Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

13 occurrences of དེའི་འོག་ཏུ་
[Clear Hits]


  
 expand section
  
  
 
སྐབས་གསུམ་པས་བསྟན་རྩིས་བཤད་པ།
  
 
  
  
  
 
  
  
  
  
 
 
  
 
  
  
  
 
  
  
  


13 occurrences of དེའི་འོག་ཏུ་
[Clear Hits]

 
previousསྐབས་གསུམ་པས་བསྟན་རྩིས་བཤད་པ།next

སྐབས་གསུམ་པས་བསྟན་རྩིས་བཤད་པ།

ད་ནི་སྐབས་གསུམ་པས་བསྟན་རྩིས་བཤད་པ་ལ་གསུམ་སྟེ། དབྱེ་བའི་སྒོ་ནས་མདོར་བསྟན། སོ་སོའི་རང་བཞིན་རྒྱས་པར་བཤད་པ། མ་འོངས་པ་ན་བསྟན་པའི་ཚད་ཇི་ཙམ་ལུས་བདེ་བླག་ཏུ་རྩི་ཚུལ་བསྟན་པས་དོན་བསྡུ་བའོ། །དང་པོ་ནི། བསྟན་པའི་རྩིས་ཀྱི་སོགས་ཚིགས་སུ་བཅད་པ་གཅིག་གོ།

གཉིས་པ་ལ་གཉིས་ཏེ། མདོ་ལུགས་ཀྱི་བསྟན་རྩིས་དང་། རྒྱུད་ལུགས་ཀྱི་བསྟན་རྩིས་སོ། །དང་པོ་ལ་གཉིས་ཏེ། བསྟན་པའི་གནས་ཚད་དང་། དེའི་སྟེང་ནས་ཇི་ཙམ་འདས་ཚུལ་ལོ། །དང་པོ་ནི། མདོ་ལུགས་བསྟན་པའི་སོགས་ཏེ། འདི་ལ་གསུམ། དགོངས་པ་ཅན། དོན་ལ་གནས་པའི་ཕྱོགས། དོན་བསྡུ་བའོ། །དང་པོ་ལའང་ལྔ་སྟེ། ལོ་སྟོང་དང་། སྟོང་ལྔ་བརྒྱ་དང་། ཉིས་སྟོང་དང་། ཉིས་སྟོང་ལྔ་བརྒྱ་དང་། ཡར་འཕེལ་གྱི་ཚེ་ལོ་དྲུག་བརྒྱའི་བར་དུ་གནས་པར་བཤད་པའོ། །དང་པོ་ནི། བསྐལ་བཟང་ལས། དམ་པའི་ཆོས་ནི་ལོ་ལྔ་བརྒྱའི་བར་དུ་གནས་སོ། །ལོ་ལྔ་བརྒྱའི་བར་དུ་དམ་པའི་ཆོས་ལྟར་སྣང་ངོ་། །ཞེས་དང་། འདུལ་བ་ལུང་ཕྲན་ཚེགས་ལས། བསྟན་པ་ལོ་སྟོང་དུ་གནས་པར་ཡང་ཡང་གསུངས་པ་དང་། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་སླད་མའི་དུས་ལྔ་བརྒྱ་ཐ་མ་ལ་ཞེས་པའི་འགྲེལ་པར། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འབྲས་བུ་ཐོབ་པ་དང་། ཤིན་ཏུ་རྒྱས་པའི་དུས་ནི་ལོ་སྟོང་ཞིག་ཛམྦུའི་གླིང་ན་གནས་སོ། །དེ་ཡང་ཕྱེད་དུ་བགོས་ཏེ། ལྔ་བརྒྱ་སྔ་མ་ནི་འཕེལ་བའི་དུས་སུ་བཞག་ལ། ལྔ་བརྒྱ་ཕྱི་མ་ནི་བྲི་བའི་དུས་ཞེས་བྱའོ། །ཞེས་དང་། བུ་མོ་གསེར་འཕྲེང་ཅན་གྱི་རྟོགས་བརྗོད་དམ་ཀྲྀ་ཀྲྀའི་རྨི་ལམ་ལུང་བསྟན་པ་ཞེས་བྱ་བ་ལས། རྒྱལ་པོ་ཁྱོད་ཀྱི་རྨིལམ་དུ་སྐྱེ་བོ་ཕལ་མོ་ཆེ་འདུས་ནས་ཚིག་ངན་བརྗོད་དེ་ཆད་པ་དང་གནོད་པ་བྱེད་པ་མཐོང་བ་གང་ཡིན་པ་དེ་ནི་སངས་རྒྱས་ཤཱཀྱ་ཐུབ་པ་དེའི་བསྟན་པ་ལོ་སྟོང་གནས་ཤིང་མཐའ་ངན་པར་སྨྲ་བ་དང་ཆད་པ་བྱེད་པས་ནུབ་པར་འགྱུར་བའི་ལྟས་སོ། །ཞེས་མཛོད་ཀྱི་མདོ་ཊིཀ་ཏུ་དྲངས་པ་དང་། མཛོད་རང་འགྲེལ་ལས་ཀྱང་། དེ་དག་ཀྱང་ལོ་སྟོང་དུ་གནས་སོ་ཞེས་བཤད་དོ། །གཞན་དག་ན་རེ། རྟོགས་པ་ནི་དེ་ལྟ་བུ་ཡིན་གྱི་ལུང་ནི་ཡུན་རིང་དུ་གནས་སོ་ཞེས་ཟེར་རོ། །ཞེས་ཁ་ཆེ་བའི་རང་ལུགས་ལ་ལོ་སྟོང་དུ་གནས་པར་གསུངས་པ་སྟེ། དེ་ལྟར་ན་འདི་རྣམས་ལས་ཐུབ་པའི་བསྟན་པ་དངོས་དང་། གཟུགས་བརྙན་བསྟན་པར་བཏགས་པ་གཉིས་ཀ་ལོ་ལྔ་བརྒྱ་ལྔ་བརྒྱ་སྟེ་བསྡོམས་པས་ལོ་སྟོང་གི་བར་དུ་གནས་པར་གསུངས་སོ། །གཉིས་པ་ནི། སྙིང་རྗེ་པདྨ་དཀར་པོའི་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་སྨོན་ལམ་ལྔ་བརྒྱ་པའི་སྐབས་ལས། ང་མྱ་ངན་ལས་འདས་ནས་ཀྱང་ལོ་སྟོང་དུ་དམ་པའི་ཆོས་གནས་པར་གྱུར་ཅིག །ཡང་ལོ་ལྔ་བརྒྱར་དམ་པའི་ཆོས་ཀྱི་གཟུགས་བརྙན་གནས་པར་གྱུར་ཅིག །ཞེས་དངོས་བཏགས་སྒྲིལ་བས་ལོ་སྟོང་དང་ལྔ་བརྒྱར་གནས་པར་བཤད་དོ། །གསུམ་པ་ནི། ཟླ་བ་སྙིང་པོས་ཞུས་པའི་མདོར། ང་མྱ་ངན་ལས་འདས་ནས་དམ་པའི་ཆོས་ཀྱི་གཟུགས་བརྙན་ལོ་ཉིས་སྟོང་དུ་གནས་པར་འགྱུར་རོ། །ཞེས་པས་ཉིས་སྟོང་དུ་གནས་པར་གསུངས་པ་དང་། བཞི་པ་ནི། ཆོས་ཉིད་རང་གི་ངོ་བོ་ལས་མི་གཡོ་བར་ཐ་དད་སྣང་བའི་མདོ་ལས། འཇམ་དཔལ། ང་མྱ་ངན་ལས་འདས་ནས་ལོ་ལྔ་བརྒྱ་དང་དགུ་བརྒྱ་དང་། སྟོང་དགུ་བརྒྱ་དང་། ཉིས་སྟོང་དང་། ཉིས་སྟོང་ལྔ་བརྒྱའི་བར་དུ་ཆོས་ལ་བརྟག་པའི་མཐའ་ལྔ་པོ་འདི་དག་ལ་སོ་སོར་རྟོག་པའི་གང་ཟག་རིམ་པས་འབྱུང་ངོ་། །ཞེས་དང་། ཀ་མ་ལ་ཤཱི་ལའི་རྡོ་རྗེ་གཅོད་པའི་འགྲེལ་བ་ལས། ལྔ་བརྒྱ་ཐ་མ་ལ་ཞེས་བྱ་བ་ལ། བརྒྱ་ཕྲག་ལྔའི་ཚོགས་ནི་ལྔ་བརྒྱ་སྟེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལྔ་བརྒྱ་ཕྲག་ལྔའི་བར་དུ་གནས་ཞེས་གྲགས་པས་དེའི་ཕྱིར་ཐ་མ་ཞེས་བྱེ་བྲག་ཏུ་མཛད་དོ། །ཞེས་པས་ཉིས་སྟོང་ལྔ་བརྒྱར་གནས་པར་གསུངས་སོ། །འདིར་ཁ་ཐང་སྟོད་བསོད་རྒྱམ། ཅིག །རྡོར་གཅོད་འགྲེལ་པར་ཉིས་སྟོང་དང་། །ལྔ་བརྒྱར་སློབ་དཔོན་པདྨས་གསུངས། །ཞེས་སློབ་དཔོན་སངས་རྒྱས་གཉིས་པའི་དགོངས་པ་ཡིན་པར་བྱས་ཏེ་བརྟག་པར་བྱའོ། །ལྔ་པ་ནི། དགྲ་བཅོམ་པ་དགའ་བའི་བཤེས་ཀྱི་རྟོགས་བརྗོད་ལས། སྐྱེས་བུའི་ཚེ་ལོ་ཡར་འཕེལ་གྱི་བརྒྱ་ཐུབ་པ་ན་གནས་བརྟན་བཅུ་དྲུག་འཁོར་དང་བཅས་པ་ཛམྦུའི་གླིང་འདིར་བྱོན་ནས་བསྟན་པ་གསོས་ཏེ་ཚེ་ལོ་དྲུག་བརྒྱའི་བར་དུ་གནས་པར་འགྱུར་ལ། ཚེ་ལོ་བདུན་བརྒྱ་པར་གྱུར་པ་ན་གནས་བརྟན་བཅུ་དྲུག་གིས་སྟོན་པའི་ཆོས་ཀྱི་ཚོགས་ཇི་སྙེད་བཞུགས་པ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་བཞུགས་སུ་གསོལ་ནས་སྟོན་པའི་མཚན་བརྗོད་དེ་ཕྱག་བྱས་ཤིང་། ཀུན་ནས་བསྐོར་བས་སྐྱིལ་ཀྲུང་བཅས་ཏེ་ལྷག་མེད་དུ་མྱ་ངན་ལས་འདའ་ལ། མཆོད་རྟེན་དེ་ཡང་ནུབ་ནས་གསེར་གྱི་ས་གཞི་ལ་གནས་པར་འགྱུར་ཞིང་། སྟོན་པ་འདིའི་བསྟན་པ་དམ་པའི་ཆོས་ནུབ་པར་འགྱུར་རོ། །དེ་ཕྱིན་ཡར་འཕེལ་གྱི་བསྟན་པ་ལ་རང་རྒྱལ་བྱེ་བ་ཕྲག་བདུན་འབྱུང་ཞིང་། ཚེ་ལོ་བརྒྱད་ཁྲི་པ་ལ་བྱམས་པ་འཇིག་རྟེན་དུ་འབྱོན་ནོ་ཞེས་བཤད་དོ། །

གཉིས་པ་དོན་ལ་གནས་པའི་ཕྱོགས་ནི། དཾཥྚ་སེ་ནའི་འབུམ་ཊཱིཀ་ཏུ། དེ་ལ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ཞེས་པའི་འགྲེལ་པར། བཅོམ་ལྡན་འདས་ཀྱི་བསྟན་པ་ལོ་ལྔ་སྟོང་དུ་གནས་པ་ལས་སྟོང་ཕྲག་རེ་རེ་ལ་ཕྱེད་ཕྱེད་དུ་བཅད་པས་ལྔ་བརྒྱ་ཕྲག་བཅུ་ལ་ལེའུ་བཅུར་འགྱུར་ཏེ། དེ་ལས་ལྔ་བརྒྱ་དང་པོ་དང་གཉིས་པ་དང་གསུམ་པ་རྣམས་ལ་རིམ་པ་ལྟར་དགྲ་བཅོམ་པ་དང་ཕྱིར་མི་འོང་བ་དང་རྒྱུན་ཞུགས་མང་དུ་འབྱུང་བས་དགྲ་བཅོམ་པའི་ལེའུ་དང་ཕྱིར་མི་འོང་བའི་ལེའུ་དང་། རྒྱུན་ཞུགས་ཀྱི་ལེའུ་ཞེས་བྱ་སྟེ་ཁོང་དུ་ཆུད་པའི་ལེའུ་གསུམ་དང་། དེ་ནས་ལྔ་བརྒྱ་པ་བཞི་པ་དང་ལྔ་པ་དང་དྲུག་པ་རྣམས་ལ་གོ་རིམ་བཞིན་དུ་ལྷག་མཐོང་དང་ཏིང་ངེ་འཛིན་དང་ཚུལ་ཁྲིམས་དང་ལྡན་པ་མང་དུ་འབྱུང་བས་དེ་དག་གི་ལེའུ་ཞེས་བྱ་སྟེ་སྒྲུབ་པའི་ལེའུ་གསུམ་དང་། དེ་ནས་ལྔ་བརྒྱ་པ་བདུན་པ་དང་བརྒྱད་པ་དང་དགུ་པ་ལ་རིམ་པ་ལྟར་ཆོས་མངོན་པ་དང་མདོ་སྡེ་དང་འདུལ་བ་སྟོན་པ་མང་དུ་འབྱུང་བས་དེ་དག་སོ་སོའི་ལེའུ་སྟེ་ལུང་གི་ལེའུ་གསུམ་དང་། ལྔ་བརྒྱ་ཐ་མ་ནི་རབ་ཏུ་བྱུང་བའི་རྟགས་ཙམ་ལས་ལྟ་སྤྱོད་རྣལ་མ་དང་མི་ལྡན་པས་རྟགས་ཙམ་འཛིན་པའི་ལེའུ་སྟེ་འདི་ཉིད་ལྔ་བརྒྱ་ཐ་མ་ཞེས་བྱའོ། །ཞེས་གསུངས་པ་དང་། ཁ་ཅིག་དཾཥྚ་སེ་ན་དང་། ཁ་ཅིག་ལོ་ཙཱ་བ་ཡེ་ཤེས་སྡེས་མཛད་ཀྱང་ཟེར། ཕལ་ཆེར་དབྱིག་གཉེན་ཞབས་ཀྱིས་མཛད་པར་གྲགས་པ་ཡུམ་གསུམ་གྱི་འགྲེལ་པ་གནོད་འཇོམས་ལས། དེ་བཞིན་གཤེགས་པའི་བསྟན་པ་གནས་པ་ནི་ལོ་ལྔ་སྟོང་དུ་གསུངས་ཏེ། ཞེས་དང་། སློབ་དཔོན་འཇམ་དཔལ་གྲགས་པས་ཀྱང་། མངོན་པར་རྟོགས་པའི་དུས་གསུམ་དང་། སྒྲུབ་པའི་དུས་གསུམ་དང་། ལུང་གི་དུས་གསུམ་དང་། རྟགས་ཙམ་འཛིན་པའི་དུས་སོ། །ཞེས་གསུངས་ཏེ། དེ་རྣམས་མཐུན་པར་ལོ་ལྔ་སྟོང་གི་བར་དུ་གནས་པར་བཞེད་དོ། །ཇི་ལྟར་ཞེ་ན། དེ་ཡང་ལྔ་སྟོང་ཕྱེད་ཕྱེད་དུ་བཅད་པས་ལྔ་བརྒྱ་ཕྲག་བཅུར་འགྱུར་བ་ལས། ལྔ་བརྒྱ་དང་པོར་དགྲ་བཅོམ་དང་། དེ་བཞིན་གཉིས་པར་ཕྱིར་མི་འོང་དང་། གསུམ་པར་རྒྱུན་ཞུགས་ཏེ་འབྲས་བུ་གསུམ་ལ་ལྔ་བརྒྱ་ཕྲག་གསུམ་གྱི་ཡེ་ཤེས་ཁོང་ཆུད་ཀྱི་ལེའུ་འམ་མངོན་པར་རྟོགས་པའི་དུས་གསུམ་མོ། །དེ་ནས་ལྔ་བརྒྱ་ཕྲག་གསུམ་ལ་རིམ་པར་ཤེས་རབ་དང་། ཏིང་ངེ་འཛིན་དང་། ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་མང་དུ་འབྱུང་བས་ལྔ་བརྒྱ་ཕྲག་གསུམ་པོ་དེ་ལ་སྒྲུབ་པའི་དུས་ཀྱི་ལེའུ་ཞེས་ཟེར་རོ། །དེ་ནས་ཡང་ལྔ་བརྒྱ་ཕྲག་གསུམ་ལ་རིམ་པར་མངོན་པ་དང་། མདོ་སྡེ་དང་། འདུལ་བའི་སྡེ་སྣོད་རྣམས་སྟོན་པ་མང་དུ་འབྱུང་བས་ན་དེ་གསུམ་ལ་ལུང་གི་ལེའུ་གསུམ་དུ་གྲགས་པ་དང་། བཅུ་པ་ལྔ་བརྒྱ་ཐ་མ་ལ་རབ་ཏུ་བྱུང་བའི་རྟགས་ཙམ་མ་གཏོགས་སྒྲུབ་པ་དང་ལུང་གཉིས་གཟུགས་བརྙན་དུ་སྤྱོད་པས་ལྟ་སྤྱོད་རྣལ་མ་མེད་པའི་ཕྱིར་རྟགས་ཙམ་འཛིན་པའི་ལེའུ་ཞེས་བཞེད་དོ། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་དགོངས་པ་ནི། འབྲས་བུའི་དུས་ལ་ལྔ་བརྒྱ་ཕྲག་གསུམ། ལུང་གི་དུས་ལྔ་བརྒྱ་ཕྲག་གསུམ། སྒྲུབ་པའི་དུས་ལྔ་བརྒྱ་ཕྲག་གསུམ་ཞེས་སྒྲུབ་པའི་སྔོན་དུ་ལུང་གི་དུས་འབྱུང་བར་བཞེད་མོད་ཀྱི། འདིར་རེ་ཞིག་སྔར་དྲངས་པའི་ལུང་དང་བསྟུན་ནས་བོད་སྤྱིའི་བཞེད་པ་ལྟར་བཀོད་ལ། འོན་ཀྱང་། གྲུབ་མཐའ་རིན་པོ་ཆེའི་མཛོད་ལས། འདིར་ཕལ་དག་ལུང་དང་སྒྲུབ་པ་གཉིས་གོ་བརྗེ་བར་སྣང་ཡང་དག་པར་མ་མཐོང་ངོ་། །ཞེས་པའི་བཀའ་ལ་འཁྲུལ་པ་མི་མངའ་བས་རྒྱུ་མཚན་དེས་ན་སྔར་དྲངས་པའི་ལུང་དེ་དག་རང་རང་གི་ཞེ་འདོད་དང་བསྟུན་ནས་ལྟག་འོག་བསྒྱུར་མ་བསྒྱུར་ལ་དཔྱད་པ་དགོས་པར་སྣང་ངོ་། །

གསུམ་པ་ནི། དེ་ལྟར་གནས་ཚད་ལ་མི་མཐུན་པ་མང་དུ་སྣང་བ་དག་བསྡུ་ན། སྔ་མ་སྟེ་ལོ་སྟོང་ལ་སོགས་པ་རྣམས་ནི་དགོངས་པ་ཅན་དང་། ཕྱི་མ་ལྔ་སྟོང་དུ་གནས་པ་ཉིད་དོན་ལ་གནས་པའི་ཕྱོགས་སུ་མཁས་པ་ཕལ་ཆེར་ཞལ་འཆམ་པར་སྣང་བས་འདིར་ཡང་དེ་ལྟར་བཟུང་ངོ་། །དེ་ཡང་རྒྱལ་བ་གཡུང་སྟོན་ཆེན་པོས་མཛད་པའི་བསྟན་རྩིས་ལས། བསྟན་པ་ལོ་སྟོང་ལས་མི་གནས་པར་གསུངས་པ་ལ་སོགས་པ་རྣམས་ནི་གནས་སྐབས་གནས་སྐབས་ཀྱི་དགོས་ཆེད་ལ་དགོངས་ནས་གསུངས་པར་མངོན་ནོ། །ཞེས་དང་། གྲུབ་མཐའ་མཛོད་ལས། མདོ་སྡེ་བསྐལ་བ་བཟང་པོ་དང་ལུང་ཕྲན་ཚེགས་ལས་ལོ་སྟོང་དུ་གསུངས་པ་དང་། སྙིང་རྗེ་པདྨ་དཀར་པོ་དང་ཟླ་བ་སྙིང་པོས་ཞུས་པའི་མདོ་ལས། ཉིས་སྟོང་བཤད་པ་དང་། ཀ་མ་ལ་ཤཱི་ལས་རྡོ་རྗེ་གཅོད་པའི་འགྲེལ་པར་ལྔ་བརྒྱ་ཕྲག་ལྔར་བཤད་པ་དང་། འབུམ་ཊིཀ་ལས་ལོ་ལྔ་སྟོང་དུ་བཤད་པའོ། །དང་པོ་ནི་གྲོལ་བ་ཐོབ་པ་ཤས་ཆེ་བའི་དབང་དུ་མཛད་པའོ། །གཉིས་པ་ནི་འབྲས་བུ་ལ་ཞུགས་པ་དང་ལུང་ལ་སློབ་པའི་དབང་དུ་མཛད་པའོ། །གསུམ་པ་ནི་ཕལ་ཆེར་ལྟ་བ་དང་སྒྲུབ་པ་མཐུན་པའི་དབང་དུ་མཛད་པའོ། །འདིར་ཐ་མ་དང་རྗེས་སུ་མཐུན་པའི་དབང་གིས་འཆད་དེ། ལོ་ལྔ་སྟོང་གི་སྟོང་ཕྲག་ཕྱེད་ཕྱེད་དུ་བཅད་པས། ལྔ་བརྒྱ་ཕྲག་བཅུ་ལས་སྐྱེ་རྒུའི་བདག་མོ་ལ་སོགས་པའི་བུད་མེད་རབ་ཏུ་བྱུང་བས་ལྔ་བརྒྱ་ཐ་མ་རྟགས་ཙམ་འཛིན་པར་བཤད་དེ་འགྲིབ་པ་ཞེས་བྱའོ། །ཞེས་དང་། འཇམ་དབྱངས་བསྟན་འཛིན་བཟང་པོས་ཀྱང་། གཞན་རྣམས་དགོངས་པ་ཅན་ཡིན་ཞིང་། །ལྔ་སྟོང་དོན་ལ་གནས་པར་དཔྱད། །ཅེས་སོ། །

གཉིས་པ་ནི། བསྟན་པའི་གནས་ཚད་དེའི་སྟེང་ནས་ཇི་ཙམ་འདས་པའི་ཚུལ་ནི་རྒྱལ་བ་མྱ་ངན་ལས་འདས་པའི་ལོ་གང་ཡིན་པ་དེ་ནི་གནས་ཚད་གསུངས་པའི་འདས་ལོའི་ཐོག་མ་ཡིན་ལ། ལོ་དེ་ནས་ད་ལྟར་གྱི་རབ་བྱུང་བཅུ་གཅིག་པ་འདིའི་ནང་གི་ལྕགས་མོ་བྱ་ལོ་འདིའི་སྔ་ལོའི་ལྕག །ས་སྤྲེའི་མཐའ་རྫོགས་པ་ཡན་ལོ་གྲངས་ཇི་ཙམ་འདས་ཤེ་ན། བཞེད་ཚུལ་མི་འདྲ་བ་མང་དུ་སྣང་བ་འདི་ལྟར་མཐོང་སྟེ། དེ་ལ་ཐོག་མར་ར་སའི་ཇོ་བོ་འདི་སྟོན་པ་བཞུགས་དུས་བྱམས་པས་བཞེངས་ནས་མྱ་ངན་ལས་འདས་པའི་འོག་ཏུ། ལྷ། ཀླུ། ཨུ་རྒྱན། སྲིན་ཡུལ། རྡོ་རྗེ་གདན། ནཱ་ལེནྡྲ། ཨོ་ཏནྟྲ་པུ་རི། རྒྱ་ནག་སོགས་གནས་སོ་སོར་བཞུགས་པའི་ལོ་བསྡོམས་ན་སུམ་སྟོང་ལྔ་བརྒྱ་ལྷག་དང་བཅས་པ་སོང་བར་འདོད་ལ། བོད་དུ་ཕེབས་ནས་ད་ལྟའི་ལྕགས་བྱ་འདི་ཡན་ལ་ལོ་ཆིག་སྟོང་ལྷག་སོང་བས། སྟོན་པ་མྱ་ངན་ལས་འདས་ནས་ལྕགས་བྱ་ཡན་ལ་ལོ་སྟོང་ཕྲག་བཞི་དང་ཆིག་བརྒྱ་ལས་མི་ཉུང་བ་ཞིག་འདས་པར་འདོད་དེ་བོད་ཀྱི་རྒྱལ་པོ་སྲོང་བཙན་གྱི་བཀའ་ཆེམས་ཀྱི་ཡི་གེར་གྲགས་པ་ལས་གསུངས་པའི་ལུགས་སོ། །ཡང་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སྟོང་ལོན་པའི་ཚེ་ཙན་དན་གྱི་སྐུས་རྒྱ་ནག་ཏུ་འགྲོ་དོན་བྱེད་པར་ལུང་བསྟན་པ་ལ་བརྟེན་ནས། སེ་ཆེན་རྒྱལ་སར་ཕེབས་ནས་ལོ་ངོ་ཕྱེད་དང་གསུམ་འགྲོ་བ་ཆུ་མོ་ཕག་ལ་བརྩིས་པས་མྱ་ངན་ལས་འདས་ནས་ཆུ་ཕག་ཡར་གཏོགས་པ་ཡན་ཆོད་ལ་ལོ་ཉིས་སྟོང་དང་བཅུ་གསུམ་ལོན་ཞེས་འབྱུང་ལ། དེའི་ཕྱི་ལོ་ཤིང་བྱི་ནས་ད་ལྟའི་ལྕགས་བྱ་འདི་ཡན་ལ་ལོ་བཞི་བརྒྱ་དང་བཅུ་བདུན་སོང་བའི་ཕྱིར། འདིའི་ལུགས་ཀྱི་སྟོན་པ་མྱ་ངན་ལས་འདས་ནས་ལྕགས་བྱ་འདི་ཡན་ལ་ལོ་ཉིས་སྟོང་བཞི་བརྒྱ་དང་སུམ་ཅུ་ཐམ་པ་འདས་ཏེ་ཙན་དན་ཇོ་བོའི་ལོ་རྒྱུས་ཀྱི་ལུགས་སོ། །ཡང་ཐང་གི་རྒྱལ་པོ་ཀའུ་ཛུང་ཞེས་པས་ས་ཕོ་སྟག་ལ་རྒྱལ་ས་བཟུང་བ་ཡན་ལ་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཆིག་སྟོང་ལྔ་བརྒྱ་རེ་དྲུག་འདས། དེའི་ཕྱི་ལོ་ས་ཡོས་ནས་ཞལ་ལུང་བརྩམས་པའི་རབ་བྱུང་བརྒྱད་པ་ཤར་བ་ཡན་ལ་ལོ་བརྒྱད་བརྒྱ་དང་གྱ་བརྒྱད་སོང་ཞེས་འབྱུང་། དེ་ནས་ད་ལྟའི་ལྕགས་བྱ་འདི་ཡན་ལ་ལོ་ཉིས་བརྒྱ་སོ་བཞི་སོང་བས། འདིའི་ལུགས་ཀྱི་སྟོན་པ་མྱ་ངན་ལས་འདས་ནས་ལྕགས་བྱ་འདི་ཡན་ལ་ལོ་ཉིས་སྟོང་དང་དྲུག་བརྒྱ་བརྒྱད་ཅུ་གྱ་བརྒྱད་དམ། ཡང་ན་ཐང་གི་རྒྱལ་ས་ཐོག་མར་བརྙེས་པ་དེ་སྔ་མ་ལས་དྲུག་ཅུ་སྐོར་གཅིག་གིས་དམན་པའི་ས་སྟག་དེ་ཡིན་པར་བྱས་ན་ལོ་ཉིས་སྟོང་དང་དྲུག་བརྒྱ་ཉེར་བརྒྱད་འདས་པ་སྟེ་ཐང་གི་ཡིག་ཚང་གི་ལུགས་སོ། །ཡང་ནེལྤ་པཎ་ཆེན་གྱི་ལུགས་ལ། སྟོན་པ་ཆུ་ཕོ་བྱི་བ་ལ་བལྟམས་ནས་བརྒྱད་ཅུ་བཞེས་པའི་ཉ་དྲུག་གི་ཚེས་བརྒྱད་ཁྲུམས་སྟོད་ཡོད་པ་ལ་འདས། དེ་ནས་ཆུ་ལུག་ཡན་ལ་ལོ་སུམ་སྟོང་བཞི་བརྒྱ་བརྒྱད་ཅུ་རྩ་བརྒྱད་ཐལ་ལོ་ཞེས་འདོད་དེ། ཆུ་ལུག་དེ་ནས་དེང་སང་གི་ལྕགས་བྱ་འདི་ཤར་བ་ཡན་ལ་འདས་ལོ་སུམ་བརྒྱ་དང་སོ་བརྒྱད་སོང་བས་སྟོན་པ་འདས་ནས་ལྕགས་བྱ་འདི་ཡན་ལ་ལོ་སུམ་སྟོང་བརྒྱད་བརྒྱ་ཉི་ཤུ་རྩ་དྲུག་འདས་པར་འདོད་དོ། །ཡང་ཨ་བྷ་ཡ། ཁ་ཆེ་པཎ་ཆེན། ནམ་མཁའ་བཟང་པོ་ལ་སོགས་པས་སྟོན་པ་མྱ་ངན་ལས་འདས་ནས་ད་ལྟའི་ལྕགས་བྱ་འདི་ཡན་ལ་ལོ་ཉིས་སྟོང་དང་ཉིས་བརྒྱ་ཉི་ཤུ་རྩ་བཞི་ཐལ་བར་འདོད་དེ། སློབ་དཔོན་ཨ་བྷ་ཡས་ཐུབ་པ་དགོངས་རྒྱན་དུ། ད་ལྟ་ནི་ལྔ་བརྒྱ་བཞི་པ་ལ་འཇུག་པར་གསུངས་པ་དང་། པཎ་ཆེན་ཤཱཀྱ་ཤྲཱིས་མེ་ཡོས་ཐང་པོ་ཆེར་རྩིས་ཏེ་འདི་ལྟར། སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི། །ཚེས་བརྒྱད་ནམ་གུང་མཉམ་པ་ལ། །ཟླ་བ་རི་བོ་ལ་ནུབ་ཚེ། །ཐུབ་དབང་ཡོངས་སུ་མྱ་ངན་འདས། །དེ་རྗེས་ལོ་ནི་སྟོང་ཕྲག་གཅིག །བདུན་བརྒྱ་དང་ནི་ལྔ་བཅུ་དང་། །ཟླ་བ་གཉིས་དང་ཟླ་བ་ཕྱེད། །དེ་བཞིན་ཉི་མ་ལྔ་རབ་འདས། །ཞེས་གསུངས་ཏེ། དེ་ལྟ་བུའི་མེ་ཡོས་ནས་ད་ལྟའི་ལྕགས་བྱ་འདི་ཡན་ལ་ལོ་བཞི་བརྒྱ་དང་བདུན་ཅུ་དོན་བཞི་འདས་པ་དང་། ལོ་ཙཱ་བ་ནམ་མཁའ་བཟང་པོས་བལ་པོའི་གཏན་ཚིགས་སུ། རིག་བྱེད་མིག་དང་ཆུ་གཏེར་དང་། །ཟླ་བར་བལ་པོའི་ལོ་རྣམས་བསྲེ། །ཞེས་བཀོད་ཅིང་། བལ་ལོ་ནི་ད་ལྟའི་ལྕགས་བྱ་ཡན་ལ་འདས་ལོ་བརྒྱད་བརྒྱ་བསྲེ་བར་བཞེད་པའི་ཕྱིར་རོ། །ཡང་སྟོན་པ་འདས་ནས་ལོ་ཉིས་སྟོང་བརྒྱད་བརྒྱ་སོ་བརྒྱད་འདས་པ་ཆུ་སྟག་ལ་བཙན་པོ་ཁྲི་གཙུག་གིས་རྩིས། དེ་ནས་ལོ་ཆིག་བརྒྱ་དང་བཅུ་གསུམ་འདས་པའི་ཤིང་ལུག་ལ་བཙན་པོ་ཡབ་མཆེད་ཁུ་དབོན་གྱིས་རྩིས། དེ་ནས་སོ་བརྒྱད་འདས་པའི་ཆུ་བྱ་ལ་རལ་པ་ཅན་འདས་པའི་དུས་སུ་རྩིས། དེ་ནས་བརྒྱ་དང་ཉེར་བཞི་འདས་པའི་མེ་གླང་ལ་སློབ་དཔོན་རོང་གོང་རིན་པོ་ཆེས་རྩིས། དེ་ནས་བཅུ་གཉིས་འདས་པའི་ས་གླང་ལ་སྟོད་ཀྱི་བཙན་པོ་ཡབ་མཆེད་རྣམས་དང་ཞང་ཞུམ་སེང་གེ་འཛོམ་པའི་དུས་སུ་རྩིས། དེ་ནས་ཉེར་བདུན་འདས་པ་མེ་འབྲུག་ལ་ལྷ་བླ་མ་ཡབ་སྲས་གསུམ་གཏུམ་ཡུལ་དུ་འཛོམ་པའི་ཚེ་རྩིས། དེ་ནས་བཅུ་གཉིས་འདས་པ་ས་འབྲུག་ལ་སྟོད་ལུང་པ་ཇོ་བོ་ཚུལ་ཁྲིམས་འབར་གྱིས་རྩིས། དེ་ནས་ཉེར་གསུམ་འདས་པ་ལྕགས་ཡོས་ལ་ཇོ་བོ་དཱི་པཾ་ཀཱ་རས་རྩིས། དེ་ནས་ང་དགུ་འདས་པ་ལོ་ཙཱ་བ་བློ་ལྡན་ཤེས་རབ་འདས་པའི་ཕྱི་ལོ་ལྕགས་སྟག་ལ་འདུ་བ་ཆེན་པོ་བྱས་པའི་དུས་སུ་རྩིས། དེ་ནས་བདུན་འདས་པའི་མེ་བྱ་ལ་ལྷ་སར་ཞང་ཚེ་སྤོང་ཆོས་ཀྱི་བླ་མས་རྩིས། དེ་ནས་ཉེར་དྲུག་འདས་པའི་ཆུ་ཕག་ལ་ཉང་བྲན་ཆོས་ཀྱི་ཡེ་ཤེས་ཀྱིས་རྩིས། དེ་ནས་བཅུ་བདུན་འདས་པ་ལྕགས་འབྲུག་ལ་ཆ་པ་ཆོས་སེང་གིས་རྩིས། དེ་ནས་ཉེར་བཞི་འདས་པ་ཤིང་འབྲུག་ལ་ནམ་མཁའ་བློ་གྲོས་ཀྱིས་རྩིས། དེ་ནས་དོན་གསུམ་འདས་པ་མེ་སྦྲུལ་ལ་མཆིམས་ཆེན་ནམ་མཁའ་གྲགས་ཀྱིས་རྩིས། དེ་ནས་ཉེར་གསུམ་འདས་པ་ལྕགས་འབྲུག་ལ་དབུས་པ་བློ་གསལ་གྱིས་རྩིས་ཏེ། དེ་ཡན་ལ་ལོ་སུམ་སྟོང་བཞི་བརྒྱ་དང་བཅུ་དྲུག་འདས་པར་བཞེད་དེ། དེ་ནས་ད་ལྟའི་ལྕགས་བྱ་ཡན་ལ་ལོ་བཞི་བརྒྱ་དང་གཅིག་སོང་བས། འདིའི་ལུགས་ཀྱི་སྟོན་པ་འདས་ནས་ལྕགས་བྱ་ཡན་ལ་ལོ་སུམ་སྟོང་བརྒྱད་བརྒྱ་བཅུ་བདུན་འདས་པར་བཞེད་དེ་གངས་ཅན་གྱི་མཁས་པ་མང་པོའི་ལུགས་སོ། །ཡང་བདག་ཉིད་ཆེན་པོ་ས་སྐྱ་པཎ་ཆེན་གྱི་ལུགས་ནི། བློ་ལྡན་ཤེས་རབ་འདས་པའི་ཕྱི་ལོ་ལྕགས་སྟག་གི་ལོ་ལ་འདུ་བ་ཆེན་པོ་བྱས་པའི་དུས་སུ་རྩིས་པ་དེ་ནས་ང་བདུན་འདས་པའི་མེ་ཕག་ལ་རྗེ་བཙུན་རྩེ་མོས་ཆོས་ལ་འཇུག་པའི་སྒོ་བརྩམས་པའི་ཚེ་རྩིས་པར་འདས་ལོ་སུམ་སྟོང་སུམ་བརྒྱ་བཞག་ཅིང་། འགའ་ཞིག་འདི་ལས་ལོ་གསུམ་གྱིས་མང་བར་རྩི་བ་ནི་མ་དག་པར་ཤེས་པར་བྱའོ། །ཞེས་རྔོག་ལོ་གཤེགས་པའི་ཕྱི་ལོ་ལྕགས་སྟག་རྩིས་པའི་འདས་ལོ་དེ་སྤྱི་ལུགས་ལས་ལོ་གསུམ་གྱིས་ཉུང་བར་མཛད་དོ། །མེ་ཕག་ནས་ཞེ་དགུ་འདས་པའི་མེ་བྱི་ལ་རྗེ་བཙུན་གྲགས་རྒྱལ་གཤེགས་པའི་ཚེ་འཇམ་དབྱངས་ས་པཎ་གྱིས་རྩིས་ཏེ། མེ་ཕོ་བྱི་བའི་ལོ་འདི་ཡན་ཆད་ལ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ལོ་སུམ་སྟོང་སུམ་བརྒྱ་བཞི་བཅུ་རྩ་དགུ་ལོན་ནོ། །ཞེས་གསུངས་ལ། དེ་ལྟར་རྩིས་པའི་ཕྱི་ལོ་མེ་གླང་ནས་ད་ལྟའི་ལྕགས་བྱ་འདི་ཡན་ལ་ལོ་བཞི་བརྒྱ་དང་རེ་བཞི་འདས་པས། འདིའི་ལུགས་ཀྱིས་སྟོན་པ་འདས་ནས་ལྕགས་བྱ་འདི་ཡན་ལ་ལོ་སུམ་སྟོང་བརྒྱད་བརྒྱ་དང་བཅུ་གསུམ་འདས་པར་བཞེད་དོ། །

གཉིས་པ་རྒྱུད་ལུགས་ཀྱི་བསྟན་རྩིས་ལ་བསྟན་བཤད་གཉིས་ལས། དང་པོ་ནི། ཐུན་མོང་མདོ་ལུགས་ཀྱི་བསྟན་རྩིས་བཤད་པའི་རྗེས་དེ་ནས་རྒྱུད་ཀྱི་ཞེས་སོགས་སོ། །གཉིས་པ་ལ་གཉིས་ཏེ། རྒྱུད་སྤྱིའི་ལུགས་དང་། ཁྱད་པར་དུས་ཀྱི་འཁོར་ལོའི་ལུགས་སོ། །དང་པོ་ནི། སྤྱི་ནི་བྱ་སྤྱོད་རྣལ་འབྱོར་ཏེ་ཕྱི་རྒྱུད་སྡེ་གསུམ་དང་། རྣལ་འབྱོར་བླ་ན་མེད་པ་ཐབས་ཀྱི་རྒྱུད་རྣམས་ནི་ཇི་སྲིད་ཐུབ་པའི་བསྟན་པ་ཅི་གནས་པ་དེ་སྲིད་དུ་གནས་པར་གསུངས་ཏེ། ཟླ་གྲགས་ཀྱི་སྒྲོན་མ་གསལ་བར། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཀྱང་། ཇི་སྲིད་འཇིག་རྟེན་དུ་དམ་པའི་ཆོས་གནས་པ་དེ་སྲིད་ཀྱི་བར་དུ་རྡོ་རྗེ་ཐེག་པ་ལ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ལུང་ལ་བརྟེན་ནས་བསྐྱེད་པའི་རིམ་གྱིས་རྫོགས་པའི་རིམ་པ་རྟོགས་པར་བྱ་བ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་བརྩམས་ཏེ་གཏེར་དང་འདྲ་བར་སློབ་དཔོན་རྣམས་བརྒྱུད་པའི་རིམ་གྱིས་བླ་མའི་ཞལ་ནས་གསང་བ་འདུས་པ་རྣམས་ཀྱི་ཚེ་འདི་ལ་སངས་རྒྱས་ཉིད་དུ་འགྱུར་བའི་རྒྱུད་ལ་འཇུག་ཅིང་འཕོའོ། །ཞེས་དང་། ཞལ་ལུང་ལས། འདི་དོན་རྣམ་པར་འཕོ་བྱེད་པ། །གང་གི་དུས་སུ་གནས་པ་དེར། །སངས་རྒྱས་བསྟན་པ་རིན་ཆེན་ཡང་། །གནས་པར་རབ་ཏུ་བཤད་པ་ཡིན། །ཞེས་དང་། འཇམ་དཔལ་རྩ་བའི་རྒྱུད་ལས། དེ་བཞིན་ཤཱཀྱའི་གསུང་རབ་ལ། །ངེས་པར་རབ་བྱུང་གནས་ནས་ནི། །འཇིག་རྟེན་མིག་གཅིག་གྱུར་པ་ཡི། །ཐུབ་པ་མཆོག་ནི་བདེ་བ་ལ། །རྟག་ཏུ་སྔགས་སྨྲ་ལ་དད་པས། །བསྟན་པའི་དོན་ནི་བྱེད་པར་འགྱུར། །ཞེས་གསུངས་ཤིང་། སྟོབས་པོ་ཆེ་ལས་ཀྱང་། མདོ་སྡེ་འདི་ཡོངས་སུ་ནུབ་པའི་ཚེ། དེ་བཞིན་གཤེགས་པའི་བསྟན་པའང་ནུབ་པར་འགྱུར་ཏེ། མཚན་ཉིད་དེས་ན། དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱའོ། །ཞེས་སོ། །ཤེས་རབ་མའི་རྒྱུད་ཟབ་མོ་རྣམས་ནི་སྲེག་པའི་བསྐལ་བའི་ཚེ་འཇིག་རྟེན་གྱི་ཁམས་གཞན་དུ་སོང་ནས་གསན་པར་གསུངས་པས་ནམ་ཡང་ནུབ་པར་མི་འགྱུར་ཏེ། དེ་ཡང་ཇི་སྐད་དུ་མཁའ་འགྲོ་རྒྱ་མཚོ་ལས། ཤེས་རབ་མ་ནི་རང་བྱུང་ཉིད། །ཅེས་སོགས་ཚིགས་བཅད་ཕྱེད་དང་གཉིས་ཀྱིས་གསུངས་པའི་ཕྱིར་རོ་ཞེས་ཕལ་ཆེར་བཞེད། མཁས་པའི་དབང་པོ་ལ་ལ་དག །བོ་དོང་པཎ་ཆེན། དྲང་དོན་གྱི་ཐབས་རྒྱུད་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་བཅོས་མ་རྣམས་ནི་འཆི་བའི་ཚེ་རྒྱུན་ཆད་པས་སྲེག་པའི་བསྐལ་བ་ལ་སོགས་པར་མི་གནས་ལ། ངེས་དོན་གྱི་ཤེས་རབ་རྒྱུད་ནི་རང་བྱུང་ལྷུན་གྱིས་གྲུབ་པ་ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་མི་ཤིགས་པ་ཡིན་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སུ་མི་ཤིགས་པའི་གོ་འཕང་རྗེས་སུ་འགྲོ་བས་བསྐལ་པ་སྲེག་པའི་དུས་སུ་ཡང་སྐྱེ་འཆི་མེད་པར་ཁམས་གཞན་དུ་སོང་ནས་ཡང་དག་པར་གནས་ཏེ། ཞེས་ངེས་དོན་དུ་ཕ་རྒྱུད་རྣམས་ཀྱང་རྒྱུན་མི་ཆད་ལ། དྲང་དོན་དུ་མ་རྒྱུད་ཀྱང་ཆད་པར་བཞེད་དོ། །གཞན་ཡང་ཐེག་པ་ཀུན་གྱི་རྩེ་རྒྱལ་རྫོགས་པ་ཆེན་པོ་སྙིང་པོ་དོན་གྱི་བསྟན་པ་ཡང་ཞིང་ཁམས་སོ་སོར་བསྟན་པའི་བཙས་འཕར་ཏེ་དར་བ་དང་ནུབ་པའི་དུས་བདུན་བདུན་བདུན་ཕྱེད་པར་གསུངས་ཏེ། ཇི་སྐད་དུ། ཐལ་འགྱུར་རྒྱུད་ཆེན་ལས། སྙིང་པོ་ལྡན་དང་རྫོགས་ལྡན་དང་། །ཞེས་སོགས་ཀྱིས་དར་ནུབ་བྱེད་ཚུལ་གྱི་རྣམ་གཞག་རྒྱས་པར་གསུངས་པ་ལས། བྱེ་བྲག་གླིང་འདིར་ཡང་ད་རེས་དར་བའི་དུས་བདུན་གསུངས་པའི་ཐ་མ་ཚེ་ལོ་བཅུ་པ་ཡིན་པར་བཤད་དོ། །གཞན་ཡང་རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་ལས། རྩ་རྒྱུད་ཤིན་ཏུ་རྒྱས་པ་ཆོས་སྐུའི་མིང་ཅན་དང་། རྩ་རྒྱུད་རྒྱས་པ་ལོངས་སྐུའི་མིང་ཅན་གཉིས་འོག་མིན་ན་བཞུགས་པས་ནུབ་མི་སྲིད་ལ། བསྡུས་རྒྱུད་སྤྲུལ་སྐུའི་མིང་ཅན་རྣམས་ནི་སྤྲུལ་པ་ལྟར་འཆར་ནུབ་ཅན་ཡིན་པར་བཤད་དོ། །ཤིན་ཏུ་ངེས་པའི་དོན་དུ། གསེར་འོད་དམ་པ་མདོ་སྡེ་དབང་པོའི་རྒྱལ་པོ་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཞེས་སོགས་ཚིགས་སུ་བཅད་པ་གཉིས་དང་། སྒྱུ་འཕྲུལ་རྩ་བའི་རྒྱུད་གསང་བའི་སྙིང་པོ་ལས་ཀྱང་། སངས་རྒྱས་མྱ་ངན་ཞེས་སོགས་གསུངས་པ་དང་། ཡིད་བཞིན་རྣམ་པར་བཀོད་པའི་རྒྱུད་ལས་ཀྱང་། སེམས་ཅན་ཀུན་གྱི་ཞེས་སོགས་གསུངས་པའི་ཕྱིར་རོ། །དེས་ན་ཚུལ་འདི་དག་ཁོང་དུ་ཆུད་པ་བློ་ལྡན་གྱི་སྐྱེས་བུ་ཞེས་བྱ་བ་ཡིན་ཏེ། ལས་བརྒྱ་ལས། རྒྱ་མཚོར་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་པས། དྲང་བའི་དོན་དུ་བསྟན་པ་ལ་དར་གུད་ལྟར་སྣང་ཡང་། ངེས་པའི་དོན་དུ་གདུལ་བྱ་སྐལ་བ་ཅན་གང་ན་ཡོད་པ་དེར་སངས་རྒྱས་ཀྱི་ཕྲིན་ལས་ཡོལ་བ་མེད་པར་སྣང་བར་འགྱུར་བའི་ཕྱིར་བསྟན་པ་ལ་དར་གུད་མི་མངའ་བ་ཡིན་ནོ། །དེ་སྐད་དུའང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་གྲུབ་མཐའ་རིན་པོ་ཆེའི་མཛོད་དུ། དྭངས་པའི་ཆུ་སྔོན་མཚོར་ནི་སྣང་བ་ཡི། །གཟའ་སྐར་གཟུགས་བརྙན་གསལ་བར་ཉེར་མཛེས་པ། །སྣང་ཡང་འཆར་ནུབ་རྙོག་པ་མེད་པ་ལྟར། །དེ་བཞིན་ཁྱབ་བདག་ཟླ་བའི་དཀྱིལ་འཁོར་ནི། །རྟག་ཁྱབ་མི་གཡོ་འོག་མིན་གནས་ན་མཛེས། །འགྲོ་སེམས་གཙང་མའི་ཆུ་ནང་བརྒྱན་པ་ནི། །མོས་དགེའི་ཕུན་ཚོགས་བསོད་ནམས་གོམས་པའི་གཟུགས། །སྐྱེ་རྒུའི་དབང་གིས་རབ་ཏུ་ཕྱེ་བ་ཡིན། །རྒྱལ་ཆོས་འཕགས་པའི་དགེ་འདུན་ཚོགས་མང་པོ། །བདེ་གཤེགས་མཛད་པའི་དབང་ལས་སྐྱེ་བར་འགྱུར། །བསྟན་པ་ཡིད་བཞིན་ནམ་མཁའ་ཀུན་ཁྱབ་ཅིང་། །ཐུགས་རྗེའི་སྤྲིན་ཚོགས་དུས་རིང་རྟག་གནས་པའོ། །ཞེས་གསུངས་སོ། །

གཉིས་པ་དུས་ཀྱི་འཁོར་ལོའི་ལུགས་ཀྱི་བསྟན་རྩིས་ལ་གསུམ་སྟེ། སྔར་ཇི་ཙམ་འདས་པ། ད་ཇི་ཙམ་ལུས་པ། གནས་ཚད་ཐུན་མོང་མ་ཡིན་པའོ། །དང་པོ་ལ་གཉིས་ཏེ། གཞན་ལུགས་དང་། རང་ལུགས་སོ། །དང་པོ་ལའང་བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། ཁྱད་པར་དུས་འཁོར་སོགས་རྐང་པ་གཉིས་སོ། །གཉིས་པ་ནི། དུས་ཀྱི་འཁོར་ལོའི་བསྟན་རྩིས་ཀྱི་ཕྱོགས་འདི་ལའང་མཁས་པ་རྣམས་དགོངས་བཞེད་མི་མཐུན་པའི་བཞེད་པ་མང་དུ་སྣང་ཡང་ཐམས་ཅད་འབྲི་བར་མ་ནུས་པས། འདིར་ཞལ་ལུང་དུ་འགོད་པར་མཛད་པ་ལ་ཕྱིས་ཀྱི་བཞེད་པ་འགའ་རེ་བསྣན་ཏེ་འབྲི་བར་བྱའོ། །དེ་ལ་ཐོག་མར་མཁས་གྲུབ་ཆེན་པོ་གཡུང་སྟོན་རྡོ་རྗེ་དཔལ་བའི་བཞེད་པ་ནི། སྟོན་པ་ཆུ་ཕག་ལ་ལྷུམས་སུ་ཞུགས། ཤིང་བྱི་དབྱར་རའི་ཉ་ལ་བལྟམས། ཉེར་དགུ་པ་ཆུ་འབྲུག་ལ་རབ་ཏུ་བྱུང་། སོ་ལྔ་པ་ས་ཁྱི་ལ་སངས་རྒྱས། བརྒྱད་ཅུ་པ་ཆུ་ལུག་ལ་གདུལ་བྱ་ཐུན་མོང་པའི་ངོར་མྱ་ངན་ལས་འདའ་ཚུལ་བསྟན་ཅིང་། ཐུན་མོང་མ་ཡིན་པའི་དོན་དུ་དཔལ་ལྡན་འབྲས་སྤུངས་སུ་དུས་ཀྱི་འཁོར་ལོའི་རྒྱུད་བསྟན། དེའི་ཕྱི་ལོ་ཤིང་སྤྲེལ་ནས། ལོ་བདུན་བརྒྱ་དང་། བརྒྱད་བརྒྱ་དང་། མེ་མཁའ་རྒྱ་མཚོ་རྣམས་འདས་པའི་མཐའི་རབ་བྱུང་ནས་བཟུང་། དྲུག་ཅུ་སྐོར་ལྔ་དང་། ལོ་རྐྱང་བཅུ་དྲུག་འདས་ལོར་བྱས་པའི་ཆུ་ལུག་ཡན་ལ་ལོ་ཉིས་སྟོང་ཉིས་བརྒྱ་ཉི་ཤུ་སོང་བར་བཞེད་ལ། དེ་ནས་ལྕགས་བྱ་འདི་ཡན་ལ་ལོ་སུམ་བརྒྱ་དང་སོ་བརྒྱད་སོང་བས། འདིའི་ལུགས་ཀྱི་རྒྱལ་བ་མྱ་ངན་ལས་འདས་པ་ནས་ད་ལྟའི་ལྕགས་བྱ་འདི་ཡན་ལ་ཉིས་སྟོང་ལྔ་བརྒྱ་ང་བརྒྱད་འདས་པར་བཞེད་དོ། །ཡང་གྲུབ་ཐོབ་ཨོ་རྒྱན་པ་རིན་ཆེན་དཔལ་གྱིས་ཆུ་རྟ་ཆུ་སྲིན་གྱི་ཁྱིམ་ཟླའི་ཚེས་ལྔ་ལ་བསམ་ཡས་སུ་རྩིས་པར། སྟོན་པ་འདས་ནས་ལོ་སྟོང་དང་དགུ་བརྒྱ་སུམ་ཅུ་རྩ་གཉིས། ཟླ་བ་བརྒྱད། ཞག་ལྔ་སོང་བར་བཞེད། ཆུ་རྟ་དེ་ནས་ད་ལྟའི་ལྕགས་བྱ་ཡན་ལ་ལོ་སུམ་བརྒྱ་དང་དགུ་བཅུ་གོ་དགུ་སོང་བས་འདིའི་ལུགས་ལ་ལྕགས་བྱ་འདི་ཡན་ལ་ཉིས་སྟོང་སུམ་བརྒྱ་སུམ་ཅུ་རྩ་གཅིག་འདས་པར་བཞེད་དོ། །ཡང་དཔལ་ལྡན་བླ་མ་དམ་པ་ནི། ཐུབ་དབང་མེ་ཡོས་ལ་བལྟམས། དོན་དགུ་པ་མེ་ཁྱི་ལ་རྩ་རྒྱུད་གསུངས། མེ་ཕག་ལ་མྱ་ངན་ལས་འདས། དེ་ནས་དྲུག་བརྒྱ་ན་གྲགས་པ་བྱོན་ཏེ་ཉིས་བརྒྱ་བཞུགས། དེ་ནས་སུམ་བརྒྱ་གོ་བདུན་ན་མེ་མཁའ་རྒྱ་མཚོའི་འགོ་ཟུག །གྲགས་པ་འདས་ནས་བརྒྱད་བརྒྱ་སོང་བ་ན་འདས་པ་བསྲེ་བར་གསུངས་པའི་རབ་བྱུང་ཤར་ཏེ། སྟོན་པ་འདས་ནས་དེ་ཡན་ལ་ལོ་སྟོང་དང་དྲུག་བརྒྱ་སོང་། དེ་ནས་ལྕགས་བྱ་འདི་ཡན་ལ་དྲུག་ཅུ་སྐོར་བཅུ་དང་ལོ་རྐྱང་ང་བཞི་འདས་པས་འདིའི་ལུགས་ལ་ལོ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་རྩ་བཞི་འདས་པར་འདོད་དོ། །ཡང་རོང་པ་ངག་དབང་གྲགས་པ་ནི། ཐུབ་དབང་འདས་ནས་འདས་ལོའི་ཐོག་མའི་རབ་བྱུང་ཤར་བ་ཡན་ལ་ལོ་སྟོང་ལྔ་བརྒྱ་དང་གཅིག་སོང་བར་འདོད་ལ། དེ་ནས་ད་ལྟའི་ལྕགས་བྱ་ཡན་ལ་ལོ་དྲུག་བརྒྱ་ང་བཞི་འདས་པས་འདིའི་ལུགས་ལ་ལོ་ཉིས་སྟོང་ཆིག་བརྒྱ་ང་ལྔ་འདས་པར་འདོད་དོ། །ཡང་ཐེལ་པ་ཀུན་དགའ་རྒྱལ་མཚན་པ་ནི། སངས་རྒྱས་པའི་ཕྱི་ལོ་ལྕགས་སྦྲུལ་ལ་རྩ་རྒྱུད་གསུངས། དེ་ནས་ལོ་གཉིས་འདས་པ་ཆུ་ལུག་ལ་ལྷ་དབང་གིས་ཆོས་བསྟན་ནས་ཞེ་གསུམ་འདས་པ་མེ་སྟག་ལ་སྟོན་པ་མྱ་ངན་ལས་འདས། དེ་ནས་ལྷ་དབང་གིས་ལོ་ང་བདུན། ཆོས་རྒྱལ་ལྔས་ལྔ་བརྒྱ། གྲགས་པས་བརྒྱ་དང་གཅིག །རིགས་ལྡན་བརྒྱད་ཀྱིས་བརྒྱད་བརྒྱ། དེ་ནས་བརྒྱ་གྱ་གཉིས་འདས་པའི་མེ་ཁྱི་ལ་རྒྱལ་དཀས་རྒྱུད་འགྲེལ་འཕགས་ཡུལ་དུ་སྤྱན་དྲངས། དེ་ནས་ལྕགས་བྱ་འདི་ཡན་ལ་ལོ་བརྒྱད་བརྒྱ་དོན་ལྔ་ཐལ་བར་འདོད་པས་ཁྱོན་འདིའི་ལུགས་ལ་ལོ་ཉིས་སྟོང་ལྔ་བརྒྱ་བཅོ་ལྔ་འདས་པར་འདོད་དོ། །ཡང་འཇམ་པའི་དབྱངས་མདོ་སྔགས་བསྟན་འཛིན་བཟང་པོའི་ཞབས་ཀྱི་དགོངས་བཞེད་ནི་འདི་ལྟར། སྟོན་པ་ཉིད་ཤིང་བྱི་དབོ་ཟླའི་ཚེས་བརྒྱད་ལ་བལྟམས། ཉེར་དགུ་པ་ཆུ་འབྲུག་ལ་རབ་ཏུ་བྱུང་། སོ་ལྔ་པ་ས་ཁྱི་ལ་སངས་རྒྱས། དོན་དགུ་པ་ཆུ་རྟའི་ནག་ཉ་ལ་རྒྱུད་བསྟན། བརྒྱད་ཅུ་པ་ཆུ་ལུག་སྨིན་དྲུག་ཟླ་བའི་ཚེས་བརྒྱད་ཀྱི་ནམ་གུང་མྱ་ངན་ལས་འདས། དེའི་ཕྱི་ལོ་ཤིང་སྤྲེ་ནས་དྲུག་བརྒྱ་འདས་པའི་ཤིང་སྤྲེ་ལ་གྲགས་པ་བྱོན་ནས་ལོ་བརྒྱར་ཆོས་བསྟན། དེ་ནས་བརྒྱད་བརྒྱ་འདས་པའི་ཤིང་སྤྲེ་ལ་ཀླ་ཀློ་ཞུགས་པ་དང་རྒྱ་མཚོ་རྣམ་རྒྱལ་ཁྲིར་ཕེབས། དེ་ནས་བརྒྱ་གྱ་གཉིས་འདས་པ་མེ་ཁྱི་ལ་རྒྱལ་དཀའ་བྱོན། དེ་ནས་ཉིས་བརྒྱ་ཉེར་གཅིག་འདས་པའི་རབ་བྱུང་ལ་དུས་འཁོར་འཕགས་ཡུལ་དུ་ཕེབས། དེ་ནས་ལོ་ལྔ་བརྒྱ་དང་གོ་གཉིས་འདས་པའི་ས་ལུག་ཡན་ལ་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་བཞི་བརྒྱ་གོ་ལྔ་འདས་ཞེས་གསུངས་ལ། དེའི་ཕྱི་ལོ་ལྕགས་སྤྲེ་ནས་ད་ལྟའི་ལྕགས་བྱ་ཡན་ལ་ལོ་དྲུག་ཅུ་རེ་གཉིས་འདས་པའི་ཕྱིར་འདིའི་ལུགས་ལ་སྟོན་པ་འདས་ནས་ཉིས་སྟོང་ལྔ་བརྒྱ་ལྔ་བཅུ་རྩ་བདུན་འདས་པར་བཞེད་དོ། །ཡང་མཁྱེན་རབ་ཀྱི་དབང་ཕྱུག་བུ་སྟོན་ཁ་ཆེ་ནི། ཆུ་རྟ་ལ་རྩ་རྒྱུད་གསུངས། ཆུ་རྟ་དེ་དང་ཆུ་ལུག་གཉིས་ཟླ་བཟང་གི་ལོ། དེ་ནས་ཤིང་སྤྲེ་ནས་ལོ་དྲུག་བརྒྱ་ན་གྲགས་པ་བྱོན་པ་སོགས་དེ་མན་ཆད་སྔ་མ་ལྟར་རྩིས་པས། རྩ་རྒྱུད་གསུངས་ནས་ལྕགས་བྱ་འདི་ཡན་ལ་ལོ་ཉིས་སྟོང་དང་ལྔ་བརྒྱ་ལྔ་བཅུ་ང་དགུ་འདས་པར་བཞེད་དོ། །ཡང་ཐམས་ཅད་མཁྱེན་པ་འགོས་ལོ་ཙཱ་བ་ཆེན་པོ་གཞོན་ནུའི་ཞབས་ནི་འདི་ལྟར་བཞེད་དེ། སྟོན་པ་སངས་རྒྱས་པའི་ཕྱི་ལོ་ས་བྱའི་ནག་ཉར་རྩ་རྒྱུད་གསུངས། ཕྱི་ལོ་ས་གླང་ལ་ཟླ་བཟང་གིས་རྒྱུད་བསྡུ་སོགས་མཛད། དེ་རྗེས་ལྕགས་སྟག་ནས་རིམ་པར་ཆོས་རྒྱལ་དྲུག་གིས་དྲུག་བརྒྱ། གྲགས་པས་ལོ་བརྒྱ། པད་དཀར་སོགས་བརྒྱད་ཀྱིས་བརྒྱད་བརྒྱ། དེ་རྗེས་ལྕགས་སྟག་ནས་རྒྱ་མཚོ་རྣམ་རྒྱལ་གྱིས་ལོ་བརྒྱ། དེ་ནས་རྒྱལ་དཀས་ཆོས་བསྟན་ནས་གྱ་གཉིས་འདས་པ་ཆུ་འབྲུག་ནི་བྱེད་ལོ་བསྲེ་བའི་ལོ་བརྒྱད་ཀྱི་དང་པོ་ཡན་ལ། ལོ་བརྒྱད་འདས་པའི་ལྕགས་བྱི་ནི་བྱེད་པའི་ལོའི་དང་པོའོ། །དེ་ནས་བརྩམས་པའི་ལོ་བཅུ་ནི་རྒྱལ་དཀའི་སྐུ་ཚེའི་ལྷག །དེ་འོག་ལྕགས་ཁྱི་ནས་བརྩམས་ཏེ། ཉི་མ། སྣ་ཚོགས་གཟུགས། ཟླ་འོད་རྣམས་ཀྱིས་ལོ་བརྒྱ་རེ་ཆོས་བསྟན་པའི་ཟླ་འོད་ཀྱི་བཅུ་གཉིས་པ་ལྕགས་སྦྲུལ་ནི་མེ་མཁའ་རྒྱ་མཚོའི་འདས་ལོའི་ཐོག་མ་ཡིན་ནོ། །ཟླ་འོད་ཀྱི་རྗེས་སུ་མཐའ་ཡས་སོགས་བདུན་གྱི་ལོ་བརྒྱ་རེ་དང་། མིའི་སེང་གེས་ཆོས་བསྟན་ནས་དགུ་བཅུ་རྩ་གསུམ་རྣམས་ནི་འཁྲུལ་སེལ་བརྩམས་པའི་ཆུ་ཕོ་ཁྱི་ཡན་ལ་འདས་པར་བཞེད་ལ། དེ་ནས་ད་ལྟའི་ལྕགས་བྱ་ཡན་ལ་ལོ་ཉིས་བརྒྱ་དང་སོ་བརྒྱད་སོང་བའི་ཕྱིར་འདིའི་ལུགས་ཀྱི་རྒྱུད་གསུངས་ནས་ལྕགས་བྱ་ཡན་ལ་ལོ་སུམ་སྟོང་སུམ་ཅུ་རྩ་གསུམ་འདས་པར་བཞེད་དོ། །ཡང་ས་སྤྱོད་བྱང་པ་རྣམ་རྒྱལ་གྲགས་པ་ནི། ལྕགས་སྦྲུལ་ལ་སངས་རྒྱས་པའི་ཕྱི་ལོ་ཆུ་རྟ་ལ་རྒྱུད་གསུངས། ཆུ་ལུག་ནས་ཟླ་བཟང་གི་ལོ་གཅིག །ཆོས་རྒྱལ་དྲུག་དང་གྲགས་པ་རིགས་ལྡན་བརྒྱད་རྣམས་ཀྱིས་ལོ་བརྒྱ་རེ། དེ་འོག་མེ་མཁའ་རྒྱ་མཚོ་དང་རབ་བྱུང་ཕྱིན་གྱི་དྲུག་བརྒྱ་ང་བཞི་རྣམས་བསྲེས་པས་འདིའི་ལུགས་ཀྱི་རྒྱུད་གསུངས་ནས་ལྕགས་བྱ་ཡན་ལ་ལོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུ་རྩ་དགུ་འདས་པར་འདོད་དོ། །ཡང་དེ་ལས་ལོ་གཅིག་ཕྲི་བས་ཉིས་སྟོང་ལྔ་བརྒྱ་ང་བརྒྱད་འདས་པར་འདོད་པ་ནི་འཇམ་དབྱངས་ཆོས་མགོན་གྱི་ལུགས་ཏེ། ཆུ་ལུག་ལ་རྩ་རྒྱུད་གསུངས་པར་འདོད་ལ། དེ་ནས་ལོ་དྲུག་བརྒྱ་ན་གྲགས་པ་བྱོན་པར་བཞེད་པས་སོ། །དགེ་ཡེ་བ་ཚུལ་སེང་ལ་སོགས་པའང་ལུགས་འདིའི་རྗེས་སུ་འཇུག་པར་བྱེད་དོ། །ཡང་ཇོ་ནང་པ་ཕྱོགས་ལས་རྣམ་རྒྱལ་ནི། སངས་རྒྱས་པའི་ཕྱི་ལོ་ནག་ཉ་ལ་རྩ་རྒྱུད་གསུངས་ནས་ལོ་དྲུག་བརྒྱ་ན་གྲགས་པ་བྱོན། དེ་ནས་དགུ་བརྒྱ་ན་མ་ཁར་ཀླ་ཀློ་འཇུག །དེ་མན་མེ་མཁའ་རྒྱ་མཚོ་སོགས་སྤྱི་ལྟར་འདོད་པས། འདིའི་ལུགས་ཀྱི་རྩ་རྒྱུད་གསུངས་ནས་ལྕགས་བྱ་འདི་ཡན་ལ་ལོ་ཉིས་སྟོང་ལྔ་བརྒྱ་ང་བདུན་འདས་པར་འདོད་དོ། །གསུམ་པ་ནི། བསྟན་རྩིས་དེ་དག་ཀུན་ཀྱང་གཞུང་བརྩམས་པའི་ལྕགས་བྱ་དེའི་སྔ་ལོའི་ལྕགས་སྤྲེའི་མཐའ་རྫོགས་པ་ཡན་གྱི་ལོ་ཚོགས་ཡིན་ཏེ། དེ་དག་རེ་རེས་བསྟན་པའི་གནས་ཚད་ལ་ཕྲི་བའི་ལྷག་མས་ད་ནས་མ་འོངས་པ་ན་བསྟན་པ་ཇི་ཙམ་ལྷག་མར་ལུས་པའི་ཚད་སོ་སོའི་ལུགས་མང་པོ་དེ་རྣམས་དཀའ་ཚེགས་མེད་པར་བདེ་བླག་ཏུ་ཤེས་པར་འགྱུར་རོ། །དེ་ལྟར་གཞན་ལུགས་བརྗོད་པ་འདི་རྣམས་ལ་སོ་སོའི་ཐད་འཁྲུལ་སྤོང་གི་དཔྱད་པ་རེ་བཀོད་ན་དགེ་མོད་ཀྱི། དེ་ལྟ་ནའང་རང་ལུགས་བཞག་པ་ཉིད་ཀྱིས་དཔྱད་པའང་དོན་གྱིས་བྱས་པར་བསམས་ཏེ་ཡི་གེས་འཇིགས་ནས་འདིར་མ་བྲིས་ལ། སྤྲོ་ན་ཞལ་ལུང་ཉིད་དུ་བལྟ་བར་བྱའོ། །

གཉིས་པ་རང་ལུགས་ལ་གཉིས་ཏེ། རྒྱུད་འགྲེལ་གྱི་འདས་ལོ་དངོས་བཤད་པ་དང་། དེ་ལ་བརྟེན་ནས་སྔོན་གྱི་དེབ་ཐེར་རྣམས་ལས་བྱུང་བའི་འཁྲུངས་ལོ་སོགས་ཉེར་མཁོ་འགའ་ཞིག་བཀོད་པས་མི་འཆུག་པའི་གཟེར་བཤད་པའོ། །དང་པོ་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། དེ་ལྟར་ཞིབ་མོའི་སོགས་ཚིགས་སུ་བཅད་པ་གཉིས་ཏེ། གཞན་ལུགས་བརྗོད་པའི་རྗེས་དེ་ནས་དེ་རྣམས་ལ་དཔྱོད་པའི་ཕྱིར་རང་ལུགས་ལུང་རིགས་བཞིན་དུ་བཤད་ཀྱིས་ཉོན་ཅེས་མདོར་བསྟན་པའི་སྒོ་ནས་མཉན་པར་བསྐུལ་བའོ། །

གཉིས་པ་ལ་གསུམ་སྟེ། སྟོན་པས་རྒྱུད་གསུངས་ཚུལ། བསྡུ་བ་པོས་བསྡུས་ཤིང་འཆད་ཉན་གྱིས་གཏན་ལ་ཕབ་ཚུལ། ཀླ་ཀློ་ཞུགས་པ་ཕྱིན་གྱི་འདས་ལོའོ། །དང་པོ་ལ་བཞི་སྟེ། ལྷུམས་སུ་ཞུགས་པ། བལྟམས་པ། སངས་རྒྱས་པ། ཆོས་གསུངས་ཤིང་མྱ་ངན་ལས་འདས་པའི་དུས་སོ། །དང་པོ་ནི་མཉམ་མེད་སྟོན་པ་བཅོམ་ལྡན་འདས་ཟས་གཙང་གི་སྲས་པོ་དེ་ཉིད། དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོ་ཧོར་ཟླ་དྲུག་པ་དབྱར་འབྲིང་ཆུ་སྟོད་ཟླ་བའི་ཡར་ངོའི་ཚེས་བཅོ་ལྔའི་མཚན་མོའི་ཐུན་དང་པོའི་མཇུག་རྒྱལ་ནུབ་པའི་དུས་སྦྱོར་ནས་བརྩམས་ཏེ་གུང་ཐུན་གྱི་ཐོག་མའི་ཆ་ལ་སྤོས་ཀྱི་གླང་པོ་ཆེའི་རྣམ་པས་ཡུམ་གསོ་སྦྱོང་ལ་གནས་པའི་གློ་གཡས་པ་ནས་ལྷུམས་སུ་ཞུགས་སོ། །ཚུལ་འདི་ནི་འདུལ་བ་ལུང་དང་། མངོན་པར་འབྱུང་བའི་མདོ་ལས། མཚན་གྱི་གུང་ཐུན་ལ་ལྷུམས་སུ་ཞུགས་པར་གསུངས་པ་དང་། རྒྱ་ཆེ་རོལ་པའི་མདོ་ལས་ཀྱང་། ཚེས་བཅོ་ལྔའི་ཟླ་བ་ཉའི་སྐར་མ་རྒྱལ་གྱི་དུས་སུ། ཞེས་གསུངས་པ་ལ་སོགས་པའི་ལུང་དོན་ཀུན་དང་ལེགས་པར་འབྱོར་བ་ཡིན་ནོ། །གཞན་ཡང་དེར་མ་ཟད། ཉི་མའི་སྙིང་པོ་ལས། ཆུ་སྟོད་དང་ནི་ལྷ་མཚམས་ལ། །ཞེས་སོགས་རྒྱལ་ལ་སྐྱེས་པ་དེ་ཆུ་སྟོད་ལ་མངལ་དུ་འཇུག་པར་གསུངས་པས་དབྱར་འབྲིང་ཆུ་སྟོད་ཟླ་བའི་ཉ་ལ་མངལ་དུ་ཞུགས་པ་འདི་འཐད་པ་ཡིན་ཏེ། ཉི་སྙིང་ལས། ཟླ་ཉའི་ཟླ་བར་ཆུ་སྟོད་ཡིན། །བདག་གིས་དབྱར་འབྲིང་རིམ་བརྗོད་བྱ། །ཞེས་དེའི་ཉ་ལ་སྐར་མ་ཆུ་སྟོད་ཡོད་པར་བཤད་པས་སོ། །འདིར་ཁ་ཅིག་ན་རེ། ལྷུམས་ཞུགས་ཀྱི་དུས་ནི་རྒྱ་རོལ་ལས་དཔྱིད་ཟླ་ས་གའི་ཉ་ཡིན་པར་གསུངས་སོ། །ཇི་ལྟར་གསུངས་ན། དགེ་སློང་དག །དེ་ལྟར་དགུན་འདས་ཏེ་དཔྱིད་ཀྱི་དུས་དཔྱིད་ཟླ་ཐ་ཆུང་གི་ཚེ། སྐར་མ་ས་ག་ལ་བབས་པའི་དུས་ཀྱི་དམ་པ་ལ་ཤིང་རྣམས་ཀྱི་ལོ་མ་རྒྱས་ཤིང་མེ་ཏོག་མཆོག་ཏུ་རྒྱས་ནས། གྲང་དྲོ་དང་། མུན་པ་དང་། རྡུལ་མེད་ཅིང་། ས་གཞི་སྔོ་གཞོན་ནུ་སྐྱེས་པས་ཁེབས་པར་གནས་པའི་ཚེ། འཇིག་རྟེན་གསུམ་གྱི་གཙོ་བོ། འཇིག་རྟེན་གསུམ་གྱིས་མཆོད་པའི་དུས་ལ་བབས་པའི་ཚོད་ལ་རྣམ་པར་གཟིགས་ནས། ཚེས་བཅོ་ལྔའི་ཟླ་བའི་ཉའི་སྐར་མ་རྒྱལ་གྱི་དུས་སུ་ཡུམ་གསོ་སྦྱོང་བླངས་པའི་རུམ་དུ་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་དམ་པ་ནས་ཤི་འཕོས་ཏེ་དྲན་བཞིན་ཤེས་བཞིན་དུ་གླང་པོ་ཆེའི་ཕྲུག་གུ་ཐལ་དཀར་མཆེ་བ་དྲུག་དང་ལྡན་པ། མགོ་བོ་ཁ་དོག་སྲིན་བུ་འདམ་བུ་ཆུ་ཤེལ་གྱི་མདོག་ལྟ་བུ། མཆེ་བ་ལ་གསེར་འཚིག་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། དབང་པོ་ཉམས་པ་མེད་པར་བྱས་ཏེ། མའི་གློ་གཡས་ནས་ཞུགས་སོ། །ཞེས་གསུངས་པས་སོ་ཞེས་ཟེར་བ་མི་རིགས་ཏེ། དེ་འདྲའི་འཆད་ཚུལ་མདོ་དེའི་དགོངས་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡིན་ན། འདུལ་བ་ལུང་ལས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཟླ་བ་གང་ལ་བཙས། ཞེས་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དཔྱིད་ཟླ་ཐ་ཆུང་ལའོ། །ཞེས་དཔྱིད་ཐ་ལ་བཙས་པར་བཤད་པས་མངལ་དུ་ཟླ་བ་བཅུ་གཉིས་བཞུགས་པར་འདོད་དགོས་ལ། འདོད་ན། རྒྱ་རོལ་ལས། དེ་ལྟར་ཟླ་བ་བཅུ་འདས་ཏེ། བྱང་ཆུབ་སེམས་དཔའ་བཙའ་བའི་དུས་ལ་བབ། ཅེས་སོགས་མདོ་དུ་མ་ནས་མངལ་དུ་ཟླ་བ་བཅུ་བཞུགས་པར་གསུངས་པ་དང་འགལ་ལོ། །དེ་ལ་མཁས་པ་ཁ་ཅིག །འབྲུག་པད། བཅུ་གཉིས་མ་སྨོས་པ་ནི་ལུང་སྒྲ་ཉམས་པས་བཤད་པ་མང་བའི་ཕྱིར་ཟེར་རོ། །དེ་ཡང་མ་ཡིན་ཏེ། ལུང་ཁ་ཅིག་སྒྲ་ཉམས་པས་བཤད་པ་ཡོད་པ་སྲིད་ཀྱི། ཐམས་ཅད་དུ་སྒྲ་ཉམས་ཀྱིས་བཤད་པས་མ་ཁྱབ་པའི་ཕྱིར་རོ། །དེས་ན་རྒྱ་རོལ་གྱི་མདོའི་ལུང་དེའི་དགོངས་པ་འདི་ལྟར་ཡིན་པས་བཤད་ཀྱིས་ཉོན་ཅེས་བསྐུལ་ནས། ཇི་ལྟར་ཞེ་ན། ཚེས་བཅོ་ལྔའི་ཟླ་བ་ཉའི། ཞེས་སོགས་མདོ་འོག་མས་ནི་ལྷུམས་ཞུགས་ཀྱི་དུས་བསྟན་ལ། དགེ་སློང་དག་ཅེས་སོགས་མདོ་གོང་མས་ནི་སངས་རྒྱས་པའི་དུས་བསྟན་པ་ཡིན་ཏེ། དཔེར་ན། རྒྱུ་གདགས་པ་ལས། དགའ་ལྡན་གྱི་ལྷའི་རིགས་ལས་ཤི་འཕོས་ནས་ཡུམ་གྱི་ལྷུམས་སུ་མཁྱེན་བཞིན་དུ་འཇུག་སྟེ། འཇུག་པ་ན་དེ་འདི་སྙམ་དུ་སེམས་ཏེ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་སྙམ་སྟེ། དེ་དྲན་པ་དེ་ཀུན་ཏུ་བསྟེན་ཅིང་སྒོམ་དེ་མང་དུ་བྱེད་དོ། །ཞེས་གསུངས་པ་དང་ཚུལ་མཐུན་པར། དཔྱིད་ཟླ་ཐ་ཆུང་ས་གའི་ཉའི་དུས་ཀྱི་ཚེ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དུས་ལ་བབས་པས། དགོས་པའི་མཆོག་དེ་ཉིད་མངལ་དུ་འཇུག་པའི་སྔོན་རོལ་ནས་གཟིགས་ཏེ་ཆུ་སྟོད་ཟླ་བའི་ཚེས་བཅོ་ལྔའི་རྒྱལ་གྱི་དུས་སྦྱོར་ལ་ལྷུམས་སུ་ཞུགས་པ་ཡིན་ནོ་ཞེས་འཆད་པ་མདོ་དེའི་དགོངས་པ་ཡིན་པའི་ཕྱིར་རོ། །གཉིས་པ་བལྟམས་པའི་དུས་ནི། ལྷུམས་སུ་ཞུགས་པ་དེ་ནས་ནག་པའི་ཉས་ཟླ་བ་རིལ་པོ་དགུ་དང་། དེའི་བཅུ་དྲུག་ནས་ས་གའི་ཚེས་བདུན་གྱི་བར་ཞག་གྲངས་ཉི་ཤུ་རྩ་གསུམ་གྱི་ངོ་དང་བཅས་པ་སྟེ་ཟླ་བ་བཅུ་ཕལ་ཆེར་འདས་པ། དྲག་པོ་ཞེས་པ་ལྕགས་ཕོ་སྤྲེའུའི་ལོ་ས་ག་ཟླ་བའི་ཡར་ངོའི་ཚེས་བདུན་གྱི་མཚན་མོའི་གུང་ཐུན་གྱི་ཆ་ལ་འཁྲུངས་སོ། །འདི་ཡང་རྒྱ་ཆེ་རོལ་པ་ལས། དགེ་སློང་དག་དེ་ལྟར་ཟླ་བ་བཅུ་འདས་ཏེ། ཞེས་སོགས་སྔར་དྲངས་པ་དང་། འདུལ་བ་ལུང་རྣམ་འབྱེད་བམ་པོ་ང་བརྒྱད་པར། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཟླ་བ་བཅུ་འདས་ནས་ཡུམ་གྱི་ལྷུམས་ནས་བལྟམས་པ་དེའི་ཚེ། ཞེས་དང་། འདུས་པ་རིན་པོ་ཆེ་ཏོག་གི་གཟུངས་ལས། ང་ནི་ས་ལ་མངལ་གྱི་གནས་ན་ཟླ་བ་བཅུ་གནས་པ་དེ་ན་ཡང་ནི། ཞེས་དང་། སྙིང་རྗེ་པད་དཀར་གྱི་མདོའི་བམ་པོ་དགུ་པ་ལས་ཀྱང་། ཟླ་བ་བཅུར་མའི་མངལ་ན་གནས་པར་གྱུར་ཅིང་། ཞེས་སོགས་མདོ་དུ་མ་ནས་མངལ་དུ་ཟླ་བ་བཅུ་བཞུགས་པར་གསུངས་པའི་ཕྱིར་དེ་ནི་ལུགས་འདི་ལ་སྒྲུབ་བྱེད་ཚད་མ་ཡིན་ནོ། །དེ་ལ་ཁ་ཅིག་འདི་སྐད་དུ་སྨྲ་སྟེ། ལྷུམས་སུ་ཟླ་བ་དགུ་དང་ཞག་ཉེར་གསུམ་བཞུགས་པ་ལྟར་ན། མདོ་ལས་བྱང་ཆུབ་སེམས་དཔའ་དགའ་ལྡན་ནས་ཡུམ་སྒྱུ་འཕྲུལ་མའི་ཚེ་ལ་བརྟགས་པ་ན་ཟླ་བ་བཅུ་དང་ཞག་བདུན་ལས་མེད་པར་མཁྱེན་ནས་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། བལྟམས་ནས་ཞག་གྲངས་བདུན་ལ་ཡུམ་འདས་པར་གསུངས་པ་དང་འགལ་ལོ་ཞེས་ཟེར་རོ། །དེ་ལ་དོགས་པ་དེ་སྐྱེ་བ་བདེན་མོད། འོན་ཀྱང་། དེ་ནི་འདི་ལྟར་བཤད་པས་ཆོག་པའི་ཕྱིར་མི་འགལ་ཏེ། བྱང་ཆུབ་སེམས་དཔའ་རང་ཉིད་ཡུམ་གྱི་ལྷུམས་སུ་འཇུག་པའི་ཞག་བདུན་གྱི་སྔ་རོལ་དུཡུམ་གྱི་ཚེ་ལ་བརྟགས་པ་ན། མིའི་ཟླ་བ་བཅུ་དང་ཞག་བདུན་ལས་མེད་པར་མཁྱེན་ཅིང་། དེ་ནས་མིའི་ཞག་བདུན་སོང་བ་ན་ལྷུམས་སུ་ཞུགས་པ་ནས་མངལ་དུ་ཟླ་བ་དགུ་དང་ཞག་ཉེར་གསུམ་བཞུགས་པ་དང་། བལྟམས་ནས་ཞག་བདུན་ལ་ཡུམ་འདས་པར་བཤད་ན་ཅི་ཞིག་སྐྱོན་ཏེ་མེད་དོ། །དེ་ལྟ་ན་ཡུམ་གྱི་ཚེ་ལ་བརྟག་པ་དགའ་ལྡན་ནས་གཤེགས་ཀར་མ་ཡིན་ནམ་སྙམ་དུ་རྟོག་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལྷུམས་སུ་འཇུག་པའི་སྔ་རོལ་གྱི་མིའི་ཞག་བདུན་པོ་དགའ་ལྡན་ནས་གཤེགས་ཀའི་ཁོངས་སུ་མི་རྫོགས་པར་མ་ངེས་ཏེ། མིའི་ཞག་བདུན་ལ་འདོད་ལྷ་ཚེ་ཐུང་བ་རྣམས་ཀྱིའང་ཆུ་ཚོད་གཅིག་དང་། ཆུ་སྲང་བཅུ་ཙམ་ལས་མེད་པར་རྒྱུད་འགྲེལ་འདིར་གསུངས་པ་དང་། ཐུན་མོང་གི་མདོ་ལས་ཀྱང་དགའ་ལྡན་གྱི་ཞག་གཅིག་ལ་མིའི་ལོ་བཞི་བརྒྱ་རེ་ཡོད་པར་གསུངས་པས་སོ། །འཁྲུངས་སྐར་ཡང་། རྒྱ་རོལ་ལས། སྐར་མ་རྒྱལ་དང་ཡང་ལྡན་པར་གྱུར་པ་དང་། ཞེས་རྒྱལ་ལ་འཁྲུངས་པར་བཤད་པ་དང་ཡང་འགྲིག་སྟེ། ཉི་སྙིང་ལས། ཚེས་བདུན་ལ་ནི་རྒྱལ་ཡིན་ནོ། །ཞེས་ས་གའི་ཚེས་བདུན་དང་རྒྱལ་སྦྱར་ནས་གསུངས་པས་སོ། །སྐབས་འདིར་གྲུབ་མཐའི་རྩིས་དང་སྦྱར་ནས་ཞིབ་མོར་རྩིས་ན་ཡང་འགྲིག་པ་ཡིན་ཏེ། དེ་ཡི་ཉིན་རྩིས་གཟའ་གནས་སུ། །ཞེས་སོགས་འཆར་བའི་ཕྱིར་ན། ཏོག་ལས་ཀྱང་། ཐུབ་པ་ཁྱོད་ནི་རྒྱལ་ལ་སྐྱེས། །ཞེས་པ་དང་། ཀླུ་སྒྲུབ་ཞབས་ཀྱིས་ཀྱང་། སྐར་མ་རྒྱལ་ལ་ཞེས་སོགས་གསུངས་ཤིང་། དེར་མ་ཟད་ཉི་སྙིང་ལས། ས་ག་ལ་ནག་པས་མཚན་ཐོབ་པར་བཤད་པ་ལྟར་ན་འདིའི་གུང་ལ་རྒྱལ་ནུབ་པའི་དུས་སྦྱོར་འོང་བས་དེ་དང་ཡང་བསྒྲིག་པར་ནུས་སོ། །དཔྱིད་ཟླ་ཐ་ཆུང་ལ་འཁྲུངས་པ་ཡང་། སྔར་དྲངས་པ་ལྟར་འདུལ་བ་གཞུང་དམ་པའི་ལུང་དང་། རྒྱ་རོལ་ལས་ཀྱང་། སྐྱེད་མོས་ཚལ་གྱི་དོག་སར་བདག་ནི་མཆི་བའི་རིགས་སོ་ལྷ་སོ་གའི་དུས་མཆོག །ཅེས་སོགས་སོ་ཀ་འཁྲུངས་པར་བཤད་པས་འགྲིག་ཅིང་། མཚན་གྱི་གུང་ལ་བལྟམས་པ་ཡང་། རྒྱ་རོལ་ལས། དེ་ནས་ལྷ་མོ་སྒྱུ་འཕྲུལ་བྱང་ཆུབ་སེམས་དཔའ་ཉིད་ཀྱི་གཟི་བརྗིད་དང་མཐུས། བྱང་ཆུབ་སེམས་དཔའ་བཙའ་བའི་དུས་ལ་བབ་པར་ཤེས་ཏེ། ནམ་གྱི་སྲོད་ལ་རྒྱལ་པོ་ཟས་གཙང་མའི་དྲུང་དུ་འོངས་ནས་ཚིགས་སུ་བཅད་དེ་སྨྲས་པ། ཞེས་སྐུ་བལྟམས་པར་ཉེ་བའི་སྔ་ལོགས་སུ་གསུངས་པ་དང་། ཨ་བྷ་ཡས་ཀྱང་། དེ་ནས་ཟླ་བ་བཅུ་འདས་ཏེ་ལུམྦི་ནའི་ཚལ་དུ་ནམ་ཕྱེད་ཀྱི་ཐུན་ལ་བལྟམས་པ། ཞེས་དང་། འཇམ་དཔལ་རྩ་བའི་རྒྱུད་ལས་ཀྱང་། རྒྱུ་སྐར་དེ་བཞིན་རྒྱལ་དང་ནི། །སྐག་ལ་ཡང་ནི་གང་སྐྱེས་པ། །དེ་ནི་སྦལ་པའི་ཁྱིམ་ཡིན་ཏེ། །དགེ་དང་ལྡན་ཞིང་རྫུ་འཕྲུལ་ཆེ། །མདོག་ནི་སེར་པོ་དང་ལྡན་ཞིང་། །དེ་ནི་སྐྱེ་བ་མཆོག་དང་ལྡན། །རྟག་ཏུ་དེ་ནི་མཚན་ཕྱེད་དུ། །འདི་ནི་སྐྱེ་བར་བསྟན་པ་ཡིན། །ཞེས་སོགས་ཚད་མའི་ལུང་ཀུན་དང་ལེགས་པར་འབྱོར་རོ། །དེ་དག་གི་ཕྱིར་ན། ད་ནི་དཔྱད་པའི་གནས་འདི་ཡོད་དེ། དཔྱིད་ཟླ་ཐ་ཆུང་དང་། རྒྱུ་སྐར་རྒྱལ་དང་། མཚན་མོའི་གུང་ལ་འཁྲུངས་པ་ལ་སོགས་པ་རྣམས་ནི་འདུལ་ལུང་རྒྱ་རོལ་ལ་སོགས་པའི་རྣམ་པར་དག་པའི་ལུང་དེ་དག་གིས་གྲུབ་ཟིན་པའི་ཕྱིར་དང་། ལྕགས་སྤྲེལ་ལ་བལྟམས་པ་ནི་རྒྱུད་ཀྱི་འདས་ལོའི་ངེས་པ་དང་སངས་རྒྱས་པའི་གཟའ་འཛིན་ལ་སོགས་པས་འགྲུབ་པའི་ཕྱིར་དང་། ལོ་དེའི་ས་གའི་ཚེས་གཞན་ལ་རྒྱུ་སྐར་རྒྱལ་མི་འབྱུང་བ་ཉི་སྙིང་གི་མདོ་དང་། རི་མོས་ཀྱང་གསལ་བར་སྟོན་པའི་ཕྱིར་དང་། ཚེས་བཅོ་ལྔར་འཁྲུངས་པར་འཆད་པའི་ཕྱོགས་ལ་ཤེས་བྱེད་བཤད་རྒྱུ་ཅི་ཡང་མེད་པའི་ཕྱིར་དང་། དེ་ལྟ་བས་ན། དགེ་བའི་བཤེས་གཉེན་མཚོ་སྣ་བའི་ཞལ་ནས་འདུལ་བ་མདོ་རྩ་བའི་འགྲེལ་ཆུང་ལས། ཚེས་བདུན་ལ་སངས་རྒྱས་ཡུམ་གྱི་ལྷུམས་ནས་བལྟམས། ཞེས་བཤད་པ་ལྟར། དཔྱིད་ཟླ་ཐ་ཆུང་གི་ཡར་ངོའི་ཚེས་བདུན་སྐར་མ་རྒྱལ་ལ་བབ་པའི་ཚེ་སྐུ་བལྟམས་པའི་དུས་སྟོན་བྱའོ། །ཞེས་ཚེས་བདུན་གསལ་བར་གསུངས་པའི་ཕྱོགས་འདི་ཤིན་ཏུ་ལེགས་པས་ན་སེམས་ཡོད་རྣམས་ཀྱིས་བླང་བར་རིགས་པའི་གནས་སོ། །དེ་ཡང་སྔར་གྱི་ཉིན་རྩིས་དང་སྦྱར་ན་བལྟམས་པའི་དུས་ཚེས་ཞག་བརྒྱད་པ་ལ་བབས་པས་ན། མྱང་འདས་ཆེན་པོའི་ལུང་དང་། རྒྱ་ནག་ཏུ་ཆོས་དར་བའི་གཏམ་རྒྱུད་སོགས་ལས་ཚེས་བརྒྱད་ལ་བལྟམས་པར་བཤད་པ་དང་ཡང་འབྱོར་རོ། །གསུམ་པ་སངས་རྒྱས་པའི་དུས་ནི། དེ་ལྟར་དྲག་པོའི་ལོ་ལ་འཁྲུངས་ནས་དགུང་ལོ་ཉེར་དགུ་པ་ཀུན་འཛིན་ཞེས་པ་ས་ཕོ་བྱི་བའི་ལོར་ཁྱིམ་ནས་བྱུང་སྟེ་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ་དཀའ་བ་སྤྱད་ནས། དགུང་ལོ་སོ་ལྔ་པ་རྒྱལ་བ་ཞེས་པ་ཤིང་ཕོ་རྟའི་ལོ་དཔྱིད་ཟླ་ཐ་ཆུང་ས་གའི་ཉའི་མཚན་གྱི་ཐུན་ཐ་མའི་ཆ་སྐྱ་རེངས་འཆར་བའི་མཚམས་རྔ་བརྡུང་བར་རྩོམ་པ་ན་བླ་ན་མེད་པའི་བྱང་ཆུབ་བརྙེས་པ་ཡིན་ཏེ། མངོན་འབྱུང་དང་ལུང་བཞིའི་བམ་པོ་གྱ་གཉིས་པར། བྱང་ཆུབ་སེམས་དཔའ་ལོ་ཉི་ཤུ་རྩ་དགུ་བཞེས་ནས་ཁབ་ནས་བྱུང་ནས་ལོ་དྲུག་ཏུ་དཀའ་བ་སྤྱོད་པར་འགྱུར་ཏེ། དེ་ནས་བདུད་རྩི་རྟོགས་པར་གྱུར་བ་མཐོང་ངོ་། །ཞེས་དང་། གཞུང་དམ་པའི་བམ་པོ་སོ་བདུན་པར། ཟླ་བ་གང་ལ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་ཁོང་དུ་ཆུད། ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དཔྱིད་ཟླ་ཐ་ཆུང་ལའོ། །ཞེས་དང་། རྒྱ་རོལ་ལས། ནམ་གྱི་ཆ་སྨད་སྐྱ་རེངས་འཆར་བའི་དུས་ཀྱི་ཚེ་རྔ་བརྡུང་བའི་ནམ་ཚོད་ཙམ་ན། ཞེས་དང་། དབང་ལེའི་མདོར་བསྡུས་དང་པོ་ལས་ཀྱང་། ས་གའི་ཉའི་སྐྱ་རེངས་འཆར་བའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཞེས་སོགས་གསུངས་པའི་ཕྱིར་རོ། །ཉ་དེའི་ཉིན་རྩིས་བྱས་པ་ན། གཟའ་གཅིག་དང་། ཆུ་ཚོད་སོ་བརྒྱད་ལ་སོགས་པ་འབྱུང་བའི་ཕྱིར་ན། འདུལ་བ་ལུང་གཞིའི་བམ་པོ་ལྔ་པ་ལས། བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་བརྙེས་པ་ན་གྲགས་འཛིན་མ་ལ་ཡང་ཁྱེའུ་ཞིག་བཙས་སོ། །བདུད་རྩི་ཟས་ལ་ཡང་ཁྱེའུ་ཞིག་བཙས་སོ། །ཟླ་བ་ཡང་སྒྲ་གཅན་གྱིས་ཟིན་ཏོ། །ཞེས་དང་། གྲགས་འཛིན་མའི་བུའི་མིང་འདོགས་པར་བྱེད་དོ། །བཙུན་མོའི་འཁོར་གྱི་སྐྱེ་བོས་སྨྲས་པ། འདི་བཙས་པ་ན་ཟླ་བ་སྒྲ་གཅན་གྱིས་ཟིན་པས། དེ་བས་ན་ཁྱེའུའི་མིང་སྒྲ་གཅན་ཟིན་ཞེས་གདགས་སོ། །ཞེས་དང་། མངོན་པར་འབྱུང་བའི་མདོར་ཡང་། གཞོན་ནུས་བླ་ན་མེད་པའི་ཡེ་ཤེས་བརྙེས་སོ། །དེ་ཐོས་པ་དང་། ཉི་མ་དེ་ཉིད་ལ་གྲགས་འཛིན་མ་ལ་ཡང་ཁྱེའུ་ཞིག་བཙས་སོ། །བདུད་རྩི་ཟས་ཀྱི་ལའང་ཁྱེའུ་ཞིག་བཙས་སོ། །དེ་ཉིད་ཀྱི་ཉིན་མོ་ཟླ་བ་ཡང་སྒྲ་གཅན་གྱིས་ཟིན་ཏོ། །ཞེས་དེ་ཚེ་ཟླ་བ་སྒྲ་གཅན་གྱིས་བཟུང་བར་གསུངས་པ་ལྟར་སངས་རྒྱས་པའི་ཞག་ངོ་དེ་ལ་གཟའ་འཛིན་བྱུང་བས་ལུང་དོན་དེ་དག་དང་ཡང་ལེགས་པར་འབྱོར་བ་ཡིན་ནོ། །འོ་ན་ཉིན་རྩིས་དེ་ལྟར་ན་འཚང་རྒྱ་བཞིན་པའི་དུས་ཀྱི་སྐར་མ་ནི་ལྷ་མཚམས་དང་། ཚེས་ཀྱང་བཅུ་དྲུག་པར་སོང་བས་སྔར་དྲངས་པའི་རྒྱ་རོལ་གྱི་ལུང་དང་མི་འགལ་ལམ་ཞེ་ན། རྒྱ་རོལ་ལས་གསུངས་པ་དེ་ནི་ཟླ་བའི་ཉ་དང་སྦྱར་བའི་སྐར་མ་ཙམ་ལ་དགོངས་པ་སྟེ། ཉི་སྙིང་ལས། ཟླ་རངས་ཚེས་ནི་བཅོ་ལྔ་ལ། །ས་ག་ཡིན་ཏེ་ས་ག་ཡི། །གོ་རིམ་བརྗོད་བྱ། ཞེས་དཔྱིད་ཟླ་ཐ་ཆུང་གི་ཉིན་ཞག་བཅོ་ལྔ་པ་དང་ས་གས་སྦྱར་བའི་ཕྱིར་རོ། །བཞི་པ་ཆོས་གསུངས་ཤིང་མྱ་ངན་ལས་འདས་པའི་དུས་ནི། སངས་རྒྱས་པའི་རྗེས་དེ་ནས་ཞག་ཞེ་དགུ་འདས་པ་ཤིང་རྟ་ཆུ་སྟོད་ཀྱི་ཡར་གྱི་ངོའི་ཚེས་བཞི་ལ་ཝཱ་ར་ཎཱ་སིར་འཁོར་ལོ་དང་པོ་བསྐོར་བ་ནས་བཟུང་། ལོ་གྲངས་བཞི་བཅུ་ཞེ་དྲུག་པ་མྱོས་ལྡན་ས་ཡོས་ཀྱི་བར་ཐེག་པ་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། རྫོགས་སངས་རྒྱས་ནས་བཞི་བཅུ་རྩ་བདུན་པ་དང་། འཁྲུངས་ནས་ལོ་རིལ་པོ་བརྒྱད་ཅུ་པ་དང་ལོ་ངོ་བརྒྱད་ཅུ་རྩ་གཅིག་པ་རྣམ་གནོན་ཞེས་པ་ལྕགས་ཕོ་འབྲུག་གི་ལོའི་དཔྱིད་ཟླ་འབྲིང་པོའི་ཡར་ངོའི་ཚེས་བཅོ་ལྔ། ནག་པས་ཉ་བར། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོའི་ནང་གི་འོག་ཏུ་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་དང་། སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སྤྲོས་ཏེ། བདེ་བ་ཆེན་པོའི་གནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་སེང་གེ་ཉིད་རྡོ་རྗེ་སེང་གེའི་ཁྲིར་བཞུགས་ནས། དུས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་དཀྱིལ་འཁོར་གྱི་བདག་པོའི་རྣམ་པས་ཞུ་བ་པོ་མངལ་སྐྱེས་ཀྱི་རྒྱལ་པོ་ཟླ་བ་བཟང་པོ་དང་། ཉན་པ་པོའི་འཁོར་བྱང་ཆུབ་སེམས་དཔའ་དང་། ཤམྦྷ་ལའི་ཡུལ་གྱི་རྒྱལ་ཕྲན་དགུ་བཅུ་རྩ་དྲུག་དང་། ལྷ་དང་ལྷ་མིན་ལ་སོགས་ཏེ་སྐལ་བ་དང་ལྡན་པའི་ཚོགས་དཔག་ཏུ་མེད་པ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་ཏེ། དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུངས་ཤིང་། དེ་ནས་ཟླ་བ་གཅིག་འདས་པ་ས་གའི་ཉའི་མཚན་མོའི་ཐུན་བར་པའི་མཇུག་ནས་བརྩམས་ཏེ་ཐུན་ཐ་མའི་འགོའི་ཆ་ལ་མྱ་ངན་ལས་འདས་སོ། །དེ་སྐད་དུ་བརྗོད་པ་ལྟར། རྩ་རྒྱུད་འདའ་ཀ་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་པ་ཡང་། དབང་མདོར་བསྟན་གྱི་འགྲེལ་པར་རྩ་བའི་རྒྱུད་ཀྱི་ལུང་དྲངས་པ་ལས། བྱ་རྒོད་ཕུང་པོའི་རི་ཆེན་པོར་ཞེས་སོགས་ཚིགས་བཅད་གཉིས་འདིར་དྲངས་པ་དང་། དབང་ལེའི་འགྲེལ་ཆེན་ལས། འཕགས་པའི་ཡུལ་འདིར་དཀར་པོའི་ཚེས་གཅིག་ལ་སོགས་པ་ཆ་བཅོ་ལྔའི་མཐར་ནག་པོའི་ཚེས་གཅིག་འཇུག་པ་ས་གའི་ཉའི་སྐྱ་རེངས་འཆར་བའི་ཚེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། ཐེག་པ་གསུམ་བསྟན་པར་མཛད་ནས། ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ་ཤྲཱི་དྷཱ་ནྱ་ཀ་ཊ་ཀར། ཞེས་ཐེག་པ་གསུམ་དང་། ཁྱད་པར་ཤེར་ཕྱིན་གྱི་ཚུལ་བསྟན་པའི་རྗེས་སུ་དུས་འཁོར་གསུངས་པར་བཤད་པ་དང་། འགྲེལ་ཆུང་པདྨ་ཅན་ལས་ཀྱང་། དཔྱིད་ཟླ་ཐ་ཆུང་གི་ཉ་ལ་བདུད་བཅོམ་པར་མཛད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་སུམ་དུ་མཛད་དོ། །དེ་ནས་ཡུལ་ཝཱ་ར་ཎཱ་སིར་གཤེགས་ནས་དབང་པོ་རྟུལ་པོར་གྱུར་པ་དང་། བླ་ན་མེད་པའི་བྱང་ཆུབ་ལ་སྐལ་བ་དང་མི་ལྡན་པའི་སེམས་ཅན་རྣམས་ལ་ཐེག་པ་འོག་མ་བཀའ་སྩལ་ཏོ། །དེ་ནས་དབང་པོ་འབྲིང་པོར་གྱུར་པ་དང་བླ་ན་མེད་པའི་བྱང་ཆུབ་ལ་མྱུར་བར་སྣོད་དུ་མི་འགྱུར་བའི་སེམས་ཅན་རྣམས་ལ་རྒྱུའི་རང་བཞིན་དུ་གྱུར་པའི་ཐེག་པ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱ་རྒོད་ཕུང་པོའི་རིར་བཀའ་སྩལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་ལ་ཐུགས་དགོངས་ཇི་ལྟ་བུར་གྱུར་ཅེ་ན། ཐེག་པ་ཆེན་པོ་བཀའ་གསང་སྔགས་མ་བསྟན་གྱི་བར་དུ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་མ་ཚང་བས་ཐམས་ཅད་མཁྱེན་པར་མི་འགྱུར་ཏེ། གཞན་ཡང་དབང་པོ་རྣོན་པོར་གྱུར་པ་རྣམས་ཀྱིས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པས་མྱུར་བར་བྱང་ཆུབ་ཐོབ་པར་འགྱུར་བ་ཐུགས་ལ་དགོངས་ནས། འཇམ་དཔལ་དང་། ཕྱག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོ་ལ་སོགས་པ་དང་ལྷན་ཅིག་ཏུ་ལྷོ་ཕྱོགས་སུ་གཤེགས་པར་ཐུགས་དགོངས་མཛད་དོ། །ཞེས་སོགས་གསུངས་སོ། །གཞན་ཡང་རྩ་བའི་རྒྱུད་དེ་ཉིད་ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོ། །ཞེས་སོགས་དང་། བསྡུས་རྒྱུད་ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡི་གསལ་བར་མི་བདག་གྲགས་པ་ཤམྦྷ་ལ་ཞེས་བྱ་བར་འབྱུང་། ཞེས་པའི་འགྲེལ་པར། ལོ་འདི་ཞེས་པ་དེ་བཞིན་གཤེགས་པས་ཆོས་བསྟན་པའི་ལོ་སྟེ། ཞེས་དང་། དྲི་མེད་འོད་ཀྱི་ཡེ་ལེའི་མཆོག་མི་འགྱུར་གྱི་མདོར་བསྡུས་ལས་ཀྱང་། འཇམ་དཔལ་དབྱངས་ཀྱང་ང་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ན་ཤམྦྷ་ལའི་ཡུལ་དུ། ཞེས་སོགས་ཐེག་གསུམ་བསྟན་ཟིན་པའི་འོག་ཏུ་དུས་འཁོར་གསུངས་པ་དང་མྱ་ངན་ལས་འདས་པའི་ལོ་གཅིག་པར་བྱས་ཏེ། དེ་ནས་དྲུག་བརྒྱ་ན་གྲགས་པ་འབྱོན་པར་གསུངས་པ་སོགས་ལུང་གོང་འོག་རྣམས་འགལ་མེད་དུ་འགྲིག་པའི་ཕྱིར་ན། སྔ་རབས་ཀྱི་མཁས་པ་ཕལ་ཆེར། མངོན་སངས་རྒྱས་པའི་ཕྱི་དེའི་ལོའི་ནག་ཉ་ལ་རྩ་རྒྱུད་གསུངས་པར་བཞེད་པ་རྣམས་ནི་རྒྱུད་འགྲེལ་ཉིད་ཀྱིས་ཤིན་ཏུ་བཀག་པས་མི་འཐད་པར་ཤེས་པས་རྒྱང་རིང་པོར་དོར་བར་བྱའོ། །དེ་ལ་མཁས་དབང་དག །སངས་རྒྱས་ཀྱི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་ལོ་གཅིག་ཏུ་མ་ཟད་སྐད་ཅིག་ལའང་ཐེག་གསུམ་བསྟན་ཟིན་པས་སངས་རྒྱས་ཀྱི་མཛད་པ་ལ་བརྙས་པར་མ་བྱེད་ཅིག །ཅེས་གསུང་ངོ་། །སངས་རྒྱས་ཀྱི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ནི་བདེན་མོད་ཀྱི། འོན་ཀྱང་སྔ་ཕྱིའི་དུས་སྒྲིག་པ་སོགས་ལ་དེ་ལྟར་མི་རུང་སྟེ། འདི་ལ་ནི་དེ་སྐབས་ཀྱི་སྤྱི་མཐུན་འགྲོ་བའི་སྣང་ངོར་སྣང་རུང་ཞིག་གི་སྟེང་ནས་འཇོག་དགོས་པར་མ་ཟད། སྟོན་པ་སངས་རྒྱས་པ་དང་སྲས་སྒྲ་གཅན་འཛིན་འཁྲུངས་པ་དུས་མཉམ་ལ། སྒྲ་གཅན་འཛིན་གྱི་བཙས་སྟོན་ལ་སྐྱེ་བོ་ཀུན་དགའ་བས་ཁྱེའུའི་མིང་ཀུན་དགའ་བོར་གདགས་པར་ལུང་ལས་གསུངས་པ་དང་། འབྲས་སྤུངས་སུ་ཆོས་གསུང་པ་ནི་བྱ་རྒོད་ཕུང་རིར་ཤེར་ཕྱིན་བསྟན་ཚར་བའི་རྗེས་སུ་གསུངས་པར་རྩ་རྒྱུད་ཀྱི་ལུང་གིས་གྲུབ་ཅིང་། ཤེར་ཕྱིན་གསུང་ཚེ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་ཞབས་རིམ་པ་ཡིན་ན། དེ་དག་མི་འགལ་བའི་ཚུལ་སུས་ཀྱང་སྨྲ་བར་མི་སྤོབས་པའི་ཕྱིར་རོ། །ལ་ལ་དག །ང་མྱ་ངན་ལས་འདས་ནས། ཞེས་པ་ཤོང་གི་འགྱུར་མ་དག་པ་ཡིན་གསུང་པ་ཡང་མི་རིགས་ཏེ། རྭ་འབྲོ་རྩ་མི་གྱི་ཇོ་སོགས་འགྱུར་རྙིང་ཐམས་ཅད་ན་དེ་བཞིན་དུ་ཡོད་པས་རྣམ་གཉིས་འགྱུར་དུ་མི་འབྱུང་བ་རྒྱ་དཔེའི་ཁྱད་པར་རམ་འགྱུར་སྐྱོན་གང་རིགས་སུ་སྣང་བའི་ཕྱིར་རོ། །གཞན་ཡང་ལོ་དྲུག་བརྒྱ་ན་གྲགས་པ་འབྱུང་བར་གསུངས་པའི་དྲུག་བརྒྱའི་ཐོག་མ་ལྷ་དབང་གིས་ཆོས་བསྟན་པའི་ལོ་དེ་ཤིང་ཕོ་སྤྲེའུ་ཡིན་པར་བྱེད་དགོས་ལ། ཤིང་སྤྲེ་དེའི་ཕྱི་མ་ཤིང་བྱ་ནས་ཡར་གྱེན་དུ་བགྲངས་པའི་ས་སྟག་གི་བར་གྱི་ལོ་བརྒྱད་པོ་དེ་རྣམས་གང་རུང་ཞིག་གི་ས་གའི་ཉའི་མཚན་མོ་སངས་རྒྱས་པའི་དུས་ཀྱི་གཟའ་འཛིན་གྱི་རི་མོ་འཆར་དགོས་ན་རྩིས་པ་ཐམས་ཅད་གནས་སྐབས་སུ་དག་པར་འདོད་པའི་རྒྱུད་ཀྱི་རྩིས་འཕྲོ་ཉིད་གཞིར་བཞག་ནས་ཡར་ལོག་བྱས་པས་མི་འཆར་བ་རི་མོས་སྟོན་པའི་ཕྱིར་དང་། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་འོག་ཏུ་སྡུད་པ་པོས་རྒྱུད་གླེགས་བམ་དུ་བྲིས་པ་དང་། ཟླ་བཟང་གཤེགས་པའི་ལོ་གྲངས་སོགས་འོག་ཏུ་འཆད་འགྱུར་རྣམས་ཀྱིས་ཀྱང་གནོད་པར་འགྱུར་བས་སོ། །དེ་དག་གི་ཕྱིར་ན་སངས་རྒྱས་པའི་ཕྱི་ལོ་རྒྱུད་བསྟན་པར་འདོད་པའི་ལུགས་ངན་འདི་དོར་ལ་ད་ནི་གཟུ་བོའི་ལམ་དུ་འཇུག་པར་གྱིས་ཤིག །དེ་སྐད་དུ་བརྙད་པ་ན་ཡང་ཁོ་ན་རེ། འོ་ན་ཁྱོད་ཀྱི་ལུགས་ཀྱི་འདའ་ཁར་རྒྱུད་གསུངས་པའི་འདོད་པ་འདི་ལའང་གནོད་པར་བྱེད་པ་འདི་ཡོད་དེ། དྲི་མེད་འོད་ལས། ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ་ཤྲཱི་དྷཱ་ནྱ་ཀ་ཊ་ཀར། ཞེས་པས་ས་ག་ལ་སངས་རྒྱས་པ་ནས་བགྲངས་པའི་བཅུ་གཉིས་པ་སངས་རྒྱས་པའི་ཕྱི་ལོའི་ནག་ཉ་དེ་དང་འགྲིག་པའི་ཕྱིར་ན། ལོ་ངོ་གཉིས་པའི་ནག་ཉར་རྩ་རྒྱུད་གསུངས་པའི་ལུང་དོན་ཚད་མ་དེ་ཉིད་ཀྱིས་གནོད་པར་འགྱུར་རོ་ཞེ་ན། མི་གནོད་དེ། སྔར་ལེའུ་གཉིས་པར་བརྗོད་པ་ལྟར་ཡར་ངོ་སྔོན་འགྲོ་དང་། མར་ངོ་སྔོན་འགྲོའི་ལོ་འགོ་འཛིན་ཚུལ་གཉིས་པོ་རྒྱུད་འགྲེལ་ལས་གསུངས་པའི་ཚུལ་ཤེས་པར་བྱས་ལ། དེ་ཤེས་པ་ན་འདིའི་དོན་ལ་དཀའ་བ་ཅུང་ཟད་ཀྱང་མེད་དེ། འདི་ནི་མར་ངོ་སྔོན་འགྲོ་ལ་དགོངས་ནས་ལུག་ཁྱིམ་ས་ག་ཟླ་བ་དང་སྦྱར་བ་ཉིད་ཟླ་བའི་དང་པོའམ་ཐོག་མར་མཛད་པ་ན། དེའི་ཚེ་ནག་པ་ཟླ་བ་ཟླ་བའི་ཐ་མའམ་བཅུ་གཉིས་པར་འབྱུང་བ་རྟེན་འབྲེལ་གྱི་ཆོས་ཉིད་དགག་ཏུ་མེད་པ་ཡིན་པའི་ཕྱིར་རོ། །དེས་ན་བཅུ་གཉིས་པ་ནག་པའི་ཉ་ལ་ཞེས་སོགས་ནི་དབང་ལེའི། ནག་པོའི་མཐར་ནི་དཀར་པོའི་ཚེས་ལ། ཞེས་སོགས་ཀྱི་འགྲེལ་པ་ཡིན་པའི་ཕྱིར། མཐར་ཞེས་པ་དེས་ནག་ཟླའི་ཉ་དེ་ནག་པ་ཟླ་བའི་མཐར་བཤད་པ་དང་། དཀར་པོའི་ཚེས་གཅིག་ལ་སོགས་པ་ཆ་བཅོ་ལྔ་པའི་མཐར་ནག་པོའི་ཚེས་གཅིག་འཇུག་པ་ས་གའི་ཉའི་སྐྱ་རེངས་འཆར་བའི་ཚེ། ཞེས་ནག་ཉའི་མཐར་མར་ངོའི་ཚེས་གཅིག་འཇུག་པས་ས་གའི་ཟླ་བ་ཐོག་མར་བཤད་པས་སོ། །དེ་ལྟར་ན་ཁོ་བོའི་ཕྱོགས་ལ་དེ་འདྲའི་འགལ་བ་མེད་པའི་སྟེང་དུ། འཇམ་དཔལ་དབྱངས་ཀྱང་ང་མྱ་ངན་ལས་འདས་ནས། ཞེས་སོགས་ལུང་དོན་རྣམས་འགལ་མེད་དུ་འགྲིག་པའི་ལེགས་བཤད་ཀྱི་སྐྱེས་ཡོད་པས་ཁྱོད་ཀྱི་ལུགས་དེ་དང་འདྲ་བ་མ་ཡིན་ནོ། །དེ་ལྟར་དགུང་ལོ་རིལ་པོ་བརྒྱད་ཅུ་པར་མྱ་ངན་ལས་འདས་པ་ཡང་། གསེར་འོད་དམ་པ་ལས། ལོ་ནི་བརྒྱད་ཅུ་ཞིག་ཐུབ་སྟེ། །ཞེས་དང་། བྱེ་བྲག་ཏུ་བཤད་པར། རྒྱལ་བ་དེ་ལྟར་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །ཞེས་དང་། འཕགས་པ་གནས་བརྟན་པའི་གཞུང་འདུས་བྱས་དང་འདུས་མ་བྱས་ནས་རྣམ་པར་ངེས་པའི་ལེའུ་སོ་གསུམ་པར། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ནི་ལོ་བརྒྱད་ཅུ་བཞུགས་པ་ལ། ཞེས་སོགས་དང་། སྙིང་རྗེ་པད་དཀར་ལས། དགུང་ལོ་བརྒྱའི་ལྔ་ཆ་བཏང་བར་བཤད་པས་ཀྱང་བརྒྱད་ཅུར་ངེས་སོ། །དེ་ལྟ་ནའང་ས་གའི་ཚེས་བདུན་ལ་བལྟམས་ནས་ས་གའི་ཉ་ལ་གཤེགས་པས་ལོ་རིལ་པོ་བརྒྱད་ཅུ་པར་གྲུབ་ཀྱང་། ལྕགས་འབྲུག་ཤར་བའི་དབང་གིས་ལོ་ངོ་བརྒྱ་ཅུ་རྩ་གཅིག་པ་ཡིན་ལ། མཆོད་རྟེན་བརྒྱད་ཀྱི་བསྟོད་པར། ཙུན་དས་གསོལ་བཏབ་ཟླ་བ་གསུམ་དུ་བཞུགས། །ཞེས་པ་ལྟར་ན། འཇིག་རྟེན་པའི་དུས་ཀྱི་དང་པོ་དཔྱིད་ཡིན་པ་བཞིན་དེ་དང་སྒོ་བསྟུན་ཏེ་དཔྱིད་ར་ནས་ལོ་འགོ་བཟུང་བའི་དབང་དུ་བྱས་སམ་སྙམ་མོ། །ས་གའི་ཉའི་མཚན་ལ་མྱ་ངན་ལས་འདས་པ་ཡང་། མྱང་འདས་ཆེན་མོ་ལས། དཔྱིད་ཟླ་ཐ་ཆུང་གི་ཉའི་མཚན་གྱི་གུང་ཐུན་ལ་མྱ་ངན་ལས་འདས་པར་གསུངས་པ་དང་། ལུང་ལས། ནམ་གྱི་གུང་ཐུན་ལ་བསམ་གཏན་བཞི་པའི་རབ་མཐའ་ལ་མཉམ་པར་བཞག་ནས་མྱ་ངན་ལས་འདས་པ་དང་། སྙིང་རྗེ་པད་དཀར་ལས། ནམ་གྱི་ཐུན་ཐ་མ་ལ་མྱ་ངན་ལས་འདས་པར་བཤད་པ་དང་། དཀོན་བརྩེགས་ལས་ཀྱང་། ཞི་བའི་བློ་གྲོས་གང་གི་མཚན་མོ་མངོན་པར་རྫོགས་པར་སངས་རྒྱས་ནས། གང་གི་མཚན་མོ་མྱ་ངན་ལས་འདས་པའི་བར་དུ། ཞེས་མཚན་ལ་འདས་པར་གསུངས་ཏེ། དེ་ལྟར་ན་ཉི་སྙིང་ལས། དཔྱིད་ཟླ་ཐ་ཆུང་ལ་ནག་པས་མཚན་ཐོབ་པར་བཤད་པས། ཞག་འདིའི་མཚན་གྱི་ཐུན་བར་པའི་མཇུག་ལ་གྲོ་ཞུན་འཆར་བའི་དུས་སྦྱོར་འོངས་བས། སྣར་མ་ནག་པ་གྲོ་ཞུན་འཆི། །ཞེས་སྔར་དྲངས་པའི་ལུང་དང་ཡང་འབྱོར་བ་ཡིན་ནོ། །

གཉིས་པ་རྒྱུད་བསྡུས་ཤིང་འཆད་ཉན་གྱིས་གཏན་ལ་ཕབ་ཚུལ་ལ་གཉིས་ཏེ། རྩ་རྒྱུད་དང་། བསྡུས་རྒྱུད་དོ། །དང་པོ་ལ་གཉིས་ཏེ། ཟླ་བཟང་གིས་བསྡུས་ཤིང་བཤད་པ་དང་། ཆོས་རྒྱལ་དྲུག་གིས་བཤད་པའི་ལོ་གྲངས་སོ། །དང་པོ་ནི། རྒྱུད་གསུངས་ཤིང་མྱ་ངན་ལས་འདས་པའི་ཕྱི་ལོ་ལྕགས་སྦྲུལ་དེ་ལ་ཕྱག་རྡོར་གྱི་སྤྲུལ་པ་ཟླ་བཟང་གིས་རྩ་རྒྱུད་བསྡུས་ཤིང་ཤམྦྷ་ལའི་ཡུལ་དུ་གླེགས་བམ་ལ་བྲིས་པས་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་བྱུང་བས་ན་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་ཞེས་གྲགས་སོ། །དེ་ཉིད་འགྲེལ་པ་སྟོང་ཕྲག་དྲུག་ཅུ་པས་བཀྲལ་བ་དང་བཅས་པར་ལྕགས་སྦྲུལ་ཆུ་རྟ་དང་བཅས་པའི་ལོ་གཉིས་དང་། དེའི་སྟེང་དུ་ཆུ་ལུག་དང་བཅས་པའི་ལོ་གསུམ་གྱི་བར་དུ་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པའི་སྐལ་ལྡན་རྣམས་ལ་དབང་བསྐུར་ཏེ་རྒྱུད་ལེགས་པར་བསྟན་ནས། རྒྱས་འགྲེལ་མཛད་པའི་ཕྱི་དེའི་ལོ་ཉི་མ་ཞེས་པ་ཆུ་ལུག་དེ་ལ་མ་ལ་ཡའི་སྐྱེད་མོས་ཚལ་དུ་དཀྱིལ་འཁོར་གྱི་འཁོར་ལོ་བཞེངས་ཏེ་སྤྲུལ་པའི་སྐུ་གང་ནས་འོངས་པའི་གནས་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཉིད་དུ་གཤེགས་ཞེས་གྲགས་སོ། །དེ་ལྟར་ཡང་། ཁམས་ལེའི་མདོར་བསྡུས་གསུམ་པ་ལས། དེ་བཞིན་གཤེགས་པའི་ངེས་པ་དེའི་ཕྱིར་རྩ་བའི་རྒྱུད་ཀྱི་རྒྱལ་པོ་སྟོང་ཕྲག་བཅུ་གཉིས་པ་དང་། རྒྱས་འགྲེལ་སྟོང་ཕྲག་དྲུག་ཅུ་པ་ཡང་ཤམྦྷ་ལ་ལ་སོགས་པའི་ཡུལ་གྱི་སྐད་གཞན་གྱི་གླེགས་བམ་ལ་བྲིས་ནས་རྒྱལ་པོ་ཟླ་བ་བཟང་པོས་གྲོང་བྱེ་བ་དགུ་བཅུ་རྩ་དྲུག་ན་གནས་པ་རྣམས་ལ་རབ་ཏུ་བསྟན་ཏོ། །དེ་ཉིད་དེ་ལ་མོས་པ་རྣམས་ཀྱིས་ཉན་ཅིང་བཀླགས་ཏེ་རང་གི་སེམས་ལ་བཟུང་ནས་གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་བསྟན་ཏོ། །རྒྱུད་བསྟན་པའི་དུས་དེ་ནས་སེམས་ཅན་རྣམས་ལ་དངོས་གྲུབ་ཀྱི་རྒྱུའི་སླད་དུ་དཀྱིལ་འཁོར་གྱི་འཁོར་ལོ་དང་རྫུ་འཕྲུལ་བསྟན་ནས་སྤྲུལ་པའི་སྐུ་གང་ནས་བྱོན་པ་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཉིད་དུ་གཤེགས་སོ། །ཞེས་དང་། བསྡུས་པའི་རྒྱུད་ཆེན་གྱི་ཁམས་ལེའི་གོ་སླ་ལས། ཤམྦྷ་ལ་ཞེས་རབ་ཏུ་གྲགས་པའི་ཀ་ལཱ་པར་ནི་དཔལ་ལྡན་རྒྱལ་པོ་ཉི་མ་འགའ་ཞིག་གིས། །ལྷ་ཡི་དབང་པོ་རབ་མཆོག་མི་ཡི་བདག་པོར་བཞག་ནས་ཁྱོད་ནི་རང་གི་གནས་སུ་འགྲོ་བར་གྱིས། །ཞེས་རྒྱུད་འགྲེལ་གྱི་སྐབས་མང་པོར་ཉི་མ་འགའ་ཞིག་གི་སྒྲ་ལོ་གསུམ་ཕྱོགས་གསུམ་ལ་བཤད་པ་དང་མཐུན་ནོ། །དེ་ལྟར་ན་ལོ་དྲུག་བརྒྱ་ན་གྲགས་པ་འབྱོན་པར་གསུངས་པ་ཡང་རགས་པ་སྟེ། རྩ་རྒྱུད་གསུངས་པའི་ལོ་དང་ཟླ་བཟང་གི་ལོ་གསུམ་པོ་དྲུག་བརྒྱའི་ཁོངས་སུ་མི་གཏོགས་པས་གཞུག་དགོས་པའི་ཕྱིར་རོ། །མི་གཏོགས་པའི་རྒྱུ་མཚན་ཡང་། ཟླ་བཟང་། ལོངས་སྤྱོད་རྫོགས་པའི་སྐུ་དེ་ཉིད་དུ་གཤེགས་སོ། །ཞེས་པའི་དེ་མ་ཐག །དེ་ནས་ལྷ་དབང་གི་ལོ་བརྒྱའི་བར་རྒྱུད་སྟོན་པར་མཛད་དེ། དེ་བཞིན་དུ་གཟི་བརྗིད་ཅན་དང་། ཟླ་བས་བྱིན་དང་། ལྷའི་དབང་ཕྱུག་དང་། སྣ་ཚོགས་གཟུགས་དང་། ལྷའི་དབང་ལྡན་གྱིས་ཀྱང་ངོ་། །ཞེས་རྒྱལ་པོ་དྲུག་པོ་རང་ལ་ལོ་བརྒྱ་བརྒྱ་རེ་བཤད་པས་སོ། །གཞན་ཡང་། རྩ་རྒྱུད་གླེགས་བམ་ལ་བྲིས་ནས་ཟླ་བ་བཟང་པོས་ཤམྦྷ་ལ་པ་རྣམས་ལ་བསྟན་པར་ཁམས་ལེའི་མདོར་བསྡུས་གསུམ་པའི་ལུང་དྲངས་མ་ཐག་པ་དེས་གྲུབ་ལ། སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་སྡེ་སྣོད་གསུམ་གླེགས་བམ་ལ་བྲིས་པར་བཤད་པ་ལྟར་དུས་འཁོར་ཡང་མྱ་ངན་ལས་འདས་རྗེས་ཡི་གེར་བྲིས་པར་ཁས་ལེན་དགོས་པས་ན། ཁ་ཅིག །ཟླ་བཟང་གི་ལོ་སྟོན་པའི་ལོའི་ཁོངས་སུ་གཏོགས་པར་བྱས་ཏེ། སྟོན་པའི་སྔོན་དུ་འདས་པ་དང་། སྟོན་པ་དང་འདའ་མཉམ་དུ་འདོད་པ་གཉིས་ཀ་མི་ལེགས་པ་ཉིད་དོ། །མྱ་ངན་ལས་འདས་པའི་རྗེས་སུ་རྒྱུད་ཡི་གེར་བྲིས་པར་ཁས་ལེན་དགོས་པའི་རྒྱུ་མཚན་གང་ཞེ་ན། ཁམས་ལེའི་མདོར་བསྡུས་བཞི་པ་ལས། རེ་ཞིག་ཡུལ་གྱི་ཁྱད་པར་གཞན་ལྟ་ཞོག་གི། དེ་བཞིན་གཤེགས་པ་མངོན་པར་རྫོགས་པ་སངས་རྒྱས་པ་འཕགས་པའི་ཡུལ་འདིར། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་ན། སྡུད་པར་བྱེད་པ་པོ་རྣམས་ཀྱིས་ཐེག་པ་གསུམ་གླེགས་བམ་ལ་བྲིས་ཏེ། དེ་བཞིན་གཤེགས་པའི་ངེས་པས་སྡེ་སྣོད་གསུམ་མ་གྷ་དྷའི་སྐད་ཀྱིས་བྲིས་སོ། །མདོ་སྡེ་སིནྡྷུའི་སྐད་ཀྱིས་སོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་ནི་ལེགས་པར་སྦྱར་བའི་སྐད་ཀྱིས་སོ། །སྔགས་ཀྱི་ཚུལ་ལ་རྒྱུད་དང་རྒྱུད་གཞན་ནི་ལེགས་པར་སྦྱར་བའི་སྐད་དང་། ཐ་མལ་པའི་སྐད་དང་། ཟུར་ཆག་གི་སྐད་དང་། ལེགས་པར་སྦྱར་བ་མ་ཡིན་པར་རི་ཁྲོད་པ་ལ་སོགས་པ་ཀླ་ཀློའི་སྐད་ཀྱིས་ཏེ། དེ་ལྟ་བུ་ལ་སོགས་པ་ཐམས་ཅད་མཁྱེན་པས་བསྟན་པའི་ཆོས་སྡུད་པར་བྱེད་པ་པོ་རྣམས་ཀྱིས་བྲིས་སོ། །དེ་བཞིན་དུ་བོད་ཀྱི་ཡུལ་དུ་ཐེག་པ་གསུམ་བོད་ཀྱི་སྐད་ཀྱིས་བྲིས་ཏེ། རྒྱ་ནག་ཏུ་རྒྱ་ནག་གི་སྐད་ཀྱིས་སོ། །རྒྱ་ནག་ཆེན་པོར་རྒྱ་ནག་ཆེན་པོའི་སྐད་ཀྱིས་སོ། །པཱར་སི་ཀའི་ཡུལ་དུ་པཱར་སི་ཀའི་སྐད་ཀྱིས་སོ། །ཆུ་བོ་ཤཱི་ཏའི་བྱང་དུ་ཙམ་པ་ཀའི་ཡུལ་གྱི་སྐད་དང་། སྤྲེའུའི་ཡུལ་གྱི་སྐད་དང་། གསེར་ཞེས་བྱ་བའི་ཡུལ་གྱི་སྐད་ཀྱིས་སོ། །དེ་བཞིན་དུ་ཆུ་བོ་སྔོན་མོའི་བྱང་རུག་མ་ཞེས་བྱ་བའི་ཡུལ་གྱི་སྐད་དང་། སུ་རམ་མའི་ཡུལ་གྱི་སྐད་ཀྱིས་སོ། །དེ་ལྟར་གྲོང་བྱེ་བ་བྱེ་བའི་བདག་ཉིད་ཡུལ་དགུ་བཅུ་རྩ་དྲུག་རྣམས་སུ་ཡུལ་དགུ་བཅུ་རྩ་དྲུག་གི་སྐད་ཀྱིས་བྲིས་སོ། །ཞེས་གསུངས་པས་སྟོན་པ་འདས་རྗེས་སུ་སྡུད་པ་པོ་རྣམས་ཀྱིས་རྒྱུད་འདི་དང་རྒྱུད་གཞན་རྣམས་ཡི་གེར་བྲིས་པ་གསལ་པོར་བྱུང་བ་ཉིད་དང་། ཤམྦྷའི་ཡུལ་དགུ་བཅུ་རྩ་དྲུག་ཏུ་རྒྱུད་ཡི་གེར་བྲིས་པ་དེ་རྣམས་ཀྱིའང་རྗེས་སུ་གསུངས་པའི་ཕྱིར་ན་ཟླ་བཟང་ཉིད་སྟོན་པ་གཤེགས་པའི་འོག་ཏུ་བཞུགས་པ་དང་། དེ་ཡང་བཤད་མ་ཐག་པ་ལྟར་དཔལ་ལྡན་རྒྱལ་པོ་ཉི་མ་འགའ་ཞིག་ཞེས་སོགས་ཀྱི་སྒྲས་ལོ་གསུམ་དུ་བཞུགས་པ་ཉིད་རྒྱུད་འགྲེལ་གྱི་ལུང་དང་ངེས་པར་འབྱོར་བ་ཡིན་ནོ། །གཉིས་པ་ནི། ཟླ་བཟང་གཤེགས་པ་ དེའིའོགཏུ next hit་ཉི་སྒྲོལ་བྱེད་ཤིང་ཕོ་སྤྲེའུའི་ལོ་ནས་བཟུང་སྟེ་རིམ་པར། ས་སྙིང་གི་སྤྲུལ་པ་ལྷ་དབང་དང་། གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་གཟི་བརྗིད་ཅན་དང་། སྒྲིབ་སེལ་གྱི་སྤྲུལ་པ་ཟླ་བས་བྱིན་དང་། རྨུགས་བྱེད་ཀྱི་སྤྲུལ་པ་ལྷའི་དབང་ཕྱུག་དང་། རྟ་མགྲིན་གྱི་སྤྲུལ་པ་སྣ་ཚོགས་གཟུགས་དང་། ནམ་སྙིང་གི་སྤྲུལ་པ་ལྷའི་དབང་ལྡན་ཏེ་ཆོས་རྒྱལ་དྲུག་པོ་རེ་རེས་ཀྱང་དཀྱིལ་འཁོར་གྱི་ཁང་པའི་སྒོ་ཁང་དུ་ལོ་བརྒྱ་བརྒྱའི་བར་དུ་རྩ་རྒྱུད་རྒྱས་འགྲེལ་དང་བཅས་པ་བསྟན་པའི་སྒོ་ནས་འཆད་ཉན་མཛད་དོ། །གཉིས་པ་ལ་གཉིས་ཏེ། གྲགས་པས་བསྡུས་ཚུལ་དང་། རིགས་ལྡན་བརྒྱད་ཀྱིས་བཤད་པའི་ལོ་གྲངས་སོ། །དང་པོ་ནི། ཆོས་རྒྱལ་དྲུག་གིས་ལོ་བརྒྱ་རེ་ཆོས་བསྟན་པའི་ཕྱིར་ལྷ་དབང་བྱོན་ནས་ལོ་དྲུག་བརྒྱ་འདས་པའི་ཤིང་སྤྲེ་ནས་འཇམ་དཔལ་གྱི་སྤྲུལ་པ་རིགས་ལྡན་གྲགས་པས་ལོ་བརྒྱའི་བར་དུ་རྩ་བའི་རྒྱུད་ཀྱི་ཆོས་བསྟན་པ་རྫོགས་མཐའ་སྟེ་མྱ་ངན་ལས་འདའ་བ་ལ་ཕྱོགས་པ་མིག་དམར་ཤིང་བྱིའི་ལོའི་ནག་པའི་ཉར་ཉི་མའི་ཤིང་རྟ་སོགས་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བྱིན་ཏེ་མི་རིགས་བཞི་པོ་རྡོ་རྗེའི་རིགས་གཅིག་ཏུ་བཀས་བཅད། རྩ་རྒྱུད་ལས། དེས་ན་སྙིང་པོའི་དོན་བསྡུས་འདི། །ཐམས་ཅད་མཁྱེན་སོགས་བདག་འདོད་དོ། །འཕྲེང་འཛིན་ཚིགས་བཅད་སུམ་ཅུ་ནི། །ལྷག་པའི་ཕྱོགས་བརྒྱ་ལེའུ་ལྔས། །དཔལ་ལྡན་རྒྱུད་དག་རྫོགས་པར་ནི། །སྨྲ་བའི་རྒྱལ་པོས་སྟོན་པར་འགྱུར། །སྡུད་པར་བྱེད་པ་པོ་ཡང་འདི། །ཞེས་ལུང་བསྟན་པ་ལྟར། མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་ལས། དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཡི་གེ་ཉེར་གཅིག་པ་ཕྲེང་འཛིན་གྱི་སྡེབ་སྦྱོར་གྱིས་བཅིངས་པའི་ཚིགས་བཅད་སྟོང་དང་སུམ་ཅུ་ལེའུ་ལྔའི་བདག་ཉིད་ཅན་དུ་བསྡུ་བར་མཛད་དེ་གཤེགས་སོ། །དེ་ཡང་ལོ་བརྒྱའི་བར་དུ་རིགས་ལྡན་མ་ཡིན་ཡང་རིགས་བཞི་རིགས་གཅིག་ཏུ་མཛད་པ་ནས་རིགས་ལྡན་དུ་གྱུར་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། པད་དཀར་གྱི་འགྲེལ་ཆེན་བརྩམས་པའི་ལོ་དང་། པད་དཀར་སོགས་བརྒྱད་ཀྱིས་བསྡུས་རྒྱུད་བསྟན་པའི་ལོ་གྲངས་སོ། །དང་པོ་ནི། གྲགས་པ་གཤེགས་པའི་མིག་དམར་ཤིང་བྱིའི་ལོ་དེ་ལ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རིགས་ལྡན་པདྨ་དཀར་པོ་སེང་ཁྲིར་འཁོད་དེ། རྩ་རྒྱུད་ལས། འགྲེལ་བཤད་བྱེད་པོ་པད་དཀར་འཛིན། །ཞེས་ལུང་བསྟན་པ་ལྟར་འགྲེལ་ཆེན་དྲི་མ་མེད་པའི་འོད་སྟོང་ཕྲག་བཅུ་གཉིས་པ་འདི་བརྩམས་པར་མཛད་དོ། །གཉིས་པ་ནི། པད་དཀར་གྱི་བསྡུས་རྒྱུད་ལོ་བརྒྱར་བསྟན་པའི་རྗེས་དེ་ནས་བཟུང་སྟེ་རིམ་པར་གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་བཟང་པོ་དང་། ས་སྙིང་གི་སྤྲུལ་པ་རྣམ་རྒྱལ་དང་། རྨུགས་བྱེད་ཀྱི་སྤྲུལ་པ་བཤེས་གཉེན་བཟང་པོ་དང་། སྒྲིབ་སེལ་གྱི་སྤྲུལ་པ་རིན་ཆེན་ཕྱག་དང་། ཁེངས་བྱེད་ཀྱི་སྤྲུལ་པ་ཁྱབ་འཇུག་སྦས་པ་དང་། ནམ་སྙིང་གི་སྤྲུལ་པ་ཉི་མ་གྲགས་པ་དང་། བགེགས་དགྲའི་སྤྲུལ་པ་ཤིན་ཏུ་བཟང་སྟེ། དེ་ལྟར་པད་དཀར་སོགས་རིགས་ལྡན་བརྒྱད་པོ་དེ་རྣམས་ཀྱིས་ལོ་བརྒྱ་བརྒྱ་སྟེ་ཁྱོན་ལོ་བརྒྱད་བརྒྱའི་བར་དུ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་སྟོན་པར་མཛད་དོ། །

གསུམ་པ་ཀླ་ཀློ་ཞུགས་པ་ཕྱིན་གྱི་ལོ་ལ་གཉིས་ཏེ། འདས་ལོ་དངོས་དང་། དེ་ཀླ་ཀློའི་གནས་ཚད་དང་སྒྲིག་པའོ། །དང་པོ་ལ་བཞི་སྟེ། རྒྱ་མཚོ་རྣམ་རྒྱལ་གྱི་སྐུ་ཚེའི་ཚད། རྒྱལ་དཀའི་སྐུ་ཚེའི་ཚད། དེ་གཉིས་བསྡོམས་པས་མེ་མཁའ་རྒྱ་མཚོར་འགྱུར་ཚུལ། དེ་ལ་བསྲེ་རྒྱུའི་རབ་བྱུང་ཕྱིན་གྱི་འདས་ལོའོ། །དང་པོ་ནི། ཤིན་ཏུ་བཟང་གིས་ཆོས་བསྟན་པའི་འོག་ཏུ་ཉི་སྒྲོལ་བྱེད་ཤིང་ཕོ་སྤྲེའུའི་ལོར། ཀླ་ཀློའི་སྟོན་པ། ཨ་རྡོ་དང་། ཨ་ནོ་གྷ་དང་། ཕག་ལྡན་དང་། བྱི་བ་དང་། དབང་པོ་དང་། གོས་དཀར་ཅན་དང་། མ་དྷུ་མ་ཏི་དང་། འཇོམས་བྱེད་དེ་བརྒྱད་བཤད་པའི་ནང་ནས། བདུན་པ་མ་དྷུ་མ་ཏི་སྟེ་མངར་ལྡན་ནམ་སྦྲང་རྩིའི་བློ་གྲོས་ནི་རྒྱ་གར་ནུབ་ཕྱོགས་མ་ཁ་སྟེ་སོག་པའི་ཡུལ་ཏྲི་ཌི་ཞེས་པ་གྲོང་བྱེ་བས་བརྒྱན་པར་བཱ་ག་ད་ལ་སོགས་པའི་གྲོང་དུ་བྱུང་སྟེ། དེས་ཀླ་ཀློ་སྟག་གཟིག་རྣམས་ཀྱི་ཆོས་ལུགས་དར་བར་བྱས་སོ། །དེ་ཞུགས་པ་དང་དུས་མཉམ་པར། ཕྱག་རྡོར་གྱི་སྤྲུལ་པ་རྒྱ་མཚོ་རྣམ་རྒྱལ་ཤམྦྷ་ལའི་སེང་ཁྲིར་ཕེབས་ཏེ་ལོ་བརྒྱ་དང་བརྒྱད་ཅུ་གྱ་གཉིས་ཀྱི་བར་དུ་ཆོས་སྟོན་པ་པོར་བཞུགས་སོ། །ཀླ་ཀློ་དེའི་ཆོས་ལ་མུ་སྟེགས་པ་རྣམས་ཀྱང་ཞུགས་པའི་དབང་གིས་དུས་དེར་ཕྲག་དོག་གི་བསམ་པས་གཞན་གྱིས་མི་ཤེས་པར་བྱ་བའི་ཕྱིར་སྐར་རྩིས་ཀྱི་གྲུབ་པའི་མཐའ་སྦས་ཏེ། ཉུང་ངུའི་བྱེད་པ་ཞེས་བྱ་བའི་རྩིས་རེ་ཞིག་གི་བར་གཟའ་སྐར་གྱི་འགྲོས་སོགས་རྟོགས་པར་སླ་ལ་ལག་ལེན་བྱེད་བདེ་ཡང་། མ་འོངས་པ་ན་གཟའ་སྐར་གྱི་འགྲོས་མི་ཤེས་པའི་རྩིས་ཀྱི་གྲུབ་པའི་མཐའ་སྦས་པ་ཞིག་བརྩམས་པས། སྐར་མཁན་མཐའ་དག་རང་གི་ལུགས་དོར་ནས་ཚམ་ཚོམ་མེད་པར་དེ་ལ་འཇུག་པས་ཆུ་བོ་ཤཱི་ཏའི་ལྷོར་མུ་སྟེགས་པའི་གྲུབ་པའི་མཐའ་བཞི་ཉམས་པར་བྱས་པ་སྟེ། རྒྱུད་ལས། དེ་ནས་ཀླུ་ཡི་ལོ་བརྒྱ་རྣམས་ཀྱི་ངེས་པར་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་དག་རབ་ཏུ་འཇུག །དེ་ཡི་དུས་སུ་འཛིན་མ་ལ་ནི་ཉུང་ངུའི་བྱེད་པ་གསལ་བར་མི་རྣམས་དག་གིས་རིག་པར་བྱ། །མཐའ་དག་ས་གཞི་ལ་ནི་གྲུབ་པའི་མཐའ་རྣམས་རྣམ་པར་ཉམས་པ་དུས་ཀྱི་སྦྱོར་བ་ལ་འབྱུང་འགྱུར། །ཞེས་སོ། །གཉིས་པ་ནི། རྒྱ་མཚོ་རྣམ་རྒྱལ་གྱི་སྐུ་ཚེའི་ཚད་བརྒྱ་གྱ་གཉིས་པ་དེ་འདས་པའི་འོག་མི་ཟད་པ་མེ་ཕོ་ཁྱིའི་ལོར་གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་རྒྱལ་དཀའ་རྒྱལ་སར་ཕེབས་མ་ཐག་པར་སྟོན་པས་མ་འོངས་ལུང་བསྟན་པ་ལྟར། དུས་དེར་ད་ལྟར་བའི་ཚུལ་གྱི་ཕྱག་ལེན་ལ་བཏབ་ནས་རང་ལུགས་ཀྱི་ཉུང་ངུའི་བྱེད་པ་འདི་སྦྱོར་བར་མཛད་པས་རྩིས་འགོ་ཐོག་མར་ཟུག །དེ་ནས་བརྩམས་ཏེ་རྒྱལ་དཀས་ཉིས་བརྒྱ་ཉེར་གཅིག་གི་བར་དུ་ཆོས་བསྟན་པ་རྫོགས་པའི་ལོ་མཐའ་ནི་ཟད་པ་མེ་སྟག་གི་ལོ་ཡིན་ནོ། །གསུམ་པ་ནི། དེས་ན་མ་ཁར་ཀླ་ཀློ་ཞུགས་པ་དང་། རྒྱ་མཚོ་རྣམ་རྒྱལ་ཁྲིར་འཁོད་པའི་ཤིང་སྤྲེ་དེ་ནས་རྒྱལ་དཀའ་གཤེགས་པའི་ཉིས་བརྒྱ་ཉེར་གཅིག་གི་ལོ་མཐའི་མེ་སྟག་དེ་ཡན་ལ་མེ་མཁའ་རྒྱ་མཚོའི་ལོ་ཞེས་གྲགས་པ་ཉིད་དོ། །བཞི་པ་ནི། དེ་འོག་རབ་བྱུང་མེ་ཡོས་ལ་རིགས་ལྡན་ཉི་མས་ཆོས་བསྟན་པའི་ཐོག་མའི་ལོ་འདི་ནི། རྒྱུད་ལས། མེ་མཁའ་རྒྱ་མཚོ་རྣམས་ལ་རབ་བྱུང་ལ་སོགས་འདས་པ་བསྲེ་བར་གསུངས་པའི་བསྲེ་རྒྱུའི་འདས་ལོའི་ཐོག་མ་དང་། དུས་འཁོར་གྱི་རྒྱུད་ཆེན་འདི་འཕགས་ཡུལ་དུ་ཐོག་མར་ཕེབས་པའི་ལོའོ། །མེ་ཡོས་དེ་ནས་ད་ལྟའི་རབ་བྱུང་བཅུ་གཅིག་པ་འདིའི་ནང་གི་ལྕགས་སྤྲེའི་ལོ་མཐའ་རྫོགས་པ་ཡན་ལ་ལོ་གྲངས་དྲུག་བརྒྱ་ང་བཞི་འདས་པ་དེའི་ཕྱིར་ན་ས་སྙིང་གི་སྤྲུལ་པ་རིགས་ལྡན་ཉི་མ་དང་། རྨུགས་བྱེད་ཀྱི་སྤྲུལ་པ་སྣ་ཚོགས་གཟུགས་དང་། སྒྲིབ་སེལ་གྱི་སྤྲུལ་པ་ཟླ་བའི་འོད་དང་། ཁེངས་བྱེད་ཀྱི་སྤྲུལ་པ་མཐའ་ཡས་དང་། ནམ་སྙིང་གི་སྤྲུལ་པ་ས་སྐྱོང་དང་། བགེགས་དགྲའི་སྤྲུལ་པ་དཔལ་སྐྱོང་སྟེ། དྲུག་པོ་དེ་རྣམས་ཀྱིས་ལོ་བརྒྱ་བརྒྱ་སྟེ་ཁྱོན་དྲུག་བརྒྱ་དང་། ཕྱག་རྡོར་གྱི་སྤྲུལ་པ་རིགས་ལྡན་སེང་གེ་ཁྲིར་ཕེབས་ནས་ལྔ་བཅུ་ང་བཞི་འདས་པའི་ང་ལྔ་པ་ནི་ལྕགས་མོ་བྱ་ལོ་འདི་ཡིན་ནོ། །

གཉིས་པ་ཀླ་ཀློའི་གནས་ཚད་དང་སྒྲིག་པ་ལ་གསུམ་སྟེ། དངོས་དང་། གནས་ཚད་ལས་ལོ་གསུམ་གྱིས་མང་བའི་སྐྱོན་སྤོང་། དེང་སང་ཤམྦྷ་ལའི་ཁྲིར་སྟོབས་ཆེན་བཞུགས་པར་འདོད་པ་དགག་པའོ། །དང་པོ་ནི། དེས་ན་རིགས་ལྡན་ཉི་མ་ནས་སེང་གེའི་བར་གྱི་རིགས་ལྡན་བདུན་གྱི་སྟེང་དུ། གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་རྣམ་གནོན་དང་། ས་སྙིང་གི་སྤྲུལ་པ་སྟོབས་པོ་ཆེ་དང་། རྨུགས་བྱེད་ཀྱི་སྤྲུལ་པ་མ་འགགས་པ་དང་། སྒྲིབ་སེལ་གྱི་སྤྲུལ་པ་མིའི་སེང་གེ་དང་། མཁའ་སྙིང་གི་སྤྲུལ་པ་དབང་ཕྱུག་ཆེན་པོ་དང་། ཕྱག་རྡོར་གྱི་སྤྲུལ་པ་མཐའ་ཡས་རྣམ་རྒྱལ་དང་། འཇམ་དཔལ་གྱི་སྤྲུལ་པ་དྲག་པོ་འཁོར་ལོ་ཅན་ཏེ། ཉི་མ་ནས་འདིའི་བར་གྱི་རིགས་ལྡན་བཅུ་བཞི་པོ་རྣམས་ཀྱིས་ལོ་བརྒྱ་བརྒྱ་རེར་ཆོས་བསྟན་པའི་ཕྱིར་ན་ལོ་སྟོང་བཞི་བརྒྱ་འབྱུང་ལ། དེ་ཉིད་སྔར་གྱི་ཀླ་ཀློ་ཞུགས་པ་ནས་ཀྱི་ལོ། མེ་མཁའ་རྒྱ་མཚོ་ལ་བསྣན་པས་ཀླ་ཀློའི་གནས་ཚད་སྟོང་བརྒྱད་བརྒྱར་གསུངས་པ་དང་འགྲིག་ཕྱིར་རྒྱུད་འགྲེལ་གྱི་དགོངས་པ་རྣམ་པར་དག་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མདོར་བསྡུས་དགུ་པ་ལས། དེ་ནས་ཀླུ་ཡི་ལོ་བརྒྱ་རྣམས་ཀྱི་ཞེས་པ་གྲགས་པ་མྱ་ངན་ལས་འདས་ནས་ཀླུ་སྟེ་ལོ་བརྒྱད་བརྒྱ་ནས་ངེས་པར་ཞེས་པ་གདོན་མི་ཟ་བར་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་དག་རབ་ཏུ་འཇུག་པར་འགྱུར་ཏེ། ཞེས་དང་། ཁམས་ལེའི་གོ་སླར། རིགས་ལྡན་རིགས་ཀྱི་ནང་ནས་ལག་པས་བསྒྱུར་བའི་དུས་ཀྱི་བུ་དང་ཚ་བོ་དག་ནི་འདས་གྱུར་པ། །དེ་ཡི་དུས་སུ་ངེས་པར་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་ནི་རབ་ཏུ་འཇུག་པ་དག་ཏུ་འགྱུར། །ཞེས་ལག་པ་སྟེ་གཉིས་ཀྱིས་དུས་ཤེས་པ་བཞི་བསྒྱུར་བས་བརྒྱད་དེ། གྲགས་པའི་བུ་པད་དཀར་དང་། ཚ་བོ་བཟང་པོ་སོགས་བརྒྱད་འདས་པའི་མཐར་ཀླ་ཀློ་འཇུག་པར་གསུངས་པ་དང་། བདུན་པ་ཡང་དག་སྐྱེས་པ་སྟེ། །ཞེས་སོགས་ཀྱིས་འཁོར་ལོ་ཅན་གྱི་གཞོམ་བྱ་ཀླ་ཀློའི་གནས་ཚད་སྟོང་བརྒྱད་བརྒྱའི་ཐོག་མ་སྦྲང་རྩིའི་བློ་གྲོས་ཞུགས་པ་ལ་ངོས་འཛིན་པ་ཉིད་གསལ་བའི་ཕྱིར་དང་། བྱེད་པའི་ལག་ལེན་ལ་མེ་མཁའ་རྒྱ་མཚོ་གཞིར་བྱས་ནས་ཀླ་ཀློའི་ལོ་རྟོགས་བྱེད་ཀྱི་ཆོ་ག་གསུངས་པ་ལ་གཞན་དུ་ན་དོན་མེད་པའི་ཕྱིར་རོ། །དེས་ན་དེ་ཉིད་ནས་ཐོག་མ་བཟུང་སྟེ་བརྩི་བྱ་ཀླ་ཀློའི་གནས་ཚད་སྟོང་བརྒྱད་བརྒྱར་གསུངས་ཚུལ་གང་ཞེ་ན། རྒྱུད་ཕྱི་མ་ལས། དེ་ལ་བཅོ་བརྒྱད་ལོ་ཡིས་བརྒྱ་ཕྲག་བསྒྱུར་ཏེ་བརྒྱ་ཡིས་འཕགས་པའི་ཡུལ་གྱི་མ་ཁ་ལ་སོགས་པར། །ཀླ་ཀློ་རྣམས་ཀྱི་གྲགས་པ་གང་དང་གང་ཞིག་མུན་ཅན་གྱུར་པ་དེ་རྣམས་བདག་གིས་དྲུང་ཕྱུངས་ཏེ། །ཞེས་དང་། ཁམས་ལེའི་གོ་སླའི་འགྱུར་གསར་ལས། དེ་ལྟར་དུམ་བུ་ཐམས་ཅད་དུའང་དུས་བཞིའི་དུས་སུ་ཀླ་ཀློའི་ཆོས་ནི་རབ་ཏུ་འཇུག་པ་སྟེ། །ལོ་ནི་བརྒྱད་དང་གཅིག་གི་བརྒྱར་ནི་ངེས་པར་གནས་ཏེ་དེ་ནས་ཀླ་ཀློའི་ཆོས་ནི་ཉམས་པའོ། །ཞེས་བརྒྱད་དང་གཅིག་སྟེ་བཅོ་བརྒྱད་བརྒྱས་བསྒྱུར་བས་སྟོང་བརྒྱད་བརྒྱ་འབྱུང་བས་སོ། །དེ་ལྟར་ན། རྒྱ་མཚོ་རྣམ་རྒྱལ་མན་ཆད་ཀྱི་རིགས་ལྡན་རྣམས་ཀྱི་སྐུ་ཚེའི་ཚད་བསྡོམས་པ་དང་ཀླ་ཀློའི་གནས་ཚད་འགྲིག་དགོས་པར་གྲུབ་ལ། དེ་གྲུབ་པ་ཉིད་ཀྱིས། བརྒྱ་གྱ་གཉིས་དང་། ཉིས་བརྒྱ་ཉེར་གཅིག །ཡབ་སྲས་གཉིས་ཀྱི་དགུང་ལོར་སྦྱར་ནས་བཤད་པ་འདི་ལེགས་ཏེ། འགྲེལ་ཆེན་ལས་ལོའི་ངེས་པ་འཆད་པའི་སྐབས་སུ་རྒྱལ་བས་རྒྱུད་གསུངས་པའི་ཐོག་མའི་དུས་ལ། དེ་བཞིན་གཤེགས་པའི་དུས་ལ། ཞེས་དང་། དེ་ནས་རགས་པ་ལོ་དྲུག་བརྒྱ་ན་འཇམ་དཔལ་གྱི་དུས་དང་། དེ་ནས་ལོ་བརྒྱད་བརྒྱ་ན་ཀླ་ཀློའི་དུས་དང་། དེ་ནས་བརྒྱ་བརྒྱད་ཅུ་རྩ་གཉིས་ན་རིགས་ལྡན་རྒྱལ་དཀའི་དུས་སུ་རྒྱུན་གཅིག་པར་གསུངས་ཤིང་། དེ་ཐམས་ཅད་ཀྱང་རང་རང་གི་ཐོག་མའི་ཆོས་བསྟན་པའི་ལོ་ལ་སྦྱར་ན་འབྲེལ་བའི་ཕྱིར་རོ། །གལ་ཏེ་ཡབ་སྲས་གཉིས་པོའི་སྐུ་ཚེ་ཡང་ལོ་བརྒྱ་བར་བྱས་ན་མ་ཁར་ཀླ་ཀློ་ཞུགས་པ་དང་རྒྱ་མཚོ་རྣམ་རྒྱལ་ཁྲིར་ཕེབས་ནས་དྲག་པོ་འཁོར་ལོ་ཅན་གྱིས་དགུང་ལོ་བརྒྱ་བཞེས་པའི་བར་ལོ་སྟོང་དྲུག་བརྒྱ་ལས་མེད་པ་དང་། པད་དཀར་མན་ལ་རིགས་ལྡན་ཉེར་ལྔ་འདོད་པའི་ཕྱོགས་ལའང་ལོ་བརྒྱས་ཉུངས་སོ། །ཡང་ཀླ་ཀློ་ཐོག་མར་ཞུགས་པའི་དུས་རིགས་ལྡན་ཉི་མ་གྲགས་ཀྱི་ཐོག་མའི་ལོ་ལ་ཞུགས་སོ་ཞེ་ན། དེ་ཡང་མི་རིགས་ཏེ། རྒྱུད་ལས། དེ་ནས་ཀླུ་ཡི་ལོ་བརྒྱ་ཞེས་སོགས་རྩ་འགྲེལ་གྱིས་གྲགས་པ་འདས་ནས་ལོ་བརྒྱད་བརྒྱ་ན་མ་ཁའི་ཡུལ་དུ་ཀླ་ཀློ་འཇུག་པར་གསུངས་ལ། ཁྱོད་ལྟར་ན་ལོ་དྲུག་བརྒྱ་ན་ཀླ་ཀློ་འཇུག་པར་འདོད་པས་སོ། །འདིར་མཁས་པ་ཁ་ཅིག་ན་རེ། ཤེས་རི་ན། ཀླ་ཀློའི་གནས་ཚད་མ་ཚང་མོད་ཀྱི་རགས་རྩིས་ཀྱི་དབང་དུ་བྱའོ། །ཞེས་གསུང་ངོ་། །དེའང་མི་རིགས་ཏེ། རྒྱུད་འགྲེལ་འདིར་གསུངས་པའི་གནས་ཚད་ལ་སོགས་པ་རྣམས་རང་ཉིད་ཀྱིས་ཞིབ་རྩིས་སུ་རྣམ་པ་ཀུན་ཏུ་བཤད་པ་དང་འགལ་བའི་ཕྱིར་རོ། །གཉིས་པ་ནི། ཁོ་ན་རེ། འོ་ན་ཁྱོད་ཀྱི་ལུགས་འདི་ལའང་ཀླ་ཀློའི་གནས་ཚད་ལས་ལོ་གསུམ་གྱིས་མང་བའི་སྐྱོན་ཡོད་དོ་ཞེ་ན། སྐྱོན་མེད་དེ། འདིའི་ལྷག་མའི་ལོ་གསུམ་པོ་ནི་རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱིས་ཀླ་ཀློ་འཇོམས་པའི་བར་གྱི་ལོར་བཟུང་བས་ཆོག་སྟེ། འོག་ཏུ་འཆད་པ་ལས་ཤེས་པར་བྱའོ། །གསུམ་པ་ནི། དེས་ན་འདི་འདྲའི་རྒྱུད་འགྲེལ་གྱི་ཟབ་མོའི་གནད་མ་རྟོགས་པས། དེང་སང་ལྗོངས་འདིར་རྒྱུ་ཞིང་འགྱིང་བའི་རྩིས་པ་གྲགས་ལྡན་ཀུན་ན་རེ། གྲགས་པ་འདས་ནས་བརྒྱད་བརྒྱ་ན་མ་ཁར་ཀླ་ཀློ་ཞུགས་པ་ཡིན་ནོ་ཞེས་འདོད་པ་དང་། ཀླ་ཀློ་དེའི་གནས་ཚད་ཀྱང་སྟོང་དང་བརྒྱད་བརྒྱ་པར་འདོད་པ་ཉིད་ལེགས་སོ་ཞེས་སྨྲ་བཞིན་དུ། ད་ལྟའི་ལྕགས་བྱ་འདི་ཡན་ལ་རིགས་ལྡན་རྣམ་གནོན་ཡན་རྫོགས་ཏེ་སྟོབས་ཆེན་ཁྲིར་ཕེབས་ནས་ལྔ་བཅུ་རྩ་བདུན་འདས་སོ་ཞེས་དེ་མ་ཐག་ཏུ་འགལ་བའི་ཚིག་མགྲིན་གཅིག་ཏུ་སྨྲ་བ་འདི་ནི་སྨྲ་བ་པོ་རང་འདྲ་བའི་དབུས་སུ་མཛེས་ནའང་། མཁས་པས་མཐོང་ན་ཁྲེལ་བའི་བཞད་གད་ཀྱི་རྒྱུ་ལས་གཞན་དུ་མ་ཡིན་ནོ། །

གསུམ་པ་འདས་ལོ་དག་པའི་དོན་བསྡུ་བ་ནི། དེ་ལྟར་སྟོན་པ་འཁྲུངས་པ་ནས། །ཞེས་སོགས་ཚིགས་སུ་བཅད་པ་ཕྱེད་དང་ལྔས་བསྟན་ཏོ། །

གཉིས་པ་ཉེར་མཁོ་འགའ་ཞིག་བཀོད་པས་མི་འཆུག་པའི་གཟེར་བཤད་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། གཞན་ཡང་ཉེར་མཁོ་འགའ་ཞིག་བཤད། །ཅེས་སོ། །གཉིས་པ་ནི། མདོ་རྒྱུད་ལ་བརྟེན་རྒྱུ་མེད་པའི་གཏམ་རྒྱུད་རྙིང་པའི་རྒྱུན་ཙམ་ལ་བརྟེན་ནས་འདས་ལོ་རྩི་བ་ནི་རགས་པའི་རྣམ་གཞག་ཡིན་པས་བོར་ལ། འདིར་དུས་འཁོར་རྒྱུད་འགྲེལ་ལས་འདི་ནས་འདིའི་བར་ལོ་འདི་ཙམ་ཞིག་སོང་ཞེས་ངེས་པ་ཅན་དུ་གསུངས་པའི་ལུང་དང་། གཟའ་འཛིན་སོགས་ས་རིས་དང་། མཐུན་པའི་མངོན་སུམ་ཚད་གྲུབ་ཀྱི་རིགས་པ་དང་མི་འགལ་བའི་བསྟན་རྩིས་འདི་ཉིད་རྣམ་པར་ངེས་པས་འདི་ལ་སྲོག་ཤིང་བྱས་ཏེ་མདོ་རྒྱུད་གཞན་ལས་ལུང་བསྟན་པའི་ལོ་གྲངས་དང་རྒྱ་བོད་ཀྱི་དེབ་ཐེར་རྣམས་ལས་བྱུང་བའི་མཁས་གྲུབ་ཀྱི་བླ་མ་རྣམས་དང་རྒྱལ་པོ་ལ་སོགས་པ་བྱོན་པའི་རབས་བསྒྲིགས་ནས་འཆད་པ་ལས། ཐོག་མ་ཁོ་ནར་སྟོན་པ་ལྕགས་འབྲུག་ས་གའི་ཉར་མྱ་ངན་ལས་འདས་པ་ནས་ཟླ་བ་གཉིས་ཐལ་བ་ཆུ་སྟོད་ཟླ་བའི་མར་ངོའི་ཚེས་བཅུ་དྲུག་ནས་རྒྱལ་བའི་བཀའ་བསྡུ་དང་པོ་བྱས་སོ། །བླ་མེད་དོན་རྫོགས་འདུས་པའི་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་གཉིས་ལོན་པ་ན། །འཇིག་རྟེན་ཀུན་གྱི་དཔལ་ལྡན་པ། །ཨུ་རྒྱན་ཡུལ་དུ་ང་ཉིད་འབྱུང་། །པདྨ་འབྱུང་གནས་ཞེས་བྱ་བ། །སྔགས་ཀྱི་སྟོན་པར་ལུང་དུ་བསྟན། །ཞེས་དང་། དཔེ་ཁ་ཅིག་ཏུ། ལོ་ནི་བཅུ་རུ་གཉིས་ཆད་ན། །ཞེས་དང་། ལོ་ནི་བཞི་གསུམ་ལོན་པ་ནི། །ཞེས་ཡི་གེ་པའི་སྐྱོན་གྱིས་མི་འདྲ་བ་སྣ་ཚོགས་སྣང་མོད། དང་པོ་གཉིས་ལྟར་ན། སྟོན་པའི་གཤེགས་ལོ་ལྕགས་འབྲུག་ནས་བརྩམས་ཏེ་ལོ་བརྒྱད་པ་ས་བྱི་དང་། ཕྱི་མ་ལྟར་ན། ལྕགས་ཡོས་ལ་འདོད་དགོས་ཀྱང་། རྗེ་བླ་མའི་གཏེར་བྱོན་གཤིན་རྗེ་དྲེགས་འཇོམས་ཀྱི་ལུང་བསྟན་ལས། བདག་འདྲ་མཚོ་སྐྱེས་རྡོ་རྗེ་ཐོད་ཕྲེང་རྩལ༔སྤྲེའུའི་ལོ་ལ་ཀོ་ཤའི་གླིང་དུ་འཁྲུངས༔ཞེས་དང་། རིག་འཛིན་འཕྲིན་ལས་ལྷུན་གྲུབ་ཀྱིས་མཛད་པའི་ཚེས་བཅུའི་ཕན་ཡོན་ལས། ཁྱད་པར་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ། །བལྟམས་དང་སྲིན་པོའི་ཁ་གནོན་བྱོན་ལ་སོགས། །ཞེས་སྤྲེའུའི་ལོ་ལ་བལྟམས་པར་བཤད་པས། དེ་ལྟར་ན་སྟོན་པ་འདས་ནས་ལོ་བཞི་འདས་པ་ལྷ་དབང་གིས་ཆོས་བསྟན་པའི་ཤིང་སྤྲེལ་དེ་དང་འགྲིག་ཤས་ཆེ་བས། ལུང་ལས་ལོ་བརྒྱད་དུ་གསུངས་པ་དེ་བགྲོད་པ་རེ་ལ་ལོ་དགོངས་པའམ། ཡང་ན། ལོ་བཞི་གསུམ་དུ་གསུངས་པ་དེ་བཞིའམ་གསུམ་གང་རིགས་ན་ཞེས་འདམ་ཁར་གསུངས་སམ་སྙམ་སྟེ་ད་དུང་བརྟག་པར་བྱའོ། །སྡོམ་འབྱུང་གི་རྒྱུད་ཕྱི་མར། ང་ནི་འདི་ནས་མི་སྣང་ན། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ཞེས་དང་། མདོ་དགོངས་འདུས་ལེའུ་གསུམ་པར། དེ་ནས་ལོ་བརྒྱད་དང་བཅུ་གཉིས་འདས་པ་ན། དམ་པའི་རིགས་ཅན་སེམས་དཔའ་ཆེན་པོ་དག །ཅེས་སོགས་གསུངས་པའི་བཅུ་གཉིས་ནི་འགྱུར་མ་བདེ་བས་མ་ཐོན་པ་སྟེ། དོན་ལ་བཅུ་ཚན་གཉིས་ཡིན་པས་ཉི་ཤུའོ། །དེ་སྐད་དུའང་། ཨ་ཏི་ཟབ་དོན་སྙིང་པོའི་ལོ་རྒྱུས་ལས། ང་ནི་འདི་ནས་མི་སྣང་ན༔ལོ་ནི་བརྒྱད་དང་ཉི་ཤུའི་ཚེ༔ལྷ་གནས་གསུམ་དུ་གྲགས་པ་ནི༔བསྟན་པའི་སྙིང་པོ་དམ་པ་ཞིག༔འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི༔མི་ལས་སྐལ་ལྡན་རིགས་ཅན་ཏེ༔རྒྱལ་པོ་ཛ་ཞེས་བྱ་བ་ལ༔སྔོན་ལྟས་བཟང་པོ་སྣང་བར་འགྱུར༔དྲག་ཤུལ་ཅན་ཞེས་བྱ་བ་ཡི༔གྲོགས་ཀྱི་སེམས་དཔའ་དམན་པའི་རིགས༔ལངྐའི་བདག་པོ་ལ་སོགས་པར༔ལག་ན་རྡོ་རྗེས་གནང་བར་འགྱུར༔ཞེས་སོགས་གསུངས་པ་ལྟར་རོ། །དེས་ན་གསང་བདག་གིས་རི་མ་ལ་ཡའི་རྩེར་རིགས་ཅན་ལྔ་ལ་ཆོས་འཁོར་བསྐོར་བའི་བྱིན་རླབས་ཀྱིས་རྒྱལ་པོ་ཛ་ལ་རྨི་ལྟས་བདུན་བྱུང་སྟེ་ཁང་སྟེང་དུ་གསང་སྔགས་རྒྱུད་སྡེའི་གླེགས་བམ་དངོས་སུ་བབས་པ་ནི་སྟོན་པ་གཤེགས་ནས་ལོ་ཉི་ཤུ་རྩ་བརྒྱད་འདས་པ་ལྷ་དབང་གིས་ཆོས་བསྟན་ནས་ཉེར་བཞི་ལོན་པའི་ས་ཕོ་སྤྲེའུ་དེ་ལ་ཡིན་ཏེ། བརྒྱད་དང་ཉི་ཤུ་ནི་གནས་གཞན་འགོད་པའི་རིམ་པས་དོན་ལ་ཉི་ཤུ་རྩ་བརྒྱད་ཡིན་པའི་ཕྱིར་རོ། །དེ་སྐད་དུའང་སྙིང་པོའི་རྒྱས་འགྲེལ་ཉི་སེང་མ་ལས། དེ་ནས་གཞུག་ཏུ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན་ངའི་ཆོས་འདི་དག་ཕྱུང་ལ། ཁུངས་ནི་ལྷ་ཡུལ་ནས་བབས་པར་སྙོད་ལ། བཀའ་ཡང་དག་པའི་དོན་དང་མི་འགལ་བའི་ཕྱིར་ནི་ཕྱག་ན་རྡོ་རྗེའི་མཐུས་བསྟན་པར་སྒྲོགས་ཤིག་ཅེས་དང་། ཨ་ཏི་ཟབ་དོན་སྙིང་པོ་ལས། སྟོན་པ་གཤེགས་ནས་ལོ་ཉི་ཤུ་རྩ་བརྒྱད་ན་རྒྱལ་པོ་ཛ་ལ་རྨི་ལྟས་བདུན་བྱུང་། ཞེས་སོགས་གསུངས་པས་སོ། །ས་སྤྲེ་དེ་ནས་བདུན་ཅུ་དོན་གཉིས་འདས་པའི་ལྕགས་སྤྲེ་ལ་ཆོས་རྒྱལ་མྱ་ངན་མེད་འབྱོན་པ་དང་ཁ་བ་ཅན་དུ་མཚོ་བྲི་ནས་སཱ་ལའི་ནགས་འབྱུང་བར་ལུང་བསྟན། དེ་ནས་བཞི་འདས་པའི་ཤིང་བྱི་ལ་གཟི་བརྗིད་ཅན་ཁྲིར་ཕེབས། དེ་ནས་དྲུག་འདས་པའི་ལྕགས་རྟ་ལ་རྒྱལ་བའི་བཀའ་བསྡུ་བར་པ་བྱས། དེ་ནས་གཉིས་འདས་པའི་ཆུ་སྤྲེ་ལ་ས་ར་ཧ་འཁྲུངས་ཏེ། ལོ་ནི་བརྒྱ་དང་བཅུ་གཉིས་ན། །ཅིག་ཅར་མཆོག་གི་སྐལ་བ་ཅན། །ས་ར་ཧ་ཞེས་བྱ་བ་འབྱུང་། །ཞེས་འབྱུང་བས་སོ། །རྟོག་གེ་འབར་བ་ལས། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་གཉིས་འདས་པ་ན། གནས་བརྟན་གནས་མའི་བུས་བསྟན་པ་བསྡུས་སོ། །ཞེས་པ་ལྟར་ན་གསང་སྔགས་བབས་པའི་ལྕགས་འབྲུག་དེ་ནས་ལོ་བརྒྱད་ཅུ་འདས་པའི་ལྕགས་བྱི་ལ་བཀའ་བསྡུ་གསུམ་པ་བྱས། དེ་ནས་བཞི་འདས་པའི་ཤིང་འབྲུག་ལ་ཟླ་བས་བྱིན་ཁྲིར་ཕེབས། དེ་ནས་ལོ་བརྒྱ་འདས་པའི་ཤིང་སྤྲེ་ལ་ལྷའི་དབང་ཕྱུག་ཁྲིར་ཕེབས། དེ་ནས་བཞི་བཅུ་ཞེ་གཅིག་འདས་པའི་ཤིང་མོ་གླང་གི་ལོ་ལ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་འཁྲུངས། འདིར་སྙིང་ཐིག་བབས་ལུགས་ཆེན་མོར། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་དྲུག་ཅུ་ན་དགའ་རབ་རྡོ་རྗེ་བྱོན་པར་གསུངས་པ་ལ། འདིར་སུམ་བརྒྱ་ཞེ་ལྔ་ན་བྱོན་པར་སོང་བས་ལོ་བཅོ་ལྔ་མ་ཚང་བའི་སྐྱོན་གནས་སོ་ཞེ་ན། བབས་ལུགས་ཆེན་མོར་གསུངས་པ་དེ་རགས་རྩིས་ཀྱི་དབང་དུ་བྱས་པ་ཡིན་པས་སྐྱོན་མེད་དོ། །གལ་ཏེ་རགས་རྩིས་མ་ཡིན་ན་འཁྲུངས་ལོ་ལྕགས་འབྲུག་ཡིན་པར་འགྱུར་བས། ཨ་ཏི་ཟབ་དོན་སྙིང་པོ་དང་བཻ་རོའི་འདྲ་འབག་རྣམས་སུ་དགུང་སྙིང་ཤིང་གླང་ཡིན་པར་བཤད་པ་དང་འགལ་བས་སོ། །ཤིང་གླང་དེ་ནས་ལྔ་བཅུ་ང་ལྔ་འདས་པའི་ལྕགས་སྤྲེ་ལ་མགོན་པོ་ཀླུ་སྒྲུབ་འཁྲུངས་ཏེ། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་བརྒྱ་ལོན་པ་ན། །ཀླུ་ཞེས་བྱ་བའི་དགེ་སློང་འབྱུང་། །ཞེས་སོ། །དེང་སང་གི་བསྟན་འཛིན་ཕལ་ཆེར་བཀའ་བསྡུ་གསུམ་པ་དུས་འདི་ཙམ་ན་བྱས་པར་བཞེད་དོ། །ལྕགས་སྤྲེ་དེ་ནས་ལོ་བཞི་འདས་པའི་ཤིང་བྱི་ལ་སྣ་ཚོགས་གཟུགས་དང་། དེ་ནས་ལོ་བརྒྱ་བརྒྱ་འདས་པའི་ཤིང་འབྲུག་དང་། ཤིང་སྤྲེ་དང་། ཤིང་བྱི་རྣམས་ལ་རིམ་པར་ལྷའི་དབང་ལྡན་དང་། འཇམ་དབྱངས་གྲགས་པ་དང་། པད་དཀར་རྣམས་བྱོན། དེ་ནས་ལྔ་བཅུ་འདས་པའི་ཤིང་སྟག་ལ་གཉའ་ཁྲི་བཙན་པོ་བོད་ཀྱི་རྗེར་བྱོན། དེ་ནས་ལྔ་བཅུ་འདས་པའི་ཤིང་འབྲུག་ལ་བཟང་པོ་ཁྲིར་ཕེབས། དེ་ནས་གོ་དྲུག་འདས་པའི་ལྕགས་འབྲུག་ལ་འཕགས་པ་ཐོགས་མེད་བྱོན་ཏེ། ལོ་ནི་དགུ་བརྒྱ་ལོན་པ་ན། །ཞེས་འབྱུང་བས་སོ། །དེ་ནས་བཞི་འདས་པའི་ཤིང་སྤྲེ་ལ་རྣམ་རྒྱལ་དང་། དེ་ནས་ལོ་བརྒྱ་བརྒྱ་རེ་འདས་པའི་ཤིང་བྱི་དང་། ཤིང་འབྲུག་དང་། ཤིང་སྤྲེ་རྣམས་ལ་རིམ་པར་བཤེས་གཉེན་བཟང་པོ་དང་། རིན་ཆེན་ཕྱག་དང་། ཁྱབ་འཇུག་སྦས་པ་རྣམས་སེང་ཁྲིར་ཕེབས། དེ་ནས་ལྔ་བཅུ་འདས་པའི་ཤིང་ཁྱི་ལ་ལྷ་ཐོ་ཐོ་རི་གཉན་བཙན་འཁྲུངས། དེ་ནས་ལྔ་བཅུ་འདས་པའི་ཤིང་བྱི་ལ་ཉི་མ་གྲགས་སེང་ཁྲིར་ཕེབས། དེ་ནས་དགུ་འདས་པའི་ཆུ་བྱ་ལ། ཙིནྟ་མ་ཎིའི་སྐུ་དང་། མདོ་ཟ་མ་ཏོག་བཀོད་པ་དང་། དཔང་སྐོང་ཕྱག་བརྒྱ་པ། ཤེལ་གྱི་མཆོད་རྟེན་ཁྲུ་གང་པ་རྣམས་བབས་ཏེ་བོད་ཡུལ་དུ་དམ་པ་ཆོས་ཀྱི་དབུ་བརྙེས། དེ་ནས་ལོ་དྲུག་ཅུ་འདས་པའི་ཆུ་བྱ་ལ་ལྷ་ཐོ་ཐོ་རི་གཤེགས། མཁན་ཆེན་ཞི་བ་འཚོས་ཁྲི་སྲོང་དང་གསལ་སྣང་སྒུག་གིན་བོད་ཀྱི་རྒྱལ་རབས་དགུའི་བར་དུ་བཞུགས་པར་རྦ་བཞེད་གཙང་མ་ན་ཡོད་གསུངས་པ་ལྟར་ན་མཁན་ཆེན་ཐོ་ཐོ་རིའི་དུས་ཙམ་ལ་འཁྲུངས་པ་འདྲ་ཡང་ལོ་ཚིགས་མ་མཐོང་ངོ་། །ཐོ་ཐོ་རི་གཤེགས་ནས་སུམ་ཅུ་སོ་གཅིག་འདས་པའི་ཤིང་འབྲུག་ལ་ཤིན་ཏུ་བཟང་ཁྲིར་ཕེབས། དེ་ནས་ལོ་བརྒྱད་ཅུ་འདས་པའི་ཤིང་ཕོ་བྱི་བ་ལ་གནམ་རི་སྲོང་བཙན་འཁྲུངས། བོད་ཀྱི་རྒྱལ་རབས་དེ་ཡན་ཆད་ནི། ཆོས་རྒྱལ་གྱི་བཀའ་ཚིགས་ཆེན་མོར། རྗེ་གཉའ་ཁྲི་ནས་ཐོ་ཐོ་རིའི་བར། ཉེར་བདུན་ལ་ལོ་ལྔ་བརྒྱ། ཐོ་ཐོ་རིས་ལོ་བརྒྱ་ཉི་ཤུ་ཐུབ། དེ་ནས་གནམ་རི་སྲོང་བཙན་གྱི་བར་ལ་ལོ་བརྒྱ་དང་བཅུ་གཅིག་སོང་། ཞེས་སོགས་སྔ་མ་རྣམས་ཀྱིས་བཀོད་པ་ལྟར་ཚད་མར་བྱས་ནས་བྲིས་སོ། །ད་ནི་གཞུང་ཉིད་ཀྱི་དཀྱུས་ལ་འཇུག་པར་བྱའོ། །ཤིང་སྤྲེར་ཀླ་ཀློ་ཞུགས་པ་ནས། །ཞེས་སོགས་ཚིགས་སུ་བཅད་པ་གཉིས་ཏེ། དེ་ཡང་གནམ་རི་སྲོང་བཙན་འཁྲུངས་ནས་ལོ་ཉི་ཤུ་འདི་སྟེང་ནས་བཅུ་དྲུག་འདས་པའི་ལྕགས་འབྲུག་གིས་འབྲས་བུའི་དུས་ཀྱི་ལྔ་བརྒྱ་ཕྲག་གསུམ་རྫོགས། འདས་པའི་ཤིང་སྤྲེ་ལ་ཀླ་ཀློ་ཞུགས་པ་དང་དུས་མཉམ་པར་རྒྱ་མཚོ་རྣམ་རྒྱལ་ཁྲིར་ཕེབས། དེ་ནས་ལྔ་འདས་པའི་ས་གླང་ལ་སྲོང་བཙན་སྒམ་པོ་འཁྲུངས། དགུང་ལོ་ཉེར་གཉིས་པ་ལྕགས་ཕག་ལ་ར་ས་བཏབ། དེ་ནས་བརྒྱ་དང་སོགས་ཏེ་ར་ས་བཏབ་ནས་ང་དགུ་འདས་པའི་ལྕགས་ཁྱི་ལ་སྲོང་བཙན་གཤེགས། འཇམ་དཔལ་རྩ་རྒྱུད་ལས། ལོ་ནི་བརྒྱད་ཅུར་རྒྱལ་སྲིད་བྱས། །ཞེས་པ་ནི་དགུང་ལོ་གྱ་གཉིས་བཞུགས་ཤིང་བར་དུ་སྲས་གུང་སྲོང་གུང་བཙན་གྱིས་རྒྱལ་སྲིད་ཅུང་ཟད་མཛད་པ་ལ་འཆད་དོ། །ལྕགས་ཁྱི་དེ་ནས་མང་སྲོང་མང་བཙན་ལོ་བཅུ་གསུམ་པས་རྒྱལ་སྲིད་ལོ་སུམ་ཅུ་བྱས་ཏེ་ས་ཡོས་ལ་འདས། ལོ་དེ་ལ་འདུས་སྲོང་མང་པོ་རྗེ་རྒྱལ་སར་བཏོན་ནས་ཉེར་དྲུག་པ་ཤིང་འབྲུག་ལ་འདས། ལོ་དེ་ལ་ཁྲི་ལྡེ་གཙུག་བཙན་ནམ་མེས་ཨག་ཚོམ་རྒྱལ་སར་བཞུགས་ནས་སོ་བརྒྱད་འདས་པ་སྟེ། བསྡོམས་པ་ར་ས་བཏབ་པ་དེ་ནས་བརྒྱ་དང་ལྔ་བཅུ་ང་གཅིག་འདས་པའི་སོགས་ཏེ་ཆུ་རྟ་ལ་ཁྲི་སྲོང་ལྡེའུ་བཙན་འཁྲུངས། དེ་ནས་ཉི་ཤུ་འདས་པའི་སོགས་རྐང་པ་ལྔ་སྟེ། ཆུ་རྟ་དེ་ནས་བཞི་འདས་པའི་མེ་ཁྱི་ལ་རྒྱལ་དཀའ་ཁྲིར་ཕེབས། དེ་ནས་བརྒྱད་འདས་པའི་ཤིང་རྟ་ཁྲི་སྲོང་གི་དགུང་ཀེག་ལ་མེས་ཨག་ཚོམ་གཤེགས། དེའི་ཕྱི་ལོ་ཤིང་ལུག་ལ་ཁྲི་སྲོང་གིས་རྒྱལ་སྲིད་བཟུང་། བཅུ་བདུན་པ་ས་ཁྱིའི་བར་དུ་དམག་ཇག་གི་སྒོ་ནས་ཡུལ་ཁམས་མང་པོ་བསྡུས། དེ་ནས་བཞི་འདས་པ་ཁྲི་སྲོང་གི་ཉེར་གཅིག་པ་ཆུ་སྟག་ལ་ཨུ་རྒྱན་རིན་པོ་ཆེ་བོད་དུ་ཕེབས། སློབ་དཔོན་ཤིང་སྤྲེ་ལ་འཁྲུངས་པའི་དབང་དུ་བྱས་ན་འདི་ཡན་ལ་ལོ་སྟོང་དྲུག་བརྒྱ་གོ་བརྒྱད་སོང་ལ། བགྲོད་པ་རེ་ལ་ལོར་བྱས་ན་སུམ་སྟོང་སུམ་བརྒྱ་གོ་དྲུག་དང་། ཟླ་བཤོལ་རྣམས་ལོར་དྲིལ་བ་བསྡོམས་ནའང་སུམ་སྟོང་ལྔ་བརྒྱ་ལས་མ་བྱུང་བས། ལོ་ནི་སུམ་སྟོང་དྲུག་བརྒྱ་ལོན། །ལས་ཀྱིས་བོད་ཡུལ་དབུས་སུ་འོངས། །ཞེས་སོགས་གསུངས་པ་ནི་རགས་རྩིས་ཀྱི་དབང་དུ་བྱས་པའོ། །དེ་ཡང་བོད་དུ་ཕེབས་པའི་ལོ་ཚིགས་ལ་མི་མཐུན་པ་འགའ་རེ་སྣང་ཡང་། རྗེ་བླ་མའི་གཏེར་བྱོན་གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་ལུང་བསྟན་ལས། ཆོས་རྒྱལ་ངོ་དང་སྨོན་ལམ་ཡུལ་གཟིགས་ནས༔སྟག་གི་ལོ་ལ་གངས་ཅན་ཡུལ་འདིར་སླེབ༔ཅེས་གསུངས་པས་སྟག་ཡིན་པར་གྲུབ་ལ། དེ་བཞིན་དུ་རྣམ་ཐར་ཡིད་ཀྱི་མུན་སེལ་ལས་ཀྱང་ཁྲི་སྲོང་གི་ཉེར་གཅིག་པ་ལ་ཕེབས་པར་བྱས་ཏེ་ལེགས་སོ། །སློབ་དཔོན་བོད་དུ་ཕེབས་པའི་ལོ་དེ་ཉིད་ལ་བསམ་ཡས་ཀྱི་རྨང་གཏིང་། འདིར་བུ་སྟོན་རིན་པོ་ཆེས་ཁྲི་སྲོང་གི་འཁྲུངས་ལོ་ས་རྟ་དང་། མཚལ་པས་ལྕགས་རྟ་ལ་བྱས་ནས། གཉིས་ཀས་དགུང་ལོ་བཅུ་གསུམ་པ་ལ་རྒྱལ་སྲིད་བཟུང་བ་དང་། མེ་ཡོས་ལ་བསམ་ཡས་རྨང་གཏིང་བར་བྱས་པ་མི་ལེགས་ཏེ། དང་པོ་ལྟར་ན་རྒྱལ་སྲིད་མ་བཟུང་གོང་དུ་གདིང་དགོས་པ་དང་། ཕྱི་མ་ལྟར་ན། རང་གི་ཡི་གེ་དེར་རྒྱལ་སར་ལོ་ཞེ་གསུམ་བཞུགས་པར་བྱས་པས་ཁྲི་སྲོང་འདས་པའི་ལོ་བཞི་པ་ལ་འདིང་དགོས་པ་སོགས་ཀྱི་གནོད་པའི་ཆར་འབབ་པས་མི་རིགས་སོ། །དེ་ནས་བཞི་འདས་མེ་རྟ་ལ། །ཞེས་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། རྨང་གཏིང་པ་དེ་ནས་བཞི་འདས་པའི་མེ་རྟ་ལ་བསམ་ཡས་ཀྱི་རབ་གནས་དང་། དེའི་ཕྱི་ལོ་མེ་ལུག་ལ་སད་མི་བདུན་རབ་ཏུ་བྱུང་། དེ་ཡང་རྦ་བཞེད་སོགས་ལས། སློབ་དཔོན་གྱིས་བོད་དུ་ཟླ་བ་བཅོ་བརྒྱད་བཞུགས་པར་བཤད་པའི་ལོ་རྒྱུས་དེ་ནི་བསམ་ཡས་ཀྱི་རྨང་གཏིང་བའི་དུས་དེ་ནས་མི་རིང་བར་སྡིག་བློན་རྣམས་ཀྱི་ངོར་སྤྲུལ་པ་རང་འདྲ་བ་ཞིག་འཕུར་ཏེ་བཞུད་པ་ལྟར་མཛད་ནས་ཡོན་མཆོད་ལྐོག་ཏུ་བཀའ་བགྲོས་ཏེ་སྐུ་དངོས་གཞོ་སྟོད་ཏི་གྲོ་སོགས་དབེན་པར་བཞུགས་ནས་རྗེ་འབངས་དད་པ་དང་ལྡན་པ་རྣམས་ལ་ཟབ་མོའི་གདམས་པ་བཏབ་སྟེ་སྨིན་གྲོལ་ལ་འགོད་པར་མཛད། སྐབས་དེར་སློབ་དཔོན་སྒྲུབ་གནས་རྣམས་སུ་བཞུགས་པའི་གཏམ་མང་པོས་གླེང་བ་དང་རྒྱལ་པོས་བདེན་རྫུན་བརྟག་པ་སྐད་བྱས་ཏེ་སྤྱན་དྲངས་ནས་རབ་གནས་མཛད་དོ་ཞེས་མཁས་པ་དག་གིས་བཤད་དེ་ལེགས་སོ། །རྦ་བཞེད་ན་བསམ་ཡས་བཅུ་གསུམ་ལ་འབྱོངས་ཟེར་ཡང་སད་མི་བདུན་རབ་ཏུ་བྱུང་བ་དང་སྐབས་མི་འགྲིག་པས་ཐང་ཡིག་དང་འགོས་ལོ་ཆེན་པོའི་དགོངས་པ་བཞིན་ལོ་ལྔ་ལ་འབྱོངས་པ་འདི་འཐད་དོ། །ལས་ཅན་དག་པའི་འཁོར་ལྔ་ལ་གསོལ་འདེབས་ལེའུ་བདུན་མ་གསུངས་པ་ཡང་རབ་གནས་མཛད་པའི་མེ་རྟ་འདིའི་ཟླ་བ་བཅུ་གཉིས་པ་ལ་ཡིན་ནོ། །དེ་ནས་བཅུ་བདུན་སོགས་ཏེ། སད་མི་བདུན་རབ་ཏུ་བྱུང་བ་དེ་ནས་བཅུ་བདུན་འདས་པའི་ཤིང་བྱི་ལ་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་འཁྲུངས་པར། བཀའ་ཤོག་བརྒྱ་བོ་ཆེར། ལོ་ཡི་དང་པོ་ཤིང་ཕོ་བྱི་བའི་ལོ། །ཟླ་བའི་དང་པོ་དཔྱིད་ཟླ་ར་བ་ལ། །བདག་ཉིད་མ་ཡི་རུམ་ནས་བཙས་སོ་སྐད། །ཅེས་སོ། །གནུབས་ཆེན་གྱིས་མི་ཡུལ་དུ་ལོ་བརྒྱ་དང་བཅུ་གསུམ་བཞུགས་པའི་ཕྱིར་དར་མས་བསྟན་པ་བསྣུབས་པའི་རྗེས་སུའང་ལོ་ལྔ་བཅུ་ང་དྲུག་ཙམ་བཞུགས་པས་སྐུ་ཚེ་རིང་གྲགས་པའི་དབང་གིས་འཁྲུལ་ནས་ཁ་ཅིག་སངས་རྒྱས་ཡེ་ཤེས་སྔ་ཕྱི་གཉིས་བྱུང་བར་འདོད་པ་སོགས་ཞེ་འདོད་མི་མཐུན་པ་སྣ་ཚོགས་པ་བྱུང་ངོ་། །མདོ་ལས། སྟོན་པ་འདས་ནས་ལོ་ཉིས་སྟོང་ན་གནུབས་ཆེན་འབྱོན་པར་ལུང་བསྟན་ཏོ་ཞེས་སེ་སྟོན་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི་ཡིག་ཚང་ལས་འབྱུང་བའང་ཉིས་སྟོང་དུ་ཉེ་བའི་རགས་རྩིས་ལ་དགོངས་སམ་སྙམ་སྟེ། ཞིབ་མོར་བརྩིས་ན། སྟོན་པ་འདས་ནས་ཆིག་སྟོང་བདུན་བརྒྱ་ཉེར་བཞི་ན་བྱོན་པ་ཡིན་ནོ། །དེ་ནས་ཉེར་གཉིས་འདས་པ་ཡི། །ཞེས་སོགས་ཏེ། གནུབས་ཆེན་འཁྲུངས་ནས་ལོ་བཅུ་དྲུག་འདས་པའི་ལྕགས་འབྲུག་ལ་ཁྲི་སྲོང་གཤེགས། ཁྲི་སྲོང་ཞལ་བཞུགས་དུས་སུ་སྲས་ཆེ་བ་མུ་ནེ་བཙན་པོ་ལ་རྒྱལ་ས་ཕོག་ཀྱང་། ལོ་གཅིག་དང་ཟླ་བ་དགུ་རྒྱལ་སར་བཞུགས་ཏེ་ཡབ་ཀྱི་སྔོན་ལ་འདས། ཡབ་གཤེགས་པའི་ལོ་དེ་ག་ལ་སྲས་གཉིས་པ་མུ་ཁྲི་བཙན་པོ་རྒྱལ་སར་བསྐོས་ནས་ལོ་དྲུག་འདས་པའི་མེ་ཁྱི་ལ་མངའ་བདག་ཁྲི་རལ་འཁྲུངས། དེ་ནས་ལོ་བཅུ་འདས་པའི་མེ་ཕོ་སྤྲེའུའི་ལོ་རྟ་ཟླའི་ཚེས་བཅུའི་ཉིན་དབུ་རྩེ་བར་ཁང་དུ་སློབ་དཔོན་ཆེན་པོས་རྗེ་འབངས་དག་པའི་འཁོར་ལྔ་ལ་ཟབ་ཆོས་རིག་འཛིན་ཐུགས་ཐིག་གསུངས་པར་ལུང་བསྟན་གབ་སྦས་ཡེ་ཤེས་སྒྲོན་མེར་གསུངས་ལ། དེ་ནས་ཟླ་བ་གཉིས་འདས་པ་སྤྲེའུའི་ཟླ་བའི་ཚེས་བཅུ་ལ་རྔ་ཡབ་སྲིན་པོ་འདུལ་དུ་གཤེགས་སོ། །དེ་ཡང་ཟབ་ཆོས་རིག་འཛིན་ཐུགས་ཐིག་གསུངས་པ་གཤེགས་ཀ་མར་ཡིན་པ་ཡང་། ལུང་བསྟན་དེ་ལས། བརྒྱ་དང་བཅུ་གཅིག་བོད་འདིར་རྫོགས་སུ་ཉེ༔ད་ནི་ཁོ་བོ་སྲིན་པོ་འདུལ་དུ་འགྲོ༔ཟབ་གནད་མན་ངག་དགོས་ན་ད་ལྟ་ཞུས༔ཐེ་ཚོམ་དྲྭ་བ་གཅོད་ན་ད་ལྟ་ཆོད༔པད་འབྱུང་དངོས་ཀྱི་གདུལ་བྱ་དེ་ཙམ་ཡིན༔ཞེས་སོ། །བརྒྱ་དང་བཅུ་གཅིག་བཞུགས་པ་ནི། དེར་མ་ཟད་ཉང་གི་གཏེར་བྱོན་བདེ་འདུས་ཀྱི་ལོ་རྒྱུས་བཻ་རོས་མཛད་པ་ལས་ཀྱང་། རྒྱལ་པོ་ཉིད་ཀྱི་ཕྱིར་ལོ་བརྒྱ་དང་བཅུ་གཅིག་བོད་ཡུལ་དུ་བཞུགས་ནས༔ཞབས་ཀྱིས་བཅགས་པའི་གཙུག་ལག་ཁང་དང༔བྲག་དང་ས་རྡོ་མཚན་མ་ཅན་རྣམས་ལ་མི་རླག་པའི་ཚས་ཀྱིས་བསྡམས༔མི་ཤིགས་པའི་རྒྱས་ཐོབ་ལ་གཏེར་དུ་སྦོས་ཤིག༔ཅེས་གསུངས་ཤིང་བྲག་དམར་མགྲིན་བཟང་ལ་སྦས་སོ༔མ་འོངས་པ་ན་དབོན་སྲས་ཀྱིས་ཆོས་བསྣུབས་པའི་ཚེ་མཁའ་འགྲོ་རྣམས་ཀྱིས་ཁྱེར་ཏེ་མཐའ་འདུལ་གྱི་རྣམ་སྣང་གི་སྐུ་ལ་གཏེར་ཏུ་སྦེད་ཅིང་རྒྱལ་པོ་ཉིད་དང་འཕྲད་པར་འགྱུར་རོ༔ཞེས་གསུངས་པ་ལྟར་གཏེར་ཆོས་ཕལ་ཆེ་བ་ལས་དེ་ལྟར་འབྱུང་ངོ་། །འོན་ཀྱང་ལོ་གྲངས་འདི་བགྲོད་པ་རེ་ལ་ལོ་རེར་བྱས་པས་ལོ་རིལ་པོ་ལྔ་བཅུ་ང་ལྔ་དང་ཟླ་བ་དྲུག་ཡིན་པར་བླ་མ་གོང་མ་རྣམས་བཞེད་པ་ལྟར་འགྲིག་པ་ཡིན་ཏེ། ཆུ་སྟག་ལ་ཕེབས་ནས་མེ་སྤྲེ་ལ་ཐས་པའི་བར་ལ་ལོ་ལྔ་བཅུ་ང་ལྔ་ཡོད་ལ། དེ་ལྟ་ནའང་། རྒྱ་རྩིས་པས་སྟག་ཟླ་ནས་ལོ་འགོ་བཟུང་བས། ལོ་ང་ལྔའི་ཁ་སློང་གི་ཟླ་བ་དྲུག་ཏུ་མ་ཟད། ད་དུང་སྤྲེལ་ཟླར་ཐས་པས་ལོ་ང་ལྔ་ཡང་མ་རྫོགས་སོ་ཞེ་ན། འདི་དག་རགས་རྩིས་ཡིན་པས་མི་འགལ་མོད། འོན་ཀྱང་ཞིབ་མོར་བསྒྲིགས་ནའང་འགྲིག་སྟེ། རགས་པ་ལོ་གསུམ་ན་ཟླ་བཤོལ་རེ་འདོན་པའི་དབང་དུ་བྱས་པས་ལོ་ང་ལྔ་ལ་ཟླ་བཤོལ་བཅོ་བརྒྱད་འབྱུང་ལ། དེ་ལྟར་ན་བསམ་ཡས་སུ་ཆུ་སྟག་ཧོར་ཟླ་དང་པོ་ཙམ་ལ་ཕེབས་པར་བྱས་ཏེ། དེ་ནས་མེ་སྤྲེ་ཧོར་ཟླ་དང་པོ་རྫོགས་པའི་བར་ལ་ལོ་རིལ་པོ་ང་བཞི། དེ་ནས་སྣྲོན་ཟླའི་བར་གྱི་ཟླ་བ་གསུམ་གྱི་སྟེང་དུ་ཟླ་ཐེབས་ཐོག་ནས་དགུ་བསྣན་པས་ལོ་ང་ལྔ་དང་། ཟླ་ཐེབས་ཀྱི་ཆའི་ལྷག་མ་ཟླ་བ་དགུ་སྟེ་ཟླ་བ་གསུམ་གྱིས་མང་བ་ཙམ་མ་གཏོགས་འགྲིག་གོ། དེ་ལྟར་ཟླ་བ་དང་པོ་ལ་ཕེབས་པའི་དབང་དུ་བྱས་ན། རྒྱ་རྩིས་པའི་ལུགས་ཀྱི་སྟག་ལོ་དང་། བོད་རྒྱལ་པོ་དཔྱིད་ར་ནས་ལོ་འགོ་འཛིན་པའི་དབང་དུ་བྱས་ན་ལྕགས་གླང་ཡིན་པས། མཁའ་འགྲོ་སྙིང་ཐིག་ཏུ་གླང་ལ་ཕེབས་པར་བཤད་པ་དང་ཡང་སྒྲིག་ནུས་སོ། །སློབ་དཔོན་གཤེགས་པའི་ལོ་དེ་ལ་མུ་ཁྲི་བཙན་པོ་འདས། སྲས་གསུམ་པ་མུ་ཏིག་བཙན་པོ་བསྐོ་བར་བྱས་ཀྱང་སྣ་ནམ་གྱིས་བུ་བསད་པའི་འཁོན་གྱི་མ་བཟོད་ནས་བཀྲོངས་པས། མེ་སྤྲེ་དེ་ལ་སྲས་བཞི་པ་ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་མཇིང་ཡོན་དུ་གྲགས་པ་རྒྱལ་སར་བཏོན་པ་ལོ་ངོ་བརྒྱད་བཞུགས་ཏེ་ཆུ་ཡོས་ལ་འདས། ལོ་དེ་ནས་ཁྲི་གཙུག་ལྡེ་བཙན་ནམ་རལ་པ་ཅན་གྱིས་རྒྱལ་སར་ལོ་བཅུ་བཞི་བཞུགས་ཏེ་མེ་འབྲུག་ལ་འདས། ལོ་དེ་ལ་ཁྲིའུའི་དར་མ་བཙན་ཏེ་གླང་དར་མ་རྒྱལ་སར་བསྐོས། དེ་ལྟར་ན་ཁྲི་རལ་འཁྲུངས་པའི་མེ་ཁྱི། དེ་ནས་ཉེར་དྲུག་འདས་པའི་ཆུ་བྱི་སོགས་ཏེ། ལོ་དེ་ལ་བླ་ཆེན་པོ་འཁྲུངས། དེ་ནས་དགུ་འདས་སོགས་ཏེ། གླང་དར་གྱིས་ལོ་དྲུག་རྒྱལ་པོ་བྱས་ཏེ་ལྕགས་བྱར་བསྟན་པ་བསྣུབས་པའི་དེ་མ་ཐག་ལྷ་ལུང་དཔལ་རྡོར་གྱིས་བསད་དོ། །དེ་ལྟར་སྲོང་བཙན་གཤེགས་ནས་ཁྲི་སྲོང་གིས་རྒྱལ་ས་མཛད་པའི་བར་གྱི་ལོ་རྣམས་རྒྱ་ནག་གི་མཁས་པ་བ་སུ་ཁྱིས་བྱས་པའི་ཡིག་ཚང་བླ་མ་རིན་ཆེན་གྲགས་ཀྱིས་བསྒྱུར་བ་འདིར་ངེས་པར་འདུས་པས་དེ་བཞིན་བྲིས་ལ། ཡིག་ཚང་དེར་ཁྲི་སྲོང་གི་རྒྱལ་སར་ལོ་ཉི་ཤུ་རྩ་དྲུག་ལས་མ་བཞུགས་པར་བྱས་པ་དང་། ལྷ་སྲས་མུ་ཁྲིའི་མཚན་ལ་མུ་ནེ་ཞེས་ཡི་གེ་ནོར་བ་སོགས་ཁྲི་སྲོང་མན་ཆད་ཀྱི་གཏམ་རྣམས་ལ་ལོ་རྒྱུས་ཁུངས་མ་རྣམས་དང་བསྟུན་ན་མི་འགྲིག་པ་འགའ་རེ་སྣང་བ་བཅོས། ཡིག་ཚང་ལ་ལར། ཁྲི་སྲོང་གི་སྲས་གཉིས་པ་མུ་ཁྲི་བཙན་པོ་སྐུ་གཞོན་ནུ་ལ་གཤེགས་པས་རྒྱལ་ས་མ་མཛད་ཟེར་ཡང་ལེགས་པར་མ་མཐོང་སྟེ། ཡབ་ཀྱི་རྗེས་སུ་བཞུགས་པར་སློབ་དཔོན་ཆེན་པོ་སྐྱེལ་ཐུང་ལ་བྱོན་སྐབས། ཡབ་ཅིག་རྒྱལ་པོ་དགུང་དུ་གཤེགས༔གུ་རུ་ཨོ་རྒྱན་ཡུལ་དུ་གཤེགས༔ཡབ་རྒྱལ་པོ་སྐུ་ཚེ་ཐུང་ལགས་སོ༔བོད་འབངས་སྐྱིད་པ་ཟད་ལགས་སོ༔ཡབ་དང་གུ་རུ་བཞུགས་རིང་ལ༔མུ་ཁྲི་བཙན་པོ་མི་འགུམ་པ༔ཞེས་སྨྲེ་སྔགས་བཏོན་པ་སོགས་ལས་ཤེས་སོ། །ཡང་མཁས་པ་ལ་ལ། རལ་པ་ཅན་དང་ཁྲི་ལྡེ་སྲོང་བཙན་སོ་སོར་སྨྲ་བ་མི་རིགས་ཏེ། སྒྲ་སྦྱོར་བམ་གཉིས་ལས། རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་སྐྱིའི་སྨད་འོན་ཅང་དོ་ན་བཞུགས། ཞེས་གསུངས་པས་སོ་ཟེར། དེ་ཡང་མི་རིགས་ཏེ། སྒྲ་སྦྱོར་བམ་གཉིས་སུ་རལ་པ་ཅན་ལ་ཁྲི་ལྡེ་སྲོང་བཙན་ཟེར་བ་ནི་ཁྲི་གཙུག་ལྡེ་བཙན་ཞེས་པའི་ཡི་གེ་ཉམས་པ་ཡིན་ལ། གལ་ཏེ་དེ་ལྟར་མ་ཡིན་ན། སྐར་ཆུང་རྒྱལ་སྡེའི་གཙུག་ལག་ཁང་ནི་སད་ན་ལེགས་ཀྱིས་བཞེངས་པར་རླུང་ལྟར་གྲགས་ལ། དེའི་རྡོ་རིང་གི་ཡི་གེར་ཁྲི་ལྡེ་སྲོང་བཙན་གྱིས་བཞེངས་པར་བཤད་པས་སོ། །རྡོ་རིང་གི་ཡི་གེ་དེ་ཇི་ལྟར་ཞེ་ན། འདི་ཡིན་ཏེ། འཕྲུལ་གྱི་ལྷ་བཙན་པོ་མེས་ཁྲི་སྲོང་བཙན་གྱི་རིང་ལ། སངས་རྒྱས་ཀྱི་ཆོས་མཛད་དེ། ར་སའི་གཙུག་ལག་ཁང་ལས་སྩོགས་པ་བཙིགས་ཤིང་། དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་དང་། མེས་ཁྲི་འདུས་སྲོང་གི་རིང་ལ་གླིང་གི་ཁྲི་རྩེ་ལ་སྩོགས་པར་གཙུག་ལག་ཁང་བརྩིགས་ཏེ། དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་དང་། ཡབ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ། བྲག་དམར་གྱི་བསམ་ཡས་ལས་སྩོགས་པ། དབུང་མཐར་གཙུག་ལག་ཁང་བཙིགས་ཏེ། དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་དང་། ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་རིང་ལ་ཡང་། སྐར་ཆུང་གཙུག་ལག་ཁང་ལས་སྩོགས་པ་བརྩིགས་ཏེ། དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་ལས་སྩོགས་པ། གདུང་རབས་རྒྱུད་ཀྱིས། འདི་ལྟར་སངས་རྒྱས་ཀྱི་ཆོས་མཛད་པ་འདི་ནམ་དུའང་མ་ཞིག་མ་བཏང་ན། ལེགས་པ་དཔག་ཏུ་མེད་པར་འགྱུར། ཞེས་སོགས་གསུངས་པས་སོ། །ཡང་ཁ་ཅིག །སྒྲ་སྦྱོར་བམ་གཉིས་ལས། སྔོན་ལྷ་སྲས་ཡབ་ཀྱི་རིང་ལ། ཨཱ་ཙཪྱ་བོ་དྷི་ས་ཏྭ་དང་། ཞེས་སོགས་གསུངས་པས་རལ་པ་ཅན་གྱི་ཡབ་ཁྲི་སྲོང་ལྡེ་བཙན་ཡིན་ཟེར་རོ། །དེ་ཡང་མ་ཡིན་ཏེ། ཁྲི་སྲོང་དང་། སད་ན་ལེགས་གཉིས་ཡབ་སྲས་སུ་འབྲེལ་བས་དུས་མཚུངས་པའི་ཕྱིར། ཁྲི་སྲོང་གི་དུས་ཀྱི་ལོ་པཎ་རྣམས་ལ་ཡབ་སད་ན་ལེགས་ཀྱི་དུས་ཀྱི་ལོ་པཎ་ཞེས་བརྗོད་པ་མི་འགལ་བའི་ཕྱིར་རོ། །དེ་ཡང་ལྕགས་བྱར་བསྟན་པ་བསྣུབས་པ་དེ་ནས་ང་གཉིས་འདས་པའི་སོགས་ཏེ། ཆུ་གླང་དེ་བསྟན་པ་ཕྱི་དར་གྱི་ཐོག་མར་བཟུང་ངོ་། །འདིར་ལོ་རྒྱུས་འཆད་པོ་ཕལ་ཆེར། བླ་ཆེན་གྱི་འཁྲུངས་ལོ་ཆུ་གླང་འདིའི་ལོ་སྔ་མའི་ཆུ་བྱི་དེ་ཡིན་པར་འཆད་ཀྱང་། དེ་ལྟར་ན། བླ་ཆེན་དགུང་ལོ་ཉི་ཤུ་པ་ལྕགས་ལུག་ལ་བསྙེན་པར་རྫོགས་པའི་དབང་དུ་བྱས་ཏེ། བུ་སྟོན་གྱི་བཞེད་པ་ལྟར་ཆུ་བྱ་ལ་ཕྱི་དར་གྱི་ཐོག་མ་བྱས་ན། བླ་ཆེན་བསྙེན་པར་རྫོགས་པ་དང་། མི་བཅུས་བསྟན་པ་གསོས་པའི་བར་ན་ལོ་ཆུ་སྤྲེ་གཅིག་པོ་ལས་མེད་པ་དང་། འབྲོམ་གྱི་བཞེད་པ་ལྟར་ས་སྟག་ལ་བྱས་ཀྱང་ལོ་བདུན་ལས་མེད་པ་དང་། བླ་ཆེན་འཁྲུངས་ནས་ལོ་དྲུག་འདས་པའི་ས་རྟ་དེ་ལ་ལོ་ཆེན་རིན་བཟང་འཁྲུངས་པར་བྱེད་ལ། ལོ་ཆེན་གྱི་བཅུ་གསུམ་པ་ལ་མཁན་པོ་ཡེ་ཤེས་བཟང་པོ་ལས་རབ་ཏུ་བྱུང་བར་བཤད་ཅིང་། དེའི་ལོ་བླ་ཆེན་དགུང་ལོ་བཅུ་དགུ་པ་ཡིན་པས་བླ་ཆེན་བསྙེན་པར་མ་རྫོགས་གོང་དུ་མངའ་རིས་སུ་བསྟན་པ་དར་ཚར་བར་འདོད་དགོས་པ་དང་། གཞན་ཡང་ལྕགས་བྱར་གླང་དར་མས་བསྟན་པ་བསྣུབས་པའི་དུས་རྨ་གཡོ་གཙང་གསུམ་ལོ་ཉི་ཤུ་ལས་གཞོན་ཐེབས་མེད་ཅིང་། དེ་ནས་ང་གཅིག་འདས་པའི་ཆུ་བྱི་ལ་བླ་ཆེན་འཁྲུངས། ཉི་ཤུ་པ་བསྙེན་པར་རྫོགས། དེ་ནས་ལོ་ལྔ་ན་བླ་ཆེན་གྱིས་མཁན་པོ་བྱས། རྨ་གཡོ་གཙང་གསུམ་རྒྱའི་དགེ་སློང་གཉིས་དང་བཅས་པས་ལས་གྲྭ་བྱས་ནས་མི་བཅུ་ལ་སྡོམ་པ་ཕོག་པ་སོགས་སྒྲིག་ན། རྨ་གཡོ་གཙང་གསུམ་ཀས་དགུང་ལོ་གོ་བདུན་ལས་ཉུང་ཐེབས་མེད་ཅིང་། ཆུ་བོ་རིར་བཞུགས་དུས་ནས་གནས་སློབ་བསྟེན་ཏེ་འདུལ་བ་ཤེས་ཟིན་པ་ཞིག་ཏུ་ངེས་པར་ཁས་བླང་དགོས་ལ། དེ་ལྟར་ན་གསུམ་ཀས་དགུང་ལོ་བརྒྱ་ལྷག་པ་ཞིག་མ་བཞུགས་པའི་ཐེབས་མེད་པས་བཞག་དཀའོ། །དེས་ན་སྔར་བརྗོད་པ་ལྟར། རལ་པ་ཅན་གྱི་ཉེར་བདུན་པ་ཆུ་བྱི་ལ་བླ་ཆེན་འཁྲུངས། དགུང་ལོ་སོ་བདུན་པ་ས་བྱི་ལ་བསྙེན་པར་རྫོགས། ལོ་དྲུག་པ་ཆུ་སྦྲུལ་ལ་མི་བཅུའི་མཁན་པོ་མཛད། གྱ་བཞི་པ་ཤིང་ཕག་ལ་གཤེགས། བླ་ཆེན་གྱི་རེ་གཉིས་པ་ཆུ་གླང་ལ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་མཁན་བུ་དང་བཅས་པ་ངམས་ཤོད་འབྲས་ཕུར་ཕེབས་པ་འདི་ཕྱི་དར་གྱི་ཐོག་མར་ཀླུ་མེས་རྣམས་བཞེད་ཅེས་མཁས་པ་དག་གིས་བཀོད་པ་འདི་ལེགས་པར་མཐོང་ནས་རང་ལུགས་སུ་བཟུང་ངོ་། །དེ་ཡང་ཕྱི་དར་གྱི་ཐོག་མ་བསྙེན་རྫོགས་ཀྱི་ལས་བཙུགས་ཏེ་དགེ་སློང་གི་དགེ་འདུན་རིམ་པར་འཕེལ་བའི་ཐོག་མ་ལ་བྱའི། གནས་གཞི་རྩིག་པའི་ནུས་པ་ནི་དེ་ནས་ལོ་དགུ་པ་བྱ་ལོ་ལ་མོར་སྒྱེལ་ཐོག་མར་བཙུགས་པ་ནས་རིམ་པར་བྱུང་ཞེས་བ་ཤི་གནས་བརྟན་ཟེར་རོ། །དེ་ལྟ་ན་བསྟན་པའི་ལྟེམས་ལོ་ང་གཉིས་ལས་མེད་ན། བཀའ་ཆེམས་ཀྱི་ལུང་བསྟན་ལས། དེ་ནས་ལོ་སྐོར་བརྒྱད་ཀྱི་བར། །སངས་རྒྱས་བསྟན་པའི་མིང་ཡང་མེད། །ཅེས་གོ་དྲུག་ཏུ་གསུངས་པ་དང་འགལ་ཞེ་ན། དེ་ལྟར་བདེན་མོད་ཀྱང་། ལྷ་སར་རེ་ཞིག་མ་ཚུགས་པ་ལ་དགོངས་པས་སྐྱོན་མེད་ཅེས་གསུངས་སོ། །ཆུ་གླང་། དེ་ནས་ལྔ་འདས་སོགས་ཏེ། ས་རྟ་ལ་རིན་ཆེན་བཟང་པོ་འཁྲུངས། དེ་ནས་བཅོ་ལྔ་སོགས་ཆུ་བྱ་ལ་ཕྱི་དར་གྱི་ཐོག་མར་བུ་སྟོན་བཞེད་དེ། རྒན་མོ་ཞིག་གི་ངག་རྒྱུན་ཚད་མར་མཛད་པའོ། །དེ་ནས་ལྔ་འདས་སོགས་ས་སྟག་དེ་མཁས་གྲུབ་ཁྱུང་པོའི་འཁྲུངས་ལོ་དང་འབྲོམ་སྟོན་གྱི་བཞེད་ཀྱི་ཕྱི་དར་ཐོག་མ་སྟེ། ལོ་ཚོང་གི་སྡེ་བཙུགས་པའི་ཐོག་མ་དང་འཁྲུལ་ཞེས་གསུངས། དེ་ནས་བཞི་སོགས་ཏེ། ཆུ་རྟ་ལ་ཇོ་བོ་རྗེ་འཁྲུངས། ལྷ་རྗེ་ཟུར་པོ་ཆེ་འཁྲུངས་པའི་ལོ་ཚིགས་མ་མཐོང་ཡང་། དུས་འདི་ཤེད་དུ་བྱོན་པར་སྣང་། ཡིག་ཚང་ལ་ལར། ཟུར་པོ་ཆེ་བླ་ཆེན་ལས་བསྙེན་པར་རྫོགས་ཟེར་བ་འདུག་ཀྱང་དག་པར་མ་མཐོང་སྟེ། བླ་ཆེན་ཁྱུང་པོའི་འཁྲུངས་ལོ་ས་སྟག་དེ་ནས་ཡར་གསུམ་བགྲངས་པའི་ཤིང་ཕག་དེ་ལ་གཤེགས་པས་ཟུར་པོ་ཆེ་ལོ་ཆེན་རིན་བཟང་ལས་ལོ་གསུམ་གྱིས་སྒྲེས་པའི་དགུང་སྙིང་མེ་འབྲུག་ཡིན་པར་བྱས་ན་བླ་ཆེན་གཤེགས་པའི་ལོ་དེ་བསྙེན་རྫོགས་ཀྱི་ལོ་ལོན་ཀྱང་། ཟུར་མེས་དབོན་གསུམ་ཀ་དགུང་ལོ་རེ་གཅིག་བཞུགས་པར་ཡིག་ཚང་ཕལ་ཆེར་མཐུན་པས། དེ་ལྟར་ན། ཟུར་ཆུང་པ་ཤིང་སྟག་ལ་འཁྲུངས་ནས་ལོ་གཉིས་འདས་པའི་མེ་འབྲུག་ལ་གཤེགས་པར་བྱེད་དགོས་པར་སྣང་བས་ཟུར་ཆེ་ཆུང་དཔོན་སློབ་ཏུ་འབྲེལ་བའི་བརྒྱུད་ཡིག་རྣམ་ཐར་སོགས་གཏམ་ཁུངས་མ་ཐམས་ཅད་ལས་འགོངས་པས་དོར་བྱ་ཁོ་ནའོ། །ཇོ་བོ་རྗེ་བལྟམས་པ་དེ་ནས་སུམ་ཅུ་འདས་པ་ཡི། །ཞེས་སོགས་རྐང་པ་གཅིག་དང་བཅས་པའི་ཚིགས་སུ་བཅད་པ་གསུམ་མོ། །འདིར་རབ་བྱུང་དང་པོའི་ཐོག་མར་དུས་ཀྱི་འཁོར་ལོ་གྱི་ཇོས་བསྒྱུར་བ་འདི་ལ་འགྱུར་མང་དུ་གྲགས་ཏེ་འགྱུར་གྱི་ཐོག་མ་ཡིན། ཕྱིས་རྨ་དགེ་བློ། འབྲོ་ལོ། གཉན་ལོ། རྩ་མི། སྟེང་ལོ། རྭ། ཆག །ཤོང་། ཤུད་ཀྱེད། དཔང་ལོ་མ་ཏི་རྣམ་གཉིས་སོགས་ཀྱི་འགྱུར་མཐའ་ཡས་པ་བྱུང་སྣང་ངོ་། །རབ་བྱུང་དང་པོ་འདི་ལ་ཤམྦྷ་ལའི་སེང་ཁྲིར་རིགས་ལྡན་ཉི་མ་ཕེབས། རོང་ཟོམ་ཆོས་ཀྱི་བཟང་པོ་འཁྲུངས་པའི་ལོ་ཚིགས་མ་བརྙེད་ཀྱང་། ཇོ་བོ་རྗེ་དགུང་ལོ་རེ་གཅིག་པ་ཆུ་རྟ་ལ་བོད་དུ་ཕེབས་དུས་བླ་མ་རོང་པ་བྱིས་པ་ཞིག་ཡོད་པར་སྣང་སྟེ། བྱིས་པ་འདི་ལ་ཇོ་བོས་གླེང་མོ་གནང་བ་ཞུ་དང་ཞུས་པས། ཇོ་བོའི་ཞལ་ནས། ཁོ་བོས་འདི་དང་ཆོས་ཀྱི་གླེང་མོ་བྱ་བ་ག་ལ་ཐུབ། འདི་ནི་པཎྜི་ཏ་ནག་པོ་སྤྱོད་པའི་སྐྱེ་བ་ཡིན། ཞེས་གསུངས་པ་དང་། འགོས་ལྷས་བཙས། གོ་རུབ་ལོ་ཙཱ་བ། མར་པ་དོ་པ་སོགས་ཀྱིས་ཀྱང་ཞབས་ལ་བཏུགས་པའི་གཏམ་བརྒྱུད་ངེས་པ་ཅན་སྣང་བས་དུས་འདི་ཤེད་དུ་བྱོན་པར་མངོན་ནོ། །རབ་བྱུང་དང་པོའི་མེ་ཡོས་དེ་ནས་བཅུ་གསུམ་འདས་པ་ཡི། ལྕགས་འབྲུག་མི་ལ་རས་པ་འཁྲུངས། །ཞེས་པ་ནས། ལོ་གྲངས་ལྔ་བརྒྱ་ང་བཞི་འདས། །ཞེས་པའི་བར་ཚིགས་སུ་བཅད་པ་བརྒྱད་བཀླགས་པས་གྲུབ་ལ། པཎ་ཆེན་ཤཱཀྱ་ཤྲཱི་འཁྲུངས་པའི་མེ་ལུག་འདི་ལ་སྣ་ཚོགས་གཟུགས་སེང་ཁྲིར་ཕེབས། ཡང་དེ་ནས་ཉེར་གཉིས་འདས་པ་ཡི། །ཞེས་པ་ནས། བཞི་བརྒྱ་དྲུག་ཅུ་རེ་ལྔ་འདས། །ཞེས་པའི་བར་ཏེ། སྙེ་མདོ་ཐམས་ཅད་མཁྱེན་པ་འཁྲུངས་པའི་མེ་བྱི་འདི་ནས་བཅུ་གཅིག་འདས་པའི་མེ་ཕག་ལ་ཟླ་བའི་འོད་སེང་ཁྲིར་ཕེབས། དེ་ནས་ལོ་དགུ་འདས་ཤིང་སྙེ་མདོ་བ་འཁྲུངས་པའི་མེ་བྱི་དེ་ནས་ཉི་ཤུ་འདས་པའི་མེ་སྤྲེ་ལ། ཞེས་པ་ནས། སུམ་བརྒྱ་བདུན་ཅུ་དོན་གསུམ་འདས། །ཞེས་པའི་བར་ཏེ། ཀུན་མཁྱེན་ཆེན་པོའི་དགུང་ལོ་ཉི་ཤུ་པ་རབ་བྱུང་དྲུག་པའི་ཐོག་མར་མཐའ་ཡས་སེང་ཁྲིར་ཕེབས། ས་སྤྲེ་དེ་ནས་སོ་བརྒྱད་འདས་པ་ཡི། །ཞེས་སོགས་ཏེ། ཀུན་མཁྱེན་བྱམས་ཆེན་རབ་འབྱམས་པ་འཁྲུངས་ནས་ལོ་བཅོ་ལྔ་འདས་པའི་མེ་ལུག་ལ་ས་སྐྱོང་སེང་ཁྲིར་ཕེབས། དེ་ནས་ཉི་ཤུ་འདས་ཤིང་བྱམས་རམས་པ་འཁྲུངས་པའི་ཆུ་འབྲུག་ནས་སོ་ལྔ་འདས་པ་རབ་བྱུང་བརྒྱད་པའི་ཐོག་མའི་མེ་ཡོས་ལ་ལྷུན་གྲུབ་རྒྱ་མཚོས་པད་དཀར་ཞལ་ལུང་བརྩམས་ནས་ལོ་ཉིས་བརྒྱ་སུམ་ཅུ་རྩ་བཞི་འདས་སོ། །དེ་ནས་གསུམ་འདས་སོགས་ཏེ། སྣ་ཚོགས་རང་གྲོལ་འཁྲུངས་པའི་ཤིང་སྟག་ནས་སོ་གསུམ་འདས་པའི་མེ་ཕག་ལ་རིགས་ལྡན་དཔལ་སྐྱོང་སེང་ཁྲིར་ཕེབས། དེ་ནས་དགུ་སྟེ་བསྡོམས་པས་སྣ་ཚོགས་རང་གྲོལ་འཁྲུངས་པའི་ཤིང་སྟག་དེ་ནས་ཞེ་གཉིས་ཞེས་སོགས་ཏེ། མཁས་གྲུབ་མདོ་སྔགས་བསྟན་འཛིན་དགུང་ལོ་ཞེ་བཞི་པ་ས་མོ་ལུག་གི་ལོ་ལ་རྩིས་ཀྱི་བསྟན་བཅོས་ཡོངས་སྣང་སྒྲོན་མ་མཛད་དེ་ང་གསུམ་པ་ས་འབྲུག་ལ་གཤེགས། མེ་བྱི་དེ་ནས་ཉེར་གཉིས་སོགས་ཏེ། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་ས་ཁྱི་ལ་འཁྲུངས་ནས་རེ་བརྒྱད་པ་ཤིང་སྦྲུལ་ལ་གཤེགས། ས་ཁྱི་དེ་ནས་བཅུ་གསུམ་སོགས་ཏེ། རིག་འཛིན་ཕྲིན་ལས་ལྷུན་གྲུབ་ས་ཕག་ལ་འཁྲུངས་ནས་ལྔ་བཅུ་ང་གཉིས་ཀྱི་བར་ཆོས་འཁོར་བསྐོར་ཏེ་ཆུ་སྟག་ལ་ཐེགས། དེ་ནས་དྲུག་འདས་ཞེས་སོགས་ཏེ། ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་བཞི་བརྒྱ་གོ་བདུན་འདས་པའི་མེ་སྦྲུལ་ལ་རྗེ་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་འཇིག་རྟེན་གྱི་སྒྲོན་མེར་སྐུ་འཁྲུངས་ནས་དགུང་ལོ་དྲུག་ཅུ་རྩ་ལྔའི་སྟེང་དུ་ཕེབས་ཏེ་ད་དུང་ཡང་བསྟན་འགྲོའི་བསོད་ནམས་ཀྱི་ཉེར་འཚོར་ཞབས་པད་བསྐལ་བརྒྱར་བརྟན་པར་གསོལ་བ་འདེབས་སོ། །དེ་ནས་ཉེར་དགུ་འདས་པའི་སོགས་ཏེ། མི་ཟད་པ་མེ་ཕོ་ཁྱིའི་ལོ་ལ་མཚུངས་པ་མེད་པའི་བཀའ་དྲིན་ཅན་རྗེ་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འཁྲུངས། དེ་ནས་གཉིས་འདས་སོགས་ཏེ། ས་བྱི་ལ་གཅུང་རྒྱལ་སྲས་རིན་པོ་ཆེ་འཁྲུངས། དེ་ནས་བཅོ་ལྔ་འདས་པའི་སོགས་ཏེ། ཆུ་ཡོས་ལ་ཡབ་རྗེ་རིག་འཛིན་ཆེན་པོའི་སྤྲུལ་པའི་སྐུ་འཁྲུངས། དེ་ནས་བདུན་འདས་སོགས་ཏེ། རྗེ་བླ་མ་དགུང་ལོ་ཉེར་ལྔ་པའི་དགུང་ཀེག་གི་སྟེང་དུ་ཕེབས་པ་ལྕགས་ཕོ་ཁྱི་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་འདུས་པའི་སྡེ་འདི་ཉིད་གསར་དུ་བཙུགས། དེ་ནས་བཞི་འདས་སོགས་ཏེ། ཤིང་སྟག་ལ་རྒྱལ་སྲས་རིན་པོ་ཆེ་གཤེགས། དེའི་ཕྱི་ལོ་ཤིང་ཡོས་ལ་མཁས་དབང་ལྡུམ་པོ་བ་ཐེགས། དེ་ནས་གཅིག་འདས་སོགས་ཏེ། མེ་འབྲུག་དབོ་ཟླའི་ཚེས་གསུམ་གྱི་ཉིན་ཨོ་རྒྱན་སྨིན་གྲོལ་གླིང་གི་གཙུག་ལག་ཁང་རྨང་གཏིང་། དེ་ནས་གསུམ་འདས་སོགས་ཏེ། ས་མོ་ལུག་གི་ལོ་ལ་རྒྱལ་དབང་འཇིག་རྟེན་དབང་ཕྱུག་གི་བཀའི་ལུང་གིས་ལྷ་སྲས་མུ་ཁྲིའི་རྣམ་རོལ་མི་དབང་སངས་རྒྱས་རྒྱ་མཚོ་བོད་ཀྱི་རྗེར་བྱོན་ཏེ། དཀོན་མཆོག་གསུམ་བླ་མར་བསྟེན་ཅིང་། རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བར་མཛད་པ་འདིའོ། །དེ་ཡི་ཕྱི་ལོ་སོགས་ཏེ། བཀའ་ཐང་ལས། ཤ་འུག་ལྟག་སྒོར་སྦས་པའི་གཏེར་ཁ་ནི༔མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔གཏེར་སྟོན་གཏེར་བདག་གླིང་པ་ཞེས་བྱ་འབྱུང༔ཞེས་ལུང་བསྟན་པ་ལྟར་རྗེ་བླ་མས་ཤ་འུག་ཟབ་གཏེར་བཞེས་པ་ཉིད་གཙོ་བོའི་དབང་དུ་བྱས་ནས་འདིར་སྨོས་ཀྱི། གཞན་དུ་ན། དགུང་ལོ་བཅོ་བརྒྱད་པ་ཆུ་ཡོས་ལ་བྲག་དམར་གཡའ་མ་ལུང་། ཉེར་གཉིས་པ་མེ་ལུག་ལ་ཡར་ཀླུངས་ཤེལ་བྲག །སོ་གཉིས་པ་མེ་སྦྲུལ་ལ་ངམས་ཤོད་ཨོ་དཀར་བྲག་སོགས་ནས་ཟབ་གཏེར་མང་དུ་བཞེས་ཤིང་། ད་དུང་ཡང་བཞེས་པར་འགྱུར་ལ། ཕལ་ཆེར་བཀའ་གཏེར་གོང་མ་རྣམས་ལ་ཐུགས་རྩིས་སུ་མཛད་པའི་གསང་སྔགས་རྙིང་མའི་བསྟན་པ་སྲོག་མཐུད་པ་ལྟ་བུར་གྱུར་ཏེ། ཞབས་ཀྱི་གཡུང་དྲུང་མི་ཤིགས་པ་རྡོ་རྗེའི་ཁྲི་ལ་བརྟན་པར་གསོལ་བ་འདེབས་སོ། །ལྕགས་སྤྲེ་དེ་ནས་གཅིག་འདས་བློ་ངན་ཞེས་པ་ལྕགས་བྱ་འདིའི་སྟེང་དུ་སླེབ་པ་སྟེ། བསྟན་བཅོས་འདི་ཉིད་བརྩམས་པའི་ལོའོ། །འདིའི་ཕྱི་ལོ་རྗེ་བླ་མ་དགུང་ལོ་སོ་བདུན་པ་དགུང་ཀེག་གི་སྟེང་དུ་ཕེབས་པ་ཆུ་ཕོ་ཁྱིའི་ལོ་དཔྱིད་ཟླ་ཐ་ཆུང་ས་གས་ཉ་བ་རྒྱལ་བའི་དུས་ཆེན་གྱི་ཐོག །འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་གཙུག་ལག་ཁང་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་གྲུབ་སྟེ། སྒྲུབ་ཆེན་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ལ་བརྟེན་ནས་རབ་གནས་མངའ་གསོལ་ཆེན་མོ་མཛད་དེ། སྐྱེ་རྒུ་ཀུན་གྱི་ཕྱག་མཆོད་ཀྱི་རྟེན་དང་། བསྟན་པ་མ་ཚང་བ་མེད་པའི་གནས་དང་། དེ་དག་ལ་འཆད་ཉན་གྱི་ཚུལ་ཆད་པ་མེད་པ་ལ་སོགས་ཏེ། སྐྱེ་བོ་ཀུན་གྱི་འདོད་རྒུ་མ་ལུས་པ་འབྱུང་བའི་གནས་སུ་གྲུབ་སྟེ་བཀྲ་ཤིས་པར་གྱུར་པའོ། །བསྟན་པའི་གནས་ཚད་ཀྱི་སྟེང་ནས་སྔར་ཇི་ཙམ་འདས་པའི་རྣམ་གཞག་བཤད་གྲུབ་བོ། །

གཉིས་པ་ཇི་ཙམ་ལུས་པའི་རྣམ་གཞག་ལ་བསྟན་བཤད་གཉིས་ལས། དང་པོ་ནི། བསྟན་པའི་གནས་ཚད་ཀྱི་སྟེང་ནས་སྔར་ཇི་ཙམ་འདས་པ་བཤད་པའི་རྗེས་དེ་ནས་གཞན་ཇི་ཙམ་ལྷག་མར་ལུས་པའི་རྣམ་པར་གཞག་པ་ཡང་བཤད་པར་བྱ་ཞེས་ཁས་བླང་ངོ་། །གཉིས་པ་ནི། ད་ནས་མ་འོངས་པ་ན་ཇི་ཙམ་ལུས་ཤེ་ན། ད་ལྟར་གྱི་ལྕགས་མོ་བྱའི་ལོ་འདི་ནས་བཟུང་སྟེ། རིགས་ལྡན་སེང་གེ་ཁྲིར་ཕེབས་ནས་སྔར་ལོ་ང་བཞི་འདས་ཚར་བའི་ལྷག་ད་དུང་ལོ་བཞི་བཅུ་ཞེ་དྲུག་གི་བར་ཆོས་སྟོན་པར་འགྱུར་བ་དང་། དེ་ནས་རྣམ་གནོན་དང་། སྟོབས་པོ་ཆེ་དང་། མ་འགགས་པ་དང་། མིའི་སེང་གེ་དང་། དབང་ཕྱུག་དང་། མཐའ་ཡས་རྣམ་པར་རྒྱལ་བ་སྟེ་རིགས་ལྡན་དྲུག་པོ་རེ་རེས་ཀྱང་ལོ་བརྒྱ་བརྒྱར་ཆོས་སྟོན་པས་ན་ཁྱོན་ལོ་དྲུག་བརྒྱ་སྟེ། དེ་སེང་གེའི་ལོ་ཞེ་དྲུག་དང་བསྡོམས་པས་ལྕགས་བྱ་འདི་ནས་ལོ་དྲུག་བརྒྱ་ཞེ་དྲུག་འདས་པའི་འོག་ཏུ། མེ་མོ་ལུག་གི་ལོ་ལ་རིགས་ལྡན་དྲག་པོ་འཁོར་ལོ་ཅན་ཤམྦྷ་ལའི་རྒྱལ་སར་འཁོད་པར་འགྱུར་ཞིང་། དེར་ལོ་གོ་དྲུག་གི་བར་དུ་ཆོས་བསྟན་པ་རྫོགས་པ་དང་། ཤམྦྷ་ལ་ནས་ཀླ་ཀློའི་གནས་ཚད་སྟོང་བརྒྱད་བརྒྱའི་ལོ་མཐར་བབས་པ་དྲག་པོ་ཉིད་དགུང་ལོ་གོ་བདུན་པ་ཆུ་མོ་ལུག་གི་ལོར་ཆུ་བོ་ཤཱི་ཏའི་ལྷོ་ཕྱོགས་འཕགས་པའི་ཡུལ་དུ་དྲག་པོ་འཁོར་ལོ་ཅན་རང་གི་དཔུང་ཡན་ལག་བཞིའི་སྟོབས་དང་ལྡན་པར་མ་ཟད་ལྷ་ཆེན་པོ་བཅུ་གཉིས་ཀྱི་དཔུང་རོགས་དང་བཅས་ཏེ་བྱོན་ནས་འཛམ་གླིང་ཆུང་ངུ་འདིར་ཀླ་ཀློའི་དཔུང་ལྷ་མ་ཡིན་གྱི་དཔུང་རོགས་དང་བཅས་པ་རྣམས་གཡུལ་དུ་བཅོམ་ནས་ཀླ་ཀློ་དང་ཀླ་ཀློའི་ཆོས་ལ་ཞུགས་པ་རྣམས་རྡོ་རྗེ་ཐེག་པའི་ཆོས་ལ་འགོད་པར་མཛད་པ་བཞིན་དུ། འཛམ་གླིང་ཆུང་ངུ་འདི་ནས་གཡས་སྐོར་དུ་གླིང་བཅུ་གཉིས་ཀྱི་དུམ་བུ་གཞན་བཅུ་གཅིག་པོར་ཡང་། དེ་བཞིན་གཤེགས་པའི་ཆོས་འཇུག་པ་དང་། དེ་ཀླ་ཀློའི་ཆོས་ཀྱིས་ཉམས་པར་བྱེད་པ་དང་། དེ་འཇོམས་ཀྱི་འཁོར་ལོ་ཅན་ཡང་རིམ་པ་བཞིན་དུ་འཇུག་པས་བསྟན་པ་གསོ་བ་སོགས་སྔ་དར་ཕྱི་དར་གྱི་ཚུལ་གྱིས་འཛམ་གླིང་ཆེན་པོའི་དུམ་བུ་བཅུ་གཉིས་ལ་འཁོར་ཚུལ་ཤེས་པར་བྱའོ། །དེ་ལྟར་ལྷ་མིན་ཀླ་ཀློའི་དགྲ་བོ་དྲག་པོ་འཁོར་ལོ་ཅན་གྱིས་ཀླ་ཀློ་བཅོམ་སྟེ་རང་གི་སྐུ་ཚེའི་ཚད་མི་ལོ་བརྒྱ་རྫོགས་པ་ན། རང་གི་སྲས་འཇམ་དཔལ་གྱི་སྤྲུལ་པ་ཚངས་པ་དང་། སྤྱན་རས་གཟིགས་ཀྱི་སྤྲུལ་པ་ལྷའི་དབང་པོ་གཉིས་རྒྱབ་མདུན་གྱི་ཆོས་སྟོན་པ་པོར་བསྐོས་ཏེ། རང་ཉིད་བདེ་བའི་གནས་སུ་གཤེགས་པར་མཛད་ཅེས་གྲགས་སོ། །སྲས་གཉིས་པོ་རྒྱབ་མདུན་གྱི་སྟོན་པ་པོར་ཇི་ལྟར་འགྱུར་ཞེ་ན། ཚངས་པ་ནི་ཆུ་བོ་ཤཱི་ཏའི་རྒྱབ་ཤམྦྷ་ལར་ཆོས་སྟོན་ལ། ལྷ་དབང་ནི་ཆུ་བོ་ཤཱི་ཏའི་མདུན་འཕགས་ཡུལ་ལ་སོགས་པར་ཆོས་སྟོན་པ་པོར་འགྱུར་རོ། །འོ་ན་འཁོར་ལོ་ཅན་གྱིས་དགུང་ལོ་གོ་བདུན་པ་ལ་ཀླ་ཀློ་བཅོམ་པ་ཡིན་ན། ཁམས་ལེའི་གོ་སླར། ཀླ་ཀློའི་ཚོགས་ནི་རབ་ཏུ་བཅད་ནས་འཁོར་དང་བཅས་པའི་སྐྱེ་བོ་མི་ཡི་ལོ་ནི་བརྒྱ་ཕྱེད་ན། །རིགས་ལྡན་འགྲུབ་པར་འགྱུར་ཏེ་ལྷ་ཡིས་བཀོད་པའི་ཕོ་བྲང་མཐོ་བ་ཀཻ་ལ་ཤའི་རྒྱབ་ཏུའོ། །ཞེས་འཁོར་ལོ་ཅན་གྱིས་ཀླ་ཀློ་བཅད་ནས་ལོ་ལྔ་བཅུའི་དུས་སུ་ཤམྦྷལར་འབྱོན་པར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། ལུང་དེའི་དོན་ནི་འཁོར་ལོ་ཅན་གྱིས་ཀླ་ཀློའི་ཆོས་ལ་འཇུག་པ་བཅད་ནས་སྲས་གཉིས་སྟོན་པར་བསྐོས་ཏེ། གཤེགས་པའི་རྗེས་དེ་ནས་མི་ལོ་ལྔ་བཅུའི་བར་ལ་རང་གིས་གཞོམ་བྱ་ཀླ་ཀློ་འཁོར་དང་བཅས་པས་ཀཻ་ལ་ཤའི་རྒྱབ་ཤམྦྷ་ལར་རིགས་ལྡན་གྱི་ལམ་འགྲུབ་པར་འགྱུར་རོ་ཞེས་པའི་དོན་ནོ། །གལ་ཏེ་དྲག་པོས་དགུང་ལོ་ལྔ་བཅུ་པ་ཀླ་ཀློ་བཅོམ་པ་ཡིན་ན། ཀླ་ཀློའི་གནས་ཚད་སྟོང་བརྒྱད་བརྒྱ་མ་ཚང་བའི་སྐྱོན་གནས་པར་མ་ཟད། སུམ་ཅུ་རྩ་གཉིས་གདན་གྱི་མཐར་ནི་ལྷ་མིན་དགྲ་བོ་ཚེ་ལོ་བརྒྱ་པ་ཕྱག་ན་འཁོར་ལོར་འགྱུར། །ཞེས་ཟླ་བཟང་གི་གདན་རབས་སུམ་ཅུ་གཉིས་ལས་ཐ་མ་འཁོར་ལོ་ཅན་གྱི་ཚེ་ལོ་ཡང་བརྒྱ་པར་བཤད་པ་དང་། རྫོགས་ལྡན་མཚམས་སུ་ཀླ་ཀློའི་ཆོས་རྣམས་མཐའ་དག་སྲིད་པ་གསུམ་གྱི་བླ་མ་དག་གིས་བཅད་བྱས་ཏེ། །བཅད་ནས་ལོ་ནི་བརྒྱད་བརྒྱ་རྣམས་སུ་ཚངས་པ་བཞག་པར་མཛད་ནས་བདེ་བའི་གནས་སུ་འགྲོ་བར་འགྱུར། །ཞེས་ཀླ་ཀློའི་ཆོས་རྣམས་བཅད་པའི་རྗེས་ཐོག་དེ་ཉིད་དུ་སྲས་ཚངས་པ་ཤམྦྷ་ལའི་ཁྲིར་བསྐོས་ཏེ་གཤེགས་པ་སོགས་དང་འགལ་བའི་ཕྱིར་རོ། །འདིར་ཁ་ཅིག །ཟླ་བཟང་གི་གདན་རབས་སུམ་ཅུ་རྩ་གཉིས་ཀྱི་མཐར་ཞེས་པ་ཟད་མཐའ་ལ་དགོངས་པས། ཟླ་བཟང་ནས་གྲགས་པའི་བར་བརྒྱད་དང་པད་དཀར་སོགས་ཉེར་བཞི་རྫོགས་པའི་མཐར་ཉེར་ལྔ་པ་འཁོར་ལོ་ཅན་ཞེས་པའང་མི་རིགས་ཏེ། སྔར་བརྗོད་པ་ལྟར་ཀླ་ཀློའི་གནས་ཚད་དང་མི་འགྲིག་པའི་སྐྱོན་དང་། གོ་སླ་ལས། འོད་ཟེར་བདུན་དང་རི་གཟའ་ཐུབ་རྣམས་འདིར་ནི་དེ་བཞིན་སྙིང་སྟོབས་ལྡན་པ་ལྷ་ཡི་སྐྱེ་གནས་ཏེ། །ཞེས་པའི་དོན་འོད་ཟེར་དང་བདུན་དང་རི་དང་གཟའ་དང་ཐུབ་པ་སྟེ་བདུན་ལྔ་སུམ་ཅུ་རྩ་ལྔའི་བདག་ཉིད་པད་དཀར་སོགས་ཉེར་བཞིའི་སྟེང་དུ་དུམ་བུ་གཞན་བཅུ་གཅིག་པོའི་ཆོས་རྒྱལ་བཅུ་གཅིག་བསྡོམས་པའི་སུམ་ཅུ་རྩ་ལྔར་འདོད་པ་དང་། ཡང་ཆོས་ཀྱི་འོད་ཟེར་འཕྲོ་བའི་རྒྱལ་པོ་བདུན་དང་། རི་གཟའ་ཐུབ་གསུམ་པོ་ཡང་བདུན་ཏེ་བདུན་བཞིི་ཉི་ཤུ་རྩ་བརྒྱད་ནི་གྲགས་པ་སོགས་ཉེར་ལྔའི་སྟེང་དུ་ཚངས་པ་དང་དབང་པོ་དང་འོད་སྲུང་རྣམས་ལ་འདོད་པ་སྟེ་འཆད་ཚུལ་ཆེས་མི་མཐུན་པ་གཉིས་བྱུང་བ་ལས། གང་ལྟར་བྱས་ཀྱང་པད་དཀར་ནས་དྲངས་པའི་ཉེར་ལྔ་པ་འཁོར་ལོ་ཅན་དུ་བྱས་ན་མི་འགྲིག་པའི་ཕྱིར་དང་། མཐར་ཞེས་པ་ཡང་། རྣམ་བཤད་རིག་པར། མཐའ་ནི་ཟད་དང་མཇུག་ཆ་དང་། །ཞེས་པས་ཟད་མཐའ་ཁོ་ན་ལ་སྦྱོར་མི་དགོས་ཀྱི། མཇུག་གི་ཆ་ལའང་བཤད་ཆོག་པའི་ཕྱིར་རོ། །

གསུམ་པ་ནི། ཇི་ཙམ་ལྷག་མར་ལུས་པའི་རྣམ་གཞག་བཤད་པའི་རྗེས་དེ་ནས་བསྟན་པའི་གནས་ཚད་ཐུན་མོང་མ་ཡིན་པ་བཤད་པར་བྱ་སྟེ། འདི་ལྟར་ཁམས་ལེའི་གོ་སླ་ལས། རྫོགས་ལྡན་གསུམ་ལྡན་གཉིས་ལྡན་རྩོད་པའི་དུས་ནི་ནུས་པའི་ཚད་ཀྱིས་ས་གཞི་དག་ལ་ངེས་པར་རྒྱུ། །ཞེས་པས་འཁོར་ལོ་ཅན་གྱི་བསྟན་པའི་གནས་ཡུན་དང་། འོག་མིན་པའི་ཞག་རེ་ཚད་མཉམ་པར་གསུངས་ལ། འོག་མིན་པའི་དབུགས་རེ་དང་མིའི་ལོ་རེ་མཉམ་པས་ས་དུམ་བུ་བཅུ་གཉིས་སུ་བསྟན་པ་གནས་ཡུན་མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྟེ་ལོ་གྲངས་དེ་ལ་ཉི་མ་སྟེ་བཅུ་གཉིས་ཀྱིས་ཕྱེ་བའི་ཐོབ་ནོར་ལ་སྟོང་བརྒྱད་བརྒྱ་རེ་འབྱུང་བ་དེ་ནི་དུམ་བུ་བཅུ་གཉིས་པོ་སོ་སོར་བགོས་པའི་དུམ་བུ་རེ་རེའི་གནས་ཚད་ཐུན་མོང་མ་ཡིན་པ་སྟེ། ཐུན་མོང་དུ་གླིང་གསུམ་ལ་ལྔ་སྟོང་བཞི་བརྒྱ་རེ་གནས་པ་ཡིན་ནོ། །དེས་ན་ལྷོ་གླིང་དབུས་མ་འདི་གཞིར་བྱས་ལ། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་སེང་གེ་ཉིད་ཀྱིས་རྩ་རྒྱུད་བསྟན་ནས་ཀླ་ཀློ་མ་ཞུགས་བར་ལ་ལོ་ཆིག་སྟོང་ལྔ་བརྒྱ་ཉག་བཞི་དང་། ཀླ་ཀློ་ཞུགས་ནས་ལྕགས་བྱ་འདི་ཡན་ལ་ཆིག་སྟོང་ལྔ་བཅུ་ང་བདུན་ཏེ་བསྡོམས་པས་ལོ་ཉིས་སྟོང་ལྔ་བརྒྱ་རེ་གཅིག་འདས་ལ། ལྕགས་བྱ་འདི་ནས་འཁོར་ལོ་ཅན་གྱི་དགུང་ལོ་གོ་བདུན་གྱི་བར་ལ་ལོ་བདུན་བརྒྱ་ཞེ་གསུམ་ཡོད་པ་ལྔ་མ་ལ་བསྣན་པས་ལོ་གྲངས་སུམ་སྟོང་སུམ་བརྒྱ་ཉག་བཞི་འབྱུང་བའི་རྒྱལ་བ་ཐུབ་པའི་བསྟན་པ་སྔ་དར་གྱི་གནས་ཚད་འདིའི་སྟེང་དུ། རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱིས་གསོས་པའི་ཕྱི་དར་གྱི་གླིང་འདིའི་གནས་ཚད་སྟོང་བརྒྱད་བརྒྱ་པོ་བསྣན་པས་ལྔ་སྟོང་ཆིག་བརྒྱ་དང་ཉག་བཞི་འབྱུང་བ་དུམ་བུ་འདི་ཁོ་ནའི་དུས་འཁོར་གྱི་བསྟན་པའི་གནས་ཚད་དུ་གསུངས་པ་ཡིན་ལ། དུམ་བུ་གཞན་བཅུ་གཅིག་ཏུ་ནི་སྔ་དར་ཕྱི་དར་གཉིས་ཀའང་སྟོང་བརྒྱད་བརྒྱ་བར་མཚུངས་སོ། །དེ་ལྟར་བཤད་པའི་རྗེས་དེ་ནས་བསྟན་པའི་གནས་ཚད་དེ་དག་གི་དུས་བཞི་པོ་རེ་རེའི་ཚད་གང་ཞེ་ན། དེ་ནི་ཐུབ་པའི་བསྟན་པ་སྔ་དར་གྱི་གནས་ཚད་དང་། རིགས་ལྡན་དྲག་པོས་གསོས་པའི་ཕྱི་དར་གྱི་བསྟན་པའི་གནས་ཚད་གཉིས་པོ་སོ་སོ་ལ་ཆུ་བོ་སྟེ་བཞིས་བགོས་པའི་ཐོབ་ནོར་གང་ཡིན་པ་དེ་ནི་རང་རང་གི་དུས་བཞི་རེ་རེའི་ཚད་དེ། དེ་ཡང་གླིང་འདིའི་སྔ་དར་གྱི་དུས་བཞི་རེ་རེ་ལ་བརྒྱད་བརྒྱ་ཉེར་དྲུག་ཡོད་ཅིང་དུམ་བུ་འདིའི་ཕྱི་དར་དང་དུམ་བུ་གཞན་བཅུ་གཅིག་པོའི་སྔ་ཕྱི་གཉིས་ཀའི་དུས་བཞི་རེ་རེའི་ཚད་ལ་བཞི་བརྒྱ་ལྔ་བཅུ་རེ་ཡོད་ལ། དེ་ལྟར་ན་དུམ་བུ་བཅུ་གཉིས་སུ་བསྟན་པ་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་གནས་ཤིང་། དེ་ལའང་བཞིས་བགོས་པས་དུམ་བུ་བཅུ་གཉིས་པོ་རྣམས་ཀྱི་དུས་བཞི་རེ་རེ་བསྡོམས་པའི་ཚད། རྫོགས་ལྡན་སོགས་ལྔ་སྟོང་བཞི་བརྒྱ་རེ་ཡོད་པར་གསུངས་ཏེ། རྒྱུད་ལས། དུས་རྣམས་དག་གི་ལོ་ཡི་ཚད་ནི་སྟོང་ཕྲག་ཉི་ཤུ་གཅིག་དང་དྲུག་བརྒྱ་དག་དང་བཅས་པ་སྟེ། །རེ་རེ་དག་གི་ཚད་ནི་དུས་དང་མདའ་ཡིས་བསྒྱུར་བའི་མི་རྣམས་དག་གི་ལོ་བརྒྱ་གང་ཡིན་པའོ། །ཞེས་སོ། །འདི་དག་ནི་བསྟན་པ་འཕེལ་འགྲིབ་ཀྱི་དུས་བཞི་ཆུང་ངུ་སྟེ་དུས་བཞི་ཆེན་པོའི་ཚད་ལ་སོགས་པ་ནི་འོག་ཏུ་ལེའུ་བཅོ་བརྒྱད་པར་འཆད་པ་ལས་ཤེས་པར་བྱའོ། །

གསུམ་པ་གནས་ཚད་ཇི་ཙམ་ལུས་རྩི་ཚུལ་བསྟན་པས་དོན་བསྡུ་བ་ནི། རྒྱལ་བ་ཐུབ་པ་མྱ་ངན་ལས་འདས་པ་ནས་བཟུང་སྟེ་རབ་བྱུང་བཅུ་གཅིག་པ་འདིའི་ནང་གི་ལྕགས་སྤྲེའི་མཐའ་རྫོགས་པ་ཡན་གྱི་ལོ་ཚིགས་ཉིས་སྟོང་ལྔ་བརྒྱ་རེ་གཅིག་ལ། ད་ལྟའི་ལྕགས་བྱ་ལ་སོགས་པ་ལོ་ཇི་ཙམ་ཞིག་འདས་པ་བསྲེས་པའི་ཚོགས་དེས་སྔར་བཤད་པའི་མདོ་ལུགས་ཀྱི་བསྟན་པའི་གནས་ཚད་དང་། རྡོ་རྗེ་ཐེག་པའི་བསྟན་པའི་གནས་ཚད་གང་རྩི་བར་འདོད་པ་དེ་ལ་ཕྲི་བའི་ལྷག་མར་ཇི་ཙམ་ལུས་པ་དེས་ད་ནས་མ་འོངས་པ་ན་བསྟན་པའི་གནས་ཚད་ལས་ལྷག་མ་ཇི་ཙམ་ལུས་དཀའ་བ་མེད་པར་བདེ་བླག་ཏུ་ཤེས་པར་འགྱུར་བའི་ཕྱིར་ན་བློ་ལྡན་རྣམས་ཀྱིས་ཞིབ་མོའི་བློ་ཡིས་རྩི་བར་མཛོད་ཅིག་པའོ། །དེ་ལྟར་བརྩིས་པས་ལྕགས་བྱ་འདི་ཡན་ལ་མདོ་ལུགས་ཀྱི་གནས་ཚད་ལྔ་སྟོང་གི་དབང་དུ་བྱས་ན། འབྲས་བུའི་དུས་ཀྱི་ལྔ་བརྒྱ་ཕྲག་གསུམ་དང་། སྒྲུབ་པའི་དུས་ལས་ཤེས་རབ་དང་ཏིང་ངེ་འཛིན་གྱི་ལྔ་བརྒྱ་ཕྲག་རེ་རེ་དང་། ཚུལ་ཁྲིམས་ཀྱི་སྟེང་ནས་དྲུག་ཅུ་རེ་གཅིག་སྟེ་བསྡོམས་པས་ལོ་ཉིས་སྟོང་ལྔ་བརྒྱ་རེ་གཅིག་འདས་ལ། དེ་ནས་མ་འོངས་པ་ནི་ཚུལ་ཁྲིམས་ཀྱི་དུས་ནས་ལོ་བཞི་བརྒྱ་སོ་དགུ་དང་། ལུང་གི་དུས་ལྔ་བརྒྱ་ཕྲག་གསུམ་སྟེ་བསྟན་པ་རྣལ་མ་ལོ་སྟོང་དགུ་བརྒྱ་སོ་དགུ་དང་། རྟགས་ཙམ་འཛིན་པའི་ལྔ་བརྒྱ་ཕྲག་གཅིག་སྟེ་དངོས་བཏགས་དྲིལ་བས་ཉིས་སྟོང་བཞི་བརྒྱ་སོ་དགུ་རྣམས་ལྷག་མར་ལུས་སོ། །དུས་ཀྱི་འཁོར་ལོའི་བསྟན་པའི་དབང་དུ་བྱས་ན། སྔ་དར་གྱི་དུས་བཞིའི་སྟེང་ནས། རྫོགས་ལྡན། གསུམ་ལྡན། གཉིས་ལྡན་རྣམས་དང་། རྩོད་ལྡན་གྱི་སྟེང་ནས་བརྒྱད་ཅུ་གྱ་གསུམ་འདས་ལ། ད་ནས་མ་འོངས་པ་ན། རྩོད་ལྡན་གྱི་དུས་བདུན་བརྒྱ་ཞེ་གསུམ་དང་། འཁོར་ལོ་ཅན་གྱིས་གསོས་པའི་ཕྱི་དར་སྟོང་བརྒྱད་བརྒྱ་སྟེ་བསྡོམས་པས། ལོ་ཉིས་སྟོང་ལྔ་བརྒྱ་ཞེ་གསུམ་ལྷག་མར་ལུས་སོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། བསྟན་རྩིས་བཤད་པའི་སྐབས་ཏེ་གསུམ་པའི་འགྲེལ་པའོ། །ཞེས་སྐབས་བསྡུས་སོ།། །།


previousསྐབས་གསུམ་པས་བསྟན་རྩིས་བཤད་པ།next