པོ་ཆོས་ཀྱི་གོ་ཆ་ཞེས་བྱ་བར་སྐྱེ་བ་བཞེས་ནས། དེའི་འོག་ཏུ། ཐང་ཡིག་ལས། ཆོས་ལོག་ཁྲིམས་རལ་དམ་ཉམས་ལུང་པ་གང་༔
ལྷ་མིའི་གནས་སུ་གཏམ་ངན་གྲགས་པས་ཁྱབ༔ ཤ་འུག་ལྟག་སྒོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་གཏེར་བདག་གླིང་པ་ཞེས་བྱ་འབྱུང༔ ཞེས་དང་། ཀུན་མཁྱེན་བླ་མ་གང་ཤར་རང་གྲོལ་གྱི་དག་སྣང་རྒྱ་ཅན་ལས་ཀྱང་། ཟབ་གཏེར་བཀའ་བབས་གར་གྱི་མིང་འཛིན་པ། །དམ་སེལ་བདུད་རིགས་དབང་དུ་མ་སོང་ན། །ལུང་དང་མཐུན་པའི་གཏེར་ཁ་ཡོངས་ལ་དབང་། །ཞེས་ལུང་བསྟན་པ་ལྟར་བདག་ཉིད་ཆེན་པོ་འདི་ཉིད་དུ་སྐུ་འཕོས་པ་ཡིན་ནོ། །གཞན་ཡང་རྡོ་རྗེ་གླིང་པའི་ལུང་བྱང་ལས། ཉི་མ་སེང་གེ་ཁྱུང་པོ་རྣལ་འབྱོར་དང༔ སུམ་སྟོན་ཇོ་དར་གྲྭ་པ་མངོན་ཤེས་དང༔ བསྟན་པ་གཞུང་འཛིན་རོང་སྒོམ་ཆོས་བཟང་དང༔ དགེ་བཤེས་ཉམས་བྲོ་གུ་རུ་བརྣོན་རྩེ་དང༔ ཁྱུང་གྲགས་ལྷ་འབུམ་ཤཱཀྱ་འབྱུང་གནས་དང༔ གྲུབ་ཐོབ་དངོས་གྲུབ་གཡག་སྡེ་པཎ་ཆེན་དང༔ མཚལ་ཐང་སྒོམ་སྡེ་སྤྲུལ་སྐུར་གྲགས་པའི་མཐར༔ ཞེས་འབྱུང་ངོ་། །དེ་ལ་འདིར་ཁྱུང་པོ་རྣལ་འབྱོར་དང་། དགེ་བཤེས་གྲྭ་པ། རོང་ཟོམ། བོན་པོ་ལྷ་འབུམ་སོགས་བགྲེས་གཞོན་ཙམ་མ་གཏོགས་དུས་མཚུངས་པ་དང་། སྔ་ཕྱི་གོ་རིམ་འཁྲུགས་པ་འགའ་ཞིག་བྱུང་བ་ནི་གཅིག་ནས་གཅིག་ཏུ་བརྒྱུད་པའི་སྐྱེ་བར་མི་བསམ་སྟེ། མཐའ་ཡས་པའི་སྤྲུལ་པས་དུས་གཅིག་ཏུ་འགྲོ་བའི་དོན་མཛད་པ་མི་འགལ་ཞིང་། སྔ་ཕྱིའི་གོ་རིམ་རྣམས་ཀྱང་ལུང་བྱང་འདིར་བཻ་རོའི་སྤྲུལ་པའི་མཚན་འགའ་ཞིག་ཕྱོགས་གཅིག་ཏུ་བསྡེབས་པ་ཙམ་ཡིན་པའི་ཕྱིར་རོ། །དེ་ལ་སུམ་སྟོན་ཇོ་དར། བསྟན་པ་གཞུང་འཛིན། དགེ་བཤེས་ཉམས་བྲོ་རྣམས་གང་དུ་བྱོན་དང་འཕྲིན་ལས་གང་བསྐྱངས་ཀྱི་ལོ་རྒྱུས་མ་ཐོས་ལ། དེ་ལས་གཞན་པ་རྣམས་ལུང་བསྟན་གྱི་གོ་རིམ་བཞིན་ཅུང་ཟད་བརྗོད་ན། ཉི་མ་སེང་གེ་ནི། རོག་ཤེས་རབ་འོད་ཀྱི་གཅུང་། ཞིག་པོ་རིན་པོ་ཆེ་ཞེས་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་མངའ་བ་སྟེ། རྒྱ་བ་ཏེ་ནིའི་ཆིག་བརྒྱུད་ཀྱི་བཀའ་བབས་པས་ཞི་བྱེད་བཀའ་བབས་ཕྱི་མ་ཕྱོགས་ཀུན་ཏུ་རྒྱས་པའི་ཆུ་འགོ་ལྟ་བུར་གྱུར་པ་དེ་ཡིན་ནོ། །དེའང་ཉང་རིན་པོ་ཆེའི་རྣམ་ཐར་ཞལ་གསུངས་མར་ཞིག་པོ་དང་མཇལ་བའི་ཚེ་དེ་ཉིད་ཀྱིས་མགུར་བཞེས་པ་ལས། སྔོན་གྱི་མཐའ་འཁོབ་རྒྱལ་པོ་དེ། །དུས་དེང་
སང་ཉང་ཆུང་རལ་པ་ཅན། །སྔོན་གྱི་སྒྲ་བསྒྱུར་ལོ་ཙཱ་བ། །དུས་དེང་སང་སྨྱོན་པ་ང་འདྲ་བྱུང་། །ཞེས་འབྱུང་བའི་ཕྱིར་རོ། །ཁྱུང་པོ་རྣལ་འབྱོར་ནི། ནཱ་རོ་པའི་ལྕམ་མོ་ནི་གུ་མ་སོགས་ཀྱིས་རྗེས་སུ་བཟུང་བའི་གྲུབ་ཐོབ་ཆེན་པོ་དེ་ཉིད་དེ། བརྒྱུད་པའང་ཤངས་པ་བཀའ་བརྒྱུད་ཅེས་ཡོངས་སུ་གྲགས་པ་འདིའོ། །རོང་སྒོམ་ཆོས་བཟང་ནི། སྔགས་རྙིང་མའི་དགེ་བའི་བཤེས་གཉེན་ཤེས་བྱའི་གནས་ཐམས་ཅད་ལ་ཆགས་ཐོགས་མེད་པར་གཟིགས་པའི་མཁས་གྲུབ་ཆེན་པོ་སྟེ། མར་དོ། འགོས་སོགས་རུ་བཞིའི་མཁས་པ་ཀུན་གྱིས་རྩོད་ཀྱང་མ་ཐུབ་སྟེ་བླ་མར་བཀུར། མདོར་ན་ཇོ་བོ་དཱི་པཾ་ཀ་རས་ཀྱང་ཆོས་སྐད་ཀྱི་ཞལ་རམ་མ་ཐེག་པར་གྲགས། གུ་རུ་བརྣོན་ཚེ་ནི། རྟ་ནག་ཏུ་བྱོན་པའི་གཏེར་སྟོན་བོན་ཆོས་ཟུང་འབྲེལ་དུ་སྐྱོང་བ་ཞིག་ཡིན། ཁྱུང་གྲགས་ཀྱང་། ཡེ་ཤེས་ཁྱུང་གྲགས་ཞེས་པའི་གཏེར་སྟོན་ཞིག་བྱུང་སྣང་བ་ཡིན་ནམ་སྙམ་སྟེ་དེ་ནི་ཟུར་པཀྴི་ཤཱཀ་འོད་དང་དུས་མཚུངས་པར་བྱོན། བོན་པོ་ལྷ་འབུམ་ནི། གཙང་གི་རུ་མཚམས་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་བོན་པོ་ལྷ་འབུམ་ཞེས་བྱ་འབྱུང༔ ཞེས་ལུང་བསྟན་པ་དེ་ཡིན་ནོ། །ཤཱཀྱ་འབྱུང་གནས་ནི། བདེ་གཤེགས་ཟུར་པོ་ཆེ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེ་ཉིད་ཡིན་ཏེ། རྒྱལ་པོ་བཀའ་ཆེམས་ཆུང་བ་གཅིག་ནས་བཻ་རོ་ཙ་ན་ཟུར་ཚོ་བརྒྱུད་དུ་འབྱོན་པར་གསུངས་པ་དེ་ཟུར་ཆེན་ཡིན་པར་མཁས་པ་སེ་སྟོན་གྱིས་མཛད་པའི་ཡིག་ཚང་ལས་ཀྱང་འབྱུང་ངོ་། །གྲུབ་ཐོབ་དངོས་གྲུབ་ནི། གཙང་གི་རི་བོ་ཆེར་སྦས་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་གྲུབ་ཐོབ་དངོས་གྲུབ་ཅེས་བྱ་འབྱུང༔ ཞེས་པ་སྟེ། འདི་ནི་གཏེར་བཞེས་དུས་དགུང་ལོ་དྲུག་བརྒྱ་ཡིན་པར་གྲགས་པས་དུས་སྔ་མོ་ཞིག་ནས་བྱོན་པར་མངོན། གཡག་སྡེ་པཎ་ཆེན་ནི། རང་བྱུང་པ་དང་གཡུང་སྟོན་པ་སོགས་ཀྱི་སློབ་མ་མཁས་གྲུབ་ཆེན་པོ་ཞིག་ཡིན། མཚལ་ཐང་སྒོམ་སྡེ་སྤྲུལ་སྐུ་ནི། མཚལ་གྱི་གདན་རབས་བཞི་པ་སངས་རྒྱས་འབུམ་གྱི་དུས་བླ་ཚང་དང་དཔོན་ཚང་ཞིག་ནས་ཁོང་གི་འཕྲིན་ལས་ཟུར་དུ་བསྐྱངས་པ་ལ་སྒོམ་སྡེ་བྱུང་བར་གྲགས་པས་སངས་རྒྱས་འབུམ་ཡིན་པར་སྙམ་མོ། །
དེ་ལྟར་གྲྭ་པ་མངོན་ཤེས་གཏེར་སྟོན་གྱི་སྐྱེ་འཕྲེང་ལྔའི་གྲས་སུ་རང་གཏེར་གྱི་ལུང་བྱང་དུ་གསུངས་པའི་ལྷག་ཉི་མ་སེང་གེ་སོགས་བཅུ་གསུམ་བྱུང་བས། བཅུ་ཕྲག་གཅིག་དང་གསུམ་ཙམ་འདས་པའི་མཐར༔ ཞེས་གབ་རྒྱ་ཅན་གྱི་ལུང་བྱང་དང་ཡང་འབྱོར་བ་ཡིན་ནོ། །གཞན་ཡང་ལོ་ཙཱ་བ་ཆེན་པོ་བཻ་རོའི་རྣམ་སྤྲུལ་ཙཱ་མི་སངས་རྒྱས་གྲགས། ཆོས་རྗེ་ས་སྐྱ་པཎྜི་ཏ། ལོ་ཆེན་བསོད་ནམས་རྒྱ་མཚོ་ལ་སོགས་པ་དང་། བསྐལ་བཟང་གི་སངས་རྒྱས་མོས་པར་ཞལ་གྱིས་འཆེས་པ། པཎ་ཆེན་འཇིགས་མེད་གྲགས་པ་སོགས་བསྟན་པ་ཡོངས་སུ་རྫོགས་པའི་བཤེས་གཉེན་མཐའ་ཀླས་པ་དང་། གཏེར་སྟོན་སངས་རྒྱས་བླ་མ། རྒྱ་ལོ་ཙཱ་བ། ལྡང་མ་ལྷུན་རྒྱལ། གཡག་འཕྱར་སྔོན་པོ་སོགས་མང་ཞིག་མཆོག་ལྡན་མགོན་པོའི་རྣམ་ཐར་ལས་འབྱུང་ཞིང་རྒྱ་སྐད་ཀྱི་ཚོམ་ཡིག་ཀ་དཔེ་ཉེར་གཅིག་པ་ལས་ཀྱང་། གཏེར་སྟོན་གྲུབ་ཐོབ་སྐྱེ་དགུའི་མཐར༔ མཚལ་ཐང་སྒོམ་སྡེ་སྤྲུལ་སྐུར་འགྱུར༔ ཞེས་སྒོམ་སྤྲུལ་ཡན་ལ་གཏེར་སྟོན་གྱི་སྐྱེ་བ་དགུར་གསུངས་པ་སོགས་མང་དུ་སྣང་སྟེ་ཐམས་ཅད་བརྗོད་པར་མ་ནུས་སོ། །ཁྱད་པར་རྡོ་རྗེ་གླིང་པ་གཤེགས་ཀར་སློབ་དཔོན་ལེགས་པ་དཔལ་ལ་གདམས་པའི་ཞལ་ཆེ མས་སུ། ང་རྟེན་ཡས་ཀྱི་སྤྲུལ་པའི་གང་ཟག་ལ། །འཆི་བས་འཇིགས་པ་མ་ཡིན་དེ། །ད་ནི་ན་སོ་ཅུང་ཟད་རྒས། །མགོ་ལ་འཆི་སྐྲ་དཀར་པོ་སྐྱེས། །ལུས་ཀྱི་སྟོབས་ཟད་ཉམས་ཤེད་ཆུང་། །ད་ལྟ་དྲུག་ཅུ་ཐམ་པ་འགྲོ། །བདེ་ཆེན་མཁའ་སྤྱོད་གནས་ཡུལ་ནས། །བདག་ལ་གདན་འདྲེན་བསམ་མི་ཁྱབ། །ད་ལོ་ཅིས་ཀྱང་ཁོ་བོ་འགྲོ། །ཁྱེད་འདིར་བཞུགས་སྐུ་ཁམས་ཅི་བདེར་བཞུགས། །ད་ནས་མི་ལོ་བཅུ་གསུམ་ན། །རང་རེ་དཔོན་སློབ་མཇལ་བ་བྱེད། །དེ་ནས་ཕྱི་མའི་ཕྱི་མ་ན། །ཡར་འབྲོག་དབུས་གཡོར་སྡེ་གཉིས་ཀྱི། །མཚམས་སུ་བདག་ནི་སྐྱེ་བ་ལེན། །འགྲོ་འདུལ་ཞེས་གྲགས་རྒྱལ་བའི་སྲས། །རྫུ་འཕྲུལ་མངོན་ཤེས་ལྡན་པ་འབྱུང་། །བན་བོན་གཏེར་ལྷག་མ་ལུས་འབྱིན། །སྨྱོན་སྤྱོད་བརྟུལ་བཞུགས་མཐར་ཕྱིན་ནས། །དུག་ལྔས་བསེ་ལྟར་རངས་པ་ཡི། །དཔོན་སྐྱ་མི་ཆེན་ཐམས་ཅད་དང་། །རྒྱ་ནག་ཧོར་གྱི་རྒྱལ་པོ་ཡང་། །ཞི་རྒྱས་དབང་དྲག་མངོན་སྤྱོད་ཀྱིས། །མ་ལུས་ཁོ་བོས་དབང་དུ་བསྡུད། །དེ་དུས་ལུས་ངག་
ཡིད་གསུམ་གྱི། །འབྲེལ་བ་གང་ལྟར་ཐོགས་པ་རྣམས། །རིགས་དྲུག་འཁོར་བ་དོང་སྤྲུགས་ནས། །པདྨས་བརྒྱན་པའི་ཞིང་ཁམས་སུ། །ཁོ་བོ་བླ་ན་མེད་པ་ཡི། །རྣམ་རོལ་མཐའ་ཡས་མགོན་པོ་ཆེར། །ཡང་དག་མངོན་འཚང་རྒྱ་བའི་ཚེ། །སྲས་འཁོར་རྒྱ་མཚོའི་ཐོག་མར་སྐྱེ། །སྐྱེ་མེད་ཆོས་ལ་བཟོད་ཐོབ་ནས། །དཔའ་འགྲོ་སྒྱུ་མ་རྡོ་རྗེ་ཡི། །ཏིང་འཛིན་རྣམ་གསུམ་མངོན་གྱུར་གྱི། །བྱང་ཆུབ་མཆོག་ལུང་དེ་རུ་ཐོབ། །མཐར་ཐུག་རྣམ་འདྲེན་མོས་པའི་ཚེ། །ཀུན་ཀྱང་ཕྱོགས་བཅུའི་ཞིང་ཁམས་སུ། །སངས་རྒྱས་མཆོག་ཐོབ་འཁོར་དོང་སྤྲུགས། །ཧ་ཧ་གང་ལྟར་བྱས་ཀྱང་བདེ། །ཐེ་ཚོམ་སྦྲུལ་གྱི་མདུད་པ་ཞིག །རང་སར་གྲོལ་བ་རྡོར་གླིང་ངའི། །བསམ་རྫོགས་འགྲོ་དོན་ལྷུན་གྱིས་གྲུབ། །དམ་སེལ་ཐེ་ཚོམ་མ་ཞུགས་པས། །སེམས་ལ་གང་ཤར་བཤད་པ་ལགས། །ཞེས་གསུངས་ཏེ། དེ་ཡང་མི་ལོ་བཅུ་གསུམ་ན་མཇལ་བ་ནི་རྡོར་གླིང་རང་བྱ་ལ་གཤེགས་པའི་བཅུ་གཉིས་སྐོར་རྟིང་མའི་བྱ་དེ་ལ་ཀུན་སྐྱོང་གླིང་པ་འཁྲུངས་པ་དེ་ཡིན་ཅིང་། དེ་ནས་ཕྱི་མའི་ཕྱི་མ་ཞེས་གཉིས་སྣང་བའི་དང་པོས་ནི་མདོ་སྔགས་གླིང་པ་དང་། གཉིས་པ་ནི་བདག་ཉིད་ཆེན་པོ་འདི་ཉིད་ལུང་བསྟན་པ་ཡིན་ཏེ། རུ་བཞི་ལས་གཡོ་རུའི་ནང་ཚན་དབུས་ཀྱི་སའི་མཐའ་ཡར་འབྲོག་ལ་ཉེ་བར་འཁྲུངས་པས་སྡེ་གཉིས་ཀྱི་མཚམས་ཞེས་རགས་པའི་དབང་གིས་གསུངས་པ་དང་། མཚན་འགྲོ་འདུ ལ་ནི། རང་གཏེར་ཤ་འུག་གཏེར་བྱོན་གྱི་ལུང་བྱང་ལས། འགྱུར་མེད་རྡོ་རྗེ་འགྲོ་འདུལ་གླིང༔ སྐལ་ལྡན་དེ་ཡིས་འདོན་པར་འགྱུར༔ ཞེས་དང་། མི་ཆེན་དབང་དུ་སྡུད་པ་ཡང་། དེ་ལས། གདུགས་ཐོགས་བདུན་གྱིས་ཞབས་ནས་འདེགས༔ མི་ཆེན་གསུམ་གྱིས་མངའ་ཐང་སྤེལ༔ ཞེས་སོགས་གསུངས་པ་དང་། གཏེར་ལྷག་འབྱིན་པ་ནི། དེ་ལས། ཚེ་མཇུག་དམ་གཙང་ཡོན་བདག་དང༔ གསང་སྤྱོད་རྟེན་འབྲེལ་འཛོམ་པ་ན༔ རི་བོ་རྩེ་ལྔའི་ཟབ་གཏེར་འདོན༔ མཐའ་དམག་ལོ་བརྒྱའི་བར་དུ་བཟློག༔ ཅེས་འབྱུང་བས་རི་བོ་རྩེ་ལྔར་རྡོར་གླིང་གི་གཏེར་ཞབས་ཡོད་པར་བཤད་པ་དེའོ། །མ་འོངས་པ་ན་བསྐལ་བཟང་གི་སངས་རྒྱས་མོས་པར་འགྱུར་བ་ཡང་། སྔ་མ་ལས། སྐྱེ་སྲིད་ཕྱི་མ་བོད་ཡུལ་འདིར༔ རྒྱལ་པོའི་ཚུལ་གྱིས་སྲིད་སྡེ་སྐྱོང༔ ཆོས་ཀྱི་ཁྲིམས་འཛིན་
ཐབས་ཀྱིས་འདུལ༔ གཅིག་ནི་ཨོ་རྒྱན་ཛ་ག་ཊར༔ གྲུབ་ཐོབ་ཀུན་བཟང་སྤྱོད་པ་ཅན༔ འབྲེལ་ཚད་དོན་དང་ལྡན་པར་སྐྱེ༔ དེ་ནས་རེས་འགའ་པད་འབྱུང་ངའི༔ ཐུགས་ཀྱི་ཀློང་དུ་གཉིས་མེད་ཐིམ༔ རེས་འགའ་སྤྲུལ་པའི་འོད་ཟེར་ནི༔ གང་འདུལ་མོས་པའི་དཔལ་དུ་འཆར༔ ཐ་མར་བསྐལ་བཟང་སངས་རྒྱས་ནི༔ མོས་པ་ཞེས་བྱར་མངོན་འཚང་རྒྱ༔ ད་ལྟའི་འབྲེལ་ཐོགས་སྐལ་ལྡན་ཀུན༔ འདུས་པ་དང་པོར་སྐྱེ་བར་འགྱུར༔ ཞེས་རང་གཏེར་ལུང་བྱང་ལས་གསུངས་པ་དང་། སྔར་སྨོས་པའི་རྡོར་གླིང་གི་གསུང་དེ་གཉིས་ཤིན་ཏུ་མཐུན་པར་བྱུང་བའི་ཕྱིར། ཞལ་ཐེམས་དེས་རྡོ་རྗེ་གླིང་པ་རང་སླར་འབྱོན་པར་ཆེས་གསལ་བའི་ལུང་དུ་བསྟན་པ་ཡིན་ནོ། །མདོར་ན་སྔོན་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་བརྩ མས་ཏེ་ཚོགས་ཟུང་གི་སྤྱོད་པ་ཕུལ་དུ་དབྱུང་དུ་མེད་པ་སྤྱད་པ་ལས་སྣང་ཚུལ་དུ་ད་ལྟ་སློབ་པ་ལམ་པའི་གནས་སྐབས་ན་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཚེ་འཕགས་པ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཞེས་གྲགས་པ་དེའི་རྣམ་པར་སྤྲུལ་པའི་ཚུལ་བཟུང་ནས་གང་ལ་གང་འདུལ་གྱི་སྐལ་བ་དང་འཚམས་པར་འགྲོ་བའི་དོན་མཛད་ཅིང་། མ་འོངས་པ་ན་པདྨས་བརྒྱན་པའི་ཞིང་ཁམས་སུ་རྣམ་རོལ་མཐའ་ཡས་ཞེས་བྱ་བའི་དེ་བཞིན་གཤེགས་པར་མངོན་པར་རྫོགས་པ་འཚང་རྒྱ་བར་འགྱུར་ལ། དེའི་ཚེ་ད་ལྟའི་དུས་འདིར་འབྲེལ་ཐོགས་ཀྱི་སེམས་ཅན་རྣམས་རྒྱལ་བ་དེའི་སྲས་ཀྱི་ཐོག་མར་སྐྱེས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་ཞིང་། དེ་དག་རྫོགས་པའི་བྱང་ཆུ བ་ཏུ་ལུང་བསྟན་པ་ཡང་རྒྱལ་བ་དེ་ལས་བརྙེས་པར་འགྱུར་རོ། །དེ་ནས་བསྐལ་བཟང་གི་སངས་རྒྱས་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་འདས་པའི་འོག་ཏུ་དེ་བཞིན་གཤེགས་པ་སྣང་མཛད་དམ་མོས་པ་ཞེས་བྱ་བར་འཚང་རྒྱ་བའི་ཚུལ་སྟོན་ཏེ། དེ་བཞིན་གཤེགས་པ་དགུ་བརྒྱ་གོ་དགུ་པ་རྣམས་ཀྱི་སྐུ་ཚེའི་ཚད་དང་གདུལ་བྱ་ལ་སོགས་པ་ཇི་ཙམ་པ་དེ་ཙམ་དུ་གྱུར་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་དེ་དག་འདུས་པ་དང་པོར་སྐྱེས་ཏེ་གྲོལ་བར་འགྱུར་རོ། །ཞེས་པ་ནི་ངེས་པའི་དོན་ཅན་ཏེ། ཡང་དག་པའི་ལུང་གི་གཏན་ཚིགས་མང་དུ་ཡོད་དེ་བྲིར་མ་ལང་ཞིང་། ཐམས་ཅད་ནི་འཕགས་ཆེན་རྣམས་ཀྱིས་ཀྱང་དཔག་
པར་དཀའ་ན་བདག་ཅག་བྱིས་པའི་སྐྱེ་བོས་བརྗོད་པར་མི་ནུས་སོ། །འོན་ཀྱང་རྒྱལ་བའི་ཡོན་ཏན་ལས་ཆ་ཤས་ཙམ་མཐོང་བ་དང་ཐོས་པ་དང་དྲན་པ་ཙམ་གྱིས་ཀྱང་བསོད་ནམས་མངོན་པར་འཕེལ་བར་གསུངས་པས། དེའི་ཕྱིར་སྐུ་ཚེ་སྔ་མའི་འཕྲིན་ལས་དང་སྐྱེ་བའི་འཕྲེང་བ་ཟུར་ཙམ་ཞིག་སྨོས་པ་ཡིན་ནོ། །འདིར་སྨྲས་པ། སློང་པོར་གྱུར་ཚེ་བྱང་ཆུབ་ཐུགས་བསྐྱེད་ནས། །གྲངས་མེད་གསུམ་དུ་ཚོགས་གཉིས་སྤྱད་པའི་མཐུས། །སློབ་ལམ་མཐར་ཐུག་ས་བཅུའི་བྱང་སེམས་ཆེ། །རྡོ་རྗེ་ཆོས་སུ་གྱུར་ཏེ་སྔོན་གྱི་རབས། །ཉིན་མོར་བྱེད་པ་མཁའ་ལ་ཤར་བ་ན། །སྣང་བའི་འོད་ཟེར་ལྟོས་མེད་འབབ་པ་ལྟར། །ས་བཅུའི་སེམས་དཔས་རྣམ་སྤྲུལ་དུ་མ་རུ། །སྟོན་པ་དངོས་པོའི་གཤིས་ཡིན་བར་གྱི་རབས། །བྱང་ཆུབ་ཕྱིར་དུ་ཞུགས་པ་མཐར་ཕྱིན་ནས། །རྣམ་རོལ་མཐའ་ཡས་མགོན་པོར་སངས་རྒྱས་ཏེ། །སླར་ཡང་མོས་པར་མངོན་འཚང་རྒྱ་བའི་ཚུལ། །སྟོན་པར་མཛད་གང་མ་འོངས་སྐྱེས་རབས་ཡིན། །ཞེས་བསྡུ་བའི་ཚིགས་སུ་བཅད་པའོ།། །།