སྙན་ངག་མེ་ལོང་གི་འགྲེལ་པ་གཞུང་དོན་རབ་གསལ་སྣང་བ།
སྙན་ངག་མེ་ལོང་གི་འགྲེལ་པ་གཞུང་དོན་རབ་གསལ་སྣང་བ་ཞེས་བྱ་བ་བཞུགས་སོ། །
རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ།
སྙན་ངག་མེ་ལོང་གི་འགྲེལ་པ་གཞུང་དོན་རབ་གསལ་སྣང་བ་ཞེས་བྱ་བ་བཞུགས་སོ། །
ཚད་མེད་ཐུགས་རྗེའི་ཉིན་བྱེད་འོད་བརྡལ་བས། །འགྲོ་བའི་མི་ཤེས་རྨོངས་མུན་ཀུན་བཅིལ་ནས། །ཕུལ་བྱུང་བློ་གྲོས་སྣང་བ་རྒྱས་མཛད་པ། །གཏེར་ཆེན་བླ་མས་དགེ་ལེགས་གཡོ་མེད་མཛོད། །རྒྱལ་ཀུན་མཁྱེན་བརྩེ་ནུས་གཟུགས་འབབ་ལྡན་རྒྱུན། །ཁྱོད་ཐུགས་རྒྱ་མཚོར་འཁྱིལ་བའི་ངོ་མཚར་གྱིས། །སྲིད་གསུམ་གདུང་སེལ་མཛད་པ་གཏན་གྱི་སྐྱབས། །ཨོ་ཌཱི་ཡ་ནའི་སློབ་དཔོན་དེས་སྐྱོངས་ཤིག །དུས་གསུམ་རྒྱལ་ཀུན་ཡུམ་གཅིག་ཤེར་ཕྱིན་མ། །ཡིད་འཕྲོག་ཚངས་པའི་བུ་མོར་རྣམ་རོལ་བ། །གང་ཁྱོད་བདག་སྙིང་པད་མཚོར་རྟག་བཞུགས་ལ། །ལེགས་བཤད་སྨྲ་བའི་སྤོབས་པ་མཆོག་སྩོོལ་ཅིག །ཁྱོད་ཐུགས་ཀུན་གསལ་བཞིན་རས་ངོས་ཡངས་པར། །ཤར་བའི་མཁྱེན་རབ་མཚན་མོའི་མགོན་པོ་ནི། །ལྔ་རིག་ཨུཏྤལ་མཚན་མ་བཀྲ་བ་ཅན། །དབྱུག་པ་ཅན་ཞེས་གྲགས་གང་རྒྱལ་གྱུར་ཅིག །ཟབ་ཡངས་གཏིང་དཔག་དཀའ་བ་ཤེས་བྱའི་མཚོར། །ཐོགས་མེད་བགྲོད་པའི་ལེགས་བཤད་གྲུ་བོ་ཆེ། །སྐལ་ལྡན་བདེ་བླག་འཇུག་པའི་ཐབས་མཁས་སྒོ། །འབྱེད་མཛད་བརྒྱུད་པའི་བླ་མ་ཕྱག་གི་གནས། །གྲོང་ཚིག་རྙོགས་བྲལ་སྙན་ངག་ཆུ་གཏེར་ཆེ། །མཁྱེན་རབ་མགུར་དུ་དྲངས་ནས་ཤེས་ལྡན་གྱི། །མི་ཤེས་ཉོན་མོངས་མ་ལུས་སེལ་མཛད་པ། །དྷརྨ་ཤྲི་གཙུག་གི་རྒྱན་དུ་མཆོད། །ཨེ་མ་ཚིག་རྒྱན་བསྟན་བཅོས་མེ་ལོང་གི། གཞུང་དོན་རབ་ཏུ་གསལ་བའི་ཉིན་བྱེད་དབང་། །ལེགས་བཤད་སྣང་བའི་འོད་ཟེར་འབུམ་བཀྱེ་བ། །གང་འདིས་བློ་གྲོས་ལྡན་རྣམས་དགྱེས་པར་མཛོད། །འདིར་འཕགས་ཡུལ་གྱི་སྙན་ངག་མཁན་ཆེན་པོ་དབྱུག་པ་ཅན་གྱིས་མཛད་པའི་སྙན་
ངག་གི་བསྟན་བཅོས་མེ་ལོང་འདི་ཉིད་འཆད་པར་བྱེད་པ་ལ་གསུམ་སྟེ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལ་གཉིས་ཏེ་མཚན་དོན་དང་། འགྱུར་ཕྱག་གོ །དང་པོ་ནི། རྒྱ་གར་སྐད་དུ། ཀ་བྱཱ་དརྴ། བོད་སྐད་དུ། སྙན་ངག་མེ་ལོང་ཞེས་པ་སྟེ། རྒྱ་གར་ན་སྐད་རིགས་བཞི་ཡོད་པ་ལས་ལེགས་པར་སྦྱར་བ་སཾ་ཀྲྀ་ཏའི་སྐད་དུ། ཀ་བྱཱ་དརྴ་ཞེས་ཟེར་ཏེ། བོད་སྐད་དུ་བསྒྱུར་ན་སྙན་ངག་མེ་ལོང་ཞེས་བྱའོ། །དེ་ཡང་ཀ་བེ་སྙན་ངག །ཨཱདརྴ་མེ་ལོང་། དེ་གཉིས་མཚམས་སྦྱར་བས་ཀ་བྱཱ་དརྴ་གྲུབ་བོ། །གཉིས་པ་ནི། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། སོ་སྐྱེ་ལས་འཕགས་པས་ན་འཕགས། ཉོན་མོངས་པ་ལ་སོགས་པའི་རྩུབ་པ་དང་བྲལ་བས་འཇམ་པ། གཉིས་མེད་རྟོགས་པའི་ཡེ་ཤེས་ནི་དཔལ། དོན་གཉིས་རྒྱུན་ཆད་མེད་པས་གཞོན་ནུར་གྱུར་པ་སྟེ། དེ་ལ་ལུས་ངག་ཡིད་གསུམ་གུས་པས་བཏུད་དེ་ཕྱག་འཚལ་ལོ་ཞེས་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་འགྱུར་ཕྱག་ཏུ་སྨོས་པའོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། བསྟན་བཅོས་ལ་འཇུག་པའི་སྒོ། འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན། ཞུགས་པའི་འབྲས་བུའོ། །དང་པོ་ལ་གཉིས་ཏེ། ཤིས་པ་བརྗོད་པ་དང་། རྩོམ་པར་དམ་བཅའ་བའོ། །དང་པོ་ནི། གདོང་བཞི་གདོང་གི་པད་ཚལ་གྱི། །ངང་པའི་བུ་མོ་ཐམས་ཅད་དཀར། །དབྱངས་ཅན་མ་ནི་ཁོ་བོ་ཡི། །ཡིད་ལ་རིང་དུ་གནས་པར་མཛོད། །ཅེས་པ་སྟེ། གདོང་བཞི་ཅན་ནི་ཚངས་པ་ཡིན་ལ། དེའི་གདོང་པ་པདྨའི་ཚལ་གྱི་གཟུགས་སུ་བཀོད་ཅིང་། དེ་ལས་བྱུང་བ་ངང་པའི་བུ་མོ་དབྱངས་ཅན་མ་ཞེས། ལྷ་མོ་དེ་ངང་མོར་བཀོད་པའོ། །ཇི་ལྟར་བཀོད་ན། ཐམས་ཅད་དཀར་ཞེས་ངང་མོ་དང་དབྱངས་ཅན་མ་གཉིས་ཀ་དཀར་བར་མཚུངས་པས་སོ། །དེ་ལྟ་བུའི་དབྱངས་ཅན་མ་དེ་ནི་དབྱུག་པ་ཅན་ཁོ་བོའི་ཡིད་ལ་ཡུན་རིང་དུ་གནས་པར་མཛོད་ཅེས་པའོ། །རྒྱན་འདི་ནི་སྦྱར་བའི་གཟུགས་ཅན་ཏེ། ཅིའི་ཕྱིར་ན། ངང་པ་ཞེས་པ་དྲི་ཟའི་མིང་གི་རྣམ་གྲངས་དང་། མཱ་ན་སེ་ཞེས་པ་ཡིད་དང་མཚོ་གཉིས་ཀ་ལ་འཇུག་པས་སོ། །གཉིས་པ་ནི། བསྟན་བཅོས་སྔ་མ་རྣམས་བསྡུས་
ཤིང་། །སྦྱོར་བ་རྣམས་ཀྱང་ཉེར་མཚོན་ཏེ། །ཇི་ལྟར་ནུས་བཞིན་བདག་གིས་ནི། །སྙན་ངག་རྣམས་ཀྱི་མཚན་ཉིད་བྱ། །ཞེས་པ་སྟེ། སྔོན་གྱི་སློབ་དཔོན་རཱ་མ་ཤརྨ་ལ་སོགས་པས་མཛད་པའི་སྙན་ངག་གི་བསྟན་བཅོས་སྔ་མ་རྣམས་ཀྱི་དོན་ཚིག་ཉུང་ངུར་བསྡུས་ཤིང་། དཔེར་བརྗོད་ཀྱི་སྦྱོར་བ་རྣམས་ཀྱང་ཉེ་བར་བཀོད་པས་མཚོན་པར་བྱས་ཏེ། དབྱུག་པ་ཅན་བདག་གིས་ཇི་ལྟར་ནུས་པ་བཞིན་དུ་སྙན་ངག་རྣམས་ཀྱི་མཚན་ཉིད་བཤད་པར་བྱ་ཞེས་པའོ། །གཉིས་པ་འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་བཤད་པ་ལ་གསུམ་སྟེ། དགོས་དོན། བསྡུས་དོན། ཚིག་དོན་ནོ། །དང་པོ་ལ་བདུན། བསྟན་བཅོས་བརྩམས་པའི་ཡོན་ཏན། མ་བརྩམ་པའི་སྐྱོན། ཡུན་རིང་གནས་པའི་རྒྱུ་མཚན། རྩོམ་བྱེད་ཀྱི་ཁྱད་པར། སྐྱོན་སྤངས་ཐབས། བསྟན་བཅོས་མི་ཤེས་པའི་སྐྱོན། མཁས་པས་ལེགས་པར་དབྱེ་བའོ། །དང་པོ་ནི། འདི་ན་ཀུན་ཏུ་མཆོག་རྣམས་ཀྱང་། །མཆོག་གི་རྗེས་སུ་བསྟན་པ་ཡི། །ཚིག་རྣམས་ཉིད་ཀྱི་དྲིན་གྱིས་ནི། །འཇིག་རྟེན་ལུགས་ལ་འཇུག་པར་བྱེད། །ཅེས་པ་སྟེ། འཇིག་རྟེན་འདི་ན་རྣམ་པ་ཀུན་ཏུ་མཆོག་ཏུ་གྱུར་པ་རྣམས་ཀྱང་གྱ་ཚོམ་དུ་མ་ཡིན་ཏེ། སྔོན་གྱི་མཁས་པ་མཆོག་རྣམས་ཀྱིས་རྗེས་སུ་བསྟན་པའི་བསྟན་བཅོས་ཀྱི་ཚིག་རྣམས་ཀྱི་དྲིན་གྱིས་བླང་དོར་ཕྱེ་ནས། འཇིག་རྟེན་གྱི་ལུགས་བཟང་པོ་ལ་འཇུག་པར་བྱེད་ཅེས་པའོ། །གཉིས་པ་ནི། གལ་ཏེ་སྒྲ་དོན་སྣང་བ་ནི། །འཁོར་བའི་བར་དུ་མི་གསལ་ན། །འཇིག་རྟེན་གསུམ་པོ་མཐའ་དག་འདི། །སྨག་རུམ་མུན་པ་ཉིད་དུ་འགྱུར། །ཞེས་པ་སྟེ། གལ་ཏེ་སྒྲ་དོན་ཕྱིན་ཅི་མ་ལོག་པའི་བསྟན་བཅོས་ཀྱི་སྣང་བས། འཁོར་བ་ཇི་སྲིད་ཀྱི་བར་དུ་མི་གསལ་བ་དེའི་ཚེ་ན། འཇིག་རྟེན་གསུམ་པོ་མཐའ་དག་པ་འདི་ནི་བླང་དོར་གྱི་གནས་མི་ཤེས་པས་སྨག་རུམ་མུན་པ་ཉིད་དུ་འགྱུར་བ་ཡིན་ནོ། །གསུམ་པ་ནི། སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། །ངག་གི་རང་བཞིན་མེ་ལོང་ཐོབ། །དེ་དག་ཉེ་བར་མི་གནས་ཀྱང་། །རང་ཉིད་ཉམས་པ་མེད་ལ་ལྟོས། །ཞེས་པ་སྟེ། སྔོན་གྱི་རྒྱལ་པོ་ང་ལ་ནུ་ལ་སོགས་པ་རྣམས་ཀྱིས་ཡོན་ཏན་གྱི་གྲགས་པའི་གཟུགས་བརྙན་གཏམ་དུ་གྲགས་པའི་ངག་གི་རང་བཞིན་བློའི་མེ་ལོང་དུ་གསལ་བར་ཐོབ་ལ། དེའི་ཕྱིར་རྒྱལ་པོ་དེ་
དག་ད་ལྟ་ཉེ་བར་མི་གནས་ཀྱང་རང་རང་གི་གྲགས་པའི་གཟུགས་བརྙན་ད་དུང་ཡང་ཉམས་པ་མེད་པར་གནས་པ་ལ་ལྟོས་ཞེས་དཔེས་མཚོན་པའོ། །བཞི་པ་ནི། མཁས་པས་ཡང་དག་རབ་སྦྱར་བའི། །ངག་ནི་ངག་གི་འདོད་འཇོར་བཤད། །དེ་ཉིད་ཉེས་པར་སྦྱར་ན་སླར། །སྦྱོར་པོ་བ་ལང་ཉིད་རྗོད་བྱེད། །ཅེས་པ་སྟེ། མཁས་པ་རྣམས་ཀྱིས་ཡང་དག་པར་སྦྱར་བའི་ངག་ནི་ཚིག་དོན་ཕུན་སུམ་ཚོགས་པ་དང་ལྡན་པས་ངག་གི་འདོད་པ་འཇོ་བར་བྱེད་ལ། གལ་ཏེ་དེ་ཉིད་ཉེས་པར་སྦྱར་བ་སྟེ་ལོག་པར་སྦྱར་ན། བསྟན་བཅོས་དེ་གཞན་གྱིས་འདོར་བར་མ་ཟད། སྦྱོར་བ་པོ་དེ་ཡང་བ་ལང་དང་འདྲ་བར་རྗོད་པར་བྱེད་དོ། །ལྔ་པ་ནི། དེ་ཕྱིར་སྙན་ངག་དག་ལ་སྐྱོན། །ཆུང་བར་གྱུར་ཀྱང་ཅི་ཞིག་ལྟར། །བཏང་སྙོམས་མི་བྱ་ལུས་མཛེས་ཀྱང་། །སྐྱོན་གཅིག་གིས་ནི་སྐལ་ངན་འགྱུར། །ཞེས་པ་སྟེ། གོང་དུ་སྨོས་པའི་རྒྱུ་མཚན་དེའི་ཕྱིར། སྙན་ངག་ཤེས་པ་དག་གིས་ཚིག་སྦྱོར་ལ་འགོད་པའི་གནས་སྐབས་སུ། སྐྱོན་ཆུང་ངུ་ཞིག་ཆགས་པར་གྱུར་ཀྱང་ཅི་ཞིག་ལྟར་ཏེ་འོག་ཏུ་དཔེ་བཀོད་པ་བཞིན་ཏེ། དེའི་ཕྱིར་སྐྱོན་ཆུང་ངུ་ཙམ་གྱིས་ཉེས་པ་མེད་ཅེས་བཏང་སྙོམས་སུ་བཞག་པར་མི་བྱའོ། །དཔེ་ཇི་ལྟར་ན་སྐྱེས་བུ་ཞིག་ལུས་མཛེས་ཀྱང་ཁ་ཡོ་བ་ལྟ་བུ་སྐྱོན་གཅིག་གིས་ཀྱང་སྐལ་བ་ངན་པར་འགྱུར་བ་བཞིན་ནོ། །དྲུག་པ་ནི། སྐྱེ་བོ་བསྟན་བཅོས་མི་ཤེས་པས། །ཡོན་ཏན་སྐྱོན་དག་ཇི་ལྟར་དབྱེ། །གཟུགས་ཀྱི་དབྱེ་བ་དམིགས་པའི་སྐབས། །ལོང་བ་དག་ལ་ཡོད་དམ་ཅི། །ཞེས་པ་སྟེ། སྐྱེ་བོ་གང་ཞིག་བསྟན་བཅོས་ཀྱི་སྤྱི་བྱེ་བྲག་མི་ཤེས་པས། ཉམས་སོགས་ཡོན་ཏན་དང་། དོན་ཉམས་སོགས་སྐྱོན་གྱི་བྱེ་བྲག་དག་ཇི་ལྟར་དབྱེ་སྟེ་དབྱེ་མི་ནུས། ཅིའི་ཕྱིར་ན། གཟུགས་ལེགས་ཉེས་ཀྱི་དབྱེ་བ་དམིགས་པའི་སྐབས་ལོང་བ་ལ་ཡོད་དམ་ཅི་སྟེ་མེད་པ་བཞིན་ནོ། །བདུན་པ་ནི། དེ་ཕྱིར་མཁས་པས་སྐྱེ་རྒུ་རྣམས། །བྱེ་བྲག་རྟོགས་ལ་མངོན་དགོངས་ནས། །རྣམ་བཀྲ་ལམ་ལྡན་ཚིག་རྣམས་ཀྱིས། །བྱ་བའི་ཆོ་ག་ངེས་པར་སྦྱར། །ཞེས་པ་སྟེ། རྒྱུ་མཚན་དེའི་ཕྱིར་སྔོན་གྱི་མཁས་པས་སྐྱེ་རྒུ་རྣམས་ཀྱིས་ལེགས་ཉེས་ལ་སོགས་པའི་བྱེ་བྲག་རྟོགས་པ་ལ་མངོན་པར་དགོངས་ནས་ལུས་མཛེས་སྒྲ་དོན་གྱི་རྣམ་པར་བཀྲ་བའི་ལམ་དང་ལྡན་པའི་
སྙན་ཚིག་གི་རིག་པ་ཤེས་པར་བྱ་བའི་ཆོ་ག་རྣམས་ངེས་པར་སྦྱར་ཅེས་པའོ། །གཉིས་པ་བསྡུས་དོན་ནི། དེ་རྣམས་ཀྱིས་ནི་སྙན་ངག་གི། ལུས་དང་རྒྱན་ཡང་རབ་ཏུ་བསྟན། །ཅེས་པ་སྟེ། སྔོན་གྱི་མཁས་པ་དེ་རྣམས་ཀྱིས་ནི་སྙན་ངག་གི་ལུས་ཚོགས་པའི་ངོ་བོ་དང་། དེ་མཛེས་བྱེད་ཀྱི་རྒྱན་ཡང་རབ་ཏུ་བསྟན་ཅེས་པའོ། །གསུམ་པ་ཚིག་དོན་ལ་གསུམ་སྟེ། ལུས་བཤད་པ། རྒྱན་བཤད་པ། སྐྱོན་སེལ་བཤད་པའོ། །དང་པོ་ལ་གཉིས། མཚན་ཉིད་དང་། མཚན་གཞིའོ། །དང་པོ་ནི། ལུས་ནི་རེ་ཞིག་འདོད་པ་ཡི། །དོན་གྱི་རྣམ་བཅད་ཚིག་གི་ཕྲེང་། །ཞེས་པ་སྟེ། ལུས་ཀྱི་མཚན་ཉིད་ནི་གང་ཞེ་ན། རེ་ཞིག་སྙན་ངག་མཁན་གྱིས་བརྗོད་པར་འདོད་པའི་བསམ་པས་ཀུན་ནས་བསླངས་པའི་བརྗོད་བྱའི་དོན་གང་ཞིག །ཚིག་རྒྱན་གྱི་བསྟན་བཅོས་ལས་བཤད་པའི་ངེས་པ་ལས་མ་འདས་པར་རྣམ་པར་བཅད་པའི་ཚིག་གི་ཕྲེང་བ་སྤེལ་བའོ། །གཉིས་པ་ལ་གསུམ་སྟེ། ལུས་གཞུང་གི་དབྱེ་བས་གསུམ་དུ་བཤད། སྐད་རིགས་ཀྱི་དབྱེ་བས་བཞིར་བཤད། སྦྱོར་ཚུལ་གྱི་དབྱེ་བས་གཉིས་སུ་བསྟན་པའོ། །དང་པོ་ལ་དབྱེ་བ་དང་། སོ་སོར་བཤད་པའོ། །དང་པོ་ནི། དེ་ཡང་ཚིགས་བཅད་ལྷུག་པ་དང་། །སྤེལ་མ་རྣམ་གསུམ་ཉིད་དུ་གནས། །ཞེས་པ་སྟེ། གོ་སླའོ། །གཉིས་པ་ལ་གསུམ། ཚིགས་བཅད། ལྷུག་པ། སྤེལ་མའོ། །དང་པོ་ལ་བཞི། མཚན་ཉིད། དབྱེ་བ། དེས་བརྩམས་པའི་སྙན་ངག་ཆེན་པོའི་མཚན་ཉིད། སྦྱོར་ཚུལ་འགའ་ཞིག་མཚོན་པའོ། །དང་པོ་ནི། ཚིགས་བཅད་རྐང་བཞི། །ཞེས་པ་སྟེ། དེ་ལ་ཚིགས་བཅད་ཀྱི་མཚན་ཉིད་གང་ཞེ་ན་རྐང་པ་བཞིའི་བདག་ཉིད་ཅན་ཉིད་ཡིན་ཞེས་པའོ། །གཉིས་པ་ལ་གཉིས། སྡེབ་སྦྱོར་གྱི་སྒོ་ནས་གཉིས་སུ་དབྱེ། སྦྱོར་ཚུལ་གྱི་སྒོ་ནས་བཞིར་དབྱེ་བའོ། །དང་པོ་ནི། དེ་ཡང་ནི། །བྲྀརྟ་ཛཱ་ཏི་ཞེས་རྣམ་གཉིས། །དེ་ཡི་སྤྲོས་པ་མཐའ་དག་ནི། །སྡེབ་སྦྱོར་གཞུང་དུ་ངེས་པར་བསྟན། །རིག་དེ་སྙན་ངག་རྒྱ་མཚོ་ནི། །ཟབ་མོ་བརྒལ་འདོད་རྣམས་ཀྱི་གྲུ། །ཞེས་པ་སྟེ། ཚིགས་བཅད་རྐང་བཞིའི་བདག་ཉིད་ཅན་དེ་ལ་ཡང་སྡེབ་སྦྱོར་གྱི་སྒོ་ནས་དབྱེ་
ན་བྲྀརྟ་དང་ཛཱ་ཏི་ཞེས་རྣམ་པ་གཉིས་སུ་འགྱུར་ཞིང་། དེའི་སྤྲོས་པ་མཐའ་དག་པ་ནི་སྡེབ་སྦྱོར་རིན་ཆེན་འབྱུང་གནས་སོགས་སྡེབ་སྦྱོར་གྱི་གཞུང་རྣམས་ཀྱི་ནང་དུ་ངེས་པར་བསྟན་པས་དེར་ཤེས་པར་བྱ་ཞིང་། རིག་པ་དེ་ནི་སྙན་ངག་གི་རྒྱ་མཚོ་ཟབ་མོ་རྟོགས་པར་དཀའ་བའི་ཕ་རོལ་དུ་བརྒལ་བར་འདོད་པ་རྣམས་ཀྱི་གྲུ་ལྟ་བུ་ཡིན་ནོ། །གཉིས་པ་ནི། གྲོལ་བ་དང་ནི་རིགས་དང་མཛོད། །འདུས་པ་ཞེས་བྱ་དེ་འདྲ་ཡི། །ཚིགས་བཅད་རྒྱ་ཆེ་སརྒས་བཅིངས། །ཆ་ཤས་རང་བཞིིན་ཕྱིར་མ་བརྗོད། །ཅེས་པ་སྟེ། ཚིགས་བཅད་གཅིག་གིས་དོན་རྫོགས་པར་སྟོན་པ་གྲོལ་བ་དང་། བྱ་ཚིག་གཅིག་གི་སྒོ་ནས་ཚིགས་བཅད་ཕན་ཚུན་ལྟོས་ཏེ་དོན་གཅིག་རྫོགས་པར་སྟོན་པ་རིགས་དང་། གཅོད་མཚམས་དང་བྱ་ཚིག་སྣ་ཚོགས་པས་དོན་དུ་མ་སྟོན་པ་མཛོད་དང་། བཅད་མཚམས་དང་བྱ་ཚིག་སྣ་ཚོགས་པས་དོན་གཅིག་སྟོན་པ་འདུས་པ་ཞེས་བྱའོ། །དེ་འདྲའི་ཚིགས་བཅད་རྒྱ་ཆེ་བ་བཞི་པོ་རྣམས་ནི་སརྒ་སྟེ་ལེའུ་གཉིས་སོགས་ཀྱིས་བཅིངས་པ་ཚིགས་བཅད་དུ་བྱས་པའི་སྙན་ངག་ཆེན་པོའི་ཆ་ཤས་ཡིན་པས་ཆ་ཤས་ཅན་འདིར་དཔེར་བརྗོད་རང་བཞིན་གྱིས་གྲུབ་པའི་ཕྱིར་ལོགས་སུ་མ་བརྗོད་དོ། །གསུམ་པ་ལ། བཤད་པར་དམ་བཅའ་བ། མཚན་ཉིད་དངོས། དེའི་དམིགས་བསལ་ལོ། །དང་པོ་ནི། སརྒས་བཅིངས་པ་སྙན་ངག་ཆེ། །དེ་ཡི་མཚན་ཉིད་བརྗོད་པར་བྱ། །ཞེས་པ་སྟེ། གོང་དུ་བཤད་པ་བཞིན་སརྒ་གཉིས་སོགས་ཀྱིས་བཅིངས་པ་ནི་སྙན་ངག་ཆེན་པོའོ། །ངག་གི་དབང་ཕྱུག་གིས། ཁ་ཅིག་སརྒ་བཅུ་དྲུག་ལ་སོགས་པས་བྱས་པ་ཆེན་པོ་ཉིད་དུ་འདོད་ཅེས་དང་། སརྒ་ཉེ་བར་མཚོན་པ་ཡིན་པས་ན། ཨཱ་ཤྭཱ་ས་དང་། ཨཱཾ་ཀ་དང་། ཨཱཪྻ་དང་། གཱི་ཏི་ཡིས་བཅིངས་པ་ཡང་སྙན་ངག་ཆེན་པོའོ་ཞེས་འཆད་དེ། དོན་དུ་ན་ལེའུ་དུ་མར་བཅད་པ་སྙན་ངག་ཆེན་པོ་དེའི་མཚན་ཉིད་བརྗོད་པར་བྱ་ཞེས་པའོ། །གཉིས་པ་ལ། སྒོ་དང་། རྟེན་གཞི། རྩོམ་ཚུལ་དང་གསུམ་ལས། དང་པོ་ནི། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་པར་བསྟན་པའང་དེ་ཡི་སྒོ། །ཞེས་པ་སྟེ། འདོད་པའི་དོན་ལ་ཤིས་པ་བརྗོད་པ། ཡུལ་ཁྱད་པར་ཅན་ལ་ཕྱག་བྱ་བ། བསྟན་བཅོས་ཀྱི་ལམ་རྣམ་པར་བཞག་པ། དངོས་པོ་ངེས་པར་བསྟན་པ་སྟེ། དེ་གསུམ་ནི་
སྙན་ངག་ཆེན་པོ་ལ་འཇུག་པའི་སྒོ་ཡིན་ནོ། །གཉིས་པ་ནི། སྔོན་བྱུང་གཏམ་ལས་གྱུར་པའམ། །ཅིག་ཤོས་ལེགས་པ་ལ་བརྟེན་པ། །སྡེ་བཞི་འབྲས་བུའི་དབང་གྱུར་དང་། །མཁས་ཤིང་ཡིད་འོང་འདྲེན་པ་དང་། །ཞེས་པ་སྟེ། སྐྱེས་རབས་ལྟ་བུ་སྔོན་བྱུང་བའི་གཏམ་ལས་གྱུར་པའམ། ཅིག་ཤོས་ཏེ་ད་ལྟའི་གཏམ་ལེགས་པ་དག་ཀྱང་བརྗོད་བྱར་བྱས་ནས། དེ་ལ་བརྟེན་པའི་ཚིག་སྦྱོར་འགོད་པ་ལ། ནོར་གྱི་སྡེ། འདོད་པའི་སྡེ། ཐར་པའི་སྡེ། ཆོས་ཀྱི་སྡེ་སྟེ་དེ་བཞི་ནི་སྐྱེས་བུའི་དོན་གྱི་ངོ་བོ་ཉིད་དང་། འགྲུབ་བྱ་ཡིན་པས་འབྲས་བུའི་དབང་དུ་གྱུར་པ་དང་། དེར་མ་ཟད། ཤེས་བྱ་ཀུན་ལ་མཁས་ཤིང་ཡིད་དུ་འོང་བའི་འདྲེན་པ་ཡོན་ཏན་ཅན་རྣམས་ཀྱི་བསྔགས་བརྗོད་དཔག་བསམ་འཁྲི་ཤིང་ལྟ་བུའོ། །གསུམ་པ་ནི། གྲོང་ཁྱེར་རྒྱ་མཚོ་རི་དང་དུས། །ཉི་ཟླ་འཆར་བའི་བསྔགས་པ་དང་། །སྐྱེད་ཚལ་ཆུ་ཡི་རོལ་རྩེད་དང་། །ཆང་འཐུང་དགའ་བའི་དགའ་སྟོན་དང་། །མ་ཚོགས་པ་དང་བག་མ་དང་། །གཞོན་ནུ་སྐྱེ་དག་འཕེལ་བ་དང་། །གྲོས་དང་ཕོ་ཉ་བགྲོད་པ་དང་། །གཡུལ་དང་འདྲེན་པ་དར་བས་ཀྱང་། །བརྒྱན་པར་གྱུར་ཅིང་མདོར་བསྡུས་མིན། །ཉམས་དང་འགྱུར་བ་དག་གིས་གཏམས། །སརྒ་ཤིན་ཏུ་རྒྱ་ཆེ་མིན། །མཉན་འོས་བྲྀརྟ་ལེགས་མཚམས་སྦྱར། །ཀུན་ཏུ་སརྒ་དག་གི་མཐའ། །ཐ་དད་ལྡན་པས་འཇིག་རྟེན་མཛེས། །སྙན་ངག་དམ་པའི་རྒྱན་ལྡན་ནི། །བསྐལ་པའི་བར་དུ་གནས་པར་འགྱུར། །ཞེས་པ་སྟེ། དེ་ལ་དང་པོ་ལྔ་ལ་བསྔགས་པ་ཞེས་པ་དང་། ཐམས་ཅད་ལ་བརྒྱན་པ་ཞེས་སྦྱར་ཏེ་གྲོང་ཁྱེར་ལ་བསྔགས་པ་ནས་འདྲེན་པ་དར་བའི་ཚུལ་གྱི་བར་འདི་རྣམས་ཀྱིས་ཀྱང་བརྒྱན་པར་གྱུར་ཅིང་། དེ་ཡང་ཧ་ཅང་མདོར་བསྡུས་པ་མ་ཡིན་པ་སྒེག་སོགས་ཉམས་དང་མངོན་པར་སྤྲོ་བ་སོགས་འགྱུར་བའི་ཡོན་ཏན་དག་གིས་གཏམས་པར་གྱུར་ལ། སརྒ་ཤིན་ཏུ་རྒྱ་ཆེ་བ་ཡང་མ་ཡིན་པ་མང་ཉུང་འཚམ་པས་མཉན་པར་འོས་པ་བྲྀརྟ་དང་། ཛཱ་ཏིས་ལེགས་པར་མཚམས་སྦྱར་ཞིང་། ཀུན་ཏུ་སརྒ་དག་གི་མཐའ་ཐམས་ཅད་དུ། དཀྱུས་ལས་གཞན་པའི་སྡེབ་སྦྱོར་ཐ་དད་པ་དང་ལྡན་པས་འཇིག་རྟེན་མཛེས་པར་བྱེད་པའོ། །དེ་ལྟ་བུའི་སྙན་ངག་དམ་པའི་རྒྱན་དང་ལྡན་པ་དེ་ནི། འཛིན་པ་པོ་མང་བས་བསྐལ་བའི་བར་དུ་གནས་
པར་འགྱུར་རོ། །གསུམ་པ་ནི། གང་ཞིག་ཡན་ལག་འགས་དམན་ཡང་། །གལ་ཏེ་སྦྱར་རྣམས་ཕུན་ཚོགས་ཀྱིས། །དེ་རིགས་མགུ་བར་བྱེད་པས་ན། །འདི་ནི་སྙན་ངག་སྐྱོན་མ་ཡིན། །ཞེས་པ་སྟེ། གང་ཞིག་གོང་དུ་བསྟན་པའི་གྲོང་ཁྱེར་ལ་བསྔགས་པ་སོགས་ཡན་ལག་འགས་དམན་པར་གྱུར་ཀྱང་། གལ་ཏེ་སྦྱར་བ་སྟེ། ཉེ་བར་བཀོད་པའི་ཚིག་དོན་རྣམས་ཕུན་སུམ་ཚོགས་པའི་སྙན་ངག་གིས་ནི། དེ་རིག་པའི་མཁས་པ་རྣམས་མགུ་བར་བྱེད་པས་ན་སྙན་ངག་ཆེན་པོ་འདིར་སྐྱོན་དུ་འགྱུར་བ་མ་ཡིན་ནོ། །བཞི་པ་ནི། ཐོག་མར་འདྲེན་པ་ཡོན་ཏན་གྱི། །ཉེ་བར་བཀོད་ནས་དེ་ཡིས་ནི། །དགྲ་ལ་གནོད་པ་བྱེད་ཅེས་པའི། །ལམ་འདི་རང་བཞིན་མཛེས་པ་ཡིན། །རིགས་དང་བརྩོན་འགྲུས་ཐོས་སོགས་ཀྱིས། །དགྲ་བོ་ལ་ཡང་བསྔགས་བྱས་ནས། །དེ་ལས་རྒྱལ་ཕྱིར་འདྲེན་པ་ནི། །ཁྱད་འཕགས་བརྗོད་པའང་བདག་དགའ་སྐྱེས། །ཞེས་པ་སྟེ། ཐོག་མར་བསྔགས་རྒྱུའི་ཡུལ་རྒྱལ་པོ་ལྟ་བུ་འདྲེན་པ་དེའི་ཡོན་ཏན་གྱི་བསྔགས་པ་ཉེ་བར་བཀོད་ནས། དེ་ལྟ་བུའི་འདྲེན་པ་དེས་ནི། དགྲ་ལ་གནོད་པ་སྟེ་ཚར་གཅོད་པར་བྱེད་ཅེས་པ་སྙན་ངག་མཁན་བྷཱ་མ་ཧའི་འདོད་པ་སྟེ། ལམ་སྲོལ་འདི་ནི་རང་བཞིན་གྱིས་མཛེས་ཤིང་ཡིད་དུ་འོང་བ་ཡིན་ནོ། །དེར་མ་ཟད། རིགས་དང་། བརྩོན་འགྲུས་དང་། ཐོས་པ་སོགས་ཀྱིས་དགྲ་བོ་ལ་ཡང་བསྔགས་པར་བྱས་ནས། ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་དགྲ་དེ་ལས་ཀྱང་རྒྱལ་བའི་ཕྱིར། འདྲེན་པ་ཁྱོད་ནི་ཁྱད་པར་དུ་འཕགས་པའོ་ཞེས་བརྗོད་པ་ལའང་དབྱུག་པ་ཅན་བདག་དགའ་བ་སྐྱེས་སོ། །གཉིས་པ་ལྷུག་པ་བཤད་པ་ལ་གཉིས་ཏེ། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། རྐང་པ་མེད་པའི་ཚིག་རྒྱུན་ནི། །ལྷུག་པ། ཞེས་པ་སྟེ། རྐང་པ་མེད་པའི་ཚིག་གི་ཕྲེང་བ་རྒྱུན་ཆགས་སུ་སྤེལ་བ་དེ་ལ་ནི་ལྷུག་པ་ཞེས་བྱའོ། །གཉིས་པ་ལ་གཉིས། མིང་ཙམ་གྱི་དབྱེ་བ་བསྟན། དོན་གྱི་དབྱེ་བ་གཞན་དགག་པའོ། །དང་པོ་ནི། བརྗོད་པ་དག་དང་གཏམ། །ཞེས་པ་དེ་ཡི་རབ་དབྱེ་གཉིས། །ཞེས་པ་སྟེ། སྔོན་གྱི་གཏམ་རྒྱུད་ལས་གྲགས་པ་མ་ཡིན་པ་བརྗོད་པ་དག་དང་། སྔོན་གྱི་གཏམ་རྒྱུད་ལས་བརྩམས་པ་གཏམ་ཞེས་ལྷུག་པ་དེའི་རབ་ཏུ་དབྱེ་བ་
གཉིས་སུ་འགྱུར་རོ། །གཉིས་པ་ནི། བྷཱ་མ་ཧའི་འདོད་པ་རེ་རེ་བཀོད་པ་ལ། དབྱུག་པ་ཅན་གྱི་རིགས་པ་རེ་རེས་སུན་ཕྱུང་བ་སྟེ། དེ་ལ་འདྲེན་པ་ཉིད་ཀྱིས་ནི། །བརྗོད་པར་བྱ་བ་བརྗོད་པ་ལོ། །གཞན་ནི་འདྲེན་པའམ་གཞན་གྱིས་ཀྱང་། །རང་གི་ཡོན་ཏན་བསྒྲགས་སྐྱོན་འདིར། །ཡང་དག་དོན་བསྔགས་ཕྱིར་ཡོད་མིན། །ཞེས་པ་སྟེ། དེ་ལ་འདྲེན་པ་ཉིད་ཀྱིས་བརྗོད་པ་བྱ་བ་རང་ལ་བསྔགས་པ་ལྟ་བུ་བརྗོད་པ་ཡིན་ལ། གཞན་གཏམ་ནི། འདྲེན་པའམ་དེ་ལས་གཞན་འཁོར་སོགས་ཀྱིས་ཀྱང་གླེང་བ་སྟེ་དེ་མིན་པས་སྨྲ་བ་པོ་ངེས་པ་ཡོད་ཅིང་། རང་གི་ཡོན་ཏན་བསྒྲགས་པའི་སྐྱོན་ཡང་སྐབས་འདིར་ཡང་དག་པའི་དོན་ཅན་སྒྲོ་སྐུར་མེད་པར་བསྔགས་པའི་ཕྱིར་ཡོད་པ་མ་ཡིན་ནོ། །ཞེས་པ་ལ། འོན་ཀྱང་ངེས་པ་མ་མཐོང་སྟེ། །དེར་ཡང་གཞན་གྱིས་བརྗོད་པའི་ཕྱིར། །གཞན་གྱིས་བརྗོད་དམ་རང་གིས་ཞེས། །དབྱེ་བའི་རྒྱུ་ནི་ཅི་ཞིག་ཡོད། །ཅེས་པ་སྟེ། འོན་ཀྱང་ཁྱོད་ཀྱིས་གཞན་པའི་དབྱེ་བ་དེ་གཉིས་ལ་ངེས་པ་མ་མཐོང་སྟེ། བརྗོད་པ་དེར་ཡང་འདྲེན་པ་ལས་གཞན་སྙན་ངག་མཁན་སོགས་ཀྱིས་བརྗོད་པ་ཡང་ཡོད་པའི་ཕྱིར། གཞན་གྱིས་བརྗོད་པའི་གཏམ་རང་གིས་བརྗོད་པའོ་ཞེས་དབྱེ་བའི་རྒྱུ་ནི་ཅི་ཞིག་ཡོད་དེ་མེད་དོ། །ཡང་། གལ་ཏེ་སྒོ་དང་གཞན་སྒོ་དང་། །ཡིད་བརྟན་ལྡན་ཉིད་བརྗོད་པ་ནི། །ཐ་དད་པ་ཡི་རྟགས་ཡིན་ན། །ཞེས་པ་སྟེ། གལ་ཏེ་སྒོ་དང་གཞན་སྒོ་ཞེས་ཚིགས་བཅད་འབྱུང་འགྱུར་གྱི། དོན་གསལ་བར་བྱེད་པ་དང་། ཡིད་བརྟན་དང་ལྡན་པ་ཉིད་དེ་བརྗོད་པ་དེ་གསུམ་ནི། གཏམ་ལས་ཐ་དད་པའི་རྟགས་ཡིན་ན་ཞེས་པའོ། །དེ་ལ། ཞར་གྱི་གཏམ་རྣམས་དག་ལ་ཡང་། །འཕགས་པ་སོགས་བཞིན་སྒོ་དང་ནི། །གཞན་གྱི་སྒོ་དག་ཅིས་མི་འཇུག །ལམྦྷ་སོགས་སམ་ཨཱ་ཤྭཱ་སའི། །དབྱེ་བ་མཐོང་ཡང་དེ་ལས་ཅི། །ཞེས་པ་སྟེ། ཚིགས་བཅད་ཀྱི་བརྗོད་པ་ལ་དེ་དག་འཇུག་པའི་ཞར་གྱི་གཏམ་རྣམས་དག་ལ་ཡང་འཕགས་པ་དང་། སོགས་ཁོངས་ནས་རྗེས་བསྔགས་སོགས་འཇུག་པ་བཞིན་སྒོ་དང་གཞན་གྱི་སྒོ་དེ་དག་ཅིས་མི་འཇུག་སྟེ་འཇུག་གོ །དེར་མ་ཟད། ལམྦྷ་སྟེ་གཞོན་ནུ་མ་རྙེད་པ་སོགས་སམ། ཨཱ་ཤྭཱ་ས་ཡིད་བརྟན་དང་ལྡན་པ་ནི་ཐ་དད་པའི་རྟགས་ཡིན་ནོ་ཞེ་ན། དེའི་དབྱེ་བ་
མཐོང་ཡང་ཐ་སྙད་ཐ་དད་པ་ཙམ་ལས་དོན་ལ་དེ་ལས་ཅི་ཞེས་ཐ་དད་མེད་པར་བསྟན་པའོ། །ཡང་། དེ་ཕྱིར་གཏམ་དང་བརྗོད་པ་ཞེས། །མིང་གཉིས་དག་གིས་རིགས་གཅིག་མཚོན། །ཞེས་པ་སྟེ། རྒྱུ་མཚན་དེའི་ཕྱིར་གཏམ་དང་བརྗོད་པ་ཞེས་མིང་གི་ཐ་སྙད་གཉིས་བྱུང་ཡང་། དེ་དག་གིས་ལྷུག་པའི་རིགས་གཅིག་ཉིད་མཚོན་ནོ་ཞེས་པའོ། །དེ་ལ། ལྷག་མ་བརྗོད་པའི་རིགས་རྣམས་ཀྱང་། །འདི་ཉིད་ནང་དུ་འདུས་པར་འགྱུར། །ཞེས་པ་སྟེ། དངོས་སུ་མ་བཤད་པའི་ལྷག་མ་བརྗོད་པའི་རིགས་གཞན་རྣམས་ཀྱང་། འདི་ཉིད་ཀྱི་ནང་དུ་འདུས་པར་འགྱུར་བས་ལོགས་སུ་མ་བཤད་ཅེས་པའི་ཐ་ཚིག་གོ །ཡང་། བརྗོད་པ་ལ་བུ་མོ་འཕྲོག་པ་སོགས་དང་ལྡན་ཞིང་། གཏམ་ནི་དེ་ལྟ་མ་ཡིན་ནོ་ཞེ་ན། དེ་ལ། བུ་མོ་འཕྲོག་དང་གཡུལ་དང་ནི། །བསླུ་དང་དར་བ་ལ་སོགས་པ། །སརྒས་བཅིངས་པ་མཚུངས་པ་ཉིད། །དེ་དག་ཁྱད་འབྱེད་ཡོན་ཏན་མིན། །ཞེས་པ་སྟེ། བུ་མོ་འཕྲོག་པ་དང་། གཡུལ་དང་། བསླུ་བ་དང་། འདྲེན་པ་དར་བ་ལ་སོགས་པ་སརྒས་བཅིངས་པའི་སྙན་ངག་ཀུན་ཏུ་མཚུངས་པ་ཉིད་དུ་བཞེད་པའི་ཕྱིར། དེ་དག་བརྗོད་པ་དང་གཏམ་གཉིས་ཀྱི་ཁྱད་པར་འབྱེད་པའི་ཡོན་ཏན་མིན་ནོ། །ཡང་། སྙན་ངག་མཁན་གྱི་བསམ་པས་བྱས་པའི་རྟགས་ཅུང་ཟད་ཡོད་པ་བརྗོད་པ་མ་ཡིན་ལ། དེ་ལས་གཏམ་གཞན་ཡིན་ནོ་ཞེ་ན། དེ་ལ། སྙན་ངག་མཁན་གྱིས་བསམ་བྱས་རྟགས། །གཞན་དུ་ཡང་ནི་སྐྱོན་མི་འགྱུར། །འདོད་དོན་སྒྲུབ་ལ་སྒོ་རུ་ནི། །མཁས་པ་རྣམས་ལ་ཅི་མི་འགྱུར། །ཞེས་པ་སྟེ། སྙན་ངག་མཁན་གྱི་བསམ་པས་བྱས་པའི་རྟགས་དེ་འདྲ་བ་ནི་བརྗོད་པ་ལས་གཞན་གཏམ་དང་། སརྒས་བཅིངས་པ་སོགས་ལ་ཡང་སྐྱོན་དུ་མི་འགྱུར་ཏེ། འདོད་དོན་སྒྲུབ་པའི་ཐབས་ཀྱི་སྒོར་མཁས་པ་རྣམས་ཅི་ཡང་མི་འགྱུར་བ་མེད་པས་སོ། །གསུམ་པ་སྤེལ་མ་བཤད་པ་ལ་གཉིས་ཏེ། གཙོ་བོ་དང་ཕལ་པའོ། །དང་པོ་ནི། སྤེལ་མ་ཟློས་གར་ལ་སོགས་ཏེ། །དེ་དག་རྣམས་ནི་གཞན་ན་རྒྱལ། །ཞེས་པ་སྟེ། བཅད་ལྷུག་སྤེལ་མ་སྐད་རིགས་བཞི་ཀ་ཚང་བའི་བདག་ཉིད་ཅན་ཟློས་གར་གྱི་བསྟན་བཅོས་ལ་སོགས་ཏེ། དེ་དག་གི་མཚན་ཉིད་དང་དབྱེ་བ་རྣམས་ནི་བྷཱ་ར་ཏ་སོགས་གཞན་ན་རྒྱས་པར་བཤད་དོ་ཞེས་
པའོ། །གཉིས་པ་ནི། ལྷུག་པ་ཚིགས་བཅད་རང་བཞིན་གང་། །ཙམྦཱུ་ཞེས་པར་མངོན་པར་བརྗོད། །ཅེས་པ་སྟེ། སྐད་རིགས་བཞི་ཀ་མ་ཚང་ཡང་ལྷུག་པ་དང་ཚིགས་བཅད་བསྲེས་པའི་རང་བཞིན་ཅན་གང་ཡིན་པ་སྟེ། ཙམྦཱུ་ཞེས་པར་མངོན་པར་བརྗོད་དོ། །གཉིས་པ་སྐད་རིགས་ཀྱི་དབྱེ་བས་བཞིར་བཤད་པ་ལ་གསུམ་སྟེ་དབྱེ་བ་དང་། སོ་སོར་བཤད་པ་དང་། དེ་དག་གིས་བརྩམས་པའི་བསྟན་བཅོས་ཀྱི་རྣམ་པའོ། །དང་པོ་ནི། ངག་གི་རང་བཞིན་དེ་དག་ཀྱང་། །ལེགས་སྦྱར་དེ་བཞིན་རང་བཞིན་དང་། །ཟུར་ཆག་འདྲེས་མ་ཞེས་པ་སྟེ། །རྣམ་པ་བཞི་རུ་མཁས་པས་གསུངས། །ཞེས་པ་སྟེ། ངག་གི་རང་བཞིན་ལུས་གསུམ་པོ་དེ་དག་ཀྱང་། ལེགས་སྦྱར་ཏེ་སཾ་ཀྲྀ་ཏ་དང་། དེ་བཞིན་དུ་རང་བཞིན་ཏེ་པྲ་ཀྲྀ་ཏ་དང་། ཟུར་ཆག་སྟེ་ཨ་ཝ་བྷྲཾ་ཤ་དང་། དེ་གསུམ་བསྲེས་པའི་འདྲེས་མ་ཞེས་པ་སྟེ། རྣམ་པ་བཞི་རུ་རཱ་མ་ཤརྨ་སོགས་མཁས་པས་གསུངས་སོ། །གཉིས་པ་ལ་གསུམ། ལེགས་སྦྱར། རང་བཞིན། ཟུར་ཆག་བཤད་པའོ། །དང་པོ་ནི། ལེགས་སྦྱར་ཞེས་པ་ལྷ་ཡི་ནི། །སྐད་དུ་དྲང་སྲོང་ཆེན་པོས་གསུངས། །ཞེས་པ་སྟེ། ལེགས་པར་སྦྱར་བ་སཾ་ཀྲྀ་ཏ་ཞེས་པ་ནི་ལྷའི་སྐད་དུ་དྲང་སྲོང་ཆེན་པོ་སརྦ་ཛྙཱ་སོགས་ཀྱིས་གསུངས་སོ། །གཉིས་པ་ནི། དེ་སྐྱེས་དེ་མཚུངས་ཡུལ་ཅན་ཞེས། །རང་བཞིན་རིམ་པ་དུ་མ་ཡོད། །ཡུལ་འཁོར་ཆེན་པོ་ལ་བརྟེན་སྐད། །ལེགས་བཤད་རིན་ཆེན་དག་གི་མཚོ། །སེ་རུས་བཅིངས་པ་རང་བཞིན་གང་། །རང་བཞིན་མཆོག་ཏུ་གྱུར་པར་རིག །སཽ་ར་སེ་ན་གཽ་ཌ་དང་། །ལཱ་ཌཱི་གཞན་ཡང་དེ་འདྲའི་སྐད། །རང་བཞིན་ཉིད་ཅེས་བྱ་བ་ཡིས། །ཐ་སྙད་རྣམས་ལ་ཉེ་བར་འགྱུར། །ཞེས་པ་སྟེ། ལེགས་སྦྱར་དེ་ལས་སྐྱེས་ཤིང་དེ་དང་མཚུངས་པའི་ཡུལ་ཅན་ཞེས་གྲགས་པའི་རང་བཞིན་གྱི་རིམ་པའི་སྐད་དུ་མ་ཞིག་ཡོད་ཅིང་། གང་དུ་བཟོ་གནས་བཅོ་བརྒྱད་ཚང་བར་ཡོད་པ་ཡུལ་འཁོར་ཆེན་པོ་ལ་བརྟེན་པའི་སྐད་ནི། ཚིག་དོན་ཕུལ་དུ་བྱུང་བས་ལེགས་བཤད་རིན་ཆེན་དག་གི་འབྱུང་གནས་སུ་གྱུར་པའི་རྒྱ་མཚོ་ཡིན་ལ། སེ་རུ་སྟེ་ལེའུས་བཅིངས་པར་རབ་མཆོག་སྡེབ་སྦྱར་བ་སོགས་ལས་མཐོང་བའི་རང་བཞིན་གང་ཡིན་པ་དེ་ནི་རང་བཞིན་གྱི་སྐད་མཆོག་ཏུ་གྱུར་པར་རིག་
གོ །དེར་མ་ཟད། སཽ་ར་སེ་ན་དབང་པོའི་སྡེ་དང་། གཽ་ཌཱ་ཤར་ཕྱོགས་དང་། ལཱ་ཌཱི་རོལ་པ་དང་། གཞན་ཡང་ཡུལ་དེ་འདྲ་བའི་སྐད་ནི་རང་བཞིན་གྱི་སྐད་ཉིད་ཅེས་བྱ་བའི་མིང་གི་ཐ་སྙད་རྣམས་ལ་ཉེ་བར་བསྟན་ཅིང་སྦྱོར་བར་འགྱུར་རོ། །གསུམ་པ་ནི། བ་ལང་རྫི་ལ་སོགས་པའི་ཚིག །སྙན་ངག་ལ་ཟུར་ཆག་ཅེས་གནས། །བསྟན་བཅོས་རྣམས་ལ་ལེགས་སྦྱར་ལས། །གཞན་པ་ཟུར་ཆག་ཉིད་དུ་བརྗོད། །ཅེས་པ་སྟེ། བ་ལང་རྫི་ལ་སོགས་པའི་གྲོང་ཚིག་རྣམས་ནི། སྙན་ངག་ལ་ཟུར་ཆག་ཏུ་གནས་ཤིང་རྣམ་པར་བཞག་ལ། བསྟན་བཅོས་བརྡ་སྤྲོད་ལ་སོགས་རྣམས་ལ་ལེགས་སྦྱར་ལས་གཞན་པའི་སྐད་ཐམས་ཅད་ཟུར་ཆག་ཉིད་དུ་བརྗོད་དོ། །གསུམ་པ་ནི། ལེགས་སྦྱར་སརྒས་བཅིངས་ལ་སོགས། །རང་བཞིན་སྐནྡྷ་ཀ་སོགས་དང་། །ཟུར་ཆག་ཨོ་ས་ར་སོགས་ཏེ། །ཟློས་གར་ལ་སོགས་འདྲེས་པའོ། །གཏམ་སོགས་སྐད་ནི་ཐམས་ཅད་དང་། །ལེགས་སྦྱར་གྱིས་ཀྱང་བཅིངས་པ་སྟེ། །རྨད་བྱུང་དོན་ཅན་རྒྱ་ཆེའི་གཏམ། །འབྱུང་པོའི་སྐད་ཀྱི་རང་བཞིན་བརྗོད། །ཅེས་པ་སྟེ། ལེགས་སྦྱར་གྱི་སྐད་སརྒས་བཅིངས་པ་དཔག་བསམ་འཁྲི་ཤིང་ལ་སོགས་པ་དང་། རང་བཞིན་གྱི་སྐད་ལས་བྱས་པ་སྐནྡྷ་ཀ་སོགས་དང་། ཟུར་ཆག་ལས་བྱས་པ་ཨོ་ས་ར་སོགས་དང་། ཟློས་གར་ཏེ་སོགས་ཁོངས་ནས་བྷ་ན་ཀ་སོགས་སྐད་རིགས་འདྲེས་པ་ལས་བྱས་པའོ། །ཞར་བྱུང་སྔོན་འབྱུང་གི་གཏམ་ལ་སོགས་པ་སྐད་རིགས་བཞི་པོ་ཐམས་ཅད་དམ་ཡ་གྱལ་ཇི་ལྟར་རིགས་པས་བཅིངས་པ་དང་། གཙོ་བོར་ལེགས་སྦྱར་འབའ་ཞིག་གིས་ཀྱང་བཅིངས་པའོ། །འོ་ན་ཤ་ཟའི་སྐད་ཀྱིས་བཅིངས་པ་མ་མཐོང་ངོ་ཞེ་ན། དེ་ཡང་ཡོད་དེ། རྨད་དུ་བྱུང་བའི་བརྗོད་བྱའི་དོན་རྒྱ་ཆེར་སྟོན་པའི་ཡོན་ཏན་ཅན་གཏམ་རྒྱུད་ཆེན་པོ་ཞེས་བྱ་བ་དང་། རིན་ཆེན་རབ་སྣང་སོགས་འབྱུང་པོའི་སྐད་ཀྱི་རང་བཞིན་དུ་བརྗོད་པ་ཡང་མཐོང་ངོ་། །གསུམ་པ་སྦྱོར་ཚུལ་གྱི་དབྱེ་བས་གཉིས་སུ་བསྟན་པ་ནི། སྒེག་དང་རོལ་དང་སྟབས་ལ་སོགས། །ལྟ་བའི་དོན་ཡིན་ཅིག་ཤོས་ཀྱང་། །མཉན་པར་བྱ་བ་ཉིད་ཅེས་པ། །འདི་ཡང་ལུགས་གཉིས་དག་ཏུ་བརྗོད། །ཅེས་པ་སྟེ། སྒེག་པ་དང་། རོལ་པ་དང་། ལག་པའི་སྟབས་
ལ་སོགས་པ་སྟོན་པའི་སྙན་ངག་ནི། ལྟ་བའི་དོན་གཙོ་བོར་གྱུར་པ་ཡིན་ལ། དེའི་ཅིག་ཤོས་རྣམས་མཉན་པར་བྱ་བའི་ཉམས་གཙོ་བོར་སྟོན་པ་ཡིན་ཅེས་པ། འདི་ཡང་སྦྱོར་ཚུལ་གྱི་ལུགས་གཉིས་དག་ཏུ་བརྗོད་དོ། །གཉིས་པ་རྒྱན་བཤད་པ་ལ་གཉིས་ཏེ། ཐུན་མོང་མ་ཡིན་པའི་རྒྱན་དང་། ཐུན་མོང་གི་རྒྱན་ནོ། །དང་པོ་ལ་གསུམ། ལམ་དུ་མར་བསྟན། ལྷོ་པ་དང་ཤར་པའི་ལམ་དབྱེ། བར་སྐབས་སུ་སྙན་ངག་གི་རྒྱུ་བཤད་པའོ། །དང་པོ་ནི། ཕན་ཚུན་དབྱེ་བ་ཕྲ་མོ་ཅན། །ཚིག་གི་ལམ་ནི་དུ་མ་ཡོད། །ཅེས་པ་སྟེ། སྙན་ངག་འདིར་ལྷོ་ཤར་གཉི་ཀ་ལ་ཕན་ཚུན་ནང་གསེས་ཀྱི་རྒྱན་རིགས་མི་འདྲ་བའི་དབྱེ་བ་ཕྲ་མོ་ཅན་སྙན་ཚིག་གི་ལམ་ནི་དུ་མ་ཞིག་ཡོད་དོ། །གཉིས་པ་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ནི། དེ་ལ་བཻ་དརྦྷ་དང་ནི། །གཽ་ཌའི་ཁྱད་པར་གསལ་བར་བརྗོད། །སྦྱར་བ་རབ་དྭངས་མཉམ་ཉིད་དང་། །སྙན་དང་ཤིན་ཏུ་གཞོན་པ་དང་། །དོན་གསལ་བ་དང་རྒྱ་ཆེ་དང་། །བརྗིད་དང་མཛེས་དང་ཏིང་ངེ་འཛིན། །ཡོན་ཏན་འདི་བཅུ་བཻ་དརྦྷའི། །ལམ་གྱི་སྲོག་ཏུ་བཤད་པ་ཡིན། །འདི་དག་ཕལ་ཆེར་ལྡོག་པས་ནི། །གཽ་ཌའི་ལམ་དག་མཚོན་པ་ཡིན། །ཞེས་པ་སྟེ། རྒྱན་གྱི་མིང་ཙམ་སྨོས་པའི་སྒོ་ནས་ལྷོ་ཤར་གྱི་ལམ་ཐུན་མོང་མ་ཡིན་པའི་དབྱེ་བ་མདོར་བསྟན་པའོ། །གཉིས་པ་རྒྱས་བཤད་ལ་བཅུ་ལས། དང་པོ་སྦྱར་བའི་ཡོན་ཏན་ལ་གསུམ། མཚན་ཉིད། ཟློག་ཟླ། དཔེར་བརྗོད་དོ། །དང་པོ་ནི། སྦྱར་བ་སྲོག་ཆུང་ཡི་གེ་མཆོག །ལྷོད་པ་ཉིད་ཀྱིས་མ་རེག་པའོ། །ཞེས་པ་སྟེ། སྦྱར་བའི་མཚན་ཉིད་གང་ཞེ་ན། སྙན་ངག་གང་ཞིག་ཅེས་པ་འོག་མ་ཀུན་ལའང་འགྲེ་ཤེས་པར་བྱས་ནས། སྲོག་ཆུང་བའི་ཡེ་གེ་མཆོག་སྟེ་ཤས་ཆེ་བར་གྱུར་པ། ལྷོད་པ་ཉིད་ཀྱིས་མ་རེག་པའང་སྲོག་ཆེན་གྱི་ཡི་གེ་ཤས་ཆེ་བར་བཀོད་པའོ། །དེ་ལ་སྲོག་ཆུང་བ་ནི། སྡེ་པའི་དང་པོ། གསུམ་པ། ལྔ་པ་རྣམས་དང་། ཡ་ར་ལ་ཝ་རྣམས་ཡིན་ལ། དེ་ལས་གཞན་སྡེ་པའི་གཉིས་པ་དང་བཞི་པ་རྣམས་དང་ཤ་ཥ་ས་ཧ་ཀྵ་རྣམས་ནི་སྲོག་ཆེ་བའི་ཡི་གེ་ཡིན་ནོ། །གཉིས་པ་ནི། ལྷོད་པ་མཱ་ལ་ཏཱི་མཱ་ལཱ། །ལོ་ལཱ་ལི་ཀ་ལི་ལཱ་བཞིན། །
གཽ་ཌ་པ་ཡི་རྗེས་ཁྲིད་བློས། །དེ་འདོད། ཅེས་པ་སྟེ། མཱ་ལ་ཏཱི་ཛ་ཏིའི་མེ་ཏོག །མཱ་ལཱ་འཕྲེང་བ། ལོ་ལ་སྲེད་པ། ཨ་ལི་ཀ་བུང་བ། ལི་ལཱ་འཁོར་བ་སྟེ། ལྷོད་པ་ཛ་ཏིའི་མེ་ཏོག་འཕྲེང་། །སྲེད་པས་བུང་བ་འཁོར་བ་བཞིན། །ཞེས་འབྱུང་སྟེ། གཽ་ཌ་པ་ཡིས་ལ་ཡིག་བསྐོར་བའི་རྗེས་ཁྲིད་ཀྱི་བློས་ཚུལ་དེ་ལྟར་ལྷོད་པ་ཆེ་བ་སྦྱར་བ་འདོད་དོ། །གསུམ་པ་ནི། མཱ་ལ་ཏཱ་དཱ་མ། །ལཾ་གྷི་ཏཾ་བྷྲ་མ་རཻཿཞེས། །བཻ་དརྦྷ་ཡིས་སྦྱོར་ལྕི་བྱེད། །ཅེས་པ་སྟེ། མཱ་ལ་ཏཱི་ཛ་ཏིའི་མེ་ཏོགདཱ་མ་འཕྲེང་བ། ལཾ་གྷི་ཏཾ་འཁོར་བའི་ལྡིང་བ། བྷྲ་མ་རཻཿབུང་བ་རྣམས་ཀྱིས་ཏེ། ཛ་ཏིའི་མེ་ཏོག་འཕྲེང་། བུང་བ་རྣམས་ཀྱིས་འཁོར་ཞིང་ལྡིང་། ཞེས་འབྱུང་བ་བཞིན་བཻ་དརྦྷ་ཡིས་སྦྱོར་བ་ལྕི་བ་འགོད་པར་བྱེད་དོ། །སྐབས་འདིར། སྲོག་ཆུང་ཁོ་ན་བསྒྲིགས་པ་གཽ་ཌ་པ་དང་། སྲོག་ཆེན་ཡང་ཡོད་ལ་སྲོག་ཆུང་ཤས་ཆེ་བ་བཻ་དརྦྷའི་ལུགས་སུ་འཐད་ཅེས་བོད་མཁས་པ་བཞེད་དོ། །གཉིས་པ་རབ་དྭངས་ཀྱི་ཡོན་ཏན་ལ། དངོས་ལྷོ་པའི་ལུགས་དང་། ལྡོག་པ་ཤར་པའི་ལུགས་སོ། །དང་པོ་ལ་མཚན་ཉིད་ནི། རབ་དྭངས་ལྡན་པ་གྲགས་དོན་ཅན། །ཞེས་པ་སྟེ། རབ་དྭངས་ཀྱི་ཡོན་ཏན་དང་ལྡན་པའི་མཚན་ཉིད་གང་ཞེ་ན། རྟོགས་སླ་བ་འཇིག་རྟེན་ན་གྲགས་པའི་དོན་ཅན་ནོ། །དཔེར་བརྗོད་ནི། ཟླ་བའི་མཚན་མ་ཨུཏྤལ་གྱི། །འོད་ཀྱིས་མཛེས་པ་རྒྱས་ཞེས་པ། །རྟོགས་པའི་སྐལ་བཟང་ལྡན་པའི་ཚིག །ཅེས་པ་སྟེ། ཟླ་བའི་ངོས་ལ་སྣང་བའི་མཚན་མ་ཨུཏྤལ་གྱི་འོད་ཀྱིས་ཟླ་བའི་མཛེས་པ་རྒྱས་ཞེས་པ་དོན་བདེ་བླག་ ཏུ་རྟོགས་པའི་སྐལ་བ་བཟང ་པོ་དང་ལྡན་པའི་ཚིག་དེ་ལྟ་བུའོ། །གཉིས་པ་ལ། མཚན་ཉིད་ནི། ངེས་ཚིག་ཡོད་ཕྱིར་གཽ་ཌ་པ། །ཤིན་ཏུ་གྲགས་པ་མིན་ཡང་འདོད། །ཅེས་པ་སྟེ། ངེས་ཚིག་ཡོད་པ་ཙམ་གྱི་ཕྱིར། གཽ་ཌ་པ་རྣམས་ནི་གོ་དཀའ་བས་ཤིན་ཏུ་གྲགས་པ་མིན་ཡང་རབ་དྭངས་ཀྱི་ཡོན་ཏན་དུ་འདོད་དོ། །དཔེར་བརྗོད་ནི། ཤིན་ཏུ་དཀར་མིན་ཆུ་ལས་སྐྱེས། །དེ་འདྲས་མཚན་པ་འོད་དཀར་ཅན། །ཞེས་པ་སྟེ། ཁ་དོག་ཤིན་ཏུ་དཀར་བ་མ་ཡིན་ལ། ཆུ་ལས་སྐྱེས་པ་ནི་ཨུཏྤལ་སྔོན་པོ་སྟེ། དེ་འདྲ་བས་མཚན་པ་འོད་དཀར་ཅན་ཏེ་ཟླ་བ་ཡིན་ཞེས་པའོ། །
གསུམ་པ་མཉམ་ཉིད་ཀྱི་ཡོན་ཏན་ལ། དངོས་ལྷོ་པའི་ལུགས་དང་། ལྡོོག་པ་ཤར་པའི་ལུགས་སོ། །དང་པོ་ལ། མཚན་ཉིད་ནི། མཉམ་པ་སྦྱོར་བ་མི་མཉམ་བྲལ། །དེ་ནི་འཇམ་རྩུབ་བར་མ་སྟེ། །སྦྱོར་བ་འཇམ་རྩུབ་བར་མ་ཡི། །ཡི་གེ་བཀོད་པའི་སྐྱེ་གནས་ཅན། །ཞེས་པ་སྟེ། མཉམ་པའི་དོན། ཡི་གེའི་སྦྱོར་བ་མི་མཉམ་པ་དང་བྲལ་བས་འཇམ་རྩུབ་གཉིས་པོ་དེ་ནི་བར་མར་བརྗོད་པ་སྟེ། སྦྱོར་བ་འཇམ་རྩུབ་བར་མའི་ཡི་གེ་ཆ་མཉམ་པར་བཀོད་པའི་སྐྱེ་གནས་ཅན་ནོ། །དཔེར་བརྗོད་ནི། ཁུ་བྱུག་ཅ་ཅོ་སྒྲོག་བྱེད་ཅིང་། །ཉར་མ་རབ་འཐོར་དྭངས་ཤིང་དྭངས། །ཆུ་རྒྱུན་ཆུ་ཐིགས་ཀྱིས་བྲན་པའི། །མ་ལ་ཡ་རླུང་བདག་ལ་འོངས། །ཞེས་པ་སྟེ། དཔྱིད་དུས་ཁུ་བྱུག་རྣམས་དགའ་བའི་ཅ་ཅོ་སྒྲོག་པར་བྱེད་ཅིང་། ཉར་མ་སྟེ་ཆུའི་ཟེགས་མ་རབ་ཏུ་འཐོར་ལ། དྭངས་ཤིང་ཤིན་ཏུ་དྭངས་པའི་ཆུ་རྒྱུན་ཆུ་ཐིགས་བསིལ་བས་བྲན་པ་ལྟ་བུའི་མ་ལ་ཡ་རླུང་དག་ནི་བདག་ལ་འདིར་ཆགས་པ་བསྐྱེད་པའི་ཆེད་འོངས་སོ་ཞེས་པའི་སྐྱེས་པའི་རྒྱ་དཔེར། རྐང་པ་དང་པོ་གཉིས་འཇམ་ཞིང་ཕྱི་མ་གཉིས་རྩུབ་པར་ཡོད་པས་འཇམ་རྩུབ་མཉམ་པའོ། །གཉིས་པ་ལ་དཔེར་བརྗོད་ནི། ཙནྡན་དྲིས་འགོས་དྲི་ལྡང་ཞིང་། །འཇམ་པ་མ་ལ་ཡ་ཡི་རླུང་། །བདག་གི་བརྟན་འགོག་དགའ་མ་ནི། །མཆོག་གི་ཁ་ཡི་རླུང་དང་འགྲན། །ཞེས་པ་སྟེ། ཙནྡན་གྱི་དྲིས་འགོས་པའི་དྲི་ངད་བཟང་པོ་ལྡང་ཞིང་། བསིལ་ཞིང་འཇམ་པ་མ་ལ་ཡའི་རླུང་དེས་ནི། བདག་གི་སེམས་ཀྱི་བརྟན་པ་འགོག་པ་དང་། དགའ་མ་མཆོག་འགའ་ཞིག་ནི་ཁའི་རླུང་དང་ཡང་འགྲན་ཞིང་ཅོ་འདྲིའོ་ཞེས་པའི་རྒྱ་དཔེར་རྐང་པ་གསུམ་པ་རྩུབ་ཅིང་གཞན་རྣམས་འཇམ་པས་འཇམ་རྩུབ་མི་མཉམ་པའོ། །དོན་བསྡུ་བ་ནི། ཞེས་པ་མི་མཉམ་མ་བརྟགས་པར། །དོན་དང་རྒྱན་གྱི་ཚོགས་དག་ལ། །ལྟོས་ནས་ཤར་ཕྱོགས་པ་དག་ལ། །སྙན་ངག་ལམ་འདི་འབྱུང་བར་འགྱུར། །ཞེས་པ་སྟེ། གོང་དུ་བཀོད་པའི་ཙནྡན་ཞེས་པ་ལ་སོགས་པ་བཞིན་མི་མཉམ་པ་སྐྱོན་དུ་མ་བརྟགས་པར། དོན་དང་རྒྱན་གྱི་ཚོགས་དག་ཕུན་སུམ་ཚོགས་པ་ལ་བསམས་ཤིང་ལྟོས་ནས། ཤར་ཕྱོགས་པ་དག་ལ་སྙན་ངག་གི་ལམ་འདི་ལྟ་བུ་འབྱུང་བར་འགྱུར་བ་ཡིན་ནོ། །
བཞི་པ་སྙན་པའི་ཡོན་ཏན་ལ་གསུམ། མདོར་བསྟན། རྒྱས་བཤད། མཇུག་བསྡུ་བའོ། །དང་པོ་ནི། སྙན་པ་ཉམས་ལྡན་ཚིག་དང་ནི། །དངོས་པོ་ལ་ཡང་ཉམས་གནས་པ། །སྦྲང་རྩི་སྤྱོད་པ་སྦྲང་རྩིས་བཞིན། །གང་གིས་བློ་ལྡན་དགའ་བྱེད་པའོ། །ཞེས་པ་སྟེ། སྙན་པའི་མཚན་ཉིད། ཉམས་དང་ལྡན་པ་སྟེ། དེ་ཡང་ཚིག་ཉམས་དང་ལྡན་པར་མ་ཟད། དོན་གྱི་དངོས་པོ་ལ་ཡང་ཉམས་ཁྱད་པར་ཅན་གནས་པའོ། །དཔེ་ཇི་ལྟར་ན། སྦྲང་རྩི་སྤྱོད་པ་སྟེ་བུང་བ་རྣམས་སྦྲང་རྩིས་དགའ་བ་བཞིན་དུ། ཉམས་ཕུན་སུམ་ཚོགས་པའི་སྙན་ངག་གང་གིས་ཀྱང་བློ་ལྡན་རྣམས་དགའ་བར་བྱེད་པའོ། །གཉིས་པ་ལ་གསུམ། སྒྲའི་ཉམས། དོན་གྱི་ཉམས། གཉིས་ཀ་ལ་གྲོང་ཚིག་སྤོང་བའོ། །དང་པོ་ལ། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། སྒྲ་ནི་གང་དང་ཅི་ཡིས་ཀྱང་། །གང་ཞིག་མཚུངས་པར་ཉམས་མྱོང་བ། །དེ་ཡི་གཟུགས་སོགས་ཚིག་ཉེ་བ། །རྗེས་སུ་ཁྲིད་བཅས་ཉམས་དང་ལྡན། །ཞེས་པ་སྟེ། དེ་ལ་སྒྲའི་ཉམས་ཡི་གེ་དང་། གནས་དང་། ཕྱི་མོ་སོགས་གང་དང་ཅི་ཡིས་སྦྱར་ཡང་། གང་ཞིག་སྔ་ཕྱི་མཚུངས་པར་ཉམས་སུ་མྱོང་བ་དེ་ཡི་གཟུགས་སོགས་ཚིག་ཉེ་བར་གནས་པ་རྗེས་སུ་ཁྲིད་པ་དང་བཅས་པ་སྒྲའི་ཉམས་དང་ལྡན་པ་ཅན་ནོ། །གཉིས་པ་ལ་གཉིས། ལྷོ་པ་ཁོ་ན་འདོད་པ་མཚུངས་པར་ཐོས་པའི་སྒྲའི་ཉམས་དང་། གཉིས་ཀ་ཅི་རིགས་པར་འདོད་པ་རྗེས་ཁྲིད་ཀྱི་ཉམས་སོ། །དང་པོ་ལ། དཔེར་བརྗོད་དང་། མཇུག་བསྡུ་བའོ། །དང་པོ་ནི། གང་ཚེ་བྲམ་ཟེ་དགའ་བ་ཡི། །རྒྱལ་པོ་འདི་ཡིས་དཔའ་ཐོབ་འགྱུར། །དེ་ནས་བཟུང་སྟེ་ཆོས་ཀྱི་ནི། །དགའ་སྟོན་འཇིག་རྟེན་འདི་རུ་འབྱུང་། །ཞེས་པ་སྟེ། གང་གི་ཚེ་བྲམ་ཟེ་དགའ་བར་བྱེད་པའི་རྒྱལ་པོ་འདིས་ནི་རྒྱལ་སྲིད་ཀྱི་དཔལ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་ལ། དེ་ནས་བཟུང་སྟེ་ཐོས་པ་དང་དྲན་པ་ལ་སོགས་པའི་ཆོས་ཀྱི་དགའ་སྟོན་འཇིག་རྟེན་འདིར་འབྱུང་བར་འགྱུར་རོ། །ཞེས་པའི་རྒྱ་དཔེར། ཨེ་ཥ་དང་། ལཀྵྨཱིམ་ཞེས་ཥ་ཡིག་མཚུངས་པར་ཉམས་སུ་མྱོང་བ་སོགས་ཡོད་དོ། །གཉིས་པ་ནི། ཞེས་འདི་གཽ་ཌ་པ་མི་འདོད། །དེ་དག་རྗེས་སུ་ཁྲིད་ལ་དགའ། །ཕལ་ཆེར་རྗེས་སུ་ཁྲིད་པས་ཀྱང་། །བཻ་དརྦྷ་ནི་འདི་ཉིད་འདོད། །ཅེས་པ་
སྟེ། གོང་དུ་དཔེར་བརྗོད་པའི་ཚིག་མཚུངས་ཉེ་བ་འདི་ལྟ་བུ་ནི་གཽ་ཌ་པ་རྣམས་མི་འདོད་པས་དེ་དག་ནི་རྗེས་སུ་ཁྲིད་པ་ལ་དགའ་ལ། བཻ་དརྦྷ་རྣམས་ནི་ཕལ་ཆེར་རྗེས་སུ་ཁྲིད་པ་ལས་ཀྱང་ཚིག་མཚུངས་ཉེ་བ་འདི་ཉིད་འདོད་དོ། །གཉིས་པ་ལ་གསུམ། མཚན་ཉིད་ཀྱིས་མདོར་བསྟན། སྦྱོར་བ་རྒྱས་པར་བཤད། ཞར་བྱུང་ཟུང་ལྡན་སྨོས་པའོ། །དང་པོ་ནི། རྐང་པ་རྣམས་དང་ཚིགས་རྣམས་ལ། །ཡི་གེ་བསྐོར་བ་རྗེས་སུ་ཁྲིད། །གལ་ཏེ་སྔ་མའི་ཉམས་མྱོང་ནི། །འདུ་བྱེད་རྟོག་བྱེད་མི་རིང་ཉིད། །ཅེས་པ་སྟེ། ཚིགས་བཅད་ལ་ལྟོས་ནས་རྐང་པ་རྣམས་དང་བཅད་ལྷུག་གཉིས་ཀ་ལ་ལྟོས་ནས་ཚིག་རྣམས་ལ། ཡི་གེ་རེ་རེ་བ་བསྐོར་ཞིང་བརྗོད་པ་ནི་རྗེས་སུ་ཁྲིད་པ་སྟེ། གལ་ཏེ་རྐང་པ་སྔ་མར་བཀོད་པའི་སྒྲ་ཉམས་སུ་མྱོང་བའི་འདུ་བྱེད་ཀྱི་ཀུན་སློང་ལས། དྲན་པའི་རྟོག་པ་སྐྱེད་བྱེད་ཡི་གེ་འདྲ་བ་ཕྱི་མ་དེ་མི་རིང་བ་ཉེ་བ་ཉིད་དོ། །གཉི་པ་ལ་བཞི། རྐང་པ་ལ་བསྐོར་བ། ཚིག་ལ་བསྐོར་བ། རིང་བར་ཐོས་པ། ཤར་པ་ཁོ་ན་འདོད་པའི་རྗེས་ཁྲིད་དོ། །དང་པོ་ནི། སྟོན་མཚན་དབུ་རྒྱན་ཟླ་བ་ནི། །ཀུནྡའི་ཕོན་པོར་འཁྲུལ་བ་ལ། །མཚན་མ་ཨིནྡྲ་ནཱི་ལ་མཚུངས། །བུང་བའི་དཔལ་ནི་ཡང་དག་འཛིན། །ཞེས་པ་སྟེ། སྟོན་དུས་ཀྱི་མཚན་མོའི་དབུ་རྒྱན་ཟླ་བ་དེ་ནི་ཀུནྡའི་ཕོན་པོར་སྐྱེ་བོ་འགའ་ཞིག་འཁྲུལ་བ་ལ། ཞིབ་མོར་བརྟགས་པས། རི་དྭགས་ཀྱི་མཚན་མ་ཨིནྡྲ་ནཱི་ལ་དང་མཚུངས་ཤིང་བུང་བའི་དཔལ་ཡང་དག་པར་འཛིན་པ་དེ་མཐོང་བས་སྒྲོ་འདོགས་ཆོད་ཅེས་པའི་རྒྱ་དཔེར་རྐང་པ་བཞི་པོ་རེ་རེའི་སྔོན་དུ། ཙནྡྲ། ཀུནྡ། ཨིནྡྲ། སནྡ་ཞེས་ཡོད་དོ། །གཉིས་པ་ནི། མཛེས་མ་མཁའ་ལ་ཟླ་བ་ཡི། །དཀྱིལ་འཁོར་མཛེས་པས་བདག་གི་ཡིད། །ཡིད་སྲུབས་ཀྱིས་མནན་བརྩེ་མེད་དུ། །འཇོམས་པར་བརྩོན་པའི་འདི་ལ་ལྟོས། །ཞེས་པ་ཤིན་ཏུ་མི་རིང་བར། །ཐོས་པ་དག་ནི་རྗེས་ཁྲིད་འདོད། །ཅེས་པ་སྟེ། མཛེས་མ་ཞེས་བོས་ནས། མདུན་གྱི་མཁའ་ལ་ཟླ་བའི་དཀྱིལ་འཁོར་མཛེས་པ་ཅན་མཐོང་བས་བདག་གི་ཡིད་རང་དབང་མེད་པར་ཡིད་སྲུབས་ཏེ་འདོད་ལྷའི་དཔུང་གིས་མནན་ནས་བརྩེ་མེད་དུ་འཇོམས་པར་བརྩོན་པ་འདི་ལ་ལྟོས་ཤིག་ཅེས་པའི་རྒྱ་དཔེར། རྐང་པ་དང་པོར་ཙཱ་ཡིག །གཉིས་པ་
ལ་བའི་ཡི་གེ་བརྩེགས་པ་སོགས་ཡོད་དེ། ཚིགས་བཅད་དེ་ལྟ་བུ་ཤིན་ཏུ་མི་རིང་བར་ཐོས་པའི་ཚུལ་ཅན་ནི་ལྷོ་ཤར་གཉིས་ཀ་དག་རྗེས་ཁྲིད་དུ་འདོད་དོ། །གསུམ་པ་ནི། དགའ་མ་བཞིན་གྱི་ཆུ་སྐྱེས་དང་། །མཚུངས་པ་ཟླ་བ་ཞེས་མི་འདོད། །ཅེས་པ་སྟེ། ཡིད་དུ་འོང་བའི་དགའ་མའི་བཞིན་གྱི་ཆུ་སྐྱེས་དང་མཚུངས་པ་ཟླ་བ་ཞེས་དེ་གཉིས་ཕན་ཚུན་མི་མཐུན་པ་མེད་པར་འདོད་དོ་ཞེས་པའི་རྒྱ་དཔེར། མཱ་ཡིག་གཉིས་བར་ཐག་རིང་པོར་བསྐོར་བ་ལྟ་བུའོ། །བཞི་པ་ནི། བདག་གི་ལུས་དང་ཁྲོ་བ་ཕྲད། །འདོད་པ་རྩུབ་ཅིང་མཛའ་བོ་ངན། །ཁེངས་པ་ཉམས་ཤིང་ཆགས་པ་རྒྱས། །རྨོངས་པ་སྐྱེས་ཏེ་སྲོག་རྣམས་སོང་། །ཞེས་སོགས་སྦྱོར་བ་རྩུབ་པ་དང་། །ལྷོད་པ་ཡང་ནི་སྟེར་བར་བྱེད། །དེ་ཕྱིར་དེ་ལྟའི་རྗེས་ཁྲིད་ནི། །ལྷོ་ཕྱོགས་པ་རྣམས་མི་སྦྱོར་རོ། །ཞེས་པ་སྟེ། བདག་གི་ལུས་ནི་རིད་པས་ཕྲ་ཞིང་མི་འདུད་པའི་ཁྲོ་བ་ཡང་ཕྲད། འདོད་པའི་མཚོན་ནི་རྩུབ་ཅིང་རྣོ་ཡང་། འཛའ་བོ་ངན་པ་དེས་དོར་བས། ད་ནི་ལང་ཚོའི་ཁེངས་པ་ཉམས་ཤིང་ཆགས་པ་ཆེར་རྒྱས། འདོད་པ་དོན་གཉེར་གྱི་རྨོངས་པ་ཁོ་ན་སྐྱེས་ཏེ་སྲོག་རྣམས་ཀྱང་སོང་ནས་འཆི་བ་ལ་ཐུག་གོ་ཞེས་པའི་རྒྱ་དཔེར་སྨ་རཿཞེས་སོགས་ཚེག་དྲག་མང་པོའི་རྗེས་ཁྲིད་སྦྱོར་བ་རྩུབ་པ་དང་། ཨོ་ཡིག་མང་པོའི་རྗེས་ཁྲིད་ལྷོད་པ་ཡང་སྟེ་འཇམ་རྩུབ་བསྲེས་པའི་རྗེས་ཁྲིད་ནི་ཤར་ཕྱོགས་པ་རྣམས་སྟེར་བ་སྟེ་སྦྱོར་བར་བྱེད་ལ། རྒྱུ་མཚན་དེའི་ཕྱིར་དེ་ལྟ་བུའི་རྗེས་ཁྲིད་ནི་ལྷོ་ཕྱོགས་བཻ་དརྦྷའི་མཁས་པ་རྣམས་མི་སྦྱོར་རོ། །གསུམ་པ་ནི། བསྐོར་བ་ཁོ་ན་ཚོགས་པ་ཡི། །སྤྱོད་ཡུལ་ཟུང་དང་ལྡན་པར་རིག །དེ་ཡང་གཅིག་ཏུ་སྙན་པ་མིན། །དེ་ཕྱིར་ཕྱི་ནས་བཤད་པར་བྱ། །ཞེས་པ་སྟེ། ཡི་གེ་གཅིག་བསྐོར་བ་ཁོ་ནའི་རྗེས་ཁྲིད་དང་། ཚོགས་པ་ཡི་གེ་གསུམ་སོགས་བསྐོར་བ། སྔ་མ་བསྐོར་བའི་སྤྱོད་ཡུལ་དུ་ཕྱི་མ་ཇི་ལྟར་གྱུར་པ་ནི། ཟུང་དང་ལྡན་པར་རིག་ལ། དེ་ཡང་མཐའ་གཅིག་ཏུ་སྙན་པ་མིན་པ་དེའི་ཕྱིར་ཕྱི་ནས་སྒྲ་རྒྱན་གྱི་སྐབས་བཤད་པར་བྱའོ། །གཉིས་པ་དོན་གྱི་ཉམས་ནི། ངེས་པར་རྒྱན་རྣམས་ཀུན་ལ་ཡང་། །དོན་གྱི་ཉམས་དག་སྦྱིན་པར་བྱེད། །ཅེས་པ་སྟེ། བཤད་མ་ཐག་པའི་སྒྲའི་ཉམས་ཀྱང་སྙན་པའི་རོ་ཉམས་ཕུན་སུམ་ཚོགས་མོད། འོན་ཀྱང་ངེས་པར་
སྙན་ངག་གི་རྒྱན་རྣམས་ཀུན་ལ་ཡང་མཉན་པ་དང་སྒེག་པ་སོགས་དོན་གྱི་ཉམས་དག་སྦྱིན་པར་བྱེད་པ་གལ་ཆེའོ། །གསུམ་པ་གཉིས་ཀ་ལ་གྲོང་ཚིག་སྤོང་བ་ལ་གཉིས། དོན་གྱི་གྲོང་པ་ལྡོག་པ་དང་། སྒྲའི་གྲོང་པ་དམིགས་བསལ་དང་བཅས་པའོ། །དང་པོ་ནི། དེ་ལྟ་ན་ཡང་གྲོང་པ་ཉིད། །མིན་པས་ཁུར་འདི་ཕལ་ཆེར་འཛིན། །ཞེས་པ་སྟེ། དེ་ལྟ་ན་ཡང་གྲོང་པ་ཉིད་ཀྱི་ཚིག་རང་དགའ་བས་སླད་པ་མ་ཡིན་པའི་བརྗོད་བྱ་དོན་ཉམས་དང་ལྡན་པའི་སྙན་ངག་གི་ཁུར་འདི་ནི་ཕལ་ཆེར་འཛིན་ནོ། །དེ་ལ་སྤང་བྱའི་གྲོང་པ་ཅི་ཞེ་ན། འདོད་ལྡན་བདག་ལ་གཞོན་ནུ་མ། །ཁྱོད་ནི་ཇི་ལྟར་འདོད་མི་བྱ། །ཞེས་འདི་གྲོང་པའི་དོན་བདག་ཉིད། །ཉམས་དང་བྲལ་བ་ཁོ་ནར་བྱེད། །ཅེས་པ་སྟེ། འདོད་ཆགས་དང་ལྡན་པའི་སྐྱེ་བོ་བདག་ལ། གཞོན་ནུ་མ་ཁྱོད་ནི་ཇི་ལྟར་འདོད་པ་བསྟེན་དུ་འཇུག་པར་མི་བྱེད་དེ་བྱེད་དགོས་སོ་ཞེས་པ་འདི་ནི་གྲོང་པའི་དོན་གྱི་བདག་ཉིད་ཅན་ཉམས་དང་བྲལ་བ་ཁོ་ནར་བྱེད་དོ། །འོ་ན་སྤོང་བྱེད་ཀྱི་ཉམས་ཇི་ལྟར་སྦྱིན་ཞེ་ན། གཡོན་མིག་འདོད་པ་གཏུམ་པོ་འདི། །ངེས་པར་བདག་ལ་བརྩེ་བ་མེད། །ཁྱོད་ལ་ཁྲོ་མེད་དགའ་ཞེས་པ། །གྲོང་པའི་དོན་མིན་རོ་དང་ལྡན། །ཞེས་པ་སྟེ། གཡོན་མིག་མ་ཞེས་མཛེས་མ་ལ་བོས་ནས་འདོད་པ་གཏུམ་པོ་འདི་ནི་ངེས་པར་བདག་ལ་བརྩེ་བ་མེད་མོད་ཀྱི། བདག་ནི་ཁྱོད་ལ་ཁྲོ་བ་མེད་པའི་སྟེང་དུ་དགའ་བར་བྱེད་ཅེས་གྲོང་པའི་དོན་ཅན་མ་ཡིན་པ་སྙན་ངག་གི་རོ་སྟེ་ཉམས་དང་ལྡན་པའོ། །གཉིས་པ་ནི། སྒྲ་ལའང་གྲོང་པ་ཉིད་ཡོད་དེ། །དེ་ནི་ལེགས་པའི་ཅིག་ཤོས་གྲགས། །དགའ་བའི་དགའ་སྟོན་བརྗོད་པ་ལ། །ཇི་ལྟར་ཡཱ་ཡིག་ལ་སོགས་བཞིན། །ཚིག་གི་མཚམས་སྦྱོར་གྱིས་བཞུགས་དང་། །སླར་ཡང་ངག་དོན་དག་གིས་ཀྱང་། །ངེས་པར་རྟོགས་བྱེད་གྲོང་པ་སྟེ། །ཞེས་པ་སྟེ། དོན་ཙམ་དུ་མ་ཟད། སྒྲ་ལའང་གྲོང་པ་ཉིད་ཡོད་དེ། དེ་ཞུགས་པའི་སྙན་ངག་ནི་ལེགས་པའི་ཅིག་ཤོས་ཏེ་མི་ལེགས་པར་གྲགས་སོ། །དེ་ཡང་གང་ཞེ་ན། དགའ་བའི་དགའ་སྟོན་བརྗོད་ཅིང་གོ་བར་བྱེད་པ་ལ། ཇི་ལྟར་ཡཱ་ཡིག་དང་། ལ་སོགས་པའི་ཁོང་ནས་བྷ་ཡིག་ཀྱང་སྟེ་ཡཱ་བྷ་ཞེས་འཁྲིག་པའི་དངོས་:མིན་༼མིང་༽ཡིན་པ་བཞིན། ཇི་ལྟར་འཇུག་ན། ཚིག་གི་མཚམས་
སྦྱོར་ལོག་པའི་དབང་གིས་ཞུགས་པ་དང་། སླར་ཡང་དེར་མ་ཟད། ངག་ཚིག་གཅིག་ལ་གོ་དོན་ཐ་དད་པ་དག་གིས་ཀྱང་ངེས་པར་ལེགས་པའི་ཅིག་ཤོས་རྟོགས་བྱེད་གྲོང་པའི་ཚིག་འབྱུང་སྟེ། དཔེར་ན། ཡཱ་བྷ་བ་ཏཿཔྲི་ཡ་བཞིན། །གཞན་ལ་བསྣུན་ནས་སྐྱེས་བུ་ནི། །བཱིཪྻ་ལྡན་པའི་བིཤྲནྟཿ། གཞན་ལ་བསྣུན་ནས་སྐྱེས་བུ་ནི། །ཁུ་བ་ལྡན་པ་རྣམ་པར་ངལ། །དེ་ལྟ་བུ་སོགས་ལམ་དག་ནི། །གཉིས་ཀ་ལའང་བསྔགས་མ་ཡིན། །ཞེས་པ་སྟེ། ཡཱ་ནི་གང་། བྷ་བ་ཏཿཁྱོད་ཀྱི། པྲི་ཡ་དགའ་མ་ལ་འཇུག་པ་བཞིན། གང་ཁྱོད་ཀྱི་དགའ་མ་ཞེས་བརྗོད་རྒྱུ་ལ། །ཡཱ་བྷ་འཁྲིག་པ་བ་ཏཿལྡན་པར་གོ་སྟེ། འཁྲིག་པ་དང་ལྡན་པའི་དགའ་མ་ཞེས་པ་ལྟ་བུ་ཚིག་གི་མཚམས་སྦྱོར་གྱིས་ཞུགས་པ་དང་། གཡུལ་ངོར་གཞན་ལ་མཚོན་གྱིས་བསྣུན་ནས་གཞོམ་པར་བྱེད་པའི་སྐྱེས་བུ་ནི་བཱིཪྻ་སྟེ་བརྩོན་འགྲུས་དང་ལྡན་པའི་ཕྱིར་བི་ཤྲཱནྟ་ཿསྟེ་རྣམ་པར་གནས་པའོ་ཞེས་བརྗོད་རྒྱུ་ལ། བཱིཪྻ་ཁུ་བ། བིཤྲཱནྟཿརྣམ་པར་ངལ་བ་ལ་འཇུག་པའི་ཕྱིར་གཞན་དུ་བུད་མེད་ལ་བསྣུན་ནས་སྐྱེས་བུ་འདོད་ལྡན་ཁུ་བ་ལྡན་པ་རྣམ་པར་ངལ་ཞེས་གོ་བ་ལྟ་བུ་ཚིག་གཅིག་ལ་དོན་ཐ་དད་པས་ཞུགས་པ་སྟེ། གྲོང་ཚིག་དེ་ལྟ་བུ་ལ་སོགས་པའི་ལམ་དག་ནི། ལྷོ་ཤར་གཉིས་ཀ་ལའང་བསྔགས་པ་མ་ཡིན་ནོ། །དེའང་སྐབས་འགར་སྐྱོན་མི་འཇུག་སྟེ། བྷ་ག་ཝ་ཏཱི་བྷ་གི་ནཱི། །ཞེས་སོགས་ཀུན་ཏུ་ཁས་ལེན་ཉིད། །ཅེས་པ་སྟེ། བྷ་ག་སྐལ་བ་དང་མོ་མཚན། ཝ་ཏཱི་ལྡན་མ། བྷ་གི་ནཱི་སྲིང་མོ་སྟེ། དེའི་ཕྱིར། བྷ་ག་ལ་སྲིང་མོ་སྐལ་ལྡན་མ་ཞེས་སོགས་དོན་གཉིས་ཐ་དད་དུ་གོ་ཡང་རང་གི་སྲིང་མོར་ངོ་ཚའི་གཏམ་མི་སྨྲ་བས་སྐལ་ལྡན་ཟེར་བ་ལས་འོས་མེད་ཕྱིར་འདི་ལྟ་བུ་ཤར་ལྷོའི་ལམ་སྲོལ་ཀུན་ཏུ་ཁས་ལེན་པ་ཉིད་དོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་སྙན་པ་རྣམ་པར་ཕྱེ། །ཞེས་པ་སྟེ་གོ་སླའོ། །ལྔ་པ་ཤིན་ཏུ་གཞོན་པའི་ཡོན་ཏན་ལ། དངོས་ལྷོ་པའི་ལུགས་དང་། ལྡོག་པར་ཤར་པའི་ལུགས་སོ། །དང་པོ་ལ། མཚན་ཉིད། དཔེར་བརྗོད། དོན་བསྡུ་བའོ། །དང་པོ་ནི། ཤིན་ཏུ་གཞོན་པ་བཤད་པར་བྱ། །རྩུབ་མིན་ཡི་གེ་མང་བ་ནི། །ཤིན་ཏུ་གཞོན་པ་ཉིད་དུ་འདོད། །
གང་ཕྱིར་ཐམས་ཅད་མཉེན་པ་ནི། །སྦྱོར་བ་ལྷོད་པའི་སྐྱོན་དུ་བཤད། །ཅེས་པ་སྟེ། ད་ནི་ཤིན་ཏུ་གཞོན་པའི་ཡོན་ཏན་བཤད་པར་བྱའོ་ཞེས་དམ་བཅས་ནས། དེའི་མཚན་ཉིད་གང་ཞེ་ན། རྩུབ་པ་མ་ཡིན་པ་འཇམ་པའི་ཡི་གེ་མང་བ་ནི་ཤིན་ཏུ་གཞོན་པའི་ཡོན་ཏན་ཉིད་དུ་འདོད་དོ། །གང་གི་ཕྱིར་ཐམས་ཅད་མཉེན་པ་ཞིག་སྦྱར་དུ་རུང་ངམ་ཞེ་ན། མི་རུང་སྟེ། སྦྱོར་བ་ལྷོད་པའི་སྐྱོན་དུ་བཤད་པའི་ཕྱིར་རོ། །གཉིས་པ་ནི། སྤྲིན་གྱི་འཕྲེང་བ་ལྡན་དུས་སུ། །སྙན་པར་སྒྲོག་པའི་མགྲིན་ལྡན་པ། །རྨ་བྱ་ཡི་ནི་མཇུག་མ་དག །ཟླུམ་པོར་བྱས་ནས་གར་བྱེད་དོ། །ཞེས་པ་སྟེ། ཆར་སྤྲིན་གྱི་འཕྲེང་བ་ལྡན་པ་:དབྱངས་ཀྱི་༼དབྱར་གྱི་༽དུས་སུ། སྙན་པར་སྒྲོག་པའི་མགྲིན་པ་དང་ལྡན་པ་རྨ་བྱའི་མཇུག་མ་དག་ཟླུམ་པོར་བྱས་ནས་དགའ་བའི་གར་བྱེད་དོ་ཞེས་པའི་རྒྱ་དཔེར་འཇམ་པའི་ཡི་གེ་མང་པོ་ཡོད་དོ། །གསུམ་པ་ནི། ཞེས་པ་དོན་རྒྱས་ཉིད་མ་ཡིན། །རྒྱན་ཡང་དེ་འདྲ་ཡོད་མིན་ཏེ། །ཤིན་ཏུ་གཞོན་པ་ཉིད་ཀྱིས་དེ། །དམ་པ་རྣམས་ཀྱི་ཁ་ན་གནས། །ཞེས་པ་སྟེ། བཤད་མ་ཐག་པའི་དཔེར་བརྗོད་དེ་ནི་དོན་རྒྱས་པ་ཟབ་ཅིང་བརླིང་བ་ཉིད་མ་ཡིན་ཞིང་། རྒྱན་ཡང་རང་བཞིན་ཙམ་ལས་ཕུལ་བྱུང་ལ་སོགས་པའི་རྒྱན་དེ་འདྲ་བ་ཡོད་པ་མིན་ཏེ། འོན་ཀྱང་འཇམ་པའི་ཡི་གེ་མང་དུ་ཚོགས་ཤིང་བརྗོད་བདེ་བས་ཤིན་དུ་གཞོན་པའི་ཡོན་ཏན་དང་ལྡན་པ་ཉིད་ཀྱིས་ཚིག་སྦྱོར་དེ་དམ་པ་རྣམས་ཀྱི་ཁ་ན་གནས་སོ། །གཉིས་པ་ལ། འདོད་ཚུལ་ནི། གསལ་ཕྱིར་གཞན་དག་ཕལ་ཆེར་ནི། །བརྗོད་པར་དཀའ་བ་དག་ཀྱང་སྦྱོར། །ཞེས་པ་སྟེ། སྔར་བསྟན་ལྷོ་ཕྱོགས་པ་འདོད་པའི་ཤིན་ཏུ་གཞོན་པའི་ཡོན་ཏན་དེས་ནི་དོན་གསལ་བར་སྟོན་ཕྱིར་གཞན་ཤར་ཕྱོགས་པ་དག་སྐབས་འགར་སྦྱོར་མོད། ཕལ་ཆེར་ནི། ཤིན་ཏུ་གཞོན་པའི་ཡོན་ཏན་ལ་བརྗོད་པར་དཀའ་བ་དག་ཀྱང་སྦྱོར་རོ། །དཔེར་བརྗོད་ནི། ནྱཀྵས་རྒྱལ་རིགས་རྣམས་ཀྱི་ཕྱོགས། །སྐད་ཅིག་གིས་ནི་ཉམས་པར་བྱས། །ཞེས་པ་སྟེ། ནྱཀྵ་སྟེ་དགྲ་སྟ་རཱ་མ་ཎས་རང་གི་དགྲ་ཟླར་གྱུར་པའི་རྒྱལ་རིགས་རྣམས་ཀྱི་ཕྱོགས་སྐད་ཅིག་གིས་ནི་བཅོམ་ནས་ཉམས་པར་བྱས་སོ་ཞེས་པའི་རྒྱ་དཔེར། ཀྵ་ཡིག་མང་བས་བརྗོད་དཀའ་བའོ། །
དྲུག་པ་དོན་གསལ་བའི་ཡོན་ཏན་ལ། ཤར་ལྷོ་འདོད་མཐུན་གྱི་ལུགས་དང་། ཤར་པ་རེས་འགའ་འདོད་པའོ། །དང་པོ་ལ། མཚན་ཉིད་ནི། དོན་གསལ་དོན་བརྟག་མི་དགོས་ཉིད། །ཅེས་པ་སྟེ། དོན་གསལ་གྱི་མཚན་ཉིད་གང་ཞེ་ན། བརྗོད་བྱའི་དོན་དེ་བརྟག་མི་དགོས་པར་གོ་བ་ཉིད་དོ། །དཔེར་བརྗོད་ནི། འཕྲོག་བྱེད་ཀྱིས་ནི་ས་གཞི་དག །རྨིག་པས་བཅད་པའི་ཀླུ་ཁྲག་གིས། །དམར་བ་ཆུ་ཡི་གཏེར་ལས་ཕྱུངས། །ཞེས་པ་སྟེ། སྔོན་འཕྲོག་བྱེད་ཀྱིས་ཕག་པར་སྤྲུལ་ནས་ས་གཞིའི་ཁྱོན་འདི་དག་བཏེགས་པའི་ཚེ་རྨིག་པས་བཅད་པའི་ཀླུ་ཁྲག་གིས་དམར་བར་གྱུར་པའི་ཆུའི་གཏེར་རྒྱ་མཚོ་ལས་ཕྱུངས་སོ་ཞེས་བརྗོད་པ་ཙམ་གྱིས་དོན་གོ་བའོ། །གཉིས་པ་ལ་གསུམ། དཔེར་བརྗོད། དོན་བཤད། མཇུག་བསྡུ་བའོ། །དང་པོ་ནི། ཕག་པ་ཆེན་པོ་དག་གིས་ས། །ཆུ་གཏེར་དམར་པོ་དག་ལ་ཕྱུངས། །ཞེས་པ་སྟེ། ཁྱབ་འཇུག་གི་སྤྲུལ་པའི་ཕག་པ་ཆེན་པོ་དེ་དག་གིས་ས་བཞིའི་ཁྱོན་འདི་ཆུ་གཏེར་དམར་པོར་གྱུར་པ་དག་ལས་ཕྱུངས་སོ། །གཉིས་པ་ནི། ཞེས་པ་འདི་ཉིད་བསྟན་པ་ནི། །བྲང་འགྲོའི་ཁྲག་ནི་བརྟག་དགོས་ཉིད། །ཅེས་པ་སྟེ། བཤད་མ་ཐག་པའི་དཔེར་བརྗོད་འདི་ཉིད་དུ་བསྟན་པ་ནི། ཆུ་གཏེར་དམར་བའི་རྒྱུའི་བྲང་འགྲོའི་ཁྲག་བརྟག་དགོས་པ་ཉིད་དོ། །གསུམ་པ་ནི། ལམ་འདི་གཉིས་ཀ་དག་ལ་ཡང་། །རྟོགས་པའི་སྐལ་བཟང་མི་ལྡན་ཞིང་། །སྒྲ་དང་རིགས་པ་ལས་འགོངས་པ། །འདི་འདྲ་ཕལ་ཆེར་བཞེད་མ་ཡིན། །ཞེས་པ་སྟེ། ལམ་འདི་ནི་ལྷོ་ཤར་གྱི་ལུགས་གཉིས་ཀ་དག་ལ་ཡང་དོན་རྟོགས་པའི་སྐལ་བ་བཟང་པོ་དང་མི་ལྡན་ཞིང་། དངོས་སུ་བརྗོད་པའི་སྒྲ་དང་། གཏན་ཚིགས་ཀྱི་རིགས་པ་ལས་འགོངས་པ་འདི་འདྲ་ཤར་པ་རེས་འགའ་ཙམ་མ་གཏོགས་ཕལ་ཆེར་ཏེ་མང་དུ་བཞེད་པ་མ་ཡིན་ནོ། །བདུན་པ་རྒྱ་ཆེ་བའི་ཡོན་ཏན་ལ། དངོས་ལྷོ་པའི་ལུགས་དང་། ལྡོག་པ་ཤར་པའི་ལུགས་སོ། །དང་པོ་ལ། མཚན་ཉིད། དཔེར་བརྗོད། དོན་བསྡུ་བའོ། །དང་པོ་ནི། གང་དུ་འགའ་ཞིག་བརྗོད་པ་ལ། །ཁྱད་འཕགས་ལྡན་པའི་ཡོན་ཏན་རྟོགས། །དེ་ནི་རྒྱ་ཆེར་བརྗོད་དེ་དེས། །སྙན་ངག་ལམ་ཀུན་མགོན་དང་བཅས། །ཞེས་པ་སྟེ། ཚིག་སྦྱོར་གང་དུ་བརྗོད་བྱའི་དོན་
འགའ་ཞིག་དངོས་སུ་བརྗོད་པ་ལ་བརྟེན་ནས། བརྗོད་ཡུལ་དེའི་ཁྱད་པར་དུ་འཕགས་པ་དང་ལྡན་པའི་ཡོན་ཏན་ཤུགས་ལས་རྟོགས་པ་དེ་ནི་རྒྱ་ཆེ་བར་བརྗོད་དེ། དེས་སྙན་ངག་གི་ལམ་ཀུན་ལ་མགོན་དང་བཅས་པ་སྟེ་མཛེས་པར་བྱེད་དོ། །གཉིས་པ་ནི། སློང་བ་རྣམས་ཀྱི་བཀྲེན་པའི་མིག །ལན་གཅིག་ཁྱོད་གདོང་ལ་ལྷུང་བ། །ལྷ་གཅིག་ག །ནས་སྐབས་དེ་ཡིས་སླར། །གཞན་གྱི་གདོང་ལ་ལྟ་མ་ཡིན། །ཞེས་པ་སྟེ། སློང་བ་རྣམས་ཀྱི་བཀྲེན་པས་ཉེན་པའི་མིག་ལན་གཅིག་ཙམ་ཁྱོད་གདོང་ལ་ལྷུང་བ་སྟེ་བལྟས་པ་ན། ལྷ་གཅིག་ཁྱོད་ཀྱིས་ཚིམ་པར་བྱས་པའི་གནས་སྐབས་དེའི་མཐུས་སླར་སྦྱིན་པ་པོ་གཞན་གྱི་གདོང་ལ་ལྟ་དགོས་པ་མ་ཡིན་ནོ། །གསུམ་པ་ནི། ཞེས་པ་ཉིད་ཀྱི་ངག་འདི་ལ། །གཏོང་བ་ཁྱད་འཕགས་ལེགས་པར་མཚོན། །ལམ་འདི་ཉིད་ཀྱིས་གཞན་དག་ཀྱང་། །རིགས་པ་མཚུངས་པས་དཔག་པར་བྱ། །ཞེས་པ་སྟེ། བརྗོད་མ་ཐག་པའི་སློང་བ་ཞེས་པ་ལ་སོགས་པ་ཉིད་ཀྱི་ངག་ཚིག་འདི་ལ་གཏོང་བ་ཁྱད་པར་དུ་འཕགས་པའི་ཚུལ་ལེགས་པར་མཚོན་ཅིང་། ལམ་འདི་ཉིད་ཀྱིས་ཡོན་ཏན་གཞན་དག་ཀྱང་རིགས་པ་མཚུངས་པས་དཔག་པར་བྱའོ། །གཉིས་པ་ལ། མཚན་ཉིད་ནི། བསྔགས་པར་འོས་པའི་ཁྱད་པར་དང་། །ལྡན་པ་རྒྱ་ཆེར་འགའ་ཞིག་འདོད། །ཅེས་པ་སྟེ། བསྔགས་པར་འོས་པའི་ཁྱད་ཆོས་འགའ་ཞིག་བརྗོད་པའི་ཤུགས་ལས། ཁྱད་པར་དེ་དང་ལྡན་པའི་ཁྱད་གཞི་དེ་ཕུལ་དུ་བྱུང་བར་སྟོན་པ་རྒྱ་ཆེ་བར་ཤར་ཕྱོགས་པ་འགའ་ཞིག་འདོད་དོ། །དཔེར་བརྗོད་ནི། རོལ་པའི་ཆུ་སྐྱེས་རྩེ་དགའི་མཚོ། །གསེར་གྱི་རྒྱན་ལ་སོགས་པ་བཞིན། །ཞེས་པ་སྟེ། གང་གི་སྐྱེད་མོས་ཚལ་ནི་རོལ་པའི་ཆུ་སྐྱེས་དང་། བརྩེ་དགའི་མཚོ་དང་། གསེར་གྱི་རྒྱན་ལ་སོགས་པས་མཛེས་ཞེས་བརྗོད་པ་བཞིན་ནོ། །བརྒྱད་པ་བརྗིད་པའི་ཡོན་ཏན་ལ། སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། བརྗིད་པ་ཚིག་སྡུད་མང་པོ་ཉིད། །འདི་ནི་ལྷུག་པ་དག་གི་གསོས། །ཞེས་པ་སྟེ། བརྗིད་པའི་མཚན་ཉིད་ཚིག་སྡུད་ཀྱི་སྦྱོར་བ་མང་པོ་ཉིད་དེ། འདི་ནི་ལྷུག་པ་དག་གི་བསོས་ཏེ་སྲོག་དང་སྙིང་དང་སྙིང་པོ་ལྟ་བུ་ཡིན་ནོ། །གཉིས་པ་ལ་ཤར་པ་དང་། ལྷོ་པའི་ལུགས་སོ། །དང་
པོ་ལ། འདོད་ཚུལ། མཚན་ཉིད། དཔེར་བརྗོད། མཇུག་བསྡུ་བའོ། །དང་པོ་ནི། ཚིགས་བཅད་ལ་ཡང་ཤར་ཕྱོགས་པ། །འདི་ཉིད་དཔུང་དང་གཉེན་དུ་བཞེད། །ཅེས་པ་སྟེ། ལྷུག་པར་མ་ཟད། ཚིགས་བཅད་ལ་ཡང་ཤར་ཕྱོགས་པའི་སྙན་ངག་མཁན་རྣམས་བརྗིད་པ་འདི་ཉིད་དཔུང་དང་གཉེན་དུ་བཞེད་དོ། །གཉིས་པ་ནི། དེ་ལ་ལྕི་དང་ཡང་བ་རྣམས། །མང་དང་ཉུང་བ་ཉིད་སྤེལ་བས། །མཐོ་དམའ་ཡི་ནི་རྣམ་པ་དེ། །བརྗོད་པ་ལ་སོགས་རྣམས་ལ་བལྟ། །ཞེས་པ་སྟེ། བརྗིད་པ་དེ་ལ་ལྕི་བ་དང་ཡང་བའི་ཡི་གེ་རྣམས་འགའ་ཞིག་ཏུ་ལྕི་བ་མང་ལ་ཡང་བ་ཉུང་བ་དང་། འགའ་ཞིག་ཏུ་ཡང་བ་མང་ལ་ལྕི་བ་ཉུང་བ་ཉིད་སྤེལ་བས་མཐོ་དམའི་རྣམ་པ་ཅན་ཏེ། དེ་ནི་བརྗོད་པ་དང་གཏམ་ལ་སོགས་པ་རྣམས་ལ་བལྟ་ཞིང་སྦྱོར་རོ། །གསུམ་པ་ནི། ནུབ་ཀྱི་རི་མགོར་ལྷུང་བ་ཡི། །མཐའ་དག་ཉི་འོད་མལ་སྟན་ཅན། །མཁྲེགས་པའི་ནུ་མ་ལ་གནས་པའི། །གོས་དམར་གཡོ་བཞིན་ཆུ་ལྡན་མ། །ཞེས་པ་སྟེ། ནུབ་ཀྱི་རི་བོའི་མགོར་ལྷུང་དུ་ཆ་བའི། མཐའ་དག་ཉི་མའི་འོད་ཀྱི་མལ་སྟན་ཅན་སྲ་ཞིང་མཁྲེགས་པའི་ནུ་མ་ལ་གནས་པའི་གོས་དམར་གཡོ་བ་བཞིན་མཛེས་པ་ནི་ཆུ་ལྡན་མའོ་ཞེས་པའི་རྒྱ་དཔེར་ཚིག་སྡུད་མང་དུ་ཡོད་ཅིང་ལྕི་ཡང་མི་མཉམ་པ་མཐོ་དམའི་རྣམ་པ་ཤིན་ཏུ་གསལ་ལོ། །བཞི་པ་ནི། ཞེས་པ་བརྗིད་དང་ལྡན་པའི་ཚིག །ཚིགས་བཅད་ལ་ཡང་ཤར་པ་སྦྱོར། །ཞེས་པ་སྟེ། བཤད་མ་ཐག་པའི་དཔེར་བརྗོད་འདི་ནི་བརྗིད་དང་ལྡན་པའི་ཚིག་ཡིན་པས། ཚིགས་བཅད་ལ་ཡང་ཤར་ཕྱོགས་པ་དག་སྦྱོར་བར་བྱེད་དོ། །གཉིས་པ་ལ། མཚན་ཉིད་ནི། གཞན་དག་འཁྲུགས་མིན་མཛེས་པ་ཡི། །ཚིག་རྣམས་བརྗིད་པར་འདོད་དེ་དཔེར། །ཞེས་པ་སྟེ། ཤར་པ་ལས་གཞན་ལྷོ་ཕྱོགས་པ་དག་ཚིགས་བཅད་ལ་སྦྱོར་ཚེ་ལྕི་ཡང་འཁྲུགས་པ་མིན་པས་མཛེས་པ་དང་ལྡན་པའི་ཚིག་རྣམས་བརྗིད་པར་འདོད་དེ་དཔེར་ན་ཞེས་སོ། །དཔེར་བརྗོད་ནི། ཆུ་འཛིན་ངོས་ཀྱི་ཕང་ན་ཆགས། །མཚམས་ཀྱི་ཉི་འོད་གོས་དང་ལྡན། །ཆུ་ལྡན་མ་ཡི་ཆུ་ཡི་ཡིད། །འདོད་པས་གཟིར་བར་བྱེད་མི་འགྱུར། །ཞེས་པ་སྟེ། ཆུ་འཛིན་ལང་ལོང་གཡོ་བའི་ངོས་ཀྱི་ཕང་ན་ཆགས་ཤིང་། ཐུན་མཚམས་ཀྱི་ཉི་འོད་དམར་པོའི་གོས་དང་ལྡན་པའི་ཆུ་
ལྡན་མས་འདོད་ལྡན་གྱི་སྐྱེ་བོ་སུ་ཡི་ཡིད་འདོད་པས་གཟི་བར་བྱེད་པར་མི་འགྱུར་ཏེ་འགྱུར་རོ་ཞེས་པའི་རྒྱ་དཔེར་ལྕི་ཡང་མ་འཁྲུགས་ཤིང་ཚིག་སྡུད་མང་དུ་ཡོད་དོ། །དགུ་པ་མཛེས་པའི་ཡོན་ཏན་ལ། དངོས་ལྷོ་པའི་ལུགས་དང་། ལྡོག་པ་ཤར་པའི་ལུགས་སོ། །དང་པོ་ལ། མཚན་ཉིད། སྦྱར་གཞི། དཔེར་བརྗོད། དོན་བསྡུ་བའོ། །དང་པོ་ནི། མཛེས་པ་འཇིག་རྟེན་དོན་དག་ལས། །མ་འདས་འགྲོ་ཀུན་ལ་མཛེས་པའོ། །ཞེས་པ་སྟེ། མཛེས་པའི་མཚན་ཉིད་གང་ཞེ་ན། འཇིག་རྟེན་པས་ཤེས་པའི་བརྗོད་བྱའི་དོན་དག་ལས་མ་འདས་པར་བརྗོད་པས་མཁས་རྨོངས་ཀྱི་འགྲོ་བ་ཀུན་ལ་མཛེས་ཤིང་ཡིད་འཕྲོག་པའོ། །གཉིས་པ་ནི། དེ་ཡང་གཏམ་གྱི་མངོན་བརྗོད་དང་། །བསྔགས་པ་ལ་སོགས་རྣམས་ལའང་སྦྱར། །ཞེས་པ་སྟེ། མཛེས་པ་དེ་ཡང་སྔོན་བྱུང་གཏམ་གྱི་རིམ་པ་མངོན་པར་བརྗོད་པ་དང་། ཡུལ་གང་རུང་ལ་བསྔགས་པ་བརྗོད་པ་ལ་སོགས་པ་རྣམས་ལའང་སྦྱར་རོ། །གསུམ་པ་ལ། གཏམ་ལ་སྦྱར་བ་དང་། བསྔགས་པ་ལ་སྦྱར་བའོ། །དང་པོ་ནི། དཀའ་ཐུབ་ཕུང་པོ་ཁྱོད་འདྲ་ཡི། །ཞབས་ཀྱི་རྡུལ་ནི་གཙང་མ་རྣམས། །ཡང་དག་བཏབ་པ་གང་ཡིན་པ། །དེ་དག་ཁོ་ན་ངེས་པར་ཁྱིམ། །ཞེས་པ་སྟེ། དཀའ་ཐུབ་ཕུང་པོ་དམ་པའི་ཆོས་བསགས་པ་ཁྱོད་འདྲ་བའི་ཞབས་ཀྱི་རྡུལ་ནི་གཙང་མ་གང་གའི་ཆུ་དང་འདྲ་བ་རྣམས་ཀྱིས་ཡང་དག་པར་བཏབ་པ་གང་ཡིན་པ་དེ་དག་ཁོ་ན་བཀྲ་ཤིས་ཀྱི་མཚན་མ་དང་ལྡན་པས་ངེས་པར་མིང་དོན་མཚུངས་པའི་ཁྱིམ་ཡིན་གྱི་གཞན་ནི་བཏགས་མིང་ཙམ་མོ། །གཉིས་པ་ནི། སྐྱོན་མེད་ལུས་ཅན་ཁྱོད་ཀྱི་ནི། །ལག་པའི་འཁྲི་ཤིང་བར་དག་ཏུ། །ནུ་མ་རབ་རྒྱས་འདི་དག་གི། གོ་སྐབས་རྙེད་པར་འགྱུར་མ་ཡིན། །ཞེས་པ་སྟེ། སྐྱོན་མེད་པའི་ལུས་ཅན་མཛེས་མ་ཁྱོད་ཀྱི་ལག་པའི་འཁྲི་ཤིང་ཟུང་གི་བར་དག་ཏུ་ནུ་མ་རབ་ཏུ་རྒྱས་པ་འདི་དག་གནས་པའི་ཡུལ་གྱི་གོ་སྐབས་རྙེད་པར་འགྱུར་བ་མ་ཡིན་ནོ། །བཞི་པ་ནི། ཞེས་པ་ཁྱད་པར་བརྗོད་པ་ཡི། །ལེགས་སྦྱར་དེ་དག་སྲིད་པ་ཉིད། །འཇིག་རྟེན་ལུགས་ཀྱི་རྗེས་སུ་ནི། །འབྲང་བ་ཐམས་ཅད་མཛེས་པར་འགྱུར། །ཞེས་པ་སྟེ། དཀའ་ཐུབ་པའི་ཞབས་རྡུལ་དང་། བུད་མེད་ཀྱི་ནུ་མའི་ཁྱད་པར་རྗོད་པའི་ཚིག་
ལེགས་པར་སྦྱར་བ། དེ་དག་སྲིད་པ་ཉིད་ཡིན་པས། འཇིག་རྟེན་ལུགས་ཀྱི་རྗེས་སུ་འབྲང་བ་མཁས་བླུན་ཐམས་ཅད་ལ་མཛེས་པར་འགྱུར་རོ། །གཉིས་པ་ལ། མཚན་ཉིད། དཔེར་བརྗོད། མཇུག་བསྡུ་བའོ། །དང་པོ་ནི། འཇིག་རྟེན་འདས་ཤིང་བརྗོད་འདོད་ཀྱི། །དོན་གང་ཤིན་ཏུ་བཀོད་གྱུར་པ། །དེ་ཡིས་མཁས་པ་ཤིན་ཏུ་ནི། །ཚིམ་འགྱུར་ཅིག་ཤོས་མ་ཡིན་དཔེར། །ཞེས་པ་སྟེ། འཇིག་རྟེན་ལས་འདས་ཤིང་། འུད་ཆེན་པོས་བརྗོད་འདོད་ཀྱི་བློས་བརྗོད་བྱའི་དོན་གང་ཤིན་ཏུ་ཆེས་ལྷག་པར་སྒྲོ་བཏགས་ནས་བཀོད་པར་གྱུར་པ་དེ་ཡིས། ཤར་ཕྱོགས་པའི་མཁས་པ་རྣམས་ཤིན་ཏུ་ཚིམ་པར་འགྱུར་ལ། དེའི་ཅིག་ཤོས་ལྷོ་ཕྱོགས་པའི་མཁས་པ་རྣམས་ཚིམ་པ་མ་ཡིན་ཏེ་དཔེར་ན་ཞེས་སོ། །གཉིས་པ་ལ། གཏམ་ལ་སྦྱར་བ་དང་། བསྔགས་པ་ལ་སྦྱར་བའོ། །དང་པོ་ནི། དེང་ནས་བཟུང་སྟེ་བདག་གི་ཁྱིམ། །ལྷ་ཡི་ཁྱིམ་བཞིན་བསྟེན་པར་འོས། །ཁྱོད་ཀྱི་ཞབས་རྡུལ་ལྷུང་པ་ཡིས། །ཉེས་པ་དག་ནི་མ་ལུས་བཀྲུས། །ཞེས་པ་སྟེ། དུས་དེང་ནས་བཟུང་སྟེ་བདག་གི་ཁྱིམ་འདི་ནི་ལྷའི་ཁྱིམ་བཞིན་བསྟེན་པར་འོས་ཏེ། ཅིའི་ཕྱིར་ན་སྐྱེས་བུ་ཆེན་པོ་ཁྱོད་ཀྱི་ཞབས་རྡུལ་ལྷུང་པས་ཁྱིམ་གྱི་ཉེས་པ་དག་ནི་མ་ལུས་པ་བཀྲུས་ཤིང་བཀྲ་ཤིས་པར་བྱས་པའི་ཕྱིར་རོ། །གཉིས་པ་ནི། ཁྱོད་ཀྱི་ནུ་མ་འདི་ལྟ་བུར། །རྣམ་པར་རྒྱས་པར་གྱུར་པ་འདི། །ངེས་པར་མ་བརྟགས་བྱེད་པོ་ཡིས། །ནམ་མཁའ་དག་ནི་ཆུང་ངུར་སྤྲུལ། །ཞེས་པ་སྟེ། མཛེས་ལྡན་མ་ཁྱོད་ཀྱི་ནུ་མ་འདི་ལྟ་བུར་རྣམ་པར་རྒྱས་པར་གྱུར་པ་འདི་ཉིད་ད་ལྟ་ངེས་པར་འབྱུང་བའི་ཚུལ་ལ་མ་བརྟགས་པར་བྱེད་པོས་ནམ་མཁའ་དག་ནི་ཆུང་ངུར་སྤྲུལ་ལོ། །གསུམ་པ་ནི། འདི་ནི་ཧ་ཅང་བརྗོད་པས་ན། །གཽ་ཌ་པ་ལ་མཛེས་པར་བརྗོད། །འཇུག་པ་སྔ་མ་གཞན་གྱི་ནི། །ལམ་ལ་སྙིང་པོ་ཉིད་དུ་བཤད། །ཅེས་པ་སྟེ། བཤད་མ་ཐག་པའི་དཔེར་བརྗོད་འདི་ནི་ཧ་ཅང་མི་འཚམ་པར་བརྗོད་པས་ན་ཤར་ཕྱོགས་གཽ་ཌ་པ་རྣམས་ལ་མཛེས་པར་བརྗོད་ཅིང་། འཇུག་པ་སྔ་མ་འཚམ་པར་བརྗོད་པ་ནི་གཞན་ལྷོ་ཕྱོགས་བཻ་དརྦྷ་རྣམས་ཀྱིས་ལམ་ལ་སྙིང་པོ་ཉིད་དུ་བཤད་དོ། །བཅུ་པ་ཏིང་ངེ་འཛིན་གྱི་ཡོན་ཏན་ལ། མཚན་ཉིད། དཔེར་བརྗོད། མཇུག་བསྡུ་བའོ། །
དང་པོ་ནི། གཞན་གྱི་ཆོས་དེ་གཞན་དག་ལ། །འཇིག་རྟེན་ལུགས་ཀྱི་རྗེས་འབྲངས་ནས། །གང་དུ་ཡང་དག་འཛིན་བྱེད་པ། །ཏིང་ངེ་འཛིན་དུ་བརྗོད་དེ་དཔེར། །ཞེས་པ་སྟེ། གཞན་མིག་དང་སྦྲུམ་མ་ལ་ཡོད་པའི་ཆོས་འབྱེད་འཛུམ་དང་འཁུན་པ་ལ་སོགས་པ་དེ་པདྨ་དང་སྤྲིན་སོགས་གཞན་དག་ལ་སྒྲོ་བཏགས་ཏེ་བརྗོད་པ་ལྟ་བུ་འཇིག་རྟེན་ལུགས་ཀྱི་རྗེས་སུ་འབྲངས་ནས། ཚིག་སྦྱོར་གང་དུ་རྗོད་བྱེད་ཀྱི་སྒྲ་ཡང་དག་པར་འཛིན་པར་བྱེད་པ་དེ་ནི་ཏིང་ངེ་འཛིན་ཞེས་པའི་རྒྱན་དུ་བརྗོད་དེ་དཔེར་ན་ཞེས་སོ། །གཉིས་པ་ལ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་ཕྱེ་བའོ། །དང་པོ་ནི། ཀུ་མུ་ད་ནི་མིག་འཛུམ་ཞིང་། །པདྨ་དག་ཀྱང་མིག་འབྱེད་ཅེས། །མིག་གི་བྱ་བ་བཀོད་པ་ལས། །དེ་ཡི་རྗོད་བྱེད་སྒྲ་དག་ཐོབ། །ཅེས་པ་སྟེ། ཉི་མ་ཤར་བའི་ཚེ། ཆུ་སྐྱེས་ཀུ་མུ་ད་ནི་མིག་འཛུམ་པར་བྱེད་ཅིང་། པདྨ་དག་ཀྱང་མིག་འབྱེད་ཅེས་པདྨ་དང་ཀུ་མུད་ལ་མིག་གི་བྱ་བ་བཀོད་པར་གྱུར་པ་ལས། དེའི་རྗོད་བྱེད་མིག་འབྱེད་འཛུམ་གྱི་སྒྲ་དག་ཐོབ་བོ། །གཉིས་པ་ལ། ཆོས་གཅིག་བཀོད་པའི་ཏིང་ངེ་འཛིན་དང་། ཆོས་དུ་མ་བཀོད་པའི་ཏིང་ངེ་འཛིན་ནོ། །དང་པོ་ལ། འབྲེེལ་འགོད་པ་དང་། དཔེར་བརྗོད་དོ། །དང་པོ་ནི། ནིཥྛུ་ཏ་དང་ཨུརྒཱིརྞ་དང་། །སྐྱུག་སོགས་ཕལ་པར་འཇུག་བརྟེན་པ། །ཤིན་ཏུ་མཛེས་ཏེ་གཞན་དུ་ནི། །གྲོང་པ་ཉིད་ཀྱི་ནུས་པ་བསྟེན། །ཞེས་པ་སྟེ་ནིཥྛུ་ཏ་དང་ཨུརྒཱིཪྞ་སྐྱུག་པ་ལ་འཇུག་པ་ལས། དངོས་བསྟན་བུད་མེད་ལ་སྦྱོར་རྒྱུ་དེ་བསྒྲིབས་ནས་སྐྱུག་པ་སོགས་ཕལ་པའམ་བཏགས་པ་བ་པདྨ་དང་ཉི་མར་འཇུག་པའི་སྦྱོར་བར་བསྟེན་པ་ནི་ཤིན་ཏུ་མཛེས་ཏེ། གཞན་དུ་གྲོང་པ་ཉིད་ཀྱི་ནུས་པ་མི་མཛེས་པ་བསྟེན་པའི་ཕྱིར་རོ། །གཉིས་པ་ནི། པདྨས་ཉི་ཟེར་སྐྱུག་པ་རྣམས། །འཐུངས་ནས་རྡུལ་དམར་བསྐྱུགས་པ་ཡི། །ཁ་ཡི་དག་བྱེད་ཟེར་མ་རྣམས། །ཤིན་ཏུ་སྐྱུག་པར་བྱེད་པ་བཞིན། །ཞེས་པ་མཛེས་ཏེ་མི་མཛེས་པ། །ཆུང་མ་སྐྱུག་པར་བྱེད་ཅེས་པའོ། །ཞེས་པ་སྟེ། ཆུ་སྐྱེས་པདྨས་ཉི་ཟེར་སྐྱུག་པ་རྣམས་འཐུངས་ནས་གེ་སར་གྱི་རྡུལ་དམར་བསྐྱུགས་པའི་ཁ་ཡི་དག་བྱེད་ཆུའི་ཟེར་མ་རྣམས་ཀྱང་ཤིན་ཏུ་སྐྱུག་པར་བྱེད་པ་བཞིན། ཞེས་སྐྱུག་པའི་ཆོས་གཅིག་པུ་པདྨ་དང་ཉི་མར་བཀོད་ནས་བརྗོད་པ་ནི་མཛེས་
པ་ཡིན་ཏེ། མི་མཛེས་པ་ནི་ཆུང་མ་ཆང་གིས་ར་རོ་ནས་སྐྱུག་པར་བྱེད་ཅེས་པའོ། །གཉིས་པ་ལ། འདོད་ཚུལ། དཔེར་བརྗོད། དོན་བཤད་པའོ། །དང་པོ་ནི། ཅིག་ཅར་ཉིད་དུ་ཆོས་དུ་མ། །བཀོད་པ་དག་ཀྱང་འདོད་དེ་དཔེར། །ཞེས་པ་སྟེ། དུས་ཅིག་ཅར་ཉིད་དུ་ཆོས་ཅན་གཞན་གྱི་ཆོས་དུ་མ་ཞིག་དངོས་པོ་གཞན་ལ་བཀོད་པའི་ཏིང་ངེ་འཛིན་དག་ཀྱང་འདོད་དེ། དཔེར་ན་ཞེས་སོ། །གཉིས་པ་ནི། ལྕི་བའི་མངལ་ཁུར་གྱིས་ངལ་ཞིང་། །འཁུན་པར་བྱེད་པ་སྤྲིན་གྱི་འཕྲེང་། །འདི་དག་གཡོ་མེད་སྟེང་གི་ནི། །ཕང་པ་དག་ཏུ་ཡང་དག་ཉལ། །ཞེས་པ་སྟེ། ཤིན་ཏུ་ལྕི་བའི་མངལ་ཁུར་གྱིས་ནན་པས་ངལ་ཞིང་། འབྲུག་གི་སྒྲ་དལ་བུས་འཁུན་པར་བྱེད་པའི་ཆར་སྤྲིན་གྱི་འཕྲེང་བ་འདི་དག་ནི་གཡོ་མེད་རི་བོའི་སྟེང་གི་ཕང་པ་དག་ཏུ་ཡང་དག་པར་ཉལ་ལོ། །གསུམ་པ་ནི། གྲོགས་མོའི་ཕང་པར་ཉལ་བ་དང་། །འཁུན་དང་ལྕི་བ་ཉིད་དང་ངལ། །ཞེས་པ་འདི་ནི་མངལ་ལྡན་མའི། །ཆོས་མང་པོ་རྣམས་གཞན་ལ་བསྟན། །ཞེས་པ་སྟེ། གྲོགས་མོའི་ཕང་པར་ཉལ་ཏེ་གནས་པ་དང་། འཁུན་བུ་འབྱིན་པ་དང་། ལུས་ལྕི་བ་ཉིད་དང་། ངལ་བ་ཞེས་པའི་ཚིག་སྦྱོར་འདི་ནི་བུད་མེད་མངལ་ལྡན་མའི་ཆོས་མང་པོ་སྟེ། དེ་རྣམས་གཞན་སྤྲིན་པ་ལ་བཏགས་ཏེ་བསྟན་པ་ཡིན་ནོ། །གསུམ་པ་ནི། ཏིང་འཛིན་ཞེས་བྱའི་ཡོན་ཏན་གང་། །འདི་ནི་སྙན་ངག་བདོག་ཀུན་ཏེ། །སྙན་ངག་མཁན་པོ་དོན་མཐུན་གྱི། །ཚོགས་ཀྱང་འདི་ཉིད་རྗེས་སུ་འབྲང་། །ཞེས་པ་སྟེ། ཏིང་ངེ་འཛིན་ཞེས་བྱ་བའི་ཡོན་ཏན་གང་ཡིན་པ་འདི་ནི་སྙན་ངག་གི་རིག་པའི་བདོག་པ་ཀུན་ཏེ། དེའི་ཕྱིར་སྙན་ངག་མཁན་པོ་དོན་མཐུན་གྱི་ཚོགས་རྣམས་ཀྱང་རྒྱན་འདི་ཉིད་ཀྱི་རྗེས་སུ་འབྲང་ངོ་། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་རང་བཞིན་བརྟག་པ་ལས། །ལམ་ནི་དེ་གཉིས་རྣམ་པར་ཕྱེ། །དེ་དག་དབྱེ་བ་སྙན་ངག་མཁན། །སོ་སོ་ལ་གནས་བརྗོད་མི་ནུས། །བུར་ཤིང་འོ་མ་བུར་སོགས་ཀྱིས། །མངར་བ་ཉིད་ཀྱི་ཁྱད་པར་ཆེ། །དེ་ལྟ་མོད་ཀྱི་དེ་བརྗོད་པར། །དབྱངས་ཅན་མས་ཀྱང་ནུས་མ་ཡིན། །ཞེས་པ་སྟེ། བཤད་ཟིན་པའི་ཚུལ་དེ་ལྟར། ལམ་གཉིས་ཀྱི་རང་བཞིན་ལེགས་པར་བརྟགས་པ་ལས། ལྷོ་ཤར་གྱི་ལམ་སྲོལ་དེ་གཉིས་ནི་རྣམ་པར་ཕྱེ་
སྟེ་བསྟན་ཅིང་། དེ་དག་གི་དབྱེ་བ་ཆུང་ངུ་ཕྲ་ཞིང་ཞིབ་པ་རྣམས་ནི་སྙན་ངག་མཁན་སོ་སོ་ལ་གནས་པ་ཡིན་གྱི་འདིར་ནི་བརྗོད་པར་མི་ནུས་སོ། །ཇི་ལྟར་ན་བུར་ཤིང་དང་། འོ་མ་དང་། བུ་རམ་སོགས་ཀྱི་རོ་མངར་བ་ཉིད་ཀྱི་ཁྱད་པར་ཤིན་ཏུ་ཆེ་བ་དེ་ལྟ་མོད་ཀྱི། འོན་ཀྱང་དེའི་ཁྱད་པར་བརྗོད་པར་ངག་གི་དབང་ཕྱུག་དབྱངས་ཅན་མས་ཀྱང་ནུས་པ་མ་ཡིན་ནོ། །གསུམ་པ་བར་སྐབས་སུ་སྙན་ངག་གི་རྒྱུ་བཤད་པ་ལ། ཕུན་སུམ་ཚོགས་པའི་རྒྱུ། སྣོད་དུ་རུང་བའི་རྒྱུ། རྒྱུ་དེ་ལྡན་གྱི་ཕན་ཡོན་བསྟན་པའོ། །དང་པོ་ནི། རང་བཞིན་གྱིས་གྲུབ་སྤོབས་པ་དང་། །མང་དུ་ཐོས་པ་དྲི་མེད་དང་། །མངོན་པར་སྦྱོར་བ་མི་དམན་པ། །སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ། །ཞེས་པ་སྟེ། སྐྱེ་བ་གཞན་དུ་གོམས་པའི་མཐུས། ཚེ་འདིར་རང་བཞིན་གྱིས་གྲུབ་པའི་སྤོབས་པ་དང་། གཞུང་ལུགས་མང་དུ་ཐོས་པས་ཐེ་ཚོམ་གྱི་དྲི་མ་མེད་པ་དང་། བྱ་བ་སྒྲུབ་པ་ལ་མངོན་པར་སྦྱོར་བས་བརྩོན་འགྲུས་མི་དམན་པ་སྟེ། དེ་གསུམ་སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ནོ། །གཉིས་པ་ནི། གལ་ཏེ་སྔོན་གྱི་བག་ཆགས་ཡོན་ཏན་གྱི། །རྗེས་འབྲེལ་སྤོབས་པ་རྨད་བྱུང་མེད་པ་ལའང་། །ཐོས་དང་འབད་པ་དག་གིས་ངག་བསྟེན་ན། །ཅི་ཞིག་ལྟར་ཡང་ངེས་པར་རྗེས་འཛིན་བྱེད། །ཅེས་པ་སྟེ། གལ་ཏེ་སྔོན་གོམས་ཀྱི་བག་ཆགས་སད་པའི་ཡོན་ཏན་གྱི་རྗེས་འབྲེལ་དུ་བྱུང་བའི་སྤོབས་པ་རྨད་དུ་བྱུང་བ་མེད་པ་ལའང་མང་དུ་ཐོས་པ་དང་། འབད་པ་ཆེན་པོའི་བརྩོན་འགྲུས་དག་གིས་སྙན་ངག་གི་རིག་པ་ལ་བརྟེན་ན། དབང་པོ་རྣོ་བརྟུལ་ཅི་ཞིག་ལྟར་ཡང་ངེས་པར་རྗེས་སུ་འཛིན་ཕྱིར་སྙན་ངག་རྩོམ་པའི་ནུས་པ་མཐུ་ཅན་དུ་བྱེད་དོ། །གསུམ་པ་ནི། དེ་ཕྱིར་གྲགས་འདོད་རྣམས་ཀྱིས་རྟག་ཏུ་ནི། །སྙོམས་ལས་མེད་པར་རིམ་པས་དབྱངས་ཅན་བསྟེན། །སྙན་ངག་ཆུང་ངུ་ལ་ཡང་ངལ་བྱས་མི། །མཁས་པའི་མདུན་ས་དག་ཏུ་འདུག་ལ་དབང་། །ཞེས་པ་སྟེ། གོང་དུ་བརྗོད་པའི་རྒྱུ་མཚན་དེའི་ཕྱིར་གནས་སྐབས་དང་མཐར་ཐུག་གི་གྲགས་པ་འདོད་པ་རྣམས་ཀྱིས་དུས་རྟག་ཏུ་སྙོམས་ལས་དང་ལེ་ལོའི་དབང་དུ་ལུས་པ་མེད་པར་ཐོས་པ་དང་བསམ་པ་དང་། གོམས་པའི་རིམ་པས་དབྱངས་ཅན་ཏེ་སྙན་ཚིག་གི་རིག་པ་རྣམས་སམ་ཡང་ན་ལྷག་
པའི་ལྷ་དབྱངས་ཅན་མ་ཉིད་བསྟེན་པར་བྱ་ཞིང་། དེར་མ་ཟད། སྙན་ངག་ཆུང་ངུ་ཚིགས་བཅད་གཅིག་ཙམ་གྱི་སྐྱོན་ཡོན་ལ་ཡང་བརྟག་ཅིང་དཔྱོད་པའི་ངལ་བ་བསྟེན་པར་བྱས་པའི་མི་དེ་ནི་མཁས་པ་ཚོགས་པའི་མདུན་ས་དག་ཏུ་འདུག་པ་ལ་དབང་ངོ་། །སྙན་ངག་གི་བསྟན་བཅོས་མེ་ལོང་ལས། ལམ་རྣམ་པར་ཕྱེ་བ་བསྟན་པ་སྟེ་ལེའུ་དང་པོའི་དོན་བཤད་ཟིན་ཏོ།། །།
༈ གཉིས་པ་ཐུན་མོང་གི་རྒྱན་བཤད་པ་ལ་གཉིས། སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། སྙན་ངག་མཛེས་པར་བྱེད་པ་ཡི། །ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད། །དེ་ནི་ད་ལྟའང་རྣམ་རྟོག་སྟེ། །དེ་དག་མ་ལུས་སུས་འཆད་ནུས། །འོན་ཀྱང་རྣམ་རྟོག་ས་བོན་ནི། །སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྟན། །དེ་ཉིད་རབ་ཏུ་ལེགས་སྦྱར་ཕྱིར། །ཡོངས་སུ་ངལ་འདི་བདག་གིའོ། །ཞེས་པ་སྟེ། ཚིག་དོན་ཕུན་སུམ་ཚོགས་པའི་སྙན་ངག་གི་ལུས་བཅད་ལྷུག་སྤེལ་མ་གསུམ་མཛེས་པར་བྱེད་པའི་ཆོས་རྣམས་ལ་རྒྱན་ཞེས་བྱ་བར་རབ་ཏུ་བརྗོད་ཅིང་། དེ་ལྟ་བུའི་རྒྱན་དེ་ནི་སྔར་བསྟན་པར་མ་ཟད་ད་ལྟའང་རྣམ་རྟོག་སྟེ་རྟོག་དཔྱོད་ལ་མཐའ་མེད་ཕྱིར། དེ་དག་གི་དབྱེ་བ་མ་ལུས་པ་ནི་སུས་ཀྱང་འཆད་པར་ནུས་པ་མ་ཡིན་མོད། འོན་ཀྱང་རྣམ་རྟོག་གི་ས་བོན་ཙམ་ནི་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྟན་ཏེ། དེ་ཉིད་ཚིག་ཉུང་ངུས་རབ་ཏུ་ལེགས་པར་སྦྱར་ཕྱིར་ཡོངས་སུ་ངལ་བ་འདི་ནི་དབྱུག་པ་ཅན་བདག་གིས་བསྟན་པར་བྱ་ཞེས་པའོ། །གཉིས་པ་ལ། མཚམས་སྦྱར་ནས་བཤད་པ་དང་། བཤད་ཚུལ་དངོས་རྣམ་པར་ཕྱེ་བའོ། །དང་པོ་ནི། ལམ་ནི་རྣམ་པར་དབྱེ་དོན་དུ། །རྒྱན་འགའ་ཞིག་ནི་སྔར་ཡང་བསྟན། །ཐུན་མོང་དག་ཏུ་རྒྱན་གྱི་ནི། །རིགས་གཞན་རབ་ཏུ་བསྟན་པར་བྱ། །ཞེས་པ་སྟེ། ལྷོ་ཤར་གྱི་ལམ་སྲོལ་གཉིས་ནི་རྣམ་པར་དབྱེ་བའི་དོན་དུ། སྦྱར་བ་སོགས་རྒྱན་འགའ་ཞིག་ནི་ལེའུ་དང་པོའི་སྐབས་སུ་སྔར་ཡང་བསྟན་ཟིན་ལ། ད་ནི་ལྷོ་ཤར་དག་ཐུན་མོང་དུ་འདོད་པའི་རྒྱན་གྱི་རིག་པ་གཞན་དག་རབ་ཏུ་བསྟན་པར་བྱའོ། །གཉིས་པ་ལ་གསུམ། དོན་རྒྱན། སྒྲ་རྒྱན། གབ་ཚིག་གྱི་རྒྱན་ནོ། །དང་པོ་ལ། མདོར་བསྟན། རྒྱས་བཤད། མཇུག་བསྡུ་བའོ། །དང་པོ་ནི། རང་བཞིན་བརྗོད་དང་དཔེ་དང་ནི། །གཟུགས་ཅན་གསལ་བྱེད་བསྐོར་བ་དང་། །འགོག་དང་དོན་གཞན་བཀོད་པ་དང་། །ལྡོག་པ་ཅན་དང་སྲིད་པ་ཅན། །བསྡུས་དང་ཕུལ་བྱུང་རབ་བརྟགས་དང་། །རྒྱུ་དང་ཕྲ་མོ་ཆ་དང་
རིམ། །དགའ་དང་ཉམས་ལྡན་གཟི་བརྗིད་ཅན། །རྣམ་གྲངས་བརྗོད་དང་ཀུན་ཏུ་ཕན། །རྒྱ་ཆེ་བསྙོན་དོར་སྦྱར་བ་དང་། །ཁྱད་པར་མཚུངས་པར་སྦྱོར་བ་དང་། །འགལ་དང་སྐབས་མིན་བསྟོད་པ་དང་། །ཟོལ་བསྟོད་ངེས་པར་བསྟན་པ་དང་། །ལྷན་ཅིག་བརྗོད་དང་ཡོངས་རྗེས་ཤིས། །རབ་སྤེལ་དེ་ནས་དགོངས་པ་ཅན། །འདི་དག་ཚིག་རྣམས་དག་གི་ནི། །རྒྱན་དུ་སྔོན་གྱི་མཁས་པས་བསྟན། །ཞེས་པ་སྟེ། གོ་སླའོ། །གཉིས་པ་རྒྱས་བཤད་ལ་གཉིས། རྒྱན་སུམ་ཅུ་རྩ་ལྔ་བཤད་པ་དང་། ཟློས་གར་གྱི་མཚན་ཉིད་ཀྱང་རྒྱན་དུ་བསྟན་པའོ། །དང་པོ་ལ་སུམ་ཅུ་རྩ་ལྔ་ལས། དང་པོ་རང་བཞིན་བརྗོད་པའི་རྒྱན་ལ་གསུམ། མཚན་ཉིད། དཔེར་བརྗོད། དོན་བསྡུ་བའོ། །དང་པོ་ནི། དངོས་པོ་རྣམས་ཀྱི་རང་བཞིན་དང་། །གནས་སྐབས་སྣ་ཚོགས་དངོས་གསལ་བྱེད། །དེ་ནི་རང་བཞིན་བརྗོད་པ་སྟེ། །དང་པོའི་རྒྱན་ཡིན་རིགས་སོགས་དཔེར། །ཞེས་པ་སྟེ། དངོས་པོ་བརྗོད་བྱ་རྣམས་ཀྱི་རང་བཞིན་དང་གནས་སྐབས་སྣ་ཚོགས་སྒྲོ་སྐུར་མེད་པར་ཚིག་གིས་དངོས་སུ་གསལ་བར་བྱེད་པ་དེ་ནི་རང་བཞིན་བརྗོད་པའི་རྒྱན་ཏེ་དང་པོའི་རྒྱན་ཡིན་ཞིང་། རྣམ་གྲངས་རིགས་སོགས་དཔེར་བརྗོད་ན་ཞེས་སོ། །གཉིས་པ་ལ། དང་པོ་རིགས་བརྗོད་པ་ནི། མཆུ་ནི་དམར་ཞིང་གུག་པ་དང་། །གཤོག་པ་ལྗང་ཞིང་མཉེན་པ་དང་། །མགྲིན་པ་ཁ་དོག་གསུམ་འཕྲེང་ཅན། །ནེ་ཙོ་འདི་དག་ཚིག་འཇམ་ལྡན། །ཞེས་པ་སྟེ། མཆུ་ཁ་དོག་དམར་ཞིང་དབྱིབས་གུག་པ་དང་། གཤོག་པ་ཁ་དོག་ལྗང་ཞིང་རེག་བྱ་མཉེན་པ་དང་། མགྲིན་པ་དཀར་སྔོ་དམར་བའི་ཁ་དོག་གསུམ་གྱི་འཕྲེང་བ་ཅན་ནེ་ཙོ་འདི་དག་ནི་ཚིག་འཇམ་པོར་སྨྲ་བ་དང་ལྡན་ནོ་ཞེས་ནེ་ཙོ་སྤྱིའི་རིགས་སྨོས་པའོ། །གཉིས་པ་བྱ་བ་བརྗོད་པ་ནི། མགྲིན་པའི་ནང་ནས་སྙན་སྒྲོག་ཅིང་། །མིག་ནི་ཀུན་ཏུ་འཕྲུལ་པ་ཡི། །ཕུག་རོན་བརྩེ་འདོད་དགའ་མ་ལ། །ཡོངས་སུ་བསྐོར་ནས་མཆུ་དག་སྦྱོར། །ཞེས་པ་སྟེ། མགྲིན་པའི་ནང་ནས་སྐད་ཅུང་ཟད་མི་གསལ་བར་སྙན་པར་སྒྲོག་ཅིང་། མྱོས་པའི་མིག་གཉིས་ཀུན་ཏུ་འཕྲུལ་བར་བྱེད་པའི་ཕུག་རོན་བརྩེ་འདོད་པས་རང་གི་དགའ་མ་ལ་ཡོངས་སུ་བསྐོར་ནས་ཕན་ཚུན་མཆུ་དག་
སྦྱོར་བར་བྱེད་དོ། །གསུམ་པ་ཡོན་ཏན་བརྗོད་པ་ནི། །དགའ་མ་ཡི་ནི་རེག་པ་འདིས། །ལུས་ལ་སྤུ་ལོང་རྒྱས་པ་དང་། །ཡིད་ནི་བདེ་བར་བྱེད་པ་དང་། །མིག་དག་ཟུམ་པར་བྱེད་ཅིང་འཇུག །ཅེས་པ་སྟེ། དགའ་མ་ལ་འཁྱུད་པའི་རེག་པ་འདིས་ནི་ལུས་ལ་ཆགས་པའི་སྤུ་ལོང་རྒྱས་པ་དང་། ཡིད་ནི་བདེ་བས་ཚིམ་པར་བྱེད་པ་དང་། མིག་དག་ཀྱང་ཟུམ་པར་བྱེད་ཅིང་བརྩེ་དགའི་བྱ་བ་ལ་འཇུག་པར་བྱས་པས་ཚོར་བ་བདེ་བ་ཐོབ་བོ། །བཞི་པ་རྫས་བརྗོད་པ་ནི། མགྲིན་སྔོན་ལག་ན་ཐོད་པ་ནི། །གནས་པ་ཟླ་བའི་ཅོད་པན་དང་། །སྣུམ་ཞིང་དམར་བའི་རལ་པ་ཅན། །ཁྱུ་མཆོག་རྒྱལ་མཚན་འཁྲུངས་པར་གྱུར། །ཞེས་པ་སྟེ། དུག་གིས་མགྲིན་པ་སྔོན་པོར་གྱུར་ཅིང་། ལག་ན་སློང་སྣོད་ཀྱི་ཐོད་པ་གནས་པ་ཟླ་བའི་ཅོད་པན་དང་ལྡན་པ། རབ་ཏུ་སྣུམ་ཞིང་ཁ་དོག་དམར་བའི་རལ་པ་ཅན་ཁྱུ་མཆོག་རྒྱལ་མཚན་ཅན་དབང་ཕྱུག་དེ་ནི་བསོད་ནམས་ཀྱི་དཔལ་དུ་འཁྲུངས་པར་གྱུར་ཏོ། །གསུམ་པ་ནི། རིགས་དང་བྱ་བ་ཡོན་ཏན་རྫས། །རང་བཞིན་བརྗོད་པ་འདི་འདྲ་ནི། །བསྟན་བཅོས་ཀུན་ལ་རྒྱལ་སྲིད་ཉིད། །སྙན་ངག་ལ་ཡང་འདི་དག་འདོད། །ཅེས་པ་སྟེ། བཤད་མ་ཐག་པའི་རིགས་དང་། བྱ་བ་དང་། ཡོན་ཏན་དང་། རྫས་ཏེ་རང་བཞིན་བརྗོད་པའི་རྒྱན་རྣམ་པ་བཞི་འདི་འདྲ་བ་ནི་བསྟན་བཅོས་ཀུན་ལ་རྒྱལ་སྲིད་ཉིད་དེ་མཆོག་ཏུ་གྱུར་པ་ཡིན་ཅིང་། སྙན་ངག་རིག་པའི་རྒྱན་དང་པོ་ལ་ཡང་འདི་དག་འདོད་དོ། །གཉིས་པ་དཔེའི་རྒྱན་ལ་བཞི། མཚན་ཉིད། དཔེར་བརྗོད། སྐྱོན་ཡོན་གྱི་དམིགས་ཕྱེ། མཚུངས་གསལ་གྱི་སྒྲ་བཤད་པའོ། །དང་པོ་ནི། ཇི་ལྟ་ཇི་ཞིག་ལྟར་མཚུངས་པར། །གསལ་བར་གང་དུ་རྟོགས་བྱེད་པ། །དེ་ནི་དཔེ་ཞེས་བྱ་སྟེ་དེའི། །སྤྲོས་པ་འདི་ནི་རབ་བཤད་བྱ། །ཞེས་པ་སྟེ། དཔེ་ཇི་ལྟ་བ་བཞིན་དུ་ཇི་ཞིག་དཔེ་ཅན་དེ་དཔེ་དེ་ལྟར་མཚུངས་པར་གནས་པ། གསལ་བར་ངག་གི་སྦྱོར་བས་གང་དུ་དོན་རྟོགས་པར་བྱེད་པ་དེ་ནི་དཔེའི་རྒྱན་ཞེས་བྱ་སྟེ། དེའི་སྤྲོས་པ་འདི་ནི་རབ་ཏུ་བཤད་པར་བྱའོ། །གཉིས་པ་ལ། དང་པོ་ཆོས་དཔེ་ནི། མཛེས་མ་ཁྱོད་ཀྱི་ལག་མཐིལ་ནི། །ཆུ་སྐྱེས་བཞིན་དུ་ཀུན་ཏུ་དམར། །ཞེས་པ་ཆོས་དཔེར་དངོས་
སུ་ནི། །མཚུངས་པའི་ཆོས་དག་བསྟན་ཕྱིར་རོ། །ཞེས་པ་སྟེ། མཛེས་མ་ཞེས་བོས་ནས། ཁྱོད་ཀྱི་ལག་པའི་མཐིལ་འདི་ནི་ཆུ་སྐྱེས་པདྨ་བཞིན་དུ་ཀུན་ཏུ་དམར་རོ་ཞེས་པ་ཆོས་དཔེ་སྟེ་ཚིག་གི་དངོས་སུ་མཚུངས་པའི་ཆོས་དག་བསྟན་པའི་ཕྱིར་རོ། །གཉིས་པ་དངོས་པོའི་དཔེ་ནི། ཁྱོད་ཀྱི་གདོང་ནི་པདྨ་བཞིན། །མིག་དག་ཨུཏྤལ་སྔོན་པོ་བཞིན། །ཞེས་པ་ཆོས་གཅིག་རྟོགས་བྱེད་པ། །དེ་ནི་དངོས་པོའི་དཔེ་ཉིད་དོ། །ཞེས་པ་སྟེ། མཛེས་མ་ཁྱེད་ཀྱི་གདོང་པ་ནི་པདྨ་བཞིན་ནོ། །མིག་གཉིས་པོ་འདི་དག་ནི་ཨུཏྤལ་སྔོན་པོ་བཞིན་ནོ་ཞེས་དཔེ་དོན་གྱི་དངོས་པོ་ཙམ་བཀོད་པའི་ཤུགས་ལས་མཚུངས་ཆོས་གཅིག་པར་རྟོགས་པར་བྱེད་པ་དེ་ནི་དངོས་པོའི་དཔེ་ཉིད་དོ། །གསུམ་པ་ལྡོག་པའི་དཔེ་ནི། ཁྱོད་ཀྱི་གདོང་བཞིན་པདྨ་ནི། །རྣམ་པར་རྒྱས་པར་གྱུར་ཅེས་པ། །དེ་ནི་གྲགས་པ་ལྡོག་པའི་ཕྱིར། །ལྡོག་པའི་དཔེ་ཞེས་བྱ་བར་འདོད། །ཅེས་པ་སྟེ། ལུས་ཕྲ་ཁྱོད་ཀྱི་གདོང་པ་བཞིན་དུ་པདྨ་ནི་མཛེས་པ་རྣམ་པར་རྒྱས་པར་གྱུར་ཞེས་དཔེ་དཔེ་ཅན་གོ་ལྡོག་པ་དེ་ནི་འཇིག་རྟེན་ན་གྲགས་པའི་དོན་ལས་ལྡོག་པའི་ཕྱིར་ལྡོག་པའི་དཔེ་ཞེས་བྱ་བར་འདོད་དོ། །བཞི་པ་ཕན་ཚུན་གྱི་དཔེ་ནི། ཁྱོད་ཀྱི་ཞལ་བཞིན་ཆུ་སྐྱེས་ཏེ། །ཆུ་སྐྱེས་བཞིན་དུ་ཁྱོད་ཀྱི་ཞལ། །ཞེས་པ་ཕན་ཚུན་ཁྱད་འཕགས་ནི། །རྗོད་པར་བྱེད་དེ་ཕན་ཚུན་དཔེ། །ཞེས་པ་སྟེ། ཡིད་འོང་མ་ཁྱོད་ཀྱི་ཞལ་བཞིན་དུ་ཆུ་སྐྱེས་ནི་མཛེས་ཏེ། ཆུ་སྐྱེས་མཛེས་པ་དེ་བཞིན་དུ་ཁྱོད་ཀྱི་ཞལ་འདི་ཡང་མཛེས་ཞེས་པ་དཔེ་དཔེ་ཅན་ཕན་ཚུན་བཀོད་རེས་ཀྱིས་ཁྱད་པར་དུ་འཕགས་པའི་ཚིག་རྗོད་པར་བྱེད་པའི་ཚུལ་འདི་ལ་ཕན་ཚུན་གྱི་དཔེ་ཞེས་བྱའོ། །ལྔ་པ་ངེས་པའི་དཔེ་ནི། ཁྱེད་ཞལ་པདྨ་ཉིད་དང་མཚུངས། །གཞན་ནི་འགའ་ཞིག་དང་ཡང་མིན། །ཞེས་པ་མཚུངས་པ་གཞན་ལྡོག་ཕྱིར། །འདི་ནི་ངེས་པ་ཉིད་ཀྱི་དཔེ། །ཞེས་པ་སྟེ། ཁྱོད་ཀྱི་ཞལ་མཛེས་ཤིང་ཡིད་དུ་འོང་བ་འདི་ནི་པདྨ་ཉིད་དང་མཚུངས་ཀྱི། དེ་ལས་གཞན་པའི་དཔེ་ནི་འགའ་ཞིག་དང་ཡང་མཚུངས་པ་མ་ཡིན་ནོ། །ཞེས་པ་མཚུངས་པའི་དཔེ་གཞན་ལྡོག་སྟེ་བརྗོད་པའི་ཕྱིར་ཚུལ་འདི་ནི་ངེས་པ་ཉིད་ཀྱི་དཔེ་ཡིན་ནོ། །དྲུག་པ་ངེས་མེད་ཀྱི་དཔེ་ནི། རེ་ཞིག་ཁྱོད་གདོང་པདྨ་ཡི། །རྗེས་འགྲོ་གཞན་ཡང་དེ་འདྲ་བ། །གལ་
ཏེ་ཡོད་ན་དེ་བྱེད་འགྱུར། །ཞེས་པའི་འདི་ནི་ངེས་མེད་དཔེ། །ཞེས་པ་སྟེ། རེ་ཞིག་སྟེ་ཐོག་མ་ཁོ་ནར་ཁྱོད་གདོང་པདྨའི་རྗེས་སུ་འགྲོ་ཞེས་བརྗོད་ཀྱི། གཞན་ཡང་དེ་འདྲ་བའི་མཛེས་པ་ཅན་དག་གལ་ཏེ་འཇིག་རྟེན་འདི་ན་ཡོད་པར་གྱུར་ན་དེ་ཡང་ཁྱོད་ཀྱི་གདོང་པའི་དཔེ་བྱེད་པར་འགྱུར་རོ་ཞེས་དཔེ་གཅིག་ཏུ་མ་ངེས་པར་བརྗོད་པ་འདི་ནི་ངེས་མེད་ཀྱི་དཔེ་ཡིན་ནོ། །བདུན་པ་བསྡུས་པའི་དཔེ་ནི། ཁྱོད་གདོང་མཛེས་པ་ཁོ་ན་ཡིས། །ཟླ་བའི་རྗེས་སུ་འགྲོ་མིན་ཏེ། །དགའ་བསྐྱེད་ལས་ཀྱིས་ཀྱང་ཞེས་པ། །འདི་འདྲ་བསྡུས་པའི་དཔེ་ཡང་ཡོད། །ཅེས་པ་སྟེ། ཁྱོད་གདོང་མཛེས་ཤིང་ལྟ་ན་སྡུག་པ་ཁོ་ནས་ཟླ་བའི་རྗེས་སུ་འགྲོ་བ་མ་ཡིན་ཏེ། འགྲོ་བ་རྣམས་ལ་དགའ་བ་བསྐྱེད་པའི་བྱེད་ལས་ཀྱིས་ཀྱང་མཚུངས་སོ་ཞེས་དཔེ་གཅིག་ལ་ངོ་བོ་དང་བྱེད་ལས་གཉིས་ཀའི་སྒོ་ནས་མཚུངས་པར་བརྗོད་པའི་ཚུལ་འདི་འདྲ་བ་བསྡུས་པའི་དཔེ་ཞེས་བྱ་བ་ཡང་ཡོད་དོ། །བརྒྱད་པ་ཕུལ་བྱུང་གི་དཔེ་ནི། ཁྱོད་ཀྱི་ཞལ་ནི་ཁྱོད་ཉིད་ལ། །མཐོང་ཞིང་ཟླ་བ་མཁའ་ལ་མཐོང་། །འདི་ཉིད་ཁོ་ན་ཐ་དད་དོ། །གཞན་མེད་ཅེས་འདི་ཕུལ་བྱུང་དཔེ། །ཞེས་པ་སྟེ། བཞིན་མཛེས་མ་ཁྱོད་ཀྱི་ཞལ་ནི་ཁྱོད་ཉིད་ཀྱི་ལུས་ལ་མཐོང་ཞིང་། ཟླ་བ་ནི་ནམ་མཁའ་ལ་མཐོང་སྟེ། དེའི་ཕྱིར་མཐོང་ཡུལ་མི་གཅིག་པ་འདི་ཉིད་ཁོ་ན་ཁྱོད་གདོང་དང་ཟླ་བ་ཐ་དད་དུ་འབྱེད་པའི་ཆོས་ཏེ། གཞན་དུ་ཁྱད་པར་འབྱེད་ཆོས་ཅི་ཡང་མེད་དོ་ཞེས་འུད་ཆེན་པོའི་སྒོ་ནས་བརྗོད་པ་འདི་ནི་ཕུལ་བྱུང་གི་དཔེའོ། །དགུ་པ་རབ་བརྟགས་ཀྱི་དཔེ་ནི། དེ་ཡི་བཞིན་དཔལ་ང་ཉིད་ལ། །ཡོད་ཅེས་ཟླ་བ་བསྙེམ་མི་དགོས། །པདྨ་ལ་ཡང་དེ་ཡོད་ཕྱིར། །ཞེས་པ་འདི་ནི་རབ་བརྟགས་དཔེ། །ཞེས་པ་སྟེ། མཛེས་མ་དེའི་བཞིན་དཔལ་མཐའ་དག་ང་ཉིད་ལ་ཡོད་ཀྱི། གཞན་ལ་མེད་དོ་ཞེས་ཟླ་བ་ཁྱོད་བསྙེམ་པའི་ང་རྒྱལ་བྱ་མི་དགོས་ཏེ། ཆུ་སྐྱེས་པདྨ་ལ་ཡང་དཀར་བ་སོགས་ཀྱི་ཡོན་ཏན་དེ་ལྟ་བུ་ཡོད་པའི་ཕྱིར་ཞེས་ཟླ་བ་སེམས་མེད་ལ་རྣམ་རྟོག་ཡོད་པ་ལྟར་བྱས་ཏེ་བརྗོད་པ་འདི་ནི་རབ་བརྟགས་ཀྱི་དཔེའོ། །བཅུ་པ་རྨད་བྱུང་གི་དཔེ་ནི། སྨིན་ལེགས་གལ་ཏེ་པདྨ་འགའ། །རྣམ་པར་འཕྲུལ་བའི་མིག་ལྡན་ན། །ཁྱོད་ཀྱི་བཞིན་གྱི་དཔལ་འཛིན་ཏེ། །ཞེས་པ་འདི་ནི་རྨད་བྱུང་དཔེ། །
ཞེས་པ་སྟེ། སྨིན་ལེགས་མ་ཞེས་བོས་ནས། གལ་ཏེ་ཆུ་སྐྱེས་པདྨ་འགའ་ཞིག་རྣམ་པར་འཕྲུལ་བའི་མིག་དང་ལྡན་པར་གྱུར་ན་ཁྱོད་ཀྱི་བཞིན་གྱི་དཔལ་འཛིན་པར་བྱེད་དེ་གཞན་ནི་མིན་ནོ་ཞེས་དཔེ་ཅན་དེ་ངོ་མཚར་བར་སྟོན་པའི་ཚིག་གི་སྦྱོར་བ་བཀོད་ཚུལ་འདི་ནི་རྨད་བྱུང་གི་དཔེའོ། །བཅུ་གཅིག་པ་རྨོངས་པའི་དཔེ་ནི། ལུས་ཕྲ་ཁྱོད་གདོང་རི་བོང་ཅན། །ཞེས་བཏགས་ཁྱོད་གདོང་བསམ་པ་ཡིས། །ཟླ་བ་འདིའི་ཡང་རྗེས་སུ་བསྙེགས། །ཞེས་འདི་རྨོངས་པའི་དཔེ་རུ་བཤད། །ཅེས་པ་སྟེ། ལུས་ཕྲ་མ་ཁྱོད་ཀྱི་གདོང་ནི་རི་བོང་ཅན་ཏེ་ཟླ་བའོ་ཞེས་བཏགས་ལ་འཁྲུལ་པ་དེར་མ་ཟད་ཁྱོད་གདོང་ཡིན་པར་བསམ་པས་ཟླ་བ་ཤར་བ་འདིའི་ཡང་རྗེས་སུ་བསྙེགས་སོ། །ཞེས་དཔེ་དཔེ་ཅན་གཉིས་ཀ་ངོ་མ་ཤེས་པར་འཁྲུལ་བར་སྟོན་པས་ཚུལ་འདི་ནི་རྨོངས་པའི་དཔེ་རུ་བཤད་དོ། །བཅུ་གཉིས་པ་ཐེ་ཚོམ་གྱི་དཔེ་ནི། པད་ནང་བུང་བ་འཁོར་རམ་ཅི། །ཁྱོད་གདོང་ལ་མིག་གཡོ་འམ་ཅི། །བདག་གི་སེམས་ནི་རྣམ་པར་གཡོ། །ཞེས་པ་འདི་ནི་ཐེ་ཚོམ་དཔེ། །ཞེས་པ་སྟེ། འདི་ན་དཀར་ལ་དམར་བའི་མདངས་ཆགས་པ་ཞིག་གི་དཀྱིལ་ན་མཐོན་མཐིང་ཟུང་ཞིག་འཁྲུལ་བ་འདི་ནི། པདྨའི་ནང་ན་བུང་བ་འཁོར་བ་ཡིན་ནམ། ཁྱོད་གདོང་ལ་མིག་ཟུང་གཡོའམ་ཅི་སྟེ་བདག་གི་སེམས་ནི་སོམ་ཉིའི་དབང་དུ་རྣམ་པར་གཡོ་བ་ལས་མཐའ་གཅིག་ཏུ་ངོས་མ་ཟིན་ནོ་ཞེས་ཐེ་ཚོམ་གྱི་སྒོ་ནས་མཚུངས་པར་སྒྲུབ་པས་འདི་ནི་ཐེ་ཚོམ་གྱི་དཔེའོ། །བཅུ་གསུམ་པ་གཏན་ལ་ཕེབས་པའི་དཔེ་ནི། ཟླ་བ་སྐྱེང་བྱེད་མཛེས་པ་འདི། །ཟླ་བས་ཚར་གཅོད་པདྨ་མིན། །དེ་ཕྱིར་ཁྱོད་ཀྱི་གདོང་ཉིད་དོ། །ཞེས་འདི་གཏན་ལ་ཕེབས་པའི་དཔེ། །ཞེས་པ་སྟེ། ཅི་འདི་ན་ཟླ་བའང་སྐྱེང་པར་བྱེད་པའི་མཛེས་པ་ཅན་ཞིག་འདུག་པ་འདི་ནི་པདྨ་མིན་ཏེ། གལ་ཏེ་ཡིན་ན་ཟླ་བས་ཚར་གཅོད་པར་བྱེད་མོད་རྒྱུ་མཚན་དེའི་ཕྱིར་ཡིད་འོང་མ་ཁྱོད་ཀྱི་གདོང་པ་ཉིད་དོ་ཞེས་དཔེ་དཔེ་ཅན་གྱི་དབྱེ་བ་གཏན་ཚིགས་ཀྱིས་སྒོ་ནས་ངེས་པར་བྱེད་པས་འདི་ནི་གཏན་ལ་ཕེབས་པའི་དཔེའོ། །བཅུ་བཞི་པ་སྦྱར་བའི་དཔེ་ནི། བསིལ་ཟེར་ཅན་གྱི་འགྲན་ཟླ་དང་། །དཔལ་དང་ལྡན་དང་དྲི་བཟང་གིས། །ཁྱོད་ཀྱི་གདོང་ནི་ཆུ་སྐྱེས་བཞིན། །ཞེས་པ་སྦྱར་བའི་དཔེ་རུ་བཤད། །ཅེས་པ་སྟེ། གདོང་གིས་
ཟླ་བའི་མཛེས་པ་འཕྲོག་ཅིང་། ཟླ་བས་པདྨ་ཟུམ་པར་བྱེད་པས་གཉིས་ཀ་བསིལ་ཟེར་ཅན་གྱི་འགྲན་ཟླ་ཡིན་པ་དང་། གདོང་དང་པདྨ་གཉིས་ཀ་མཛེས་པའི་དཔལ་དང་ལྡན་པ་དང་། དྲི་བཟང་པོ་དང་ལྡན་པའི་རྒྱུ་མཚན་གྱིས་མཛེས་མ་ཁྱོད་ཀྱི་གདོང་ནི་ཆུ་སྐྱེས་བཞིན་ནོ་ཞེས་སྦྱར་རྒྱན་དང་དཔེ་རྒྱན་ལྷན་ཅིག་ཏུ་བཀོད་པས་སྦྱར་བའི་དཔེ་རུ་བཤད་དོ། །བཅོ་ལྔ་པ་མཉམ་ཉིད་ཀྱི་དཔེ་ནི། མཚུངས་པའི་སྒྲ་ཡིས་བརྗོད་བྱའི་ཕྱིར། །མཉམ་ཉིད་དཔེ་སྟེ་ཇི་ལྟར་ན། །སྐྱེད་ཚལ་འཕྲེང་འདི་བུ་མོ་བཞིན། །མཛེས་ལྡན་སཱ་ལ་ཀཱ་ན་ན། །ཞེས་པ་སྟེ། དོན་གྱི་མཚུངས་ཆོས་མེད་ཀྱང་སྒྲ་མཚུངས་པ་ཙམ་གྱིས་དཔེ་དཔེ་ཅན་དུ་བཀོད་པས་བརྗོད་བྱའི་དོན་སྟོན་ཕྱིར་དེ་ནི་མཉམ་ཉིད་ཀྱི་དཔེ་སྟེ། ཇི་ལྟར་ན། སྐྱེད་ཚལ་གྱི་འཕྲེང་བ་འདི་ནི་བུ་མོ་བཞིན་དུ་མཛེས་པ་དང་ལྡན་ཏེ། སཱ་ལ་ཀཱ་ན་ན་ཞེས་པའི་མཚུངས་ཆོས་ཀྱིས་སོ། །སྒྲ་དེ་དཔེ་དཔེ་ཅན་གཉིས་པོ་དེར་ཇི་ལྟར་འཇུག་ན། སྐྱེད་ཚལ་ལ་སྦྱར་བའི་སྐབས་སུ་སཱ་ལ་སྤོས་དཀར་གྱི་ཤིང་། ཀཱ་ན་ན་ནགས་ཏེ། ས་ལའི་ནགས་ཀྱིས་མཛེས་ལྡན་པ། །ཞེས་དང་། བུ་མོ་ལ་སྦྱར་བའི་སྐབས་སུ། ས་བཅས་པ། ཨ་ལ་ཀ་ལན་བུ། ཨཱ་ན་ན་གདོང་སྟེ། ལན་བུར་བཅས་པའི་གདོང་མཛེས་ལྡན། ཞེས་སོ། །བཅུ་དྲུག་པ་སྨད་པའི་དཔེ་ནི། པདྨ་རྡུལ་མང་ཟླ་བ་འཛད། །དེ་དག་ལས་ནི་ཁྱོད་ཀྱི་བཞིན། །མཚུངས་པ་ལ་ཡང་ཁྱད་པར་བཅས། །ཞེས་པ་སྨད་པའི་དཔེ་རུ་འདོད། །ཅེས་པ་སྟེ། པདྨ་ནི་གེ་སར་གྱི་རྡུལ་མང་པོས་གོས་ཤིང་། ཟླ་བ་ནི་མར་ངོ་ཆ་ཤས་བྲི་ནས་འཛད་པས། གཉིས་པོ་དེ་དག་ལས་ནི། ཁྱོད་ཀྱི་བཞིན་མཚུངས་པ་ལ་ཡང་ཁྱད་པར་དུ་འཕགས་པ་དང་བཅས་པ་ཞེས་དཔེ་ལ་སྨད་པའི་སྒོ་ནས་མཚུངས་ཆོས་སྦྱར་བས་འདི་ནི་སྨད་པའི་དཔེ་རུ་འདོད་དོ། །བཅུ་བདུན་པ་བསྔགས་པའི་དཔེ་ནི། པདྨས་ཚངས་པ་མཆོག་ཏུ་བསྐྱེད། །ཟླ་བ་བདེ་འབྱུང་གཙུག་གིས་འཛིན། །དེ་དག་ཁྱོད་གདོང་མཚུངས་ཞེས་པ། །དེ་ནི་བསྔགས་པའི་དཔེར་བརྗོད་དོ། །ཞེས་པ་སྟེ། པདྨས་འཇིག་རྟེན་གྱི་མེས་པོ་ཚངས་པའང་མཆོག་ཏུ་བསྐྱེད་ཅིང་། ཟླ་བ་ནི་བདེ་འབྱུང་གིའང་གཙུག་གིས་འཛིན་པས་ཁྱད་པར་དུ་འཕགས་མོད། དེ་དག་དང་ཁྱོད་ཀྱི་གདོང་མཚུངས་ཞེས་དཔེ་ལ་བསྔགས་པ་
དང་བཅས་པས་མཚུངས་པར་སྟོན་པ་དེ་ནི་བསྔགས་པའི་དཔེར་བརྗོད་དོ། །བཅོ་བརྒྱད་པ་བརྗོད་འདོད་ཀྱི་དཔེ་ནི། ཡོན་ཏན་ལྡན་ནམ་སྐྱོན་འགྱུར་ཡང་། །ཟླ་བ་ཁྱོད་གདོང་མཚུངས་ཞེས་པ། །བརྗོད་འདོད་བདག་གི་ཡིད་ལ་ཡོད། །ཅེས་པ་བརྗོད་འདོད་དཔེ་ཞེས་རིག །ཅེས་པ་སྟེ། བདུད་རྩིའི་རང་ཉིད་ཅན་སོགས་ཡོན་ཏན་དང་ལྡན་ནམ། འཛད་པ་སོགས་སྐྱོན་དུ་འགྱུར་བ་མི་ཤེས་མོད་ཀྱི། དེ་ལྟར་ན་ཡང་ཟླ་བ་དང་ཁྱོད་གདོང་མཚུངས་ཞེས་པའི་ཚིག་བརྗོད་འདོད་ཀྱི་བསམ་པ་བདག་གི་ཡིད་ལ་ཡོད་ཅེས་མཚུངས་པ་དང་མི་མཚུངས་པ་ཇི་ལྟར་ཡང་བརྗོད་འདོད་ཙམ་གྱི་དཔེ་དཔེ་ཅན་དུ་བཀོད་པས་བརྗོད་འདོད་ཀྱི་དཔེ་ཞེས་བྱ་བར་རིག་གོ །བཅུ་དགུ་པ་འགལ་བའི་དཔེ་ནི། འདབ་བརྒྱ་པ་དང་སྟོན་ཟླ་དང་། །ཁྱེད་ཀྱི་གདོང་དང་གསུམ་པོ་ནི། །ཕན་ཚུན་རྣམ་པར་འགལ་ཞེས་པ། །དེ་ནི་འགལ་བའི་དཔེར་བརྗོད་དོ། །ཞེས་པ་སྟེ། འདབ་བརྒྱ་པ་སྟེ་པདྨ་དང་། སྟོན་དུས་ཀྱི་ཟླ་བ་དང་། མཛེས་མ་ཁྱོད་ཀྱི་གདོང་དང་གསུམ་པ་འདི་ནི་ཕན་ཚུན་རྣམ་པར་འགལ་ཞེས་པ་འགལ་བ་བརྗོད་པ་མཚུངས་པ་གསལ་བར་བྱེད་པས་དེ་ནི་འགལ་བའི་དཔེར་བརྗོད་དོ། །ཉི་ཤུ་པ་དགག་པའི་དཔེ་ནི། དྲི་མ་ལྡན་ཞིང་བླུན་གྱུར་པས། །ཟླ་བ་ལ་ནི་ཁྱོད་གདོང་དང་། །འགྲན་པའི་ནུས་པ་ནམ་ཡང་མེད། །ཅེས་པ་དགག་པའི་དཔེ་ཉིད་དོ། །ཞེས་པ་སྟེ། ནག་པོ་ར་རིའི་དྲི་མ་དང་ལྡན་ཞིང་སེམས་ཀྱིས་མ་ཟིན་པའི་ཕྱིར་བླུན་པར་གྱུར་པས་སྐྱོན་དེ་ལྟ་བུ་དང་ལྡན་པའི་ཟླ་བ་ལ་ནི་ཁྱོད་གདོང་དང་འགྲན་པའི་ནུས་པ་ནམ་ཡང་མེད་དོ་ཞེས་མཚུངས་པ་དགག་པའི་སྒོ་ནས་དཔེ་དཔེ་ཅན་སྦྱར་བ་འདི་ནི་དགག་པའི་དཔེ་ཉིད་དོ། །ཉེར་གཅིག་པ་ངོ་བསྟོད་ཀྱི་དཔེ་ནི། ཁྱོད་གདོང་རི་དྭགས་མིག་གིས་མཚན། །ཟླ་བ་རི་དྭགས་ཉིད་ཀྱིས་མཚན། །དེ་ལྟ་ན་ཡང་འདི་མཚུངས་ཉིད། །ཁྱད་འཕགས་མིན་ཞེས་ངོ་བསྟོད་དཔེ། །ཞེས་པ་སྟེ། མཛེས་མ་ཁྱོད་གདོང་རི་དྭགས་ཀྱི་མིག་གིས་མཚན་ལ། ཟླ་བའི་དཀྱིལ་འཁོར་རི་དྭགས་ཀྱི་གཟུགས་ཉིད་ཀྱིས་མཚན་མོད། དེ་ལྟ་ན་ཡང་ཟླ་བ་འདི་ནི་ཁྱོད་གདོང་དང་མཚུངས་པ་ཉིད་ལས་ཁྱད་པར་དུ་འཕགས་པ་མིན་ཞེས་ཆ་ཤས་ཙམ་དང་ཆ་ཤས་རྫོགས་པ་ཡོན་ཏན་མཉམ་པར་བྱས་པས་ངོ་བསྟོད་ཀྱི་དཔེ་
ཞེས་བྱའོ། །ཉེར་གཉིས་པ་དེ་ཉིད་བརྗོད་པའི་དཔེ་ནི། འདི་ནི་བཞིན་ཉིད་པདྨ་མིན། །འདི་དག་བུང་བ་མ་ཡིན་མིག །ཅེས་པ་རྣམ་གསལ་མཚུངས་པ་ལས། །དེ་ནི་དེ་ཉིད་བརྗོད་པའི་དཔེ། །ཞེས་པ་སྟེ། དཀར་ཞིང་ཡིད་དུ་འོང་བ་འདི་ནི་ཁྱོད་ཀྱི་བཞིན་ཉིད་ཡིན་ཏེ་པདྨ་མིན་ནོ། །གནག་སྣུམ་མཛེས་པ་འདི་དག་བུང་བ་མ་ཡིན་ཏེ་ཁྱོད་ཀྱི་མིག་གོ་ཞེས་དཔེ་དཔེ་ཅན་མཛེས་པ་རྣམ་པར་གསལ་བར་མཚུངས་པ་ལས་དེ་གཉིས་མ་འཁྲུལ་བར་དཔེ་ཅན་ཡིན་པར་ངེས་པས་དེ་ནི་དེ་ཉིད་བརྗོད་པའི་དཔེའོ། །ཉེར་གསུམ་པ་ཐུན་མོང་མ་ཡིན་པའི་དཔེ་ནི། ཟླ་བ་པདྨ་དག་གི་ནི། །མཛེས་པ་ལས་འདས་ཁྱོད་ཀྱི་གདོང་། །བདག་རང་ཉིད་དང་མཚུངས་པར་འགྱུར། །ཞེས་པ་ཐུན་མོང་མིན་པའི་དཔེ། །ཞེས་པ་སྟེ་འཇིག་རྟེན་ན་མཛེས་པའི་དཔེར་བྱེད་ཟླ་བ་དང་པདྨ་དག་གི་མཛེས་པ་ལས་འདས་པ་ཁྱོད་ཀྱི་གདོང་འདི་ལ་མཚུངས་ཟླ་གཞན་མེད་པས་བདག་རང་ཉིད་དང་མཚུངས་པར་གྱུར་ཏོ་ཞེས་མཛེས་ཕུལ་ཆེས་པས་ཉིད་ལས་གཞན་པའི་དཔེ་གཞན་མེད་པར་སྟོན་པ་འདི་ནི་ཐུན་མོང་མིན་པའི་དཔེའོ། །ཉེར་བཞི་པ་བྱུང་མིན་གྱི་དཔེ་ནི། པདྨ་མཛེས་པའི་སྙིང་པོ་ཀུན། །འགའ་ཞིག་དག་ཏུ་བསྡུས་པ་བཞིན། །ཁྱོད་ཞལ་རྣམ་པར་མཛེས་ཞེས་པ། །དེ་ནི་བྱུང་མིན་དཔེ་ཞེས་རིག །ཅེས་པ་སྟེ། སྲིད་འདིའི་པདྨ་མཛེས་པའི་སྙིང་པོ་ཇི་སྙེད་ཡོད་པ་ཀུན་ཕྱོགས་འགའ་ཞིག་དག་ཏུ་བསྡུས་པ་བཞིན་དུ་ཁྱོད་ཀྱི་ཞལ་འདི་ནི་རྣམ་པར་མཛེས་ཞེས་པ་དེ་ལྟ་བུའི་དཔེ་ནི་སྔར་མ་བྱུང་ཞིང་ཡོོད་པ་མ་ཡིན་པས་ན་བྱུང་མིན་གྱི་དཔེ་ཞེས་བྱ་བར་རིག་གོ །ཉེར་ལྔ་པ་སྲིད་མིན་གྱི་དཔེ་ནི། ཟླ་བའི་གཟུགས་ལས་དུག་བཞིན་དང་། །ཙནྡན་ལས་ནི་མེ་བཞིན་དུ། །ཞལ་འདི་ལས་ནི་རྩུབ་མོའི་ཚིག །ཅེས་པ་སྲིད་པ་མིན་པའི་དཔེ། །ཞེས་པ་སྟེ། ཟླ་བའི་གཟུགས་བདུད་བརྩིའི་རང་བཞིན་ལས་དུག་འབྱུང་བ་མི་སྲིད་པ་བཞིན་དང་། ཙནྡན་ལས་མེ་འབྱུང་བ་མི་སྲིད་པ་བཞིན་དུ། དམ་པ་ཁྱོད་ཀྱི་ཞལ་འདི་ལས་རྩུབ་མོའི་ཚིག་འབྱུང་བ་དུས་ནམ་ཡང་སྲིད་པ་མིན་ཞེས་མི་སྲིད་པའི་བསམ་པས་མཚུངས་པ་རྟོགས་པར་བྱེད་པ་དེ་ནི་སྲིད་པ་མིན་པའི་དཔེའོ། །ཉེར་དྲུག་པ་མང་བའི་དཔེ་ནི། ཙནྡན་ཆུ་དང་ཟླ་བའི་ཟེར། །ཟླ་ཤེལ་སོགས་བཞིན་ཁྱོད་ཀྱི་ནི། །
རེག་པ་བསིལ་ཞེས་ཁྱད་པར་དག །གསལ་བར་བྱེད་པ་མང་བའི་དཔེ། །ཞེས་པ་སྟེ། ཙནྡན་དང་། ཆུ་དང་། ཟླ་བའི་ཟེར་དང་། ཟླ་བ་ཆུ་ཤེལ་གྱི་ནོར་བུ་ལ་སོགས་པ་བཞིན་དུ་དགའ་མ་ཁྱོད་ཀྱི་རེག་པ་བསིལ་ཞེས་དཔེ་མང་པོས་དཔེ་ཅན་གཅིག་གི་ཁྱད་པར་གང་དག་གསལ་བར་བྱེད་པ་དེ་ནི་མང་བའི་དཔེའོ། །ཉེར་བདུན་པ་རྣམ་འགྱུར་གྱི་དཔེ་ནི། ལུས་ཕྲ་ཁྱོད་ཀྱི་བཞིན་རས་ནི། །ཟླ་བའི་དཀྱིལ་འཁོར་ལས་བཏོན་བཞིན། །པདྨའི་ནང་ནས་ཕྱུང་བ་བཞིན། །ཞེས་པ་འདི་ནི་རྣམ་འགྱུར་དཔེ། །ཞེས་པ་སྟེ། ལུས་ཕྲ་མ་ཁྱོད་ཀྱི་བཞིན་རས་ནི་ཟླ་བའི་དཀྱིལ་འཁོར་ལས་བཏོན་པ་བཞིན་ནོ། །ཆུ་སྐྱེས་པདྨའི་ནང་ནས་གསར་དུ་ཕྱུང་བ་བཞིན་ནོ་ཞེས་རྣམ་འགྱུར་ཡིད་དུ་འོང་བ་བརྗོད་ཚུལ་གྱིས་དཔེ་དཔེ་ཅན་སྦྱར་བ་འདི་ནི་རྣམ་འགྱུར་གྱི་དཔེའོ། །ཉེར་བརྒྱད་པ་ཕྲེང་བའི་དཔེ་ནི། འོད་ཀྱིས་ཉི་བཞིན་ཉི་མ་ཡིས། །ཉིན་བཞིན་ཉིན་གྱིས་མཁའ་ལ་བཞིན། །རྣམ་པར་གནོན་པས་ཁྱོད་ལ་དཔལ། །འཛིན་ཞེས་དེ་ནི་ཕྲེང་བའི་དཔེ། །ཞེས་པ་སྟེ། ཉི་འོད་ཀྱིས་ཉི་མའི་དཀྱིལ་འཁོར་ལ་དཔལ་འཛིན་པ་བཞིན་དུ་ཉི་མས་ཉིན་པར་ལ་དཔལ་འཛིན་ཅིང་། དེ་བཞིན་དུ་ཉིན་པར་གྱིས་ནམ་མཁའ་ལ་དཔལ་འཛིན་ལ། དེ་བཞིན་དུ་རྣམ་པར་གནོན་པ་དཔའ་བས་རྒྱལ་པོ་ཁྱོད་ལ་དཔལ་འཛིན་ཞེས་དཔེ་ཅན་ཕྱི་མ་ཕྱི་མའི་དཔེར་སྔ་མ་སྔ་མ་བཀོད་དེ་བརྗོད་པའི་ཚུལ་དེ་ལས་ཕྲེང་བའི་དཔེ་ཞེས་བྱའོ། །ཉེར་དགུ་པ་ངག་དོན་གྱི་དཔེ་ལ། མཚན་ཉིད་ནི། གང་ཡང་ངག་དོན་ཉིད་ཀྱིས་ནི། །གལ་ཏེ་ངག་དོན་ཉེར་འཇལ་ན། །ངག་དོན་དཔེ་དེ་བཞིན་སྒྲ་ནི། །གཅིག་དང་དུ་མས་དེ་རྣམ་གཉིས། །ཞེས་པ་སྟེ། གང་ཡང་ངག་གི་དོན་བྱེད་ཅན་དྲུག་གང་རུང་ཉིད་ཀྱིས་གལ་ཏེ་ངག་དོན་འགའ་ཞིག་ཉེ་བར་འཇལ་ན་ངག་དོན་གྱི་དཔེ་ཞེས་བྱ་སྟེ། དེ་ལ་བཞིན་སྒྲ་གཅིག་པ་དང་། དུ་མའི་དབྱེ་བས་རྣམ་པ་གཉིས་སུ་འགྱུར་རོ། །དཔེར་བརྗོད་ལ་གཉིས་ལས་བཞིན་སྒྲ་གཅིག་པ་ནི། ཁྱོད་གདོང་མིག་ནི་མི་བརྟན་ཞིང་། །སོ་ཡི་འོད་ཟེར་རབ་གསལ་བ། །དམ་སྐྱེས་བུང་བ་གཡོ་ལྡན་ནི། །གེ་སར་དག་གིས་མཚོན་བཞིན་མཛེས། །ཞེས་པ་སྟེ། མཛེས་མ་ཁྱོད་གདོང་མིག་གཉིས་ནི་མི་བརྟན་པར་གཡོ་བས་མཛེས་ཤིང་། སོའི་འོད་ཟེར་རབ་ཏུ་
གསལ་བ་ཞེས་པའི་དཔེ་ཅན་གྱི་ངག་དོན་གསུམ་འདམ་སྐྱེས་ཏེ་པདྨ། དེ་ལ་བུང་བ་གཡོ་བ་དང་ལྡན་པ། གེ་སར་དག་གིས་མཚོན་པ་བཞིན་དུ་མཛེས་ཞེས་དཔེའི་ངག་དོན་གསུམ་གྱིས་འཇལ་ཚུལ་བཞིན་སྒྲ་གཅིག་གིས་གསལ་བར་སྟོན་པས་བཞིན་སྒྲ་གཅིག་པའི་དཔེའོ། །བཞིན་སྒྲ་དུ་མ་ནི། པདྨ་ཅན་བཞིན་ལུས་ཕྲ་མ། །པདྨ་བཞིན་དུ་དེ་ཡི་གདོང་། །སྦྲང་རྩི་སྤྱོད་པས་བཞིན་དུ་ནི། །བདག་གིས་འཐུངས་ཤིང་འཐུངས་ཤིང་རྩེས། །ཞེས་པ་སྟེ། པདྨ་ཅན་པདྨའི་ལྗོན་པ་བཞིན་དུ་ལུས་ཕྲ་མ། དེ་ལས་བྱུང་བའི་པདྨ་བཞིན་དུ་མཛེས་མ་དེ་ཡི་གདོང་། དེ་ལ་སྦྲང་རྩི་སྤྱོད་པ་སྟེ་བུང་བས་བརྩེ་བ་བཞིན་དུ་འདོད་ལྡན་བདག་གིས་འཐུངས་ཤིང་འཐུངས་ཤིང་རྩེས་ཞེས་དཔེ་དཔེ་ཅན་གྱི་ངག་དོན་མཚུངས་ཆོས་བཞིན་སྒྲ་དུ་མས་གསལ་བར་སྟོན་པས་བཞིན་སྒྲ་དུ་མའི་དཔེའོ། །སུམ་ཅུ་པ་ཟླ་བོ་དངོས་པོའི་དཔེ་ལ། མཚན་ཉིད་ནི། དངོས་པོ་འགའ་ཞིག་ཉེར་བཀོད་ནས། །དེ་ཡི་ཆོས་མཐུན་རབ་བཀོད་པ། །མཉམ་པ་ཉིད་དུ་རྟོགས་པ་ཅན། །ཟླ་བོ་དངོས་པོའི་དཔེ་ཡིན་དཔེར། །ཞེས་པ་སྟེ། དཔེ་ཅན་གྱི་དངོས་པོ་འགའ་ཞིག་ཉེ་བར་བཀོད་ནས། དེའི་ཆོས་མཐུན་གྱི་དཔེ་འགའ་ཞིག་རབ་ཏུ་བཀོད་པ་ལས་དཔེ་དཔེ་ཅན་མཉམ་པ་ཉིད་དུ་རྟོགས་པ་ཅན་དེ་ནི་ཟླ་བོ་དངོས་པོའི་དཔེ་ཡིན་ཏེ། དཔེར་ན་ཞེས་སོ། །དཔེར་བརྗོད་ནི། རྒྱལ་པོ་རྣམས་ནི་སྐྱེས་གྱུར་ཀྱང་། །ད་ལྟ་ཁྱོད་འདྲ་གཅིག་ཀྱང་མེད། །ཡོངས་འདུ་དག་ལ་རྐང་འཐུང་ནི། །གཉིས་པ་ངེས་པར་ཡོད་མ་ཡིན། །ཞེས་པ་སྟེ། འཇིག་རྟེན་འདིར་རྒྱལ་པོ་རྣམས་ནི་མང་པོ་ཞིག་སྐྱེས་པར་གྱུར་ཀྱང་། སྔོན་ནས་ད་ལྟའི་བར་དུ་ཁྱོད་དང་འདྲ་བའི་རྒྱལ་པོ་ནི་གཅིག་ཀྱང་མེད་ལ། ལྷའི་ཤིང་ཡོངས་འདུ་དག་ལ་འགྲན་པར་ནུས་པའི་རྐང་འཐུང་སྟེ་ལྗོན་ཤིང་གཉིས་པའང་ངེས་པར་ཡོད་པ་མ་ཡིན་ནོ་ཞེས་དཔེ་དཔེ་ཅན་ཕན་ཚུན་ཟླ་བོར་བཀོད་དེ་མཚུངས་ཆོས་སྦྱར་བ་ལྟ་བུའོ། །སོ་གཅིག་པ་མཚུངས་སྦྱོར་གྱི་དཔེ་ལ། མཚན་ཉིད་ནི། ལྷག་པས་དམན་པ་བྱ་བ་ཡི། །ཆོ་ག་གཅིག་ལ་རབ་བསྡུས་ནས། །གང་སྨྲས་དེ་ནི་མཚུངས་པ་དག །སྦྱོར་བའི་དཔེ་རུ་བཤད་དེ་དཔེར། །ཞེས་པ་སྟེ། དཔེ་ལྷག་པས་དཔེ་ཅན་དམན་པ་བྱ་བའི་ཆོ་ག་གཅིག་ལ་རབ་ཏུ་བསྡུས་ནས།
གང་སྨྲས་པ་དེ་ནི་དཔེ་དང་དཔེ་ཅན་མཚུངས་པར་སྟོན་པ་དག་སྦྱོར་བའི་དཔེ་རུ་བཤད་དེ། དཔེར་ན་ཞེས་སོ། །དཔེར་བརྗོད་ནི། པུ་ལོ་མ་དགྲས་མཐོ་རིས་དང་། །ཁྱོད་ཀྱི་ས་བསྲུང་མེལ་ཚེ་བྱེད། །དེ་ཡིས་དྲེགས་ལྡན་ལྷ་མིན་དང་། །ཁྱོད་ཀྱིས་མི་ཡི་བདག་པོ་འཇོམས། །ཞེས་པ་སྟེ། ལྷ་མིན་པུ་ལོ་མ་ཞེས་པའི་དགྲ་བོ་ནི་བརྒྱ་བྱིན་ཏེ། དེས་ནི་མཐོ་རིས་ལྷའི་གནས་དང་། རྒྱལ་པོ་ཁྱོད་ཀྱི་ས་ཆེན་པོ་འདི་བསྲུང་བའི་མེལ་ཚེ་བྱེད་ལ། བརྒྱ་བྱིན་དེས་ནི་དྲེགས་པ་དང་ལྡན་པའི་ལྷ་མིན་དང་། ཁྱོད་ཀྱིས་མིའི་བདག་པོ་གཞན་འཇོམས་པར་བྱེད་དོ་ཞེས་དཔེ་བརྒྱ་བྱིན་དང་དཔེ་ཅན་རྒྱལ་པོ་གཉིས་བྱ་བ་མཚུངས་པར་སྦྱར་བ་ལྟ་བུའོ། །སོ་གཉིས་པ་རྒྱུའི་དཔེ་ནི། རྒྱལ་པོ་མཛེས་པས་ཟླ་བ་དང་། །གཟི་བྱིན་གྱིས་ནི་ཉི་མ་དང་། །བརྟན་པས་རྒྱ་མཚོའི་རྗེས་སུ་བྱེད། །ཅེས་པ་འདི་ནི་རྒྱུ་དཔེར་དྲན། ཞེས་པ་སྟེ། ས་སྐྱོང་བའི་རྒྱལ་པོ་ཁྱོད་ནི་མཛེས་པའི་རྒྱུས་ཟླ་བ་དང་། གཟི་བྱིན་ཆེ་བའི་རྒྱུ་མཚན་གྱིས་ཉི་མ་དང་། ཟབ་ཅིང་བརྟན་པས་རྒྱ་མཚོའི་རྗེས་སུ་བྱེད་ཅེས་མཛེས་པ་ལ་སོགས་པ་དཔེ་དཔེ་ཅན་གཉིས་མཚུངས་པའི་རྒྱུ་རྣམས་རབ་ཏུ་བཀོད་ན་མཚུངས་ཆོས་སྦྱར་བ་འདི་ནི་རྒྱུའི་དཔེ་ཞེས་བྱ་བར་དྲན་པར་བྱའོ། །གསུམ་པ་སྐྱོན་ཡོན་གྱི་དམིགས་ཕྱེ་བ་ལ། ཡོན་ཏན་དང་། སྐྱོན་ནོ། །དང་པོ་ནི། བློ་ལྡན་མི་དགྱེས་མེད་གང་ལ། །ངེས་པར་དཔེ་ཡི་སྐྱོན་དག་ནི། །ཐ་དད་རྟགས་དང་ཚིག་ལ་མེད། །དམན་དང་ལྷག་པ་ཉིད་ལའང་མེད། །མ་ནིང་འདི་འགྲོ་བུད་མེད་བཞིན། །བུད་མེད་འདི་སྨྲ་སྐྱེས་པ་བཞིན། །བདག་གི་གྲོགས་འདི་སྲོག་རྣམས་བཞིན། །རིག་པ་རྣམས་བསྒྲུབ་ནོར་བཞིན་ནོ། །ས་གཞི་སྐྱོང་བ་ཁྱོད་བཞིན་དུ། །ལྷ་ཡི་རྒྱལ་པོ་རྣམ་པར་མཛེས། །ཚ་ཟེར་ཅན་གྱི་ནུས་པ་ལ། །མི་བདག་གཟི་ཡི་འགོང་བར་ནུས། །ཞེས་པ་དེ་ལྟ་བུ་ལ་སོགས། །སྐལ་བཟང་ནམ་ཡང་གཏོང་མིན་ཉིད། །ཅེས་པ་སྟེ། སྙན་ངག་མཁན་བློ་གྲོས་དང་ལྡན་པ་རྣམས་མི་དགྱེས་པ་མེད་པའི་སྦྱོར་བ་གང་ལ་ངེས་པར་དཔེ་ཡི་སྐྱོན་དུ་འགྱུར་བ་དག་ནི། ཐ་དད་པའི་རྟགས་དང་། ཐ་དད་པའི་ཚིག་ལ་མེད་ཅིང་། དཔེ་དམན་པ་དང་ལྷག་པ་ཉིད་ལའང་མེད་དོ། །དཔེར་ན། མ་ནིང་འདིའི་འགྲོ་ཚུལ་བུད་མེད་བཞིན་ནོ་བུད་མེད་འདིའི་སྨྲ་ཚུལ་
སྐྱེས་པ་བཞིན་ནོ་ཞེས་རྟགས་ཐ་དད་པ་དང་། བདག་གི་གྲོགས་འདི་ཚེ་རབས་དུ་མའི་སྲོག་རྣམས་བཞིན་ནོ། །རིག་པ་རྣམས་བསྒྲུབ་པའི་ཚུལ་ནི་ཡིད་བཞིན་གྱི་ནོར་བུ་བཞིན་ནོ་ཞེས་ཚིག་ཐ་དད་པ་དང་། ས་གཞི་སྐྱོང་བའི་རྒྱལ་པོ་ཁྱོད་བཞིན་དུ་ལྷའི་རྒྱལ་པོ་རྣམ་པར་མཛེས་སོ། །ཚ་ཟེར་ཅན་ཉི་འོད་ཀྱི་ནུས་པ་ལ་མི་བདག་ཁྱོད་ཀྱི་གཟི་བྱིན་གྱིས་འགོང་བར་ནུས་སོ་ཞེས་དཔེ་དམན་ལྷག་གི་སྦྱོར་བ་སྟེ། ཚུལ་དེ་ལྟ་བུ་ལ་སོགས་པ་རྣམས་ནི་མཁས་པ་རྣམས་ཀྱི་ཡིིད་འཕྲོག་པར་བྱེད་པས་སྐལ་བཟང་ནམ་ཡང་གཏོང་བ་མིན་པ་ཉིད་དོ། །གཉིས་པ་ནི། སྦྱོར་བ་འགའ་ལ་ངག་རིག་རྣམས། །མི་དགྱེས་པ་ཡོད་ཇི་ལྟར་ན། །ངང་མོ་བཞིན་དུ་ཟླ་བ་དཀར། །མཚོ་རྣམས་བཞིན་དུ་མཁའ་དྲི་མེད། །ཁྱི་བཞིན་དཔའ་བོ་རྗེ་ལ་གུས། །ཉི་མ་བཞིན་དུ་མེ་ཁྱེར་གསལ། །འདི་འདྲ་སྤངས་ཏེ་མཁས་རྣམས་ཀྱིས། །རྒྱུ་ཡང་འདིར་ནི་བསམ་པར་བྱོས། །ཞེས་པ་སྟེ། རྟགས་ཚིག་ཐ་དད་པ་ལ་སོགས་པའི་སྦྱོར་བ་འགའ་ལ་སྙན་ངག་རིག་པ་རྣམས་མི་དགྱེས་པ་ཡོད་པ་དེ་ཇི་ལྟར་ན། ངང་མོ་བཞིན་དུ་ཟླ་བ་དཀར་ཞེས་རྟགས་ཐ་དད་པ་དང་། མཚོ་རྣམས་བཞིན་དུ་ནམ་མཁའ་དྲི་མ་མེད་ཅེས་ཚིག་ཐ་དད་པ་དང་། ཁྱི་བཞིན་དུ་དཔའ་བོ་ཁྱོད་ནི་རྗེ་ལ་གུས་སོ། །ཉི་མ་བཞིན་དུ་མེ་ཁྱེར་གསལ་ལོ་ཞེས་དཔེ་དམན་ལྷག་སྟེ། ཚུལ་འདི་འདྲ་བ་སྤངས་ཏེ་མཁས་པ་རྣམས་ཀྱིས་སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ་ཡང་འདིར་ནི་བསམ་པར་བྱོས་ཤིག་ཅེས་པའོ། །བཞི་པ་མཚུངས་གསལ་གྱི་སྒྲ་བཤད་པ་ལ་སྡེ་ཚན་བཞི་ལས། དང་པོ་ནི། བཞིན་ལྟར་ལྟ་བུ་ཇི་ལྟར་སྒྲ། །མཐུན་མཚུངས་ཡང་དག་མཚུངས་དང་མཉམ། །ཡང་དག་གསལ་དང་ངེས་པར་གསལ། །རབ་གསལ་གཟུགས་ཀྱི་ཟླ་བོ་དང་། །གཉེན་པོ་དང་ནི་དགྲ་ཟླ་དང་། །སོ་སོར་རྟོགས་དང་འགྲན་དང་འདྲ། །བལྟ་བཅས་དང་ནི་བསླུ་བ་དང་། །རིགས་མཐུན་རྗེས་སུ་སྨྲ་བ་དང་། །ཞེས་པ་ཉི་ཤུ་རྩ་གཉིས་སོ། །གཉིས་པ་ནི། གཟུགས་བརྙན་དང་ནི་སོ་སོར་སྡེབ། །གཟུགས་མཚུངས་མཉམ་དང་ཡང་དག་གཞལ། །མཚན་ཉིད་མཐུན་འདྲ་མཚུངས་པ་དང་། །མཐུན་ཕྱོགས་དཔེར་བྱས་དཔེ་དང་རྟོག །དམན་དང་ཅུང་ཟད་དམན་སོགས་དང་། །རབ་ཏུ་སྨྲ་དང་སོ་སོར་བཟློག །
རིགས་མཐུན་མཉམ་བྱས་སྒྲ་དག་དང་། །གང་ཡང་དམན་མིན་དོན་ཅན་ཚིག །ཅེས་པ་བཅོ་བརྒྱད་དོ། །གསུམ་པ་ནི། རི་བོང་མཚན་མའི་གདོང་ཅན་སོགས། །འབྲུ་མང་པོ་ཡི་ཚིག་སྡུད་དང་། །འགྲན་དང་རྒྱལ་དང་སྡང་བ་དང་། །འཁུ་དང་མི་མཐུན་སྒྲོག་པ་དང་། །འཐབ་པ་དང་ནི་འཕྱ་བ་དང་། །སྨ་འབེབས་བྱེད་དང་སྨོད་པ་དང་། །ཅོ་འདྲི་བ་དང་འགོག་པ་དང་། །རྒོད་དང་ཕྲག་དོག་མི་བཟོད་དང་། །ཞེས་པ་བཅོ་ལྔའོ། །བཞི་པ་ནི། དེ་ཡི་སྐལ་བཟང་འཕྲོག་བྱེད་དང་། །དེ་ཡི་མཛེས་པ་ཟུམ་བྱེད་དང་། །དེ་དང་འགྲན་ལས་ཚར་གཅོད་དང་། །དེ་དང་མཚུངས་ལས་ལྷག་པར་མཛེས། །དེ་ཡི་རྗེས་སུ་རྐང་འཇོག་དང་། །དེ་ཡི་ནུས་པ་ལ་འཇུག་དང་། །དེ་ཡི་རྗེས་འགྲོ་རྗེས་སུ་འཆིང་། །དེ་ཡི་ངང་ཚུལ་དེ་འགོག་དང་། །དེ་ཡི་རྗེས་སུ་བྱེད་ཅེས་པའི། །སྒྲ་རྣམས་མཚུངས་པ་གསལ་བྱེད་ཡིན། །ཞེས་པ་བཅུའོ། །འདིར་མ་བརྗོད་པ་གཞན་ཡང་། ཆ་དང་། གྲོགས་དང་། སྤུན་ཟླ་དང་། མཐོང་དང་ཐོས་དང་། དྲན་དང་། རེག་དང་། ཕམ་དང་། སྙེག་དང་། འཛེག་དང་། སེམས་པ་སོགས་ཇི་སྙེད་འབྱུང་བས་ཀྱང་མཚོན་པར་ནུས་སོ། །གསུམ་པ་གཟུགས་ཅན་གྱི་རྒྱན་ལ་གསུམ། མཚན་ཉིད། དཔེར་བརྗོད། དཔེ་གཟུགས་ཐུན་མོང་དུ་དོན་བསྡུ་བའོ། །དང་པོ་ནི། ཐ་དད་སྣང་མིན་གྱུར་པ་ཡི། །དཔེ་ཉིད་དག་ནི་གཟུགས་ཅན་འདོད། །ཅེས་པ་སྟེ། དཔེ་དཔེ་ཅན་ཐ་དད་དུ་སྣང་བ་མ་ཡིན་པར་གཅིག་པ་ལྟར་གྱུར་པའི་དཔེ་ཉིད་དག་ནི་གཟུགས་ཅན་གྱི་རྒྱན་དུ་འདོད་དོ། །གཉིས་པ་ལ། དང་པོ་བསྡུས་པའི་གཟུགས་ཅན་ནི། །དཔུང་པ་འཁྲི་ཤིང་ལག་པ་ནི། །པདྨ་སོར་མོ་ཡལ་འདབ་བོ། །ཞེས་པ་སྟེ། དཔུང་པ་འཁྲི་ཤིང་དང་། ལག་པ་པདྨ་དང་། སོར་མོ་ཡལ་འདབ་ཀྱི་གཟུགས་སུ་བཀོད་ལ། དཔུང་པའི་འཁྲི་ཤིང་ཞེས་པ་ལ་སོགས་པ་ཐོབ་ཀྱང་རྣམ་དབྱེ་བསྡུས་ཏེ་མི་མངོན་པར་བྱས་པ་ལྟ་བུའོ། །གཉིས་པ་མ་བསྡུས་པའི་གཟུགས་ཅན་ནི། ལག་པའི་འཁྲི་ཤིང་སོར་མོ་རྣམས། །ཡལ་འདབ་སེན་མོའི་འོད་ཟེར་ནི། །མེ་ཏོག་ཏུ་གྱུར་དཔྱིད་ཀྱི་དཔལ། །ཁྱོད་ནི་ངེད་ལ་མངོན་སུམ་རྒྱུ། །ཞེས་པ་འདི་ནི་མ་བསྡུས་ཏེ། །སྔ་མ་བསྡུས་པའི་
གཟུགས་ཅན་ནོ། །ཞེས་པ་སྟེ། ལག་པའི་འཁྲི་ཤིང་དང་། སོར་མོ་རྣམས་ཀྱི་ཡལ་འདབ་དང་། སེན་མོའི་འོད་ཟེར་ནི་མེ་ཏོག་ཏུ་གྱུར་པའི་མཛེས་ལྡན་དཔྱིད་ཀྱི་དཔལ་ཁྱོད་ནི་ངེད་ལ་དགའ་བདེ་སྦྱིིན་ཕྱིར་མངོན་སུམ་དུ་རྒྱུའོ་ཞེས་ལག་པ་འཁྲི་ཤིང་སོགས་ཀྱི་གཟུགས་སུ་བཀོད་ལ། ལག་པའི་ཞེས་པ་ལ་སོགས་པའི་རྣམ་དབྱེ་རྣམས་མ་བསྡུས་པས་འདི་ནི་མ་བསྡུས་པའི་གཟུགས་ཅན་ཞེས་བྱ་སྟེ། དཔེར་བརྗོད་སྔ་མ་ནི་བསྡུས་པའི་གཟུགས་ཅན་ནོ། །གསུམ་པ་བསྡུས་དང་མ་བསྡུས་པའི་གཟུགས་ཅན་ནི། བཞིན་ཟླ་མཛུམ་པའི་ཟླ་འོད་ཅེས། །གཟུགས་ཅན་བསྡུས་དང་མ་བསྡུས་པའོ། །ཞེས་པ་སྟེ། མཛེས་མའི་བཞིན་རས་ཟླ་བ་དང་། མཛུམ་པའི་ཟླ་འོད་ཅེས་སྔ་མ་བསྡུས་ཤིང་ཕྱི་མ་མ་བསྡུས་པས་བསྡུས་དང་མ་བསྡུས་པའི་གཟུགས་ཅན་ཞེས་བྱའོ། །བཞི་པ་མཐའ་དག་གཟུགས་ཅན་ལ། དཔེར་བརྗོད་ནི། སོར་མོ་དམར་བའི་འདབ་འཕྲེང་དང་། །སེན་མོའི་འོད་ཀྱི་གེ་སར་ཅན། །ཁྱོད་ཀྱི་ཞབས་ཀྱི་ཆུ་སྐྱེས་ནི། །ས་སྐྱོང་རྣམས་ཀྱི་སྤྱི་བོར་འཛིན། །ཞེས་པ་སྟེ། སོར་མོ་རབ་ཏུ་དམར་བའི་འདབ་ཕྲེང་དང་། སེན་མོའི་འོད་ཀྱི་གེ་སར་མཛེས་པ་ཅན། རྒྱལ་པོ་ཁྱོད་ཀྱི་ཞབས་ཀྱི་ཆུ་སྐྱེས་འདི་ནི་ས་སྐྱོང་བའི་རྒྱལ་པོ་གཞན་རྣམས་ཀྱི་སྤྱི་བོར་འཛིན་ཞེས་པའོ། །དོན་བཤད་ནི། སོར་མོ་ལ་སོགས་འདབ་སོགས་དང་། །རྐང་པ་པདྨ་ཉིད་བྱས་ནས། །དེ་འོས་གནས་སུ་རྣམ་བཀོད་པ། །འདི་ནི་མཐའ་དག་གཟུགས་ཅན་ནོ། །ཞེས་པ་སྟེ། སོར་མོ་ལ་སོགས་པའི་ཁོང་ནས་སེན་མོའི་འོད་དེ། གཉིས་པོ་འདབ་སོགས་ཀྱི་སྒྲས་འདབ་མ་དང་གེ་སར་གྱི་གཟུགས་སུ་བཀོད་ཅིང་། དེ་ལྡན་གྱི་རྐང་པ་པདྨ་ཉིད་དུ་བྱས་ནས་དེ་གཟུང་བར་འོས་པའི་གནས་ས་སྐྱོང་གི་སྤྱི་བོར་རྣམ་པར་བཀོད་པ་འདི་ནི་ཡན་ལག་དང་ཡན་ལག་ཅན་གཉིས་ཀ་གཟུགས་སུ་བཀོད་ཕྱིར་མཐའ་དག་གཟུགས་ཅན་ནོ། །ལྔ་པ་ཆ་ཤས་གཟུགས་ཅན་ལ། དཔེར་བརྗོད་ནི། གཏུམ་མོ་གློ་བུར་ཉིད་དུ་ནི། །ཁྱོད་གདོང་མཆུ་ཡི་ཡལ་འདབ་གཡོ། །རྔུལ་གྱི་ཆུ་ཡི་ཐིགས་པ་ཡི། །དོག་པ་མུ་ཏིག་འོད་ཅན་འཛིན། །ཞེས་པ་སྟེ། གཏུམ་མོ་ཞེས་བུད་མེད་ཁྲོ་བོ་ཅན་ལ་བོས་ནས་གློ་བུར་ཉིད་དུ་ཁྱོད་གདོང་ལ་མཆུའི་ཡལ་འདབ་གཡོ་བ་དང་། རྔུལ་གྱི་ཆུའི་ཐིགས་
པའི་དོག་པ་མུ་ཏིག་གི་འོད་ཅན་དག་ཀྱང་འཛིན་པར་བྱེད་ཅེས་སོ། །དོན་བཤད་ནི། འདིར་ནི་རྔུལ་ཆུ་དོག་པར་བྱས། །མཆུ་ཡང་ཡལ་འདབ་ཉིད་བྱས་ཀྱི། །གདོང་ནི་རྣམ་པ་གཞན་མ་བྱས། །དེ་ཕྱིར་ཆ་ཤས་གཟུགས་ཅན་ནོ། །ཞེས་པ་སྟེ། འདིར་ནི་རྔུལ་ཆུ་མུ་ཏིག་གི་དོག་པར་བྱས་ཤིང་། ཆུ་ཡང་ཡལ་འདབ་ཉིད་དུ་བྱས་ཀྱི་ཆ་ཤས་དེ་ལྡན་གྱི་གདོང་ནི་རྣམ་པ་གཞན་དུ་མ་བྱས་ཏེ། རྒྱུ་མཚན་དེ་ཕྱིར་ཆ་ཤས་གཟུགས་ཅན་ནོ། །དྲུག་པ་ཆ་ཤས་ཅན་གྱི་གཟུགས་ཅན་ལ། དཔེར་བརྗོད་ནི། གདོང་པའི་འདམ་སྐྱེས་སྨིན་འཁྱོག་ཅིང་། །རྔུལ་གྱི་ཆུ་ནི་ཟག་པ་དང་། །མིག་དག་ཀུན་ཏུ་དམར་བ་འདི། །མྱོས་པའི་གནས་སྐབས་གསལ་བར་བྱེད། །ཅེས་པ་སྟེ། གདོང་པའི་འདམ་སྐྱེས་མཛེས་པ་ལ། སྨིན་མ་འཁྱོག་ཅིང་རྔུལ་གྱི་ཆུའི་ཐིགས་པ་ཟག་པ་དང་། མིག་དག་ཀུན་ཏུ་དམར་བ་འདི་ནི་ཆགས་པས་མྱོས་པའི་གནས་སྐབས་གསལ་བར་བྱེད་པའོ། །དོན་བཤད་ནི། འདིར་ནི་གདོང་པའི་ཆ་ཤས་དག །རྣམ་འགྱུར་མ་བྱས་གདོང་པ་ཉིད། །པདྨར་བཀོད་བྱས་དེས་ན་ནི། །ཆ་ཤས་ཅན་གྱི་གཟུགས་ཅན་ནོ། །ཞེས་པ་སྟེ། འདིར་ནི་གདོང་པའི་ཆ་ཤས་སྨིན་མ་འཁྱོག་པ་ལ་སོགས་པ་དག་རྣམ་འགྱུར་གཞན་དུ་མ་བྱས་ལ། ཆ་ཤས་ཅན་གདོང་པ་ཉིད་པདྨར་བཀོད་པར་བྱས་པ་དེ་ལྟ་བས་ན་ཆ་ཤས་ཅན་གྱི་གཟུགས་ཅན་ནོ། །བདུན་པ་ཡན་ལག་གཅིག་གཟུགས་ནི། མཛེས་མ་མྱོས་པའི་མཁུར་ཚོས་དམར། །མིག་གི་ཨུཏྤལ་དམར་པོ་ཅན། །ཁྱོད་ཀྱི་གདོང་གིས་སྐྱེ་བོ་ནི། །འདི་ཡང་དམར་བའི་རང་བཞིན་བྱས། །འདི་ནི་ཡན་ལག་གཅིག་གཟུགས་ཅན། །དེ་ལྟར་འདིར་ནི་གཉིས་སོགས་ཀྱི། །ཡན་ལག་རྣམས་ཀྱང་རྟོགས་པར་བྱ། །ཞེས་པ་སྟེ། མཛེས་མ་ཞེས་བོས་ནས། ཆགས་པས་མྱོས་པའི་མཁུར་ཚོས་དམར་ཞིང་། མིག་གི་ཨུཏྤལ་དམར་པོ་ཅན་ཁྱོད་ཀྱི་གདོང་གིས་འདོད་ལྡན་གྱི་སྐྱེ་བོ་འདི་ཡང་དམར་བའི་རང་བཞིན་དུ་བྱས་སོ། །ཞེས་ཡན་ལག་མིག་གཅིག་པོ་གཟུགས་སུ་བཀོད་པ་འདི་ནི་ཡན་ལག་གཅིག་པའི་གཟུགས་ཅན་ཏེ། ཚུལ་དེ་ལྟར་འདིར་ནི་ཡན་ལག་གཉིས་གཟུགས་དང་ལ་སོགས་པས་བསྡུས་པ་གསུམ་གཟུགས་སོགས་ཀྱི་ཡན་ལག་རྣམས་ཀྱང་རྟོགས་པར་བྱའོ། །འོ་ན་ཡན་ལག་དང་ཆ་
ཤས་ཀྱི་ཁྱད་གང་ཞེ་ན། ཁྱབ་ཆེ་ཆུང་སྟེ། ཆ་ཤས་ཀྱི་ཡན་ལག་ལ་ཁྱབ་ཀྱང་ཡན་ལག་གིས་ཆ་ཤས་ལ་མ་ཁྱབ་པའི་ཕྱིར། དཔེར་ན། རྔུལ་ཆུ་མུ་ཏིག་གི་དོག་པར་བཀོད་པ་དེ། གདོང་པའི་ཆ་ཤས་ཡིན་ཡང་ཡན་ལག་མ་ཡིན་པ་བཞིན་ནོ། །བརྒྱད་པ་ལྡན་པའི་གཟུགས་ཅན་ལ། དཔེར་བརྗོད་ཕྱི་མ་དང་མིང་མཉམ་དུ་བསྟན་པ་དང་། དངོས་སོ། །དང་པོ་ནི། ལྡན་དང་མི་ལྡན་ཐ་དད་བྱེད། །ཅེས་པའོ། །གཉིས་པ་ནི། གདོང་འདི་འཛུམ་པའི་མེ་ཏོག་འབར། །གཡོ་བའི་མིག་གི་བུང་བ་ཅན། །ཞེས་པ་མེ་ཏོག་བུང་བ་དག །འགྲོགས་པས་ལྡན་པའི་གཟུགས་ཅན་ནོ། །ཞེས་པ་སྟེ། མཛེས་མ་ཁྱོད་ཀྱི་གདོང་འདི་འཛུམ་པའི་མེ་ཏོག་འབར་ཞིང་། གཡོ་ཞིང་འཕྲུལ་བའི་མིག་གི་བུང་བ་ཅན་ནོ་ཞེས་པ་མེ་ཏོག་དང་བུང་བ་དག་འགྲོགས་པར་འོས་པས་ལྡན་པའི་གཟུགས་ཅན་ནོ། །དགུ་པ་ལྡན་མིན་གྱི་གཟུགས་ཅན་ནི། གདོང་འདི་འཛུམ་པའི་ཟླ་འོད་དང་། །སྣུམ་པའི་མིག་གི་ཨུཏྤལ་ཅན། །ཟླ་འོད་ཨུཏྤལ་མི་ལྡན་པས། །ལྡན་མིན་ཞེས་པའི་གཟུགས་ཅན་ནོ། །ཞེས་པ་སྟེ། ཁྱོད་ཀྱི་གདོང་འདི་ནི་འཛུམ་མདངས་གཡོ་བའི་ཟླ་འོད་དང་། སྣུམ་པའི་མིག་གི་ཨུཏྤལ་དང་ལྡན་པ་ཅན་ནོ་ཞེས་ཟླ་འོད་ཀྱི་ཨུཏྤལ་ཟུམ་པར་བྱེད་ཀྱིས་ལྷན་ཅིག་ཏུ་མི་ལྡན་པས་ན་ལྡན་མིན་ཞེས་པའི་གཟུགས་ཅན་ནོ། །བཅུ་པ་མི་མཉམ་པའི་གཟུགས་ཅན་ལ། མཚན་ཉིད་ནི། ཡན་ལག་ཅན་དང་ཡན་ལག་རྣམས། །གཟུགས་བྱས་གཟུགས་སུ་མ་བྱས་ལ། །བརྟེན་པའི་མི་མཉམ་པ་ཞེས་པའི། །གཟུགས་ཅན་མཛེས་པ་ཡིན་ཏེ་དཔེར། །ཞེས་པ་སྟེ། ཡན་ལག་ཅན་བཞིན་རས་ལྟ་བུ་དང་། ཡན་ལག་མིག་ལྟ་བུ་རྣམས་འགའ་ཞིག་གཟུགས་སུ་བྱས་ཤིང་འགའ་ཞིག་གཟུགས་སུ་མ་བྱས་པ་ལ་བརྟེན་པས་མི་མཉམ་པ་ཞེས་པའི་གཟུགས་ཅན་འདི་ནི་མཛེས་པ་ཡིན་ཏེ། དཔེར་ན་ཞེས་སོ། །དཔེར་བརྗོད་ནི། མྱོས་པའི་མཁུར་ཚོས་རབ་དམར་ཞིང་། །སྨིན་མའི་འཁྲི་ཤིང་གར་བྱེད་པ། །ཁྱོད་གདོང་ཟླ་བ་ཡིད་སྲུབས་ཀྱིས། །འཇིག་རྟེན་གསུམ་པོ་གཞོམ་པར་ནུས། །ཞེས་པ་སྟེ། ཆགས་པས་མྱོས་པའི་མཁུར་ཚོས་རབ་ཏུ་དམར་ཞིང་ཞེས་གཟུགས་སུ་མ་བཀོད་ལ། སྨིན་མའི་འཁྲི་ཤིང་ཞེས་སྨིན་མ་འཁྲི་ཤིང་གི་གཟུགས་སུ་བཀོད་ཅིང་། དེའང་གར་བྱེད་པའི་
གཟུགས་སུ་བཀོད། ཁྱོད་གདོང་ཟླ་བ་དང་། དེའང་ཡིད་སྲུབས་ཀྱི་གཟུགས་སུ་བཀོད། དེས་ནི་འཇིག་རྟེན་གསུམ་པོ་གཞོམ་པར་ནུས་ཞེས་གང་དུའང་མ་བཀོད་པ་ལྟ་བུའོ། །བཅུ་གཅིག་པ་ཁྱད་པར་གྱི་གཟུགས་ཅན་ལ། དཔེར་བརྗོད་ནི། འཕྲོག་བྱེད་རྐང་པ་ཛ་ཧུ་ཡི། །བུ་མོའི་ཆུ་གོས་རྩེ་ལ་བཏགས། །ལྷ་མིན་དོགས་མེད་ལྷ་དགའ་བའི། །དགའ་སྟོན་རྒྱལ་མཚན་རྒྱལ་གྱུར་ཅིག །ཅེས་པ་སྟེ། འཕྲོག་བྱེད་དེ་ཁྱབ་འཇུག་གི་རྐང་པ་ཏོག་ཏུ་བྱས་པ་ཉིད་ཛ་ཧུའི་བུ་མོ་གངྒའི་ཆུ་གོས་སུ་བྱས་པའི་རྩེ་ལ་བཏགས་པ་སྟེ། དེ་ལྟ་བུའི་ལྷ་མིན་དོགས་པ་མེད་ཅིང་ལྷ་དགའ་བར་བྱེད་པའི་དགའ་སྟོན་དུ་བསྒྲེངས་བའི་རྒྱལ་མཚན་འདི་ནི་རྒྱལ་བར་གྱུར་ཅིག་ཅེས་སོ། །དོན་བཤད་ནི། གང་ཞིག་ཏོག་གི་ཁྱད་པར་གྱི། །ཚོགས་ཀྱི་གཟུགས་ནི་འདི་འདྲ་བ། །དེ་ནི་རྐང་པ་ལ་བཀོད་འདི། །ཁྱད་པར་དང་བཅས་གཟུགས་ཅན་ནོ། །ཞེས་པ་སྟེ། གང་ཞིག་རྒྱལ་མཚན་གྱི་ཏོག་གི་ཁྱད་པར་གྱི་ཚོགས་ཀྱི་གཟུགས་ནི་ལྷ་མིན་དོགས་པ་མེད་ཅིང་ལྷ་འགའ་བར་བྱེད་པའི་ཡོན་ཏན་འདི་འདྲ་བ་དེ་ནི་ཁྱབ་འཇུག་གི་རྐང་པ་ལ་བཀོད་པ་འདི་ནི་ཁྱད་པར་དང་བཅས་པའི་གཟུགས་ཅན་ནོ། །བཅུ་གཉིས་པ་འགལ་བའི་གཟུགས་ཅན་ལ། དཔེར་བརྗོད་ནི། པདྨ་རྣམས་ནི་མི་འཛུམ་ཞིང་། །ནམ་མཁའ་ལ་ཡང་མི་འགྲོ་བ། །ཁྱོད་གདོང་ཟླ་བས་བདག་གི་ནི། །སྲོག་རྣམས་འཕྲོག་པ་ཉིད་དུ་བལྟ། །ཞེས་པ་སྟེ། པདྨ་རྣམས་ནི་མི་འཛུམ་སྟེ་ཟུམ་པར་མི་བྱེད་ཅིང་། ནམ་མཁའི་ངོས་ལ་ཡང་མི་འགྲོ་བའི་མཛེས་མ་ཁྱོད་གདོང་གི་ཟླ་བས་འདོད་ལྡན་བདག་གི་སྲོག་རྣམས་འཕྲོག་པ་ཉིད་ཀྱི་ཕྱིར་དུ་བལྟ་ཞེས་སོ། །དོན་བཤད་ནི། ཟླ་བའི་བྱ་བ་བྱ་མིན་དང་། །གཞན་གྱི་བྱ་བའི་བྱ་བ་འདིར། །ཡང་དག་བསྟན་ཏེ་དེ་ཡི་ཕྱིར། །འགལ་བ་ཞེས་བྱའི་གཟུགས་ཅན་ནོ། །ཞེས་པ་སྟེ། མཛེས་མའི་བཞིན་ཟླ་དེས་ནི་ཟླ་བའི་བྱ་བ་པདྨ་ཟུམ་པ་སོགས་བྱ་བ་མིན་པ་དང་། གཞན་གྱི་བྱ་བ་སྲོག་འཕྲོག་པའི་བྱ་བ་འདིར་ཡང་དག་པར་བསྟན་ཏེ། རྒྱུ་མཚན་དེའི་ཕྱིར་འགལ་བ་ཞེས་བྱ་བའི་གཟུགས་ཅན་ནོ། །བཅུ་གསུམ་པ་རྒྱུའི་གཟུགས་ཅན་ལ། དཔེར་བརྗོད་ནི། ཁྱོད་ནི་ཟབ་པས་རྒྱ་མཚོ་སྟེ། །བརླིང་བ་ཉིད་ཀྱིས་རི་བོ་ཡིན། །འཇིག་རྟེན་རྣམས་ལ་འདོད་པ་ནི། །སྟེར་
ཕྱིར་དཔག་བསམ་རྐང་འཐུང་ངོ་། །ཞེས་པ་སྟེ། མི་བདག་ཁྱོད་ནི་ཟབ་པའི་རྒྱུས་རྒྱ་མཚོ་སྟེ། བརླིང་བ་ཉིད་ཀྱིས་རི་བོ་ཡིན་ལ། འཇིག་རྟེན་རྣམས་ལ་འདོད་པའི་རེ་བ་སྟེར་ཕྱིར་དཔག་བསམ་ཤིང་གི་རྐང་འཐུང་ངོ་། །དོན་བཤད་ནི། འདིར་ནི་ཟབ་པ་ལ་སོགས་པའི། །རྒྱུ་རྣམ་དག་གིས་རྒྱ་མཚོ་རི། །དཔག་བསམ་ཤིང་ཡང་བྱེད་པས་ན། །འདི་ནི་རྒྱུ་ཡི་གཟུགས་ཅན་ནོ། །ཞེས་པ་སྟེ། འདིར་ནི་ཟབ་པ་དང་། ལ་སོགས་པའི་ཁོང་ནས་བརླིང་བ་དང་རེ་བ་སྐོང་བའི་རྒྱུ་རྣམས་དག་གིས་རྒྱ་མཚོ་དང་། རི་དང་། དཔག་བསམ་ཤིང་གི་གཟུགས་སུ་ཡང་འགོད་པར་བྱེད་པས་ན་ཚུལ་འདི་ནི་རྒྱུའི་གཟུགས་ཅན་ནོ། །བཅུ་བཞི་པ་སྦྱར་བའི་གཟུགས་ཅན་ནི། གྲོགས་མོ་ཁྱོད་ཀྱི་གདོང་པད་ནི། །རཱ་ཛ་ཧཾ་སས་ཉེར་སྤྱད་འོས། །དྲི་ཞིམ་བུང་བས་དོན་གཉེར་འོས། །ཞེས་པ་སྦྱར་བའི་གཟུགས་ཅན་ནོ། །ཞེས་པ་སྟེ། གྲོགས་མོ་ཞེས་བོས་ནས། ཁྱོད་ཀྱི་གདོང་པད་མཛེས་ཤིང་ཡིད་དུ་འོང་བ་འདི་ནི་གཞན་གྱིས་སྤྱོད་པར་འོས་པ་མིན་ནོ། །སུ་ཞིག་གིས་སྤྱད་པར་འོས་ཅེ་ན། རཱ་ཛ་ཧཾ་ས་ཞེས་པ་མིའི་རྒྱལ་པོ་དང་ངང་པའི་རྒྱལ་པོ་གཉིས་ཀ་ལ་འཇུག་པའི་ཕྱིར་གདོང་མི་བདག་དང་པདྨ་བུང་བས་ཉེ་བར་སྤྱད་པར་འོས་ཞེས་སྒྲ་སྦྱར། གཉིས་ཀ་དྲི་ཞིམ་པས་བུང་བའི་ཚོགས་ཀྱིས་དོན་དུ་གཉེར་བར་འོས་ཞེས་དོན་སྦྱར་ཏེ་ཚུལ་དེ་ལྟར་གཟུགས་ཅན་དང་སྦྱར་རྒྱན་ལྷན་ཅིག་ཏུ་བཀོད་པ་འདི་ནི་སྦྱར་བའི་གཟུགས་ཅན་ནོ། །བཅོ་ལྔ་པ་དཔེའི་གཟུགས་ཅན་ལ། དཔེར་བརྗོད་ཕྱི་མ་དང་མཚན་ཉིད་མཉམ་དུ་བསྟན་པ་དང་། དངོས་སོ། །དང་པོ་ནི། གཙོ་བོ་དང་ནི་ཕལ་པ་ལ། །ཆོས་མཐུན་ཆོས་མི་མཐུན་མཐོང་བས། །དཔེ་དང་ལྡོག་པ་ཅན་ཞེས་པའི། །གཟུགས་ཅན་རྣམ་པ་གཉིས་འདོད་དཔེར། །ཞེས་པ་སྟེ། གཙོ་བོ་ཟླ་བ་དངོས་ལྟ་བུ་དང་དང་ཕལ་པ་གདོང་གི་ཟླ་བ་ལྟ་བུ་ལ་ཆོས་མཐུན་པ་དང་ཆོས་མི་མཐུན་པ་ཡང་མཐོང་བས་རིམ་པ་བཞིན་དཔེ་དང་ལྡོག་པ་ཅན་ཞེས་པའི་གཟུགས་ཅན་རྣམ་པ་གཉིས་སུ་འདོད་དེ། དཔེར་ན་ཞེས་སོ། །གཉིས་པ་ནི། མྱོས་པའི་ཀུན་ཏུ་དམར་བ་འདིས། །བཀབ་པ་བཞིན་གྱི་ཟླ་བ་འདི། །འཆར་ཀའི་དམར་བ་ཕུན་ཚོགས་པའི། །ཟླ་བ་ལ་ནི་རབ་ཏུ་འགྲན། །ཞེས་པ་སྟེ། འདོད་པས་མྱོས་པའི་
མདངས་ཀུན་ཏུ་དམར་བས་བཀབ་པ་བཞིན་རས་ཀྱི་ཟླ་བ་འདི་ནི་འཆར་ཀའི་དམར་བའི་འོད་ཕུན་སུམ་ཚོགས་པ་ནམ་མཁའི་ཟླ་བ་ལ་རབ་ཏུ་འགྲན་ཞེས་མཚུངས་པ་གསལ་བར་བྱེད་པས་དཔེའི་གཟུགས་ཅན་ནོ། །བཅུ་དྲུག་པ་ལྡོག་པ་ཅན་གྱི་གཟུགས་ཅན་ནི། ལྷ་རྣམས་ཀྱིས་ནི་ཟླ་བ་དང་། །བདག་གིས་ཁྱོད་གདོང་ཟླ་བ་འཐུང་། །འདི་ནི་གང་བ་མ་ཡིན་ཡང་། །འདི་ནི་རྟག་ཏུ་དཀྱིལ་འཁོར་རྫོགས། །ཞེས་པ་སྟེ། ལྷ་རྣམས་ཀྱིས་ནི་ནམ་མཁའི་ཟླ་བ་དང་། བདག་གིས་ནི་ཁྱོད་གདོང་གི་ཟླ་བ་འཐུང་བར་མཚུངས་མོད་ཀྱི། ནམ་མཁའི་ཟླ་བ་འདི་ནི་རྟག་པར་ཆ་ཤས་གང་བ་མ་ཡིན་ཡང་ཁྱོད་གདོང་གི་ཟླ་བ་འདི་ནི་རྟག་ཏུ་དཀྱིལ་འཁོར་རྫོགས་པའོ་ཞེས་ཆོས་མི་མཐུན་པའི་དབྱེ་བ་སོ་སོར་ཕྱེ་སྟེ་བརྗོད་པས་ལྡོག་པ་ཅན་གྱི་གཟུགས་ཅན་ནོ། །བཅུ་བདུན་པ་འགོག་པའི་གཟུགས་ཅན་ནི། མཛེས་མ་ཁྱོད་གདོང་ཟླ་བ་ནི། །འདི་ལྟར་གཞན་དག་གདུང་བྱེད་པས། །ཟླ་བ་ཉིད་དུ་བརྗོད་མིན་ཞེས། །དེ་ནི་འགོག་པའི་གཟུགས་ཅན་ནོ། །ཞེས་པ་སྟེ། མཛེས་མ་ཁྱོད་གདོང་གི་ཟླ་བ་མཛེས་ཤིང་ཡིད་དུ་འོང་བ་འདི་ལ་ནི། འདི་ལྟར་འདོད་ལྡན་གཞན་དག་གདུང་བར་བྱེད་པས་ཟླ་བ་ཉིད་དུ་བརྗོད་པ་མིན་ཞེས་ཟླ་བར་བཀོད་པ་ཕྱིས་འགོག་པར་བྱེད་པས་དེ་ནི་འགོག་པའི་གཟུགས་ཅན་ནོ། །བཅོ་བརྒྱད་པ་མཉམ་འཇོག་གཟུགས་ཅན་ནི། གཏུམ་མོ་ཁྱོད་གདོང་ཟླ་བས་ཀྱང་། །བརྩེ་བ་མེད་པར་བདག་བསྲེག་པ། །བདག་གི་སྐལ་བ་ཉིད་ཀྱི་སྐྱོན། །ཞེས་འདི་མཉམ་འཇོག་གཟུགས་ཅན་ནོ། །ཞེས་པ་སྟེ། གཏུམ་མོ་ཞེས་བོས་ནས། ཁྱོད་གདོང་གི་ཟླ་བ་དགའ་བདེ་བསྐྱེད་པར་འོས་པས་ཀྱང་བརྩེ་བ་མེད་པ་འདོད་ལྡན་བདག་ཆེས་ཆེར་བསྲེག་པ་འདི་ནི་བདག་གི་སྐལ་བ་ཉིད་ཀྱི་སྐྱོན་ཏེ་ཁྱོད་གདོང་ཟླ་བའི་སྐྱོན་ཁོ་ན་མ་ཡིན་ནོ་ཞེས་ཕན་ཚུན་གཉིས་ཀ་ལ་སྐྱོན་མཉམ་དུ་འཇོག་ཕྱིར་འདི་ནི་མཉམ་འཇོག་གཟུགས་ཅན་ནོ། །བཅུ་དགུ་པ་གཟུགས་ཅན་གྱི་གཟུགས་ཅན་ནི། ཁྱོད་གདོང་འདམ་སྐྱེས་དོ་ར་འདིར། །སྨིན་མའི་འཁྲི་ཤིང་གར་མཁན་མ། །རོལ་སྒེག་དགའ་བས་གར་བྱེད་དོ། །ཞེས་པ་གཟུགས་ཅན་གྱི་གཟུགས་ཅན། །ཞེས་པ་སྟེ། ཁྱོད་གདོང་འདམ་སྐྱེས་ཏེ་པདྨ་དང་། དེའང་དོ་རའི་གཟུག་སུ་བཀོད་པ་འདིར། སྨིན་
མའི་འཁྲི་ཤིང་གར་མཁན་མ་དེ་ནི་རོལ་སྒེག་དང་བཅས་ཏེ་དགའ་བའི་སེམས་ཀྱིས་གར་བྱེད་དོ་ཞེས་གཟུགས་ཅན་འཕར་མར་བཀོད་པ་འདི་ནི་གཟུགས་ཅན་གྱི་གཟུགས་ཅན་ནོ། །ཉི་ཤུ་པ་སྙོན་དོར་གྱི་གཟུགས་ཅན་ལ། དཔེར་བརྗོད་ནི། འདི་ནི་གདོང་མིན་འདི་པདྨ། །འདི་དག་མིག་མིན་འདི་བུང་བ། །འདི་ཁྱོད་སོ་ཡི་འོད་ཟེར་མིན། །འདི་རྣམས་གེ་སར་ཉིད་ཡིན་ནོ། །ཞེས་པ་སྟེ། དཀར་ཞིང་མཛེས་པ་འདི་ནི་གདོང་མ་ཡིན་ཏེ་འདི་ནི་པདྨའོ། །མཐོན་མཐིང་རྣམ་པར་འཕྲུལ་བ་འདི་དག་མིག་མ་ཡིན་ཏེ་འདི་ནི་བུང་བའོ། །དཀར་བའི་འཕྲེང་བ་མཚར་དུ་དངར་བ་འདི་ནི་ཁྱོད་ཀྱི་སོའི་འོད་ཟེར་མ་ཡིན་ཏེ་འདི་རྣམས་པདྨའི་གེ་སར་ཉིད་ཡིན་ནོ། །དོན་བཤད་ནི། གདོང་ལ་སོགས་པ་ཉིད་བཟློག་སྟེ། །པདྨ་ལ་སོགས་གཟུགས་བྱས་པས། །ཡོན་ཏན་ཁྱད་འཕགས་གསལ་བྱེད་པ། །དེ་ཉིད་སྙོན་དོར་ཟུགས་ཅན་ནོ། །ཞེས་པ་སྟེ། གདོང་ལ་སོགས་པ་ཡིན་པ་ཉིད་བཟློག་སྟེ་མ་ཡིན་པར་བསྒྲུབ་པས་དོན་གྱི་དངོས་པོ་ལ་བསྙོན་ནས། པདྨ་ལ་སོགས་པའི་གཟུགས་སུ་བཀོད་པར་བྱས་པས་ཡོན་ཏན་ཁྱད་འཕགས་གསལ་བར་བྱེད་པ་གོང་དུ་བཀོད་མ་ཐག་པ་དེ་ལྟ་བུ་ཉིད་ནི་སྙོན་དོར་གྱི་གཟུགས་ཅན་ཡིན་ནོ། །གསུམ་པ་དཔེ་གཟུགས་ཐུན་མོང་དུ་དོན་བསྡུ་བ་ནི། གཟུགས་ཅན་དཔེ་ཡི་རྣམ་རྟོག་རྣམས། །མཐའ་ཡོད་མ་ཡིན་དེ་ཡི་ཕྱིར། །ཕྱོགས་ཙམ་བསྟན་པ་བློ་ལྡན་རྣམས། །མ་བརྗོད་རྗེས་སུ་དཔག་པར་བྱ། །ཞེས་པ་སྟེ། གཟུགས་ཅན་དང་དཔེའི་རྣམ་པར་རྟོག་པ་ཇི་སྙེད་པ་རྣམས་ནི་མཐའ་ཡོད་མ་ཡིན་པ་དེའི་ཕྱིར་འདིར་ཕྱོགས་ཙམ་ཞིག་བསྟན་པ་ཡིན་ལ། དེས་མཚོན་ཏེ་སྙན་ངག་མཁན་བློ་གྲོས་དང་ལྡན་པ་རྣམས་ཀྱིས་འདིར་མ་བརྗོད་པ་གཞན་ཡང་རྗེས་སུ་དཔག་པས་ཤེས་པར་བྱ་ཞེས་པའོ། །བཞི་པ་གསལ་བྱེད་ཀྱི་རྒྱན་ལ་གསུམ། མཚན་ཉིད། དཔེར་བརྗོད། མ་བཤད་པ་བསླབ་ཚུལ་ལོ། །དང་པོ་ནི། རིགས་དང་བྱ་བ་ཡོན་ཏན་རྫས། །ཚིག་གཅིག་ལ་ནི་གནས་པ་ཡིས། །གལ་ཏེ་ངག་ཀུན་ལ་ཕན་ན། །དེ་ནི་གསལ་བྱེད་དུ་བརྗོད་དཔེར། །ཞེས་པ་སྟེ། དེ་ལ་རིགས་དང་བྱ་བ་ཡོན་ཏན། རྫས་ཏེ་རྣམ་པ་བཞི་པོ་ཚིགས་བཅད་ཀྱི་ཐོག་མཐའ་བར་གསུམ་གང་
ཡང་རུང་བའི་ཚིག་གཅིག་ལ་གནས་པས་གལ་ཏེ་ཚིགས་བཅད་དེས་ངག་ཀུན་ལ་ཕན་ཞིང་གསལ་བར་བྱེད་ན་དེ་ནི་གསལ་བྱེད་ཀྱི་རྒྱན་དུ་བརྗོད་དེ། དཔེར་ན་ཞེས་སོ། །གཉིས་པ་ལ་ལྔ་ལས། དང་པོ་གནས་གསུམ་གསལ་བྱེད་ཀྱི་དང་པོ་རིགས་ཐོག་གསལ་ནི། ལྷོ་ཡི་རླུང་གིས་འཁྲི་ཤིང་ནི། །འདབ་མ་རྙིང་པ་ལྷུང་བར་བྱེད། །དུད་པའི་ལུས་ཅན་རྣམས་ཀྱི་ཡང་། །ཁེངས་པ་གསར་དུ་འཇོག་པར་ནུས། །ཞེས་པ་སྟེ། ལྷོའི་རླུང་བསིལ་བ་དག་གིས་འཁྲི་ཤིང་ནི་བསྐྱོད་ཅིང་བསྒུལ་བས་འདབ་མ་རྙིང་པ་རྣམས་ལྷུང་བར་བྱེད་ཅིང་། ལང་ཚོས་དུད་པའི་ལུས་ཅན་མ་རྣམས་ཀྱི་ཡང་མཛའ་བོ་ལ་རྗེས་སུ་མི་མཐུན་པའི་ཁེངས་པ་གསར་དུ་འཇོམས་པར་ནུས་སོ། །གཉིས་པ་བྱ་བ་ཐོག་གསལ་ནི། རྒྱུའོ་ཆུ་གཏེར་བཞི་ངོགས་ཀྱི། །སྐྱེད་མོས་ཚལ་དུ་སོ་ཅན་ཏེ། །ཁོར་ཡུག་རི་བོའི་ཁོངས་སུ་ཡང་། །ཁྱོད་ཀྱི་ཡོན་ཏན་ཀུནྡ་དཀར། །ཞེས་པ་སྟེ། རྒྱུའོ། །སུ་ཞིག་གང་དུ་རྒྱུ་ན། ཆུ་གཏེར་བཞིའི་ངོགས་ཀྱི་སྐྱེད་མོས་ཚལ་དུ་སོ་ཅན་ཏེ་ཕྱོགས་ཀྱི་གླང་པོ་ཆེ་བརྒྱད་རྣམས་སོ། །དེར་མ་ཟད། ཁོར་ཡུག་ལྕགས་ཀྱི་རི་བོའི་ཁོངས་སུ་ཡང་རྒྱལ་པོ་ཁྱོད་ཀྱི་ཡོན་ཏན་ཀུནྡ་ལྟར་དཀར་བ་རྣམས་ཀྱང་ངོ་། །གསུམ་པ་ཡོན་ཏན་ཐོག་གསལ་ནི། སྔོ་སངས་ཉིད་དོ་ཕྱོགས་རྣམས་ནི། །དབྱར་སྐྱེས་སྤྲིན་གྱི་ཕྲེང་བ་ཡིས། །ས་ཡང་རྩ་སྔོན་གསར་པ་ནི། །ཤིན་ཏུ་གཞོན་པའི་འཕྲེང་བས་སོ། །ཞེས་པ་སྟེ། སྔོ་སངས་ཉིད་དོ། །ནམ་མཁའི་ཕྱོགས་རྣམས་ནི་དབྱར་སྐྱེས་སྤྲིན་གྱི་འཕྲེང་བ་འཁྲིགས་པ་ཡིས་སོ། །ནམ་མཁར་མ་ཟད། ས་གཞིའི་ཁྱོན་འདིའང་རྩའི་མྱུ་གུ་སྔོན་པོ་ལང་ཚོ་གསར་པ་ཅན་ཤིན་ཏུ་གཞོན་པའི་འཕྲེང་བས་སོ། །བཞི་པ་རྫས་ཐོག་གསལ་ནི། ཁྱབ་འཇུག་རྣམ་གནོན་ལ་གནས་པས། །དཱ་ནུའི་བུ་ཡི་འབྱོར་པ་དག །གང་དུ་བཏང་ཞིང་ལྷ་རྣམས་ཀྱི། །ཕུན་ཚོགས་གང་ན་གནས་པ་བླངས། །ཞེས་པ་སྟེ། ལྷ་ཁྱབ་འཇུག་ཕ་རོལ་རྣམ་པར་གནོན་པ་ལ་གནས་པས། དཱ་ནུའི་བུ་ལྷ་མིན་གྱི་འབྱོར་པ་དག །གང་དུ་མིང་མི་གྲགས་པར་བཏང་ཞིང་། ལྷ་རྣམས་ཀྱི་ཕུན་སུམ་ཚོགས་པའི་དཔལ་གང་ན་གནས་པ་ཐམས་ཅད་བླངས་སོ། །ལྔ་པ་རིགས་བར་གསལ་ལ། བཤད་ཟིན་དང་འཆད་འགྱུར་མཚམས་སྦྱར་བ་དང་། དངོས་སོ། །དང་པོ་ནི།
ཞེས་པ་དང་པོའི་གསལ་བྱེད་བསྟན། དེ་བཞིན་བར་དང་མཐའ་ཡི་ཡང་། །ཚིག་དག་བདག་གིས་བསྟན་པར་བྱ། །དེ་དག་འགའ་ཞིག་འདི་ལྟ་སྟེ། །ཞེས་པ་སྟེ། གོང་དུ་བརྗོད་པའི་ལྷོ་ཡི་རླུང་གིས་ཞེས་པ་ལ་སོགས་པ་དེ་དག་ནི་རིགས་ཐོག་གསལ་སོགས་དང་པོའི་གསལ་བྱེད་རྣམས་བསྟན་པ་སྟེ། ཚུལ་དེ་བཞིན་དུ་བར་དང་མཐའི་གསལ་བྱེད་ཀྱི་ཚིག་དག་ཀྱང་བདག་གིས་བསྟན་པར་བྱ་བ་དེ་དག་འགའ་ཞིག་བརྗོད་པ་འདི་ལྟ་སྟེ་ཞེས་སོ། །གཉིས་པ་ནི། གར་བྱེད་ནི་ཙུ་ལ་འཕང་དུ། །གླུ་ཡང་ལེན་ནོ་མཇུག་སྒྲོ་ཅན། །དགའ་བས་རྒྱས་པའི་མིག་དག་ཀྱང་། །ཆུ་འཛིན་ལ་ནི་གཏོད་པར་བྱེད། །ཅེས་པ་སྟེ། ཤིང་ནི་ཙུ་ལའི་འཕང་དུ་གར་བྱེད་ཅིང་གླུ་ཡང་ལེན་ནོ། །སུ་ཞིག་གླུ་གར་བྱེད་ཅེ་ན། །མཇུག་སྒྲོ་ཅན་ཏེ་རྨ་བྱའི་ཚོགས་རྣམ་སོ། །དེར་མ་ཟད་དགའ་བས་རྒྱས་པའི་མིག་དག་ཀྱང་ཆུ་འཛིན་གྱི་འཕྲེང་བ་འཁྲིགས་པ་ལ་ནི་གཏོད་པར་བྱེད་དོ། །དྲུག་པ་བྱ་བ་བར་གསལ་ནི། དྲི་གཞོན་དལ་བུ་འགྱུར་བྱེད་དེ། །ཟླ་བ་དག་ཀྱང་མེ་རུ་འགྱུར། །ཙནྡན་བྱུག་པ་ལྷུང་བ་ཡང་། །མཚོན་ལྷུང་འཁྱམས་པ་རྣམས་ལའོ། །ཞེས་པ་སྟེ། དྲི་གཞོན་ཏེ་རླུང་བསིལ་བ་དལ་བུར་རྒྱུ་བ་དག་ཀྱང་འགྱུར་བྱེད་དེ་བྱ་བ་ཚ་བ་མེའི་རང་བཞིན་དང་། ཟླ་བའི་འོད་ཟེར་བསིལ་བ་དག་ཀྱང་མེ་རུ་འགྱུར་བ་ཡིན་ནོ། །གཞན་ཡང་ཙནྡན་གྱི་བྱུག་པ་ལྷུང་བ་ཡང་མཚོན་ལྷུང་བ་བཞིན་དུའོ། །སུ་ཞིག་ལ་ཞེ་ན་བུད་མེད་དང་བྲལ་ཏེ་བྱེས་སུ་འཁྱམས་པ་རྣམས་ལའོ། །བདུན་པ་རིགས་མཐའ་གསལ་ནི། ཆུ་འཛིན་གྱིས་ནི་རབ་གཏོར་ཆུ། །ཁྱིམ་གྱི་གཙུག་ཕུད་ལྡན་པའི་ཚོགས། །གློག་གི་ཐག་པ་གཡོ་བ་ཡང་། །མེ་ཏོག་གཞུ་ཅན་དག་གི་དཔུང་། །ཞེས་པ་སྟེ། ཆུ་འཛིན་གྱིས་རབ་ཏུ་གཏོར་བ་ཆར་གྱི་ཆུ་དང་། ཁྱིམ་གྱི་གཙུག་ཕུད་ལྡན་པའི་ཚོགས་གར་བྱེད་པ་གློག་གི་ཐག་པ་ཕན་ཚུན་དུ་གཡོ་ཞིང་འཁྱུག་པ་ཡང་སྟེ། དེ་རྣམས་ནི་མེ་ཏོག་གཞུ་ཅན་འདོད་ལྷ་དག་གི་དཔུང་ཡིན་ནོ། །བརྒྱད་པ་བྱ་བ་མཐའ་གསལ་ནི། ཁྱོད་ཀྱི་ཨུཏྤལ་རྣ་བ་ལ། །འདོད་པའི་མདའ་ནི་མདའ་བསྟན་ལ། །ངས་ཀྱང་སེམས་ནི་འཆི་བ་ལ། །གསུམ་པོ་དེ་ནི་མཉམ་དུ་བྱས། །ཞེས་པ་སྟེ། མཛེས་མ་ཁྱོད་ཀྱི་རྣ་བ་ལ་ཨུཏྤལ་རྒྱན་དུ་དང་། འདོད་པའི་ལྷའི་མདའ་ལྔ་ནི་མདའ་སྟན་གཞུ་ལ་དང་།
ངས་ཀྱང་སེམས་ནི་ཆགས་པས་ནོན་ཏེ་འཆི་བ་ལ་ཐུག་པ་སྟེ། གསུམ་པོ་འདི་ནི་དུས་མཉམ་དུ་བྱས་སོ། །གཉིས་པ་ཕྲེང་བའི་གསལ་བྱེད་ལ། དཔེར་བརྗོད་ནི། དཀར་ཕྱོགས་ཀྱིས་ནི་འོད་དཀར་ཅན། །འཕེལ་བྱེད་དེ་ཡིས་མདའ་ལྔ་པ། །དེས་ཀྱང་ཆགས་པ་ཆགས་པས་ཀྱང་། །ན་ཆུང་དགའ་བའི་དགའ་སྟོན་དཔལ། །ཞེས་པ་སྟེ། དཀར་ཕྱོགས་ཀྱི་དུས་ཀྱིས་ནི་འོད་དཀར་ཅན་ཏེ་ཟླ་བའི་ཆ་ཤས་འཕེལ་བར་བྱེད་དོ། །འོད་དཀར་ཅན་དེ་ཡིས་ནི་མདའ་ལྔ་པ་འདོད་ལྷའི་སྟོབས་སོ། །མདའ་ལྔ་པ་དེས་ཀྱང་ལང་ཚོ་ཅན་གྱི་ཆགས་པའི་སེམས་སོ། །ཆགས་པས་ཀྱང་ན་ཆུང་གི་དགའ་བའི་དགའ་སྟོན་འཁྲིག་པའི་དཔལ་རྣམ་པར་འབྱོར་བའི་ངོ་བོའོ། །དོན་བཤད་ནི། ཞེས་སོགས་གསལ་བྱེད་ཡིན་མོད་ཀྱང་། །སྔ་མ་སྔ་མ་ལ་ལྟོས་པའི། །ངག་གི་ཕྲེང་བར་རབ་ལྡན་ཕྱིར། །དེ་ནི་ཕྲེང་བའི་གསལ་བྱེད་འདོད། །ཅེས་པ་སྟེ། ཞེས་སོགས་སྤྱིར་གནས་གསུམ་གསལ་བྱེད་དུ་འདུས་པ་ཡིན་མོད་ཀྱང་། ཁྱད་པར་ཚིག་སྔ་མ་སྔ་མ་ལ་ཕྱི་མ་ཕྱི་མ་ལྟོས་པའི་ངག་གི་ཕྲེང་བར་རབ་ཏུ་ལྡན་པའི་ཕྱིར་བཤད་མ་ཐག་དེ་ནི་ཕྲེང་བའི་གསལ་བྱེད་དུ་འདོད་དོ། །གསུམ་པ་འགལ་དོན་གསལ་བྱེད་ལ། དཔེར་བརྗོད་ནི། རླུང་གིས་གཙུབས་པའི་ཆུ་ཐིགས་ཅན། །སྤྲིན་གྱི་ལུས་མེད་དག་གིས་ནི། །ཨ་བ་ལེ་བ་འཕེལ་བར་བྱེད། །རྡུལ་གྱི་དག་ནི་སེལ་བར་བྱེད། །ཅེས་པ་སྟེ། རླུང་ཤིན་ཏུ་བསིལ་བ་དལ་བུར་རྒྱུ་བ་དག་གིས་གཙུབས་ཤིང་བསྐྱོད་པའི་ཆུ་ཐིགས་ཅན་ཆར་སྤྲིན་གྱི་ལུས་མེད་འདོད་ལྷ་དག་གིས་ནི་འདོད་ཆགས་ཀྱི་ཨ་བ་ལེ་བ་འཕེལ་བར་བྱེད་དོ། །ཚ་བས་གདུངས་པ་ལས་བྱུང་བའི་རྡུལ་གྱི་དག་ནི་སེལ་བར་བྱེད་དོ། །དོན་བཤད་ནི། འདིར་ནི་སྤྲིན་གྱི་ཚིག་དག་དང་། །ཨ་བ་ལེ་བའི་ཚིག་དག་གིས། །བྱ་བ་འགལ་བ་ལྡན་པ་དེས། །འགལ་བའི་དོན་གྱི་གསལ་བྱེད་དོ། །ཞེས་པ་སྟེ། འདིར་ནི་བྱེད་པ་པོ་སྤྲིན་གྱི་ཚིག་དག་དང་། ལས་སུ་གྱུར་པ་ཨ་བ་ལེ་བ་སྟེ་ངེས་པར་ཞེན་པའམ་དྲེགས་པ་ཞེས་པའི་དོན་ལ་འཇུག་པའི་ཚིག་དག་གིས་བྱ་བ་འགལ་བ་དང་ལྡན་པ་འཕེལ་བ་དང་སེལ་བ་དག་སྦྱར་བས་དེ་ནི་འགལ་བའི་དོན་གྱི་གསལ་བྱེད་དོ། །བཞི་པ་དོན་གཅིག་གསལ་བྱེད་ལ། དཔེར་བརྗོད་ནི། ཆུ་འཛིན་དག་གི་འཕྲེང་བ་འདིས། །ཕྱོགས་
རྣམས་ཀྱི་ནི་གོ་སྐབས་ཕྲོགས། །སྐར་མ་ཡི་ནི་ཚོགས་རྣམས་བཟུང་། །དེང་ཡང་བདག་གི་སྲོག་རྣམས་ལེན། །ཞེས་པ་སྟེ། ཆུ་འཛིན་དག་གི་ཕྲེང་བ་འཐུག་པོར་འཁྲིགས་པ་འདིས་ཕྱོགས་རྣམས་ཀྱི་ནི་གསལ་བའི་གོ་སྐབས་ཕྲོགས། སྐར་མ་ཡི་ནི་ཚོགས་རྣམས་སྒྲིབ་སྟེ་བཟུང་། །དེང་ཡང་བདག་གི་སྲོག་རྣམས་ཀྱང་ལེན་པར་བྱེད་དོ། །དོན་བཤད་ནི། གང་ཕྱིར་ཆུ་འཛིན་ཕྲེང་བ་ཡི། །བྱ་བ་གཅིག་ཉིད་གསལ་བྱེད་འདིར། །དུ་མའི་སྒྲ་ཡིས་ཉེར་བླངས་པ། །དེ་ཕྱིར་དོན་གཅིག་གསལ་བྱེད་དོ། །ཞེས་པ་སྟེ། གང་གི་ཕྱིར་ཆུ་འཛིན་ཕྲེང་བའི་བྱ་བ་གཅིག་ཉིད་གསལ་བར་བྱེད་པ་ལ་སྐབས་འདིར། ཕྲོགས། བཟུང་། ལེན་ཞེས་དུ་མའི་སྒྲ་ཡིས་ཉེ་བར་བླངས་པ་དེ་ཕྱིར་དོན་གཅིག་གི་གསལ་བྱེད་དོ། །ལྔ་པ་སྦྱར་བའི་གསལ་བྱེད་ལ། དཔེར་བརྗོད་ནི། དྲི་ཡི་བཞོན་པ་ཡིད་འོང་མཐོ། །སྔོ་སངས་ཏ་མ་ལ་ཡིད་འོད། །སྤྲིན་ནི་མཁའ་ལ་རྒྱུ་བྱེད་དེ། །གླང་ཆེན་འདི་དག་ས་ལའོ། །ཞེས་པ་སྟེ། དེ་ལ་འདིར་སྦྱར་གཞི་སྤྲིན་དང་གླང་པོ་གཉིས་ཏེ། བ་ཧའི་སྒྲ་བཞོན་པ་དང་ཐོབ་བྱེད་གཉིས་ཀ་ལ་འཇུག་པས་སྤྲིན་ལ་སྦྱར་སྐབས་དྲིའི་བཞོན་པ་རླུང་ཡིད་དུ་འོང་བ་དང་ལྡན་ཞེས་དང་། གླང་པོ་ཆང་གི་དྲི་ཐོབ་པ་ཡིད་གར་འོང་ཞེས་སྒྲ་སྦྱར། གཉིས་ཀ་དཔངས་མཐོ་ཞིང་ཁ་དོག་སྔོ་སངས་ཤ ིང་ཏ་མ་ལའི་འོད་དང་འདྲ་བ་དོན་སྦྱར། དེ་ལྟ་བུའི་སྤྲིན་ནི་ནམ་མཁའ་ལ་རྒྱུ་བར་བྱེད་དེ། གླང་ཆེན་འདི་དག་ནི་ས་གཞིའི་ངོས་ལའོ། །དོན་བཤད་ནི། འདི་ནི་ཆོས་རྣམས་ཐ་དད་མིན། །སྤྲིན་དང་གླང་པོ་རྣམས་དག་ཀྱང་། །རྒྱུ་བ་ཉིད་ཀྱིས་འབྲེལ་བའི་ཕྱིར། །སྦྱར་བའི་དོན་གྱི་གསལ་བྱེད་དོ། །ཞེས་པ་སྟེ། འདིར་ནི་ཁྱད་གཞི་གཉིས་ཀྱི་ཁྱད་ཆོས་རྣམས་ཐ་དད་མིན་པར་སྦྱར་ཞིང་སྤྲིན་དང་གླང་པོ་རྣམས་དག་ཀྱང་རྒྱུ་བ་ཉིད་ཀྱི་སྒྲས་གསལ་བྱེད་དུ་འབྲེལ་བའི་ཕྱིར་སྦྱར་བའི་དོན་གྱི་གསལ་བྱེད་དོ། །གསུམ་པ་མ་བཤད་པ་བསླབ་ཚུལ་ནི། རྣམ་པ་འདི་ཉིད་ཁོ་ན་ཡི། །གསལ་བྱེད་ལ་ནི་རྣམ་རྟོག་པ། །ལྷག་མ་རྣམ་ཀྱང་རྗེས་མཐུན་པར། །མཁས་པ་རྣམས་ཀྱིས་རྟོགས་པར་བྱ། །ཞེས་པ་སྟེ། གོང་དུ་བཤད་མ་ཐག་པའི་རྣམ་པ་འདི་ཉིད་ཁོ་ན་ཡིས་རྗེས་སུ་དཔགས་ཏེ་འདིར་མ་བརྗོད་པའི་གསལ་བྱེད་ཀྱི་རྒྱན་ལ་རྣམ་པར་རྟོག་པ་ལྷག་མ་རྣམས་
ཀྱང་སྔར་བཤད་པ་དེ་དག་གི་རྗེས་སུ་མཐུན་པར་མཁས་པ་རྣམས་ཀྱིས་རྟོགས་པར་བྱའོ། །ལྔ་པ་བསྐོར་བ་ཅན་གྱི་རྒྱན་ལ་གཉིས། མཚན་ཉིད་དང་། དཔེར་བརྗོད་དོ། །དང་པོ་ནི། གསལ་བྱེད་ཀྱི་ནི་གནས་ཉིད་དུ། །དོན་བསྐོར་དང་ནི་ཚིག་བསྐོར་དང་། །གཉིས་ཀ་བསྐོར་བ་ཞེས་པ་ཡི། །རྒྱན་གསུམ་པོ་དག་འདོད་དེ་དཔེར། །ཞེས་པ་སྟེ། གསལ་བྱེད་ཀྱི་གནས་ཐོག་མཐའ་བར་གསུམ་གང་རུང་ཉིད་དུ་དོན་བསྐོར་བ་དང་། ཚིག་བསྐོར་བ་དང་། ཚིག་དོན་གཉིས་ཀ་བསྐོར་བ་ཞེས་པའི་རྒྱན་གསུམ་པོ་འདི་དག་སྔོན་གྱི་མཁས་པ་རྣམས་ཀྱིས་འདོད་དེ། དཔེར་ན་ཞེས་སོ། །གཉིས་པ་ལ། དང་པོ་དོན་བསྐོར་ནི། ཀ་དམྦ་ནི་རྣམ་པར་རྒྱལ། །ཀུ་ཌ་ཛོདྒ་མ་རབ་གསལ། །ཀནྡ་ལྱ་ནི་རབ་ཏུ་བྱེ། །ཀ་ཀུ་བྷ་ཡང་གྱེས་པར་གྱུར། །ཞེས་པ་སྟེ། དེ་ལ་ཤིང་ཀ་དམ། ཀུ་ཊ་ཛོདྒ་མ། ཀནྡ་ལྱ། ཀ་ཀུ་བྷ་ཞེས་པ་བཞི་པོ། རྣམ་པར་རྒྱས། རབ་ཏུ་གསལ། རབ་ཏུ་བྱེ། གྱེས་པར་གྱུར་ཞེས་ཚིག་ཐ་དད་ཀྱང་དོན་རྒྱས་པ་གཅིག་པུ་བསྐོར་ཏེ་བརྗོད་པ་ལྟ་བུའོ། །གཉི་པ་ཚིག་བསྐོར་ནི། སྤྲིན་གྱི་འཕྲེང་བ་དག་གི་ནི། །རྨ་བྱའི་ཚོགས་རྣམས་འདོད་ལྡན་བྱེད། །ཆུ་སྲིན་རྒྱལ་མཚན་ཅན་གྱིས་དེང་། །ན་ཆུང་རྣམས་ཡིད་འདོད་ལྡན་བྱེད། །ཅེས་པ་སྟེ། ཆར་སྤྲིན་གྱི་འཕྲེང་བས་འཁྲིགས་པ་དག་གིས་ནི་རྨ་བྱའི་ཚོགས་རྣམས་དགའ་བས་འདོད་ལྡན་དུ་བྱེད་ལ། ཆུ་སྲིན་རྒྱལ་མཚན་ཅན་གྱིས་ནི་དེང་དུས་ན་ཆུང་རྣམས་ཀྱི་ཡིད་འདོད་ལྡན་དུ་བྱེད་ཅེས་སོ། །སྐབས་འདིར་འདོད་ལྡན་བྱེད་ཅེས་སྒྲ་བཟླས་པ་རྣམ་པ་གསལ་བར་བྱས་ནས་དེ་ལྟར་བསྒྱུར་བ་སྟེ། གཞན་རྒྱ་དཔེར། འདོད་ལྡན་བྱེད་གཉིས་ཀྱི་སྐད་དོད། ཨུརྐཎྛ་ཡ་ཏི་ཞེས་ཡོད་པས་ཚིག་བསྐོར་ལ། དོན་སྤྲིན་འཕྲེང་གི་རྨ་བྱ་སྒྲ་སྒྲོག་པ་དང་འདོད་ལྷས་ན་ཆུང་འདོད་ལྡན་དུ་བྱེད་པ་གཉིས་མི་གཅིག་པ་ལྟ་བུའོ། །གསུམ་པ་གཉིས་ཀ་བསྐོར་བ་ནི། ཀུན་ལས་རྒྱལ་ནས་དེ་རིང་ཁྱོད། །བཙུན་མོ་རྣམས་དང་བརྩེ་བར་བྱེད། །ཁྱོད་ཀྱི་དགྲ་སྡེ་མཐོ་རིས་སོང་། །ལྷ་མོ་རྣམས་དང་བརྩེ་བར་བྱེད། །ཅེས་པ་སྟེ། མི་མཐུན་ཕྱོགས་ཀུན་ལས་རྒྱལ་ནས་དེ་རིང་མིའི་བདག་པོ་ཁྱོད་ནི་བཙུན་མོ་རྣམས་དང་ལྷན་ཅིག་བརྩེ་བར་བྱེད་ལ། ཁྱོད་ཀྱི་དགྲ་སྡེ་རྣམས་གཡུལ་ངོར་ཤི་བས་མཐོ་རིས་སུ་
སོང་སྟེ་ལྷ་མོ་རྣམས་དང་བརྩེ་བར་བྱེད་དོ་ཞེས་དགྲ་ལས་རྒྱལ་བར་དོན་གཅིག་པས་དོན་བསྐོར་ལ། བརྩེ་བར་བྱེད་ཅེས་ཚིག་བསྐོར་བ་ལྟ་བུའོ། །དྲུག་པ་འགོག་པའི་རྒྱན་ལ་གསུམ། མཚན་ཉིད། དཔེར་བརྗོད། དོན་བསྡུ་བའོ། །དང་པོ་ནི། དགག་པ་བརྗོད་པ་འགོག་པ་སྟེ། །དུས་གསུམ་ལ་ལྟོས་རྣམ་པ་གསུམ། །དེ་ནས་དེ་ཡང་དགག་བྱ་ཡིས། །དབྱེ་བ་མཐའ་ཡས་ཕྱིར་མཐའ་ཡས། །ཞེས་པ་སྟེ། དགག་བྱའི་ཡུལ་འགྲོ་བ་ལྟ་བུ་གང་ཡང་རུང་བ་ལ། འགོག་བྱེད་ཀྱི་ཚིག་མ་འགྲོ་ཞེས་སོགས་བརྗོད་པའི་ཚུལ་ནི་འགོག་པ་སྟེ། དེའང་དུས་གསུམ་ལ་ལྟོས་ཏེ་བྱུང་བ། ད་ལྟར། མ་འོངས་འགོག་པ་སྟེ་རྣམ་པ་གསུམ་དང་། དེ་ནས་དེ་ཡང་ཕྱེ་ན་དགག་བྱའི་དབྱེ་བ་མཐའ་ཡས་པའི་ཕྱིར་འགོག་པ་ཡང་མཐའ་ཡས་སོ། །གཉིས་པ་ལ། དང་པོ་བྱུང་བ་འགོག་པ་ལས། དཔེར་བརྗོད་ནི། ལུས་མེད་ཀྱི་ནི་མེ་ཏོག་གི། མདའ་ལྔས་ཀུན་ལས་རྒྱལ་བར་གྱུར། །ཞེས་པ་མི་སྲིད་ཡང་ན་ནི། །དངོས་པོའི་ནུས་པ་རྣམ་པར་བཀྲ། །ཞེས་པ་སྟེ། ལུས་མེད་འདོད་ལྷ་ཁྱོད་ཀྱི་འཇམ་ཞིང་གྲངས་ཉུང་བའི་མེ་ཏོག་གི་མདའ་ལྔས་འགྲོ་བ་ཀུན་ལས་རྒྱལ་བར་གྱུར་ཅེས་པ་མི་སྲིད་དོ། །ཡང་ན་ནི་དངོས་པོའི་ནུས་པ་རྣམ་པར་བཀྲ་བ་སྟེ་བསམ་གྱིས་མི་ཁྱབ་པའི་ཕྱིར་དེ་འདྲ་སྲིད་དུའང་རུང་ངོ་། །དོན་བཤད་ནི། ཞེས་པ་འདི་ནི་རྒྱུ་སྟོབས་ཀྱིས། །ལུས་མེད་རྒྱལ་བར་མི་རིགས་བློ། །དེ་ལྟར་གྱུར་བཀག་དེ་ཡི་ཕྱིར། །འདི་འདྲ་དེ་ནི་བྱུང་བ་འགོག །ཅེས་པ་སྟེ། བརྗོད་མ་ཐག་པ་འདི་ནི་དངོས་པོའི་ནུས་པ་རྣམ་པར་བཀྲ་བའི་རྒྱུ་སྟོབས་ཀྱིས་ལུས་མེད་རྒྱལ་བར་མི་རིགས་པའི་བློ་སྔར་དེ་ལྟར་གྱུར་པ་བཀག་པ་སྟེ། རྒྱུ་མཚན་དེའི་ཕྱིར་ཚུལ་འདི་འདྲ་བ་དེ་ནི་འབྱུང་བ་འགོག་པའི་རྒྱན་ནོ། །གཉིས་པ་མངོན་གྱུར་འགོག་པ་ལ་དཔེར་བརྗོད་ནི། སྙན་སྒྲོག་མ་དག་ཅི་ཡི་ཕྱིར། །རྣ་བ་ལ་ནི་ཨུཏྤལ་འཇུག །ལས་འདི་ལ་ནི་མིག་ཟུར་དག །ཡོངས་རྫོགས་མིན་པར་སེམས་སམ་ཅི། །ཞེས་པ་སྟེ། ཀྱཻ་སྙན་པར་སྒྲོག་མ་དག་ཅེས་བོས་ནས། ཅིའི་ཕྱིར་རྣ་བ་ལ་ཨུཏྤལ་འཇུག་པར་བྱེད་དེ། ཨུཏྤལ་གྱི་ལས་འདི་ལ་ནི་ཁྱོད་ཀྱི་མིག་ཟུར་དག་ལ་ཡོངས་སུ་རྫོགས་ན་དེ་ལྟར་མ་ཡིན་པར་སེམས་སམ་ཅི་ཞེས་སོ། །
དོན་བཤད་ནི། འགའ་ཞིག་དཀར་མིན་ཨུཏྤལ་ལ། །རྣ་བར་བྱེད་ལ་མཛའ་བོ་ཡིས། །དེ་ལྟར་བསྟོད་པས་འགོག་བྱེད་པ། །འདི་ནི་མངོན་གྱུར་འགོག་པའོ། །ཞེས་པ་སྟེ། མཛེས་མ་འགའ་ཞིག་དཀར་མིན་ཨུཏྤལ་རྣ་བའི་རྒྱན་དུ་བྱེད་བཞིན་པ་ལ། མཛའ་བོས་དེ་ལྟར་མིག་ཟུར་ལ་བསྟོད་པའི་སྒོ་ནས་འགོག་པར་བྱེད་པ་འདི་ནི་མངོན་གྱུར་འགོག་པའོ། །གསུམ་པ་འབྱུང་འགྱུར་འགོག་པ་ལ། དཔེར་བརྗོད་ནི། ཇོ་བོ་བདེན་པར་སྨྲའོ་བདག །གཞན་དང་ཙུམྦ་ནས་འཕོས་པའི། །རྒྱ་སྐྱེགས་ཀྱིས་དམར་མིག་གིས་ནི། །ནམ་ཡང་མཐོང་བར་འགྱུར་མ་ལགས། །ཞེས་པ་སྟེ། ཇོ་བོ་ཞེས་བོས་ནས། བདག་ནི་བདེན་པར་སྨྲའོ། །ཇི་ལྟར་སྨྲ་ན། ཁྱོད་བུད་མེད་གཞན་དང་ཙུམྦ་ན་སྟེ་ཁ་སྤྲད་པ་ལས་འཕོས་པའི་རྒྱ་སྐྱེགས་ཀྱིས་བྱུགས་པ་ལྟར་དམར་བའི་མིག་གིས་ནི་ནམ་ཡང་བདག་མཐོང་བར་འགྱུར་བ་མ་ལགས་ཏེ། དེ་ལྟ་བུ་ཁོ་མོས་མི་བཟོད་པས་དེ་མ་ཐག་ཚེའི་དུས་བྱེད་པས་སོ། །དོན་བཤད་ནི། སྔར་ཉིད་ཤིན་ཏུ་ཁེངས་ལྡན་མས། །ནམ་ཞིག་འདི་ཡི་གནོད་པ་དག །འབྱུང་བ་དེ་ལྟར་འགོག་བྱེད་པ། །འདི་ནི་འབྱུང་འགྱུར་འགོག་པའོ། །ཞེས་པ་སྟེ། སྔར་ཉིད་ཤིན་ཏུ་ཁེངས་པ་དང་ལྡན་པའི་དགའ་མས་ནམ་ཞིག་རང་གི་མཛའ་བོ་འདི་བུད་མེད་གཞན་དང་འགྲོགས་པའི་གནོད་པ་དག་འབྱུང་བར་འགྱུར་དུ་དོགས་པ་ལ། ཚུལ་དེ་ལྟར་རང་གི་གནས་སྐབས་གསལ་བའི་སྒོ་ནས་འགོག་པར་བྱེད་པ་འདི་ནི་འབྱུང་འགྱུར་འགོག་པའོ། །བཞི་པ་ཆོས་འགོག་པ་ལ། དཔེར་བརྗོད་ནི། ལུས་ཕྲ་ཁྱོད་ཀྱི་ཡན་ལག་རྣམས། །འཇམ་པ་ཉིད་དུ་གནས་པ་རྫུན། །གལ་ཏེ་བདེན་པར་འཇམ་པ་ན། །གློ་བུར་དུ་བདག་ཅི་ལ་གདུང་། །ཞེས་པ་སྟེ། ལུས་ཕྲ་མ་ཁྱོད་ཀྱི་ཡན་ལག་རྣམས་འཇམ་པ་ཉིད་དུ་གནས་སོ་ཞེས་པ་ནི་རྫུན་ཏེ། གལ་ཏེ་བདེན་པར་འཇམ་པ་ཡིན་ན་གློ་བུར་དུ་བདག་འདོད་མྱོས་ཀྱི་ཚོར་བ་རྩུབ་མོས་ཅི་ལ་གདུང་སྟེ་གདུང་མི་རིགས་སོ། །དོན་བཤད་ནི། གང་ཕྱིར་དེ་ལྟར་འདོད་ལྡན་གྱིས། །དེ་དང་འགལ་བའི་ཆོས་ཀྱིས་འདིར། །བུད་མེད་ལུས་ནི་འཇམ་པ་དག །འགོག་པ་འདི་ནི་ཆོས་འགོག་པའོ། །ཞེས་པ་སྟེ། གང་གི་ཕྱིར་ཚུལ་དེ་ལྟར་འདོད་ལྡན་གྱིས་འཇམ་པ་དེ་དང་འགལ་བའི་ཆོས་གདུང་བ་བསྐྱེད་
ཚུལ་གྱིས་སྐབས་འདིར་བུད་མེད་ཀྱི་ལུས་འཇམ་པ་དག་འགོག་པར་བྱེད་པ་འདི་ནི་ཆོས་འགོག་པའོ། །ལྔ་པ་ཆོས་ཅན་འགོག་པ་ལ། དཔེར་བརྗོད་ནི། དེ་ནི་མཛེས་སམ་མ་ཡིན་ཞེས། །རྣམ་རིག་འདི་ནི་ཅི་ལས་སྐྱེས། །དེར་ནི་འོད་ཙམ་གཡོ་བ་ཉིད། །མཐོང་བར་གྱུར་གྱི་རྟེན་མ་ཡིན། །ཞེས་པ་སྟེ། འདོད་ལྡན་ཀུན་ཡིད་འཕྲོག་པའི་ན་ཆུང་དེ་ནི་མཛེས་སམ་མཛེས་པ་མ་ཡིན་ཞེས་པའི་རྣམ་རིག་འདི་ནི་རྒྱུ་ཅི་ལས་སྐྱེས་ཏེ། དེར་ནི་འོད་ཙམ་གཡོ་བ་ཉིད་མཐོང་བར་གྱུར་གྱི་རྟེན་དངོས་ནི་མ་ཡིན་ནོ། །དོན་བཤད་ནི། གང་ཕྱིར་གཟུགས་ཅན་མ་ངོ་མཚར། །བརྗོད་པར་འདོད་པས་འོད་ཅེས་པའི། །ཆོས་འདི་ཁས་བླངས་ཆོས་ཅན་དག །འགོག་འདི་ཆོས་ཅན་འགོག་པའོ། །ཞེས་པ་སྟེ། གང་ཕྱིར་གཟུགས་ཅན་མ་དེའི་ངོ་མཚར་བརྗོད་པར་འདོད་པས་དེ་གནས་པའི་སར་འོད་ཙམ་གཡོ་ཞེས་པའི་ཆོས་འདི་ཁས་བླངས་ནས། ཆོས་ཅན་གཟུགས་ཅན་མ་དངོས་མ་མཐོང་བའི་ཚུལ་དག་བརྗོད་པས་འགོག་པའི་ཆོས་ཅན་འགོག་པའོ། །དྲུག་པ་རྒྱུ་འགོག་པ་ལ། དཔེར་བརྗོད་ནི། ཁྱོད་ཀྱི་མིག་དག་དམར་གྱུར་ཅིང་། །མཆུ་ཡི་ཡལ་འདབ་གཡོ་བ་དང་། །སྨིན་མ་འཁྱོག་སྟེ་དེ་ལྟ་ནའང་། །ཉེས་པ་མེད་པས་བདག་མི་འཇིགས། །ཞེས་པ་སྟེ། མཛའ་མོ་ཁྱོད་ཀྱི་མིག་དག་དམར་པོར་གྱུར་ཅིང་། མཆུའི་ཡལ་འདབ་འདར་ཞིང་གཡོ་བ་དང་། སྨིན་མ་འཁྱོག་པ་ལ་སོགས་པ་བྱེད་དེ། ཁྲོ་བའི་རྣམ་འགྱུར་གསལ་བ་དེ་ལྟ་ནའང་ཉེས་པ་མེད་པས་བདག་མི་འཇིགས་སོ། །དོན་བཤད་ནི། གང་ཕྱིར་མཛའ་བོ་མཁས་པ་ཡིས། །འཇིགས་པ་ཡི་ནི་རྒྱུ་ཡི་གཙོ། །རང་གི་ཉེས་པ་འགོག་བྱེད་པ། །འདི་དག་འདིར་ནི་རྒྱུ་འགོག་པའོ། །ཞེས་པ་སྟེ། གང་ཕྱིར་མཛའ་བོ་སྐྱོན་སྤོང་བ་ལ་མཁས་པས་མཛེས་མ་ཁྲོ་བའི་རྣམ་འགྱུར་ཤེས་ནས་འཇིགས་པ་འབྱུང་བའི་རྒྱུའི་གཙོ་བོ་རང་གི་ཉེས་པ་འགོག་པར་བྱེད་པ་འདི་དག་སྐབས་འདིར་རྒྱུ་འགོག་པ་ཞེས་བྱའོ། །བདུན་པ་འབྲས་བུ་འགོག་པ་ལ། དཔེར་བརྗོད་ནི། མཛའ་བོ་དག་ནི་རིང་ན་གནས། །ཆུ་འཛིན་བགྲོད་ལྡན་འདི་ནི་འོངས། །ནི་ཙུ་ལ་ཡང་རྒྱས་པར་མཐོང་། །བདག་ཤི་མིན་པ་འདི་ཅི་ག །ཞེས་པ་སྟེ། མཛའ་བོ་དག་ནི་ཡུལ་ཐག་རིང་པོ་ན་གནས་པ་དང་། ཆུ་འཛིན་གྱི་
འཕྲེང་བ་བགྲོད་ལྡན་ལང་ལོང་དུ་གཡོ་བ་ཅན་འདི་ནི་འོང་པ་དང་། ཤིང་ནི་ཙུ་ལ་ཡང་རྒྱས་པ་སྟེ་འབྲས་བུ་ཆགས་པས་ནོན་ནས་འཆི་བའི་རྒྱུ་མི་ཉུང་ཙམ་ཞིག་མཐོང་ཡང་ད་དུང་བདག་ཤི་བ་མིན་པ་འདི་ཅི་ག་ཞེས་སོ། །དོན་བཤད་ནི། དེ་རྒྱུ་ཆུ་འཛིན་བགྲོད་པ་སོགས། །མི་བཟད་པ་དག་ཉེར་བཀོད་ནས། །འབྲས་བུ་འཆི་བ་བཟློག་པའི་ཕྱིར། །དེ་ནི་འབྲས་བུ་འགོག་པའོ། །ཞེས་པ་ཏེ། འཆི་བ་དེའི་རྒྱུ་ཆུ་འཛིན་བགྲོད་པ་ལ་སོགས་པ་མི་བཟད་པ་ཤིན་ཏུ་བཟོད་དཀའ་བ་དག་ཉེ་བར་བཀོད་ནས་འབྲས་བུ་འཆི་བ་བཟློག་སྟེ་བརྗོད་པའི་ཕྱིར་དེ་ནི་འབྲས་བུ་འགོག་པའོ། །བརྒྱད་པ་རྗེས་གནང་འགོག་པ་ལ། དཔེར་བརྗོད་ནི། གལ་ཏེ་གཤེགས་ན་གཤེགས་པར་མཛོད། ཁྱོད་ཀྱི་བགྲོད་པས་བདག་ལ་ནི། །གདུང་བ་ཡུན་རིང་འབྱུང་མི་འགྱུར། །འདི་ལ་ཁྱོད་ནི་དོགས་མི་འཚལ། །ཞེས་པ་སྟེ། མཛའ་བོ་ཁྱོད་གལ་ཏེ་ཡུལ་གཞན་དུ་གཤེགས་ན་གཤེགས་པར་མཛོད་ཅིག །ཁྱོད་ཀྱི་བགྲོད་པས་བདག་ལ་གདུང་བ་ཡུན་རིང་འབྱུང་བར་མི་འགྱུར་ཏེ་བྲལ་མ་ཐག་འཆི་བས་འདི་ལ་ཁྱོད་ནི་ཐེ་ཚོམ་མེད་ཀྱི་དོགས་པ་མཛད་མི་འཚལ་ལོ། །དོན་བཤད་ནི། ཞེས་པ་འཆི་བ་གསལ་བྱེད་པས། །རྗེས་གནང་ཉིད་ཀྱི་སྒོ་ནས་ནི། །མཛའ་བོའི་བགྲོད་པ་འགོག་བྱེད་པ། །དེ་ནི་རྗེས་གནང་འགོག་པའོ། །ཞེས་པ་སྟེ། རང་གི་གནས་སྐབས་འཆི་བ་གསལ་བར་བྱེད་པས་མཛའ་བོ་ལ་རྗེས་སུ་གནང་བ་ལྟར་བྱེད་པ་ཉིད་ཀྱི་སྒོ་ནས་མཛའ་བོའི་བགྲོད་པ་འགོག་པར་བྱེད་པ་དེ་ནི་རྗེས་གནང་འགོག་པའོ། །དགུ་པ་དབང་གིས་འགོག་པ་ལ། དཔེར་བརྗོད་ནི། ནོར་ནི་མང་པོ་རྙེད་གྱུར་ཞིང་། །ལམ་དུ་ཡང་ནི་བདེ་ཞིང་དགེ། བདག་སྲོག་ལ་ཡང་ཐེ་ཚོམ་མེད། །འོན་ཀྱང་མཛའ་བོ་འགྲོ་མི་བྱ། །ཞེས་པ་སྟེ། བྱེས་སུ་ཕྱིན་ན་ནོར་ནི་མང་པོ་རྙེད་པར་གྱུར་ཞིང་། ལམ་དུ་ཡང་ནི་བགྲོད་བདེ་ཞིང་དགེ་ལ། བདག་གི་སྲོག་ལ་ཡང་སྐྱོན་མི་འབྱུང་བར་ཐེ་ཚོམ་མེད་མོད། འོན་ཀྱང་མཛའ་བོ་ཁྱོད་ཡུལ་གཞན་དུ་འགྲོ་བར་མི་བྱའོ། །དོན་བཤད་ནི། མཛའ་བོ་འགྲོ་བར་སྦྱོར་བ་ཡིས། །རྒྱུ་རྣམས་དག་ནི་རབ་བཤད་ནས། །དབང་ཉིད་ཀྱིས་ནི་དེ་འགོག་པ། །འདི་འདྲ་དབང་གིས་འགོག་པའོ། །ཞེས་པ་སྟེ། མཛའ་བོ་ཡུལ་གཞན་དུ་འགྲོ་བར་སྦྱོར་བའི་རྒྱུ་རྣམས་
དག་ནི་རབ་ཏུ་བཤད་ནས་དབང་ཆེ་བ་ཉིད་ཀྱིས་དེ་ལྟར་མཛའ་བོའི་བགྲོད་པ་འགོག་པར་བྱེད་པ་འདི་འདྲ་བ་དེ་ནི་དབང་གིས་འགོག་པའོ། །བཅུ་པ་མ་གུས་པས་འགོག་པ་ལ། དཔེར་བརྗོད་ནི། བདག་ནི་བསོན་རེ་སྟོབས་དང་ལྡན། །ནོར་གྱི་བསམ་པ་སྟོབས་ལྡན་མིན། །མཛའ་བོ་གཤེགས་སམ་བཞུགས་ལགས་སམ། །རང་གི་གནས་སྐབས་སྨོས་པ་ལགས། །ཞེས་པ་སྟེ། བདག་ནི་གསོན་དུ་རེ་བའི་བསམ་པ་སྟོབས་དང་ལྡན་ལ་ནོར་སྒྲུབ་འདོད་ཀྱི་བསམ་པ་སྟོབས་དང་ལྡན་པ་མིན་མོད། མཛའ་བོ་ཁྱོད་ཡུལ་གཞན་དུ་ནོར་སྒྲུབ་པའི་ཕྱིར་གཤེགས་སམ་འདི་ཉིད་དུ་བཞུགས་ལགས་སམ་ཇི་ལྟར་མཛད་ཤེས་མོད་ཀྱི། བདག་གིས་ནི་རང་གི་གནས་སྐབས་ཙམ་སྨོས་པ་ལགས་སོ། །དོན་བཤད་ནི། གང་ཕྱིར་འདིར་ནི་ཆགས་ལྡན་མས། །མ་གུས་བཞིན་དུ་ཚོགས་སྦྱར་ནས། །མཛའ་བོའི་བགྲོད་པ་འགོག་བྱེད་པ། །འདི་ནི་མ་གུས་འགོག་པའོ། །ཞེས་པ་སྟེ། གང་གི་ཕྱིར་སྐབས་འདིར་ཆགས་ལྡན་མས་མ་གུས་པ་བཞིན་དུ་བྱས་པའི་ཚིག་སྦྱར་ནས་མཛའ་བོའི་བགྲོད་པ་འགོག་པར་བྱེད་པ་འདི་ནི་མ་གུས་པས་འགོག་པའོ། །བཅུ་གཅིག་པ་ཤིས་བརྗོད་ཀྱིས་འགོག་པ་ལ། དཔེར་བརྗོད་ནི། མཛའ་བོ་གལ་ཏེ་གཤེགས་ན་བཞུད། །ཁྱོད་ཀྱི་ལམ་ནི་ཤིས་གྱུར་ཅིག །གང་དུ་ཁྱོད་ནི་གཤེགས་པ་དེར། །བདག་ཀྱང་སྐྱེ་བ་ཉིད་གྱུར་ཅིག །ཅེས་པ་སྟེ། མཛའ་བོ་ཁྱོད་གལ་ཏེ་ཡུལ་གཞན་དུ་གཤེགས་ན་ཅི་བདེར་བཞུད་ཅིག །ཁྱོད་ཀྱི་ལམ་དེ་ཡང་ཤིས་པར་གྱུར་ཅིགགང་དུ་ཁྱོད་གཤེགས་པ་དེར་བདག་ཀྱང་སྐྱེ་བ་ཉིད་དུ་གྱུར་ཅིག །དོན་བཤད་ནི། དེ་ལྟར་ཤིས་བརྗོད་ལམ་གྱི་གང་། །རང་གི་གནས་སྐབས་གསལ་བྱེད་པས། །མཛའ་བོའི་བགྲོད་པ་འགོག་བྱེད་པ། །འདི་ནི་ཤིས་བརྗོད་ཀྱིས་འགོག་པའོ། །ཞེས་པ་སྟེ། ཚུལ་དེ་ལྟར་ཤིས་པ་བརྗོད་པའི་ལམ་སྲོལ་གྱིས་གང་དུ་རང་གི་གནས་སྐབས་གསལ་བར་བྱེད་པས་མཛའ་བོའི་བགྲོད་པ་འགོག་པར་བྱེད་པ་འདི་ནི་ཤིས་བརྗོད་ཀྱི་འགོག་པའོ། །བཅུ་གཉིས་པ་རྩུབ་མོས་འགོག་པ་ལ། དཔེར་བརྗོད་ནི། གལ་ཏེ་ཁྱོད་འགྲོ་བདེན་ཉིད་ན། །ཁྱོད་ཀྱིས་གཞན་པ་འགའ་ཞིག་ཚོལ། །བདག་ནི་གླགས་འཚོལ་འཆི་བ་ཡིས། །དེ་རིང་ཉིད་དུ་འགོག་པར་གྱུར། །
ཞེས་པ་སྟེ། གལ་ཏེ་མཛའ་བོ་ཁྱོད་ཡུལ་གཞན་དུ་འགྲོ་བ་བདེན་པ་ཉིད་ཡིན་ན་ཁྱོད་ཀྱིས་དགའ་མ་གཞན་པ་འགའ་ཞིག་ཚོལ་བར་རིགས་ཏེ། བདག་ནི་ཁྱོད་དང་བྲལ་བས་གླགས་འཚོལ་བའི་འཆི་བས་དེ་རིང་ཉིད་དུ་འཚོ་བ་འགོག་པར་འགྱུར་རོ། །དོན་བཤད་ནི། གང་ཕྱིར་མཛའ་བའི་དབང་གྱུར་མས། །མཛའ་བོའི་བགྲོད་པ་འགོག་བྱེད་པ། །ཚིག་རྩུབ་ཡི་གེ་སྔོན་འགྲོ་ཅན། །དེ་ནི་རྩུབ་མོས་འགོག་པའོ། །ཞེས་པ་སྟེ། གང་གི་ཕྱིར་མཛའ་བ་བརྟན་པོའི་དབང་དུ་གྱུར་པའི་དགའ་མས་མཛའ་བོའི་བགྲོད་པ་འགོག་པར་བྱེད་པའི་ཚུལ་ཚིག་རྩུབ་མོའི་ཡི་གེ་སྔོན་དུ་འགྲོ་བ་ཅན་དེ་ནི་རྩུབ་མོས་འགོག་པའོ། །བཅུ་གསུམ་པ་གྲོགས་ཀྱིས་འགོག་པ་ལ། དཔེར་བརྗོད་ནི། གལ་ཏེ་གཤེགས་ན་མྱུར་དུ་བཞུད། །ཕྱི་ནས་གཉེན་འདུན་འཁྲུགས་པའི་ཁས། །བསྒྲགས་པའི་ཆོ་ངེས་འགྲོ་བ་ཡི། །གེགས་གྱུར་ཁྱོད་ཀྱི་རྣ་བར་འོང་། །ཞེས་པ་སྟེ། གལ་ཏེ་མཛའ་བོ་ཡུལ་གཞན་དུ་གཤེགས་ན་མྱུར་དུ་བཞུད་ཅིག་ཕྱི་ནས་ཁོ་མོ་ཤི་བས་གཉེན་འདུན་རྣམས་འཁྲུགས་པའི་ཁས་བསྒྲགས་པའི་ཆོ་ངེས་འགྲོ་བའི་གེགས་སུ་གྱུར་པ་དག་ཁྱོད་ཀྱི་རྣ་བར་འོང་ངོ་། །དོན་བཤད་ནི། གང་ཕྱིར་འདིར་ནི་མཐའ་གཅིག་ཏུ། །ཆགས་མས་གྲོགས་ཉིད་བྱེད་པ་ཡིས། །མཛའ་བའི་བགྲོད་པ་འགོག་པ་འདི། །གྲོགས་ཉིད་ཀྱིས་ཀྱི་འགོག་པའོ། །ཞེས་པ་སྟེ། གང་གི་ཕྱིར་སྐབས་འདིར་མཐའ་གཅིག་ཏུ་ཆགས་ལྡན་མས་འགྲོ་བ་ལ་གྲོགས་ཉིད་བྱེད་པ་ལྟ་བུ་ཡིས་མཛའ་བོའི་བགྲོད་པ་འགོག་པ་འདི་ནི་གྲོགས་ཉིད་ཀྱིས་འགོག་པ་ཞེས་བྱའོ། །བཅུ་བཞི་པ་འབད་པས་འགོག་པ་ལ། དཔེར་བརྗོད་ནི། བཞུད་ཅེས་ཁྱོད་དགྱེས་བརྗོད་འདོད་ཀྱང་། །བདག་ཉིད་དགའ་བར་བྱེད་པའི་ཚིག །མ་གཤེགས་ཞེས་པ་ཁ་ནས་ནི། །བྱུང་བར་གྱུར་ལ་བདག་ཅི་བྱེད། །ཅེས་པ་སྟེ། མཛའ་བོ་ཁྱོད་ཅི་བདེར་བཞུད་ཅེས་ཁྱོད་དགྱེས་པའི་ཚིག་བརྗོད་པར་འདོད་ཀྱང་བདག་ཉིད་དགའ་བར་བྱེད་པའི་ཚིག་མ་གཤེགས་ཤིག་ཅེས་པ་ཁ་ནས་རང་དབང་མེད་པར་བྱུང་བར་གྱུར་པ་ལ་བདག་ཅི་ཞིག་བྱེད་ཅེས་སོ། །དོན་བཤད་ནི། མི་འདོད་དངོས་ལ་འབད་བྱས་པས། །འབྲས་བུ་ཕྱིན་ཅི་ལོག་སྐྱེད་པའི། །དོན་མེད་ཉེ་བར་བསྟན་པའི་ཕྱིར། །དེ་ནི་འབད་པས་
འགོག་པའོ། །ཞེས་པ་སྟེ། མི་འདོད་པའི་དངོས་པོ་མཛའ་བོ་འགྲོ་བར་སྦྱོར་བ་ལ་འབད་པར་བྱས་པས་འབྲས་བུ་ཕྱིན་ཅི་ལོག་འགྲོ་བ། འགོག་པ་བསྐྱེད་པའི་རྒྱུ་མཚན་གྱིས་འབད་པ་དོན་མེད་དུ་ཉེ་བར་བསྟན་པའི་ཕྱིར་དེ་ནི་འབད་པས་འགོག་པ་ཞེས་བྱའོ། །བཅོ་ལྔ་པ་གཞན་དབང་གིས་འགོག་པ་ལ། དཔེར་བརྗོད་ནི། སྐད་ཅིག་ལྟ་ལ་གེགས་བྱེད་པའི། །རྫི་མ་བསྐྱོད་པ་ལ་ཁྲོ་བ། །ཁྱོད་ཀྱིས་མཛའ་ལ་འགྲོ་བ་སྨོས། །བདག་ནི་དེ་ཡི་འདོད་པ་འདོད། །ཅེས་པ་སྟེ། སྐད་ཅིག་ཙམ་ལྟ་བ་ལ་གེགས་བྱེད་པའི་རྫི་མ་བསྐྱོད་ཅིང་གཡོ་བ་ལ་ཡང་ཁྲོ་བའི་བསམ་པ་སྟོབས་ལྡན་འདི་ལ་ཁྱོད་ཀྱིས་ཡུལ་གཞན་དུ་འགྲོ་བའི་ཚུལ་སྨྲོས་ཤིག །བདག་ནི་དེ་ཡི་འདོད་པ་དང་མཐུན་པར་འདོད་དོ། །དོན་བཤད་ནི། གང་ཕྱིར་མཛའ་བའི་གཞན་དབང་མས། །དོན་འདི་ཉེ་བར་གསལ་བྱས་ནས། །མཛའ་བོའི་བགྲོད་པ་འགོག་བྱེད་པ། །འདི་ནི་གཞན་དབང་འགོག་པའོ། །ཞེས་པ་སྟེ། གང་ཕྱིར་མཛའ་བའི་གཞན་དབང་དུ་གྱུར་པའི་དགའ་མས་དོན་འདི་ཉེ་བར་གསལ་བར་བྱས་ནས་མཛའ་བོའི་འགྲོད་པ་འགོག་པར་བྱེད་པའི་ཚུལ་འདི་ནི་གཞན་དབང་གིས་འགོག་པའོ། །བཅུ་དྲུག་པ་ཐབས་ཀྱིས་འགོག་པ་ལ། དཔེར་བརྗོད་ནི། མགོན་པོ་བྲལ་བ་བཟོད་པར་བགྱི། །གང་གིས་མིག་བསྒོས་བདག་ལ་ནི། །འདོད་པས་བསྣུན་དུ་མི་མཐོང་བའི། །མཐོང་མིན་མིག་སྨན་བདག་ལ་སྩོལ། །ཅེས་པ་སྟེ། མགོན་པོ་ཞེས་མཛའ་བོ་ལ་བོས་ནས་ཁྱོད་དང་བྲལ་བའི་གདུང་བ་བཟོད་པར་བགྱི་མོད། འོན་ཀྱང་གང་གིས་མིག་ལ་བསྒོས་པ་ཙམ་གྱིས་བདག་ལ་འདོད་པའི་ལྷའི་མདའ་ལྔས་བསྣུན་པའི་ཡུལ་དུ་མི་མཐོང་བའི་མཐོང་བྱ་མིན་པའི་མིག་སྨན་སྔོན་མེད་པ་ཞིག་བདག་ལ་སྩོལ་བར་མཛོད་ཅིག་པའོ། །དོན་བཤད་ནི། འཚོ་བའི་ཐབས་ནི་དཀའ་བ་དག །ཉེ་བར་བཀོད་ནས་བདག་པོ་ནི། །འགྲོ་བ་འགོག་པར་བྱེད་པའི་ཕྱིར། །འདི་འདྲ་ཐབས་ཀྱིས་འགོག་པར་བརྗོད། །ཅེས་པ་སྟེ། འཚོ་བའི་ཐབས་རྙེད་པར་དཀའ་བ་དག་ཉེ་བར་བཀོད་ནས་བདག་པོ་བྱེས་སུ་འགྲོ་བ་འགོག་པར་བྱེད་པའི་ཕྱིར་འདི་འདྲ་བ་ནི་ཐབས་ཀྱིས་འགོག་པ་ཞེས་བྱ་བར་བརྗོད་དོ། །བཅུ་བདུན་པ་ཁྲོ་བས་འགོག་པ་ལ། དཔེར་བརྗོད་ནི། ཇོ་བོ་ཁྱོད་ཀྱི་ཞལ་
ནས་ཚིག །བདག་འགྲོ་ཞེས་པ་ངེས་པར་བྱུང་། །འཛའ་བ་དམན་པ་ཁྱོད་ཀྱིས་ད། །མ་ཕྱིན་ན་ཡང་བདག་ལ་ཅི། །ཞེས་པ་སྟེ། ཇོ་བོ་ཞེས་བོས་ནས། ཁྱོད་ཀྱི་ཞལ་ནས་བརྗོད་མི་རུང་བའི་ཚིག་བདག་འགྲོ་ཞེས་པ་ངེས་པར་བྱུང་ཟིན་མོད། རྒྱུ་མཚན་དེ་ཕྱིར་མཛའ་བ་དམན་པ་ཁྱོད་ཀྱིས་ད་ནི་མ་ཕྱིན་ན་ཡང་བདག་ལ་ཅི་ཞིག་བྱ་སྟེ་ཁྱད་པར་མེད་དོ། །དོན་བཤད་ནི། མཛའ་བ་རྒྱས་པས་མ་བསྡམས་པའི། །བདག་ཉིད་ཁྲོ་བས་མཛའ་བོ་ཡི། །འགྲོ་བ་རྩོམ་པ་བཟློག་པ་གང་། །དེ་ནི་ཁྲོ་བས་འགོག་པའོ། །ཞེས་པ་སྟེ། མཛའ་བ་རྒྱས་པའི་སྙིང་ཉེ་བས་མ་བསྡམས་པའི་མཛེས་མས་བདག་ཉིད་ཁྲོ་བའི་ཚིག་སྦྱར་བས་མཛའ་བོའི་འགྲོ་བ་རྩོམ་པ་བཟློག་སྟེ་འགོག་པ་གང་ཡིན་པ་དེ་ནི་ཁྲོ་བས་འགོག་པའོ། །བཅོ་བརྒྱད་པ་མྱ་ངན་གྱིས་འགོག་པ་ལ། དཔེར་བརྗོད་ནི། མ་སྣོམ་བུ་མོའི་རྣ་བ་ལ། །མ་བྱས་ཆང་ལ་མ་བཏབ་པར། །ཁྱོད་ཀྱི་དགྲ་ཡི་རྫིང་ཉིད་དུ། །ཨུཏྤལ་སྔོན་པོ་ཟེགས་པར་གྱུར། །ཞེས་པ་སྟེ། དྲི་ཞིམ་མ་སྣོམ་པ་དང་། བུ་མོའི་རྣ་བ་ལ་རྒྱན་དུ་མ་བྱས་པ་དང་། ཆང་ལ་ཡང་མ་བཏབ་པར་ཁྱོད་ཀྱི་དགྲའི་རྫིང་ཉིད་དུ་ཨུཏྤལ་སྔོན་པོའི་མེ་ཏོག་རྣམས་ཟེགས་པར་གྱུར་ཏོ། །དོན་བཤད་ནི། མྱ་ངན་བཅས་ཤིང་ཨུཏྤལ་ལ། །དེ་འོས་ལས་ནི་བཟློག་བྱས་ནས། །མྱ་ངན་འོས་པའི་སྐབས་སྟོན་ཕྱིར། །འདི་ནི་མྱ་ངན་གྱིས་འགོག་པའོ། །ཞེས་པ་སྟེ། ཨུཏྤལ་གྱི་ཡུལ་ལ་མྱ་ངན་དང་བཅས་ཤིང་དེའི་འོས་པའི་བྱ་བ་ལས་བཟློག་པར་བྱས་ནས་མྱ་ངན་འོས་པའི་གནས་སྐབས་སྟོན་པའི་ཕྱིར་ཚུལ་འདི་ནི་མྱ་ངན་གྱིས་འགོག་པའོ། །བཅུ་དགུ་པ་འགྱོད་པས་འགོག་པ་ལ། དཔེར་བརྗོད་ནི། དོན་ནི་འགའ་ཡང་ཚོགས་མ་བྱས། །རིག་པ་འགའ་ཡང་མ་བསྒྲུབས་ཤིང་། །དཀའ་ཐུབ་འགའ་ཡང་མ་བསགས་པར། །ན་ཚོད་མཐའ་དག་སོང་བར་གྱུར། །ཞེས་པ་སྟེ། རང་གཞན་གྱི་དོན་ནི་འགའ་ཡང་ཚོགས་པར་མ་བྱས་ལ། ཕྱི་ནང་གི་རིག་པ་འགའ་ཡང་མ་བསྒྲུབས་ཤིང་། དཀའ་ཐུབ་ཏུ་གྱུར་པ་འགའ་ཡང་མ་བསགས་པའི་ངང་དེར་ན་ཚོད་མཐའ་དག་སོང་བར་གྱུར་ཏོ། །དོན་བཤད་ནི། གང་ཕྱིར་འདིར་ནི་ཚེ་སོང་བས། །དོན་སྒྲུབ་ལ་སོགས་འགོག་པ་ནི། །འགྱོད་པ་གཙོ་བོར་སྟོན་བྱེད་པ། །འདི་ནི་འགྱོད་པས་འགོག་པའོ། །
ཞེས་པ་སྟེ། གང་གི་ཕྱིར་འདིར་ནི་ཚེ་སྟོང་ཟད་དུ་སོང་བས་དོན་སྒྲུབ་པ་ལ་སོགས་པའི་བྱ་བ་རྣམས་འགོག་པ་ནི་འགྱོད་པ་གཙོ་བོར་སྟོན་པར་བྱེད་པ་དེའི་ཕྱིར་འདི་ནི་འགྱོད་པས་འགོག་པའོ། །ཉི་ཤུ་པ་ཐེ་ཚོམ་གྱིས་འགོག་པ་ལ། དཔེར་བརྗོད་ནི། ཅི་འདི་སྟོན་གྱི་ཆུ་འཛིན་ནམ། །ཡང་ན་ངང་པའི་ཚོགས་སམ་ཅི། །སྒྲ་ནི་རྐང་གདུབ་ཀྱི་འདྲ་བ། །ཐོས་པ་དེ་ནི་ཆུ་འཛིན་མིན། །ཞེས་པ་སྟེ། ཅི་ནམ་མཁར་རྒྱུ་བའི་དཀར་གསལ་མཛེས་པ་འདི་དག་སྟོན་གྱི་ཆུ་འཛིན་ནམ། ཡང་ན་ངང་པའི་ཚོགས་སམ་ཅི་ཞིག་ཡིན་སྙམ་དུ་བདག་ཡིད་ཐེ་ཚོམ་དུ་གྱུར་མོད། འོན་ཀྱང་རྐང་གདུབ་ཀྱི་སྒྲ་འདྲ་བ་ཐོས་པ་དེ་ནི་ཆུ་འཛིན་མིན་ཏེ་ངང་པའོ། །དོན་བཤད་ནི། ཆོས་འདི་ངང་པ་ལ་ཡོད་ཅིང་། །སྤྲིན་གྱི་རིགས་ལ་མ་རེག་པས། །གང་ཞིག་ཐེ་ཚོམ་བཟློག་བྱེད་པ། །འདི་ནི་ཐེ་ཚོམ་འགོག་པའོ། །ཞེས་པ་སྟེ། རྐང་གདུབ་ཀྱི་སྒྲ་འཁྲོལ་བའི་ཆོས་འདི་ངང་པ་ལ་ཡོད་ཅིང་སྤྲིན་གྱི་རིགས་ལ་མ་རེག་པས་གང་ཞིག་སྤྲིན་དང་ངང་པ་གང་ཡིན་ཐེ་ཚོམ་གྱི་བློ་མངོན་གྱུར་བཟློག་པར་བྱེད་པ་འདི་ནི་ཐེ་ཚོམ་འགོག་པའོ། །ཉེར་གཅིག་པ་སྦྱར་བས་འགོག་པ་ལ། དཔེར་བརྗོད་ནི། བདུད་རྩིའི་བདག་ཉིད་པདྨ་ལ། །སྡང་ཞིང་སྣུམ་པའི་སྐར་འབྲས་ཅན། །ཁྱོད་གདོང་ཟླ་བ་འདི་ཡོད་བཞིན། །ཟླ་བ་གཞན་གྱིས་ཅི་ཞིག་བྱ། །ཞེས་པ་སྟེ། དེ་ལ་སྦྱར་གཞི་གདོང་དང་ཟླ་བ་སྟེ། གཉིས་ཀ་བདུད་རྩིའི་བདག་ཉིད་ཅན་ཡིན་པ་དང་། གདོང་གིས་པདྨའི་མཛེས་པ་འཕྲོག་ཅིང་ཟླ་བས་པདྨ་ཟུམ་པར་བྱེད་པ་ན་གཉིས་ཀ་པདྨ་ལ་སྡང་བ་སྦྱར་ཞིང་། སྣུམ་པའི་ཏཱ་ར་ཀ་ཞེས་གདོང་ལ་མིག་འབྲས་མིག་དབུས་ཀྱི་ཆ་ཅན་དང་། ཟླ་བ་རྒྱུ་སྐར་གྱི་འཁོར་ཅན་ཞེས་སྒྲ་སྦྱར་བ་སྟེ། དེ་ལྟ་བུའི་ཁྱོད་གདོང་གི་ཟླ་བ་འདི་ཡོད་བཞིན་དུ་ཟླ་བ་གཞན་གྱིས་ཅི་ཞིག་བྱ་ཞེས་སོ། །དོན་བཤད་ནི། ཕལ་པའི་ཟླ་བ་ལ་བརྟེན་པ། །དེ་མཚུངས་ཡོན་ཏན་བསྟན་བྱས་ནས། །གཙོ་བོའི་ཟླ་བ་འགོག་བྱེད་པ། །རྣམ་པ་དེ་ལྟར་སྦྱར་བའི་འགོག །ཅེས་པ་སྟེ། ཕལ་པ་བཏགས་པ་གདོང་གི་ཟླ་བ་ལ་བརྟེན་པ་གཙོ་བོ་ནམ་མཁའི་ཟླ་བ་དེ་དང་མཚུངས་པའི་ཡོན་ཏན་བསྟན་པར་བྱས་ནས་གཙོ་བོའི་ཟླ་བ་འགོག་པར་བྱེད་པའི་རྣམ་པ་དེ་ལྟར་བཀོད་པ་ནི་སྦྱར་བས་འགོག་པ་ཞེས་བྱའོ། །ཉེར་
གཉིས་པ་དོན་གཞན་འགོག་པ་ལ། དཔེར་བརྗོད་ནི། ཐམས་ཅད་མནན་ཡང་ཁྱོད་ཀྱིས་ནི། །རྣམ་གནོན་ཚིམ་པ་མེད་པ་མཚར། །འོན་ཀྱང་སྲེག་ཟ་འབར་བ་ལ། །ཚིམ་པ་དག་ནི་ནམ་ཞིག་མཐོང་། །ཞེས་པ་སྟེ། རྒྱལ་པོ་ཁྱོད་ཀྱིས་ཐམས་ཅད་ཟིལ་གྱིས་མནན་ཡང་ད་དུང་རྣམ་པར་མནོན་པས་ཚིམ་པ་མེད་པ་འདི་ནི་ཤིན་ཏུ་མཚར་མོད། འོན་ཀྱང་སྲེག་ཟ་སྟེ་མེའི་ཕུང་པོ་འབར་བ་ལའང་ཚིམ་པ་དག་ནི་ནམ་ཞིག་མཐོང་སྟེ་མ་མཐོང་ངོ་། །དོན་བཤད་ནི། གང་ཕྱིར་འདིར་ནི་དོན་གཞན་དག །དེ་ཡི་ཆོས་མཚུངས་བསྟན་བྱས་ནས། །ཡ་མཚན་རྩོམ་པ་འགོག་བྱེད་པ། །འདི་ནི་དོན་གཞན་འགོག་པའོ། །ཞེས་པ་སྟེ་གང་ཕྱིར་གནས་སྐབས་འདིར་ནི་དོན་གཞན་དག་དེ་ཡི་ཆོས་མཚུངས་སུ་གྱུར་པ་མེ་ལ་ཚིམ་པ་མེད་པ་དག་བསྟན་པར་བྱས་ནས་མི་དབང་རྣམ་པར་མནོན་པས་ཚིམ་པ་མེད་པ་ཡ་མཚན་དུ་རྩོོམ་པ་འགོག་པར་བྱེད་པ་འདི་ནི་དོན་གཞན་འགོག་པའོ། །ཉེར་གསུམ་པ་རྒྱུས་འགོག་པ་ལ། དཔེར་བརྗོད་ནི། སྦྱིན་པ་པོ་ཞེས་ནམ་ཡང་ནི། །མི་དབང་ཁྱོད་ལ་མི་བསྟོད་དེ། །གང་ཕྱིར་སློང་བས་ཁྱོད་ཀྱི་ནོར། །རང་གི་ཉིད་དུ་བསམ་ནས་ལེན། །ཞེས་པ་སྟེ། སྦྱིན་པ་པོ་ཞེས་དུས་ནམ་ཡང་མི་དབང་ཁྱོད་ལ་མི་བསྟོད་དེ། གང་ཕྱིར་སློང་བ་པོ་རྣམས་ཀྱིས་ཁྱོད་ཀྱི་ནོར་ལས་རང་གི་ཉིད་དུ་བསམ་ནས་ལེན་པའི་ཕྱིར་རོ། །དོན་བཤད་ནི། ཞེས་པ་ལ་སོགས་འགོག་པ་ནི། །རྒྱུས་འགོག་པ་ཞེས་བཤད་པ་སྟེ། །ཞེས་པ་སྟེ། བཤད་མ་ཐག་པའི་དཔེར་བརྗོད་མི་དབང་ལ་མི་བསྟོད་པའི་རྒྱུ་རང་ནོར་དུ་བསམ་པ་བཀོད་ནས་འགོག་པའི་ཚུལ་དེ་ལྟ་བུ་ལ་སོགས་པ་རྣམས་ལ་ནི་རྒྱུས་འགོག་པ་ཞེས་བཤད་དོ། །སྟེ་ཞེས་པ་འོག་མ་དྲང་བའི་ཚིག་གོ །གསུམ་པ་དོན་བསྡུ་བ་ནི། ཕྱོགས་འདི་ཉིད་ཀྱིས་རྣམ་པར་རྟོག །གཞན་པ་དག་ཀྱང་དཔག་པར་ནུས། །ཞེས་པ་སྟེ། བཤད་ཟིན་གྱི་བྱུང་བ་འགོག་པ་ལ་སོགས་པ་ཕྱོགས་འདི་ཉིད་ཀྱིས་འགོག་རྒྱན་གྱི་རྣམ་པར་རྟོག་པ་གཞན་མཐའ་ཡས་པ་དག་ཀྱང་རྗེས་སུ་དཔག་པར་ནུས་ཞེས་པའི་དོན་ནོ། །བདུན་པ་དོན་གཞན་བཀོད་པའི་རྒྱན་ལ་གསུམ། མཚན་ཉིད། དབྱེ་བ། དཔེར་བརྗོད་
དོ། །དང་པོ་ནི། གང་ཞིག་དངོས་འགའ་རབ་བཀོད་ནས། །དེ་ཡི་སྒྲུབ་བྱེད་ནུས་པ་ཅན། །དངོས་པོ་གཞན་དག་འགོད་པ་དེ། །དོན་གཞན་བཀོད་པར་ཤེས་པར་བྱ། །ཞེས་པ་སྟེ། གང་ཞིག་བརྗོད་བྱའི་དོན་གྱི་དངོས་པོ་འགའ་ཞིག་རབ་ཏུ་བཀོད་ནས། དེའི་སྒྲུབ་བྱེད་དུ་འགྱུར་བའི་དངོས་པོ་ནུས་པ་ཅན་གཞན་དག་འགོད་པ་དེ་ནི་དོན་གཞན་བཀོད་པའི་རྒྱན་ཞེས་བྱ་བར་ཤེས་པར་བྱའོ། །འོ་ན། རྒྱན་འདི་དང་ཟླ་བོ་དངོས་པོའི་དཔེ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། ཁྱབ་ཆེ་ཆུང་སྟེ། ཟླ་བོ་དངོས་པོ་ནི། སྒྲུབ་བྱེད་དུ་གྱུར་ཀྱང་རུང་། མ་གྱུར་ཀྱང་རུང་། ངེས་པར་དཔེ་དཔེ་ཅན་དུ་འབྲེལ་བ་ཞིག་དགོས་ལ། འདི་ལ་ནི། དཔེ་དཔེ་ཅན་དུ་གྱུར་མ་གྱུར་ཇི་ལྟར་ཡང་བསྒྲུབ་བྱ་སྒྲུབ་བྱེད་དུ་འབྲེལ་བ་ཞིག་ངེས་པར་དགོས་སོ། །གཉིས་པ་ནི། ཀུན་ཁྱབ་ཁྱད་པར་ལ་གནས་དང་། །སྦྱར་བ་ཅན་དང་འགལ་བ་ཅན། །མི་འོས་བྱེད་དང་འོས་པའི་བདག །འོས་དང་མི་འོས་ལྡོག་པའོ། །འདི་ཡི་དབྱེ་བ་དེ་ལྟ་སོགས། །སྦྱོར་བ་རྣམས་ལ་རབ་ཏུ་མཚོན། །འདི་རྣམས་རང་བཞིན་གསལ་བྱེད་ཕྱིར། །དཔེར་བརྗོད་ཕྲེེང་བ་བསྟན་པར་བྱ། །ཞེས་པ་སྟེ་གོ་སླའོ། །གསུམ་པ་ལ། དང་པོ་ཀུན་ཁྱབ་དོན་གཞན་བཀོད་པ་ནི། ལེགས་ལྡན་འགྲོ་བ་རྣམས་ཀྱི་མིག །ཉི་མ་དང་ནི་ཟླ་བ་ཡང་། །ནུབ་པར་གྱུར་པ་ཉིད་ལ་ལྟོས། །ངེས་པ་ལ་ནི་སུ་ཞིག་འགོངས། །ཞེས་པ་སྟེ། ལེགས་ལྡན་ཡོན་ཏན་གྱི་ཕུང་པོ་འགྲོ་བ་རྣམས་ཀྱི་མིག་ལྟ་བུ་ཉི་མ་དང་ཟླ་བ་ཡང་ནུབ་པར་གྱུར་པ་ཉིད་ལ་ལྟོས་ཤིག །ཅེས་བསྒྲུབ་བྱ། སྒྲུབ་བྱེད་ནི། སྐྱེ་བ་ཅན་ཐམས་ཅད་འཇིག་པའི་ངེས་པ་ལ་ནི་སུ་ཞིག་གིས་འགོང་བར་ནུས་ཞེས་དངོས་པོ་ཀུན་ཁྱབ་དོན་གཞན་བཀོད་པ་ཞེས་བྱའོ། །གཉིས་པ་ཁྱད་པར་ལ་གནས་དོན་གཞན་བཀོད་པ་ནི། ཆུ་འཛིན་འདི་དག་ལུས་ཅན་གྱི། །ཡོངས་སུ་གདུང་བ་འཕྲོག་པར་བྱེད། །བདག་ཐོབ་མིན་ནམ་ཆེན་པོ་རྣམས། །གཞན་གྱི་སྡུག་བསྔལ་ཞི་སླད་དུའོ། །ཞེས་པ་སྟེ། ཆུ་འཛིན་གྱི་ཕྲེང་བ་འདི་དག་ལུས་ཅན་འགྲོ་བ་རྣམས་ཀྱི་ཡོངས་སུ་གདུང་བ་འཕྲོག་པར་བྱེད་དེ། སྐྱེས་བུ་ཆེན་པོ་རྣམས་ནི་གཞན་གྱི་སྡུག་བསྔལ་ཞི་བའི་སླད་དུ་བདག་ཉིད་ཐོབ་པ་མིན་ནམ་ཅི་སྟེ་གཞན་ཕན་ཁོ་ན་སྒྲུབ་པས་སོ་ཞེས་ཆོས་འདི་སྐྱེས་བུ་ཆེན་པོ་ལ་ཡོད་ཀྱི་ཀུན་
ལ་མ་ཡིན་པས་ཁྱད་པར་ལ་གནས་དོན་གཞན་བཀོད་པ་ཞེས་བྱའོ། །གསུམ་སྦྱར་བའི་དོན་གཞན་བཀོད་པ་ནི། མ་ལ་ཡ་ཡི་རླུང་གིས་ནི། །འཇིག་རྟེན་དགའ་བ་བསྐྱེད་པར་བྱེད། །དཱཀྵི་ཎྱ་དང་ཡང་དག་ལྡན། །ཀུན་གྱི་སྙིང་སྡུག་མ་ཡིན་ནམ། །ཞེས་པ་སྟེ། མ་ལ་ཡའི་རླུང་བསིལ་བ་དལ་བུར་རྒྱུ་བ་དག་གིས་འཇིག་རྟེན་རྣམས་དགའ་བ་བསྐྱེད་པར་བྱེད་དེ། དཱཀྵི་ཎྱ་དང་ཡང་དག་ལྡན་ན་ཀུན་གྱི་སྙིང་དུ་སྡུག་པ་མ་ཡིན་ནམ་སྟེ་ཡིན་པས་སོ། །འདིར་དཱཀྵི་ཎྱ་ཞེས་པའི་སྒྲ་ལྷོའི་རླུང་དང་། གཡས་ཕྱོགས་དང་། རྗེས་སུ་མཐུན་པ་སོགས་དུ་མ་ལ་འཇུག་པ་སྦྱར་བ་ཅན་གྱི་དོན་གཞན་བཀོད་པ་ཞེས་བྱའོ། །བཞི་པ་འགལ་བའི་དོན་གཞན་བཀོད་པ་ནི། མཚན་མོར་བྱེད་འདི་དྲི་མ་དང་། །ལྡན་ཡང་འགྲོ་བ་དགའ་བ་བསྐྱེད། །གཉིས་སྐྱེས་དབང་པོ་སྐྱོན་ལྡན་ཡང་། །གཞན་དག་རྗེས་སུ་འཛིན་པར་ནུས། །ཞེས་པ་སྟེ། མཚན་མོར་བྱེད་པ་ཟླ་བ་འདི་ནི་ར་རིའི་དྲི་མ་དང་ལྡན་ཡང་འགྲོ་བ་རྣམ་ལ་དགའ་བར་བསྐྱེད་པར་བྱེད་དེ། གཉིས་སྐྱེས་བྲམ་ཟེའི་དབང་པོ་སྐྱོན་འགའ་ཞིག་དང་ལྡན་ཡང་འགྲོ་བ་གཞན་དག་རྗེས་སུ་འཛིན་པར་ནུས་པས་སོ་ཞེས་སྐྱོན་ལྡན་གྱི་ལེགས་པ་སྒྲུབ་པར་བསྟན་པ་འགལ་བའི་དོན་གཞན་བཀོད་པ་ཞེས་བྱའོ། །ལྔ་པ་ནི་མི་འོས་པའི་དོན་གཞན་བཀོད་པ་ནི། སྦྲང་རྩི་འཐུངས་པའི་མགྲིན་སྙན་ལས། །བྱུང་བ་བུང་བའི་སྒྲ་དག་ཀྱང་། །རྣ་བར་རྩུབ་པའི་ཉིད་འགྱུར་བ། །འདོད་ལྡན་རྣམས་ཀྱི་སྡིག་འདི་འདྲ། །ཞེས་པ་སྟེ། སྦྲང་རྩི་མེ་ཏོག་གི་རྩི་བཅུད་འཐུངས་བའི་མགྲིན་པ་སྙན་པོ་ལས་བྱུང་བ་བུང་བའི་སྒྲ་དབྱངས་དག་ཀྱང་རྣ་བར་རྩུབ་པ་ཉིད་དུ་འགྱུར་བ་སྟེ། འདོད་ལྡན་རྣམས་ཀྱི་སྡིག་པའམ་མྱོང་བྱའི་རང་བཞིན་ནི་འདི་དང་འདྲ་བས་སོ་ཞེས་སྙན་པའི་སྒྲ་རྣ་བར་རྩུབ་པ་མི་འོས་པའི་ཕྱིར་མི་འོས་པའི་དོན་གཞན་བཀོད་པ་ཞེས་བྱའོ། །དྲུག་པ་འོས་པའི་དོན་གཞན་བཀོད་པ་ནི། ཆུ་སྐྱེས་འདབ་མའི་མལ་སྟན་འདིས། །བདག་གི་ལུས་འདི་གདུང་བར་བྱེད། །བསྲེག་པའི་བདག་ཉིད་སྲེག་ཟ་དང་། །འདྲ་བས་རིགས་པ་མ་ཡིན་ནམ། །ཞེས་པ་སྟེ། ཆུ་སྐྱེས་འདབ་མའི་མལ་སྟན་ཤིན་ཏུ་འཇམ་པ་འདིས་ནི་བདག་གི་ལུས་འདི་འདོད་པའི་ཚོར་བས་གདུང་བར་བྱེད་དེ། བསྲེག་པའི་བདག་ཉིད་པདྨའི་མལ་
སྟན་འདི་ནི་ཁ་དོག་དམར་བ་སྲེག་ཟ་མེ་དང་འདྲ་བའི་རྒྱུ་མཚན་གྱིས་རིགས་པ་མ་ཡིན་ནམ་ཞེས་འཇམ་པས་འདོད་པ་སྐྱེས་ཏེ་གདུང་བ་འོས་པའི་ཕྱིར་འོས་པའི་དོན་གཞན་བཀོད་པ་ཞེས་བྱའོ། །བདུན་པ་འོས་ཤིང་མི་འོས་པའི་དོན་གཞན་བཀོད་པ་ནི། བསིལ་ཟེར་ཅན་གྱིས་ཉམས་བྱེད་མོད། །དཔྱིད་ཀྱིས་བདག་ནི་ཅི་ལ་གདུང་། །དྲི་མ་ཅན་གྱིས་སྤྱོད་པའི་ལས། །དག་པས་མི་འོས་པ་མིན་ནམ། །ཞེས་པ་སྟེ། བསིལ་ཟེར་ཅན་གྱིས་འདོད་ལྡན་བདག་གདུང་ཞིང་ཉམས་པར་བྱེད་མོད། དཔྱིད་ཀྱི་དུས་དག་པ་འདིས་བདག་ཅི་ལ་གདུང་སྟེ། དྲི་མ་ཅན་གྱིས་སྤྱོད་པའི་ལས་གང་ཡིན་པ་དེ་དྲི་མ་དག་པས་བྱེད་མི་འོས་པ་མ་ཡིན་ནམ་ཞེས་སྔ་མ་འོས་ཤིང་ཕྱི་མ་མི་འོས་པས་འོས་ཤིང་མི་འོས་པའི་དོན་གཞན་བཀོད་པ་ཞེས་བྱའོ། །བརྒྱད་པ་མི་འོས་ཤིང་འོས་པའི་དོན་གཞན་བཀོད་པ་ནི། ཀུ་མུད་ལྡན་ཡང་བསྲེག་བྱེད་ན། །པདྨའི་འབྱུང་གནས་ཅིས་མི་བྱེད། །ཟླ་བས་བཟུང་རྣམས་རྩུབ་པ་ན། །ཉི་མས་བཟུང་བ་འཇམ་མི་འགྱུར། །ཞེས་པ་སྟེ། ཀུ་མུད་ལྡན་པ་ཟླ་བ་ཡང་བདག་བསྲེག་པའི་བྱ་བ་བྱེད་ན་པདྨའི་འབྱུང་གནས་ཉིན་མོར་བྱེད་པས་གདུང་བར་ཅིས་མི་བྱེད་དེ། ཟླ་བ་བདུད་རྩིའི་རང་བཞིན་ཅན་གྱིས་བཟུང་བ་རྣམས་ཀྱང་རྩུབ་པར་འགྱུར་ན་ཉི་མ་ཚ་བའི་རེག་བྱ་ཅན་གྱིས་བཟུང་བ་འཇམ་པར་མི་འགྱུར་བ་ཆོས་ཉིད་ཡིན་པའི་ཕྱིར་ཞེས་སྔ་མ་མི་འོས་ཤིང་ཕྱི་མ་འོས་པས་མི་འོས་ཤིང་འོས་པའི་དོན་གཞན་བཀོད་པ་ཞེས་བྱའོ། །བརྒྱད་པ་ལྡོག་པ་ཅན་གྱི་རྒྱན་ལ་གཉིས། མཚན་ཉིད་དང་། དཔེར་བརྗོད་དོ། །དང་པོ་ནི། སྒྲ་འཇུག་པའམ་རྟོགས་པ་ཡིས། །དངོས་པོ་གཉིས་ནི་མཚུངས་གྱུར་པ། །དེ་ཡི་དབྱེ་བ་བརྗོད་པ་གང་། །དེ་ནི་ལྡོག་པ་ཅན་ཞེས་བརྗོད། །ཅེས་པ་སྟེ། སྒྲ་དངོས་སུ་འཇུག་པའམ། ཤུགས་ལས་རྟོགས་པའི་སྒོ་ནས་དངོས་པོ་གཉིས་ཕན་ཚུན་མཚུངས་པར་གྱུར་པ་ལས་གཉིས་པོ་དེའི་ཁྱད་པར་གྱི་དབྱེ་བ་སླར་བརྗོད་པ་གང་ཡིན་པ་དེ་ནི་ལྡོག་པ་ཅན་གྱི་རྒྱན་ཞེས་བྱ་བར་བརྗོད་དོ། །གཉིས་པ་ལ་བཞི་ལས། དང་པོ་སྒྲས་ཟིན་མཚུངས་པའི་ལྡོག་པ་ཅན་གྱི་དང་པོ་གཅིག་ལྡོག་ལ། དཔེར་བརྗོད་ནི། བརྟན་དང་ཆེ་བའི་བདག་ཉིད་དང་། །ལཱ་བ་ཎྱ་སོགས་
ཡོན་ཏན་གྱི། །ཁྱོད་དང་རྒྱ་མཚོ་མཚུངས་ཐ་དད། །ཁྱོད་ལུས་འདི་འདྲ་ཉིད་ཀྱིས་སོ། །ཞེས་པ་སྟེ། བསྐྱོད་པར་མི་ནུས་པ་བརྟན་པ་དང་། ཡངས་ཤིང་ཆེ་བའི་བདག་ཉིད་དང་། ལཱ་པ་ཎྱ་ཞེས་པ་ཟབ་པ་དང་། མཛེས་པ་དང་། ལན་ཚྭ་ལ་སོགས་པ་ལ་འཇུག་པས་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་རྒྱུ་མཚན་གྱིས་རྒྱལ་པོ་ཁྱོད་དང་རྒྱ་མཚོ་གཉིས་མཚུངས་པ་ལས་ཐ་དད་དེ། ཁྱོད་ལུས་སྐྱེས་བུ་ཆེན་པོའི་རང་བཞིན་འདི་འདྲ་ཉིད་ཀྱིས་སོ། །དོན་བཤད་ནི། གཅིག་ལ་གནས་པའི་ཆོས་ཀྱི་ནི། །གཉིས་ཀ་ལ་གནས་ཐ་དད་དག །རྟོགས་པའི་ཡུལ་དུ་གྱུར་པའི་ཕྱིར། །འདི་ནི་གཅིག་གི་ལྡོག་པ་ཅན། །ཞེས་པ་སྟེ། སྐྱེས་བུ་གཅིག་པོ་ལ་གནས་པའི་ཆོས་ཀྱིས་རྒྱ་མཚོ་དང་རྒྱལ་པོ་གཉིས་ཀ་ལ་གནས་པའི་ལྡོག་པ་ཐ་དད་པ་དག་རྟོགས་པའི་ཡུལ་དུ་གྱུར་པ་དེའི་ཕྱིར་འདི་ནི་གཅིག་གི་ལྡོག་པ་ཅན་ཞེས་བྱའོ། །གཉིས་པ་གཉིས་ལྡོག་ལ། དཔེར་བརྗོད་ནི། ཆུ་ཡི་ཕུང་པོ་དག་དང་ཁྱོད། །མཚམས་ལ་མི་འདའ་ཟབ་པ་སྟེ། །འདི་ནི་མིག་སྨན་དང་མཚུངས་ལ། །ཁྱོད་ནི་གསེར་གྱིས་འོད་ཅན་ནོ། །ཞེས་པ་སྟེ། ཆུ་ཡི་ཕུང་པོ་རྒྱ་མཚོ་དག་དང་རྒྱལ་པོ་ཁྱོད་གཉིས་མཚམས་ལས་མི་འདའ་བ་དང་། ཟབ་ཅིང་གཏིང་དཔག་དཀའ་བའི་རྒྱུ་མཚན་གྱིས་མཚུངས་པ་ཐ་དད་དེ། རྒྱ་མཚོ་འདི་ནི་ཁ་དོག་སྔོ་ནག་མིག་སྨན་དང་མཚུངས་ལ། རྒྱལ་པོ་ཁྱོད་ནི་གསེར་གྱི་འོད་ཅན་ནོ། །དོན་བཤད་ནི། གང་ཕྱིར་འདིར་ནི་གཉིས་ཀ་ཡི། །འབྱེད་བྱེད་ཡོན་ཏན་ནག་པོ་དང་། །སེར་པོ་དག་ནི་ཐ་དད་བསྟན། །འདི་ནི་གཉིས་ཀའི་ལྡོག་པ་ཅན། །ཞེས་པ་སྟེ། གང་ཕྱིར་གནས་སྐབས་འདིར་ནི་རྒྱ་མཚོ་དང་རྒྱལ་པོ་གཉིས་ཀའི་འབྱེད་བྱེད་ཀྱི་ཡོན་ཏན་ནག་པོ་དང་སེར་པོ་དག་ཐ་དད་དུ་བསྟན་པས་ལྡོག་པ་སོ་སོར་ཕྱེ་བ་འདི་ནི་གཉིས་ཀའི་ལྡོག་པ་ཅན་ཞེས་བྱའོ། །གསུམ་པ་སྦྱར་བ་ཅན་གྱི་ལྡོག་པ་ལ། དཔེར་བརྗོད་ནི། ཁྱོད་དང་རྒྱ་མཚོ་དུརྦཱ་རོ། །མ་ཧཱ་ས་ཏྭ་ཏེ་ཛཿབཅས། །འདི་ཡིས་ཁྱེད་གཉིས་ཐ་དད་དེ། །དེ་ནི་ཆུ་བདག་ཁྱོད་མཁས་སོ། །ཞེས་པ་སྟེ། དེ་ལ་སྦྱར་གཞི་རྒྱལ་པོ་ཁྱོད་དང་རྒྱ་མཚོ་གཉིས་ཏེ། སྦྱར་ཆོས་དུརྦཱ་རོ་བཟློག་དཀའ་བ་དང་ཆུ་ངན་པ་ལ་འཇུག་པས་རྒྱལ་པོ་གཞན་གྱིས་བཟློག་དཀའ་བ་དང་། རྒྱ་མཚོ་བ་ཚྭ་སོགས་ཀྱིས་ངན་པ་
སྦྱར། མ་ཧཱ་ས་ཏྭ་སྙིང་སྟོབས་ཆེན་པོ་དང་སེམས་ཅན་ཆེན་པོ་ལ་འཇུག་པས་རྒྱལ་པོ་སྙིང་སྟོབས་ཆེ་བ་དང་རྒྱ་མཚོ་སེམས་ཅན་ཆེན་པོ་ཆུ་སྲིན་དང་ལྡན་པ་སྦྱར། ཏེ་ཛཿགཟི་བརྗིད་དང་མེ་ལ་འཇུག་པས་རྒྱལ་པོ་གཟི་བརྗིད་ཆེ་བ་དང་རྒྱ་མཚོ་རྒོད་མ་ཁའི་མེ་དང་བཅས་པ་སྦྱར། དེ་ལྟར་སྒྲ་སྦྱར་བའི་སྒོ་ནས་རྒྱལ་པོ་དང་རྒྱ་མཚོ་གཉིས་མཚུངས་པ་ལས་རྒྱུ་མཚན་འདི་ཡིས་ཁྱོད་གཉིས་ཐ་དད་དེ། དེ་ནི་ཆུའི་བདག་པོ་ཡིན་ལ། ཁྱོད་ནི་མཁས་ཤིང་རིག་པའི་བདག་ཉིད་དོ། །དོན་བཤད་ནི། འདི་ནི་སྦྱར་བའི་ཚུལ་ལྡན་ཕྱིར། །སྦྱར་བ་ཅན་ཞེས་བཟུང་བར་མཛོད། །ཅེས་པ་སྟེ། བརྗོད་མ་ཐག་པ་འདི་ནི་སྒྲ་སྦྱར་བའི་ཚུལ་གསུམ་དང་ལྡན་པ་དེའི་ཕྱིར་སྦྱར་བ་ཅན་གྱི་ལྡོག་པ་ཞེས་བྱ་བར་བཟུང་བར་མཛོད་ཅིག་པའོ། །བཞི་པ་འགོག་པ་ཅན་གྱི་ལྡོག་པ་ལ། དཔེར་བརྗོད་ཕྱི་མ་དང་ལྷན་ཅིག་དམ་བཅའ་བ་དང་། དངོས་སོ། །དང་པོ་ནི། འགོག་པ་ཅན་དང་གཏན་ཚིགས་ཅན། །གཉིས་པོ་དེ་ཡང་བསྟན་པར་བྱ། །ཞེས་སོ། །གཉིས་པ་ནི། ལུགས་དང་ལྡན་ཞིང་བརྟན་པ་དང་། །རིན་ཆེན་འབྱུང་གནས་ཡིན་མོད་ཀྱང་། །དྲི་མ་ལྡན་པ་ཆུ་སྲིན་གནས། །ཁྱོད་ཀྱི་འགྲན་ཟླར་འགྱུར་མ་ཡིན། །ཞེས་པ་སྟེ། ལུགས་བཟང་པོ་དང་ལྡན་ཞིང་། གཞན་གྱིས་བསྐྱོད་མི་ནུས་པས་བརྟན་པ་དང་། རིན་པོ་ཆེ་དུ་མའི་འབྱུང་གནས་ཡིན་པས་རྒྱ་མཚོ་དང་རྒྱལ་པོ་གཉིས་མཚུངས་མོད་ཀྱང་། བ་ཚྭ་ལ་སོགས་པའི་དྲི་མ་དང་ལྡན་པ་ཆུ་སྲིན་གདུག་པའི་གནས་དེ་ནི། རྒྱལ་པོ་ཁྱོད་ཀྱི་འགྲན་ཟླར་འགྱུར་བ་མ་ཡིན་ནོ་ཞེས་འགོག་པའི་སྒོ་ནས་ལྡོག་པ་བརྗོད་པ་འདི་ནི་འགོག་པ་ཅན་གྱི་ལྡོག་པ་ཞེས་བྱའོ། །ལྔ་པ་གཏན་ཚིགས་ཅན་གྱི་ལྡོག་པ་ལ། དངོས་དང་བཤད་ཟིན་རྣམ་ཀྱི་དོན་བསྡུ་བའོ། །དང་པོ་ནི། རི་གླིང་རྒྱ་མཚོར་བཅས་པ་ཡིས། །ས་གཞི་མཐའ་དག་འཛིན་མོད་ཀྱང་། །ལག་འགྲོ་རྣམས་ཀྱི་རྗེར་གྱུར་ཕྱིར། །ལྷག་མ་ཅན་ནི་ཁྱོད་བས་དམན། །ཞེས་པ་སྟེ། རི་གླིང་རྒྱ་མཚོར་བཅས་པའི་ས་གཞི་མཐའ་དག་འཛིན་པ་ལ་རྒྱལ་པོ་ཁྱོད་དང་ཀླུ་རྒྱལ་གཉིས་མཚུངས་མོད་ཀྱང་། ཀླུའི་རྒྱལ་པོ་དེ་ནི་ལག་འགྲོ་རྣམས་ཀྱི་རྗེ་བོར་གྱུར་པའི་ཕྱིར་ལྷག་མ་ཅན་ནི་མི་བདག་ཁྱོད་བས་དམན་ནོ་ཞེས་ལག་འགྲོ་སྟེ་ཀླུའི་མིང་ཡིན་ལ། ཀླུ་དུད་འགྲོ་ཡིན་པའི་གཏན་
ཚིགས་ཀྱིས་མི་བདག་ལས་ཀླུ་རྒྱལ་དམན་ཚུལ་བརྗོད་པས་ལྡོག་པ་སོ་སོར་ཕྱེ་བ་འདི་ནི་གཏན་ཚིགས་ཅན་གྱི་ལྡོག་པ་ཞེས་བྱའོ། །གཉིས་པ་ནི། སྒྲ་དག་འཇུག་པར་མཚུངས་པ་ཡི། །ལྡོག་པ་ཅན་ནི་འདི་འདྲ་སྟེ། །ཞེས་པ་སྟེ། སྒྲ་དག་འཇུག་པའམ། སྒྲས་ཟིན་པར་མཚུངས་པའི་ལྡོག་པ་ཅན་ནི་བཤད་ཟིན་འདི་དག་འདྲ་བ་སྟེ་ཞེས་སོ། །གཉིས་པ་རྟོགས་པས་མཚུངས་པའི་ལྡོག་པ་ཅན་ལ་གསུམ་ལས། དང་པོ་དམ་བཅའ་བ་ནི། རྟོགས་པར་གྱུར་པ་མཚུངས་པ་ཡང་། །ཡོད་པ་དེ་ནི་རྗེས་སུ་བསྒྲུབ། །ཅེས་པ་སྟེ། དངོས་སུ་སྒྲས་མ་ཟིན་ཀྱང་ཤུགས་ཀྱིས་རྟོགས་པར་གྱུར་པ་མཚུངས་པའི་ལྡོག་པ་ཡང་ཡོད་པ་དེ་ནི་རྗེས་སུ་བསྒྲུབ་པ་སྟེ་བསྟན་པར་བྱའོ། །གཉིས་པ་དཔེར་བརྗོད་ལ། དང་པོ་རྟེན་གྱི་དབྱེ་བའི་ལྡོག་པ་ཅན་ནི། ཁྱོད་ཀྱི་གདོང་དང་པདྨ་སྟེ། །འདི་གཉིས་ཀྱི་ནི་ཁྱད་པར་ཡང་། །པདྨ་ཆུ་ལས་སྐྱེས་པ་དང་། །ཁྱོད་གདོང་ཁྱོད་ལ་བརྟེན་པའོ། །ཞེས་པ་སྟེ། མཛེས་ལྡན་ཁྱོད་ཀྱི་གདོང་དང་འདབ་ལྡན་པདྨ་སྟེ། འདི་གཉིས་ཀྱི་ཁྱད་པར་ཡང་གང་ཞེ་ན། པདྨ་ཆུ་ལ་སྐྱེས་པ་དང་། ཁྱོད་གདོང་ཁྱོད་ཉིད་ཀྱི་ལུས་ལ་བརྟེན་པའོ། །གཉིས་པ་དཔེ་ཅན་ལྷག་པའི་ལྡོག་པ་ཅན་ནི། རི་དྭགས་མིག་ལ་སྨིན་སྒེག་དང་། །མྱོས་པའི་དམར་བས་རེག་པ་མེད། །ཁྱོད་ཀྱི་མིག་ནི་གཉིས་པོ་འདི། །ཡོན་ཏན་དེ་དག་ཉིད་ཀྱིས་བརྒྱན། །ཞེས་པ་སྟེ། རི་དྭགས་ཀྱི་མིག་ལ་སྨིན་མ་གཡོ་བའི་རོལ་སྒེག་དང་། འདོད་པས་མྱོས་པའི་དམར་བའི་མདངས་ཀྱིས་རེག་པ་མེད་ལ། མཛེས་མ་ཁྱོད་ཀྱི་མིག་གཉིས་པོ་འདི་ནི་ཡོན་ཏན་དེ་དག་ཉིད་ཀྱིས་བརྒྱན་ནོ། །གསུམ་པ་དཔེར་བརྗོད་གཉིས་ཀྱི་དོན་བསྡུ་བ་ནི། སྔ་མར་དབྱེ་བ་ཙམ་ཞིག་བསྟན། །འདིར་ནི་ལྷག་པ་ཉིད་བསྟན་ཏོ། །ཞེས་པ་སྟེ། དཔེར་བརྗོད་སྔ་མར་དཔེ་དཔེ་ཅན་གཉིས་རྟེན་ཐ་དད་པའི་དབྱེ་བ་ཙམ་ཞིག་བསྟན་ལ། ཕྱི་མ་འདིར་ནི་དཔེ་ལས་དཔེ་ཅན་ཡོན་ཏན་ལྷག་པ་ཉིད་དུ་བསྟན་ཏོ། །གསུམ་པ་འབྱེད་བྱེད་མཚུངས་པའི་ལྡོག་པ་ཅན་ལ་གསུམ་ལས། དང་པོ་དམ་བཅའ་བ་ནི། སླར་ཡང་མཚུངས་པའི་ལྡོག་པ་ཅན། །གཞན་དག་རབ་ཏུ་བསྟན་པར་བྱ། །ཞེས་པ་སྟེ། སླར་ཡང་མཚུངས་སྒྲས་ཟིན་པ་ལས་འབྱེད་བྱེད་ཀྱང་མཚུངས་པའི་ལྡོག་པ་ཅན་གཞན་དག་རབ་ཏུ་བསྟན་པར་
བྱའོ། །གཉིས་པ་དཔེར་བརྗོད་ལ། དང་པོ་མཚུངས་ཆོས་འབྱེད་བྱེད་གཉིས་ཀ་སྒྲས་ཟིན་པའི་ལྡོག་པ་ཅན་ནི། ཁྱོད་ཀྱི་གདོང་དང་པདྨ་དཀར། །རྒྱས་ཤིང་དྲི་བཟང་ལྡན་པ་སྟེ། །པདྨ་ལ་ནི་བུང་བ་འཁོར། །ཁྱོད་ཀྱི་གདོང་ལ་མིག་རབ་གཡོ། །ཞེས་པ་སྟེ། མཛེས་མ་ཁྱོད་ཀྱི་གདོང་དང་པདྨ་དཀར་པོ་གཉིས་ཀ་རྒྱས་ཤིང་དྲི་བཟང་པོ་ལྡན་པ་སྟེ། པདྨ་ལ་ནི་བུང་བ་འཁོར་ཞིང་ལྡིང་ལ། ཁྱོད་ཀྱི་གདོང་ལ་མིག་ཟུང་རབ་ཏུ་གཡོ་བར་བྱེད་དོ། །གཉིས་པ་མཚུངས་ཆོས་ཤུགས་དང་འབྱེད་བྱེད་སྒྲས་ཟིན་པའི་ལྡོག་པ་ཅན་ལ། དཔེར་བརྗོད་ནི། ཟླ་བ་འདི་ནི་མཁའ་ཡི་རྒྱན། །ངང་པ་འདི་ནི་ཆུ་ཡི་རྒྱན། །མཁའ་འདི་རྒྱུ་སྐར་ཕྲེང་བ་ཅན། །ཆུ་འདི་ཀུ་མུད་རྒྱས་པ་ཅན། །ཞེས་པ་སྟེ། ཟླ་བའི་དཀྱིལ་འཁོར་འདི་ནི་ནམ་མཁའི་རྒྱན་དང་། ངང་པ་འདི་ནི་ཆུའི་རྒྱན་ཡིན་ནོ། །དེ་བཞིན་ནམ་མཁའ་འདི་རྒྱུ་སྐར་གྱི་ཕྲེང་བ་ཅན་དང་། ཆུ་འདི་ཀུ་མུད་རྒྱས་པ་ཅན་ནོ། །དོན་བཤད་ནི། འདིར་ནི་ཟླ་བ་ངང་པ་དག །དཀར་བ་ཉིད་སོགས་རྟོགས་པ་དང་། །མཁའ་དང་ཆུ་ནི་དག་པར་ཡང་། །རྟོགས་པར་མཚུངས་པའི་དབྱེ་བ་བྱས། །ཞེས་པ་སྟེ། འདིར་ནི་ཟླ་བ་དང་ངང་པ་དག་གི་མཚུངས་ཆོས་དཀར་བ་ཉིད་སོགས་ཤུགས་ཀྱིས་རྟོགས་པ་དང་། དེ་བཞིན་མཁའ་དང་ཆུ་གཉིས་དག་པར་ཡང་རྟོགས་པར་མཚུངས་པའི་དབྱེ་བ་ཤུགས་དང་འབྱེད་བྱེད་ཟླ་བ་དང་ངང་པ་མཁའ་དང་ཆུའི་རྒྱན་དུ་གྱུར་པ་དང་། ནམ་མཁའ་རྒྱུ་སྐར་ཕྲེང་ཅན་དང་ཆུ་ཀུ་མུད་རྒྱས་པ་དངོས་སུ་སྒྲས་ཟིན་པར་བྱས་སོ། །གསུམ་པ་ཁྱད་པར་བསྟན་པ་ནི། སྔ་མ་ལ་ནི་སྒྲ་ལྡན་མཚུངས། །གཉིས་ཀ་ལ་ཡང་ཐ་དད་དབྱེ། །བུང་བ་མིག་ལ་སོགས་པ་མཚུངས། །དེ་ཕྱིར་མཚུངས་པའི་ལྡོག་པ་ཅན། །ཞེས་པ་སྟེ། དཔེར་བརྗོད་སྔ་མ་ལ་ནི་རྒྱས་ཤིང་དྲི་བཟང་ལྡན་ཞེས། སྒྲ་དངོས་སུ་ལྡན་པར་མཚུངས་ཤིང་། ཕྱི་མ་ལ་ཤུགས་ཀྱིས་དང་། སྔ་ཕྱི་གཉིས་ཀ་ལ་ཡང་ཐ་དད་པའི་དབྱེ་བ། བུང་བ་དང་མིག་ལ་སོགས་པའི་ཁོང་ནས་མཁའ་དང་ཆུ། ཟླ་བ་དང་ངང་པ་སོགས་མཚུངས་པར་བསྟན་པ་དེ་ཕྱིར་མཚུངས་པའི་ལྡོག་པ་ཅན་ཞེས་བྱའོ། །བཞི་པ་རིགས་མཐུན་འབྱེད་པའི་ལྡོག་པ་ཅན་ལ། དཔེར་བརྗོད་ནི། རིན་ཆེན་སྣང་བས་མི་འཕྲོག་ཅིང་། །ཉི་མའི་འོད་ཀྱིས་མི་བཟློག་
པ། །ལང་ཚོ་ལས་བྱུང་ན་ཆུང་གི། མུན་པས་ལྟ་བ་འགོག་པར་བྱེད། །ཅེས་པ་སྟེ། རིན་ཆེན་ནོར་བུའི་སྣང་བས་མི་འཕྲོག་ཅིང་། ཉི་མའི་འོད་ཀྱིས་ཀྱང་མི་བཟློག་པའི་ལང་ཚོ་རྒྱས་པ་ལས་བྱུང་བ་ན་ཆུང་གི་མུན་པས་གཟུགས་ལ་ལྟ་བ་འགོག་པར་བྱེད་དོ། །དོན་བཤད་ནི། མུན་པའི་རིགས་ལས་མུན་པ་འདི། །ལྟ་བ་འགོག་པ་ཉིད་ཀྱིས་མཚུངས། །གཞན་དག་གིས་ནི་ཐ་དད་བསྟན། །འདི་ནི་རིགས་མཐུན་ལྡོག་པ་ཅན། །ཞེས་པ་སྟེ། མུན་པའི་རིགས་ལས་ན་ཆུང་གི་མུན་པ་འདི་ནི་ལྟ་བ་འགོག་པ་ཉིད་ཀྱི་ཕྱིའི་མུན་པ་དང་མཚུངས་ཤིང་རིགས་མཐུན་པ་ལས། ཁྱད་ཆོས་གཞན་རིན་ཆེན་སྣང་བས་མི་འཕྲོག་པ་ལ་སོགས་པ་དག་གིས་མུན་པ་གཞན་དང་ཐ་དད་པར་བསྟན་པ་དེ་ཕྱིར་འདི་ནི་རིགས་མཐུན་འབྱེད་པ་འདི་ལྡོག་པ་ཅན་ཞེས་བྱའོ། །དགུ་པ་སྲིད་པ་ཅན་གྱི་རྒྱན་ལ་གཉིས། མཚན་ཉིད་དང་། དཔེར་བརྗོད་དོ། །དང་པོ་ནི། རབ་ཏུ་གྲགས་པའི་རྒྱུ་བཟློག་ནས། །གང་ཞིག་རྒྱུ་གཞན་ཅུང་ཟད་དམ། །གང་དུ་རང་གི་ངོ་བོ་ཉིད། །སྟོན་པ་དེ་ནི་སྲིད་པ་ཅན། །ཞེས་པ་སྟེ། འཇིག་རྟེན་ན་རབ་ཏུ་གྲགས་པའི་རྒྱུ་བཟློག་ནས་གང་ཞིག་དེ་དང་རྗེས་མཐུན་གྱི་རྒྱུ་གཞན་ཅུང་ཟད་དམ། གང་དུ་རང་གི་ངོ་བོ་དངོས་པོའི་ཆོས་གྲུབ་པ་ཉིད་སྟོན་པ་དེ་ནི་སྲིད་པ་ཅན་གྱི་རྒྱན་ཞེས་བྱ་བར་བཞེད་དོ། །གཉིས་པ་ལ། དང་པོ་ཕྱིའི་རྒྱུ་ཅུང་ཟད་སྟོན་པའི་སྲིད་པ་ཅན་ནི། མ་འཐུངས་མྱོས་པའི་ཀཱ་དམྦ། །མ་ཕྱིས་དྲི་མ་མེད་པའི་མཁའ། །བགྲུངས་པར་མ་བྱས་དྭངས་པའི་ཆུ། །འགྲོ་བའི་ཡིད་ནི་འཕྲོག་པར་བྱེད། །ཅེས་པ་སྟེ། མྱོས་འགྱུར་མ་འཐུངས་པར་མྱོས་པའི་ཀཱ་དམྦ་སྟེ་བྱ་མཐིང་རིལ་དང་། མ་ཕྱིས་པར་ཡང་དྲི་མ་མེད་ཅིང་དག་པའི་མཁའ་དང་། ཀེ་ཏ་ཀ་སོགས་ཀྱིས་བགྲུངས་པར་མ་བྱས་ཀྱང་དྭངས་པའི་ཆུ་སྟེ། དེ་ལྟ་བུའི་སྟོན་གྱི་དུས་འདིས་འགྲོ་བའི་ཡིད་ནི་འཕྲོག་པར་བྱེད་དོ། །གཉིས་པ་ནང་གི་རྒྱུ་ཅུང་ཟད་སྟོན་པའི་སྲིད་པ་ཅན་ལ། དངོས་དང་། གཉིས་ཀའི་དོན་བཤད་དོ། །དང་པོ་ནི། སྨན་མ་བསྐུས་པར་དཀར་མིན་མིག །མནན་པ་མིན་པར་སྨིན་མ་དམའ། །ཚོན་མ་བསྐུས་པར་དམར་བ་ནི། །མཛེས་མ་ཁྱོད་ཀྱི་མཆུ་འདིའོ། །
ཞེས་པ་སྟེ། མིག་སྨན་མ་བསྐུས་པར་དཀར་མིན་གནག་པའི་མིག་དང་། མནན་པ་མིན་པར་སྨིན་མ་དམའ་བ་དང་། ཚོན་གྱིས་མ་བསྐུས་པར་ཤིན་ཏུ་དམར་བ་ནི་མཛེས་མ་ཁྱོད་ཀྱི་མཆུ་སྒྲོས་འདིའོ། །གཉིས་པ་ནི། གང་ཕྱིར་མ་འཐུངས་ལ་སོགས་སྐྱེས། །མྱོས་པ་ཉིད་སོགས་རྒྱུ་གཞན་ཅན། །ཞེས་པ་སྟེ། གང་ཕྱིར་མ་འཐུངས་པ་ལ་སོགས་པ་ལས་སྐྱེས་པའི་འབྲས་བུ་མྱོས་པ་ཉིད་སོགས་བསྟན་པའི་སྒོ་ནས་མྱོས་འགྱུར་འཐུངས་པ་སོགས་རབ་ཏུ་གྲགས་པའི་རྒྱུ་རྣམས་བཟློག་སྟེ་ཕྱི་ནང་གི་རྒྱུ་གཞན་ཅན་ཅུང་ཟད་སྟོན་པ་དཔེར་བརྗོད་སྔ་མར་སྟོན་གྱི་དུས་དང་། ཕྱི་མར་ལང་ཚོ་དར་བ་ཤུགས་ཀྱིས་རྟོགས་པར་བྱས་སོ། །གསུམ་པ་འབྲས་བུ་རང་གི་ངོ་བོ་ཙམ་སྟོན་པའི་སྲིད་པ་ཅན་ལ། དམ་བཅའ་ནི། རྒྱུ་མེད་དག་ཀྱང་བརྗོད་འདོད་པ། །དེ་ལ་འདིར་ནི་འགལ་བ་མེད། །ཅེས་པ་སྟེ། གོང་དུ་བཤད་པ་དེར་མ་ཟད་རྒྱུ་མེད་པ་དག་ཀྱང་བརྗོད་པར་འདོད་པ་དེ་ལ་གནས་སྐབས་འདིར་ནི་འགལ་བ་མེད་ཕྱིར་བསྟན་པར་བྱའོ། །དཔེར་བརྗོད་ནི། འགོས་པ་མེད་པར་ཁ་དྲི་ཞིམ། །བཅོས་པ་མེད་པར་ལུས་པོ་མཛེས། །རྒྱུ་མེད་དག་ཏུ་ཟླ་བ་དགྲ། །རྒྱུ་མཚན་མེད་པར་འདོད་པ་གྲོགས། །ཞེས་པ་སྟེ། ག་བུར་སོགས་ཀྱིས་འགོས་པ་མེད་པ་ཁ་དྲི་ཞིམ། འབད་པས་བཅོས་པ་མེད་པར་ལུས་པོ་མཛེས་ཤིང་ཡིད་དུ་འོང་། འཁོན་གྱི་རྒྱུ་མེད་དག་ཏུ་ཟླ་བ་དགྲ། མཐུན་པའི་རྒྱུ་མཚན་མེད་པར་འདོད་པའི་སྐྱེས་བུ་གྲོགས་ཡིན་ནོ། །དོན་བཤད་ནི། འགོས་པ་མེད་སོགས་ཚིག་གིས་འདིར། །རྒྱུ་ནི་དངོས་སུ་རབ་བཟློག་ཅིང་། །དྲི་ཞིམ་ཉིད་སོགས་འབྲས་བུར་བརྗོད། །དེ་ཕྱིར་དེ་ནི་སྲིད་པ་ཅན། །ཞེས་པ་སྟེ། འགོས་པ་མེད་པ་ལ་སོགས་པའི་ཚིག་གི་སྐབས་འདིར་རྒྱུ་ཐམས་ཅད་ནི་དངོས་སུ་རབ་ཏུ་ཟློག་ཅིང་བཀག་ནས་དྲི་ཞིམ་པ་ཉིད་ལ་སོགས་པའི་འབྲས་བུ་བརྗོད་པ་དེ་ཕྱིར་དེ་ནི་འབྲས་བུ་རང་གི་ངོ་བོ་ཙམ་སྟོན་པའི་སྲིད་པ་ཅན་ཞེས་བྱ་བར་ཤེས་པར་བྱའོ། །བཅུ་པ་བསྡུས་བརྗོད་ཀྱི་རྒྱན་ལ་གཉིས། མཚན་ཉིད་དང་། དཔེར་བརྗོད་དོ། །དང་པོ་ནི། དངོས་པོ་འགའ་ལ་བསམ་བྱས་ནས། །དེ་དང་མཚུངས་པའི་དངོས་པོ་གཞན། །བསྡུས་པའི་ཚུལ་གྱིས་རྗོད་བྱེད་པ། །དེ་ནི་བསྡུས་པ་བརྗོད་པར་འདོད། །ཅེས་པ་སྟེ། བརྗོད་བྱའི་
དོན་གྱི་དངོས་པོ་འགའ་ལ་བསམ་པར་བྱས་ནས་དེ་དང་ཕྱོགས་མཚུངས་པའི་དངོས་པོ་གཞན་ཞིག་བརྗོད་དོན་བསྡུས་པའི་ཚུལ་གྱིས་རྗོད་པར་བྱེད་པ་དེ་ནི་བསྡུས་པ་བརྗོད་པའི་རྒྱན་ཞེས་བྱ་བར་འདོད་དོ། །གཉིས་པ་ལ། སྤྱིའི་བསྡུས་བརྗོད་དང་། ཁྱད་པར་གྱི་བསྡུས་བརྗོད་དོ། །དང་པོ་ལ། དཔེར་བརྗོད་ནི། བུང་བ་ཇི་ལྟར་འདོད་པ་བཞིན། །པདྨ་རྒྱས་ལ་སྦྲང་རྩི་འཐུངས། །དྲི་ཞིམ་རྒྱས་པ་མ་ཡིན་ཡང་། །མེ་ཏོག་ཁ་མ་བྱེ་སྦྱོར་ལྟོས། །ཞེས་པ་སྟེ། བུང་བ་དག་ཇི་ལྟར་འདོད་པ་བཞིན་དུ་པདྨ་རྒྱས་པ་ལ་སྤྱོད་ཅིང་སྦྲང་རྩིའི་བཅུད་འཐུངས་ལ། དེས་མ་ཚིམ་པར་དྲི་ཞིམ་རྒྱས་པ་མ་ཡིན་པའི་མེ་ཏོག་ཁ་མ་བྱེ་བ་ལ་ཡང་མཆུ་སྦྱོར་བ་ལ་ལྟོས་ཤིག་པའོ། །དོན་བཤད་ནི། ཆགས་ལྡན་བུད་མེད་དར་མ་ལ། །དགའ་བའི་བརྩེ་དགས་བཅིངས་པ་དག །བུ་མོ་འགའ་ཞིག་དག་ལ་ཡང་། །འདོད་པ་འཕེལ་བ་སྟོན་པར་བྱེད། །ཅེས་པ་སྟེ། ཆགས་ལྡན་དག་བུད་མེད་ལང་ཚོ་དར་མ་ལ་དགའ་བའི་བརྩེ་དགའི་བྱ་བས་བཅིངས་པ་དག་ནི། བུ་མོ་ཆུང་ངུ་འགའ་ཞིག་དག་ལ་ཡང་འདོད་པ་འཕེལ་བའི་རྣམ་འགྱུར་སྟོན་པར་བྱེད་ཅེས་པའི་དོན་ནོ། །གཉིས་པ་ལ། དབྱེ་བ་དང་། དཔེར་བརྗོད་དོ། །དང་པོ་ནི། ཁྱད་པར་ཅན་ཙམ་ཐ་དད་ཅིང་། །ཁྱད་པར་རྣམ་པ་མཚུངས་པའང་ཡོད། །ཁྱད་པར་ཐ་དད་ཐ་དད་མིན། །འདི་ནི་གཞན་པ་དག་ཀྱང་ཡོད། །ཅེས་པ་སྟེ། གོ་སླའོ། །གཉིས་པ་ལ། དང་པོ་ཁྱད་གཞི་ཐ་དད་ཁྱད་ཆོས་མཚུངས་པའི་བསྡུས་བརྗོད་ནི། རྩ་བརྟན་འབྲས་བུའི་ཁུར་གྱིས་ནི། །སློང་རྣམས་རྟག་ཏུ་རྒྱས་པར་བྱེད། །གྲིབ་མ་སྣུམ་པའི་ལྗོན་པ་ཆེ། །འདི་ནི་བདག་གིས་ཡང་དག་ཐོབ། །ཅེས་པ་སྟེ། དཔག་བསམ་ལྗོན་ཤིང་རྩ་བ་བརྟན་ཅིང་འབྲས་བུའི་ཁུར་ལྕི་བ་དག་གིས་སློང་བ་རྣམས་རྟག་ཏུ་དགའ་བ་རྒྱས་པར་བྱེད་ལ། གྲིབ་མ་ཤིན་ཏུ་སྣུམ་པའི་ལྗོན་པ་ཆེན་པོ་འདི་ནི་བདག་གིས་ཡང་དག་ཐོབ་ཅེས་པའི་དོན་རང་བཞིན་ བཟང་པོའི་རྩ་བ་བརྟན་ཅིང་སྡེ་བཞིའི་འབྲས་བུའི་ཁུར་གྱིས་སློང་བ་རྣམས་རྟག་ཏུ ་རྒྱས་པར་བྱེད་པ་ཕན་བདེའི་གྲིབ་མ་སྣུམ་པའི་སྐྱེས་བུ་ཆེན་པོ་འདི་ནི་བདག་གིས་ཡང་དག་ཐོབ་ཅེས་པའོ། །གཉིས་པ་ཁྱད་གཞི་ཐ་དད་ཁྱད་ཆོས་མཚུངས་ཤིང་མི་མཚུངས་པའི་བསྡུས་བརྗོད་ལ། དངོས་དང་། གཉིས་ཀའི་དོན་བཤད་དོ། །དང་པོ་
ནི། ཡལ་གའི་ཁྱོན་ནི་མི་ནུས་ཤིང་། །མེ་ཏོག་འབྲས་བུ་ཕུན་སུམ་ཚོགས། །དམ་པའི་གྲིབ་བསིལ་བརྟན་ལྡན་པའི། །ཤིང་འདི་བདག་གི་སྐལ་བས་རྙེད། །ཅེས་པ་སྟེ། ཡལ་གའི་ཁྱོན་ནི་མི་ཆུང་བར་རྒྱ་ཆེ་ཞིང་། ཤིན་ཏུ་མཛེས་པའི་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་དང་ལྡན་ལ་དམ་པའི་གྲིབ་བསིལ་གྱིས་གཞན་གྱི་ཚ་གདུང་སེལ་ཞིང་། རྩ་བ་བརྟན་པ་དང་ལྡན་པའི་ཤིང་འདི་ནི་བདག་གི་སྐལ་བས་རྙེད་ཅེས་པའི་དོན་རྐང་པ་སྔ་མ་གཉིས་ལ་ཤིང་ཁོ་ནའི་ཁྱད་པར་བརྗོད་ཅིང་། ཕྱི་མ་གཉིས་ཕན་བདེ་དམ་པའི་གྲིབ་བསིལ་དང་། རང་བཞིན་བརྟན་པ་དང་ལྡན་པའི་སྒོ་ནས་སྐྱེས་བུ་དང་ཤིང་གཉིས་ཀའི་ཁྱད་པར་ལྷན་ཅིག་ཏུ་བསྡུས་ནས་བརྗོད་པའི་ཚུལ་གྱིས་དེ་ལྟ་བུའི་སྐྱེས་བུ་ཆེན་པོ་འདི་ནི་བདག་གི་སྐལ་བས་རྙེད་ཅེས་པའོ། །གཉིས་པ་ནི། གཉིས་ཀ་ལ་ཡང་སྐྱེས་བུ་འགའ། །ལྗོན་པ་ཉིད་ཀྱིས་ཉེ་བར་བསྔགས། །ཆོས་རྣམས་ཐམས་ཅད་སྔ་མ་ལ། །ཐུན་མོང་གཞན་ལ་རྣམ་པ་གཉིས། །ཞེས་པ་སྟེ་དཔེར་བརྗོད་སྔ་ཕྱི་གཉིས་ཀ་ལ་ཡང་སྐྱེས་བུ་ཁྱད་པར་ཅན་འགའ་ལྗོན་པར་བསྡུས་པ་ཉིད་ཀྱིས་ཉེ་བར་བསྔགས་ལ། དེ་ཡང་ཁྱད་གཞི་ལྗོན་པ་དང་སྐྱེས་བུ་གཉིས་ཐ་དད་པར་སྔ་ཕྱི་གཉིས་ཀར་མཚུངས་ཤིང་། ཁྱད་པར་གྱིི་ཆོས་རྣམས་ཐམས་ཅད་སྔ་མ་ལ་ཐུན་མོང་དང་། གཞན་ཕྱི་མ་ལ་རྐང་པ་དང་པོ་གཉིས་ཐ་དད་དང་ཕྱི་མ་གཉིས་ཐ་དད་མིན་པས་རྣམ་པ་གཉིས་སོ། །གསུམ་པ་སྔོན་མེད་བསྡུས་བརྗོད་ལ། དཔེར་བརྗོད་ནི། སྦྲུལ་ངན་འགྲོགས་པ་དང་བྲལ་ཞིང་། །རང་བཞིན་གྱིས་ནི་མངར་བའི་ནང་། །ཀྱེ་མ་ཆུ་ཡི་གཏེར་འདི་ནི། །དུས་ཀྱི་ཡོངས་སུ་སྐམ་པར་འགྱུར། །ཞེས་པ་སྟེ། སྦྲུལ་ངན་འགྲོགས་པ་དང་བྲལ་ཞིང་། བ་ཚྭ་ལ་སོགས་པའི་སྐྱོན་གྱིས་མ་གོས་པར་རང་བཞིན་གྱིས་མངར་བའི་ནང་ཞེས་སྔོན་མེད་ཀྱི་རྒྱུ་བརྗོད་ནས། ཀྱཻ་མ་དེ་ལྟ་བུའི་ཆུའི་གཏེར་ཕུན་སུམ་ཚོགས་པ་འདི་ནི་དུས་ཀྱི་ཡོངས་སུ་སྐམ་པར་འགྱུར་ཞེས་པའོ། །དོན་བཤད་ནི། རྒྱ་མཚོ་ལ་ནི་དེ་མཚུངས་པ། །སྐྱེས་བུའི་ལྡོག་པ་གསལ་བྱེད་ཅིང་། །སྔ་མའི་ཆོས་ནི་བཟློག་པའི་ཕྱིར། །འདི་ནི་སྔོན་མེད་བསྡུས་པ་བརྗོད། །ཅེས་པ་སྟེ། རྒྱ་མཚོ་ལ་སྦྲུལ་ངན་འགྲོགས་པ་ལ་སོགས་པའི་སྐྱོན་མེད་པར་བརྗོད་པས་བསམ་བྱ་དེ་དང་མཚུངས་པའི་སྐྱེས་
བུའི་ལྡོག་པ་སྐྱེ་བོ་ངན་པ་དང་མི་འགྲོགས་ཤིང་། རང་བཞིན་གྱིས་མངར་བའི་ནང་གི་བསམ་པ་ཅན་དེ་ལྟ་བུའི་སྐྱེས་བུ་འདི་ནི་དུས་ཀྱི་ཡོངས་སུ་འདའ་ཞེས་པའི་དོན་གསལ་བར་བྱེད་ཅིང་། སྔ་མ་རྒྱ་མཚོའི་ཆོས་སྦྲུལ་དང་བ་ཚྭ་ལྡན་པ་བཟློག་སྟེ་བརྗོད་པའི་ཕྱིར་ཚུལ་འདི་ནི་སྔོན་མེད་བསྡུས་པ་བརྗོད་པ་ཞེས་བྱའོ། །བཅུ་གཅིག་པ་ཕུལ་བྱུང་གི་རྒྱན་ལ་གསུམ། མཚན་ཉིད། དཔེར་བརྗོད། དོན་བསྡུ་བའོ། །དང་པོ་ནི། ཁྱད་པར་གྱི་ནི་བརྗོད་འདོད་གང་། །འཇིག་རྟེན་མཚམས་ལས་བརྒལ་གྱུར་པ། །ཕུལ་དུ་བྱུང་བར་བརྗོད་པ་འདི། །རྒྱན་གྱི་དམ་པ་ཡིན་ཏེ་དཔེར། །ཞེས་པ་སྟེ། ཁྱད་པར་གྱི་ཚིག་བརྗོད་འདོད་ཀྱི་དངོས་པོ་གང་འཇིག་རྟེན་ན་ཇི་ལྟར་གནས་པའི་མཚམས་ལས་བརྒལ་བར་གྱུར་པ་འུད་ཆེན་པོའི་སྒོ་ནས་ཤིན་ཏུ་ཕུལ་དུ་བྱུང་བར་བརྗོད་པ་འདི་ནི་དམ་པ་ཡིན་ཏེ། དཔེར་ན་ཞེས་སོ། །གཉིས་པ་ལ། དང་པོ་ཁྱད་འཕགས་ཕུལ་བྱུང་ལ། དཔེར་བརྗོད་ནི། མལླི་ཀཱ་ཡི་ཕྲེང་ཚོགས་ཅན། །ལུས་ཀུན་ཁྱབ་པའི་ཙནྡན་གཤེར། །དཀར་བའི་གོས་ཅན་སྔོན་འགྲོ་མ། །ཟླ་བའི་འོད་ཀྱིས་མཚོན་མ་ཡིན། །ཞེས་པ་སྟེ། མེ་ཏོག་དཀར་པོ་མལླི་ཕྲེང་བའི་ཚོགས་ཅན། ལུས་ཀུན་ཁྱབ་པའི་ཙན་དན་དཀར་པོའི་བྱུག་པ་གཤེར་བ། ཤིན་ཏུ་དཀར་བའི་གོས་ཅན་མཛའ་བོའི་སྔོན་དུ་འགྲོ་མ་ཁྱོད་ཀྱི་མཚར་སྡུག་ནི་ཟླ་བའི་འོད་ཀྱིས་ཀྱང་ཆ་ཙམ་མཚོན་པར་ནུས་པ་མ་ཡིན་ནོ། །དོན་བཤད་ནི། ཟླ་བའི་འོད་ནི་ལྷག་པ་ཉིད། །ཁྱད་འཕགས་ལྡན་བརྗོད་ཅེས་པ་སྟེ། །འཇིག་རྟེན་ན་ཟླ་བའི་འོད་ནི་མཛེས་ཤིང་དཀར་བ་སོགས་ཆེས་ལྷག་པ་ཉིད་ཡིན་ལ། དེ་ལས་ཀྱང་མཛེས་མའི་ལུས་ཁྱད་པར་འཕགས་པའི་ཡོན་ཏན་ལྡན་པ་བརྗོད་པ་དེ་འདྲ་བ་ནི་ཁྱད་འཕགས་ཕུལ་བྱུང་ཞེས་བྱ་བར་བརྗོད་དོ། །གཉིས་པ་ཐེ་ཚོམ་ཕུལ་བྱུང་ལ། དཔེར་བརྗོད་ཕྱི་མ་རྣམས་ཀྱི་དམ་བཅའ་བ་དང་། དངོས་སོ། །དང་པོ་ནི། དེ་བཞིན་དུ། །ཐེ་ཚོམ་ཕུལ་བྱུང་ལ་སོགས་ཀྱང་། །གསལ་ཕྱིར་ཅུང་ཟད་བསྟན་པར་བྱ། །ཞེས་པ་སྟེ། བཤད་མ་ཐག་པའི་ཁྱད་འཕགས་ཕུལ་བྱུང་དེ་བཞིན་དུ་ཐེ་ཚོམ་ཕུལ་བྱུང་ལ་སོགས་པ་གཞན་དག་ཀྱང་གསལ་ཞིང་རྟོགས་པའི་ཕྱིར་ཅུང་ཟད་བསྟན་པར་བྱའོ། །གཉིས་
པ་ནི། དགའ་མ་ཁྱོད་ཀྱི་ནུ་མ་དང་། །དཔྱི་ཡི་བར་ན་སྐེད་པ་ནི། །ཡོད་དམ་མེད་ཅེས་བདག་གི་ནི། །ཐེ་ཚོམ་ད་དུང་བཟློག་མ་གྱུར། །ཞེས་པ་སྟེ། དགའ་མ་ཁྱོད་ཀྱི་ནུ་མ་གཉིས་དང་དཔྱི་མགོ་སྟེ་ཚང་རའི་བར་ན་སྐེད་པ་ནི་ཡོད་དམ་མེད་ཅེས་བདག་གི་ཐེ་ཚོམ་གྱི་སེམས་ད་དུང་བཟློག་པར་མ་གྱུར་ཏོ་ཞེས་དེ་འདྲའི་ཐེ་ཚོམ་སྐྱེ་མི་སྲིད་ཀྱང་སྐེད་པ་ཤིན་ཏུ་ཕྲ་བ་སྟོན་པའི་ཕྱིར་ཚིག་སྦྱོར་དེ་ལྟར་བཀོད་པས་ཐེ་ཚོམ་ཕུལ་བྱུང་ཞེས་བྱའོ། །གསུམ་པ་ངེས་པ་ཕུལ་བྱུང་ནི། ནི་ཏམྦི་ནི་ཁྱོད་ལ་ནི། །སྐེད་པ་ཡོད་ཅེས་ངེས་པར་ནུས། །འོ་མ་འཛིན་པའི་ཁུར་གནས་པ། །རྣམ་པ་གཞན་དུ་སྲིད་མ་ཡིན། །ཞེས་པ་སྟེ། ནི་ཏམྦི་ནིའི་སྒྲ་ལས་ཚང་ར་རྒྱས་མ་ཁྱོད་ལ་སྐེད་པ་ཡོད་ཅེས་ངེས་པར་ནུས་ཏེ། འོ་མ་འཛིན་པའི་ཁུར་ལྕི་བ་འདི་ལྟ་བུ་རྟེན་མེད་ནམ་མཁར་གནས་པ་ནི་རྣམ་པ་གཞན་དུ་སྲིད་པ་མ་ཡིན་པས་སོ་ཞེས་སྐེད་པ་ཤིན་ཏུ་ཕྲ་བས་དངོས་སུ་མ་མཐོང་ལ། གཏན་ཚིགས་ཀྱི་སྒོ་ནས་ཡོད་པར་ངེས་པ་རྙེད་ཚུལ་བརྗོད་པས་ངེས་པ་ཕུལ་བྱུང་ཞེས་བྱའོ། །བཞི་པ་གྲགས་པ་ཕུལ་བྱུང་ནི། ཁྱོད་ཀྱི་གྲགས་པའི་ཕུང་པོ་ནི། །དཔག་ནུས་མིན་ཡང་འདིར་ཤོང་བ། །ས་སྐྱོང་སྲིད་པ་གསུམ་གྱི་ནི། །ཁོང་དག་ཨེ་མ་ཤིན་ཏུ་ཡངས། །ཞེས་པ་སྟེ། ས་སྐྱོང་ཞེས་བོས་ནས། ཁྱོད་ཀྱི་ཡོན་ཏན་གྱི་གྲགས་པའི་ཕུང་པོ་འདི་ཙམ་ཞེས་དཔག་པར་ནུས་པ་མ་ཡིན་ཡང་འཇིག་རྟེན་འདིར་ཤོང་བའི་ཕྱིར་སྲིད་པ་གསུམ་གྱི་ཁོངས་དག་ཨེ་མ་ཤིན་ཏུ་ཡངས་སོ་ཞེས་གྲགས་པ་ཤོང་བའི་གཏན་ཚིགས་ཀྱིས་འཇིག་རྟེན་ཡངས་པར་བསྒྲུབས་པས་གྲགས་པ་ཕུལ་བྱུང་ཞེས་བྱའོ། །གསུམ་པ་ནི། རྒྱན་ནི་གཞན་པ་དག་ལས་ཀྱང་། །ངག་གི་དབང་པོས་མཆོད་གྱུར་པ། །ཕུལ་བྱུང་ཞེས་ནི་བརྗོད་པ་འདི། །གཅིག་པུ་ཉིད་ནི་མཆོག་ཏུ་བརྗོད། །ཅེས་པ་སྟེ། རྒྱན་གཞན་ཇི་སྙེད་པ་དག་ལས་ཀྱང་ངག་གི་དབང་པོ་སྙན་ངག་རིག་པ་རྣམས་ཀྱིས་མཆོད་པར་གྱུར་པ་ཕུལ་བྱུང་ཞེས་བརྗོད་པའི་རྒྱན་འདི་གཅིག་པུ་ཉིད་ནི་མཆོག་ཏུ་བརྗོད་དོ། །བཅུ་གཉིས་པ་རབ་རྟོག་གི་རྒྱན་ལ་བཞི། མཚན་ཉིད། དཔེར་བརྗོད། ལོག་རྟོག་དགག་པ། གསལ་བྱེད་ཀྱི་སྒྲ་བཤད་པའོ། །དང་པོ་ནི། སེམས་ལྡན་དག་གམ་ཅིག་ཤོས་ཀྱི། །རྣམ་
པ་གཞན་དུ་གནས་པའི་ཚུལ། །གང་དུ་རྣམ་གཞན་རབ་རྟོག་པ། །དེ་ནི་རབ་རྟོག་ཏུ་རིག་དཔེར། །ཞེས་པ་སྟེ། སེམས་ལྡན་སྲོག་ཆགས་དག་གམ་དེའི་ཅིག་ཤོས་སེམས་མེད་དག་ཀྱང་རུང་སྟེ། དེ་དག་གི་རྣམ་པ་རབ་རྟོག་བརྗོད་འདོད་ལས་གཞན་དུ་གྱུར་པ་དངོས་པོའི་གནས་ལུགས་ཇི་ལྟར་ཡིན་པའི་ཚུལ་དེ་ཉིད་ཚིག་སྦྱོར་གང་དུ་རྣམ་པ་གཞན་དུ་རབ་ཏུ་རྟོག་པ་སྒྲོ་འདོགས་ཀྱི་སྒོ་ནས་བརྗོད་པ་དེ་ནི་རབ་རྟོག་གི་རྒྱན་དུ་རིག་སྟེ། དཔེར་ན་ཞེས་སོ། །གཉིས་པ་ལ། དང་པོ་སེམས་ལྡན་རབ་རྟོག་ལ། དཔེར་བརྗོད་ནི། ཉིན་གུང་ཉི་མས་གདུངས་པ་ཡི། །གླང་པོ་དག་ནི་མཚོར་འཇུག་པ། །ཉི་མའི་ཕྱོགས་གྱུར་པདྨ་རྣམས། །གཞོམ་པར་འདོད་པ་ཡིན་ནམ་སྙམ། །ཞེས་པ་སྟེ། ཉིན་གུང་གི་དུས་ཉི་མའི་འོད་ཟེར་གྱིས་གདུངས་པའི་གླང་པོ་ཆེ་དག་པད་མཚོར་འཇུག་པ་འདི་ནི་ཚ་བས་གདུངས་པའི་ལན་ཉི་མ་ལ་གླན་པར་མ་ནུས་ནས་དེའི་ཕྱོགས་སུ་གྱུར་པའི་པདྨ་རྣམས་གཞོམ་པར་འདོད་པ་མིན་ནམ་སྙམ་མོ། །དོན་བཤད་ནི། ཁྲུས་དང་བཏུང་དང་པད་རྩ་དག །བཟའ་ཕྱིར་ལག་ལྡན་ཆུར་འཇུག་པ། །དེ་ནི་འཁོན་ལན་གླན་ཕྱིར་ཞེས། །སྙན་ངག་མཁན་གྱིས་རབ་བརྟགས་བརྗོད། །ཅེས་པ་སྟེ། ཁྲུས་བྱ་བ་དང་། ཆུ་བཏུང་བ་དང་། པད་རྩ་དག་བཟའ་བའི་ཕྱིར་ལག་ལྡན་དག་ཆུར་འཇུག་པ་ཡིན་པ་ལ། དེ་ནི་ཉི་མ་ལ་འཁོན་ལན་གླན་ཕྱིར་ཉི་མའི་གྲོགས་པདྨ་རྣམས་གཞོམ་པར་འདོད་པ་ཡིན་ཞེས་སྙན་ངག་མཁན་གྱིས་གཞན་དུ་རབ་ཏུ་བརྟགས་ནས་བརྗོད་དོ། །གཉིས་པ་སེམས་མེད་རབ་རྟོག་ལ། དཔེར་བརྗོད་ནི། འདི་ནི་བདག་གི་རིང་བ་དག །འགོག་བྱེད་རྣ་བའི་རྒྱན་ཞེས་ཏེ། །ཁྱོད་ཀྱི་མིག་གིས་རྣ་བ་ཡི། །ཨུཏྤལ་དག་ལ་འགོངས་པ་འདྲ། །ཞེས་པ་སྟེ། ཨུཏྤལ་གྱི་ཆུན་པོ་འདི་ནི་མིག་བདག་གི་རིང་བ་དག་འགོག་པར་བྱེད་ཕྱིར་བདག་ནི་རྣ་བའི་རྒྱན་ཞེས་བརྗོད་དེ་འོངས་པ་འདྲའོ། །དེར་མ་ཟད། ཁྱོད་ཀྱི་མིག་གིས་རྣ་བའི་ཨུཏྤལ་གྱི་མཛེས་པ་དག་ལ་འགོངས་ཤིང་རྫི་བར་བྱེད་པ་འདྲའོ། །དོན་བཤད་ནི། མིག་ཟུར་ཆར་ནི་ལྷུང་གྱུར་པ། །མིག་གི་འོད་ཀྱིས་ཨུཏྤལ་ལ། །རེག་པ་མིན་ཡང་སྙན་ངག་མཁན། །དེ་ལྟར་རབ་ཏུ་བརྟགས་ཏེ་བརྗོད། །ཅེས་པ་སྟེ། མིག་ཟུར་ཆར་ནི་ལྷུང་བར་གྱུར་པ་ཙམ་རབ་རྟོག་
གི་ས་བོན་དུ་བྱས་ནས། མིག་གི་འོད་ཀྱིས་ཨུཏྤལ་ལ་འགོང་ཞིང་རེག་པ་མིན་ཡང་སྙན་ངག་མཁན་གྱིས་དེ་ལྟར་སྒྲོ་རབ་ཏུ་བརྟགས་ཏེ་བརྗོད་དོ། །གསུམ་པ་བཞིན་སྒྲ་ཅན་ནི། མུན་པ་ལུས་ལ་འབྱུག་པ་བཞིན། །མཁའ་ནི་མིག་སྨན་ཆར་འབེབས་བཞིན། །ཞེས་འདི་ཡང་ངོ་རབ་རྟོག་གི། མཚན་ཉིད་ལྡན་པ་ཤིན་ཏུ་མང་། །ཞེས་པ་སྟེ། མཚན་དུས་ཀྱི་མུན་པ་འདི་ནི་རང་ལུས་ལ་འབྱུག་པ་བཞིན་ནོ། །ནམ་མཁའ་ནི་མིག་སྨན་གྱི་ཆར་འབེབས་པ་བཞིན་ནོ། །ཞེས་པ་འདི་ཡང་རབ་རྟོག་ཏུ་འགྱུར་ཏེ་ཚུལ་དེ་ལྟར་རབ་རྟོག་གི་མཚན་ཉིད་ལྡན་པ་ཤིན་ཏུ་མང་ངོ་། །གསུམ་པ་ནི། འདིར་ནི་བཞིན་གྱི་སྒྲ་ཡིས་འགའ། །དཔེ་འདི་ཉིད་དུ་ཁྲུལ་པས་སྐྱེད། །ཏིང་ངའི་མཐའ་ཡིས་དཔེ་མ་ཡིན། །ཞེས་པ་ཡིད་ཆེས་གསུང་འདས་ནས། །ཞེས་པ་སྟེ། མུན་པ་ལུས་ལ་འབྱུག་པ་བཞིན་ཞེས་སོགས་བརྗོད་མ་ཐག་པའི་དཔེར་བརྗོད་འདིར་ནི་བཞིན་སྒྲ་དང་ལྡན་པས་འགའ་ཞིག་དཔེ་རྒྱན་ཉིད་དུ་འཁྲུལ་པ་བསྐྱེད་དེ། དེ་ལྟ་ན་རྒྱ་དཔེར། འབྱུག་པ་བཞིན་ཞེས་པ་ལ་ལིམྦ་ཏི་ཞེས་དང་། ཆར་འབེབས་བཞིན་ཞེས་པ་ལ་ཝཪྵ་ཏི་ཞེས་གཉིས་ཀ་ཏིང་ངའི་མཐའ་ཅན་ཡིན་པས་དཔེ་རྒྱན་དུ་འགྱུར་བ་མ་ཡིན་ཏེ། གལ་ཏེ་ཡིན་ན་དེ་ཕན་གྱི་རྐྱེན་སྟེར་དགོས་སོ་ཞེས་ཙནྡྲ་གོ་མི་ལ་སོགས་པ་ཡིད་ཆེས་ཀྱི་མཁས་པ་དུ་མའི་གསུང་ངག་ལས་འབྱུང་བའི་ཕྱིར་དེ་དག་ལས་འདས་ནས་བརྗོད་པ་མི་རིགས་པས་སོ། །གཞན་ཡང་། དཔེ་དང་དཔེར་བྱ་ཉིད་དག་ནི། །མཚུངས་པའི་ཆོས་ལ་ལྟོས་པས་ན། །འབྱུག་པ་དང་ནི་མུན་པ་ལ། །ཆོས་འདི་མངོན་པར་གྱུར་ཏམ་ཅི། །ཞེས་པ་སྟེ། ལུང་དང་འགལ་བར་མ་ཟད། རིགས་པ་དང་ཡང་འགལ་ཏེ། དཔེ་རྒྱན་ཡིན་ན། དཔེ་དང་དཔེར་བྱ་ཉིད་དག་ཕན་ཚུན་མཚུངས་པའི་ཆོས་ལ་ལྟོས་དགོས་ལ། འདིར་དེ་མེད་པས་དཔེ་རྒྱན་དུ་འགྱུར་བ་མ་ཡིན་ནོ། །གལ་ཏེ་འབྱུག་པ་དང་མུན་པ་གཉིས་དཔེ་དང་དཔེར་བྱར་འགྱུར་རོ་ཞེ་ན་དཔེ་དཔེ་ཅན་དུ་འགྱུར་བ་ལ་ཁ་དོག །དབྱིབས། བྱེད་ལས་སོགས་གཉིས་ཀ་ལ་ཐུན་མོང་དུ་ཡོད་པའི་མཚུངས་ཆོས་གང་རུང་ཞིག་མཐོང་དགོས་པ་ལས། འདིར་དེ་ལྟ་བུའི་ཆོས་གང་ཡང་མངོན་པར་མཐོང་བར་གྱུར་ཏམ་ཅི་སྟེ་མ་མཐོང་བས་ན་དཔེ་རྒྱན་མ་ཡིན་ནོ། །དེར་མ་ཟད། གལ་ཏེ་འབྱུག་པ་ཉིད་
འདོད་ན། །འབྱུག་ཅེས་བྱ་བ་གཞན་པ་ཅི། །དེ་ཉིད་ཆོས་དང་ཆོས་ཅན་ཡང་། །ཞེས་པ་མ་མྱོས་འཆད་མ་ཡིན། །ཞེས་པ་སྟེ། གལ་ཏེ་འབྱུག་པར་བྱ་བའི་ངོ་བོ་ཉིད་མཚུངས་ཆོས་སུ་འདོད་དོ་ཞེ་ན། འབྱུག་ཅེས་བྱ་བ་གཅིག་བུ་དེ་ལས་གཞན་པའི་འབྱུག་པ་གཉིས་པ་ཅི་ཞིག་མཆིས། ཡང་འབྱུག་པ་དེ་ཉིད་ཆོས་དང་ཆོས་ཅན་གཉིས་ཀ་ཡང་ཡིན་ནོ་ཞེ་ན་དེ་ལྟ་བུ་སྨྱོན་པས་སྨྲ་སྲིད་ཀྱི། མ་མྱོས་པ་སེམས་རང་བཞིན་དུ་གནས་པ་རྣམས་ནི་དེ་ལྟར་འཆད་པ་མ་ཡིན་ཏེ། ཆོས་དང་ཆོས་ཅན་གཉིས་པོ་ཐ་དད་པར་འཇིག་རྟེན་དང་བསྟན་བཅོས་ཀུན་ཏུ་གྲགས་པས་སོ། །ཡང་། གལ་ཏེ་བྱེད་པ་དཔེ་ཡིན་ན། །བྱ་ཚིག་ལ་འདི་དབང་བྲལ་འགྱུར། །རང་གི་བྱ་བསྒྲུབ་མི་ནུས་པ། །གཞན་གྱི་བལྟོས་བྱ་མི་འགྱུར་རོ། །ཞེས་པ་སྟེ། གལ་ཏེ་འབྱུག་པར་བྱེད་པའི་བྱེད་པ་དཔེ་ཡིན་ནོ་ཞེ་ན་འབྱུག་ཅེས་བྱ་བའི་བྱ་ཚིག་ཏིང་ངའི་མཐའ་ཅན་ལ་བྱེད་ཚིག་འདི་ནི་དབང་བྲལ་དུ་འགྱུར་བས་རང་གི་བྱ་བ་འབྱུག་པ་ཉིད་ཀྱང་བསྒྲུབ་མི་ནུས་པ་ཡིན་ན། གཞན་མུན་པ་སོགས་ཀྱི་བལྟོས་བྱ་དཔེར་མི་འགྱུར་རོ། །ཡང་གང་གིས་འབྱུག་པ་འདི་དང་ནི། །མུན་པ་མཚུངས་ཞེས་སྨྲ་ན་ཡང་། །ལུས་ལ་ཞེས་པ་མ་འབྲེལ་ཏེ། །དེ་ཡང་ཡོན་ཏན་མཚུངས་པ་བལྟ། །ཞེས་པ་སྟེ། རྒོལ་བ་པོ་གང་གིས་དོན་དུ་བྱས་པའི་འབྱུག་པ་འདི་དང་། དཔེར་བྱས་པའི་མུན་པ་གཉིས་པོ་མཚུངས་སོ་ཞེས་སྨྲ་ན་ཡང་ལུས་ལ་ཞེས་པའི་ཚིག་དེ་བར་ན་ཡོད་པས་དཔེ་དོན་མ་འབྲེལ་ཏེ། དེ་ཡང་དཔེ་དཔེ་ཅན་ཡོན་ཏན་མཚུངས་པར་བལྟ་དགོས་ལ་འདིར་དེ་མེད་པའི་ཕྱིར་དཔེ་རྒྱན་དུ་མི་འགྱུར་རོ། །ཡང་། དཔེར་ན་ཁྱོད་གདོང་ཟླ་བ་བཞིན། །ཞེས་པས་མཛེས་པ་རྟོགས་འགྱུར་ཏེ། །དེ་བཞིན་འབྱུག་པ་འདི་ལ་ནི། །འབྱུག་པ་ལས་གཞན་རྟོགས་མ་ཡིན། །ཞེས་པ་སྟེ། དེ་ཡང་དཔེས་སྒྲུབ་ན། དཔེར་ན་ཁྱོད་གདོང་ཟླ་བ་བཞིན་ཞེས་པ་ཟླ་བ་དང་གདོང་པ་གཉིས་དཔེ་དཔེ་ཅན་དུ་སྦྱར་བའི་སྒོ་ནས་གདོང་ཤིན་ཏུ་མཛེས་པ་ཟླ་བ་དང་མཚུངས་པར་རྟོགས་པར་འགྱུར་ཏེ། ཚུལ་དེ་བཞིན་དུ། འབྱུག་པ་འདི་ལ་ནི་འབྱུག་པའི་ཆོས་ལས་གཞན་དུ་གྱུར་པའི་མུན་པ་དང་མཚུངས་ཆོས་རྟོགས་རྒྱུ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་འབྱུག་པ་འདི་དང་ནི། །མུན་པ་བྱེད་པ་ལུས་ཀྱང་ལས། །ཉེ་བར་སྦྱར་དོན་སྐྱེས་བུ་
ཡིས། །དེ་ལྟར་རབ་བརྟགས་ཞེས་འདོད་བྱ། །ཞེས་པ་སྟེ། རྒྱུ་མཚན་དེ་ཕྱིར་འབྱུག་པ་འདི་དང་། མུན་པ་བྱེད་པ་པོར་སྦྱར། ལུས་ཀྱང་ལས་སུ་ཉེ་བར་སྦྱར་བའི་དོན་ཅན་གྱི་ཚིགས་སྐྱེས་བུ་སྙན་ངག་མཁན་མཁས་པས་དངོས་པོའི་གནས་ཚུལ་ལ་མུན་པ་ཤིན་ཏུ་གནག་པས་ལུས་མི་མཐོང་བ་ལས་གཞན་མུན་པས་སྐྱེས་བུའི་ལུས་ལ་འབྱུག་རྒྱུ་མེད་པ་དེ་ལྟ་ནའང་མུན་པ་ས་ལ་འབྱུག་པ་བཞིན་ཞེས་དེ་ལྟར་གཞན་དུ་སྒྲོ་བཏགས་ནས་བརྗོད་པ་འདི་ལྟ་བུ་རྣམས་ལ་དཔེ་རྒྱན་དུ་འཁྲུལ་བར་མི་བྱ་སྟེ། རབ་བརྟགས་ཞེས་བྱ་བའི་རྒྱན་དུ་འདོད་པར་བྱའོ། །བཞི་པ་ནི། སྙམ་དང་དོགས་དང་ངེས་དང་འདྲ། །མིན་ནམ་ཞེས་པ་ལ་སོགས་པའི། །སྒྲ་ཡིས་རབ་བརྟགས་གསལ་བར་བྱེད། །བཞིན་གྱི་སྒྲ་ཡང་དེ་དང་འདྲ། །ཞེས་པ་སྟེ། སྙམ་དང་། དོགས་དང་། ངེས་དང་། འདྲ་དང་། མིན་ནམ་ཞེེས་པ་དང་། ལ་སོགས་པའི་ཁོང་ནས་རྟོག་དང་། རྣམ་པར་རྟོག་དང་། ཆོས་མཐོང་དང་། ཇི་ལྟ་བུ་ལ་སོགས་པའི་སྒྲ་དུ་མས་རབ་བརྟགས་གསལ་བར་བྱེད་ཅིང་། བཞིན་གྱི་སྒྲ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །བཅུ་གསུམ་པ་རྒྱུའི་རྒྱན་ལ་གཉིས། རྒྱན་གསུམ་གྱི་བསྔགས་པ་སྤྱིར་བརྗོད་པ་དང་། རྒྱུ་རྒྱན་དངོས་སོ། །དང་པོ་ནི། རྒྱུ་དང་ཕྲ་མོ་ཆ་དག་ནི། །ཚིག་རྣམས་དག་གི་རྒྱན་གྱི་མཆོག །ཅེས་པ་སྟེ། གོ་སླའོ། །གཉིས་པ་ལ། མཚན་ཉིད། དཔེར་བརྗོད། དོན་བསྡུ་བའོ། །དང་པོ་ནི། རྒྱུ་ནི་བྱེད་པོ་ཤེས་བྱེད་དེ། །དེ་དག་རྣམ་པ་དུ་མ་དཔེར། །ཞེས་པ་སྟེ། སྤྱིར་རྒྱུའི་རྒྱན་ནི་བྱེད་པོ་དང་ཤེས་བྱེད་གཉིས་སུ་འགྱུར་ལ། དེ་ཡང་བྱེད་པོའི་རྒྱུ་འབྲས་བུ་སྔར་མེད་གསར་དུ་བསྐྱེད་པ་ས་བོན་ལས་མྱུ་གུ་ལྟ་བུ་དང་། ཤེས་བྱེད་ཀྱི་རྒྱུ་དུ་བ་ལས་མེར་ཤེས་པ་ལྟ་བུ་སྟེ། དེ་དག་གི་དབྱེ་བ་རྣམ་པ་དུ་མ་དཔེར་བརྗོད་ན་ཞེས་སོ། །གཉིས་པ་ལ། དངོས་པོའི་རྒྱུ། དངོས་མེད་ཀྱི་རྒྱུ། མཚར་བའི་རྒྱུ་དང་གསུམ། དང་པོ་ནི། བྱེད་པའི་རྒྱུ་དང་། ཤེས་བྱེད་ཀྱི་རྒྱུ་གཉིས། དང་པོ་ལ། སྐྱེད་བྱེད་ཀྱི་རྒྱུ། ཉམས་བྱེད་ཀྱི་རྒྱུ། ལས་ཀྱི་རྒྱུ་དང་གསུམ། དང་པོ་ལ། དཔེར་བརྗོད་ནི། མ་ལ་ཡ་ཡི་རླུང་གིས་ནི། །ཙནྡན་ལྗོན་པ་གསར་པ་ཡི། །ཡལ་འདབ་སྐྱོད་པར་བྱེད་པ་འདི། །ཀུན་གྱི་དགའ་བ་སྐྱེད་པར་བྱེད། །ཅེས་པ་སྟེ། ལྷོ་ཕྱོགས་མ་ལ་ཡའི་རླུང་བསིལ་
བ་དག་གིས་ཙནྡན་གྱི་ལྗོན་པ་གསར་པའི་ཡལ་འདབ་སྐྱོད་པར་བྱེད་པ་འདི་ནི་ཀུན་གྱི་ཡིད་ལ་དགའ་བ་སྐྱེད་པར་བྱེད་དོ། །དོན་བཤད་ནི། དགའ་བ་བསྐྱེད་པར་འོས་པ་ཡི། །རང་བཞིན་ཉེ་བར་སྦྱར་བ་འདིར། །རྒྱན་ཉིད་དུ་ནི་རབ་བསྟན་ཏེ། །ལྡོག་པ་དག་ཀྱང་དེ་དང་མཚུངས། །ཞེས་པ་སྟེ། དྲི་བསུང་བཟང་པོ་འཐུལ་བའི་རླུང་བསིལ་ལྡན་དགའ་བ་བསྐྱེད་པར་འོས་པའི་རང་བཞིན་ཉེ་བར་སྦྱར་བའི་ངག་ཚིག་འདིར་བཀོད་པ་དང་ཚུལ་མཐུན་པ་རྣམས་ནི་སྐྱེད་བྱེད་ཀྱི་རྒྱུའི་རྒྱན་ཉིད་དུ་རབ་ཏུ་བསྟན་ཏེ། དེ་ལས་ལྡོག་པ་ཉམས་བྱེད་དག་ཀྱང་དེ་དང་མཚུངས་ཞེས་པའོ། །གཉིས་པ་ལ། དངོས་དང་། ཞར་བྱུང་གཉིས། དང་པོ་ལ། དཔེར་བརྗོད་ནི། མ་ལ་ཡ་ཡི་ཆུ་རྒྱུན་ལ། །རེག་ཅིང་ཙནྡན་ནགས་བསྐྱོད་པ། །རླུང་འདི་མགྲོན་པོ་རྣམས་དག་ནི། །ཉམས་པར་བྱེད་ཕྱིར་ཉེ་བར་གནས། །ཞེས་པ་སྟེ། མ་ལ་ཡའི་རི་ངོས་ནས་བབས་པའི་ཆུ་རྒྱུན་ལ་རེག་ཅིང་ཙནྡན་གྱི་ནགས་ཚལ་བསྐྱོད་པ་བསིལ་ལྡན་དྲི་བཟང་འཐུལ་བའི་རླུང་འདི་མགྲོན་པོ་བུད་མེད་དང་བྲལ་བ་རྣམས་དག་ནི་ཉམས་ཏེ་འཆི་བར་བྱེད་ཕྱིར་ཉེ་བར་གནས་སོ། །དོན་བཤད་ནི། དེ་ལྟར་བྱུང་བའི་རླུང་གིས་ནི། །འབྲལ་བའི་རིམས་ལས་བྱུང་གྱུར་པ། །ཡིད་འོང་ལ་སྲིད་སྐྱེ་བོ་ལ། །ཉམས་པ་སྒྲུབ་པར་བྱེད་པར་ནུས། །ཞེས་པ་སྟེ། དེ་ལྟར་བྱུང་བའི་རླུང་གིས་ནི་འབྲལ་བའི་རིམས་ནད་འཕེལ་བ་ལས་བྱུང་བར་གྱུར་པ་ཡིད་འོང་མ་ལ་སྲེད་པའི་སྐྱེ་བོ་རྣམས་ལ་ཉམས་པ་སྒྲུབ་པར་བྱེད་པར་ནུས་སོ། །གཉིས་པ་ནི། འགྲུབ་པར་བྱེད་དང་རྣམ་འགྱུར་ལ། །དེ་ཉིད་ལ་ལྟོས་རྒྱུ་ཉིད་དོ། །ཐོབ་པའི་ལས་ལ་ཕལ་ཆེར་ནི། །བྱ་བ་ལ་ལྟོས་རྒྱུ་ཉིིད་དོ། །ཞེས་པ་སྟེ། རྒྱུ་ལས་འབྲས་བུ་སྔར་མེད་གསར་དུ་བསྐྱེད་པ་འགྲུབ་པར་བྱེད་པའི་རྒྱུ་དང་། སྔར་ཡོད་གཞན་དུ་འགྱུར་བ་རྣམ་འགྱུར་གྱི་རྒྱུ་ཡིན་ལ། དེ་ཉིད་ཀྱང་བྱེད་པོ་ལ་ལྟོས་པའི་རྒྱུ་ཉིད་དོ། །ཐོབ་པའི་ལས་ལ་ཕལ་ཆེར་རིག་བྱེད་བཀླགས་པས་ཐོབ་པར་བྱ་བ་ལྟ་བུ་བྱ་བ་ལ་ལྟོས་པའི་རྒྱུ་ཉིད་དོ། །གསུམ་པ་ལ། མཚམས་སྦྱར་བའི་སྒོ་ནས་ཤེས་བྱེད་ཀྱི་རྒྱུ་དང་ལྷན་ཅིག་དམ་བཅའ་བ་དང་། དངོས་སོ། །དང་པོ་ནི། འགྲུབ་པར་བྱེད་པའི་རྒྱུ་དག་ནི། །བསྟན་ཏེ་ལྷག་མ་གཉིས་པོ་ཡིན། །དཔེར་བརྗོད་གཉིས་ནི་བཀོད་
བྱས་ནས། །ཤེས་པར་བྱེད་པ་བསྟན་པར་བྱ། །ཞེས་པ་སྟེ། དེ་ལྟར་འགྲུབ་པར་བྱེད་པའི་རྒྱུ་དག་བསྟན་ཏེ། ད་ནི་དེའི་ལྷག་མ་རྣམ་འགྱུར་གྱི་རྒྱུ་དང་། ཐོབ་བྱའི་རྒྱུ་གཉིས་པོའི་དཔེར་བརྗོད་དག་ཀྱང་དེ་གཉིས་མ་འདྲེས་པར་སོ་སོར་བཀོད་པས་བྱས་ནས། དེ་རྗེས་ཤེས་པར་བྱེད་པའི་རྒྱུ་ཡང་བསྟན་པར་བྱའོ། །གཉིས་པ་ལ་གཉིས་ལས། དང་པོ་རྣམ་འགྱུར་གྱི་རྒྱུ་ནི། ལོ་འདབ་གསར་འཁྲུངས་ནགས་ཚལ་དང་། །འདབ་བརྒྱ་རབ་ཏུ་རྒྱས་པའི་རྫིང་། །ཟླ་བ་རྒྱས་པ་འདོད་པ་ཡི། །མགྲོན་པོ་ལྟ་བའི་དུག་ཏུ་བྱས། །ཞེས་པ་སྟེ། ལོ་འདབ་གསར་པ་འཁྲུངས་པའི་ནགས་ཚལ་དང་། འདབ་བརྒྱ་རབ་ཏུ་རྒྱས་པའི་རྫིང་བུ་དང་ཟླ་བ་རྒྱས་པ་སྟེ་གསུམ་པོ་དེས་ནི་འདོད་པས་མྱོས་པའི་མགྲོན་པོ་བྲལ་བས་ཉེན་པ་རྣམས་ལ་ལྟ་བའི་དུག་ཏུ་བྱས་སོ། །གཉིས་པ་ཐོབ་བྱའི་རྒྱུ་ནི། ཁེངས་པ་གོམས་པར་བྱའོ་ཞེས། །གྲོགས་མོ་མཛའ་བོའི་གནས་བཀོད་ལ། །བུ་མོ་སྨིན་འཁྱོག་མི་གཡོན་གྱིས། །མཆུ་ནི་གཡོ་ཞིང་ལྟ་བར་བྱེད། །ཅེས་པ་སྟེ། མཛའ་བོ་དང་མི་མཐུན་པའི་ཁེངས་པ་གོམས་པར་བྱའོ་ཞེས་གྲོགས་མོ་མཛའ་བོའི་གནས་སུ་བཀོད་པ་ལ་བུ་མོ་དེ་ཡིད་མ་རངས་ནས་སྨིན་མ་འཁྱོག་པའི་མིག་ཟུར་གཡོན་པོ་དང་། མཆུ་སྒྲོས་གཡོ་ཞིང་འདར་བ་དང་བཅས་ཁྲོ་བའི་ཚུལ་གྱིས་ལྟ་བར་བྱེད་དོ། །གཉིས་པ་ཤེས་བྱེད་ཀྱི་རྒྱུ་ལ། དང་པོ་ཕྱི་ཤེས་བྱེད་ཀྱི་རྒྱུ་ནི། ཉི་མ་ནུབ་གྱུར་ཟླ་བ་མཛེས། །འདབ་ཆགས་རྣམས་ནི་གནས་སུ་སོང་། །ཞེས་པ་འདི་ཡང་དུས་ཀྱི་སྐབས། །གོ་བར་བྱེད་པ་ལེགས་པ་ཉིད། །ཅེས་པ་སྟེ། ཉི་མའི་དཀྱིལ་འཁོར་ནུབ་པར་གྱུར་ཅིང་། ཟླ་བ་འོད་ཟེར་གསལ་བའི་མཛེས་པ་ངོམ་པ་དང་། འདབ་ཆགས་རྣམས་ནི་རང་རང་གི་གནས་སུ་ཉལ་བ་ལ་སོང་ངོ་ཞེས་པ་འདི་ཡང་སྲོད་དུས་ཀྱི་སྐབས་གོ་བར་བྱེད་པ་ལེགས་པའི་རྒྱན་ཉིད་ཡིན་ནོ། །གཉིས་པ་ནང་ཤེས་བྱེད་ཀྱི་རྒྱུ་ནི། གྲོགས་མོ་འདོད་པས་གཟིར་བའི་ཡིད། །ཟླ་བའི་འོད་ཀྱིས་མི་བཟློག་ཅིང་། །ཙནྡན་ཆུ་ཡིས་མི་བཟོད་པ། །ལུས་ཀྱི་དྲོད་ཀྱི་གདུང་བ་འཛིན། །ཞེས་པའི་སྦྱོར་བ་རྣམས་ལ་ནི། །ཡིད་འོང་ཤེས་བྱེད་རྒྱུ་དག་མཚོན། །ཞེས་པ་སྟེ། གྲོགས་མོ་ཁྱོད་འདོད་པས་གཟིར་བའི་ཡིད་དེ་ནི་ཟླ་བའི་འོད་ཟེར་གྱིས་རེག་པས་ཀྱང་མི་བཟློག་ཅིང་། ཙནྡན་གྱི་ཆུས་
བཏབ་པས་ཀྱང་མི་བཟོད་པ་ལུས་ཀྱི་དྲོད་ཀྱི་གདུང་བ་འཛིན་ཞེས་པའི་ཚིག་སྦྱོར་བ་རྣམས་ལ་ཡིད་དུ་འོང་བ་ནང་ཤེས་བྱེད་ཀྱི་རྒྱུ་དག་མཚོན་ནོ། །གཉིས་པ་དངོས་མེད་ཀྱི་རྒྱུ་ལ། དམ་བཅའ། དཔེར་བརྗོད། དོན་བསྡུ་བའོ། །དང་པོ་ནི། དངོས་མེད་ཀྱི་རྒྱུ་ནི་ཡིད་འཕྲོག་པ། །འགའ་ཞིག་རབ་ཏུ་བསྟན་པར་བྱ། །ཞེས་པ་སྟེ། གོ་སླའོ། །གཉིས་པ་ལ། རྒྱུ་མེད་པས་འབྲས་བུ་ཡོད་པ་བསྐྱེད་པ་དང་རྒྱུ་མེད་པས་འབྲས་བུའང་མེད་པ་བསྐྱེད་པ་གཉིས། དང་པོ་ལ་བཞི་ལས། དང་པོ་སྔ་ན་མེད་པའི་བྱེད་རྒྱུ་ནི། །རིག་པ་རྣམས་ནི་མ་གོམས་དང་། །བློ་ལྡན་རྣམས་དང་མ་འགྲོགས་དང་། །དབང་པོ་རྣམས་ནི་མ་བསྡམས་པས། །མི་རྣམས་རབ་ཏུ་གདུང་བར་འགྱུར། །ཞེས་པ་སྟེ། ཤེས་བྱ་རིག་པའི་གནས་རྣམས་ལ་ནི་མ་གོམས་པ་དང་། བློ་ལྡན་མཁས་པ་རྣམས་དང་མ་འགྲོགས་པ་དང་། དབང་པོའི་སྒོ་རྣམས་ནི་མ་བསྡམས་པས་མི་རྣམས་རབ་ཏུ་གདུང་བར་འགྱུར་རོ་ཞེས་རྒྱུ་སྔ་ན་བྱས་པ་མེད་པས་འབྲས་བུ་སྡུག་བསྔལ་བསྐྱེད་པས་སྔ་ན་མེད་པའི་བྱེད་རྒྱུའོ། །གཉིས་པ་ཞིག་ནས་མེད་པའི་བྱེད་རྒྱུ་ནི། འདོད་པའི་གཏམ་གྱིས་མྱོས་པ་སོང་། །ལང་ཚོ་ཡི་ནི་རིམས་དག་ཉམས། །རྨོངས་པ་ཟད་ཅིང་སྲེད་པ་འཕོས། །བསོད་ནམས་གནས་ལ་ཡིད་དག་བྱས། །ཞེས་པ་སྟེ། སྔར་འདོད་པའི་གཏམ་གྱིས་ཀྱང་མྱོས་པ་ནི་སོང་སྟེ་ཞིག །ལང་ཚོ་རྒྱས་པའི་ཆགས་པའི་གདུང་བ་རིམས་ནད་དུ་གྱུར་པ་དག་ནི་ཉམས་ཤིང་ཞིག །འཁོར་བ་བདེན་འཛིན་གྱི་རྨོངས་པ་ཟད་ཅིང་། ཆགས་ཡུལ་ལ་སྲེད་པའང་འཕོས་ནས་ཞིག་པས་བསོད་ནམས་ཀྱི་གནས་ཆགས་བྲལ་དག་ལ་ཡིད་དག་བྱས་སོ་ཞེས་སྔར་ཡོད་ཞིག་པའི་རྒྱུས་འབྲས་བུ་ཆོས་བློ་བསྐྱེད་པས་ཞིག་ནས་མེད་པའི་བྱེད་རྒྱུའོ། །གསུམ་པ་ཕན་ཚུན་མེད་པའི་བྱེད་རྒྱུ་ནི། ནགས་ཚལ་འདི་དག་ཁྱིམ་མ་ཡིན། །ཆུ་ཀླུང་འདི་དག་བུད་མེད་མིན། །རི་དྭགས་འདི་དག་བུ་ཚ་མིན། །དེ་ཕྱིར་བདག་ནི་ཡིད་དགའོ། །ཞེས་པ་སྟེ། ནགས་ཚལ་མཛེས་པ་འདི་དག་ཁྱིམ་གྱི་གནས་མ་ཡིན་ལ། ཆུ་ཀླུང་འབབ་པ་འདི་དག་བུད་མེད་མིན་ཅིང་། རི་དྭགས་རྒྱུ་བ་འདི་དག་བུ་ཚ་མིན་ཏེ། རྒྱུ་མཚན་དེ་ཕྱིར་བདག་ནི་ཡིད་དགའོ་ཞེས་ནགས་དང་ཁྱིམ་སོགས་ཕན་ཚུན་ཡིན་པ་མེད་པའི་རྒྱུས་འབྲས་བུ་དགའ་བ་བསྐྱེད་པས་ཕན་
ཚུན་མེད་པའི་བྱེད་རྒྱུའོ། །བཞི་པ་སྤངས་ནས་མེད་པའི་བྱེད་རྒྱུ་ནི། ཤིན་ཏུ་མ་བརྟགས་སྤྱོད་པ་ནི། །འཕགས་པ་རྣམས་ལ་ཡོད་མ་ཡིན། །དེ་ཕྱིར་དེ་དག་རྣམས་ཀྱི་ནི། །ཕུན་ཚོགས་ཐམས་ཅད་རྟག་ཏུ་འཕེལ། །ཞེས་པ་སྟེ། ཤིན་ཏུ་མ་བརྟགས་པ་གྱ་ཚོམ་དུ་སྤྱོད་པ་ནི་འཕགས་པ་རྣམས་ལ་ཡོད་པ་མ་ཡིན་ཏེ། རྒྱུ་མཚན་དེ་ཕྱིར་དེ་དག་རྣམས་ཀྱི་ཕུན་སུམ་ཚོགས་པའི་དཔལ་ཐམས་ཅད་རྟག་ཏུ་འཕེལ་ལོ་ཞེས་མ་བརྟགས་སྤྱོད་པ་སྤངས་པའི་རྒྱུས་ཕུན་ཚོགས་འཕེལ་བ་སྟོན་པས་སྤངས་ནས་མེད་པའི་བྱེད་རྒྱུའོ། །གཉིས་པ་ནི། སྐྱེད་ཚལ་ས་ཧཱ་ཀཱ་ར་རྣམས། །སྙེ་མ་མ་འཁྲུངས་པ་མིན་ན། །མགྲོན་པོ་རྣམས་ཀྱི་བུད་མེད་ནི། །ཏིལ་བཅས་ཁྱོར་ཆུ་སྦྱིན་བྱར་འགྱུར། །ཞེས་པ་སྟེ། སྐྱེད་མོས་ཚལ་གྱི་ཤིང་ས་ཧཱ་ཀཱ་ར་རྣམས་སྙེ་མ་མ་འཁྲུངས་པ་མིན་ན་མགྲོན་པོ་རྣམས་ཀྱིས་བུད་མེད་ཆགས་པས་མྱོས་པ་རྣམས་ལ་ཏིལ་དང་བཅས་པའི་ཁྱོར་ཆུ་སྦྱིན་བྱར་འགྱུར་རོ་ཞེས་རྒྱུ་དགག་པ་དངོས་མེད་དེས་འབྲས་བུ་དངོས་མེད་དྲན་པ་ཉམས་པ་བསྐྱེད་པ་ལྟ་བུའོ། །གསུམ་པ་ནི། ཡོད་དང་མེད་པའི་རང་བཞིན་གྱི། །འབྲས་བུ་བསྐྱེད་པ་དག་ལ་འདིར། །སྔར་མེད་ལ་སོགས་རང་བཞིན་གྱིས། །དངོས་པོ་ཡི་ནི་རྒྱུ་ཉིད་དོ། །ཞེས་པ་སྟེ། ཡོད་པ་བསྒྲུབ་པ་དང་། མེད་པ་དགག་པའི་རང་བཞིན་གྱི་འབྲས་བུ་བསྐྱེད་པ་དག་ལ་སྐབས་འདིར་སྔར་མེད་ལ་སོགས་པའི་རང་བཞིན་གྱི་དངོས་པོའི་རྒྱུ་ཉིད་དོ། །གསུམ་པ་མཚར་བའི་རྒྱུ་ལ། དབྱེ་བ་དང་། དཔེར་བརྗོད་དོ། །དང་པོ་ནི། རིང་འབྲས་དེ་དང་ལྷན་ཅིག་སྐྱེས། །དེ་བཞིན་འབྲས་མ་ཐག་སྐྱེད་དང་། །རིགས་མིན་རིགས་པ་བྱེད་ཅེས་པ། །མཚར་བའི་རྒྱུ་རྣམས་གྲངས་མེད་དོ། །འདི་རྣམས་སྦྱོར་བའི་ལམ་རྣམས་ལ། །བཏགས་པའི་འཇུག་པ་ལ་བརྟེན་པ། །ཤིན་ཏུ་མཛེས་པ་དག་མཐོང་སྟེ། །དེ་ཡི་དཔེར་བརྗོད་ཇི་ལྟར་ན། །ཞེས་པ་སྟེ། ཚིགས་བཅད་སྔ་མ་གོ་སླ་ཞིང་། ཕྱི་མའི་དོན་རིང་འབྲས་ལ་སོགས་པ་མཚར་བའི་རྒྱུ་འདི་རྣམས་སྦྱོར་བའི་ལམ་སྙན་ངག་རྣམས་ལ་རྒྱུ་དངོས་མིན་ཡང་རྒྱུར་བཏགས་པའི་འཇུག་པ་ཤིན་ཏུ་མཛེས་པ་དག་མཐོང་སྟེ། དེའི་དཔེར་བརྗོད་ཀྱི་རིམ་པ་ཇི་ལྟར་ན་ཞེས་སོ། །གཉིས་པ་ལ་ལྔ་ལས། དང་པོ་རིང་འབྲས་ཀྱི་རྒྱུ་ནི། ལུས་ཅན་ཁྱོད་མིག་ཟུར་ཅེས་པ། །
རྒྱལ་བྱེད་ལུས་མེད་དག་གི་མཚོན། །གང་དེ་གཞན་ལ་རབ་འཕངས་པ། །དེ་ཡིས་བདག་གི་ཡིད་ཀྱང་བཅོམ། །ཞེས་པ་སྟེ། ལུས་ཅན་མ་ཞེས་བོས་ནས། ཁྱོད་ཀྱི་མིག་ཟུར་ཅེས་པ་འགྲོ་བ་ཀུན་ལས་རྒྱལ་བྱེད་ལུས་མེད་འདོད་ལྷ་དག་གི་མཚོན་ཆར་གྱུར་པ་གང་དེ་གཞན་ལ་རབ་ཏུ་འཕངས་པ་དེ་ཡིས་རིང་ན་གནས་པ་བདག་གི་ཡིད་ཀྱང་བཅོམ་མོ་ཞེས་མིག་ཟུར་འཕངས་པའི་རྒྱུས་འབྲས་བུ་དམིགས་ཡུལ་མྱོས་པར་མ་ཟད་རིང་ན་གནས་པ་དག་ཀྱང་མྱོས་པར་བསྟན་པ་ལྟ་བུའོ། །གཉིས་པ་རྒྱུ་འབྲས་ལྷན་ཅིག་པ་ནི། སྐྱེས་བུ་ལུས་སྐྱེས་ཀྱིས་མྱོས་པའི། །རྣམ་འཕྲུལ་སྣ་ཚོགས་ལྷན་ཅིག་ཉིད། །བུད་མེད་རྣམས་ལ་བུ་མོ་ནི། །ཡོངས་སུ་ནུབ་པའི་ན་ཚོད་སྐྱེས། །ཞེས་པ་སྟེ། སྐྱེས་བུ་འགའ་ཞིག་ལུས་སྐྱེས་ཀྱིས་མྱོས་པའི་རྣམ་འཕྲུལ་སྣ་ཚོགས་གསལ་བ་དང་ལྷན་ཅིག་ཉིད་དུ་བུད་མེད་རྣམས་ལ་བུ་མོ་གཞོན་ནུའི་གནས་སྐབས་ཡོངས་སུ་ནུབ་པའི་ན་ཚོད་དར་བ་སྐྱེས་སོ་ཞེས་རྒྱུ་ལང་ཚོ་དར་བ་དང་འབྲས་བུ་ཆགས་པའི་རྣམ་འགྱུར་གསལ་བ་ལྷན་ཅིག་པར་བསྟན་པ་ལྟ་བུའོ། །གསུམ་པ་འབྲས་བུ་སྔ་བའི་རྒྱུ་ནི། སྔར་ཉིད་རི་དྭགས་མིག་ཅན་གྱིས། །ཆགས་པའི་རྒྱ་མཚོ་རྒྱས་པར་གྱུར། །ཕྱིས་ནས་འོད་ཟེར་རབ་འཕྲོ་བའི། །ཟླ་བ་ཡི་ནི་དཀྱིལ་འཁོར་ཤར། །ཞེས་པ་སྟེ། སྔར་ཉིད་རི་དྭགས་མིག་ཅན་གཞོན་ནུ་མ་རྣམས་ཀྱི་ཆགས་པའི་རྒྱ་མཚོ་རྒྱས་པར་གྱུར་ལ། ཕྱིས་ནས་ཤིན་ཏུ་བསིལ་བའི་འོད་ཟེར་རབ་ཏུ་འཕྲོ་བའི་ཟླ་བའི་དཀྱིལ་འཁོར་ཤར་བར་གྱུར་ཏོ་ཞེས་རྒྱུ་ཟླ་བ་ཤར་བ་ལས་འབྲས་བུ་ཆགས་པ་འཕེལ་བ་སྔ་བར་བསྟན་པ་ལྟ་བུའོ། །བཞི་པ་རིགས་མིན་གྱི་རྒྱུ་ནི། ལྷ་གཅིག་ཁྱོད་ཀྱི་ཞབས་གཉིས་པོ། །དམར་བའི་ཉི་གཞོན་ལ་རེག་པས། །རྒྱལ་པོ་རྣམས་ཀྱི་ལག་པ་ཡི། །པདྨ་ཟུམ་པར་བྱེད་པ་ཅི། །ཞེས་པ་སྟེ། ལྷ་གཅིག་རྒྱལ་པོ་ཁྱོད་ཀྱི་ཞབས་གཉིས་པོ་དམར་བའི་ཉི་གཞོན་འདི་ལྟ་བུ་ལ་རེག་པས་ས་སྐྱོང་བའི་རྒྱལ་པོ་གཞན་རྣམས་ཀྱིས་ཕྱག་འཚལ་བའི་ལག་པའི་པདྨ་ཟུམ་པར་བྱེད་པ་ཅི་ཞིག་ཡིན་ཞེས་རྒྱལ་པོའི་ཞབས་དང་ས་སྐྱོང་གཞན་གྱི་ལག་པ་ཉི་མ་དང་པདྨར་བཀོད་ཅིང་། ཉི་མས་པདྨ་ཟུམ་པ་མི་རིགས་པ་ལྟ་བུའོ། །ལྔ་པ་རིགས་པའི་རྒྱུ་ནི། ཁྱོད་ཀྱི་ཞབས་སེན་ཟླ་བ་ཡིས། །འོད་ཟེར་ཀུནྡ་དྲི་མེད་
རྣམས། །ས་སྐྱོང་རྣམས་ཀྱི་ལག་པ་ཡི། །པདྨ་ཟུམ་པར་བྱེད་ལ་དབང་། །ཞེས་པ་སྟེ། རྒྱལ་པོ་ཁྱོད་ཀྱི་ཞབས་སེན་ཟླ་བའི་དཀྱིལ་འཁོར་འདི་ཡིས་འོད་ཟེར་ཀུནྡ་དྲི་མ་མེད་པའི་མདངས་འཕྲོ་བ་རྣམས་ནི། ས་སྐྱོང་རྣམས་ཀྱི་ལག་པའི་པདྨ་ཟུམ་པར་བྱེད་པ་ལ་དབང་ངོ་ཞེས་རྒྱལ་པོའི་ཞབས་སེན་ཟླ་འོད་དང་རྒྱལ་ཕྲན་རྣམས་ཀྱི་ལག་པ་པདྨར་བཀོད་ཅིང་། ཟླ་བས་པདྨ་ཟུམ་པ་རིགས་པ་ལྟ་བུའོ། །གསུམ་པ་དོན་བསྡུ་བ་ནི། ཞེས་པ་རྒྱུ་ཡི་རྣམ་རྟོག་རྣམས། །ལུགས་ནི་འདི་འདྲ་དག་ཏུ་བསྟན། །ཞེས་པ་སྟེ། ཚུལ་དེ་ལྟར་རྒྱུའི་རྒྱན་གྱི་རྣམ་པར་རྟོག་པ་རྣམས་ཀྱི་ལུགས་ནི་དངོས་པོའི་རྒྱུ་ལ་སོགས་པ་རྣམ་པ་གསུམ་པོ་འདི་འདྲ་བ་དག་ཏུ་བསྟན་ཏོ། །བཅུ་བཞི་པ་ཕྲ་མོའི་རྒྱན་ལ་གཉིས། མཚན་ཉིད་དང་། དཔེར་བརྗོད་དོ། །དང་པོ་ནི། ཟུར་དང་རྣམ་པས་མཚོན་པའི་དོན། །ཕྲ་ཕྱིར་ཕྲ་མོ་ཞེས་པར་བརྗོད། །ཅེས་པ་སྟེ། བློ་སྔོན་དུ་བཏང་ནས་ལུས་ཀྱིས་བརྡ་སྟོན་པ་ལྟ་བུ་ཟུར་དང་། བློ་སྔོན་དུ་མ་བཏང་ཡང་ཕྱི་རོལ་གྱི་རྣམ་པས་ནང་མཚོན་པའི་དོན་སྟོན་པ་སྟེ། དེ་དག་ཕྲ་ཞིང་རྟོགས་དཀའ་བའི་ཕྱིར་ཕྲ་མོའི་རྒྱན་ཞེས་བྱ་བར་བརྗོད་དོ། །གཉིས་པ་ལ་གཉིས་ལས། དང་པོ་ཟུར་གྱི་ཕྲ་མོ་ལ། དཔེར་བརྗོད་ནི། ནམ་ཞིག་ཡུ་ཅག་འགྲོག་འགྱུར་ཞེས། །ཚོགས་སུ་བརྗོད་པར་མ་བཟོད་པའི། །མཛའ་བོ་རིག་ནས་བུད་མེད་ཀྱིས། །བརྩེ་དགའི་པདྨ་ཟུམ་པར་བྱས། །ཞེས་པ་སྟེ། ནམ་ཞིག་གི་ཚེ་ཡུ་བུ་ཅག་གཉིས་ལྷན་ཅིག་འགྲོག་པར་འགྱུར་ཞེས་མང་པོའི་ཚོགས་སུ་བརྗོད་པར་མ་བཟོད་པའི་མཛའ་བོའི་བསམ་པ་བུད་མེད་ཀྱིས་རིག་ནས་བརྩེ་དགའི་རྒྱན་གྱི་པདྨ་ལག་སོར་གྱིས་ཟུམ་པར་བྱས་སོ། །དོན་བཤད་ནི། ལུས་སྐྱེས་དག་གིས་གཟིར་བ་ཡི། །མཛའ་བོ་དབུགས་དབྱུང་འདོད་པ་ཡིས། །པདྨ་ཟུམ་པར་བྱས་པ་ལས། །འདིར་ནི་མཚན་མོ་འགྲོག་པར་བསྟན། །ཞེས་པ་སྟེ། ལུས་སྐྱེས་དག་གིས་གཟིར་བར་གྱུར་པའི་མཛའ་བོ་ལ་དབུགས་དབྱུང་བར་འདོད་པའི་བསམ་པས་རྒྱན་གྱི་པདྨ་ཟུམ་པར་བྱས་པའི་བརྡ་ལས། འདིར་ནི་པདྨ་ཟུམ་པའི་དུས་མཚན་མོ་འགྲོག་པར་ཟུར་གྱིས་བསྟན་ནོ། །གཉིས་པ་རྣམ་པའི་ཕྲ་མོ་ལ། དཔེར་བརྗོད་ནི། གླུ་ཡི་མདུན་སར་ཁྱོད་ལ་མིག །གཏད་པ་དེ་གདོང་ཆུ་སྐྱེས་ལ། །དམར་ཞིང་གསལ་
བ་རྒྱས་པ་ཡི། །མཛེས་པ་ཅི་ཡང་བྱུང་བར་གྱུར། །ཞེས་པ་སྟེ། སྐྱེ་བོ་མང་པོ་གླུ་གར་བྱེད་པའི་མདུན་སར་མཛེས་མ་ཁྱོད་ལ་མིག་གཏད་པའི་སྐྱེས་བུ་དེའི་གདོང་པའི་ཆུ་སྐྱེས་ལ་དམར་ཞིང་མདངས་གསལ་བ་དང་། སྤུ་ལོང་རྒྱས་པའི་མཛེས་པ་ཅི་ཡང་བྱུང་བར་གྱུར་ཏོ། །དོན་བཤད་ནི། འདིར་ཡང་རང་བཞིན་མ་བརྗོད་པར། །དགའ་བའི་དགའ་སྟོན་འདོད་པ་དག །ངེས་པར་གནས་པ་ཉིད་གྱུར་པ། །ཕྲ་མོ་ཉིད་ལས་བརྒལ་མ་ཡིན། །ཞེས་པ་སྟེ། འདིར་ཡང་འདོད་པའི་དོན་གྱི་རང་བཞིན་དངོས་སུ་མ་བརྗོད་པར། དགའ་བའི་དགའ་སྟོན་འདོད་པའི་སྐྱེས་བུ་དག་རྣམ་པ་དེ་ཁོ་ནས་ངེས་པར་གནས་པ་ཉིད་དུ་གྱུར་པ་ཕྲ་མོ་ཉིད་ལས་བརྒལ་བ་མ་ཡིན་ནོ། །བཅོ་ལྔ་པ་ཆའི་རྒྱན་ལ་གཉིས། མཚན་ཉིད་དང་། དཔེར་བརྗོད་དོ། །དང་པོ་ནི། ཆ་ནི་ཆ་ཡི་དངོས་པོ་ཡི། །རང་བཞིན་ངེས་པར་གསལ་བ་བསྒྲིབ། །དཔེར་བརྗོད་ཉིད་ཀྱིས་འདི་ཡི་ནི། །རང་བཞིན་ངེས་པར་གསལ་བར་བྱ། །ཞེས་པ་སྟེ། ཆའི་རྒྱན་ནི་སྙད་ཀ་བྱ་བའི་ཡུལ་གྱི་ཆའི་དངོས་པོའི་རང་བཞིན་མི་མཛེས་པ་ངེས་པར་གསལ་བ་ཟོལ་གྱིས་སྒྲིབ་ཅིང་སྦེད་པ་སྟེ། དཔེར་བརྗོད་ཉིད་ཀྱིས་འདིའི་རང་བཞིན་ངེས་པར་གསལ་བར་བྱ་ཞེས་པའོ། །གཉིས་པ་ལ། ཟོལ་གྱིས་སྦེད་པའི་ཆ་དང་། ཟོལ་གྱིས་སྨད་པ་དང་བསྟོད་པའི་ཆ་གཉིས་ལས་དང་པོ་ལའང་གཉིས་ལས། དང་པོ་ལའང་གཉིས་ལས། དང་པོ་འོས་པའི་ཆ་ནི། རྒྱལ་པོའི་བུ་མོ་ལ་ཆགས་བདག །སྤུ་ལོང་རྒྱས་པ་སྲུང་བ་པོས། །རིག་པར་གྱུར་ལ་ཀྱེ་མ་ཚལ། །བསིལ་བའི་རླུང་ལྡན་ཡིན་པར་ཤེས། །ཞེས་པ་སྟེ། རྒྱལ་པོའི་བུ་མོ་མཚར་སྡུག་ཅན་ལ་ཆགས་པ་བདག་གི་ལུས་ལ་ཆགས་པའི་སྤུ་ལོང་རྒྱས་པ་དེ་བུ་མོ་སྲུང་བ་པོ་རྣམས་ཀྱིས་རིག་པ་གྱུར་པ་ལ་ཀྱེ་མ་ཚལ་འདི་ནི་བསིལ་བའི་རླུང་དང་ལྡན་པ་ཡིན་པར་ཤེས་སོ་ཞེས་གྲང་བའི་སྤུ་ལོང་གི་ཟོལ་གྱིས་བསྒྲིབས་ཤིང་གཉིས་ཀས་སྤུ་ལོང་བསྐྱེད་པ་འོས་པ་ལྟ་བུའོ། །གཉིས་པ་མི་འོས་པའི་ཆ་ལ། དངོས་དང་། གཉིས་ཀའི་དོན་བསྡུ་བའོ། །དང་པོ་ནི། ཅི་ལྟར་བུ་མོ་མཐོང་ཉིད་ན། །བདག་ལ་དགའ་བའི་མཆི་མ་བྱུང་། །རླུང་གིས་གཙུབས་པའི་མེ་ཏོག་གི། རྡུལ་གྱིས་
བདག་མིག་སུན་ཕྱུང་ངོ་། །ཞེས་པ་སྟེ། ཅི་ལྟར་བུ་མོ་མཚར་སྡུག་ཅན་མཐོང་བ་ཉིད་ན་བདག་ལ་དགའ་བ་རྒྱས་པའི་དབང་གིས་མཆི་མ་བྱུང་བ་ལ་རླུང་གིས་གཙུབས་ཤིང་སྐྱོད་པའི་མེ་ཏོག་གི་རྡུལ་གྱིས་བདག་གི་མིག་ལ་སུན་ཕྱུང་ངོ་ཞེས་དགའ་བས་མཆི་མ་བྱུང་བ་མི་འོས་པ་ལྟ་བུའོ། །གཉིས་པ་ནི། ཞེས་པ་ལ་སོགས་སྐབས་སུ་ནི། །རྒྱན་འདི་ཤིན་ཏུ་མཛེས་པ་ཡིན། །ཞེས་པ་སྟེ། གོང་དུ་བཀོད་པ་དེ་ལྟ་བུ་ལ་སོགས་པ་སྐྱོན་གྱི་ཆ་ཤས་དག་སྒྲིབ་པའི་སྐབས་སུ་རྒྱན་འདི་ནི་ཤིན་ཏུ་མཛེས་པ་ཡིན་ནོ། །གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། ཁ་ཅིག་ཆ་ལ་སྨད་པའམ། །བསྟོད་པར་བྱས་ལ་ཆ་ཞེས་བརྗོད། །ཅེས་པ་སྟེ། གོ་སླའོ། །གཉིས་པ་ལ། དང་པོ་སྨད་པའི་ཆ་ལ། དཔེར་བརྗོད་ནི། གང་ཡིད་གཡུལ་གྱི་དགའ་སྟོན་ལ། །འདོད་པའི་དགའ་སྟོན་པས་ཀྱང་ཆགས། །གཟི་ལྡན་ལང་ཚོ་ཡོན་ཏན་ཅན། །རྒྱལ་འདི་ཁྱོད་ཀྱི་བདག་པོར་འོས། །ཞེས་པ་སྟེ། སྐྱེས་བུ་གང་གི་ཡིད་གཡུལ་གྱི་དགའ་སྟོན་འཐབ་རྩོད་ཀྱི་བྱ་བ་ལ་ཆགས་ལྡན་འདོད་པའི་དགའ་སྟོན་སེམས་པ་ལས་ཀྱང་ཆགས་ལ། གཟི་བྱིན་དང་ལྡན་ཞིང་ལང་ཚོ་ལ་བབ་པའི་ཡོན་ཏན་ཅན་གྱི་རྒྱལ་པོ་འདི་ནི་གཞོན་ནུ་མ་ཁྱོད་ཀྱི་བདག་པོར་འོས་སོ། །དོན་བཤད་ནི། བརྩོན་འགྲུས་ཁྱད་འཕགས་བསྟོད་པ་འདིར། །སྨད་པ་ཉིད་དེ་ལོངས་སྤྱོད་ལ། །རྒྱུན་དུ་སྤྱོད་འདོད་བུ་མོ་ཡི། །བསམ་པ་དག་ནི་བཟློག་པར་ནུས། །ཞེས་པ་སྟེ། གཡུལ་གྱི་དགའ་སྟོན་ལ་བརྩོན་འགྲུས་ཁྱད་འཕགས་ལྡན་པར་བསྟོད་པའི་ཚུལ་འདི་སྐབས་འདིར་སྨད་པ་ཉིད་དེ། རྒྱུ་མཚན་འདོད་པའི་ལོངས་སྤྱོད་ལ་རྒྱུན་དུ་སྤྱོད་པར་འདོད་པའི་བུ་མོའི་བསམ་པ་དག་ནི་བཟློག་པར་ནུས་པས་སོ། །གཉིས་པ་བསྟོད་པའི་ཆ་ལ། དཔེར་བརྗོད་ནི། གནོད་པ་རབ་གཞིལ་ཉིད་ཀྱི་ཕྱིར། །གང་གི་སྙན་པར་སྨྲ་བ་བསླབ། །སྐྱེ་བོ་འདི་ནི་བརྩེ་མེད་གཡོ། །གྲོགས་པོ་དེ་ཡིས་བདག་ལ་ཅི། །ཞེས་པ་སྟེ། རང་ལ་གནོད་པ་རབ་ཏུ་གཞིལ་བ་ཉིད་ཀྱི་ཕྱིར། གང་གིས་ངག་སྙན་པར་སྨྲ་བ་དག་བསླབ་ཀྱི་གཞན་དུ་སྐྱེ་བོ་འདི་ནི་བརྩེ་བ་མེད་པར་མ་ཟད་གཡོ་རྒྱུའི་རང་བཞིན་ཅན་ཏེ། དེ་ལྟ་བུའི་གྲོགས་མོ་དེ་ཡིས་བདག་ལ་ཅི་ཞིག་བྱ་ཞེས་སོ། །དོན་བཤད་ནི། སྐྱེ་བོ་གྲོགས་མོས་རབ་བསྟན་ཁེངས། །ཆགས་ཕྱིར་
བྱེད་པར་མ་ནུས་ནས། །སྐྱོན་ལྟར་སྣང་བས་ཡོན་ཏན་གང་། །སྙན་པར་སྨྲ་བ་ཉིད་ཀྱང་བསྟན། །ཞེས་པ་སྟེ། སྐྱེ་བོ་འདི་མགུ་བར་མ་བྱེད་ཅེས་གྲོགས་མོས་རབ་ཏུ་བསྟན་པའི་ཁེངས་པ་ལྟ་བུ་རང་ལ་ཆགས་པའི་ཕྱིར་བྱེད་པར་མ་ནུས་ནས། སྐྱོན་བརྗོད་པ་ལྟར་སྣང་བའི་ཚུལ་གྱིས་ཡོན་ཏན་གང་དང་སྙན་པར་སྨྲ་བ་ཉིད་ཀྱིས་ཀྱང་བསྟན་ཏོ། །བཅུ་དྲུག་པ། རིམ་པ་ཅན་གྱི་རྒྱན་ལ་གཉིས། མཚན་ཉིད་དང་། དཔེར་བརྗོད་དོ། །དང་པོ་ནི། དངོས་པོ་རབ་ཏུ་བསྟན་པ་རྣམས། །རིམ་པ་བཞིན་དུ་རྗེས་སྟོན་པ། །གྲངས་དང་རིམ་པ་བཞིན་ཞེས་པ། །གྲངས་བཞིན་ཞེས་པར་རབ་ཏུ་བརྗོད། །ཅེས་པ་སྟེ། བརྗོད་བྱའི་དོན་གྱི་དངོས་པོ་རབ་ཏུ་བསྟན་པ་རྣམས་རིམ་པ་བཞིན་དུ་དེ་དང་འབྲེལ་བའི་དོན་རྣམས་རྗེས་སུ་སྟོན་པའི་ཚུལ་གྲངས་དང་རིམ་པ་མ་ནོར་བར་བཀོད་པ་བཞིན་ཞེས་པ་གྲངས་བཞིན་ནམ་རིམ་པ་ཅན་གྱི་རྒྱན་ཞེས་པར་རབ་ཏུ་བརྗོད་དོ། །གཉིས་པ་ནི། ཁྲུས་ལ་ཆུར་ནི་རབ་བཞུགས་མ། །ཁྱོད་ཀྱི་འཛུམ་མིག་གདོང་མཛེས་ནི། །ཀུ་མུད་ཨུཏྤལ་པདྨ་ཡིས། །བརྐུས་པར་ངེས་སོ་གཟུགས་ཅན་མ། །ཞེས་པ་སྟེ། གཟུགས་ཅན་མ་ཞེས་བོས་ནས་ཁྲུས་ཀྱི་བྱ་བ་ལ་ཆུར་རབ་ཏུ་ཞུགས་མ་ཁྱོད་ཀྱི་འཛུམ་དཀར་དང་། མིག་དང་། གདོང་མཛེས་གསུམ་ནི། ཀུ་མུད་དང་། ཨུཏྤལ་དང་། པདྨ་གསུམ་གྱིས་བརྐུས་པར་ངེས་སོ། །བཅུ་བདུན་པ་དགའ་བའི་རྒྱན་ལ་གཉིས། རྒྱན་ཕྱི་མ་གཉིས་དང་མཚན་ཉིད་ལྷན་ཅིག་ཏུ་བཤད་པ་དང་། དཔེར་བརྗོད་པའོ། །དང་པོ་ནི། དགའ་བ་མཆོག་ཏུ་དགའ་བར་བརྗོད། །ཉམས་ལྡན་ཡིད་འོང་ཉམས་དང་ལྡན། །གཟི་བརྗིད་ང་རྒྱལ་སྐྱེས་པ་སྟེ། །དེ་གསུམ་ཁྱད་འཕགས་དག་དང་ལྡན། །ཞེས་པ་སྟེ། དགའ་བ་ནི་མཆོག་ཏུ་དགའ་བར་གྱུར་པའི་ཚིག་བརྗོད་པ་དང་། ཉམས་ལྡན་ཡིད་དུ་འོང་བ་སྒེག་སོགས་ཀྱི་ཉམས་དང་ལྡན་པའི་ཚིག་བརྗོད་པ་དང་། གཟི་བརྗིད་ཅན་ནང་དུ་ང་རྒྱལ་སྐྱེས་པའི་ཚིག་བརྗོད་པ་སྟེ། རྒྱན་དེ་གསུམ་ནི་ཁྱད་པར་འཕགས་པ་དག་དང་ལྡན་པར་བརྗོད་དོ། །གཉིས་ལ་གཉིས་ལས། དང་པོ་དངོས་ཐོབ་ཀྱི་དགའ་བ་ལ། དཔེར་བརྗོད་ནི། གོ་བིནྡ་ཁྱོད་ཁྱིམ་འོངས་པ། །དེང་བདག་དགའ་བ་སྐྱེས་
པ་གང་། །དགའ་བ་འདི་ནི་སླར་ཡང་ཁྱོད། །དུས་ཀྱིས་འོངས་ན་འབྱུང་བར་འགྱུར། །ཞེས་པ་སྟེ། གོ་བིནྡ་སྟེ་ཁྱབ་འཇུག་ཁྱོད་ཁྱིམ་འདིར་འོངས་པ་ལ་བརྟེན་ནས་དེང་གི་དུས་བདག་ལ་དགའ་བ་སྐྱེས་པ་གང་ཡིན་པའི་དགའ་བ་འདི་འདྲ་བ་ནི་སླར་ཡང་ཁྱོད་དགེ་བའི་དུས་ཀྱིས་འོངས་ན་འབྱུང་བར་འགྱུར་རོ། །དོན་བཤད་ནི། དེ་འདྲའི་དགའ་བ་བི་དུ་རས། །གཞན་ལས་མིན་ཞེས་རིགས་པར་སྨྲས། །དེ་ལ་གུས་པ་ཙམ་གྱིས་ནི། །རབ་བསྟེན་འཕྲོག་བྱེད་ཤིན་ཏུ་དགེས། །ཞེས་པ་སྟེ། དེ་འདྲའི་དགའ་བ་ཁྱད་པར་དུ་གྱུར་པ་རྨད་དུ་བྱུང་བ་འདི་ནི་གཞན་ལས་བྱུང་བ་མིན་ཞེས་རྒྱལ་པོ་བི་དུ་ར་ཞེས་པས་རིགས་པར་སྨྲས་ཤིང་། དེ་ལྟར་ན་ཁྱབ་འཇུག་དེ་ལ་གུས་པ་ཙམ་གྱིས་རབ་བསྟེན་འཕྲོག་བྱེད་ཁྱབ་འཇུག་དེ་ཉིད་ཤིན་ཏུ་དགེས་སོ། །གཉིས་པ་གཟུགས་བརྙན་གྱི་དགའ་བ་ལ། དཔེར་བརྗོད་ནི། ཟླ་བ་ཉི་མ་རླུང་ས་མཁའ། །སྦྱིན་བསྲེག་བྱེད་དང་མེ་དང་ཆུ། །ཞེས་པའི་གཟུགས་རྣམས་རབ་འདས་ནས། །ལྷ་ཁྱོད་ལྟ་བར་ངེད་ཀྱིས་ཅི། །ཞེས་པ་སྟེ། ཟླ་བ་དང་། ཉི་མ་དང་། རླུང་དང་། ས་དང་། མཁའ་དང་། སྦྱིན་སྲེག་བྱེད་པ་དང་། མེ་དང་། ཆུ་ཞེས་པའི་གཟུགས་བརྒྱད་པོ་རྣམས་ལས་རབ་ཏུ་འདས་ནས། ལྷ་དབང་ཕྱུག་ཁྱོད་མངོན་སུམ་དུ་ལྟ་བར་ངེད་ཕལ་པ་རྣམས་ཀྱིས་ཅི་ཞེས་སོ། །དོན་བཤད་ནི། མངོན་སུམ་བྱས་པའི་ལྷ་ལ་ནི། །རྒྱལ་པོ་དགའ་བའི་གོ་ཆ་ཡིས། །དགའ་བ་རབ་ཏུ་གསལ་བྱས་གང་། །དེ་ཡང་དགའ་བར་རྗེས་རྟོགས་བྱ། །ཞེས་པ་སྟེ། སྤྲུལ་པའི་གཟུགས་བརྒྱད་མངོན་སུམ་དུ་བྱས་པའི་ལྷ་དབང་ཕྱུག་དེ་ལ་རྒྱལ་པོ་དགའ་བའི་གོ་ཆ་ཞེས་བྱ་བས་དགའ་བ་རབ་ཏུ་གསལ་བར་བྱས་པ་གང་དེ་ཡང་དགའ་བ་ཕུལ་དུ་བྱུང་བ་སྟོན་པར་རྗེས་སུ་རྟོགས་པར་བྱའོ། །བཅོ་བརྒྱད་པ་ཉམས་ལྡན་གྱི་རྒྱན་ལ་གཉིས། དངོས་དང་། དོགས་པ་གཅོད་པའོ། །དང་པོ་ལ་བརྒྱད་ལས། དང་པོ་སྒེག་པའི་ཉམས་ལ། དཔེར་བརྗོད་ནི། ཤི་བ་ཞེས་པ་ཕ་རོལ་དུ། །གང་དང་འགྲོག་ཕྱིར་བདག་འཆི་འདོད། །ཨ་བནྟེ་དེ་བདག་གིས་ནི། །སྐྱེ་འདི་ཉིད་ལ་ཅི་ལྟར་ཐོབ། །ཅེས་པ་སྟེ། རྒྱལ་པོ་ཨུ་ད་ཡ་ན་ཞེས་པའི་བཙུན་མོ་ཨ་བནྟེ་བྱ་བ་བློན་པོ་
རྣམས་ཀྱིས་ལྐོག་ཏུ་སྦས་ནས་ཤིའོ་ཞེས་བརྗོད་པའི་ཚེ། རྒྱལ་པོ་སྡུག་བསྔལ་གྱིས་གཟིར་ཏེ། ཤི་བ་ཞེས་པ་འཇིག་རྟེན་ཕ་རོལ་དུ་སོང་བ་ཡིན་པས། གང་དང་འགྲོག་པའི་ཕྱིར་དུ་བདག་ཀྱང་འཆི་བར་འདོད་དོ་ཞེས་སྨྲ་བ་ན། བློན་པོ་རྣམས་ཀྱིས་སྙན་སྦྲན་ཏེ་བཙུན་མོ་བཏད་པས་ཨ་ཝནྟེ་ཤི་ཟིན་པ་དེ་འདྲ་བདག་གིས་སྐྱེ་བ་འདི་ཉིད་ལ་ཅི་ལྟར་ཐོབ་ཅེས་པའོ། །དོན་བཤད་ནི། དགའ་བ་ཉིད་ནི་སྔར་བསྟན་ཏེ། །དགའ་བ་སྒེག་པ་ཉིད་འགྱུར་འདིས། །གཟུགས་མང་དག་དང་ལྡན་པས་ན། །འདི་ནི་ཉམས་དང་ལྡན་པའི་ཚིག །ཅེས་པ་སྟེ། དགའ་བའི་རྒྱན་ཉིད་ནི་སྔར་བསྟན་ཟིན་ཏེ། དགའ་བ་སྒེག་པའི་ཉམས་ལྡན་ཉིད་དུ་འགྱུར་བའི་མཚན་ཉིད་ཅན་བརྗོད་མ་ཐག་པ་འདི་ནི། རྣམ་པར་འགྱུར་བའི་གཟུགས་མང་པོ་དག་དང་ལྡན་པས་ན་འདི་ནི་སྒེག་པའི་ཉམས་དང་ལྡན་པའི་ཚིག་གོ །གཉིས་པ་དྲག་ཤུལ་གྱི་ཉམས་ལ། དཔེར་བརྗོད་ནི། གང་གིས་ནག་མོ་བདག་མདུན་ནས། །སྐྲ་ནས་བཟུང་སྟེ་དྲངས་གྱུར་པ། །བསྟན་དཀའ་སྡིག་ཅན་ཐོབ་པ་འདི། །སྐད་ཅིག་འཚོ་བར་འགྱུར་རམ་ཅི། །ཞེས་པ་སྟེ། བསྟན་དཀའ་གང་གིས་འཇིགས་སྡེའི་ཆུང་མ་ནག་མོ་བདག་མདུན་ནས་སྐྲ་ནས་བཟུང་སྟེ་དྲངས་པར་གྱུར་པ་ན་འཇིགས་སྡེ་ཁྲོས་ཏེ། བསྟན་དཀའ་ཞེས་པའི་སྡིག་པ་ཅན་འཇིགས་སྡེ་བདག་གི་ལག་ཏུ་ཐོབ་པ་འདི་ད་སྐད་ཅིག་ཙམ་འཚོ་བར་འགྱུར་རམ་ཅི་སྟེ་ད་ལྟ་ཉིད་དུ་གསད་པར་བྱའོ། །དོན་བཤད་ནི། ཞེས་པ་འཇིགས་སྡེ་དགྲ་དག་ལ། །ལྟ་བའི་ཁྲོ་བ་མཆོག་གི་མཐར། །འཛེགས་པ་དྲག་པོའི་བདག་ཉིད་འགྱུར། །འདི་ནི་རོ་དང་ལྡན་པའི་ཚིག །ཅེས་པ་སྟེ། དེ་ལྟར་སྐྱ་སེང་བུ་ལྔའི་ནང་ཚན་འཇིགས་སྡེ་དེ་དགྲ་བོ་བསྟན་དཀའི་:ཐུམ་༼གཏུམ༽སྤྱོད་དག་ལ་ལྟ་བའི་ཁྲོ་བ་མཆོག་གི་མཐར་འཛེགས་པ་དྲག་པོའི་ཉམས་དང་ལྡན་པའི་བདག་ཉིད་ཅན་དུ་འགྱུར་བ་འདི་ནི་སྙན་ངག་གི་རོ་ཉམས་དང་ལྡན་པའི་ཚིག་ཡིན་ནོ། །གསུམ་པ་དཔའ་བའི་ཉམས་ལ། དཔེར་བརྗོད་ནི། མཚོར་བཅས་ས་ལས་མ་རྒྱལ་ཞིང་། །རྣམ་མང་མཆོད་སྦྱིན་མ་བྱས་ལ། །སློང་ལ་ནོར་རྣམས་མ་སྦྱིན་པར། །ས་སྐྱོང་དུ་བདག་ཇི་ལྟར་འགྱུར། །ཞེས་པ་སྟེ། རྒྱ་མཚོར་བཅས་པའི་ས་ཞི་ལས་དཔུང་གིས་མ་རྒྱལ་ཞིང་། རྒྱལ་པོའི་སྒྲུབ་བྱེད་རྣམ་པ་མང་པོའི་མཆོད་
སྦྱིན་མ་བྱས་ལ། སློང་བ་རྣམས་ལ་ནོར་རྣམས་མ་སྦྱིན་པར་ས་སྐྱོང་དུ་བདག་ཇི་ལྟར་འགྱུར་ཏེ་འདི་ནི་རྨི་ལམ་མ་ཡིན་ནམ་ཞེས་པའོ། །དོན་བཤད་ནི། ཞེས་པ་སྤྲོ་བ་ཁྱད་འཕགས་དག །དཔའ་བའི་ཉམས་ཀྱི་བདག་ཉིད་གནས། །ཉམས་ལྡན་ཉིད་དུ་ནུས་པ་ལ། །ཚིག་འདི་དག་ནི་དབང་བ་ཡིན། །ཞེས་པ་སྟེ། སྤྲོ་བ་འཕེལ་བར་ཁྱད་པར་འཕགས་པའི་ཚུལ་དག་བརྗོད་པ་འདི་ནི་དཔའ་བའི་ཉམས་ཀྱི་བདག་ཉིད་ཅན་ཉིད་དུ་གནས་ཏེ། དེ་ལྟར་ཉམས་དང་ལྡན་པ་ཉིད་དུ་རྟོགས་ནུས་པ་ལ་ཚིག་འདི་དག་ནི་དབང་བ་ཡིན་ནོ། །བཞི་པ་སྙིང་རྗེའི་ཉམས་ལ། དཔེར་བརྗོད་ནི། ལུས་འཇམ་གང་ལ་པདྨ་ཡི། །མལ་སྟན་དག་ཀྱང་རྩུབ་བྱེད་མ། །ལྷ་མོ་དེ་ནི་རོ་ཁང་དག །སྲེག་ཟ་ལྡན་པར་ཇི་ལྟར་ཉལ། །ཞེས་པ་སྟེ། ལུས་ཤིན་ཏུ་འཇམ་པ་གང་ལ་པདྨའི་མལ་སྟན་དག་ཀྱང་རྩུབ་པར་བྱེད་པའི་མཛེས་མ་མིའི་ལྷ་མོ་དེ་ནི་རོ་ཁང་དག་སྲེག་ཟ་མེའི་ཕུང་པོ་འབར་བ་དང་ལྡན་པར་ཇི་ལྟར་ཉལ་བར་བྱེད་ཅེས་སོ། །དོན་བཤད་ནི། ཞེས་པ་སྙིང་རྗེ་རྒྱས་པ་ཡི། །རྒྱན་ཉིད་དུ་ནི་རབ་ཏུ་བཤད། །ཅེས་པ་སྟེ། དེ་ལྟར་བདག་པོ་ཤི་བའི་རོ་ཁང་དུ་བཙུན་མོ་གསོན་པོར་བསྲེགས་པ་ལ་སྙིང་རྗེ་རྒྱས་པའི་ཚིག་བརྗོད་པའི་ཚུལ་འདི་ལྟ་བུ་ནི་སྙིང་རྗེའི་ཉམས་དང་ལྡན་པའི་རྒྱན་ཉིད་དུ་རབ་ཏུ་བཤད་དོ། །ལྔ་པ་མི་སྡུག་པའི་ཉམས་ལ། ཉམས་ཕྱི་མ་རྣམས་དང་ལྷན་ཅིག་དམ་བཅའ་བ་དང་། དངོས་སོ། །དང་པོ་ནི། དེ་བཞིན་གཞན་ཡང་ངམ་པ་དང་། །བཞད་གད་རྨད་བྱུང་འཇིགས་རུང་ངོ་། །ཞེས་པ་སྟེ། གོ་སླའོ། །གཉིས་པ་ནི། རྒྱུ་མས་བརྒྱན་པའི་སྲིན་པོ་རྣམས། །མགོ་མེད་རོ་དང་ལྷན་ཅིག་ཏུ། །ལག་པ་སྦྱར་བས་ཁྱོད་དགྲའི་ཁྲག །འཐུང་ཞིང་འཐུང་ཞིང་གར་བྱེད་དོ། །ཞེས་པ་སྟེ། རྒྱུ་མས་བརྒྱན་པའི་སྲིན་པོ་མི་རོ་ཟ་བ་རྣམས་མགོ་མེད་པའི་རོ་དང་ལྷན་ཅིག་ཏུ་ལག་པའི་སྙིམ་པ་ཁ་སྦྱར་བས་ཁྱོད་དགྲའི་བྱང་ཁོག་གི་ཁྲག་རྣམས་བཅུས་ནས་འཐུང་ཞིང་འཐུང་ཞིང་མྱོས་པའི་གར་བྱེད་དོ། །དྲུག་པ་བཞད་གད་ཀྱི་ཉམས་ནི། གྲོགས་མོ་མེ་ཏོག་མ་རྙིངས་མ། །ཁྱོད་ཀྱི་ནུ་མའི་ངོས་ལ་ནི། །སེན་རྗེས་གསར་པ་ཆགས་པ་འདི། །སྟོད་གཡོགས་ཀྱིས་ནི་སྒྲིབ་པར་མཛོད། །ཅེས་པ་སྟེ། གཞན་དང་ལྷན་ཅིག་བརྩེ་དགར་རོལ་བས་རྒྱན་གྱི་མེ་ཏོག་
རྙིངས་པ་མོ་ལ་བཞད་གད་ཀྱི་ཆེད་དུ་གྲོགས་མོ་མེ་ཏོག་མ་རྙིངས་མ་ཞེས་བོས་ནས། ཁྱོད་ཀྱི་ནུ་མའི་ངོས་ལ་སྦར་མོས་འཇུས་པའི་སེན་རྗེས་གསར་པ་ཆགས་པ་འདི་དག་སྟོད་གཡོགས་ལྷབ་ལྷུབ་གཡོ་བ་དག་གིས་སྒྲིབ་པར་མཛོད་ཅིག་པའོ། །བདུན་པ་རྨད་བྱུང་གི་ཉམས་ནི། དགའ་ཚལ་ལྗོན་པ་འདི་རྣམས་ཀྱི། །འདབ་མ་གསར་པ་གོས་བཟང་དང་། །མེ་ཏོག་དོ་ཤལ་ལ་སོགས་རྒྱན། །ཡལ་འདབ་ཁང་པར་གྱུར་པ་མཚར། །ཞེས་པ་སྟེ། སྔོན་མེད་དགའ་བའི་ཚལ་གྱི་ལྗོན་པའི་ཤིང་འདི་རྣམས་ཀྱི་འདབ་མ་གསར་པ་རྣམས་གོས་བཟང་པོ་དང་། མེ་ཏོག་བཞད་པ་རྣམས་དོ་ཤལ་ལ་སོགས་པའི་རྒྱན་དང་། ཡལ་འདབ་རྣམས་ཀྱང་ཁང་པར་གྱུར་པ་འདི་ནི་ངོ་མཚར་རོ། །བརྒྱད་པ་འཇིགས་རུང་གི་ཉམས་ནི། རྩེ་མོ་དག་ལ་མེ་གནས་པ། །བརྒྱ་བྱིན་གྱི་ནི་རྡོ་རྗེ་གང་། །འདི་ནི་དྲན་ན་ལྷ་མིན་གྱི། །བུད་མེད་མངལ་ནི་ལྷུང་བར་བྱེད། །ཅེས་པ་སྟེ། རྩེ་མོ་དག་ལ་འབར་བའི་མེ་གནས་པ་རྒྱ་བྱིན་གྱི་ལག་གི་རྡོ་རྗེ་རྩེ་བརྒྱ་པ་གང་འདི་དྲན་པ་ཙམ་ཉིད་ན་ལྷ་མིན་གྱི་བུད་མེད་མངལ་ན་བུ་ཡོད་པ་རྣམས་ནི་འཇིགས་སྐྲག་གིས་མངལ་ལྷུང་བར་བྱེད་དོ། །གཉིས་པ་ནི། སྙན་པ་གྲོང་པ་ཉིད་མིན་སྐྱེས། །བརྗོད་བྱ་ཡི་ནི་ཉམས་དག་བསྟན། །འདིར་ནི་ཉམས་བརྒྱད་དབང་བྱས་ཏེ། །ཚིག་རྣམས་ཉམས་དང་ལྡན་པར་བཤད། །ཅེས་པ་སྟེ། བཤད་མ་ཐག་པའི་ཉམས་ལྡན་གྱི་རྒྱན་འདི་རྣམས་ལེའུ་དང་པོའི་སྙན་པའི་ཉམས་ལས་ཁྱད་པར་ཅི་ཞེ་ན། སྙན་པའི་ཉམས་ནི་གྲོང་པ་ཉིད་མ་ཡིན་པ་ལས་སྐྱེས་པའི་བརྗོད་བྱའི་ཉམས་དག་བསྟན་ལ། འདིར་ནི་སྒེག་པ་སོགས་ཉམས་བརྒྱད་ཀྱི་དབང་དུ་བྱས་ཏེ། ཚིག་རྣམས་ཉམས་དང་ལྡན་པར་བཤད་དོ། །བཅུ་དགུ་པ་གཟི་བརྗིད་ཅན་གྱི་རྒྱན་ལ་གཉིས། དཔེར་བརྗོད་དང་། དོན་བཤད་དོ། །དང་པོ་ནི། བདག་ནི་གནོད་པ་བྱེད་པོ་ཞེས། །ཁྱོད་ཀྱི་སྙིང་ལ་འཇིགས་མ་བྱེད། །བདག་ནི་རལ་གྲི་ཕྱིར་ཕྱོགས་རྣམས། །ནམ་ཡང་གཞོམ་པར་འདོད་མ་ཡིན། །ཞེས་པ་སྟེ། བདག་ནི་བསྡིགས་ཤིང་གནོད་པ་བྱེད་པ་པོ་ཡིན་ནོ་ཞེས་ཁྱོད་རྣམས་ཀྱི་སྙིང་ལ་འཇིགས་པར་མ་བྱེད་ཅིག །རྒྱུ་མཚན། སྐྱེས་བུ་བདག་ནི་རལ་གྲི་ཕྱིར་ཕྱོགས་པ་རྣམས་དུས་ནམ་ཡང་གཞོམ་པར་
འདོད་པ་མ་ཡིན་པས་སོ། །གཉིས་པ་ནི། ཞེས་པ་སྐྱེས་བུ་དྲེགས་ལྡན་འགས། །གཡུལ་དུ་གཞན་ནི་བཀག་བྱས་ནས། །གཏོང་བ་དེ་ལྟ་བུ་ལ་སོགས། །གཟི་བརྗིད་ལྡན་པར་ཤེས་པར་བྱ། །ཞེས་པ་སྟེ། དེ་ལྟར་སྐྱེས་བུ་དྲེགས་ལྡན་འགས་གཡུལ་དུ་གཞན་སྡེ་བཅོམ་པའི་ཚེ་བྲོས་པ་རྣམས་བཀག་པར་བྱས་ནས་གཏོང་བ་ན་ང་རྒྱལ་གྱི་ཚིག་དེ་ལྟ་བུ་ལ་སོགས་པ་བརྗོད་པའི་ཚུལ་གང་ཡིན་པ་དེ་ནི་གཟི་བརྗིད་ལྡན་པའི་རྒྱན་ཞེས་བྱ་བར་ཤེས་པར་བྱའོ། །ཉི་ཤུ་པ་རྣམ་གྲངས་བརྗོད་པའི་རྒྱན་ལ་གསུམ། མཚན་ཉིད། དཔེར་བརྗོད། དོན་བཤད་དོ། །དང་པོ་ནི། འདོད་དོན་དངོས་སུ་མ་བརྗོད་པར། །དེ་ཉིད་འགྲུབ་པར་བྱ་བའི་ཕྱིར། །རྣམ་པ་གཞན་དག་བརྗོད་པ་གང་། །དེ་ནི་རྣམ་གྲངས་བརྗོད་པར་འདོད། །ཅེས་པ་སྟེ། འདོད་པའི་དོན་གྱི་རང་བཞིན་དངོས་སུ་མ་བརྗོད་པར། འདོད་དོན་དེ་ཉིད་འགྲུབ་པར་བྱ་བའི་ཕྱིར་ཐབས་ལ་མཁས་པའི་རྣམ་པ་གཞན་དག་བརྗོད་པའི་ཚུལ་གང་ཡིན་པ་དེ་ནི་རྣམ་གྲངས་བརྗོད་པའི་རྒྱན་ཞེས་བྱ་བར་འདོད་དོ། །གཉིས་པ་ནི། ས་ཧཱ་ཀཱ་རའི་སྙེ་མ་རྣམས། །གཞན་གྱིས་གསོས་འདི་ཟ་བར་བྱེད། །དེ་ནི་བདག་གིས་བཟློག་པར་བགྱི། །ཁྱེད་གཉིས་དལ་གྱི་འདུག་པར་མཛོད། །ཅེས་པ་སྟེ། ཤིང་ས་ཧཱ་ཀཱ་རའི་སྙེ་མ་རྣམས་གཞན་བྱ་རོག་གིས་གསོས་པར་གྲགས་པ་ཁྱུ་བྱུག་འདི་དག་གིས་ཟ་བར་བྱེད་པས། དེ་ནི་བདག་གིས་བཟློག་པར་བགྱི་བའི་ཆེད་དུ་ཁོ་བོ་སྐྱེད་མོས་ཚལ་དུ་འགྲོ་བས་ཁྱེད་ཅག་གཉིས་གནས་འདིར་དལ་གྱིས་འདུག་པར་མཛོད་ཅིག་པའོ། །གསུམ་པ་ནི། གྲོགས་མོ་སྐྱེས་ཕྲན་ཕྲད་བྱས་ནས། །དེ་དག་འདུས་པར་དགའ་བ་ཡི། །དགའ་སྟོན་སྒྲུབ་ཏུ་གཞུག་འདོད་པས། །འགའ་ཞིག་དེ་ནས་སོང་བར་གྱུར། །ཞེས་པ་སྟེ། རང་གི་གྲོགས་མོ་སྐྱེས་ཕྲན་གཞོན་ནུ་དང་ཕྲད་པར་བྱས་ནས་དེ་དག་འདུས་པར་དགའ་བའི་དགའ་སྟོན་བསྒྲུབ་ཏུ་གཞུག་འདོད་པས་འགའ་ཞིག་གནས་དེ་ནས་ཁུ་བྱུག་བཟློག་པའི་ཟོལ་གྱིས་གཞན་དུ་སོང་བར་གྱུར་ཏོ། །ཉེར་གཅིག་པ་ཀུན་ཕན་གྱི་རྒྱན་ལ་གཉིས། མཚན་ཉིད་དང་། དཔེར་བརྗོད་དོ། །དང་པོ་ནི། བྱ་བ་འགའ་ཞིག་རྩོམ་པ་ལ། །སྐལ་བ་ཡི་ནི་སྟོབས་ལས་ཀྱང་། །དེ་ཡི་སྒྲུབ་བྱེད་ཕུན་
ཚོགས་གང་། །དེ་ནི་ཀུན་ཏུ་ཕན་པར་བརྗོད། །ཅེས་པ་སྟེ། བྱ་བའི་དངོས་པོ་འགའ་ཞིག་རྩོམ་པར་འདོད་པ་སྐལ་བའམ་བསོད་ནམས་ཀྱི་སྟོབས་ལས་ཀྱང་དེའི་སྒྲུབ་བྱེད་ཕུན་སུམ་ཚོགས་པ་གང་དག་བྱུང་བར་སྟོན་པ་དེ་ནི་ཀུན་ཏུ་ཕན་པའི་རྒྱན་ཞེས་བྱ་བར་བརྗོད་དོ། །གཉིས་པ་ནི། ཁེངས་པ་གཞོམ་ཕྱིར་དེ་ཡི་ནི། །རྐང་པ་དག་ལ་ཕྱག་འཚལ་བ། །བདག་ལ་ཕན་ཕྱིར་སྐལ་བ་ཡིས། །འབྲུག་གི་སྒྲ་ནི་གྲགས་པར་འགྱུར། །ཞེས་པ་སྟེ། ཆགས་ལྡན་དག་དགའ་མས་མི་འདུད་པའི་ཁེངས་པ་གཞོམ་ཕྱིར་དེའི་རྐང་པ་དག་ལ་ཕྱག་འཚལ་བར་རྩོམ་པའི་ཚེ་བདག་ལ་ཕན་ཕྱིར་སྐལ་བའི་སྟོབས་ཀྱིས་འབྲུག་གི་སྒྲ་ཁེངས་ལྡན་མའི་ཁེངས་པས་བཟོད་པར་དཀའ་བ་དག་གློ་བུར་དུ་གྲགས་པར་གྱུར་ཏོ། །ཉེར་གཉིས་པ་རྒྱ་ཆེ་བའི་རྒྱན་ལ་གསུམ། མཚན་ཉིད། དཔེར་བརྗོད། དོན་བསྡུ་བའོ། །དང་པོ་ནི། བསམ་པའམ་ནི་འབྱོར་པ་ཡི། །ཆེན་པོ་ཉིད་ཀྱི་བླ་མེད་གང་། །དེ་ནི་རྒྱ་ཆེ་ཞེས་པ་ཡི། །རྒྱན་དུ་མཁས་པ་རྣམས་ཀྱིས་བརྗོད། །ཅེས་པ་སྟེ། བསམ་པའམ་འབྱོར་པའི་དངོས་པོ་དོག་ཆེན་པོ་ཉིད་ནི་བླ་ན་མེད་པ་གང་དག་རྟོགས་པར་བྱེད་པ་དེ་ནི་རྒྱ་ཆེ་བ་ཞེས་པའི་རྒྱན་དུ་མཁས་པ་རྣམས་ཀྱིས་བརྗོད་དོ། །གཉིས་པ་ལ། དང་པོ་བསམ་པ་རྒྱ་ཆེ་བ་ནི། །རཱ་ཝ་ཎ་ཡི་མགོ་གཅོད་པའི། །བྱ་བའི་ཁུར་ཡང་བཟོད་པ་ཡི། །རཱ་གྷུའི་བུ་དེས་བླ་མ་ཡིས། །བཀའ་ལས་འདའ་བར་ནུས་མ་གྱུར། །ཞེས་པ་སྟེ། རཱ་ཝ་ཎ་སྒྲ་སྒྲོག་གི་བུ་ལངྐ་མགྲིན་བཅུའི་མགོ་གཅོད་པའི་བྱ་བའི་ཁུར་ཆེན་པོ་ཡང་བཟོད་ནུས་པ་གང་། རཱ་གྷུ་ཞེས་པ་རྒྱལ་པོ་ཤིང་རྟ་བཅུ་པའི་བུ་རཱ་མ་ཎ་དེས་རང་གི་ཡབ་བླ་མའི་བཀའ་ལས་འདའ་བར་ནུས་པར་མ་གྱུར་ཏོ། །གཉིས་པ་འབྱོར་པ་རྒྱ་ཆེ་བ་ནི། རིན་ཆེན་རྩིག་པ་ལ་འཕོས་པའི། །གཟུགས་བརྙན་བརྒྱ་ཡིས་བསྐོར་གྱུར་པ། །ལངྐའི་དབང་ཕྱུག་དེ་ཁོ་ན། །ཨཉྫ་ན་བུའི་དཀའ་བ་ཤེས། །ཞེས་པ་སྟེ། རིན་ཆེན་སྣ་ཚོགས་པའི་རྩིག་པའི་ངོས་ལ་འཕོས་པའི་རང་འདྲའི་གཟུགས་བརྙན་བརྒྱ་ཡིས་བསྐོར་བར་གྱུར་པ་ལངྐའི་དབང་ཕྱུག་དེ་ཁོ་ན་ཨཉྫ་ནའི་བུ་སྤྲེའུ་ཧ་ནུ་མནྡྷ་དེས་སི་ཏཱ་འཚོལ་བར་སོང་དུས་དཀའ་བས་ཤེས་ཀྱི་ཡུད་ཙམ་གྱིས་ནི་མ་ཡིན་ནོ། །གསུམ་པ་ནི། སྔ་མར་བསམ་པའི་བདག་
ཉིད་ཆེ། །འདིར་ནི་མངོན་པར་འབྱོར་པ་བརླིང་། །རྒྱ་ཆེ་གཉིས་པོ་འདི་དག་ཀྱང་། །རབ་ཏུ་གསལ་བར་མཚོན་པ་ཡིན། །ཞེས་པ་སྟེ། དཔེར་བརྗོད་སྔ་མར་བསམ་པའི་བདག་ཉིད་རྒྱ་ཆེ་བར་བསྟན་ལ། ཕྱི་མ་འདིར་ནི་མངོན་པར་འབྱོར་པ་བརླིང་ཞིང་ཆེ་བའི་བདག་ཉིད་དག་བསྟན་ཏེ། རྒྱ་ཆེ་བའི་རྒྱན་གཉིས་པོ་འདི་དག་ཀྱང་རབ་ཏུ་གསལ་བར་མཚོན་པ་ཡིན་ནོ། །ཉེར་གསུམ་པ་བསྙོན་དོར་གྱི་རྒྱན་ལ་གསུམ། མཚན་ཉིད། དཔེར་བརྗོད། དོན་བསྡུ་བའོ། །དང་པོ་ནི། བསྙོན་དོར་དག་ནི་བསྙོན་བྱས་ནས། །དོན་གཞན་ཅུང་ཟད་སྟོན་པ་སྟེ། །ཞེས་པ་སྟེ། བསྙོན་དོར་དག་གི་མཚན་ཉིད་ནི་དངོས་པོའི་ངོ་བོ་ཡིན་པ་ལ་འདི་མ་ཡིན་ནོ་ཞེས་བསྙོན་བྱས་ནས། དོན་གཞན་ཆོས་དང་ཆོས་ཅན་གྱི་ངོ་བོ་ཅུང་ཟད་སྟོན་པ་སྟེ་ཞེས་སོ། །གཉིས་པ་ལ། དང་པོ་ཆོས་ལ་བསྙོན་པ་ནི། འདོད་པ་དག་ནི་མདའ་ལྔ་པ། །མ་ཡིན་སྒྲོ་ལྡན་སྟོང་ཕྲག་ཡོད། །ཅེས་པ་སྟེ། འདོད་པའི་ལྷ་དག་ནི་མདའ་ལྔ་པའོ་ཞེས་གྲགས་ཀྱང་དེ་མ་ཡིན་ཏེ། འདིས་ནི་སྲིད་པ་གསུམ་ལས་རྒྱལ་བར་ནུས་པའི་ཕྱིར་སྒྲོ་ལྡན་ཏེ་མདའ་སྟོང་ཕྲག་ཡོད་དོ་ཞེས་འདོད་ལྷའི་ཆོས་མདའ་ལྔ་ལ་བསྙོན་ནས་སྟོང་ཕྲག་ཡོད་པར་སྟོན་པས་ཆོས་ལ་བསྙོན་པ་ཞེས་བྱའོ། །གཉིས་པ་ཡུལ་ལ་བསྙོན་པ་ལ། དཔེར་བརྗོད་ནི། ཙནྡན་ཟླ་འོད་དལ་བུ་ཡིས། །ལྷོ་ཕྱོགས་དྲི་ཡི་བཞོན་པ་འདི། །མེ་ཡི་རང་བཞིན་སྤྲོ་བ་སྟེ། །གཞན་གྱི་ངོར་ནི་བསིལ་ཞེས་གྲགས། །ཞེས་པ་སྟེ། ཙནྡན་དང་། ཟླ་བའི་འོད་ཟེར། དལ་བུར་རྒྱུ་བའི་ལྷོ་ཕྱོགས་དྲིའི་གཞོན་པ་དང་གསུམ་པོ་འདི་ཁོ་བོས་ནི་མེའི་རང་བཞིན་སྤྲོ་བར་མཐོང་སྟེ། སྐྱེ་བོ་གཞན་གྱི་ངོར་ནི་བསིལ་ཞེས་གྲག་གོ །དོན་བཤད་ནི། འདོད་ལྡན་གྱིས་ནི་གཞན་ལ་དེ། །བསིལ་བར་ཁས་བླངས་བདག་ཉིད་ལ། །ཚ་བ་ཉིད་དུ་རབ་བསྟན་ཕྱིར། །འདི་ནི་ཡུལ་ལ་བསྙོན་པའོ། །ཞེས་པ་སྟེ། དེ་ལྟར་འདོད་ལྡན་གྱིས་སྐྱེ་བོ་གཞན་ལ་ཙནྡན་ཟླ་འོད་ལ་སོགས་པ་དེ་བསིལ་བའི་དངོས་པོར་ཁས་བླངས་ཀྱང་བདག་ཉིད་ལ་ཚ་བ་ཉིད་དུ་རབ་ཏུ་བསྟན་པའི་ཕྱིར་བསིལ་བའི་དངོས་པོ་ཚ་བར་སྟོན་པས་འདི་ནི་ཡུལ་ལ་བསྙོན་པ་ཞེས་བྱའོ། །གསུམ་པ་རང་བཞིན་ལ་བསྙོན་པ་ལ། དཔེར་བརྗོད་ནི། བདུད་རྩི་ཟག་པའི་འོད་ཟེར་ཅན། །ཟླ་བ་ཞེས་པར་བདག་
ཅག་འདོད། །དོན་གྱི་བདག་ཉིད་འདི་ནི་གཞན། །དུག་ཟག་ཟེར་དང་ལྡན་པ་ཉིད། །ཅེས་པ་སྟེ། བདུད་རྩི་ཟག་པའི་འོད་ཟེར་གྱིས་མཛེས་པའི་རང་བཞིན་ཅན་ཟླ་བ་ཞེས་པར་བདག་ཅག་འདོད་མོད། དོན་གྱི་བདག་ཉིད་ཟླ་བ་འདི་ནི་དེ་ལས་གཞན་དུ་གྱུར་པ་སྟེ། དུག་ཟག་ཟེར་དང་ལྡན་པ་ཉིད་ཡིན་ནོ། །དོན་བཤད་ནི། ཅེས་པའི་ཟླ་བའི་ཟླ་བ་ཉིད། །བཟློག་ནས་དོན་གཞན་བདག་ཉིད་ནི། །འདོད་པས་གཟིར་བར་བརྗོད་པའི་ཕྱིར། །འདི་ནི་རང་བཞིན་བསྙོན་དོར་རོ། །ཞེས་པ་སྟེ། དེ་ལྟར་ཟླ་བ་བདུད་རྩིིའི་རང་བཞིན་ཅན་གྱི་དངོས་པོ་དེ་ཟླ་བ་ཉིད་མ་ཡིན་ཞེས་བསྙོན་ཞིང་བཟློག་ནས། དོན་གཞན་དུག་ཟག་པའི་ཟེར་ལྡན་དུ་བསྟན་པ་འདི་ནི་བདག་འདོད་ན་འདོད་པས་གཟིར་བས་བརྗོད་པའི་ཕྱིར་ཚུལ་འདི་ནི་རང་བཞིན་བསྙོན་དོར་རོ། །གསུམ་པ་ནི། བསྙོན་དོར་དཔེ་ནི་སྔར་ཉིད་དུ། །དཔེར་བརྗོད་རྣམས་ལ་རབ་བསྟན་ཏོ། །འདི་ཡིས་བསྙོན་དོར་དབྱེ་བ་རྣམས། །མཚོན་བྱ་དག་ལ་རྒྱ་ཆེར་མཚོན། །ཞེས་པ་སྟེ། བསྙོན་དོར་གྱི་དཔེ་ནི་སྔར་དཔེ་རྒྱན་གྱི་སྐབས་ཉིད་དུ་དཔེར་བརྗོད་རྣམས་ལ་རབ་ཏུ་བསྟན་ཟིན་ཏོ། །དེར་མ་ཟད། འདི་ལྟར་བཀོད་པའི་བསྙོན་དོར་གྱི་དཔེར་བརྗོད་འདི་རྣམས་ཀྱིས་མཚོན་ཞིང་རྗེས་སུ་དཔགས་ནས། རྒྱུ་ལ་བསྙོན་དོར་དང་། སྙན་པར་སྨྲ་བའི་བསྙོན་དོར་སོགས་བསྙོན་དོར་གྱི་དབྱེ་བ་མཐའ་ཡས་པ་རྣམས་ཀྱང་མཚོན་བྱ་སྙན་ངག་དག་ལ་རྒྱ་ཆེར་མཚོན་ཞིང་རྟོགས་པར་བྱའོ། །ཉེར་བཞི་པ་སྦྱར་བའི་རྒྱན་ལ་གཉིས། མཚན་ཉིད་དང་། དཔེར་བརྗོད་དོ། །དང་པོ་ནི། སྦྱར་བ་གཟུགས་གཅིག་ལྡན་པའི་ཚིག །དུ་མའི་དོན་ཅན་ཉིད་དུ་འདོད། །ཅེས་པ་སྟེ། སྦྱར་བ་ནི་རྗོད་བྱེད་སྒྲའི་གཟུགས་གཅིག་དང་ལྡན་པའི་ཚིག་བརྗོད་བྱ་དུ་མའི་དོན་གྱི་བདག་ཉིད་ཅན་ཉིད་དུ་འདོད་དོ། །གཉིས་པ་ལ་གསུམ། རྩ་བ་གཉིས་སུ་བསྟན་པ། བཤད་ཟིན་དྲན་པར་བྱ་བ། ཁྱད་པར་བདུན་དུ་དབྱེ་བའོ། །དང་པོ་ལ། མིང་གིས་མདོར་བསྟན་པ་དང་། དཔེར་བརྗོད་ཀྱིས་རྒྱས་པར་བཤད་པ་གཉིས། དང་པོ་ནི། དེ་ཚིག་ཐ་དད་མིན་པ་དང་། །ཐ་དད་ཚིག་འདྲ་རྣམ་པ་གཉིས། །ཞེས་པ་སྟེ། གོ་སླའོ། །གཉིས་པ་ལ། དང་པོ་ཚིག་ཐ་དད་
མིན་པའི་སྦྱར་བ་ནི། ཨུ་ད་ཡ་གནས་མཛེས་པ་ཅན། །དཀྱིལ་འཁོར་ལ་ཆགས་རྒྱལ་པོ་འདི། །མྲྀ་དུ་ཀ་རཿའཇིག་རྟེན་གྱི། །ཡིད་ནི་རབ་ཏུ་འཕྲོག་པར་བྱེད། །ཅེས་པ་སྟེ། དེ་ལ་སྦྱར་གཞི་ཟླ་བ་དང་རྒྱལ་པོ་སྟེ། སྦྱར་ཆོས། ཨུ་ད་ཡ་འཆར་བ་དང་དར་བ་ལ་འཇུག་པས། ཟླ་བ་འཆར་བ་ལ་གནས་པའི་མཛེས་པ་ཅན་དང་། རྒྱལ་པོ་དར་བ་ལ་གནས་པའི་མཛེས་པ་ཅན་ཞེས་སྦྱར། མཎྜ་ལ་དཀྱིལ་འཁོར་དང་། རཀྟ་དམར་བ་དང་ཆགས་པ་ལ་འཇུག་པའི་རྒྱུ་མཚན་གྱིས་ཟླ་བའི་དཀྱིལ་འཁོར་དམར་བ་དང་། རྒྱལ་པོ་འཁོར་འབངས་ལ་རྗེས་སུ་ཆགས་པ་སྦྱར། མྲྀ་དུ་ཀ་རཿའཇམ་པའི་འོད་དང་འཇམ་པའི་དཔྱ་གཉིས་ཀ་ལ་འཇུག་པས། ཟླ་བ་བདུད་རྩིའི་རང་བཞིན་འཇམ་པའི་འོད་ཟེར་སྤྲོ་བ་དང་། རྒྱལ་པོ་འཇམ་པའི་དཔྱ་ཁྲལ་རན་པར་སྡུད་པ་སྦྱར་ཏེ། དེ་ལྟ་བུའི་ཟླ་བ་དང་རྒྱལ་པོ་འདིས་ནི་འཇིག་རྟེན་གྱི་ཡིད་རབ་ཏུ་འཕྲོག་པར་བྱེད་དོ། །གཉིས་པ་ཐ་དད་ཚིག་འདྲའི་སྦྱར་བ་ནི། རྒྱ་དཔེ་གཅིག་ལ་གཅོད་མཚམས་ཐ་དད་པའི་དོན་གཉིས་སྟོན་པ་སྟེ། འགྱུར་གཅིག་ལ། རྒྱལ་རིགས་ལམ་ལ་མི་གནས་པ། །རྒྱལ་པོ་སྐྱོན་གྱི་འབྱུང་གནས་དང་། །བསྡོངས་ནས་སྐྱོན་མང་དག་གིས་བདག །དགའ་མེད་འདི་ལྟར་ཅིས་མ་མནར། །ཞེས་པ་སྟེ། རྒྱལ་རིགས་ཀྱི་ལམ་སྲོལ་བཟང་པོ་ལ་མི་གནས་པའི་རྒྱལ་པོ་ངན་པ་སྐྱོན་གྱི་འབྱུང་གནས་དང་བསྡོངས་པ་ལ་བསྟེན་ནས་ཉེས་སྐྱོན་མང་པོ་དག་གིས་བདག་དགའ་མེད་དུ་འདི་ལྟར་ཅིས་མ་མནར་ཏེ་མནར་རོ། །ཞེས་དང་། ཡང་འགྱུར་གཅིག་ལ། རྒྱུ་སྐར་ལམ་ལ་རབ་གནས་པ། །མཚན་མོར་བྱེད་པ་དང་བསྡོངས་ནས། །སྲོད་ལ་:ཡིས་༼འདིས་༽ནི་བདག་འདི་ལྟར། །དགའ་བ་མེད་པར་ཅིས་མ་མནར། །ཞེས་པ་སྟེ། རྒྱུ་སྐར་གྱི་ལམ་ནམ་མཁའ་ལ་རབ་ཏུ་གནས་པ་མཚན་མོར་བྱེད་པའི་བྱ་བ་དང་བསྡོངས་ནས་སྲོད་ལ་ཟླ་བ་འདི་ཡིས་བྲལ་བས་ཉེན་པ་བདག་འདི་ལྟར་དགའ་བ་མེད་པར་ཅིས་མ་མནར་ཏེ་མནར་རོ་ཞེས་པའོ། །གཉིས་པ་ནི། དཔེ་དང་གཟུགས་ཅན་འགོག་པ་དང་། །ལྡོག་པ་ཅན་སོགས་སྤྱོད་ཡུལ་ཅན། །སྦྱར་བ་གོང་དུ་བསྟན་ཟིན་ཏེ། །ཞེས་པ་སྟེ་སྦྱར་བའི་དཔེ་དང་། སྦྱར་བའི་གཟུགས་ཅན། སྦྱར་བའི་འགོག་པ་དང་། ལྡོག་པ་ཅན་གྱི་སྦྱར་བ། སོགས་
ཁོང་ནས་རྒྱན་གཞན་གྱི་སྤྱོད་ཡུལ་ཅན་གྱི་སྦྱར་བ་གོང་དུ་བསྟན་ཟིན་ཏེ་ཞེས་པའོ། །གསུམ་པ་ལ་གསུམ། དམ་བཅའ་བ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། གཞན་པ་འགའ་ཞིག་བསྟན་པར་བྱ། །ཞེས་པའོ། །གཉིས་པ་ནི། འགའ་ཞིག་བྱ་བ་ཐ་དད་མིན། །གཞན་པ་བྱ་བ་འགལ་མིན་ཡོད། །འགལ་བའི་ལས་ཅན་དག་ཀྱང་གཞན། །སྦྱར་བ་ངེས་པ་ཅན་ཡང་ཡོད། །ངེས་པ་འགོག་པའི་གཟུགས་བརྗོད་དང་། །འགལ་མེད་འགལ་བ་ཅན་ཡང་སྟེ། །དེ་དག་རྣམས་ཀྱི་རང་བཞིན་ཡང་། །དཔེར་བརྗོད་དག་ལ་གསལ་བར་འགྱུར། །ཞེས་པ་སྟེ། གོ་སླའོ། །གསུམ་པ་དང་པོ་བྱ་བ་ཐ་དད་མིན་པའི་སྦྱར་བ་ནི། འཁྱོག་ཅིང་ཡིད་འོང་རང་བཞིན་ཅན། །ཆགས་པ་གསལ་བར་སྟོན་བྱེད་མ། །མཛེས་མས་བསྐུལ་བའི་མིག་དང་ནི། །ཕོ་ཉ་མོས་ཀྱང་འཛའ་བོ་འགུགས། །ཞེས་པ་སྟེ། མིག་ཟུར་ཕན་ཚུན་དུ་འཁྱོག་པ་དང་། ཕོ་ཉ་མོའི་བསམ་པ་དང་ངག་འཁྱོག་པར་སྦྱར། ཡིད་དུ་འོང་བའི་རང་བཞིན་ཅན་གཉིས་ཀ་ལ་སྦྱར། དེ་ལྟ་བུའི་ཆགས་པ་འཕེལ་བའི་རྣམ་འགྱུར་གསལ་བར་སྟོན་པར་བྱེད་མ་མཛེས་མས་བསྐུལ་བའི་མིག་ཟུར་དང་། ཕོ་ཉ་མོས་ཀྱང་མཛའ་བོ་འགུགས་སོ་ཞེས་མིག་ཟུར་དང་ཕོ་ཉ་མོ་གཉིས་ཀ་བྱ་བ་ཐ་དད་མ་ཡིན་པར་སྦྱར་བའོ། །གཉིས་པ་འགལ་མིན་གྱི་སྦྱར་བ་ནི། ཡིད་འོང་ཆགས་པ་འཕེལ་བར་བྱེད། །འཇམ་ཞིང་མྱོས་པའི་མདངས་སྙན་ཅན། །ཁྱུ་བྱུག་སྒྲ་ནི་ཐོས་གྱུར་ཏེ། །དཀར་མིན་མིག་ཅན་དག་ལ་འཁྱུད། །ཅེས་པ་སྟེ། ཀུན་གྱི་ཡིད་དུ་འོང་ཞིང་ཆགས་པ་འཕེལ་བར་བྱེད་པ། འཇམ་ཞིང་མྱོས་པའི་མདངས་སྙན་པོ་དང་ལྡན་པ་ཅན་ཁྱུ་བྱུག་གི་སྒྲ་ཐོས་པར་གྱུར་ཏེ། དེ་ཆགས་པ་འཕེལ་ནས་དཀར་མིན་གནག་པའི་མིག་ཅན་མ་དག་ལ་འཁྱུད་དོ་ཞེས་ཐོས་བྱ་དང་འཁྱུད་བྱ་འགལ་མིན་དུ་སྦྱར་བའོ། །གསུམ་པ་འགལ་བའི་ལས་ཅན་གྱི་སྦྱར་བ་ནི། ཆུ་མ་དང་སྦྱར་འཕེལ་བ་ཡི། །དམར་བ་རབ་ཏུ་སྟོན་བྱེད་ཅིང་། །ཚ་ཟེར་ཅན་ནི་ནུབ་གྱུར་ཏེ། །ལུས་སྐྱེས་དག་ནི་རྣམ་པར་རྒྱས། །ཞེས་པ་སྟེ། ཆུ་མ་ནུབ་ཕྱོགས་དང་བུད་མེད་ཀྱི་མཚན་མ་གཉིས་ཀ་ལ་འཇུག་པས། ནུབ་ཕྱོགས་ལ་སྦྱར་བའི་ཚེ་མཐུན་འཚམས་ཀྱི་དམར་བ་དང་། མཚན་མ་ལ་སྦྱར་བའི་ཚེ་འདོད་པ་ཕེལ་བའི་
རྣམ་པ་ཕྱི་རོལ་དུ་རབ་ཏུ་སྟོན་པར་བྱེད་པ་སྦྱར་ཞིང་། དེ་ལྟ་བུའི་ཚ་ཟེར་ཅན་ནི་ནུབ་པར་གྱུར་ཏེ་ལུས་སྐྱེས་འདོད་པ་དག་ནི་རྣམ་པར་རྒྱས་སོ་ཞེས་ནུབ་པ་དང་རྒྱས་པ་འགལ་བའི་ལས་ཅན་གྱི་བྱ་བར་སྦྱར་བའོ། །བཞི་པ་ངེས་པ་ཅན་གྱི་སྦྱར་བ་ནི། རལ་གྲི་ཉིད་ལ་ནི་སྟྲིམ་ཤ། གཞུ་ཉིད་ལ་ནི་འཁྱོག་པོ་ཉིད། །མི་བདག་འདི་ཡི་མཱརྒཱ་ཎ། །མདའ་རྣམས་ཉིད་ལ་གནས་པ་ཡིན། །ཞེས་པ་སྟེ། ནི་སྟྲིམ་ཤ་རལ་གྲི་དང་ཁྲོ་བ་ལ་འཇུག །འཁྱོག་པོའི་སྒྲ་གཞུ་དང་གཡོན་ཅན་ལ་འཇུག །མཱརྒ་ཎ་མདའ་དང་སློང་བ་ལ་འཇུག་པ་ལས། མི་བདག་ནི་ཁྲོ་བ་དང་། སེམས་འཁྱོག་པ་དང་། བདག་ཉིད་སློང་བ་མིན་པས་རྒྱལ་པོ་འདིའི་ནི་སྟྲིམ་ཤ་ལ་སོགས་པ་རྣམས་ནི་རལ་གྲི་དང་གཞུ་དང་མདའ་རྣམས་ཉིིད་ཡིན་པ་ལ་གནས་པ་ཡིན་ནོ་ཞེས་ནིསྟྲིམ་ཤ་རལ་གྲིར་ངེས་པ་ལ་སོགས་པ་ངེས་བཟུང་བརྗོད་པས་ངེས་པ་ཅན་གྱི་སྦྱར་བའོ། །ལྔ་པ་ངེས་པ་འགོག་པའི་སྦྱར་བ་ནི། ཁྱོད་ཀྱིས་བསྲུངས་ལ་ཚེར་མ་ནི། །པདྨའི་ཡུ་བ་ཉིད་ལ་མཐོང་། །འོན་ཀྱང་ཆགས་ཅན་འཁྲིག་པ་ལ། །འཁྱུད་པར་གྱུར་པ་རྣམས་ལའང་མཐོང་། །ཞེས་པ་སྟེ། ཀཎྚ་ཀའི་སྒྲ་ཚེར་མ་དང་། སེམས་ཅན་མ་རུངས་པ་དང་། པདྨའི་ཡུ་བའི་སྤུ་དང་། ལུས་ཀྱི་སྤུ་ལོང་རྣམས་ལ་འཇུག་པ་ལས། རྒྱལ་པོ་ཁྱོད་ཀྱིས་བསྲུངས་པའི་ས་གཞིའི་ཁྱོན་འདི་ལ་ཚེར་མ་དང་། སེམས་ཅན་ངན་པ་མེད་པའི་ཕྱིར་ཀཎྚ་ཀ་ནི་པདྨའི་ཡུ་བའི་སྤུ་ཉིད་ལ་མཐོང་ངོ་། །འོན་ཀྱང་ཆགས་ཅན་འཁྲིག་པ་ལ་ཞུགས་པ་འཁྱུད་པར་གྱུར་པ་རྣམས་ཀྱི་ལུས་ལ་ཆགས་པས་བསྐྱེད་པའི་སྤུ་ལོང་གཡོ་བའང་མཐོང་ངོ་ཞེས་ངེས་བཟུང་བྱས་པ་ཕྱིས་འགོག་པས་ངེས་པ་འགོག་པའི་སྦྱར་བའོ། །དྲུག་པ་འགལ་མེད་ཀྱི་སྦྱར་བ་ནི། ས་འཛིན་ཀ་ཊ་ཀ་མང་ཞིང་། །གཟི་བརྗིད་ལྡན་པ་ངེས་པར་དར། །མཁས་པ་སྐྱེ་རྒུའི་བདག་འབྱུང་སྟེ། །རྗེ་བོ་ནུས་པ་འཛིན་ཡང་སྟེ། །ཞེས་པ་སྟེ། ཁྱད་གཞི་ས་འཛིན་རི་དང་རྒྱལ་པོ། ཁྱད་ཆོས་ཀ་ཊ་ཀ་རི་ཞོལ་དང་འཁོར་མང་བ། ཁྱད་གཞི་གཟི་བརྗིད་ལྡན་པ་ཉི་མ་དང་རྒྱལ་པོ། ཁྱད་ཆོས་ཨུ་ད་ཡ་འཆར་བ་དང་ངེས་པར་དར་བ། ཁྱད་གཞི་སྐྱེ་རྒྱུའི་བདག་པོ་བྱུང་བ་སྟེ་ཚངས་པ་དང་རྒྱལ་པོ། ཁྱད་ཆོས་མཁས་ཤིང་རིག་པའི་བདག་ཉིད་ཅན། ཁྱད་གཞི་རྗེ་
བོ་སྟེ་སྨིན་དྲུག་གི་བུ་དང་རྒྱལ་པོ། ཁྱད་ཆོས་ཤཀྟི་མདུང་ཐུང་དང་ནུས་པ་འཛིན་པ་སྟེ། ཡང་སྒྲས་གོང་མ་རྣམས་བསྡུས་པའོ། །དེ་ལྟར་སྦྱར་གཞི་གཉིས་གཉིས་སྦྱར་ཆོས་འགལ་མེད་དུ་སྦྱར་བ་ལྟ་བུའོ། །བདུན་པ་འགལ་བ་ཅན་གྱི་སྦྱར་བ་ནི། ཉམས་མེད་ཡིན་ཡང་ཆོས་གཅོད་མིན། །རྒྱལ་པོ་ཡིན་ཡང་ཟད་མི་ཤེས། །བདེ་བྱེད་ཡིན་ཡང་ལག་འགྲོ་མེད། །ལྷ་ཉིད་ཡིན་ཡང་རྣམ་སད་མིན། །ཞེས་པ་སྟེ། ཁྱད་གཞི་ཁྱབ་འཇུག་དང་རྒྱལ་པོ་གཉིས་ཀ་ཉམས་མེད་ཡིན་ཡང་། ཁྱད་ཆོས་ཁྱབ་འཇུག་གིས་གླང་ཟོས་པར་གྲགས་པས་མི་གཅོད་པ་འགལ་ཞིང་། རྒྱལ་པོ་བསོད་ནམས་རྒྱུན་མི་ཆད་པས་མི་འགལ། ཁྱད་གཞི་ཟླ་བ་དང་མི་བདག་གཉིས་ཀ་རྒྱལ་པོ་ཡིན་ཡང་ཁྱད་ཆོས་ཟླ་བ་མར་ངོ་འཛད་པས་ཟད་མི་ཤེས་པ་འགལ་ཞིང་རྒྱལ་པོ་རྒྱལ་སྲིད་མི་ཟད་པ་མི་འགལ། ཁྱད་གཞི་དབང་ཕྱུག་དང་རྒྱལ་པོ་གཉིས་ཀ་བདེ་བྱེད་ཡིན་ཡང་། ཁྱད་ཆོས་དབང་ཕྱུག་སྦྲུལ་རྒྱན་འཆང་བས་ལག་འགྲོ་མེད་པ་འགལ་ཞིང་། རྒྱལ་པོ་སྐྱེ་བོ་ངན་པ་དང་མི་འགྲོགས་པས་མི་འགལ། ཁྱད་གཞི་ལྷའི་འགྲོ་བ་དང་རྒྱལ་པོ་གཉིས་ཀ་ལྷ་ཉིད་ཡིན་ཡང་། ཁྱད་ཆོས་ལྷ་གཉིད་མེད་པས་རྣམ་སད་མིན་པ་འགལ་ཞིང་མིའི་རྒྱལ་པོ་ལ་རྣམ་སད་མིན་པ་མི་འགལ་བ་སྟེ། དེ་ལྟར་སྦྱར་གཞི་གཉིས་གཉིས་སྦྱར་ཆོས་འགལ་བ་ཅན་དུ་སྦྱར་བ་ལྟ་བུའོ། །ཉེར་ལྔ་པ་ཁྱད་པར་བརྗོད་པའི་རྒྱན་ལ་གསུམ། མཚན་ཉིད། དཔེར་བརྗོད། མ་བཤད་པ་བསླབ་ཚུལ་ལོ། །དང་པོ་ནི། ཁྱད་པར་རབ་ཏུ་བསྟན་པའི་ཕྱིར། །ཡོན་ཏན་རིགས་དང་བྱ་བ་སོགས། །གང་དུ་མ་ཚང་ཉིད་བསྟན་པ། །དེ་ནི་ཁྱད་པར་བརྗོད་པར་འདོད། །ཅེས་པ་སྟེ། གཞན་ལས་ཆོག་ཏུ་གྱུར་པའི་ཁྱད་པར་རབ་ཏུ་བསྟན་པའི་ཕྱིར། ཡོན་ཏན། རིགས་དང་། བྱ་བ་ལ་སོགས་པ་ཚིག་སྦྱོར་གང་དུ་མ་ཚང་བ་ཉིད་ཀྱིས་ཚང་བ་ལས་ཀྱང་ལྷག་པའི་འབྲས་བུ་འགྲུབ་པར་བསྟན་པ་དེ་ནི་ཁྱད་པར་བརྗོད་པའི་རྒྱན་ཞེས་བྱ་བར་འདོད་དོ། །གཉིས་པ་ལ། དང་པོ་ཡོན་ཏན་མ་ཚང་བ་ནི། མེ་ཏོག་གཞུ་ཅན་དག་གི་མཚོན། །རྩུབ་པ་མ་ཡིན་རྣོ་བའང་མིན། །དེ་ལྟ་ན་ཡང་འདི་ཡིས་ནི། །ས་གསུམ་དག་ལས་རྒྱལ་བར་གྱུར། །ཞེས་པ་
སྟེ། མེ་ཏོག་གཞུ་ཅན་འདོད་ལྷ་དག་གི་མཚོན་འདི་ནི་རྩུབ་པ་མ་ཡིན་རྣོ་བའང་མ་ཡིན་མོད་ཀྱི། དེ་ལྟ་ན་ཡང་འདིས་ནི་ས་གསུམ་དག་ལས་རྒྱལ་བར་གྱུར་ཏོ་ཞེས་མཚོན་ཆའི་ཡོན་ཏན་རྣོ་བ་སོགས་མ་ཚང་བས་བྱེད་ལས་ས་གསུམ་ལས་རྒྱལ་བར་སྟོན་པ་ལྟ་བུའོ། །གཉིས་པ་རིགས་མ་ཚང་བ་ནི། འདི་དག་ལྷ་ཡི་བུ་མོ་མིན། །དྲི་ཟའི་རིགས་ལས་བྱུང་བའང་མིན། །དེ་ལྟ་མོད་ཀྱི་ཚངས་པའི་ཡང་། །དཀའ་ཐུབ་གཞོམ་པ་བསྒྲུབ་པར་ནུས། །ཞེས་པ་སྟེ། ཡིད་འོང་མ་འདི་དག་ལྷའི་བུ་མོ་མིན་ཞིང་། དྲི་ཟའི་རིགས་ལས་བྱུང་བའང་མ་ཡིན་ནོ། །དེ་ལྟར་མོད་ཀྱི་ཆགས་བྲལ་ཚངས་པ་ཆེན་པོའི་ཡང་དཀའ་ཐུབ་གཞོམ་པ་བསྒྲུབ་པར་ནུས་སོ་ཞེས་རིགས་མ་ཚང་བ་ལྷའི་རིགས་སོགས་མ་ཡིན་པ་དེས་ཚངས་པའང་ཆགས་ལྡན་དུ་བྱེད་ནུས་པར་སྟོན་པ་ལྟ་བུའོ། །གསུམ་པ་བྱ་བ་མ་ཚང་བ་ནི། ཁྲོ་གཉེར་དག་ནི་མ་བསྡུས་ཤིང་། །སོ་ཡི་གཡོགས་ཀྱང་མ་བསྐྱོད་ལ། །མིག་ཀྱང་དམར་པོར་མ་གྱུར་པར། །དགྲ་ཡི་རིགས་ནི་ཉམས་པར་བྱས། །ཞེས་པ་སྟེ། དཔའ་བོ་ཁྱོད་ཀྱིས་ཁྲོ་གཉེར་དག་ནི་མ་བསྡུས་ཤིང་། སོ་ཡི་གཡོགས་མཆུ་སྒྲོས་ཀྱང་མ་བསྐྱོད་ལ། མིག་གཉིས་ཀྱང་དམར་པོར་མ་གྱུར་པར་དགྲའི་རིགས་རྣམས་ནི་རྩ་བ་ནས་ཉམས་པར་བྱས་སོ་ཞེས་བྱ་བ་ཁྲོ་བའི་རྣམ་འགྱུར་མ་ཚང་བས་དགྲ་འཇོམས་པར་སྟོན་པ་ལྟ་བུའོ། །བཞི་པ་རྫས་མ་ཚང་བ་ནི། ཤིང་རྟ་མེད་ཅིང་གླང་པོའང་མེད། །རྟ་མེད་རྐང་ཐང་མེད་པར་ཡང་། །ཟུར་མིག་ཉིད་ཀྱིས་བུད་མེད་རྣམས། །འགྲོ་བ་གསུམ་པོ་དག་ལས་རྒྱལ། །ཞེས་པ་སྟེ། ཤིང་རྟ་དང་། གླང་པོ་ཆེ་དང་། རྟ་དང་། རྐང་ཐང་གང་ཡང་མེད་པར་ཟུར་མིག་འཁྱོག་པ་ཉིད་ཀྱིས་བུད་མེད་རྣམས་འགྲོ་བ་གསུམ་པོ་དག་ལས་རྒྱལ་ལོ་ཞེས་ཤིང་རྟ་སོགས་དཔུང་གི་རྫས་མ་ཚང་བ་དེས་འགྲོ་བ་གསུམ་ལས་རྒྱལ་བར་སྟོན་པ་ལྟ་བུའོ། །ལྔ་པ་རྒྱུ་མ་ཚང་བ་ལ། དཔེར་བརྗོད་ནི། ཤིང་རྟ་འཁོར་ལོ་གཅིག་པ་དང་། །ཁ་ལོ་བ་ཉམས་རྟ་མི་མཉམ། །དེ་ལྟ་ན་ཡང་གཟི་བརྗིད་ཅན། །ཉི་མས་འགྲོ་བ་གསུམ་པོ་མནན། །ཞེས་པ་སྟེ། ཉི་མ་འདྲེན་པའི་ཤིང་རྟ་འཁོར་ལོ་གཅིག་ལས་མེད་པ་དང་། ཁ་ལོ་པ་བརླ་ཉམས་པ་དང་། འདྲེན་བྱེད་ཀྱི་རྟ་མི་མཉམ་པ་མདུན་ཏེ་ཆ་མ་ཚང་བ་དེ་ལྟ་ན་ཡང་
གཟི་བརྗིད་ཅན་ཉི་མའི་དཀྱིལ་འཁོར་འདིས་ནི་འགྲོ་བ་གསུམ་པོ་དག་ཟིལ་གྱིས་མནན་ནོ། །དོན་བཤད་ནི། གཟི་བྱིན་ཅན་ཞེས་ཁྱད་པར་ལས། །འདི་ནི་རྒྱུ་ཡི་ཁྱད་པར་བརྗོད། །ཅེས་པ་སྟེ། རྒྱུ་དེ་དག་མ་ཚང་ཡང་གཟི་བྱིན་ཅན་ཞེས་པའི་ཁྱད་པར་གྱི་རྒྱུ་མཚན་ལས་འགྲོ་བ་གསུམ་མནན་པར་བརྗོད་པས། ཚུལ་འདི་ནི་རྒྱུའི་ཁྱད་པར་བརྗོད་པ་ཞེས་བྱའོ། །གསུམ་པ་ནི། རིམ་པ་འདི་ཡིས་གཞན་གྱི་ནི། །དབྱེ་བ་རྣམས་ཀྱང་བརྟག་པར་བྱ། །ཞེས་པ་སྟེ། གོང་དུ་བརྗོད་པའི་རིམ་པ་འདི་རྣམས་ཀྱིས་ཁྱད་པར་བརྗོད་པའི་རྒྱན་གཞན་གྱི་དབྱེ་བ་རྣམས་ཀྱང་ཚུལ་འདིས་རྗེས་སུ་དཔགས་ནས་བརྟགས་པར་བྱའོ། །ཉེར་དྲུག་པ་མཚུངས་སྦྱོར་གྱི་རྒྱན་ལ་གཉིས། མཚན་ཉིད་དང་། དཔེར་བརྗོད་དོ། །དང་པོ་ནི། བརྗོད་འདོད་ཡོན་ཏན་ཁྱད་འཕགས་དང་། །མཚུངས་པར་བྱས་ནས་འགའ་ཞིག་ནི། །བསྟོད་སྨད་དོན་དུ་བསྒྲགས་པ་གང་། །དེ་ནི་མཚུངས་པར་སྦྱོར་བར་བཤད། །ཅེས་པ་སྟེ། བརྗོད་འདོད་ཀྱི་ཡོན་ཏན་འཁྱད་འཕགས་དང་། ཁྱད་འཕགས་མ་ཡིན་པ་གང་གི་བརྗོད་ཚུལ་དཔེ་དཔེ་ཅན་ཕན་ཚུན་མཚུངས་པར་བྱས་ནས་འགའ་ཞིག་ནི་བསྟོད་པ་དང་འགའ་ཞིག་སྨད་པའི་དོན་དུ་བསྒྲགས་པ་གང་ཡིན་པའི་ཚིག་སྦྱོར་དེ་ནི་མཚུངས་པར་སྦྱོར་བ་ཞེས་བྱ་བར་བཤད་དོ། །གཉིས་པ་ལ། དང་པོ་བསྟོད་པའི་མཚུངས་སྦྱོར་ནི། །གཤིན་རྗེ་ལུས་ངན་ཆུ་ལྷ་དང་། །མིག་སྟོང་བ་དང་ཁྱོད་ཉིད་ཀྱང་། །འཇིག་རྟེན་སྐྱོང་བ་ཞེས་པའི་སྒྲ། །ཡུལ་གཞན་མེད་པར་རྣམ་པར་འཛིན། །ཞེས་པ་སྟེ། གཤིན་རྗེ་དང་། ལུས་ངན་དང་། ཆུ་ལྷ་དང་། མིག་སྟོང་པ་སྟེ་བརྒྱ་བྱིན་དང་། །མིའི་བདག་པོ་ཁྱོད་ཉིད་ཀྱང་སྟེ། དེ་རྣམས་ནི་འཇིག་རྟེན་སྐྱོང་བ་ཞེས་པའི་སྒྲ་ཡུལ་གཞན་དུ་འཇུག་པ་མེད་པར་ཁྱོད་རྣམས་ཀྱིས་རྣམ་པར་འཛིན་ནོ། །གཉིས་པ་སྨད་པའི་མཚུངས་སྦྱོར་ནི། རི་དྭགས་མིག་དང་འགྲོགས་པ་དང་། །གློག་གི་རྩེ་དགའ་དག་དང་ནི། །སྤྲིན་གྱི་རྩོམ་པའང་རང་བཞིན་གྱིས། །སྐད་ཅིག་གཉིས་པར་མི་གནས་སོ། །ཞེས་པ་སྟེ། རི་དྭགས་མིག་ཅན་མ་དང་འགྲོགས་པའི་བདེ་བ་དང་གློག་ནི་རྩེ་དགའ་ཕན་ཚུན་དུ་འཁྱུག་པ་དག་དང་། སྤྲིན་གྱི་འདུ་འཁོད་རྩོམ་པའང་སྟེ། དེ་རྣམས་རང་བཞིན་
གྱིས་གཡོ་བའི་ཆོས་ཅན་ཡིན་པའི་ཕྱིར་སྐད་གཅིག་གཉིས་པར་མི་གནས་སོ། །ཉེར་བདུན་པ་འགལ་བའི་རྒྱན་ལ་གསུམ། མཚན་ཉིད། དཔེར་བརྗོད། མཇུག་བསྡུ་བའོ། །དང་པོ་ནི། འགལ་ཟླ་སྒྲུབ་བྱེད་སླད་དུ་ནི། །གང་དུ་དངོས་པོ་འགལ་བ་རྣམས། །ཡང་དག་འགྲོགས་པར་རབ་བསྟན་པ། །དེ་ནི་འགལ་བར་བཤད་དེ་དཔེར། །ཞེས་པ་སྟེ། ཕན་ཚུན་འགལ་ཟླ་སྒྲུབ་པར་བྱེད་པའི་སླད་དུ་ཚིག་སྦྱོར་གང་དུ་དངོས་པོ་འགལ་བ་རྣམས་ཡང་དག་འགྲོགས་པར་རབ་ཏུ་བསྟན་པ་དེ་ནི་འགལ་བའི་རྒྱན་ཞེས་བྱ་བར་བཤད་དེ། དཔེར་ན་ཞེས་སོ། །གཉིས་པ་ལ། དང་པོ་གཞི་ཐ་དད་ཀྱི་བྱ་བ་འགལ་བ་ནི། ངང་པའི་རྒྱལ་པོ་རྣམས་དག་ནི། །མྱོས་པའི་མདངས་སྙན་ཅ་ཅོ་འཕེལ། །རྨ་བྱ་རྣམས་ཀྱི་སྒྲ་དག་ནི། །ཡིད་འོང་ཉིད་དང་བྲལ་བས་ཉམས། །ཞེས་པ་སྟེ། སྟོན་དུས་ངང་པའི་རྒྱལ་པོ་རྣམས་དག་ནི་དགའ་བས་མྱོས་པའི་གདངས་སྙན་པོ་དང་ལྡན་པའི་ཅ་ཅོ་འཕེལ་ལ། རྨ་བྱ་རྣམས་ཀྱི་སྒྲ་སྒྲོག་པ་དག་ནི་དུས་དེར་ཡིད་དུ་འོང་བའི་དངོས་པོ་ཆར་སྤྲིན་ཉིད་དང་བྲལ་བས་ཉམས་སོ་ཞེས་ངང་པ་དང་རྨ་བྱ་གཞི་ཐ་དད་ཅིང་བྱ་བ་ཅ་ཅོ་འཕེལ་བ་དང་སྒྲ་ཉམས་པ་འགལ་བ་ལྟ་བུའོ། །གཉིས་པ་གཞི་གཅིག་གི་བྱ་བ་འགལ་བ་ནི། དབྱར་སྐྱེས་ཆུ་འཛིན་དག་གིས་ནི། །ནམ་མཁའ་ཡུལ་ངན་ལྟ་བུར་སྤྱོད། །ཆགས་པ་ཡིས་ཀྱང་འགྲོ་བ་ཡི། །ཡིད་ནི་ཀུན་ཏུ་ཆགས་པར་འགྱུར། །ཞེས་པ་སྟེ། དབྱར་ལས་སྐྱེས་པའི་ཆུ་འཛིན་དག་གིས་ནམ་མཁའི་ཁམས་རྣམས་ནི་ཡུལ་ངན་ནམ་ཆགས་པ་ཞིག་པ་ལྟ་བུར་སྤྱོད་ལ། སྤྲིན་དེས་ཆགས་པ་འཕེལ་བས་ཀྱང་འགྲོ་བའི་ཡིད་ནི་ཀུན་ཏུ་ཆགས་པར་གྱུར་ཏོ་ཞེས་གཞི་སྤྲིན་གཅིག་པོས་བྱ་བ་འགལ་བ་ཞིག་པ་དང་འཕེལ་བར་བསྟན་པ་ལྟ་བུའོ། །གསུམ་པ་རྫས་འགལ་བ་ནི། རྐེད་པ་ཕྲ་ཞིང་རོ་སྨད་སྦོམ། །མཆུ་དམར་མིག་ནི་དཀར་བ་མིན། །ལྟེ་བ་དམའ་ཞིང་ནུ་མ་མཐོ། །བུད་མེད་ལུས་ཀྱིས་སུ་མ་བཅོམ། །ཞེས་པ་སྟེ། རྐེད་པ་ཤིན་ཏུ་ཕྲ་ཞིང་རོ་སྨད་སྦོམ་པ་དང་། མཆུ་སྒྲོས་དམར་ཞིང་མིག་ནི་དཀར་བ་མིན་པ་དང་། ལྟེ་བ་དམའ་ཞིང་ནུ་མ་མཐོ་བ་དེ་ལྟ་བུའི་བུད་མེད་ཀྱི་ལུས་ཀྱིས་སུ་ཞིག་མ་བཅོམ་སྟེ་བཅོམ་མོ་ཞེས་བུད་མེད་ཀྱི་ལུས་ལ་ཡོད་པའི་རྫས་རྐེད་པ་ཕྲ་བ་
དང་རོ་སྨད་སྦོམ་པ་འགལ་བར་བསྟན་པ་ལ་སོགས་ལྟ་བུའོ། །བཞི་པ་རྫས་དང་ལས་འགལ་བ་ནི། པད་རྩའི་ལག་པ་ཆུ་ཤིང་བརླ། །པདྨའི་གདོང་དང་ཨུཏྤལ་མིག །ཁྱོད་ཀྱི་གཟུགས་ཀྱིས་བདག་ཅག་རྣམས། །གདུང་ནུས་མིན་ནམ་ལུས་ཅན་མ། །ཞེས་པ་སྟེ། ལུས་ཅན་མ་ཞེས་བོས་ནས། འཇམ་གཉེན་པད་རྩའི་ལག་པ། འཁྲང་ཟླུམ་ཆུ་ཤིང་གི་བརླ། དཀར་མཛེས་པདྨའི་གདོང་དང་། མཐོན་མཐིང་ཨུཏྤལ་གྱི་མིག་ཅན་མཛེས་མ་ཁྱོད་ཀྱི་གཟུགས་ཀྱིས་བདག་ཅག་རྣམས་གདུང་ནུས་མིན་ནམ་ཅི་སྟེ་ནུས་སོ་ཞེས་རྫས་བསིལ་བ་ཚོགས་པས་བྱེད་ལས་གདུང་བ་བསྐྱེད་པ་འགལ་བ་ལྟ་བུའོ། །ལྔ་པ་གཞི་གཅིག་གི་ལས་འགལ་བ་ནི། སྐྱེད་ཚལ་རླུང་གིས་རབ་བསྐྱོད་པ། །ཙཱུཏ་ཙམྤ་ཀ་ཡི་རྡུལ། །རེག་པ་མིན་ཡང་མགྲོན་པོ་ཡི། །མིག་ལས་མཆི་མ་ཟག་པར་བྱེད། །ཅེས་པ་སྟེ། སྐྱེད་མོས་ཚལ་རླུང་གིས་རབ་ཏུ་བསྐྱོད་པ་ལས་བྱུང་བའི་ཙཱུ་ཏ་དང་ཙམྤ་ཀའི་རྡུལ་གྱིས་རེག་པ་མིན་ཡང་། བྲལ་བས་ཉེན་པའི་མགྲོན་པོའི་མིག་ལས་མཆི་མ་ཟག་པར་བྱེད་དོ་ཞེས་གཞི་སྐྱེད་ཚལ་གཅིག་པོ་ལ་བྱེད་ལས་རེག་པ་མེད་པར་མིག་ཆུ་ཟག་པ་འགལ་བར་བསྟན་པ་ལྟ་བུའོ། །དྲུག་པ་སྦྱར་བའི་འགལ་བ་ནི། སྦྱར་རྒྱན་གྱི་སྒོ་ནས་རྒྱ་དཔེ་གཅིག་ལ་དོན་གཉིས་སྟོན་པའི་འགྱུར་གཅིག་ལ། སྙན་པར་སྒྲོག་མ་ཁྱོད་ཀྱི་མིག །ནག་དཀར་རྗེས་སུ་དམར་བ་ཡང་། །རྣ་བ་དག་ལ་བརྟེན་པ་ནི། །སུ་ཡི་ཡིད་བརྟན་ཉིད་དུ་གྱུར། །ཞེས་པ་སྟེ། སྙན་པར་སྒྲོག་མ་ཞེས་བོས་ནས། ཁྱོད་ཀྱི་མིག་འབྲས་ནག་པ་དང་། དེའི་མཐར་དཀར་བ་དང་རྗེས་སུ་དམར་བ་ཅན་འདི་ཡང་རྣ་བའི་བར་དག་ལ་བརྟེན་པ་ནི་སྐྱེ་བོ་སུ་ཞིག་གི་ཡིད་བརྟན་ཉིད་དུ་འགྱུར་ཞེས་སོ། །འདིར་ནག་དཀར་དམར་བ་ཁ་དོག་འགལ་ལོ། །ཡང་། འགྱུར་གཅིག་ལ། ནག་མོ་སྙན་སྒྲོག་ཁྱོད་ཀྱི་མིག །སྲིད་སྒྲུབ་ལ་ཆགས་ལྟ་བྱེད་ཀྱང་། །རྣ་ཅན་དག་ལ་བརྟེན་པ་ནི། །སུ་ཡིས་ཡིད་བརྟན་ཉིད་དུ་འགྱུར། །ཞེས་པ་སྟེ། ནག་མོ་སྙན་པར་སྒྲོག་མ་ཁྱོད་ཀྱི་མིག་གཉིས་རང་གི་བདག་པོར་གྱུར་པ་སྲིད་སྒྲུབ་ལ་རྗེས་སུ་ཆགས་པས་ལྟ་བར་བྱེད་ཀྱང་། སྲིད་སྒྲུབ་ཀྱི་དགྲ་ཟླ་རྣ་ཅན་དག་ལ་ཡང་བརྟེན་པ་ནི་སུའི་ཡིད་བརྟན་ཉིད་དུ་འགྱུར་ཞེས་པའོ། །འདིར་དགྲ་ཟླ་གཉིས་ཀ་བསྟེན་པ་
འགལ་ལོ། །གསུམ་པ་ནི། དེ་ལྟར་རྒྱན་འདི་རྣམ་པ་འདི། །དུ་མ་ཉིད་དུ་རབ་རྟོགས་བྱ། །ཞེས་པ་སྟེ། ཚུལ་དེ་ལྟར་གོང་དུ་བཀོད་པ་དེ་རྣམས་ཀྱིས་མཚོན་ནས་འགལ་རྒྱན་འདི་ནི་རྣམ་པ་དུ་མ་ཉིད་དུ་རབ་ཏུ་རྟོགས་པར་བྱའོ། །ཉེར་བརྒྱད་པ་སྐབས་མིན་བསྟོད་པའི་རྒྱན་ལ་གསུམ། མཚན་ཉིད། དཔེར་བརྗོད། དོན་བཤད་དོ། །དང་པོ་ནི། སྐབས་མིན་འདོད་པས་བསྟོད་པ་ནི། །སྐབས་སུ་མ་བབས་བསྟོད་པ་ཡིན། །ཞེས་པ་སྟེ། བསྟོད་པར་བྱ་བ་སྐབས་སུ་བབས་པ་མ་ཡིན་པ་ལ་འདོད་པའི་ཀུན་སློང་གིས་བསྟོད་པ་ནི་སྐབས་སུ་མ་བབས་པར་བསྟོད་པའི་རྒྱན་ཡིན་ནོ། །གཉིས་པ་ནི། གཞན་མི་བསྟེན་པའི་རི་དྭགས་རྣམས། །འབད་མེད་རྙེད་པར་སླ་བའི་ནོར། །ཆུ་དང་རྩ་ཡི་མྱུག་སོགས་ཀྱིས། །ནགས་རྣམས་སུ་ནི་བདེ་བར་འཚོ། །ཞེས་པ་སྟེ། གཞན་དག་ངོ་སྲུང་གིས་མི་བསྟེན་པའི་རི་དྭགས་རྣམས་ནི་འབད་མེད་དུ་རྙེད་པར་སླ་བའི་ནོར་ཆུ་དང་རྩའི་མྱུ་གུ་སོགས་ཀྱིས་ནགས་སུ་ནི་བདེ་བར་འཚོ་ཞིང་སྤྱོད་དོ། །གསུམ་པ་ནི། རྒྱལ་པོའི་རྗེས་འབྲངས་ཉོན་མོངས་པ། །སྐྱོ་བའི་ཡིད་དང་ལྡན་པ་ཡིས། །སྐབས་སུ་མ་བབས་ཉིད་དུ་འདིར། །རི་དྭགས་སྤྱོད་ཚུལ་འདི་དག་བསྔགས། །ཞེས་པ་སྟེ། རྒྱལ་པོའི་རྗེས་འབྲངས་བྱ་བ་མང་པོས་ཉོན་མོངས་པ་སྐྱོ་བའི་ཡིད་དང་ལྡན་པ་འགའ་ཡིས་བསྟོད་པའི་སྐབས་སུ་མ་བབས་པ་ཉིད་དུ་འདིར་རི་དྭགས་ཀྱི་སྤྱོད་ཚུལ་འདི་དག་ལ་བསྔགས་པར་བྱས་སོ། །ཉེར་དགུ་པ་ཟོལ་བསྟོད་ཀྱི་རྒྱན་ལ་གསུམ། མཚན་ཉིད། དཔེར་བརྗོད། དོན་བསྡུ་བའོ། །དང་པོ་ནི། གལ་ཏེ་སྨད་པ་བཞིན་བསྟོད་ནས། །སྐྱོན་ལྟར་སྣང་བའི་ཡོན་ཏན་ཉིད། །གང་དུ་ཉེ་བར་ཐོབ་གྱུར་པ། །འདི་ནི་ཟོལ་གྱིས་བསྟོད་པར་བཤད། །ཅེས་པ་སྟེ། གལ་ཏེ་སྨད་པ་སྐྱོན་བཞིན་དུ་སྣང་བའི་ཚིག་གིས་བསྟོད་པའི་སྒོ་ནས། རྣམ་པ་སྐྱོན་ལྟར་སྣང་བའི་ཡོན་ཏན་གྱི་ཆེ་བ་ཉིད་གང་དུ་ཉེ་བར་ཐོབ་པར་གྱུར་པ་འདི་ནི་ཟོལ་གྱིས་བསྟོད་པའི་རྒྱན་ཞེས་བྱ་བར་བཤད་དོ། །གཉིས་པ་ལ། དང་པོ་མཐུ་ཕུན་ཚོགས་ཀྱི་ཟོལ་བསྟོད་ནི། །རཱ་མ་དཀའ་ཐུབ་པ་ཡིས་ཀྱང་། །འབྱུང་བོ་འཛིན་མ་འདི་ལས་རྒྱལ། །དེ་ཉིད་རྒྱལ་པོ་ཁྱོད་ཀྱིས་
ཀྱང་། །འདི་ལ་ཁྱོད་ཀྱིས་རྒྱགས་མ་མཛད། །ཅེས་པ་སྟེ། རྒྱལ་པོ་རཱ་མ་ཎ་དཀའ་ཐུབ་ལ་གནས་པས་ཀྱང་འབྱུང་བོ་འཛིན་མ་ས་གཞིའི་ཁྱོན་འདི་ལས་རྒྱལ་བར་གྱུར་ན། ས་གཞི་དེ་ཉིད་དཔུང་ཚོགས་ཡན་ལག་བཞི་དང་བཅས་པས་རྒྱལ་པོ་ཁྱོད་ཀྱིས་ཀྱང་རྒྱལ་བར་ཐོབ་པ་འདི་ལ་ཁྱོད་ནི་རྒྱགས་པ་སྟེ་ང་རྒྱལ་མ་མཛད་ཅིག་ཅེས་རློམས་སེམས་བྱ་རིང་མི་ཆོག་པར་ལྟར་སྣང་བའི་ཚིག་གིས་ཤུགས་ལ་མཐུ་ཆེ་བར་རཱ་མ་ཎ་དང་འདྲ་བར་བསྟན་པ་ལྟ་བུའོ། །གཉིས་པ་དཔའ་བ་ཕུན་ཚོགས་ཀྱི་ཟོལ་བསྟོད་ནི། སྔོན་གྱི་སྐྱེས་བུ་ལས་བཅད་ནས། །དཔལ་འདི་ཁྱོད་ཀྱིས་ཡོངས་སུ་སྤྱོད། །རྒྱལ་པོ་བུ་རམ་ཤིང་པའི་རྒྱུད། །ཁྱོད་ཀྱིས་འདི་ནི་རིགས་སམ་ཅི། །ཞེས་པ་སྟེ། སྔོན་གྱི་སྐྱེས་བུ་ཁྱབ་འཇུག་གིས་དབང་བྱེད་བཞིན་པ་ལས་བཅད་དེ་ཕྲོགས་ནས་ས་གཞིའི་དཔལ་འབྱོར་འདི་ལ་ཁྱོད་ཀྱིས་ཡོངས་སུ་སྤྱོད་མོད། དེ་ལྟ་ནའང་། རྒྱལ་པོ་བུ་རམ་ཤིང་པ་མཐོན་པོའི་རིགས་རྒྱུད་ཁྱོད་ཀྱིས་མ་བྱིན་ལེན་གྱི་བྱ་བ་འདི་ནི་རིགས་སམ་ཅི་སྟེ་མི་རིགས་ཞེས་མི་འོས་པ་ལྟར་བརྗོད་པའི་ཤུགས་ལས་དཔའ་བ་ཕུན་ཚོགས་ཁྱབ་འཇུག་ལས་ཀྱང་འཕྲོག་ནུས་པར་བསྟན་པ་ལྟ་བུའོ། །གསུམ་པ་སྦྱར་བའི་ཟོལ་བསྟོད་ནི། ཁྱོད་ཀྱི་བཙུན་མོ་ས་གཞི་ནི། །ལག་འགྲོའི་ལོངས་སྤྱོད་དག་ལ་ཆགས། །ཅི་སླད་ཁྱོད་ཀྱི་ང་རྒྱལ་ནི། །མཆོག་གི་མཐའ་རུ་འཛེགས་པར་གྱུར། །ཞེས་པ་སྟེ། མི་བདག་ཁྱོད་ཀྱི་བཙུན་མོ་དང་ས་གཞི་དག་ནི། ལག་འགྲོའི་ལོངས་སྤྱོད་དག་ལ་ཆགས་སོ་ཞེས་ལག་འགྲོ་ཀླུ་དང་སྐྱེ་བོ་ངན་པ་གཉིས་ཀ་ལ་འཇུག་པའི་དོན་གྱིས་ས་གཞི་ཀླུའི་ཡུལ་ལ་གནས་པ་དང་། བཙུན་མོ་སྐྱེ་བོ་ངན་པའི་ལོངས་སྤྱོད་ལ་ཆགས་པ་སྦྱར་ཏེ། རྒྱུ་མཚན་དེའི་ཕྱིར་ཅིའི་སླད་དུ། རྒྱལ་པོ་ཁྱོད་ཀྱི་ང་རྒྱལ་ནི་མཆོག་གི་མཐའ་རུ་འཛེགས་ཤིང་གནས་པར་གྱུར་ཏེ་དེ་ལྟར་ང་རྒྱལ་བྱ་བ་མི་རིགས་སོ་ཞེས་སྨད་པ་ལྟར་སྣང་བའི་ཤུགས་ཀྱིས་ས་གཞི་མ་ལུས་པའི་རྒྱལ་སྲིད་ཀྱི་བདག་པོར་བསྔགས་པའོ། །གསུམ་པ་ནི། དེ་ལྟར་ཉེ་བར་མཚོན་པ་ལས། །སྦྱར་བ་ཅན་དང་གཞན་དག་གི། ཟོལ་གྱིས་བསྟོད་པའི་རྣམ་པ་རྣམས། །རབ་ཏུ་རྒྱ་ཆེ་མཐའ་དང་བྲལ། །ཞེས་པ་སྟེ། བརྗོད་མ་ཐག་པ་དེ་ལྟར་ཉེ་བར་མཚོན་པ་ལས་སྦྱར་བ་ཅན་དང་། གཞན་ཡང་
རྒྱན་གཞན་དག་གྱི་སྒོ་ནས་ཟོལ་གྱིས་བསྟོད་པའི་རྣམ་པ་རྣམས་རབ་ཏུ་རྒྱ་ཆེ་ཞིང་མཐའ་དང་བྲལ་བ་དག་ཀྱང་རྟོགས་པར་བྱའོ། །སུམ་ཅུ་པ་ངེས་བསྟན་གྱི་རྒྱན་ལ་གཉིས། མཚན་ཉིད་དང་། དཔེ་བརྗོད་དོ། །དང་པོ་ནི། གལ་ཏེ་དོན་གཞན་འཇུག་པ་ཡིས། །དེ་དང་མཚུངས་པའི་འབྲས་བུ་འགའ། །མཆོག་གམ་མཆོག་མིན་སྟོན་བྱེད་པ། །དེ་ནི་ངེས་པར་བསྟན་པ་ཡིན། །ཞེས་པ་སྟེ། གལ་ཏེ་བརྗོད་བྱའི་དོན་ངེས་པར་བསྟན་བྱ་ལས་གཞན་པའི་དོན་གྱི་འཇུག་པ་འགའ་ཡིས། དེ་དང་ཕྱོགས་མཚུངས་པའི་འབྲས་བུ་འགའ་ཞིག་མཆོག་འདོད་བྱའམ། མཆོག་མིན་འདོད་བྱ་མ་ཡིན་པ་དག་སྟོན་པར་བྱེད་པ་དེ་ནི་ངེས་པར་བསྟན་པའི་རྒྱན་ཡིན་ནོ། །གཉིས་པ་ལ། དང་པོ་མཆོག་གི་ངེས་བསྟན་ནི། ཉི་མ་འཆར་བ་ཉིད་ཀྱིས་ནི། །པདྨ་རྣམས་ལ་དཔལ་སྟེར་བྱེད། །ཕུན་ཚོགས་རྣམས་ཀྱི་འབྲས་བུ་དག །གྲོགས་པོ་རྗེས་འཛིན་བསྟན་པའི་ཕྱིར། །ཞེས་པ་སྟེ། ཉི་མའི་དཀྱིལ་འཁོར་འཆར་བ་ཉིད་ཀྱིས་པདྨ་རྣམས་ལ་དཔལ་སྟེར་བར་བྱེད་པ་ནི་ཕུན་ཚོགས་རྣམས་ཀྱི་འབྲས་བུ་གྲུབ་པ་དམ་པའི་སྐྱེས་བུ་དག་གིས་གྲོགས་པོ་རྣམས་རྗེས་སུ་འཛིན་པ་བསྟན་པའི་ཕྱིར་ཡིན་ནོ། །གཉིས་པ་མཆོག་མིན་ངེས་བསྟན་ནི། ཟླ་བའི་ཟེར་གྱིས་རེག་པ་ན། །མུན་པའི་ཕྲེང་བ་ནུབ་པར་གྱུར། །འཕྲལ་ལ་རྒྱལ་པོ་དང་འགལ་རྣམས། །ངན་པའི་མཐར་ཐུག་གསལ་བར་བྱེད། །ཅེས་པ་སྟེ། ཟླ་བའི་ཟེར་གྱིས་རེག་པ་ན་མུན་པའི་འཕྲེང་བ་སྐད་ཅིག་ལ་ནུབ་པར་གྱུར་པ་ནི་འཕྲལ་ལ་རྒྱལ་པོ་དང་འགལ་བ་རྣམས་བསོད་པ་སོགས་གནས་སྐབས་ངན་པའི་མཐར་གྱུར་པ་གསལ་བར་བྱེད་པ་སྟོན་པ་ཡིན་ནོ། །སོ་གཅིག་པ་ལྷན་ཅིག་བརྗོད་པའི་རྒྱན་ལ་གསུམ། རྒྱན་ཕྱི་མ་དང་མཚན་ཉིད་མཉམ་དུ་བཤད་པ། དཔེར་བརྗོད། མཇུག་བསྡུ་བའོ། །དང་པོ་ནི། ཡོན་ཏན་ལས་རྣམས་ལྷན་གཅིག་གི། དངོས་པོ་བརྗོད་པ་ལྷན་ཅིག་བརྗོད། །དོན་རྣམས་བསྣོལ་བ་གང་ཡིན་པ། །ཡོངས་བརྗེས་ཡིན་ཏེ་དེ་དག་དཔེར། །ཞེས་པ་སྟེ། ཡོན་ཏན་དང་ལས་རྣམས་ལྷན་ཅིག་པའི་དངོས་པོ་བརྗོད་པ་དེ་ནི་ལྷན་ཅིག་བརྗོད་པའི་རྒྱན་ཡིན་ལ། དོན་རྣམས་ཕན་ཚུན་བསྣོལ་
བའི་ཚུལ་དུ་བརྗོད་པ་གང་ཡིན་པ་ནི་ཡོངས་བརྗེས་ཀྱི་རྒྱན་ཡིན་ཏེ། རྒྱན་གཉིས་པོ་དེ་དག་དཔེར་བརྗོད་ན་ཞེས་སོ། །གཉིས་པ་ལ། དང་པོ་ཡོན་ཏན་ལྷན་ཅིག་བརྗོད་པ་ནི། ད་ནི་མཚན་མོ་འདི་དག་རྣམས། །བདག་གི་དབུགས་དང་ལྷན་ཅིག་རིང་། །ཟླ་བའི་རྒྱན་ལྡན་མ་རྣམས་ཀྱང་། །བདག་ལུས་ཉིད་དང་ལྷན་ཅིག་སྐྱ། །ཞེས་པ་སྟེ། ད་ནི་བྲལ་བས་ཉེན་པའི་མཚན་མོའི་ཐུན་འདི་དག་རྣམས་བདག་གི་ཤུགས་རིང་འབྱིན་པའི་དབུགས་དང་ལྷན་ཅིག་རིང་ལ། ཟླ་བའི་རྒྱན་ལྡན་མ་མཚན་མོ་རྣམས་ཀྱང་འདོད་གདུངས་ཀྱིས་ཉམས་པ་བདག་ལུས་ཉིད་དང་ལྷན་ཅིག་སྐྱའོ་ཞེས་ཡོན་ཏན་རིང་བ་དང་སྐྱ་བ་ལྷན་ཅིག་བརྗོད་པ་ལྟ་བུའོ། །གཉིས་པ་བྱ་བ་ཐ་དད་པའི་ལྷན་ཅིག་བརྗོད་པ་ནི། མགྲོན་པོ་རྣམས་ཀྱི་རྨོངས་པ་དང་། །ལྷན་ཅིག་ཙུ་ཏའི་དོག་པ་རྒྱས། །དེ་དག་མཆི་མ་དང་མཉམ་དུ། །མ་ལ་ཡ་ཡི་རླུང་དག་འབབ། །ཅེས་པ་སྟེ། མགྲོན་པོ་རྣམས་ཀྱི་ཆགས་པའི་རྨོངས་པ་རྒྱས་པ་དང་ལྷན་ཅིག་ཤིང་ཙུ་ཏའི་དོག་པ་རྒྱས་ལ། དེ་དག་མཛེས་མ་དྲན་པའ་ིམཆི་མ་འབབ་པ་དང་མཉམ་དུ་མ་ལ་ཡའི་རླུང་དག་འབབ་སོ་ཞེས་བྱ་བ་ཐ་དད་པ་རྨོངས་པ་རྒྱས་པ་དང་ཙཱུ་ཏའི་དོག་པ་རྒྱས་པ་ལྷན་ཅིག་བརྗོད་པ་ལ་སོགས་པ་ལྟ་བུའོ། །གསུམ་པ་བྱ་བ་གཅིག་པའི་ལྷན་ཅིག་བརྗོད་པ་ནི། ཁུ་བྱུག་སྒྲོག་པའི་སྐལ་བཟང་དང་། །ནགས་ཀྱི་རླུང་ནི་དྲི་ བཟང་དང་། །དཔྱིད་ཉིན་སྐྱེ་བོའི་ཀུན་དགའ་རྣམས། །ལྷན་ཅིག་དག་ཏུ ་འཕེལ་བར་གྱུར། །ཞེས་པ་སྟེ། ཁུ་བྱུག་གི་སྐད་སྙན་པར་སྒྲོག་པའི་སྐལ་བ་བཟང་པོ་དང་། ནགས་ཀྱི་རླུང་དྲི་བཟང་འཐུལ་བ་དང་། དཔྱིད་དུས་ལ་བབས་པའི་ཉིན་མོ་རྣམས་ཀྱི་ཚེ་སྐྱེ་བོའི་ཀུན་དགའ་རྣམས་ལྷན་ཅིག་དག་ཏུ་འཕེལ་བར་གྱུར་ཏོ་ཞེས་བྱ་བ་གཅིག་པ་འཕེལ་བའི་བྱ་བ་གསུམ་ལྷན་ཅིག་བརྗོད་པ་ལྟ་བུའོ། །གསུམ་པ་ནི། དེ་ལྟར་ལྷན་ཅིག་བརྗོད་པ་ཡི། །དཔེར་བརྗོད་འགའ་ཞིག་འདིར་བྱས་ཏེ། །ཞེས་པ་སྟེ། ཚུལ་དེ་ལྟར་ལྷན་ཅིག་བརྗོད་པའི་རྒྱན་གྱི་དཔེར་བརྗོད་པ་འགའ་ཞིག་སྐབས་འདིར་བསྟན་པར་བྱས་ཟིན་ཏེ་ཞེས་སོ། །སོ་གཉིས་པ་ཡོངས་བརྗེས་ཀྱི་རྒྱན་ལ་གཉིས། དམ་བཅའ་དང་དཔེར་བརྗོད་དོ། །དང་
པོ་ནི། ཡོངས་སུ་བརྗེས་པའི་རང་བཞིན་ཡང་། །ངེས་པར་ཅུང་ཟད་བསྟན་པར་བྱ། །ཞེས་པ་སྟེ། གོ་སླའོ། །གཉིས་པ་ནི། ས་སྤྱོད་རྣམས་ལ་མཚོན་བསྣུན་པ། །སྟེར་བྱེད་ཁྱོད་ཀྱི་ལག་པ་ཡིས། །དེ་དག་གྲགས་པ་ཀུ་མུད་དཀར། །ཡུན་རིང་དག་ཏུ་སྒྲུབ་པ་ཕྲོགས། །ཞེས་པ་སྟེ། དགྲ་ཟླའི་ས་སྤྱོད་རྣམས་ལ་མཚོན་བསྣུན་ཏེ་འཆི་བ་སྟེར་བར་བྱེད་པ་རྒྱལ་པོ་ཁྱོད་ཀྱི་ལག་པས་དེ་དག་གི་གྲགས་པ་ཀུ་མུ་ད་ལྟར་དཀར་བ་ཡུན་རིང་དག་ཏུ་སྒྲུབ་པ་རྣམས་ཕྲོགས་ཤིང་བླངས་སོ་ཞེས་འཆི་བ་སྟེར་བ་དང་གྲགས་པ་ཕྲོགས་པ་ཡོངས་སུ་བརྗེས་པར་བསྟན་པ་ལྟ་བུའོ། །སོ་གསུམ་པ་ཤིས་བརྗོད་ཀྱི་རྒྱན་ལ་གསུམ། མཚན་ཉིད། དཔེར་བརྗོད། ཞར་བྱུང་རྒྱན་གཞན་པ་འདིར་འདུ་ཚུལ་ལོ། །དང་པོ་ནི། མངོན་པར་འདོད་པའི་དངོས་པོ་ལ། །སྨོན་པ་ཤིས་བརྗོད་ཅེས་བྱ་དཔེར། །ཞེས་པ་སྟེ། མངོན་པར་འདོད་པ་སྟེ་དོན་དུ་གཉེར་བྱའི་དངོས་པོ་ལ་སྨོན་པའི་ཚིག་གི་སྦྱོར་བ་ལ་ནི་ཤིས་བརྗོད་ཀྱི་རྒྱན་ཞེས་བྱ་སྟེ། དཔེར་ན་ཞེས་སོ། །གཉིས་པ་ནི། ངག་ཡིད་སྤྱོད་ཡུལ་མ་ཡིན་པའི། །སྣང་བ་དམ་པས་ཁྱོད་ལ་སྲུངས། །ཞེས་པ་སྟེ། ངག་གིས་བརྗོད་པ་དང་། ཡིད་ཀྱིས་བརྟག་བྱའི་སྤྱོད་ཡུལ་མ་ཡིན་པའི་ཡེ་ཤེས་ཀྱི་སྣང་བ་དམ་པས་ཁྱོད་ལ་དུས་ཀུན་ཏུ་སྲུངས་ཤིག་པའོ། །གསུམ་པ་ནི། རྗེས་འགྲོ་མེད་དང་ཐེ་ཚོམ་ཅན། །དག་ནི་དཔེ་རྣམས་ཉིད་ལ་བསྟན། །དཔེ་ཡི་གཟུགས་ཅན་དག་ཀྱང་འདིར། །གཟུགས་ཅན་རྣམས་ལ་ངེས་པར་བསྒྲགས། །རབ་རྟོག་ཆ་ཤས་འདི་ཡང་ནི། །རབ་རྟོག་དག་གི་དབྱེ་བ་ཉིད། །ཅེས་པ་སྟེ། འདིར་འགའ་ཞིག་རྗེས་འགྲོ་མེད་པ་ལ་སོགས་པའི་རྒྱན་རྣམས་འདིར་མ་འདུས་སོ་ཞེ་ན། རྗེས་འགྲོ་མེད་པ་དང་ཐེ་ཚོམ་ཅན་དག་ནི་དཔེ་རྣམས་ཉིད་ཀྱི་སྐབས་སུ་ཐུན་མོང་མ་ཡིན་པའི་དཔེ་དང་ཐེ་ཚོམ་གྱི་དཔེར་བསྟན་ཅིང་། དཔེའི་གཟུགས་ཅན་དག་ཀྱང་འདིར་གཟུགས་ཅན་རྣམས་ལ་ངེས་པར་བསྒྲགས་ཟིན་ལ་རབ་རྟོག་གི་ཆ་ཤས་འདི་ཡང་རབ་རྟོག་དག་གི་དབྱེ་བ་ཉིད་ལས་གཞན་མ་ཡིན་ནོ། །སོ་བཞི་པ་རབ་སྤེལ་གྱི་རྒྱན་ལ་གསུམ། མཚན་ཉིད་དང་། དབྱེ་བ་བསྟན། རྒྱུ་དང་རྒྱུ་
ཅན་གྱི་དངོས་པོ་དཔེར་བརྗོད། དེའི་སྒྲུབ་བྱེད་དང་རྒྱན་སྤྱིའི་རྣམ་དབྱེའོ། །དང་པོ་ནི། ཐ་དད་རྒྱན་རྣམས་བསྲེས་པ་ནི། །སྤེལ་མ་དག་ཏུ་བརྗོད་པ་སྟེ། །ཡན་ལག་ཡན་ལག་ཅན་དངོས་ཀྱི། །སྐབས་དང་ཐམས་ཅད་སྟོབས་མཚུངས་ཉིད། །ཅེས་པའི་ལུགས་གཉིས་སྤེལ་མ་ཡི། །རྒྱན་དག་ལ་ནི་མཚོན་པར་བྱ། །ཞེས་པ་སྟེ། ཐ་དད་པའི་རྒྱན་མི་འདྲ་བ་རྣམས་བསྲེས་པ་ནི་སྤེལ་མའི་རྒྱན་དག་ཏུ་བརྗོད་པ་སྟེ། དེ་ལ་དབྱེ་ན། ཡན་ལག་སྒྲུབ་བྱེད་ཕན་འདོགས་བྱེད་དང་། ཡན་ལག་ཅན་བསྒྲུབ་བྱ་ཕན་གདགས་བྱའི་དངོས་པོར་གནས་པ་ལྟོས་པ་དང་བཅས་པའི་སྐབས་དང་། ལྟོས་མེད་རྒྱན་ཐམས་ཅད་སྟོབས་མཚུངས་པ་ཉིད་ཅེས་པའི་ལུགས་རྣམ་པ་གཉིས་ཏེ། གཉིས་པོ་དེ་དག་སྤེལ་མའི་རྒྱན་དག་ལ་ནི་མཚོན་པར་བྱའོ། །གཉིས་པ་ནི། མཛེས་མ་ཁྱོད་ཀྱི་བཞིན་གྱི་དཔལ། །པདྨ་དག་གིས་འགོག་པར་བྱེད། །མཛོད་དང་ཡུ་བ་ཕུན་ཚོགས་པ། །འདི་ལ་བྱ་དཀའ་ཅི་ཞིག་ཡོད། །ཅེས་པ་སྟེ། མཛེས་མ་ཁྱོད་ཀྱི་བཞིན་རས་ཀྱི་དཔལ་མཐའ་དག་ནི་པདྨ་དག་གིས་འགོག་པར་བྱེད་ཅེས་དཔེ་རྒྱན་ཏེ་བསྒྲུབ་བྱ་དང་སྒྲུབ་བྱེད་ཀོ་ཥའི་སྒྲ་པདྨའི་སྙིང་པོ་དང་བང་མཛོད་ལ་འཇུག །དཎྜ་པདྨའི་ཡུ་བ་དང་ཡན་ལག་བཞི་པའི་དཔུང་ལ་འཇུག་པས། པདྨའི་སྙིང་པོ་ཡུ་བར་བཅས་པའམ། མཛོད་དཔུང་དུ་བཅས་པ་ཞེས་སྒྲ་སྦྱར་ཏེ། དེ་ལྟར་ཕུན་སུམ་ཚོགས་པའི་དངོས་པོ་འདི་ལ་བྱ་དཀའ་བ་ཅི་ཞིག་ཡོད་ཅེས་དོན་གཞན་བཀོད་པའི་རྒྱན་སྦྱར་རྒྱན་དང་བཅས་པ་སྟེ། སྟོབས་མཚུངས་དཔེར་བརྗོད་ཤུགས་ལས་རྟོགས་པར་དགོས་སོ། །གསུམ་པ་ནི། རང་བཞིན་བརྗོད་དང་འཁྱོག་བརྗོད་ཅེས། །ངག་གི་རང་བཞིན་ཐ་དད་གཉིས། །འཁྱོག་པོར་བརྗོད་པ་ཐམས་ཅད་ལ། །ཕལ་ཆེར་སྦྱར་བས་དཔལ་རྒྱས་བྱེད། །ཅེས་པ་སྟེ། རང་བཞིན་ཇི་ལྟ་བར་བརྗོད་པ་དང་། རྣམ་པ་གཞན་དུ་བྱས་པ་འཁྱོག་བརྗོད་ཅེས་པའི་ངག་གི་རང་བཞིན་ཐ་དད་པ་གཉིས་སུ་གནས་པ་ལས། འཁྱོག་པོར་བརྗོད་པའི་ཚུལ་ཐམས་ཅད་ལ་ཕལ་ཆེར་སྦྱར་བ་ཁོ་ནས་ཚིག་སྦྱོར་གྱི་དཔལ་རྒྱས་པར་བྱེད་ཅེས་པའོ། །སོ་ལྔ་པ་དགོངས་པ་ཅན་གྱི་རྒྱན་ལ་གཉིས། རྒྱུ་དང་ངོ་བོ་མདོར་བསྟན་པ་དང་། དེ་
ཉིད་ཁྱད་ཆོས་བཞིས་རྒྱས་པར་བཤད་པའོ། །དང་པོ་ནི། སྙན་ངག་མཁན་བསམ་དགོངས་པ་སྟེ། །སྙན་ངག་གྲུབ་པར་གང་གནས་པ། །རབ་སྦྱོར་ཡུལ་གྱི་ཡོན་ཏན་ཅན། །དེ་ནི་དགོངས་པ་ཅན་ཞེས་བརྗོད། །ཅེས་པ་སྟེ། སྙན་ངག་མཁན་པོས་སྙན་ངག་གི་ཚིག་རྒྱུན་འགྲུབ་བྱེད་ཀྱི་རྟོག་པ་རྩོལ་བའི་ཁྱད་པར་གྱི་བསམ་པ་ནི་དགོངས་པ་སྟེ་སྙན་ངག་གི་རྒྱུན་དེ་ཐོག་མ་ནས་འགྲུབ་པར་མ་གྱུར་གྱི་བར་དུ་གང་ལ་གནས་པའི་བསམ་པ་ཉི་ཚེ་བ་མ་ཡིན་པ། ངོ་བོ་བཅད་ལྷུག་སྤེལ་མར་རབ་ཏུ་སྦྱོར་བའི་བདག་ཉིད་ཅན་གྱི་ཡུལ་གྱི་ཡོན་ཏན་ཅན་དེ་ནི་དགོངས་པ་ཅན་ཞེས་པར་བརྗོད་དེ། འདི་ནི་རྒྱན་ཐམས་ཅད་ཀྱི་རྒྱན་དུ་གྱུར་པ་སྟེ། ཐོག་མཐའ་བར་གསུམ་ཐམས་ཅད་དུ་རྒྱུན་ལ་རྗེས་སུ་འཇུག་པའོ། །གཉིས་པ་ནི། དངོས་པོ་ཡི་ནི་ཚིག་རྣམས་ཀུན། །ཕན་ཚུན་ཕན་པར་བྱེད་པ་ཉིད། །དོན་དང་བྲལ་བའི་ཁྱད་པར་རྣམས། །མ་བྱས་གནས་སུ་བསྔགས་པ་དང་། །བརྗོད་རིམ་སྟོབས་ལས་དངོས་པོ་ནི། །ཟབ་མོ་དག་ཀྱང་གསལ་བ་སྟེ། །དེ་ཀུན་དགོངས་པའི་དབང་གྱུར་ཕྱིར། །དེ་དག་དགོངས་པ་ཅན་ཞེས་རིག །ཅེས་པ་སྟེ། དངོས་པོ་སྙན་ངག་གི་ཚིག་རྣམས་ཀུན་ཕན་ཚུན་གཅིག་གིས་གཅིག་ལ་ཕན་པར་བྱེད་པ་ཉིད་དང་། དགོས་དོན་དང་བྲལ་བའི་ཚིག་གི་ཁྱད་པར་རྣམས་མ་བྱས་པ་དང་། དངོས་པོ་གང་ཡིན་ཡང་གནས་སུ་སྟེ་སྐབས་དང་འཚམ་པར་བསྔགས་པ་དང་། བརྗོད་པའི་རིམ་པ་དེ་ཉིད་ཀྱི་སྟོབས་སམ་ཤུགས་ལས་དངོས་པོ་ཟབ་མོ་རྟོགས་དཀའ་བ་དག་ཀྱང་གསལ་བ་སྟེ། ཁྱད་ཆོས་བཞི་པོ་དེ་ཀུན་དགོངས་པའི་དབང་དུ་གྱུར་པའི་ཕྱིར། དེ་དག་དགོངས་པ་ཅན་ཞེས་པའི་རྒྱན་དུ་རིག་པར་བྱའོ། །གཉིས་པ་ཟློས་གར་གྱི་མཚན་ཉིད་ཀྱང་རྒྱན་དུ་བསྟན་པ་ནི། གང་ཡང་མཚམས་སྦྱོར་ཡན་ལག་དང་། །འཇུག་པའི་ཡན་ལག་མཚན་ཉིད་སོགས། །ལུང་གཞན་དག་ཏུ་བརྗོད་འདི་ཡང་། །རྒྱན་ཉིད་དུ་ནི་བདག་ཅག་འདོད། །ཅེས་པ་སྟེ། གང་ཡང་མཚམས་སྦྱོར་གྱི་ཡན་ལག་སྨྲ་བ་དང་། སྨྲ་བའི་ལན་ལ་སོགས་པ་ལྔ་དང་། ཚིག་ལྡན་ལ་སོགས་པ་བཞི་ལ་རབ་ཏུ་སྣང་བྱེད་ལ་སོགས་པ་བཅུ་དྲུག་ཏུ་ཕྱེ་བའི་འཇུག་པའི་ཡན་ལག་རྣམས་དང་། རྒྱན་
བྱེད་ལ་སོགས་པ་མཚན་ཉིད་སུམ་ཅུ་རྩ་དྲུག་དང་སོགས་ཁོང་ནས་སྒེག་པའི་ཡན་ལག་ལ་སོགས་པ་ལུང་གཞན་དག་དུ་བརྗོད་པ་འདི་ཡང་སྙན་ངག་མཛེས་པའི་རྒྱན་ཉིད་དུ་ནི་དབྱུག་པ་ཅན་བདག་ཅག་འདོད་དོ། །གསུམ་པ་མཇུག་བསྡུ་བ་ནི། རྒྱ་ཆེ་མཐའ་ཡས་རབ་བསྡུས་ཚད་དུ་གྱུར་པ་ཡི། །རྒྱན་རྣམས་དག་གི་ལམ་འདི་ཉིད་ནི་རྣམ་པར་ཕྱེ། །བརྗོད་པའི་ཡུལ་ལས་འདས་པར་ཡོངས་སུ་གནས་པ་ཡི། །ཁྱད་པར་རྣམས་ནི་གོམས་པ་རྣམས་ཀྱིས་དབྱེ་བར་ནུས། །ཞེས་པ་སྟེ། རྒྱན་རྣམས་ཀྱི་མཚན་ཉིད་དང་མཚོན་བྱའི་དབྱེ་བ་རྒྱ་ཆེ་ཞིང་མཐའ་ཡས་པ་དེ་དག་ལས་རབ་ཏུ་བསྡུས་པ་དོན་རྒྱན་སོ་ལྔའི་ཚད་དུ་གྱུར་པའི་རྒྱན་རྣམས་དག་གི་ལམ་འདི་ཉིད་ནི་དབྱུག་པ་ཅན་བདག་གིས་རྣམ་པར་ཕྱེ་ལ། དེ་ལས་སྤྲོས་པ་བརྗོད་པའི་ཡུལ་ལས་འདས་པར་ཡོངས་སུ་གནས་པའི་ཁྱད་པར་གཞན་རྣམས་ནི་ལམ་འདིར་གོམས་ཤིང་འདྲིས་པ་རྣམས་ཀྱིས་དབྱེ་བར་ནུས་སོ། །སྙན་ངག་གི་བསྟན་བཅོས་མེ་ལོང་ལས། དོན་རྒྱན་སུམ་ཅུ་རྩ་ལྔ་བསྟན་པ་སྟེ་ལེའུ་གཉིས་པའི་དོན་བཤད་ཟིན་ཏོ།། །།
༈ གཉིས་པ་སྒྲ་རྒྱན་བཤད་པ་ལ་གསུམ། ཟུང་ལྡན་གྱི་རྣམ་བཞག །བྱ་དཀའི་ཁྱད་པར་གཞན། དབྱངས་སོགས་ངེས་པའི་བྱ་དཀའ་བཤད་པའོ། །དང་པོ་ལ། མདོར་བསྟན་དང་། རྒྱས་བཤད་དོ། །དང་པོ་ལ། མཚན་ཉིད་དང་དབྱེ་བའོ། །དང་པོ་ནི། བར་མ་ཆོད་དང་བར་ཆོད་བདག །ཡི་གེ་ཚོགས་པ་བསྐོར་བ་ནི། །ཟུང་ལྡན། ཞེས་པ་སྟེ། ཡི་གེ་གཞན་གྱིས་བར་མ་ཆོད་པ་དང་། བར་ཆོད་པའི་བདག་ཉིད་ཀྱང་སྟེ། དབྱངས་གསལ་གྱི་ཡི་གེ་ཚོགས་པ་དག་ལན་གཉིས་ལ་སོགས་པར་བཟླས་ཏེ་བསྐོར་བ་ནི་ཟུང་ལྡན་གྱི་མཚན་ཉིད་ཡིན་ནོ། །གཉིས་པ་ནི། དེ་ཡང་རྐང་པ་ཡི། །དང་པོ་བར་མཐའ་སྤྱོད་ཡུལ་ཅན། །གཅིག་གཉིས་གསུམ་བཞི་རྐང་པ་ཡི། །ཟུང་ལྡན་རྣམས་ཀྱི་རྣམ་རྟོག་ནི། །ཐོག་མ་བར་མཐའ་བར་དང་མཐའ། །བར་དང་ཐོག་མ་ཐོག་མཐའ་ཀུན། །ཀུན་ཏུ་དབྱེ་བ་ལས་གྱེས་པ། །དེ་དག་དབྱེ་བ་ཤིན་ཏུ་མང་། །དེ་ལ་བྱ་སླ་བྱ་དཀའ་ཡང་། །འགའ་ཞིག་དག་ནི་བསྟན་པར་བྱ། །ཞེས་པ་སྟེ། ཟུང་ལྡན་དེ་ཡང་རྐང་པའི་དང་པོ་དང་། བར་དང་། མཐའ་ན་ཡོད་པའི་སྤྱོད་ཡུལ་ཅན། དེ་ཡང་རྐང་བཞི་གང་རུང་གཅིག་ལ་ཡོད་པ་དང་། གཉིས་དང་། གསུམ་དང་། བཞི་ཀ་ལ་ཡོད་པའི་ཚུལ་ཅན་རྐང་པའི་ཟུང་ལྡན་རྣམས་ཀྱི་རྣམ་རྟོག་ནི། རྐང་པའི་ཐོག་མར་ཡོད་ལ་བར་མཐའ་ན་མེད་པ། བར་དུ་ཡོད་ལ་ཐོག་མཐར་མེད་པ། མཐའ་ལ་ཡོད་ལ་གོང་མ་གཉིས་ལ་མེད་པ། བར་དང་མཐའ་ན་ཡོད་ལ་དང་པོར་མེད་པ། ཐོག་བར་ལ་ཡོད་ཅིང་ཐ་མར་མེད་པ་དང་། ཐོག་མ་དང་ཐ་མར་ཡོད་ལ་བར་དུ་མེད་པ། ཐོག་མཐའ་བར་གསུམ་ཀུན་ལ་ཡོད་པ་སྟེ། རྣམ་པ་བདུན་དུ་ཀུན་ཏུ་དབྱེ་བ་ལས་གྱེས་པ་ཟུང་ལྡན་དེ་དག་གི་དབྱེ་བ་ཤིན་ཏུ་མང་ཞིང་། དེ་ལ་དབྱེ་བ་མདོར་བསྡུ་ན་བྱ་སླ་དང་བྱ་དཀའི་ལམ་སྲོལ་གཉིས་སུ་འགྱུར་བ་ཡང་ཡིན་ཏེ། དེ་དག་གི་དབྱེ་བ་འགའ་ཞིག་དག་ནི་བསྟན་པར་བྱའོ། །གཉིས་པ་རྒྱས་བཤད་ལ་དྲུག །རྐང་པའི་དང་པོ་ལ་ཡོད་པའི་ཟུང་ལྡན། གནས་གཞན་ན་ཡོད་པའི་ཟུང་ལྡན། མཐའ་ཐོག་སྦྱར་བའི་ཟུང་ལྡན། ཀུན་ཏུ་ཟུང་ལྡན། འདྲེས་པའི་ཟུང་
ལྡན། ཟློག་པའི་ཟུང་ལྡན་ནོ། །དང་པོ་ལ། བར་མ་ཆོད་ཀྱི་ཟུང་ལྡན། བར་ཆོད་པའི་ཟུང་ལྡན། ཆོད་ཅིང་མ་ཆོད་པའི་ཟུང་ལྡན་ནོ། །དང་པོ་ལ། དངོས་དང་། དོན་བསྡུ་བའོ། །དང་པོ་ལ། དང་པོ་རྐང་པ་དང་པོའི་ཐོག་མར་ཡོད་པ་ནི། གྲོགས་མོ་མཛའ་བོའི་སྐྱེ་བོ་ལ། །ཁེངས་པ་འདི་དང་འགྲོགས་མ་བྱེད། །བསླུས་པའི་མགྲིན་པ་ནས་འཁྱུད་ལ། །དེ་ཉིད་ངོ་ཚ་ལྡན་པར་གྱིས། །ཞེས་པ་སྟེ། གྲོགས་མོ་ཁྱོད་མཛའ་བོ་སྐྱེ་བོ་ལ་མི་འདུད་པའི་ཁེངས་པ་འདི་དང་འགྲོགས་པར་མ་བྱེད་པར་བསླུས་པའི་མཛའ་བོ་དེའི་མགྲིན་པ་ནས་འཁྱུད་ལ་དེ་ཉིད་ལ་ངོ་ཚ་དང་ལྡན་པར་གྱིས་ཤིག་ཅེས་པའི་རྒྱ་དཔེར་རྐང་པ་དང་པོའི་མགོར། མཱ་ནེ་ན་མཱ་ནེ་ན་ཞེས་བར་མ་ཆད་པའི་ཟུང་ལྡན་ཡོད་དོ། །གཉིས་པ་རྐང་པ་གཉིས་པའི་ཐོག་མར་ཡོད་པ་ནི། ངང་པ་རྣམས་ཀྱི་དྲེགས་འཇོམས་པ། །སྤྲིན་གྱི་སྒྲ་ཡིས་མྱོས་བྱེད་ནི། །དགའ་མ་དང་བཅས་བུད་མེད་ཀྱི། །ཁེངས་བྲལ་ཡིད་ལ་འཇུག་པར་བྱེད། །ཅེས་པ་སྟེ། ངང་པ་རྣམས་ཀྱི་དྲེགས་པའི་ང་རྒྱལ་འཇོམས་པར་བྱེད་པ་སྤྲིན་གྱི་སྒྲ་འབྲུག་སྒྲ་འདིས་མྱོས་བྱེད་འདོད་ལྷ་དག་ནི་དགའ་མ་དང་བཅས་ནས་བུད་མེད་རྣམས་ཀྱི་ཁེངས་པ་བྲལ་བའི་སླད་དུ་ཡིད་ལ་འཇུག་པར་བྱེད་དོ་ཞེས་པའི་རྐང་པ་གཉིས་པའི་མགོར། མ་ད་ནོ་མ་ད་ནོ་ཞེས་པ་ཡོད་དོ། །གསུམ་པ་རྐང་པ་གསུམ་པའི་ཐོག་མར་ཡོད་པ་ནི། ཆུ་གཏེར་བཞི་ཡི་སྐ་རགས་ཅན། །ས་ཡི་ལག་དཔྱ་འཛིན་ལ་མཁས། །ཁྱོད་ཉིད་ཐོབ་ནས་ད་ལྟ་ནི། །སྐྱེ་རྒུ་རྒྱལ་པོ་བཟང་ལྡན་གྱུར། །ཞེས་པ་སྟེ། ཆུ་གཏེར་རྒྱ་མཚོ་བཞི་ཡི་སྐ་རགས་ཅན་ས་གཞིའི་ལག་པ་དང་དཔྱ་འཛིན་པ་ལ་མཁས་པའི་རྒྱལ་པོ་ཁྱོད་ཉིད་ཐོབ་ནས་ད་ལྟ་ནི་སྐྱེ་རྒུ་རྣམས་རྒྱལ་པོ་ བཟང་པོ་དང་ལྡན་པར་གྱུར་ཏོ་ཞེས་པའི་རྐང་པ་གསུམ་པའི་མགོར་ཙ་ཏུ ་རམ་ཙ་ཏུ་རམ་ཞེས་ཡོད་དོ། །བཞི་པ་རྐང་པ་བཞི་པའི་ཐོག་མར་ཡོད་པ་ནི། རྐང་ཐང་ཤིང་རྟ་གླང་པོ་དང་། །རྟ་དང་བྲལ་བ་ཁྱོད་ཀྱི་དགྲ། །འགའ་ཞིག་ནགས་དང་གཞན་དག་ནི། །ལྷ་རྣམས་དག་གི་གནས་སུ་སོང་། །ཞེས་པ་སྟེ། རྐང་ཐང་དང་། ཤིང་རྟ་དང་། གླང་པོ་དང་། རྟའི་ཚོགས་ཏེ་དཔུང་ཚོགས་བཞི་དང་བྲལ་བ་རྒྱལ་པོ་ཁྱོད་དགྲ་བོ་རྣམས་འགའ་ཞིག་ནགས་ཚལ་དང་། གཞན་དག་ནི་མཚོན་གྱི་ལམ་
ལས་ལྷ་རྣམས་དག་གི་གནས་སུ་སོང་ངོ་ཞེས་པའི་རྐང་པ་བཞི་པའི་མགོར་ར་ཧི་ཏཻ་ར་ཧི་ཏཻ་ཞེས་ཡོད་དོ། །ལྔ་པ་རྐང་པ་དང་པོ་དང་གཉིས་པའི་ཐོག་མར་ཡོད་པ་ནི། ཆུ་སྐྱེས་གདོང་ལྡན་མིག་གཉིས་ཀྱི། །རྣམ་འཕྲུལ་ཡིད་འོང་འདི་ལ་ནི། །དཔྱིད་ཀྱི་བུང་བའི་རྣམ་འཕྲུལ་གྱིས། །ཅོ་འདྲི་བྱེད་པ་ཅི་ཡིན་སྨྲོས། །ཞེས་པ་སྟེ། ཆུ་སྐྱེས་པདྨའི་གདོང་ལྡན་མ་ཁྱོད་ཀྱི་མིག་གཉིས་ཀྱི་རྣམ་འཕྲུལ་ཡིད་དུ་འོང་བ་འདི་ལ། དཔྱིད་དུས་ཀྱི་བུང་བ་གཞོན་ནུའི་རྣམ་འཕྲུལ་གྱིས་ཅོ་འདྲི་བྱེད་པ་འདི་ཅི་ཡིན་སྨྲོས་ཤིག་ཅེས་པའི་རྐང་པ་དང་པོའི་མགོར། མ་དྷུ་རཾ་མ་དྷུ་རཾ། ཞེས་དང་། གཉིས་པའི་མགོར། བ་ད་ནེ་བ་ད་ནེ་ཞེས་ཡོད་དོ། །དྲུག་པ་རྐང་པ་དང་པོ་དང་གསུམ་པའི་ཐོག་མར་ཡོད་པ་ནི། འདོད་པ་གཡུལ་དུ་དཔའ་བ་ཡི། །གླང་པོའི་བཟུང་དཀའ་རྟ་མེད་ཀྱིས། །གང་ཕྱིར་བདག་ཅག་མཐར་བྱས་པ། །དེ་ཕྱིར་ཁྱོད་ཀྱི་རྣམ་གནོན་མཚར། །ཞེས་པ་སྟེ། འདོད་པ་ཁྱོད་གཡུལ་དུ་དཔའ་བ་དང་ལྡན་པའི་གླང་པོའམ། དེ་ལས་གཞན་ཡང་བཟུང་བར་དཀའ་བའི་རྟ་ལ་སོགས་པ་མེད་པ་ཉིད་ཀྱིས་གང་ཕྱིར་བདག་ཅག་འདོད་གདུངས་ཀྱིས་མཐར་བྱས་པ་དེ་ཕྱིར་ཁྱོད་ཀྱི་ཕ་རོལ་རྣམ་པར་གནོན་པ་འདི་ནི་མཚར་ཆེའོ། །ཞེས་པའི་རྐང་པ་དང་པོའི་མགོར། བཱ་ར་ཎོ་བཱ་ར་ཎོ་ཞེས་དང་། གསུམ་པའི་མགོར། ན་ཡ་ཏོ་ན་ཡ་ཏོ་ཞེས་ཡོད་དོ། །བདུན་པ་རྐང་པ་དང་པོ་དང་བཞི་པའི་ཐོག་མར་ཡོད་པ་ནི། གཡུལ་དུ་རྣོ་བས་མཛེས་པ་ཡི། །མི་བདག་ཁྱོད་འདྲས་ནོར་འཛིན་ནི། །རྒྱལ་བར་གྱུར་ཏེ་ནོར་འཛིན་གྱིས། །ཚིམ་པ་དག་ཀྱང་ཐོབ་པར་གྱུར། །ཞེས་པ་སྟེ། གཡུལ་དུ་རྣོ་བ་སྟེ་དཔའ་བས་མཛེས་པའི་མི་བདག་ཁྱོད་འདྲ་བའི་ནོར་འཛིན་འདི་ནི་རྒྱལ་བར་གྱུར་ཏེ། ནོར་འཛིན་གྱི་སྐྱེ་འགྲོ་དག་རྫོགས་ལྡན་གྱི་དཔལ་ལྟ་བུས་ཚིམ་པ་དག་ཀྱང་ཐོབ་པར་གྱུར་ཏོ་ཞེས་པའི་རྐང་པ་དང་པོའི་མགོར། རཱ་ཛི་ཏཻ་རཱ་ཛི་ཏཻ། ཞེས་དང་། བཞི་པའི་མགོར། བ་སཱུ་དྷཱ་བ་སུ་དྷཱ། ཞེས་ཡོད་དོ། །བརྒྱད་པ་རྐང་པ་གཉིས་པ་དང་གསུམ་པའི་ཐོག་མར་ཡོད་པ་ནི། ས་ཧཱ་ཀཱ་རིའི་མེ་ཏོག་གསར། །བདག་ཡིད་མཆོག་ཏུ་སྲེག་ལྡན་བྱེད། །ཁུ་བྱུག་མྱོས་པ་དག་གི་སྒྲ། །ཡིད་དུ་འོང་བ་འདིས་ཀྱང་ངོ་། །ཞེས་པ་སྟེ། ས་ཧཱ་ཀཱ་རའི་མེ་ཏོག་གསར་པ་ཁ་བྱེ་མ་ཐག་
འདི་ནི་བདག་ཡིད་མཆོག་ཏུ་སྲེག་པར་བྱེད་ལ། ཁུ་བྱུག་མྱོས་པ་དག་གི་སྒྲ་ཡིད་དུ་འོང་བ་འདིས་ཀྱང་དེ་ལྟར་བྱེད་དོ་ཞེས་རྐང་པ་གཉིས་པའི་མགོར། ཀ་ལི་ཀོཏྐ་ལི་ཀོཏ། ཞེས་དང་། གསུམ་པའི་མགོར། མནྨ་ནོ་མནྨ་ནོ་ཞེས་ཡོད་དོ། །དགུ་པ་རྐང་པ་གཉིས་པ་དང་བཞི་པའི་ཐོག་མར་ཡོད་པ་ནི། ཁྱོད་ལ་དམིགས་པའི་རེ་བ་དང་། །མ་བྲལ་འདི་ལ་དེ་འདྲ་ཡི། །གནས་སྐབས་ལུས་ནི་འཇིག་བྱེད་པས། །བུད་མེད་འཛེག་ནུས་ཇི་ལྟར་མིན། །ཞེས་པ་སྟེ། མཛེས་མ་ཁྱོད་ལ་དམིགས་པའི་རེ་བ་དང་མ་བྲལ་བ་འདི་ལ་མངོན་པར་འདོད་པ་ལ་སོགས་པ་དེ་འདྲ་བའི་གནས་སྐབས་དུ་མས་ལུས་རྒུད་དེ་འཇིགས་པར་བྱེད་པས་བུད་མེད་བཟང་མོ་ཁྱོད་ལ་རྩེ་དགའི་ཆེད་དུ་འཛེག་ནུས་ཇི་ལྟར་མིན་ཏེ་ནུས་སོ་ཞེས་པའི་རྐང་པ་གཉིས་པའི་མགོར། བི་ཧ་ཏཱ་བི་ཧ་ཏཱ། ཞེས་དང་། བཞི་པའི་མགོར། མངྒ་ནཱ་མངྒ་ནཱ། ཞེས་ཡོད་དོ། །བཅུ་པ་རྐང་པ་གསུམ་པ་དང་བཞི་པའི་ཐོག་མར་ཡོད་པ་ནི། ཡལ་འདབ་གསར་པས་མཛེས་པ་ཡི། །ལྗོན་པས་དྲངས་པའི་གཞོན་ནུ་རྣམས། །པདྨར་མངོན་ཕྱོགས་བུང་བ་ཡི། །མིག་ནས་བཟུང་སྟེ་འགུགས་པར་བྱེད། །ཅེས་པ་སྟེ། ཡལ་འདབ་གསར་པས་མཛེས་པར་བྱས་པའི་ལྗོན་པས་ཡིད་དྲངས་པའི་གཞོན་ནུ་རྣམས་པདྨར་མངོན་དུ་ཕྱོགས་པའི་བུང་བ་རྣམས་ཀྱིས་ཀྱང་མིག་ནས་བཟུང་སྟེ་འགུགས་པར་བྱེད་དོ་ཞེས་པའི་རྐང་པ་གསུམ་པའི་མགོར། ཏ་རུ་ཎཱ་ཏ་རུ་ཎཱ། ཞེས་དང་། བཞི་པའི་མགོར། ན་ལི་ནོ་ན་ལི་ནོ་ཞེས་པ་ཡོད་དོ། །བཅུ་གཅིག་པ་རྐང་པ་དང་པོ་གསུམ་གྱི་ཐོག་མར་ཡོད་པ་ནི། མྱོས་པའི་བཞད་ནི་རབ་འཇུག་པ། །རྫིང་གི་ཆུ་ལ་དཀར་བ་ཡི། །ངང་པ་འདི་ཡི་ཅ་ཅོ་ཡིས། །བདག་ནི་མཐར་བྱེད་ཟས་སུ་བྱེད། །ཅེས་པ་སྟེ། དགའ་བས་མྱོས་པའི་བཞད་ཅེས་བྱ་བའི་བྱའི་ཁྱད་པར་དག་རབ་ཏུ་འཇུག་ཅིང་བརྩེ་བའི་རྫིང་གི་ཆུ་ལ་གནས་པ་དཀར་བའི་ངང་པ་འདི་ཡི་ཅ་ཅོས་འདོད་ལྡན་དག་ནི་མཐར་བྱེད་གཤིན་རྗེའི་ཟས་སུ་བྱེད་དོ་ཞེས་པའི་རྐང་པ་དང་པོའི་མགོར། བི་ཤ་དཱ་བི་ཤ་དཱ། ཞེས་དང་། གཉིས་པའི་མགོར་སཱ་ར་པེ་སཱ་ར་པེ་དང་། གསུམ་པའི་མགོར། ཀུ་རུ་ཏེ་ཀུ་རུ་ཏེ་ཞེས་ཡོད་དོ། །བཅུ་གཉིས་པ་རྐང་པ་དང་པོ་གཉིས་དང་བཞི་པའི་ཐོག་མར་ཡོད་པ་ནི། དྲི་བྲལ་ཟླ་བའི་
ཆ་དག་དང་། །ལྷན་ཅིག་མ་ལ་ཡ་ཡི་རླུང་། །བདག་དགའ་མི་བྱེད་འདོད་པ་ནི། །མི་ཟད་དུག་གི་རྗེས་སུ་འགྲོ། །ཞེས་པ་སྟེ། དྲི་མ་དང་བྲལ་བའི་ཟླ་བའི་ཆ་དག་དང་ལྷན་ཅིག་པར་མ་ལ་ཡ་ནས་འོངས་པའི་རླུང་འདིས་བདག་དགའ་བར་མི་བྱེད་དེ། དེས་བསྐྱེད་པའི་འདོད་པ་ནི་མི་ཟད་དུག་གི་རྗེས་སུ་འགྲོ་བའི་ཕྱིར་རོ། །ཞེས་པའི་རྐང་པ་དང་པོའི་མགོར། བི་ཥ་མཾ་བི་ཥ་མཾ། ཞེས་དང་། གཉིས་པའི་མགོར། མ་ད་ནཾ་མ་ད་ནཾ། ཞེས་དང་བཞི་པའི་མགོར། མ་ལ་ཡཱ་མ་ལ་ཡཱ་ཞེས་ཡོད་དོ། །བཅུ་གསུམ་པ་རྐང་པ་དང་པོ་དང་ཕྱི་མ་གཉིས་ཀྱི་ཐོག་མར་ཡོད་པ་ནི། བདག་བསྟེན་མི་འདོད་ཁེངས་པ་ཅན། །དོ་ཤལ་དང་ལྡན་འཕྲོག་བྱེད་མ། །ལུས་མེད་ཉིད་ཀྱི་དང་པོ་ཁྱོད། །ཕྲ་གྱུར་བདག་འགྲོགས་བདེ་རྒྱས་མཛོད། །ཅེས་པ་སྟེ། བདག་བསྟེན་པར་མི་འདོད་པའི་ཁེངས་པ་ཅན་རིན་པོ་ཆེའི་དོ་ཤལ་དང་ལྡན་པ་ཡིད་འཕྲོག་པར་བྱེད་མ་ལུས་མེད་འདོད་ལྷ་ཉིད་ཀྱི་མདའ་ཚོགས་ཀྱིས་གང་བའི་དང་པོར་གྱུར་པའི་མཛེས་མ་ཁྱོད་ཆགས་པས་ཕྲ་བར་གྱུར་པའི་ལུས་དེ་བདག་དང་འགྲོགས་པའི་བདེ་བས་རྒྱས་པར་མཛོད་ཅིག་ཅེས་པའི་རྐང་པ་དང་པོའི་མགོར། མཱ་ནི་ནཱི་མཱ་ནི་ནཱི། གསུམ་པའི་མགོར། ཧཱ་རི་ཎཱི་ཧཱ་རི་ཎཱི། ཞེས་དང་། བཞི་པའི་མགོར། ཏ་ནུ་ཏཱཾ་ཏ་ནུ་ཏཱཾ་ཞེས་ཡོད་དོ། །བཅུ་བཞི་པ་རྐང་པ་ཕྱི་མ་གསུམ་གྱི་ཐོག་མར་ཡོད་པ་ནི། ཁྱོད་ཀྱི་གདོང་གིས་བདག་ལས་རྒྱལ། །ཆུ་ཡི་རྒྱན་གྱུར་བུང་བ་ཅན། །འདབ་ལྡན་པདྨ་གཏམ་མེད་ལས། །ཇི་ལྟར་མི་རྒྱལ་བདག་དགའ་མ། །ཞེས་པ་སྟེ། ཁྱོད་ཀྱི་གདོང་གིས་བདག་གཏམ་སྨྲ་བ་ལས་རྒྱལ་བར་བྱས་ན་ཆུའི་རྒྱན་ཙམ་དུ་གྱུར་པའི་བུང་བ་གཡོ་བ་འདབ་ལྡན་པདྨ་གཏམ་མེད་བེམ་པོའི་རང་བཞིན་ལས་ཇི་ལྟར་མི་རྒྱལ་ཏེ། དེ་ལྟ་བུའི་མཛེས་མ་དེ་ནི་བདག་གི་དགའ་མའོ་ཞེས་པའི་རྐང་པ་གཉིས་པའི་མགོར། ན་ཀ་ཐཾ་ན་ཀ་ཐཾ། ཞེས་དང་། གསུམ་པའི་མགོར། ཀ་མ་ལཾ་ཀ་མ་ལཾ། ཞེས་དང་། བཞི་པའི་མགོར། ད་ལི་མད་ད་ལི་མད་ཅེས་ཡོད་དོ། །བཅོ་ལྔ་པ་རྐང་པ་བཞི་ཀའི་ཐོག་མར་ཡོད་པ་ནི། ཉི་མའི་འོད་ཀྱི་དམར་གྱུར་པའི། །ཆུ་ལྷ་མོ་བཞིན་པཱ་ཊ་ལ། །དམར་བའི་གོས་ཅན་དྲི་བཟང་གནས། །བདག་གི་དགའ་མ་དགའ་བར་བྱས། །ཞེས་པ་སྟེ། ཉི་མའི་
འོད་ཀྱིས་དམར་བར་གྱུར་པའི་ནུབ་ཕྱོགས་ཆུ་ལྷ་མོ་བཞིན་དུ། ཤིང་པཱ་ཊ་ལའི་མེ་ཏོག་ལྟར་དམར་བའི་གོས་འཆང་བ་ཅན་ཨུཏྤལ་ལྟར་དྲི་བཟང་པོ་དང་ལྡན་པའི་གནས་བདག་གི་དགའ་མ་འདི་དགའ་བར་བྱས་སོ་ཞེས་པའི་རྐང་པ་དང་པོའི་མགོར། ར་མ་ཎཱི་ར་མ་ཎཱི། ཞེས་དང་། གཉིས་པའི་མགོར། པཱ་ཊ་ལཱཾ་པཱ་ཊ་ལཱཾ། ཞེས་དང་། གསུམ་པའི་མགོར། བཱ་རུ་ཎཱི་བཱ་རུ་ཎཱི། ཞེས་དང་། བཞི་པའི་མགོར། སཽ་ར་བྷཱ་སཽ་ར་བྷཱ། ཞེས་ཡོད་དོ། །གཉིས་པ་ནི། དེ་ལྟར་རྐང་པའི་ཐོག་མ་ཡི། །ཟུང་ལྡན་བར་ཆོད་མེད་རྣམ་རྟོག །ཅེས་པ་སྟེ། ཚུལ་དེ་ལྟར་རྐང་པའི་ཐོག་མ་ན་ཡོད་པའི་ཟུང་ལྡན་བར་ཆོད་མེད་པའི་རྣམ་རྟོག་གི་དབྱེ་བ་དག་བསྟན་ཏོ། །གཉིས་པ་བར་ཆོད་པའི་ཟུང་ལྡན་ལ་གསུམ། དམ་བཅའ་བ། དཔེར་བརྗོད། དོན་བསྡུ་བའོ། །དང་པོ་ནི། ད་ནི་བར་དུ་ཆོད་པ་ཡི། །རྣམ་རྟོག་འགའ་ཡང་བསྟན་པར་བྱ། །ཞེས་པ་སྟེ། གོ་སླའོ། །གཉིས་པ་ལ། དང་པོ་རྐང་པ་སྔ་མ་གཉིས་ཀྱི་ཐོག་མར་ཡོད་པ་ནི། ས་ཧཱ་ཀཱ་ར་ལས་འཁྲུངས་ཉིད། །ཡིད་འོང་དྲི་བཟང་ལྡན་པ་ཡི། །དཔྱིད་ཀྱི་ཨེ་ཎའི་མིག་ཅན་གྱི། །ཁེངས་པ་སྒྲ་ཡི་ལྷག་མར་བྱེད། །ཅེས་པ་སྟེ་ས་ཧཱ་ཀཱ་རའི་ཤིང་ལས་འཁྲུངས་པ་ཉིད་ཀྱི་ལོ་འདབ་ཡིད་འོང་དྲི་བཟང་པོ་དང་ལྡན་པ། དཔྱིད་དུས་ཀྱི་རི་དྭགས་ཨེ་ཎའི་མིག་ཅན་གྱི་མཛའ་བོར་མི་འདུད་པའི་ཁེངས་པ་སྒྲའི་ལྷག་མར་བྱེད་དོ་ཞེས་པའི་རྐང་པ་དང་པོ་དང་གཉིས་པའི་མགོར། མ་དྷུ་རེ་ཎ་ཞེས་ཡོད་དོ། །གཉིས་པ་རྐང་པ་དང་པོ་དང་གསུམ་པའི་ཐོག་མར་ཡོད་པ་ནི། དགའ་མའི་ལག་པ་ཤིན་ཏུ་དམར། །རྒྱུད་མང་ལ་བསྣུན་རྣམ་འཕྲུལ་ལ། །ཕྲག་དོག་ལྡན་པར་མཛའ་བོ་ལའང་། །རྣ་བའི་ཨུཏྤལ་གྱིས་བསྣུན་བྱེད། །ཅེས་པ་སྟེ། དགའ་མའི་ལག་པ་ཤིན་ཏུ་དམར་བའི་མདངས་ཆགས་པའི་སོར་མོའི་རྒྱུད་མང་ལ་སྣུན་པའི་རྣམ་འཕྲུལ་ལ། ཕྲག་དོག་དང་ལྡན་པ་མཛའ་བོ་ལའང་རྣ་བའི་ཨུཏྤལ་གྱི་བསྣུན་ཅིང་ཆགས་པར་བྱེད་དོ་ཞེས་པའི་རྐང་པ་དང་པོ་དང་གསུམ་པའི་མགོར། ཀ་རོ་ཏི་ཞེས་ཡོད་དོ། །གསུམ་པ་རྐང་པ་དང་པོ་དང་བཞི་པའི་ཐོག་མར་ཡོད་པ་ནི། རླུང་གི་གར་བསྒྱུར་སྤྲིན་གྱི་ཕྲེང་། །མཐའ་དག་ཆུ་ནི་འཐོར་བར་བྱེད། །དེ་རྗེས་མཇུག་མ་རབ་བསླང་བའི། །མཇུག་སྒྲོ་ལྡན་པ་
གར་དག་བྱེད། །ཅེས་པ་སྟེ། རླུང་གིས་བསྐྱོད་པས་གཡོ་ཞིང་གར་བསྒྱུར་བའི་སྤྲིན་གྱི་ཕྲེང་བ་ཕྱོགས་མཐའ་དག་ཁྱབ་པ་ལས་ཆར་གྱི་ཆུ་རྣམ་པར་འཐོར་བྱེད་ཅིང་དེའི་རྗེས་སུ་མཇུག་མ་རབ་ཏུ་བསླང་བའི་མཇུག་སྒྲོ་ལྡན་པ་གར་དག་བྱེད་དོ་ཞེས་པས་རྐང་པ་དང་པོ་དང་བཞི་པའི་མགོར། ས་ཀ་ལཱ་པོ་ཞེས་ཡོད་དོ། །བཞི་པ་རྐང་པ་གཉིས་པ་དང་གསུམ་པའི་ཐོག་མར་ཡོད་པ་ནི། འདོད་ལྡན་མ་དག་ཁྱོད་ཀྱི་ཡིད། །ཁེངས་བཅོམ་རང་ཉིད་ཉམས་འགྱུར་ཏེ། །ནཱིམ་པའི་ཀ་ལི་ཀཱ་མཐོང་ན། །གནས་སྐབས་ཅི་ལ་རེག་འགྱུར་རམ། །ཞེས་པ་སྟེ། འདོད་ལྡན་མ་དག་ཅེས་བོས་ནས། ཁྱོད་ཀྱི་ཡིད་བདག་པོར་མི་འདུད་པའི་ཁེངས་པ་བཅོམ་པས་རང་ཉིད་འདོད་པའི་གདུང་བས་ཉམས་པར་འགྱུར་ཏེ། ནཱིམ་པའི་ཀཱ་ལི་ཀཱ་སྟེ་མེ་ཏོག་ཁ་འབུས་པ་དག་མཐོང་ན་གནས་སྐབས་ཅི་ལྟ་བུ་ལ་རེག་པར་འགྱུར་རམ་ཞེས་པའི་རྐང་པ་གཉིས་པ་དང་གསུམ་པའི་མགོར། ཀ་ལི་ཀཱ་ཞེས་ཡོད་དོ། །ལྔ་པ་རྐང་པ་གཉིས་པ་དང་བཞི་པའི་ཐོག་མར་ཡོད་པ་ནི། བརྩེ་དགའི་རི་ཡི་ཟླ་ཤེལ་གྱི། །ཐང་འདི་ལ་ནི་རབ་འཛེགས་ནས། །མདོངས་མཐའ་མཆོག་ཏུ་མཛེས་པ་ཡི། །གཙུག་ཕུད་ཅན་འདི་གར་བྱེད་དོ། །ཞེས་པ་སྟེ། བརྩེ་དགའི་དོན་གྱི་རི་ལ་གནས་པའི་ཟླ་བ་ཆུ་ཤེལ་གྱི་རང་བཞིན་ཅན་ཐང་འདི་ལ་རབ་ཏུ་འཛེགས་པར་གྱུར་ནས་མདོངས་མཐའ་མཆོག་ཏུ་མཛེས་པ་དང་ལྡན་པའི་གཙུག་ཕུད་ཅན་འདི་གར་བྱེད་དོ་ཞེས་རྐང་པ་གཉིས་པ་དང་བཞི་པའི་མགོར། ཙནྡྲ་ཀཱནྟཿཞེས་ཡོད་དོ། །དྲུག་པ་རྐང་པ་ཕྱི་མ་གཉིས་ཀྱི་ཐོག་མར་ཡོད་པ་ནི། གང་ཞིག་སྦྲུལ་མཆོག་སྟེང་གནས་ཤིང་། །ཕག་པས་བཟུང་བའི་ས་འདི་ནི། །རྒྱལ་པོ་ཕྱོགས་ལས་རབ་བླངས་ནས། །ད་ལྟ་ཁྱོད་ཀྱི་ལག་པས་བཟུང་། །ཞེས་པ་སྟེ། གང་ཞིག་སྦྲུལ་ལམ་ཀླུའི་མཆོག་ལྷག་མ་ཅན་གྱི་སྟེང་ན་གནས་ཤིང་ཁྱབ་འཇུག་གི་སྤྲུལ་པའི་ཕག་པས་བཟུང་བའི་ས་འདི་ནི་རྒྱལ་པོའི་ཕྱོགས་གཞན་ལས་རབ་ཏུ་བླངས་ནས་ད་ལྟ་མི་བདག་ཁྱོད་ཀྱི་ལག་པས་བཟུང་ངོ་ཞེས་པའི་རྐང་པ་གསུམ་པ་དང་བཞི་པའི་མགོར། བ་ར་ཧེ་ཞེས་ཡོད་དོ། །བདུན་པ་རྐང་པ་དང་པོ་གསུམ་གྱི་ཐོག་མར་ཡོད་པ་ནི། གཡུལ་དུ་སྒྲ་ཡི་གླང་པོ་རྣམས། །ཁྱོད་ཀྱི་ལག་པ་མཐར་བྱེད་ཀྱིས། །བསྣུན་
པས་ཁྲག་ནི་རབ་ཟགས་པ། །ཐུན་མཚམས་དག་གི་སྤྲིན་བཞིན་མཛེས། །ཞེས་པ་སྟེ། གཡུལ་དུ་དགྲའི་ཚོགས་ཀྱི་གླང་པོ་རྣམས་ལ་དཔའ་བོ་ཁྱོད་ཀྱི་ལག་པ་མཐར་བྱེད་ཀྱིས་ཆེས་ཆེར་བསྣུན་པས་ཁྲག་རབ་ཏུ་ཟགས་པ་དག་ནི་མཐུན་མཚམས་དག་གི་སྤྲིན་བཞིན་དུ་མཛེས་སོ་ཞེས་པའི་རྐང་པ་སྔ་མ་གསུམ་གྱི་མགོར། ཀ་རེ་ཎ་ཞེས་ཡོད་དོ། །བརྒྱད་པ་རྐང་པ་དང་པོ་དང་ཕྱི་མ་གཉིས་ཀྱི་ཐོག་མར་ཡོད་པ་ནི། རླུང་གི་རི་ཡི་འཁྲི་ཤིང་བཞིན། །གཞན་གྱི་སྡེ་ནི་དཔའ་བོས་བཅོམ། །མཐའ་ནི་ག་ཤེད་སོང་བ་བཞིན། །རྡུལ་གྱིས་ནམ་མཁའ་ཁྱབ་པར་གྱུར། །ཞེས་པ་སྟེ་རླུང་དྲག་པོ་དག་གིས་རིའི་འཁྲི་ཤིང་གཞོན་ནུ་འཇོམས་པ་བཞིན་དུ་གཞན་གྱི་སྡེ་ནི་དཔའ་བོ་ཁྱོད་ཀྱིས་བཅོམ་ཞིང་། མཐའ་ནི་ག་ཤེད་དེ་གར་སོང་མེད་པར་སོང་བ་བཞིན་དུ་རྡུལ་གྱིས་ནམ་མཁའ་ཐམས་ཅད་ཁྱབ་པར་གྱུར་ཏོ་ཞེས་རྐང་པ་དང་པོ་དང་ཕྱི་མ་གཉིས་ཀྱི་མགོར། ས་རཱ་ག་ཏ་ཞེས་ཡོད་དོ། །དགུ་པ་རྐང་པ་ཕྱི་མ་གསུམ་གྱི་ཐོག་མར་ཡོད་པ་ནི། ལེགས་ལྡན་ཆུ་འཛིན་གསར་པའི་འོད། །ལྷ་མིན་དག་གི་རིགས་ཉམས་བྱེད། །སྦྱིན་ལྡན་གླང་པོ་མཆོག་བཅོམ་པ། །ཁྱབ་འཇུག་དེས་ཁྱོད་རྟག་ཏུ་སྲུངས། །ཞེས་པ་སྟེ། ལེགས་ལྡན་ཞེས་བོས་ནས་ཆུ་འཛིན་གསར་པའི་འོད་ལྟར་ནག་པས་ལྷ་མིན་དག་གི་རིགས་རྣམས་ཉམས་པར་བྱེད་ཅིང་། སྦྱིན་ལྡན་གླང་པོ་ཆེའི་མཆོག་འདུལ་ཞིང་བཅོམ་པའི་ལྷ་ཁྱབ་འཇུག་དེས་ཁྱོད་ལ་དུས་རྟག་ཏུ་སྲུངས་ཤིག་ཅེས་པའི་རྐང་པ་ཕྱི་མ་གསུམ་གྱི་མགོར། ས་དཱ་ན་བ་ཞེས་ཡོད་དོ། །བཅུ་པ་རྐང་པ་བཞི་ཀའི་ཐོག་མར་ཡོད་པ་ནི། ཁྱོད་ཀྱི་མགོ་སྐྲ་བུང་བ་འདྲ། །གདོང་ནི་པདྨར་ཕྲག་དོག་བྱེད། །དཔལ་གྱིས་བཞིན་དུ་རབ་མྱོས་པ། །ཁྱོད་ཀྱིས་སུ་ཞིག་རྩི་མི་བྱེད། །ཅེས་པ་སྟེ། མཛེས་མ་ཁྱོད་ཀྱི་མགོ་ལས་སྐྱེས་པའི་སྐྲ་ནི་བུང་བ་འདྲ་ཞིང་། གདོང་ནི་པདྨར་ཕྲག་དོག་བྱེད་ལ། ལྷ་མོ་དཔལ་གྱིས་ལྷ་རྣམས་བཞིན་དུ་རབ་ཏུ་མྱོས་པ་མོ་ཁྱོད་ཀྱིས་ཀྱང་སུ་ཞིག་འདོད་མྱོས་ཀྱི་གྲངས་སུ་རྩི་བར་མི་བྱེད་དེ་བྱེད་དོ་ཞེས་པའི་བཞི་ཀའི་མགོར། ཀ་མ་ལེ་ཞེས་ཡོད་དོ། །བཅུ་གཅིག་པ་རྐང་པ་སྔ་མ་གཉིས་འདྲ་ཕྱི་མ་གཉིས་འདྲ་བ་ནི། རྒྱ་ཆེན་རིན་ཆེས་རྒྱན་དང་ལྡན། །རྒྱགས་པས་མིག་འཁོར་ཛ་གྷ་ན། །ཆུང་བ་མིན་པས་འཛའ་
བོ་ནི། །དགའ་བ་ལྡན་པ་བྱ་བར་བཟོད། །ཅེས་པ་སྟེ། རྒྱ་ཆེ་བའི་རིན་པོ་ཆེའི་རྒྱན་སྣ་ཚོགས་དང་ལྡན་ལ་ལང་ཚོས་རྒྱགས་པས་མིག་འཁོར་འཁོར་དུ་འཕྲུལ་ཞིང་ཛ་གྷ་ན་སྟེ་ཚང་ར་ཆུང་བ་མིན་པས་འཛའ་བོ་དགའ་བ་དང་ལྡན་པ་བྱ་བར་བཟོད་དོ་ཞེས་པའི་རྐང་པ་སྔ་མ་གཉིས་ཀྱི་མགོར། མུ་དཱ་ར་མ་ཎ་ཞེས་དང་། ཕྱི་མ་གཉིས་ཀྱི་མགོར། མ་ད་བྷྲ་ཞེས་ཡོད་དོ། །བཅུ་གཉིས་པ་རྐང་པ་དང་གསུམ་འདྲ་ཞིང་གཉིས་བཞི་འདྲ་བ་ནི། གཞན་གསོས་རྣམས་ཀྱིས་བསྒྲགས་པ་དང་། །ཁྱོད་ཀྱིས་བརྗོད་པའི་སྒྲ་དང་ནི། །ལྷོ་ཡི་ཕྱོགས་ཀྱི་རླུང་གིས་ཀྱང་། །བདག་ཡིད་ཕྲོགས་སོ་ཕོ་ཉ་མོ། །ཞེས་པ་སྟེ། ཀྱེ་ཕོ་ཉ་མོ་ཞེས་བོས་ནས། གཞན་གསོས་ཁུ་བྱུག་རྣམས་ཀྱིས་བསྒྲགས་པའི་སྐད་དང་། ཁྱོད་ཀྱིས་བརྗོད་པའི་སྒྲ་སྙན་པ་དང་། ལྷོ་ཕྱོགས་ཀྱི་རླུང་བསིལ་བ་དག་གིས་ཀྱང་བདག་ཡིད་རང་དབང་མེད་པར་ཕྲོགས་སོ་ཞེས་པའི་རྐང་པ་དང་པོ་དང་གསུམ་པའི་མགོར། ཨུ་འདི་ཏཻ་ར། ཞེས་དང་། གཉིས་པ་དང་བཞི་པའི་མགོར། མཱ་རུ་ཏཻ། ཞེས་ཡོད་དོ། །བཅུ་གསུམ་པ་ཐོག་མཐའ་གཉིས་འདྲ་བར་གཉིས་འདྲ་བ་ནི། རྐེད་པ་ཕྲ་ཞིང་རྔུལ་ཟག་པས། །གདོང་གི་ཟླ་བ་རབ་མཛེས་པ། །བུད་མེད་ཆང་གིས་ངོ་ཚ་བཅོམ། །སྐྱེས་པའི་ལུས་ལ་འཛེག་པར་བྱེད། །ཅེས་པ་སྟེ། རྐེད་པ་རབ་ཏུ་ཕྲ་ཞིང་འདོད་པས་རྔུལ་བའི་ཆུ་ཟགས་པས་གདོང་གི་ཟླ་བ་རབ་ཏུ་མཛེས་པའི་བུད་མེད་ཆང་གིས་ངོ་ཚ་བཅོམ་ནས་སྐྱེས་པའི་ལུས་ལ་བག་ཚ་བ་མེད་པར་འཛེག་པར་བྱེད་དོ་ཞེས་པའི་རྐང་པ་དང་པོ་དང་བཞི་པའི་མགོར། སུ་རཱ་ཛི་ཏ། ཞེས་དང་། གཉིས་པ་དང་གསུམ་པའི་མགོར། ཏ་ནུ་མ་དྷྱཱ། ཞེས་ཡོད་དོ། །གསུམ་པ་དོན་བསྡུ་བ་ནི། །དེ་ལྟར་བར་ཅོད་ཟུང་ལྡན་གྱི། །རབ་ཏུ་དབྱེ་བ་འདི་ཡང་བསྟན། །ཅེས་པ་སྟེ། གོ་སླའོ། །གསུམ་པ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་ལ་གསུམ། དམ་བཅའ་བ། དཔེར་བརྗོད། ཐོག་མའི་ཟུང་ལྡན་གྱི་མཇུག་བསྡུ་བའོ། །དང་པོ་ནི། བར་ཆོད་མ་ཆོད་བདག་ཉིད་ཀྱི། །རྣམ་རྟོག་ཀྱང་ཡོད་འདི་ལྟ་སྟེ། །ཞེས་པ་སྟེ། ད་ནི་བར་ཆོད་པ་དང་མ་ཆོད་པ་གཉིས་ཀའི་བདག་ཉིད་ཅན་གྱི་རྣམ་པར་རྟོག་པ་དག་ཀྱང་ཡོད་པ་འདི་ལྟ་སྟེ། དེའི་ཚུལ་བསྟན་པར་བྱའོ། །
གཉིས་པ་ལ། དང་པོ་རྐང་པ་སྔ་མ་གཉིས་འདྲ་ཕྱི་མ་གཉིས་འདྲ་བའི་ཆོད་ཅིང་མ་ཆོད་པ་ནི། ཀཱ་ལི་ཀ་འཕྱང་ཡལ་ག་ཅན། །སཱ་ལ་བལྟ་བར་དེ་མི་ནུས། །བ་ཀུ་ལར་ཆགས་བུང་བ་དང་། །གྲོགས་མོས་པདྨ་ཅན་ཡང་མིན། །ཞེས་པ་སྟེ། གྲོགས་མོ་དེས་ནི་ཀཱ་ལི་ཀ་འཐུར་དུ་འཕྱང་བའི་ཡལ་ག་ཅན་སཱ་ལའི་ཤིང་དེ་ལྟ་བར་མི་ནུས་ལ། བ་ཀུ་ལའི་མེ་ཏོག་ལ་ཆགས་པའི་བུང་བ་དང་། པདྨ་ཅན་པདྨ་འབྱུང་བའི་གཞི་ཡང་ལྟ་བར་ནུས་པ་མིན་ནོ་ཞེས་པའི་རྐང་པ་སྔ་མ་གཉིས་ཀྱི་མགོར། སཱ་ལཾ་སཱ་ལཾ། ཞེས་དང་། ཕྱི་མ་གཉིས་ཀྱི་མགོར། ནཱ་ལཱི་ནཱ་ལཱི། ཞེས་ཡོད་དོ། །གཉིས་པ་རྐང་པ་སྔ་ཕྱི་གཉིས་འདྲ་བར་མ་གཉིས་འདྲ་བ་ནི། སྤྲིན་ནག་ཆེན་པོ་ལྡན་པའི་དུས། །སྣང་དང་རྒྱུ་སྐར་ཀུན་མི་མཚོན། །གསང་མཐོར་དགའ་བ་སྒྲོག་བྱེད་པ། །དུས་འདྲ་སུ་ཡིས་ལྟ་བར་ནུས། །ཞེས་པ་སྟེ། ཆར་སྤྲིན་ནག་པོ་ཆེན་པོ་དང་ལྡན་པ་དབྱར་གྱི་དུས་སྣང་བ་དང་རྒྱུ་སྐར་ཀུན་མི་མཚོན་པ་སྟེ་མི་སྣང་ལ། གསང་མཐོར་ཏེ་དབྱར་རྔ་དགའ་བའི་སྒྲ་སྒྲོག་པར་བྱེད་པའི་དུས་འདི་འདྲ་འདོད་ལྡན་སུ་ཡིས་ལྟ་བར་ནུས་ཞེས་པའི་རྐང་པ་དང་པོ་དང་བཞི་པའི་མགོར། ཀཱ་ལཾ་ཀཱ་ལཾ། ཞེས་དང་། གཉིས་པ་དང་གསུམ་པའི་མགོར། ཏཱ་ར་ཏཱ་ར། ཞེས་ཡོད་དོ། །གསུམ་པ་རྐང་པ་བཞི་ཀ་འདྲ་བ་ནི། ཐུན་གསུམ་དབང་གྱུར་རིང་བ་ཡི། །མཚན་མོ་འདི་ཡིས་བདག་ཤི་ཞིག །གང་ལ་བདག་སོང་སྲོག་གཟིར་འགྲོ། །དེ་ནི་བློ་མེད་བདག་གིས་བཅོམ། །ཞེས་པ་སྟེ། སྲོད་གུང་ཐོ་རེངས་ཀྱི་མཐུན་གསུམ་གྱི་དབང་དུ་གྱུར་པ་རིང་བའི་མཚན་མོ་འདི་ཡིས་བདག་འདོད་གདུངས་ཀྱིས་ཤི་བར་གྱིས་ཤིག །རྒྱུ་མཚན་ཕྱོགས་གང་ལ་བདག་སོང་ཡང་བྲལ་བའི་གདུང་བས་སྲོག་གཟེར་ཏེ་ཕ་རོལ་དུ་འགྲོ་བའི་དགའ་མ་དེ་ནི་འགྲོགས་བློ་མེད་པ་བདག་གིས་འདི་འདྲ་མ་བསམས་པར་བཅོམ་ཞིང་ཆེ་བའི་རྒྱུ་བྱས་པས་སོ་ཞེས་པའི་རྐང་པ་བཞི་ཀའི་མགོར། ཡཱ་མ་ཡཱ་མ། ཞེས་ཡོད་དོ། །གསུམ་པ་ནི། ཞེས་རྐང་དང་པོ་ཟུང་ལྡན་གྱི། །རྣམ་རྟོག་ལུགས་ནི་འདི་འདྲ་སྟེ། །ཞེས་པ་སྟེ། དེ་ལྟར་རྐང་པའི་དང་པོ་ན་ཡོད་པའི་ཟུང་ལྡན་གྱི་རྣམ་པར་རྟོག་པའི་ལུགས་ནི་སྔར་བཤད་ཀྱི་རིམ་པ་འདི་འདྲ་སྟེ། ཞེས་སོ། །གཉིས་པ་གཞན་ན་ཡོད་པའི་ཟུང་ལྡན་ལ། དམ་བཅའ་དང་།
དཔེར་བརྗོད་དོ། །དང་པོ་ནི། འདི་ལྟ་ཁོ་ན་ཟུང་ལྡན་གྱི། །རྣམ་རྟོག་གཞན་པ་རྣམས་ཀྱང་ངོ་། །སྤྲོས་པས་འཇིགས་ཕྱིར་དབྱེ་བ་ནི། །མཐའ་དག་བརྗོད་པར་མི་འདོད་དེ། །དེ་ལ་བྱ་དཀར་མངོན་འདོད་གང་། །འགའ་ཞིག་དག་ནི་བསྟན་པར་བྱ། །ཞེས་པ་སྟེ། ཐོག་མའི་ཟུང་ལྡན་གྱི་རིམ་པ་བརྗོད་ཟིན་འདི་ལྟ་ཁོ་ན་ལྟར་ཟུང་ལྡན་གྱི་རྣམ་རྟོག་གཞན་པ་རྣམས་ཀྱང་ཤེས་པར་འགྱུར་ཞིང་འོན་ཀྱང་རྟོགས་སླ་བའི་ཕྱིར་དེ་དག་གི་དཔེར་བརྗོད་པ་འགའ་ཞིག་བརྗོད་པར་འདོད་མོད། དེ་ལྟ་ནའང་གཞུང་མང་པོའི་སྤྲོས་པས་འཇིགས་ཕྱིར་དབྱེ་བ་མཐའ་དག་བརྗོད་པར་མི་འདོད་དེ། དེ་ལ་བྱ་དཀའ་བར་མངོན་པར་འདོད་པ་གང་ཡིན་པ་འགའ་ཞིག་དག་ནི་བསྟན་པར་བྱའོ། །གཉིས་པ་ལ། དང་པོ་རྐང་བཞིའི་དབུས་ན་ཡོད་པའི་ཟུང་ལྡན་ལས་དབུས་ཀྱི་ཆོད་ཅིང་མ་ཆོད་པ་ནི། བརྟན་དང་དབང་པོ་རབ་བསྡམས་པ། །ཁྱོད་ནི་སྡོམ་བརྩོན་ལས་མ་ཉམས། །སྒྱུ་མེད་ཁྱོད་ཀྱི་བདེ་འཇིགས་པར། །མི་འགྱུར་འདི་སྙེད་ཆེད་དུའང་འགྱུར། །ཞེས་པ་སྟེ། བློ་བརྟན་པ་དང་། དབང་པོ་རྣམས་རབ་ཏུ་བསྡམས་པ་སྟེ་བྱ་བ་མ་ཡིན་པ་མི་བྱེད་པ་ཁྱོད་ནི་སྡོམ་བརྩོན་ཏེ་བཙུན་ཚུགས་ལས་དུས་ནམ་ཡང་མི་ཉམས་ཤིང་། གཡོ་སྒྱུ་མེད་པར་དྲང་བས་ཁྱོད་ཀྱི་བདེ་བ་འདི་ནི་འཇིགས་པར་མི་འགྱུར་ཏེ། འདི་སྙེད་གཅིག་སླར་ཐོབ་པའི་ཆེད་དུའང་འགྱུར་རོ་ཞེས་པའི་རྐང་པ་བཞི་ཀའི་དབུས་ན་ཡ་ཏེ་ཡ་ཏེ། ཞེས་ཡོད་དོ། །དབུས་ཀྱི་ཆོད་པ་ནི། རྒྱལ་པོ་མདུན་སར་ས་ཡི་ལྷ་རྣམས་དག་གི་ཞལ། །ཆང་གིས་མ་བཅོམ་ནོར་གྱིས་མཛེས་པས་རབ་བསྟོད་པའི། །ཁྱོད་ཀྱི་ཡོན་ཏན་རབ་གསལ་ཆགས་བདག་སྐྱེ་རྒུ་ལ། །ཕུང་པོ་ཉིད་གྱུར་ལྷ་རྣམས་སུ་ནི་མི་འགྲོ་མིན། །ཞེས་པ་སྟེ། རྒྱལ་པོ་ཞེས་བོས་ནས། མདུན་སར་སའི་ལྷ་བྲམ་ཟེ་རྣམས་དག་གི་ཞལ་ཆང་གིས་མ་བཅོམ་པས་བཅིངས་ཤིང་དགེ་ལ། ནོར་གྱིས་མཛེས་པ་སྟེ་ནོར་གྱིས་ཚིམས་ནས་རབ་ཏུ་བསྟོད་པའི་ཁྱོད་ཀྱི་ཡོན་ཏན་རབ་ཏུ་གསལ་བར་ཆགས་པའི་བདག་ཉིད་སྐྱེ་རྒུ་ཀུན་ལ་གྲགས་པའི་ཕུང་པོ་ཉིད་དུ་གྱུར་པ་དེ་ནི་ལྷ་རྣམས་ཀྱི་གནས་སུ་ཡང་མི་འགྲོ་བ་མིན་པ་སྟེ་འགྲོའོ་ཞེས་པའི་རྐང་པ་བཞི་ཀའི་དབུས་ཀྱི་བསྟོད་སྨད་ན་སུ་རཱ། ཞེས་ཡོད་དོ། །གཉིས་པ་རྐང་བཞིའི་མཐའ་ན་
ཡོད་པའི་ཟུང་ལྡན་ལས་མཐའི་ཆོད་པ་ནི། དམ་པའི་སྤྱོད་ལ་བག་མེད་ཁྱོད་ཀྱི་དགའ་མ་གང་། །དགའ་བའི་དགའ་སྟོན་དགའ་བས་ཁྱད་པར་དུ་མྱོང་མ། །དེ་ཡིས་འདིར་ནི་འདོད་ལྡན་རྒྱན་རྣམས་གཟུང་བར་འོས། །བདག་ལ་མཛེས་ལྡན་ཉིད་ཀྱི་འབྲས་བུ་འགའ་ཡང་མེད། །ཅེས་པ་སྟེ། དམ་པའི་སྤྱོད་ཚུལ་ལ་བག་མེད་པ་ཁྱོད་ཀྱི་དགའ་མ་གང་འདོད་པའི་དགའ་བའི་དགའ་སྟོན་གྱི་དགའ་བ་ཕུལ་དུ་བྱུང་བས་ཁྱད་པར་དུ་མྱོས་མ་དེ་ཡིས་འདིར་ནི་འདོད་ལྡན་གྱི་རྒྱན་ཡིད་དུ་འོང་བ་རྣམས་གཟུང་བར་འོས་ཏེ། ཚུལ་ལྡན་མ་བདག་ལ་མཛེས་ལྡན་ཉིད་དུ་བྱས་པའི་འབྲས་བུ་འགའ་ཡང་མེད་དོ་ཞེས་པའི་རྐང་པ་བཞི་ཀའི་མཐར། མ་ཏྟ་ཡཱ། ཞེས་ཡོད་དོ། །མཐའི་ཆོད་ཅིང་མ་ཆོད་པ་ནི། མགོན་པོ་ཁྱོད་ལྟས་དུད་པའི་རོ་ནི་མི་མཁྱེན་ཏེ། །དམན་པ་ཉིད་དང་མཆོག་ཉིད་དག་ནི་ངེས་པར་འགལ། །གང་ཞིག་དམན་པ་རྣམས་ནི་ཁྱོད་ལ་མགོས་འདུད་ཅིང་། །དེ་དག་ཁོ་ན་དམན་པའི་རོ་དེས་མཆོག་ཏུ་རྒྱུ། །ཞེས་པ་སྟེ། མགོན་པོ་ཁྱོད་ལྟ་བུས་གཞན་ལ་དུད་པ་སྟེ་གུས་པར་བྱེད་པའི་རོ་མྱོང་བ་མི་མཁྱེན་ཏེ། སྐྱེས་བུ་དམན་པ་ཉིད་དང་མཆོག་ཉིད་དག་ནི་ངེས་པར་འགལ་བའི་ཕྱིར། གང་ཞིག་སྐྱེས་བུ་དམན་པ་རྣམས་ནི་ཁྱོད་ལ་མགོ་བོས་འདུད་ཅིང་དེ་དག་ཁོ་ན་དམན་པའི་རོ་མྱོང་བ་དེས་མཆོག་ཏུ་རྒྱུའོ་ཞེས་པའི་རྐང་པ་བཞི་ཀའི་མཐར། ན་ཏེ་ན་ཏེ། ཞེས་ཡོད་དོ། །གསུམ་པ་རྐང་བཞིའི་བར་མཐའ་ན་ཡོད་པའི་ཟུང་ལྡན་ལས། བར་མཐའི་ཆོད་པ་ནི། རོལ་པ་འཛུམ་དཀར་དག་དང་འཇོམ་པར་སྨྲ་བ་དང་། །ཆུང་ངུའི་ལྟ་བ་དང་ནི་ལྕི་བའི་འགྲོ་བ་དང་། །ཀུན་ཏུ་གླལ་དང་ཛ་ཧ་ན་དག་སྟོན་པ་དེས། །བསྣུན་པ་དེས་ན་བདག་ནི་འཚོ་བས་དམན་པར་འགྱུར། །ཞེས་པ་སྟེ། རོལ་པའི་མཛུམ་དཀར་དག་དང་། ངག་འཇམ་པར་སྨྲ་བ་དང་། མིག་ཟུར་ཆུང་ངུའི་ལྟ་བ་དང་། ལུས་ལྕི་བའི་ཚུལ་གྱི་འགྲོ་བ་དང་། འདོད་མྱོས་ཀྱིས་ཀུན་ཏུ་གླལ་བ་དང་། ཛ་གྷ་ན་ཚང་ར་དག་སྟོན་པ་དེས་ཡིད་སྲུབས་ཀྱི་མཚོན་གྱིས་བསྣུན་པ་དེས་ན་བདག་ནི་མཚོ་བས་དམན་པར་གྱུར་ཏོ་ཞེས་པའི་རྐང་པ་བཞི་ཀའི་བར་མཐའ་གཉིས་ན། ཏེ་ན། ཞེས་ཡོད་དོ། །བར་མཐའ་མཆོད་ཅིང་མ་ཆོད་པ་ནི། དཔལ་ལྡན་མི་ཤོང་བརྟན་ལྡན་གང་གི་བདག་
ཉིད་ནི། །འཆི་མེད་ལམ་དང་མཉམ་པའི་ཚད་ལྡན་རབ་དུད་པའི། །འགྲོ་བ་རྒྱས་བྱེད་མཆོད་ལྡན་ཚད་མེད་མིང་ཅན་ནི། །འཇལ་བྱེད་ཚད་མེད་མང་པོ་བཀོད་ལ་ཕྱག་དག་མཛོད། །ཅེས་པ་སྟེ། ལྷ་མོ་དཔལ་མོ་དང་ལྡན་ཞིང་། ཕུལ་དུ་བྱུང་བའི་ཡོན་ཏན་གྱི་གྲགས་པ་རྒྱ་ཆེ་བས་མི་ཤོང་བར་རྟག་ཏུ་གཡོ་བ་མེད་པས་བརྟན་པ་དང་ལྡན་པ་གང་གི་བདག་ཉིད་ནི་འཆི་མེད་ནམ་མཁའི་ལམ་དང་མཉམ་པའི་ཚད་ལྡན། གང་ལ་རབ་དུད་པའི་འགྲོ་བའི་དཔལ་རྒྱས་པར་བྱེད་པ། ཀུན་གྱི་མཆོད་པའི་ཡུལ་དུ་གྱུར་པས་མཆོད་ལྡན། ཚད་བཟུང་མེད་པའི་མིང་ཅན་གོམ་པས་ས་གསུམ་འཇལ་བར་བྱེད་པ་ཚད་མེད་པའི་མཐུ་ལྡན། འཇུག་པ་བཅུ་སོགས་རྣམ་གྲངས་མང་པོར་བཀོད་པའི་ལྷ་ཁྱབ་འཇུག་དེ་ལ་ཕྱག་དག་མཛོད་ཅིག་ཅེས་པའི་རྐང་པ་བཞི་ཀའི་བར་མཐའ་གཉིས་ན། མཱ་ན་མཱ་ན། ཞེས་ཡོད་དོ། །བཞི་པ་རྐང་བཞིིའི་ཐོག་བར་ན་ཡོད་པའི་ཟུང་ལྡན་ལས། ཐོག་བར་གྱི་ཆོད་པ་ནི། བཅུད་ལ་ཞུགས་ཏེ་བྲང་གིས་དགའ་བྱེད་ཅིང་། །སྙིང་པོར་གྱུར་པའི་བཅུད་མང་རབ་ཏུ་འཛིན། །གཞད་ཀྱི་རྗེས་མཚུངས་སྒྲ་ལྡན་དྲིལ་ཆུང་ཅན། །དེས་ནི་བཅུད་ལེན་སྙིང་པོ་མེད་པར་རིག །ཅེས་པ་སྟེ། བཅུད་དེ་འདོད་པའི་བྱ་བ་ལ་ཞུགས་ཏེ་བྲང་གིས་རབ་ཏུ་དགའ་བར་བྱེད་ཅིང་སྙིང་པོར་གྱུར་པའི་བཅུད་མང་པོ་རབ་ཏུ་འཛིན་པ། ཆུ་བྱ་བཞད་དཀར་གྱི་སྐད་དང་རྗེས་སུ་མཚུངས་པའི་སྒྲ་ལྡན་སྙན་པའི་སྐད་ཀྱི་དྲིལ་ཆུང་ཅན་གྱི་མཛེས་མ་དེས་ནི་རྒས་པར་མི་འགྱུར་བ་ལ་སོགས་པའི་བཅུད་རྣམས་ཀྱང་སྙིང་པོ་མེད་པར་རིག་གོ་ཞེས་པའི་རྐང་པ་བཞི་ཀའི་ཐོག་བར་ན། སཱ་ར། ཞེས་ཡོད་དོ། །ཞར་བྱུང་རྐང་པ་དང་པོ་དང་གསུམ་པའི་ཐོག་མཐའ་གཉིས་བཞིའི་ཐོག་བར་ཆོད་ཅིང་མ་ཆོད་པ་ནི། བརྟན་རྒྱས་ཚུལ་དང་ཚུལ་མིན་བརྟག་པ་འདི་ཡིས་ནི། །ཚུལ་མེད་དགེ་བའི་ཐབས་ལ་ལོང་རྣམས་རྣམ་པར་ཐུལ། །བཞོན་པས་མི་འགྲོ་རྒྱལ་བའི་ཐེག་འགྲོ་དག་གིས་གང་། །ཚུལ་མ་ཐོབ་རྣམས་ཐོབ་པ་དག་ལ་བརྟེན་པ་བསྐྱེད། །ཅེས་པ་སྟེ། སེམས་བརྟན་ཞིང་བློ་རྒྱས་པས་ཚུལ་དང་ཚུལ་མིན་བརྟག་པར་བྱས་པ་འདིས་ནི། གང་ཞིག་ཆོས་ཚུལ་མང་
པོ་རྒྱུད་ལ་བསྟེན་པ་མེད་པ་དགེ་བའི་ཐབས་ལ་མིག་ལྡོངས་པས་ཆོས་མིག་ལོང་བར་གྱུར་པ་རྣམས་ཀྱི་རྒྱུད་རྣམ་པར་ཐུལ་བར་འགྱུར་ཞིང་། གཞན་ཡང་བཞོན་པ་ཉོན་མོངས་པས་མི་འགྲོ་ཞིང་རྒྱལ་བའི་ཐེག་པར་བསྟེན་ནས་འགྲོ་བ་དག་གི་གང་དགེ་བའི་ཚུལ་མ་ཐོབ་པ་རྣམས་ཐོབ་པར་འགྱུར་བ་དག་ལ་བརྟེན་པ་སྐྱེད་ཅིག་ཅེས་པའི་རྐང་པ་དང་གསུམ་གྱི་ཐོག་མཐའ་དང་། གཞན་གཉིས་ཀྱི་ཐོག་བར་ན། ན་ཡཱ་ན་ཡཱ། ཞེས་ཡོད་དོ། །ལྔ་པ་རྐང་བཞིའི་ཐོག་མཐར་ཡོད་པའི་ཟུང་ལྡན་ལས། ཐོག་མཐའི་ཆོད་པ་ནི། མཚུངས་མེད་ལྕི་བའི་མཚོན་ལྡན་གཡུལ་དུ་ས་སྐྱེས་ནི། །རྒྱལ་མཚན་ལ་གནས་དཔའ་བོ་བྱ་ཡི་སྒྲ་ཡིས་བྲོས། །ཉི་མ་བཞིན་དུ་དྲག་པོའི་ཕྲོག་བྱེད་འདི་མདུན་དུ། །འཇིགས་རུང་གཡུལ་ལ་དགྲ་རྣམས་ལུག་དང་མཚུངས་པར་རིག །ཅེས་པ་སྟེ། མཚུངས་མེད་ལྕི་བའི་མཚོན་ཆ་དང་ལྡན་པའི་གཡུལ་དུ་ལྷ་མ་ཡིན་ས་སྐྱེས་ཀྱང་གང་གི་ཕྱག་མཚན་རྒྱལ་མཚན་ལ་གནས་པའི་དཔའ་བོ་བྱའི་རྒྱལ་པོ་མཁའ་ལྡིང་གི་སྒྲས་བྲོས་ཤིང་འདར་བར་འགྱུར་ན། ཉི་མ་བཞིན་དུ་བཟོད་པར་དཀའ་བའི་དྲག་པོ་གཟི་བྱིན་ལྡན་པའི་འཕྲོག་བྱེད་ཁྱབ་འཇུག་འདི་ཡི་མདུན་དུ། འཇིགས་རུང་གཡུལ་གྱི་བྱ་བ་ལ་རྒོལ་བར་འདོད་པའི་དགྲ་རྣམས་བཤན་པའི་གདོང་གི་ལུག་དང་མཚུངས་པར་རིག་གོ་ཞེས་པའི་རྐང་པ་བཞི་ཀའི་ཐོག་མཐའ་གཉིས་ན། ར་བེ། ཞེས་ཡོད་དོ། །ཐོག་མཐའི་ཆོད་ཅིང་མ་ཆོད་པ་ནི། །མཚན་མོ་ཚད་མེད་ཐུན་ལྡན་དཔལ་མེད་ཚད་མེད་ཅིང་། །མཐར་ནི་བསྒྲོད་བྱ་མིན་པས་ཟད་ནད་ལ་བརྟེན་པ། །ཆ་ཡི་རང་བཞིན་ནད་ཅན་འབྲལ་བའི་ནད་ཀྱིས་གཟིར། །སྐལ་ལྡན་མ་འདི་སྙིང་རྗེའི་རང་བཞིན་འབྲལ་མེད་མཛོད། །ཅེས་པ་སྟེ། མཚན་མོ་གཉིད་མེད་པས་ཚད་མེད་པའི་ཐུན་དང་ལྡན། ལུས་རིད་པས་ལང་ཚོའི་དཔལ་ཡང་མེད། གྲོགས་དང་བྲལ་བས་གདུང་བ་ཚད་མེད་ཅིང་མཐར་ནི་བསྒྲོད་བྱ་འཁྲིག་བདེ་མྱོང་བ་མིན་པས་ཚེ་ཟད་པའི་ནད་ལ་བརྟེན་པ། བཅུ་དྲུག་ཆའི་རང་བཞིན་ཟླ་བས་ཀྱང་ནད་བསྐྱེད་པ་ཅན་འབྲལ་བའི་ནད་ཀྱིས་གཟིར་བའི་སྐལ་མ་འདི་སྙིང་རྗེའི་རང་བཞིན་ཁྱོད་དང་འབྲལ་བ་མེད་པར་མཛོད་ཅིག་ཅེས་པའི་རྐང་པ་བཞི་ཀའི་ཐོག་མཐར། མ་ཡཱ་མ་ཡཱ། ཞེས་ཡོད་དོ། །
དྲུག་པ་རྐང་བཞིའི་གནས་གསུམ་ཀ་ན་ཡོད་པའི་ཟུང་ལྡན་ལས། གསུམ་ཀའི་ཆོད་པ་ནི། ངལ་མེད་ཁྱོད་ཀྱི་བློ་ལ་མཉམ་ཉིད་བཟློག་པ་ཉིད། །མ་ཡིན་བླ་མེད་རྗེས་སུ་མི་མཐུན་འགྲོ་མ་ཡིན། །གདུང་མེད་ཀྱིས་ཐོབ་མཆོག་གི་རྗེས་སུ་མཐུན་པ་ཉིད། །དགའ་མེད་འདོད་མེད་རྣམས་ཀྱི་བཞེད་པ་དག་ལས་རྒྱལ། །ཞེས་པ་སྟེ། གཞན་དོན་སྒྲུབ་པ་ལ་ངལ་བ་མེད་པ་ཁྱོད་ཀྱི་བློ་ལ་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་དབང་གིས་མི་མཉམ་པ་མེད་པས་མཉམ་པ་ཉིད་ཀྱི་སེམས་དང་ལྡན་ཏེ། དེ་ལས་བཟློག་པ་མ་རུང་པ་ཉིད་མ་ཡིན་པས་བླ་ན་མེད་པའི་རྗེས་སུ་མི་མཐུན་པར་འགྲོ་བ་མ་ཡིན་ཞིང་བྱ་དཀའ་བའི་གདུང་བ་མེད་པ་ཉིད་ཀྱིས་དོན་ཆེན་ཐོབ་པ་སྐྱེས་བུ་མཆོག་གི་རྗེས་སུ་མཐུན་པ་ཉིད་དེ། སྲིད་བདེར་དགའ་མེད་འདོད་མེད་དཀའ་ཐུབ་པ་རྣམས་ཀྱི་བཞེད་པ་དག་ལས་རྒྱལ་ལོ་ཞེས་པའི་རྐང་པ་བཞི་ཀའི་གནས་གསུམ་ཀར། མ་ཏཱ་ཞེས་ཡོད་དོ། །གསུམ་ཀའི་ཆོད་ཅིང་མ་ཆོད་པ་ནི། །དུས་ཀྱི་དུས་:ཀྱི་༼ཅན༽མགྲིན་ནག་ངོ་ནག་ནག་པོ་ཉིད་དག་འཛིན། །སྙན་སྒྲོག་དག་གི་སྒྲོག་བྱེད་བུང་ཚོགས་སྤྲིན་ནག་དུས་ལྟར་གནག །དུས་ཀྱིས་མི་བཟུང་དུས་ཆའི་གཙོ་བོ་ཆུ་འཛིན་གྱིས་མཛེས་སུ། །དཀའ་བས་འཚོ་བའི་བུད་མེད་ལན་བུའི་འཕྲེང་བས་མགོ་ནག་བསྟེན། །ཞེས་པ་སྟེ། དུས་ཀྱི་དུས་ཏེ་ལྷ་དབང་ཕྱུག་གི་མགྲིན་པ་ནག་པོ་དང་ངོ་གདོང་ནག་པོ་ཁྱུ་མཆོག་ནག་པོའི་མགོ་བོས་མཚན་པའི་རྒྱལ་མཚན་ཉིད་དག་འཛིན་པ་ནི། སྙན་སྒྲོག་དག་གི་སྐད་སྒྲོག་བྱེད་བུང་བའི་ཚོགས་སམ། ཆར་སྤྲིན་ནག་པོ་འཁྲིགས་པའི་དུས་ལྟར་གནག་ཅིང་། འཆི་བའི་དུས་ཀྱིས་མི་བཟུང་བ་དུས་ཆའི་གཙོ་བོ་ཁྱོད་ནི་ཆུ་འཛིན་གྱིས་མཛེས་པའི་གངས་རིའི་བསྟི་གནས་སུ། དཀའ་ཐུབ་བཟློག་པས་འཚོ་བའི་བུད་མེད་དཔལ་མོ་ལན་བུའི་ཕྲེང་བས་མགོ་བོ་ནག་པ་བསྟེན་ཏོ་ཞེས་པའི་རྐང་པ་བཞི་ཀའི་གནས་གསུམ་ཀར། ཀཱ་ལ་ཀཱ་ལ། ཞེས་ཡོད་དོ། །གསུམ་པ་མཐའ་ཐོག་སྦྱར་བའི་ཟུང་ལྡན་ལ། མཚན་ཉིད་དང་། དཔེར་བརྗོད་དོ། །དང་པོ་ནི། རྐང་པ་གཉིས་ཀྱི་མཐའ་ཐོག་ནི། །རབ་སྦྱར་ཟུང་ལྡན་གནས་སྐབས་འདི། །བརྗོད་
པའི་ཁོངས་སུ་འདུ་མོད་ཀྱང་། །རང་དབང་ཉིད་ཀྱིས་འདིར་བཤད་དོ། །ཞེས་པ་སྟེ། ཚིགས་བཅད་རེ་ལ་རྐང་པ་བཞི་བཞི་ཡོད་པའི་དང་པོའི་མཐའ་དང་གཉིས་པའི་མགོ་ལྟ་བུ་རྐང་པ་གཉིས་གཉིས་ཀྱི་མཐའ་ཐོག་རབ་ཏུ་སྦྱར་བའི་ཟུང་ལྡན་གྱི་གནས་སྐབས་འདི་ནི་སྔར་བརྗོད་པའི་ཟུང་ལྡན་དེ་དག་གི་ཁོངས་སུ་འདུ་བ་ཡིན་མོད་ཀྱང་། རང་དབང་ཉིད་ཀྱིས་ཏེ་རྐྱང་པར་ཐ་དད་པར་སྐབས་འདིར་བཤད་དོ། །གཉིས་པ་ནི། མྱོས་པས་ཆགས་པ་ཉེར་བར་གནས་ཀྱང་བུད་མེད་དེས། །བདག་ཉིད་མ་སྦྱར་བདག་གི་སྡིག་པས་ཁྲོ་བ་ཡི། །རོ་དང་སྦྱར་ཏེ་ལུས་མེད་དག་གིས་གདུངས་གྱུར་ཀྱང་། །བདག་ནི་འདི་སྙེད་གདུང་བའི་སླད་དུ་མ་བསྡད་དོ། །ཞེས་པ་སྟེ། ལང་ཚོས་མྱོས་པས་ཆགས་པ་ཉེ་བར་གནས་ཀྱང་བུད་མེད་དེས་བདག་ཉིད་ལ་མ་སྦྱར་བའི་དུས་སུ་བདག་གི་སྡིག་པས་ཁྲོ་བའི་རོ་དང་སྦྱར་ཏེ་ལུས་མེད་འདོད་པ་དག་གིས་གདུངས་པར་གྱུར་ཀྱང་དེའི་མཁོན་ལན་གླན་ཕྱིར་བདག་ནི་མཛེས་མ་དེ་ཡུན་འདི་སྙེད་ཅིག་གདུང་བར་བྱ་བའི་སླད་དུ་རང་ཁྱིམ་དུ་མ་བསྡད་དོ། །ཞེས་པའི་རྐང་པ་དང་པོའི་མཇུག་དང་གཉིས་པའི་མགོར། མ་དེ་ན་སཱ། གཉིས་པའི་མཇུག་དང་གསུམ་པའི་མགོར། ན་ཡོ་ཛི་ཏཱ། གསུམ་པའི་མཇུག་དང་བཞི་པའི་མགོར། ག་ཏཱ་སི་ཏཱ། ཞེས་ཡོད་དོ། །བཞི་པ་ཀུན་ཏུ་ཟུང་ལྡན་ལ་གསུམ། རྐང་པ་བཟླས་པ། ཚིགས་བཅད་བཟླས་པ། ཟུང་ལྡན་ཆེན་པོའོ། །དང་པོ་ལ། སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། ཕྱེད་བཟླས་ཡང་དག་སྦྱར་བ་ཡིན། །འདི་ལ་དབྱེ་བ་གསུམ་དུ་འདོད། །རྐང་པ་བཟླས་པའང་དུ་མ་ཡི། །བདག་ཉིད་དེ་དག་དཔེས་གསལ་བྱ། །ཞེས་པ་སྟེ། ཚིགས་བཅད་ཕྱེད་དེ་རྐང་པ་གཉིས་བཟླས་པ་ནི་ཡང་དག་སྦྱར་བའི་ཟུང་ལྡན་ཡིན་ལ། འདི་ལ་དབྱེ་ན་རྣམ་པ་གསུམ་དུ་འདོད་ཅིང་། རྐང་པ་རེ་རེ་བཟླས་པའང་དུ་མའི་བདག་ཉིད་དེ། དེ་དག་དཔེ་ཡིས་གསལ་བར་བྱའོ། །གཉིས་པ་ལ་གཉིས། ཕྱེད་བཟླས་ཡང་དག་སྦྱར་བ་དང་། །རྐང་པ་རེ་རེ་བཟླས་པའོ། །དང་པོ་ལ། དང་པོ་རྐང་པ་དང་གསུམ་བཟླས་ཤིང་གཉིས་བཞི་བཟླས་པ་ནི། སྐྱེས་བུ་བརྟན་གང་སྙིང་སྟོབས་ཅན། །ཁེངས་པར་རབ་སྤངས་སྤང་བྱ་སྟེ། །ཁྱོད་ཀྱི་མཆོག་ཏུ་འབད་
པ་ཡི། །ཡིད་བརྟན་བྱའོ་འབད་མེད་མ། །ཞེས་པ་སྟེ། སྐྱེས་བུ་གང་ཞིག་བརྟན་པ་དང་ལྡན་ཞིང་སྙིང་སྟོབས་ཕུལ་དུ་བྱུང་བ་ཅན་དེས་ཀྱང་ཁེངས་པ་རབ་ཏུ་སྤངས་ནས་སྤང་བྱར་བྱས་ཏེ། དེའི་ཕྱིར་ཁེངས་ལྡན་འབད་མེད་མ་ཁྱོད་ཀྱིས་ཀྱང་མཆོག་ཏུ་འབད་པས་སྤོང་བའི་ཡིད་བརྟན་བྱའོ་ཞེས་པའི་རྒྱ་དཔེར་རྐང་པ་དང་པོ་དང་གཉིས་པ་ལ་ཇི་ལྟར་ཡོད་པ་དེ་ཉིད་གསུམ་པ་དང་བཞི་པར་ཡང་བཟླས་ཏེ་ཡོད་པས་མཚོན་དཔེར་བརྗོད་འོག་མ་རྣམས་ལའང་རིགས་འགྲེ་བར་བྱའོ། །གཉིས་པ་དང་པོ་གཉིས་པ་དང་གསུམ་པ་བཞི་པར་བཟླས་པ་ནི། ཁྱོད་ཀྱི་བགྲོད་པ་ཁྱབ་བདག་གཟི་བྱིན་གྱིས། །ཡང་ཡང་རབ་སྦྱར་མཛེས་པ་མེད་པ་ཡི། །མི་རྣམས་ཚུལ་དང་ང་རྒྱལ་ཉམས་བྱས་ནས། །གདུངས་ཤིང་ཀྱེ་མ་བྱས་ཟོས་རྣམ་པར་བཅོམ། །ཞེས་པ་སྟེ། རྒྱལ་པོ་ཁྱོད་ཀྱི་གཡུལ་ལ་བགྲོད་པ་ཁྱབ་བདག་སྟེ་ཁྱབ་འཇུག་ལྟ་བུའི་གཟི་བྱིན་གྱིས་གདུང་བའི་གནོད་པ་ཡང་ཡང་རབ་ཏུ་སྦྱར་བས་མཛེས་པ་མེད་པས་མི་རྣམས་དཔའ་བོའི་ཚུལ་དང་ང་རྒྱལ་ཉམས་པར་བྱས་ནས་འཆི་བའི་སྡུག་བསྔལ་གྱིས་གདུངས་ཤིང་རོ་རྣམས་ནི་ཀྱེ་མ་བྱས་ཟོས་ཏེ་རྣམ་པར་བཅོམ་མོ། །གསུམ་པ་དང་པོ་བཞི་པ་དང་གཉིས་པ་གསུམ་པར་བཟླས་པ་ནི། སྒྲ་ཡིས་སྤྲིན་བགྲོད་དབྱར་སྐྱེས་རྨ་བྱ་ཡིས། །ཚོགས་རྣམས་མཛེས་པ་ཉིད་དུ་ཉེ་བར་གྱུར། །རླུང་གི་ཚོགས་སྟུག་བྲལ་བ་ཆུར་སྒྲོག་ཀྱང་། །ཚོགས་རྣམས་སྒྲ་དང་བྲལ་བ་ཉིད་དུ་གྱུར། །ཅེས་པ་སྟེ། འབྲུག་གི་སྒྲའི་སྤྲིན་གྱི་བགྲོད་པ་གཡོ་བ་དབྱར་སྐྱེས་རྨ་བྱའི་ཚོགས་རྣམས་དགའ་བས་མཛེས་པ་ཉིད་དུ་ཉེ་བར་གྱུར་ཅིང་། རླུང་གི་ཚོགས་སྟུག་པོ་དང་བྲལ་བ་ཆུར་སྒྲོག་ངང་པའི་ཚོགས་རྣམས་ཀྱང་དུས་དེར་མི་དགའ་བས་སྒྲ་དང་བྲལ་བ་ཉིད་དུ་གྱུར་ཏོ། །གཉིས་པ་ལ་གཉིས། དངོས་དང་། དོན་བསྡུ་བའོ། །དང་པོ་ལ། དང་པོ་རྐང་པ་སྔ་མ་གཉིས་བཟླས་ཤིང་ཕྱི་མ་གཉིས་གང་བདེར་བྱས་པ་ནི། འཚོ་བའི་དབང་ཕྱུག་དུད་པའི་བྲང་ལ་ཁོ་མོ་ནི། །དམན་ཞིང་ཁེངས་པ་ངེས་པར་བསྒྲུབ་པའི་དབང་གྱུར་མ། །བརྩེ་བ་སྤངས་པའི་བདག་ཉིད་ཡིད་ཀྱི་འོ་མ་འཛིན། །གཉིས་པོ་ཉེ་བར་གཏད་ནས་ཀུན་ཏུ་མ་འཁྱུད་དོ། །ཞེས་པ་སྟེ། འཚོ་བའི་དབང་ཕྱུག་མཛའ་བོ་དུད་པའི་བྲང་ལ་ཁོ་མོ་ངོ་ཚ་དམན་
ཞིང་ཁེངས་པ་ངེས་པར་བསྒྲུབ་པའི་དབང་དུ་གྱུར་མ་བརྩེ་བ་སྤངས་པའི་བདག་ཉིད་ཀྱི་ཡིད་སེམས་ཅན་མཛའ་མོ་བདག་གི་འོ་མ་འཛིན་པ་གཉིས་པོ་ཉེ་བར་གཏད་ནས་ཀུན་ཏུ་མ་འཁྱུད་པ་ལ་བདག་རྗེས་སུ་འགྱོད་དོ། །གཉིས་པ་རྐང་པ་དང་གསུམ་བཟླས་ཤིང་གཉིས་བཞི་གང་བདེར་བྱས་པ་ནི། ལྷ་རྣམས་འདུན་པ་སྟོབས་མེད་རྣམ་པར་བརྒྱན་པ་རུ། །ཁྱོད་ཀྱི་ཡོན་ཏན་པད་རྩ་དྲི་མ་མེད་པས་འཛེགས། །དེ་ནི་ཕྱི་ནས་གྲོང་བཟང་རྣམས་ཀྱི་ཕུན་སུམ་ཚོགས། །བརྒྱན་པའི་བུད་མེད་དག་དང་རྣམ་པར་བརྩེ་ཞིང་སྤྱོད། །ཅེས་པ་སྟེ། ལྷ་རྣམས་ཀྱི་འདུན་ས་ལྷ་མ་ཡིན་རྣམས་སྟོབས་མེད་པར་བྱས་ནས་རང་ཕྱོགས་རྒྱལ་བར་བྱེད་པའི་བརྒྱ་བྱིན་འཁོར་ཚོགས་མཐའ་ཡས་པ་དང་བཅས་པས་རྣམ་པར་བརྒྱན་པའི་ལྷའི་གནས་ཕུན་སུམ་ཚོགས་པ་རུ། རྒྱལ་པོ་ཁྱོད་ཀྱི་ཡོན་ཏན་གྱི་གྲགས་པ་པད་རྩ་དྲི་མ་ལྟར་དཀར་བས་སྟེང་དུ་འཛེགས་ཏེ་ཕྱིན་ལ། དེ་ནི་ཕྱི་ནས་མིའི་གྲོང་ཁྱེར་བཟང་པོ་རྣམས་ཀྱི་ནང་ན་ཕུན་སུམ་ཚོགས་པའི་རྒྱན་གྱིས་བརྒྱན་པའི་བུད་མེད་དག་དང་རྣམ་པར་བརྩེ་ཞིང་སྤྱོད་དོ། །གསུམ་པ་རྐང་པ་དང་མཐའ་བཟླས་ཤིང་བར་པ་གཉིས་གང་བདེར་བྱས་པ་ནི། སྙན་པར་སྨྲ་དང་ལུས་སྐེད་དུད་དང་ནུ་གཉིས་མས། །ཁྱོད་ལས་གཞན་པ་སུ་ཞིག་མ་བཅོམ་དེ་ཡི་ཕྱིར། །འབྱུང་པོ་ལུས་ལྡན་སྐྱོན་ལས་གྲོལ་བ་ཁྱོད་ལ་སོགས། །འགྲང་བ་ལ་ནི་མིང་མེད་ཉེ་བར་འགྲོ་མ་ཡིན། །ཞེས་པ་སྟེ། སྐད་སྙན་པར་སྨྲ་བ་དང་། ལུས་སྐེད་དུད་པ་དང་། ནུ་མ་གཉིས་དང་ལྡན་པའི་མཛེས་མ་འདིས་ནི། ཁྱོད་ལས་གཞན་པའི་སྐྱེས་བུ་སུ་ཞིག་མ་བཅོམ་པ་མིན་པ་སྟེ་བཅོམ་ནས་མྱོས་པར་བྱས་པ་དེའི་ཕྱིར་འབྱུང་པོ་སྟེ་སྐྱེས་བུའི་ལུས་དང་ལྡན་པའི་ནང་དུ་སྐྱོན་ལས་གྲོལ་བ་ཁྱོད་ལ་སོགས་པ་བགྲང་བ་ལ་ནི་མིང་མེད་ཅིང་། ཉེ་བར་འགྲོ་བའང་མ་ཡིན་ནོ། །བཞི་པ་རྐང་པ་བར་མ་གཉིས་བཟླས་ཤིང་དང་མཐའ་གང་བདེར་བྱས་པ་ནི། ཁྱོད་ཀྱི་དམག་དཔུང་ཁྱབ་འཇུག་ལྟ་བུ་གོ་དགོས་པ། །མཚོན་རྣོན་ལྡན་པ་དཔའ་བོ་དག་གིས་ཕྱོགས་རྣམས་སུ། །གྲགས་པ་དང་ནི་རྡུལ་དག་རྒྱས་བྱེད་གཡུལ་གྱི་ནི། །དགྲ་རིགས་ལུས་བྲལ་གཟི་མེད་རྒྱགས་པ་ཉམས་པར་བྱེད། །ཅེས་པ་སྟེ། རྒྱལ་པོ་ཁྱོད་ཀྱི་དམག་དཔུང་ཁྱབ་འཇུག་ལྟ་བུ།
བཙན་པས་གོ་བགོས་པ། མཚོན་རྣོན་པོ་དང་ལྡན་པ་དཔའ་བོའི་དཔུང་ཚོགས་དག་གིས་ཕྱོགས་རྣམས་སུ་རྣམ་པར་རྒྱལ་བའི་གྲགས་པ་དང་། རྟ་རྡུལ་དག་རྒྱས་པར་བྱེད་ལ། གཡུལ་གྱི་དགྲ་རིགས་རྣམས་ལུས་སྲོག་བྲལ་བས་གཟི་བྱིན་མེད་ཅིང་། རྒྱགས་པ་ཉམས་པར་བྱེད་དོ། །ལྔ་པ་གཉིས་པ་བཞི་པ་བཟླས་ཤིང་དང་གསུམ་གང་བདེར་བྱས་པ་ནི། དྲན་ལྡན་བདག་ལས་ཕན་པའི་ཚིག་གཅིག་མཉན་པར་མཛོད། །ཁྱོད་ཀྱི་ལག་པ་དཔལ་དང་ལྷན་ཅིག་ལག་འགྲོ་ཡིས། །ས་ཡི་དཀྱིལ་འཁོར་རྣམས་འཛིན་དེ་ཕྱིར་ས་གཞི་འཛིན། །རང་ལག་རིག་ནས་རྒྱགས་པར་ཡོང་མ་བྱེད། །ཅེས་པ་སྟེ། དྲན་ལྡན་ཞེས་བོས་ནས། བདག་ལས་ཕན་པའི་ཚིག་གཅིག་མཉན་པར་མཛོད་ཅིག །ཇི་སྐད་སྨྲ་ཞེ་ན། ཁྱོད་ཀྱི་ལག་པ་དཔལ་དང་ལྡན་པ་དང་ལྷན་ཅིག་ལག་འགྲོས་ས་གཞིའི་དཀྱིལ་འཁོར་འདི་ཉིད་རྣམ་པར་འཛིན་ལ། དེ་ཕྱིར་ས་གཞི་འཛིན་པ་རང་ཉིད་ཀྱི་ལག་པར་རིག་ནས་རྒྱགས་པའི་ང་རྒྱལ་རྒྱས་པར་ཡོང་མ་བྱེད་ཅིག་པའོ། །དྲུག་པ་རྐང་པ་ཕྱི་མ་གཉིས་བཟླས་ཤིང་སྔ་མ་གཉིས་གང་བདེར་བྱས་པ་ནི། འདོད་པའི་མེ་གང་ཁེངས་པས་རབ་བསྒྲུབས་པ། །སྐད་ཅིག་དང་མཉམ་རྒྱས་ཏེ་པདྨའི་མིག །རོ་མེད་ཁྱོད་ཀྱི་བདེ་བ་དེ་དག་ནི། །ཀུན་ནས་ཉམས་པ་ཉིད་དུ་ཅིས་མི་བྱེད། །ཅེས་པ་སྟེ། འདོད་པའི་མེ་གང་མཛའ་བོར་མི་འདོད་པའི་ཁེངས་པས་རབ་ཏུ་བསྒྲུབས་པ་ཉིད་སྐད་ཅིག་རེ་དང་མཉམ་དུ་ཆེས་ཆེར་རྒྱས་ཏེ་པདྨའི་མིག་ཅན་མ་རོ་འདོད་མེད་པ་ཁྱོད་ཀྱི་བདེ་བ་དེ་དག་ནི་ཀུན་ནས་ཉམས་པ་ཉིད་དུ་ཅིས་མི་བྱེད་དོ། །བདུན་པ་སྔ་མ་གསུམ་བཟླས་ཤིང་བཞི་པ་གང་བདེར་བྱས་པ་ནི། མ་དུད་ཁྱོད་ནི་འཇིག་རྟེན་དག་གྱུར་ཚེ། །མཐུ་ཡིས་མཐུ་ལྡན་རིན་ཆེན་མང་གིས་བཏུད། །དེ་ཕྱིར་གསར་པའི་བཏུང་ལྡན་མཆོད་སྦྱིན་ནི། །ངེས་པ་ཉིད་དུ་ཆད་པར་མ་གྱུར་ཏོ། །ཞེས་པ་སྟེ། སུ་ལ་ཡང་མ་དུད་པ་ཁྱོད་ནི། འཇིག་རྟེན་གྱི་བདག་པོར་གྱུར་པའི་ཚེ། བསོད་ནམས་ཀྱི་མཐུ་ཡིས་མཐུ་དང་ལྡན་པ། རིན་ཆེན་མང་སྟེ་བརྒྱ་བྱིན་གྱིས་ཀྱང་བཏུད་པ་དེའི་ཕྱིར། སྔོན་མེད་ལྷའི་བདུད་རྩི་གསར་པའི་བཏུང་བ་དང་ལྡན་པའི་མཆོད་སྦྱིན་ནི་ངེས་པ་ཉིད་དུ་ཆད་པར་མ་གྱུར་ཏོ། །བརྒྱད་པ་དང་པོ་དང་ཕྱི་མ་གཉིས་བཟླས་ཤིང་གཉིས་
པ་གང་བདེར་བྱས་པ་ནི། དཔུང་གི་གླང་པོ་རྣམས་ནི་གཞན་དང་གཞན། །སྟོབས་ལྡན་སྒྲ་སྒྲོག་རབ་ཏུ་བརྒྱུད་པ་ཡི། །ཐང་ལ་རྡུལ་བསྒྲུབས་ནམ་མཁའ་འགོག་བྱེད་ཅིང་། །གཡུལ་གྱི་སྟོབས་ལྡན་མཆོག་ཏུ་གཞན་ལ་རྒྱུག །ཅེས་པ་སྟེ། རྒྱལ་པོ་ཁྱོད་ཀྱི་དཔུང་གི་གླང་པོ་རྣམས་ནི་གཞན་དང་གཞན་མང་པོའི་སྟོབས་དང་ལྡན་ཞིང་འཇིགས་པའི་སྒྲ་སྒྲོག་པར་བྱེད་ལ། དགྲ་ཕྱོགས་སུ་རབ་ཏུ་བརྒྱུད་དེ་བགྲོད་པ་ཡིས་ཐང་ལ་རྡུལ་ཚུབ་བསྒྲུབས་པས་ནམ་མཁའ་འགོག་པར་བྱེད་ཅིང་། གཡུལ་གྱི་སྟོབས་དང་ལྡན་པས་མཆོག་ཏུ་དགྲ་ཕྱོགས་ཀྱི་གླང་པོ་རྣམས་གཞོམ་ཕྱིར་ཕྱོགས་གཞན་ལ་རྒྱུག་གོ །དགུ་པ་ཕྱི་མ་གསུམ་བཟླས་ཤིང་དང་པོ་གང་བདེ་བྱས་པ་ནི། ཁྱོད་ལྟ་མཉམ་པར་མ་གཞག་སྲིད་པར་ནི། །རྣམ་གཉིས་མི་མཉམ་ཕན་པ་མེད་རྣམས་ཚིག །ལོག་པར་གྱུར་པ་སྒྲུབ་བྱེད་མི་མཉམ་པ། །སྦྲུལ་བགྲོད་མཚུངས་ལ་མི་དད་ངོ་ཚ་མེད། །ཅེས་པ་སྟེ། ཀྱེ་ངོ་ཚ་མེད་པ་ཁྱོད་ལྟ་བུ་མཉམ་པར་མ་གཞག་པའི་སེམས་ལྡན། སྲིད་པར་ཆགས་སྡང་རྣམ་གཉིས་མི་མཉམ་པ་ཀུན་ལ་ཕན་པ་མེད་པའི་ཚིག་རྣམས་ལོག་པར་གྱུར་པ། སྒྲུབ་བྱེད་མི་ཉམས་པ་ངག་དང་རྣམ་པ་གཞན་དུ་བྱེད་པ་སྦྲུལ་གྱི་བགྲོད་པ་དང་མཚུངས་པ་ཁྱོད་ལ་བདག་མི་དད་དོ། །བཅུ་པ་རྐང་པ་བཞི་ཀ་བཟླས་པ་ནི། དགྲ་ཡི་མཛེས་ཉམས་རྒྱལ་པོའི་སྡེ་ཡིས་བཏུད། །སྐྱེ་མཆོག་ཨུ་མས་ཕན་རྗེ་དཔལ་མེད་མིན། །གོ་བགོས་ཨུ་མས་བཏུད་པ་ཟླ་འདྲ་སྟེ། །མཆོད་ཐོབ་དམ་པ་རྡུལ་མེད་མི་མཛེས་མིན། །ཞེས་པ་སྟེ། དགྲའི་ཚོགས་ཀྱི་མཛེས་པ་ཉམས་པ་རྒྱལ་པོའི་སྡེ་ཡིས་བཏུད་པའི་སྐྱེས་བུ་མཆོག་སྟེ་ཨུ་མས་ཕན་པར་བྱེད་པ་ལྷ་རྣམས་ཀྱི་རྗེ་བོ་དབང་ཕྱུག་གི་དཔལ་མེད་པ་མིན་པ་སྟེ་དབང་ཕྱུག་གི་དཔལ་དང་ལྡན་པ། སྙིང་སྟོབས་ཀྱི་གོ་ཆ་བགོས་ཤིང་། ཨུ་མས་བཏུད་པ་གཙུག་ན་ཟླ་བ་འདྲ་སྟེ། ཀུན་གྱིས་མཆོད་པ་ཐོབ་པའི་དམ་པ་ཁྱོད་ཉེས་པའི་རྡུལ་མེད་མི་མཛེས་པ་མིན་ནོ། །གཉིས་པ་དོན་བསྡུ་བ་ནི། དེ་ལྟར་རྐང་པ་ལན་གཅིག་དང་། །གཉིས་དང་གསུམ་ཡང་བཟླས་པ་བསྟན། །ཞེས་པ་སྟེ། གོ་སླའོ། །གཉིས་པ་ཚིགས་བཅད་བཟླས་པ་ལ། མཚན་ཉིད་དང་། དཔེར་བརྗོད་དོ། །དང་པོ་ནི།
ཚིགས་བཅད་གཉིས་དང་ལྡན་པའི་དོན། །ཚིགས་བཅད་བཟླས་པ་ཡིན་དེ་དཔེར། །ཞེས་པ་སྟེ། ཚིགས་བཅད་གཉིས་དང་ལྡན་པའི་ཚིགས་བཅད་ཕྱི་མ་ལ་སྔ་མ་ཉིད་བཟླས་ཏེ་བརྗོད་པས་ཚིགས་བཅད་སྔ་མ་ལས་དོན་ཐ་དད་སྟོན་པ་དེ་ནི་ཚིགས་བཅད་བཟླས་པ་ཞེས་བྱ་བའི་ཟུང་ལྡན་ཡིན་ཏེ། དཔེར་ན། ཞེས་སོ། །གཉིས་པ་ནི། ཟླུམ་ཞིང་རྒྱས་པའི་ལག་པ་ཅན། །གྲོགས་མིན་རབ་ཏུ་འཇོམས་བྱེད་པ། །རྣམ་འདྲེན་ཁྱོད་ཀྱིས་བསྟེན་པ་ཡི། །མི་མཚུངས་པ་འདི་འཇིགས་པ་མེད། །འདྲེན་པ་དག་དང་བྲལ་གྱུར་ཅིང་། །ལག་པ་སྲེག་ཁང་ཉེ་གྱུར་པ། །རང་གྲོགས་ཀྱིས་བཏང་དགྲ་ཡིས་ནི། །མཚུངས་མེད་ས་འདི་མངོན་པར་བསྟེེན། །ཞེས་པ་སྟེ། མི་བདག་ཁྱོད་ཀྱི་ཟླུམ་ཞིང་རྒྱས་པའི་ལག་པ་སྟོབས་དང་ལྡན་པ་ཅན་གྱིས་རང་གི་གྲོགས་མིན་དགྲ་བོ་རྣམས་རབ་ཏུ་འཇོམས་པར་བྱེད་པ་རྣམ་འདྲེན་རྒྱལ་པོ་ཁྱེད་ཀྱིས་བསྟེན་པའི་ས་གཞན་དང་མི་མཚུངས་པ་འདིར་ཕ་རོལ་པོས་རྒོལ་མི་ནུས་པ་ལ་སོགས་པའི་རྒྱུ་མཚན་གྱིས་འཇིགས་པ་མེད་ལ། ཁྱོད་ཀྱི་དགྲ་སྡེ་རྣམས་ནི་རང་གི་འདྲེན་པ་དག་དང་བྲལ་བར་གྱུར་ཅིང་ལག་པ་སྲེག་ཁང་དང་སྲེག་རྫས་སློང་བ་ཉེ་བར་གྱུར་པ་རང་གྲོགས་ཀྱིས་བཏང་བའི་དགྲ་ཚོགས་རྣམས་ཀྱིས་ཀྱང་མཚུངས་མེད་འགྲན་ཟླ་མེད་པའི་ས་འདི་མངོན་པར་བསྟེན་ཏོ་ཞེས་པའི་རྒྱ་དཔེར་ཚིགས་བཅད་གཅིག་ལན་གཉིས་བཟླས་ཏེ་ཡོད་དོ། །གསུམ་པ་ཟུང་ལྡན་ཆེན་པོ་ལ། མཚན་ཉིད། དོགས་གཅོད། དཔེར་བརྗོད་དོ། །དང་པོ་ནི། རྐང་བཞི་རྣམ་པ་གཅིག་པ་གང་། །ཟུང་ལྡན་ཆེན་པོར་བརྗོད་པ་ཡིན། །ཞེས་པ་སྟེ། རྐང་པ་བཞིའི་ཡི་གེའི་གཟུགས་ཀྱི་རྣམ་པ་གཅིག་པ་གང་ཡིན་པ་དེ་ནི་ཟུང་ལྡན་ཆེན་པོ་ཞེས་བྱ་བར་བརྗོད་པ་ཡིན་ནོ། །གཉིས་པ་ནི། དེ་ལའང་བཟླས་པ་མཐོང་སྟེ་དེ། །ཟུང་ལྡན་བྱ་བ་གཞན་ཡིན་ནོ། །ཞེས་པ་སྟེ། དེ་ལའང་ཟུང་ལྡན་ཆེན་པོ་འདི་ཉིད་སྔར་གྱི་རྐང་པ་བཞི་ཀ་བཟླས་པ་དང་འདྲ་བར་མཐོང་སྟེ་དེ་གཉིས་ལ་ཁྱད་ཅི་ཡོད་ཅེ་ན། རྐང་པ་བཞི་ཀ་བཟླས་པ་ནི། རྐང་པ་དང་པོ་ལ་ཇི་ལྟར་ཡོད་པ་དེ་ཉིད་ཕྱི་མ་གསུམ་ལའང་བཟླས་ཏེ་བརྗོད་པ་ཡིན་ལ། འདི་ནི་རྐང་པ་རེ་རེ་ལའང་བར་མ་ཆོད་ཀྱི་ཟུང་ལྡན་གཉིས་ལ་སོགས་པ་ཡོད་པས་ཟུང་
ལྡན་གྱི་བྱ་བ་གཞན་ཡིན་ནོ། །གསུམ་པ་ནི། མཉམ་མེད་དཔལ་ལྡན་མཚུངས་མེད་མ། །ཁེངས་ལྡན་ངལ་བ་དག་དང་ནི། །ཁེངས་པ་མཉམ་ལྡན་ཚུལ་མིན་དག །དོར་བའི་ཚད་འདིས་གྲོགས་སུ་ཆུག །ཅེས་པ་སྟེ། མཛེས་པ་མཉམ་པ་མེད་པའི་དཔལ་ལྡན་མཚུངས་པ་མེད་པའི་ལང་ཚོ་ཅན་མ་ཁེངས་ལྡན་ཁྱོད་འདོད་གདུངས་ཀྱིས་ངལ་བ་དག་དང་ཁེངས་པ་མཉམ་དུ་ལྡན་ཏེ། ཁྱོད་ཚུལ་མིན་དག་དོར་བའི་སྤྱོད་པ་ཚད་ལྡན་འདིས་འཛའ་བོ་གྲོགས་སུ་ཆུག་ཅིག་ཅེས་པའི་རྒྱ་དཔེར། ས་མཱ་ན་ཡཱ་ཞེས་པ་ཉིད་རྐང་པ་རེར་ལན་གཉིས་གཉིས་བཟླས་ཏེ་ཡོད་དོ། །ལྔ་པ་འདྲེས་པའི་ཟུང་ལྡན་ནི། འཛིན་མ་འཛིན་མའི་རྣམ་འཛིན་འཛིན་མ་སྤྱོད་རྣམས་ཀྱི། །ལག་པ་རྣམ་གནོན་མི་དམན་འཕྲལ་ལ་དགྲ་འཇོམས་པ། །མྱུར་བ་དང་ལྡན་མཆོད་པའི་ཁུར་ནི་བརྟན་པ་ཡིས། །ས་གཞི་དག་ནི་རིམ་པས་བསྲུང་བར་བཟོད་པ་ཡིན། །ཞེས་པ་སྟེ། འཛིན་མ་ས་གཞི་སྟེ། དེ་འཛིན་མ་ཀླུའི་རྒྱལ་པོ་ལྷག་མ་ཅན་དེའི་རྣམ་པ་འཛིན་པ་མི་བདག་ཁྱོད་ནི་འཛིན་མ་ནོར་འཛིན་གྱི་ཁྱོན་འདི་ལ་སྤྱོད་ཅིང་ཁྱོད་ཀྱི་སྡེ་དཔུང་རྣམས་ཀྱི་ལག་པ་ཕ་རོལ་རྣམ་པར་གནོན་པའི་སྟོབས་མི་དམན་པས་འཕྲལ་ལ་དགྲ་བོ་རྣམས་འཇོམས་པར་བྱེད་པ་ལ་མི་ཐོགས་པས་མྱུར་བ་དང་ལྡན་ཞིང་ཁྱོད་ལ་མཆོད་པའི་ཁུར་ནི་བརྟན་པ་ཡིས་ས་གཞི་མཐའ་དག་རིམ་པས་བསྲུང་བར་བཟོས་པ་ཡིན་ནོ་ཞེས་པའི་རྐང་པ་དང་པོའི་ཐོག་བར་ན། དྷ་རཱ་དྷ་རཱ། ཞེས་ཆོད་ཅིང་མ་ཆོད་པ་དང་། དང་པོ་དང་གཉིས་པའི་མཐར་ཐོག་ན། བྷུ་ཛཱཾ་ཞེས་མཐའ་ཐོག་སྦྱར་བའི་ཟུང་ལྡན་དང་། གཉིས་པའི་བར་གྱི་བསྟོད་སྨད་ན། མ་ཧཱི། ཞེས་ཆོད་པའི་ཟུང་ལྡན་ལ་སོགས་པ་བསྲེས་པའི་ཟུང་ལྡན་མང་དུ་ཡོད་དོ། །དྲུག་པ་ལྡོག་པའི་ཟུང་ལྡན་ལ། མཚན་ཉིད་དང་དཔེར་བརྗོད་དོ། །དང་པོ་ནི། རྐང་ཕྱེད་ཚིགས་བཅད་སྤྱོད་ཡུལ་ཅན། །ལུགས་ལས་བཟློག་པས་བསྐོར་བ་ནི། །ཟུང་ལྡན་ལུགས་ལས་བཟློག་པའི་ཕྱིར། །ལུགས་ལས་བཟློག་པ་ཞེས་པར་བཤད། །ཅེས་པ་སྟེ། རྐང་པ་བཟློག་པ་དང་། ཚིགས་བཅད་ཕྱེད་བཟློག་དང་། ཚིགས་བཅད་རང་སོ་བཟློག་པའི་སྤྱོད་ཡུལ་ཅན་ཏེ། ལུགས་ལས་བཟློག་པའི་ཚུལ་གྱིས་བསྐོར་བ་ནི་ཟུང་ལྡན་ཡིན་པ་གང་ཞིག
ཡི་གེ་ལུགས་ལས་བཟློག་སྟེ་བཀོད་པའི་ཕྱིར་ལུགས་ལས་བཟློག་པའི་ཟུང་ལྡན་ཞེས་པར་བཤད་དོ། །གཉིས་པ་ལ། དང་པོ་རྐང་པ་ལྡོག་པ་ནི། །གང་ལ་འབད་བྱས་ཕྲ་མོ་ཉིད། །དེ་ནི་བདག་གིས་ཐོབ་མཛའ་བོ། །རེ་འདོད་མེད་པས་བྱེད་མེད་ལྷ། །བསྟོད་ནས་འོངས་ཁྱོད་འགྲོ་གྱུར་ཅིག །ཅེས་པ་སྟེ། འཛའ་བོ་གང་ལ་ཐོབ་འདོད་ཀྱི་འབད་པ་དྲག་པོ་བྱས་པས་ལུས་ཕྲ་མོ་ཉིད་དུ་གྱུར་པ་དེ་ནི་བདག་གི་ཐོབ་མོད་ད་ནི་འཛའ་བོ་ཁྱོད་རེ་བ་བཞིན་མི་བྱེད་པ་ལ་བདག་ཀྱང་འདོད་པ་མེད་པས་བྱེད་མེད་ཀྱི་ལྷ་བེམ་པོའི་རང་བཞིན་ཅན་བསྟོད་ནས་ཡུན་རིང་ཞིག་ལོན་ནས་འོངས་པ་ཁྱོད་ད་གང་དགར་འགྲོ་བར་གྱུར་ཅིག་ཅེས་པའི་རྐང་པ་དང་པོ་དང་གསུམ་པ་ལ་ཇི་ལྟར་ཡོད་པ་དེ་གཉིས་པ་དང་བཞི་པར་མགོ་མཇུག་ལྡོག་སྟེ་ཡོད་པ་ལྟ་བུའོ། །གཉིས་པ་ཚིགས་བཅད་ཕྱེད་ལྡོག་ནི། ནཱ་ད་ལྡན་བདག་རང་གི་བློ། །མྱོས་མིན་འདོད་པ་འགའ་ཡང་མེད། །དུལ་བ་འཇོམས་པའི་འདོད་པ་ཡི། །རང་དབང་གདུང་བ་དག་ཀྱང་མེད། །ཅེས་པ་སྟེ། ནཱ་ད་སྟེ་དེ་ཉིད་རྟོགས་པ་དང་༼ལྡན་༽པ་བདག་རང་གི་བློ་འདོད་པས་མྱོས་པ་མིན་པས་འདོད་པ་དོན་གཉེར་གྱི་བློ་འགའ་ཡང་མེད་ལ། དེའི་ཕྱིར་དུལ་བ་འཇོམས་པའི་མེ་ཏོག་འདའ་ཅན་འདོད་པའི་ལྷ་ཡིས་རང་དབང་དུ་བྱས་པའི་གདུང་བ་དག་ཀྱང་མེད་དོ་ཞེས་པའི་རྐང་པ་སྔ་མ་གཉིས་ལ་ཇི་ལྟར་ཡོད་པ་དེ་ཕྱི་མ་གཉིས་ལ་མགོ་མཇུག་ལྡོག་སྟེ་ཡོད་པ་ལྟ་བུའོ། །གསུམ་པ་ཚིགས་བཅད་རང་སོ་ལྡོག་པ་ནི། ཡིད་འགྲོ་བདུད་སྐྱོང་ལྕགས་མི་དམན། །གང་ཞིག་དབང་གྱུར་སྐྱེ་བོ་འཇོམས། །གང་ལ་བདག་སོང་སྐྱེ་བོ་བརྒྱའི། །དབང་གྱུར་དེ་ལ་བྱོན་ཞེས་སྨྲས། །སྟོན་འདི་ཡིས་ནི་གཟིར་གྱུར་ཅིང་། །བརྟན་མི་ཤེས་པ་དེ་ཡི་ནི། །ཉིན་མོའི་ནད་དག་མ་ཐོབ་མིན། །མྱ་ངན་བྲལ་སླད་ཁེངས་མ་བྱེད། །ཅེས་པ་སྟེ། ཀུན་གྱི་ཡིད་ལ་འགྲོ་ཞིང་བདུད་འདོད་ལྷས་སྐྱོང་བ་གཞན་ཡིད་བསྐུལ་བའི་ལྕག་མི་དམན་པ། གང་ཞིག་གཞན་གྱི་དབང་དུ་གྱུར་པའི་སྐྱེ་བོའམ་ཆགས་བྲལ་དྲང་སྲོང་རྣམས་ཀྱི་ཡང་དུལ་བ་འཇོམས་པ་གང་ལ་བདག་ཡིད་སོང་བས་སྐྱེ་བོ་བརྒྱའི་དབང་དུ་གྱུར་མ་དེ་ལ་བདག་གིས་བྱོན་ཞེས་སྨྲས་སོ་ཞེས་པ་ཚིགས་བཅད་སྔ་མའི་དོན་དང་། ཕྱི་མའི་དོན་ནི། སྟོན་དུས་
ཀྱི་ཉི་མའི་འོད་ཟེར་གསལ་བ་འདིས་ནི་གཟིར་བར་གྱུར་ཅིང་བརྟན་པ་གནས་སྐབས་མི་ཤེས་པ་དེ་ཡིས་ཉིན་མོའི་ནད་རྩུབ་མོ་དག་མ་ཐོབ་པ་མིན་ཏེ་ཐོབ་པས་མྱ་ངན་དེ་དང་བྲལ་བའི་སླད་དུ་མཛའ་བོ་ཁྱོད་ཁེངས་པར་མ་བྱེད་ཅིག་ཅེས་པའི་ཚིགས་བཅད་སྔ་མ་ལ་ཇི་ལྟར་ཡོད་པ་དེ་ཉིད་ཕྱི་མ་ལ་མགོ་འཇུག་ལྡོག་སྟེ་ཡོད་པ་ལྟ་བུའོ། །གཉིས་པ་བྱ་དཀའི་ཁྱད་པར་གཞན་བཤད་པ་ལ་གཉིས། བ་ལང་གཅིན་དང་། འཁོར་བའི་བྱ་དཀའོ། །དང་པོ་ལ། མཚན་ཉིད་དང་། དཔེར་བརྗོད་དོ། །དང་པོ་ནི། གལ་ཏེ་ཕྱེད་ཀྱི་ཡི་གེ་རྣམས། །གཅིག་གི་བར་ཆོད་གཟུགས་གཅིག་ཉིད། །དེ་ནི་བྱ་དཀའ་དེ་ཉིད་རིག །བ་ལང་གཅིན་ཞེས་སྨྲས་ཏེ་དཔེར། །ཞེས་པ་སྟེ། གལ་ཏེ་ཚིགས་བཅད་ཕྱེད་སྔ་མ་སྟེང་དང་ཕྱེད་ཕྱི་མ་འོག་ཏུ་བྲིས་པ་ལས། སྟེང་འོག་གི་ཡི་གེ་རྣམས་ཡི་གེ་འབྲུ་གཅིག་རེས་བར་ཆོད་པའི་ཡིག་འབྲུ་རེ་རེ་སྟེང་འོག་གཟུགས་གཅིག་པ་ཉིད་དུ་འབྱུང་བ་དེ་ནི་བྱ་དཀའི་དེ་ཉིད་རིག་པ་རྣམས་ཀྱིས་བ་ལང་གཅིན་ཞེས་སྨྲས་ཏེ། དཔེར་ན། ཞེས་སོ། །གཉིས་པ་ནི། ཆང་འདྲའི་མིག་ལྡན་ཟུར་མིག་གི། མཚོན་གྱིས་འདོད་པ་འདི་རྒྱལ་ཏེ། །གལ་ཏེ་བདག་ཀྱང་སྡིག་ཟད་ན། །འདོད་པ་ལ་ནི་ཐལ་མོ་སྦྱོར། །ཞེས་པ་སྟེ། ཆང་གི་མྱོས་འདྲའི་ཟིམ་བུའི་མིག་ལྡན་ཟུར་མིག་གི་མཚོན་གྱིས་འདོད་པའི་ལྷ་འདི་འགྲོ་བ་ཀུན་ལས་རྒྱལ་བར་གྱུར་ཏེ། གལ་ཏེ་བདག་ཀྱང་རང་ལ་མཛའ་མོ་མི་འདུད་པར་ཁེངས་པའི་སྡིག་པ་ཟད་པར་གྱུར་ན། འདོད་པའི་ལྷ་ཁྱོད་ལ་ཐལ་མོ་སྦྱོར་རོ་ཞེས་པའི་རྒྱ་དཔེར་རེའུ་མིག་ཏུ་བཀོད་པ་འདི་ཉིད་ཀྱིས་མཚོན་ནོ། །མདནོམདིརཱཀྵཱིཎཱམདེནོམདིཏཀྵཱིཎཱམབྷངྒཱསྟྲོཛཡེདཡཾམནངྒཱཡཱཉྫལིཾདདྷེ
གཉིས་པ་ལ། མཚན་ཉིད་དང་། དཔེར་བརྗོད་དོ། །དང་པོ་ནི། གལ་ཏེ་ཚིགས་བཅད་ཕྱེད་འཁོར་ན། །ཕྱེད་དུ་འཁོར་བ་ཞེས་པར་བརྗོད། །གལ་ཏེ་ཀུན་ཏུ་འཁོར་བ་ན། །ཀུན་ ཏུ་བཟང ་པོ་ཞེས་པར་འདོད། །ཅེས་པ་སྟེ། གལ་ཏེ་ཚིགས་བཅད་རེར་ཚིག་རྐང་བཞི་ཡོད་པའི་རྐང་པ་བཞི་པོ་བརྩེགས་མར་བྲིས་པ་ལས། རྐང་པ་བཞི་པོ་རེ་རེའི་ཕྱེད་སྔ་མ་མགོ་ནས་མར་དཀྱུས་དང་སྟེང་ནས་འོག་ཏུ་འཁོར་ཞིང་། དེའི་འཕྲོ་ནས་བརྩམས་ཏེ་ཕྱེད་ཕྱི་མ་མགོ་ནས་མར་ཇི་ལྟར་ཡོད་པ་དེ་རྐང་པའི་མཇུག་ནས་ཡིག་མགོ་ཕྱོགས་སུ་འོག་ནས་སྟེང་དུ་འཁོར་ན་ཕྱེད་དུ་འཁོར་བ་ཞེས་པར་བརྗོད་ཅིང་། གལ་ཏེ་ཚིག་རྐང་བཞི་པོ་འབྲི་ཚུལ་སྔར་ལྟར་ལ་རྐང་པའི་ཕྱེད་སྔ་མའི་ཕྱེད་འཁོར་དང་འདྲ་བ་ལས་ཕྱེད་ཕྱི་མ་རྐང་པའི་ཕྱེད་སྔ་མ་ཉིད་མགོ་མཇུག་ལྡོག་སྟེ་བཀོད་པས་ཀུན་ཏུ་འཁོར་བ་ན། ཀུན་ ཏུ་བཟང ་པོ་ཞེས་བྱ་བར་འདོད་དོ། །གཉིས་པ་ལ་གཉིས། ཕྱེད་འཁོར་དང་། ཀུན་འཁོར་རོ། །དང་པོ་ནི། མ་དུད་ཡིད་འབྱུང་ཁྱོད་དར་ཕྱིར། །སྡེ་ནི་ཁེངས་ལྡན་མ་ཡིན་མིན། །ཡང་ན་འཇིགས་ལས་དཔག་མེད་ན། །བདག་ཅག་སྡིག་པའི་རང་བཞིན་ནོ། །ཞེས་པ་སྟེ། སུ་ལ་ཡང་མ་དུད་པའི་ཡིད་འབྱུང་འདོད་ལྷ་ཁྱོད་འཇིག་རྟེན་གསུམ་ལས་རྒྱལ་བའི་དཔལ་དར་ཞིང་རྒྱས་ཕྱིར། སྡེ་དཔུང་ནི་ཁེངས་ལྡན་མ་འདི་མ་ཡིན་པ་མིན་པ་སྟེ་ཡིན་ལ། ཡང་ན་དཔུང་ནི་འཇིགས་པར་བྱེད་པ་ཡིན་པས་ན་འདི་ཡང་འདོད་གདུངས་ཀྱིས་གདུང་བའི་རྒྱུར་གྱུར་པས་འཇིགས་སུ་རུང་ཞིང་། རྒྱུ་དེ་ལས་འབྲས་བུ་དཔག་ཏུ་མེད་པའི་ཆགས་སྲེད་འཕེལ་བས་ན་སྲེད་ལྡན་བདག་ཅག་རྣམས་ནི་སྡིག་པའི་རང་བཞིན་ཏེ་ཉོན་མོངས་ཅན་ཡིན་ནོ་ཞེས་པའི་རྒྱ་དཔེ་འཁོར་ལོར་བཀོད་པ་བཞིན་ནོ། །མ་ནོབྷབཏབཱནཱིཀཾནོདཡཱཡ་ན་མཱ་ཱནི་ནཱི་བྷཡཱདམེཡཱམཱམཱབཱབ་ཡམེནོམཡཱན་ཏ
གཉིས་པ་ནི། ཟླ་དང་ནད་རིང་ཅི་མིན་གང་། །དགའ་མ་བདུད་ཀྱི་རྒྱར་མ་ལྷུང་། །བསྒྲོད་བཟློག་སྒྲ་མེད་དཔལ་མེད་མ། །སྟོབས་ལྡན་སྒྱུ་གནས་འཆི་སླད་དུའོ། །ཞེས་པ་སྟེ། ཟླ་བ་ཤར་བ་དང་ལྷན་ཅིག་འདོད་ལྡན་བདག་འདོད་པའི་ནད་དྲག་ཅིང་ཡུན་རིང་བས་གདུང་བ་ཅིས་མིན་པ་སྟེ་ཡིན་ན། གང་ཞིག་བདག་གི་དགའ་མ་འདི་ནི་བདུད་འདོད་ལྷ་དག་གི་རྒྱར་མ་ལྷུང་བ་ཞིག་སྟེ། བསྒྲོད་པ་འཁྲིག་པའི་བྱ་བ་ལས་བཟློག་ཅིང་། དེའི་གཏམ་གྱི་སྒྲ་ཡང་མེད་ལ། བརྩེ་དགའི་དཔལ་མེད་པའི་དགའ་མ་ཁེངས་པ་སྟོབས་ལྡན་གཡོ་སྒྱུ་ལ་གནས་པའི་བདག་ཉིད་ཅན་འདི་ནི་བདག་འཆི་བའི་སླད་དུ་འོངས་སོ་ཞེས་པའི་རྒྱ་དཔེ་འཁོར་ལོར་བཀོད་པ་ལྟར་རོ། །སཱ་མཱ་ཡཱ་མཱ་མཱ་ཡཱ་མཱ་སཱ་མཱ་རཱ་ནཱ་ཡཱ་ཡཱ་ནཱ་རཱ་མཱ་ཡཱ་ནཱ་བཱ་རཱ་རཱ་བཱ་ནཱ་ཡཱ་མཱ་ཡཱ་རཱ་མཱ་མཱ་རཱ་ཡཱ་མཱ་ གསུམ་པ་དབྱངས་སོགས་ངེས་པའི་བྱ་དཀའ་བཤད་པ་ལ་གསུམ། མཚན་ཉིད། དཔེར་བརྗོད། དོན་བསྡུ་བའོ། །དང་པོ་ནི། དབྱངས་དང་གནས་དང་ཡི་གེ་རྣམས། །ངེས་པ་གང་འདི་བྱ་དཀའ་ལ། །བཞི་ལ་སོགས་པ་རབ་བསྟན་འདི། །གཞན་ནི་བྱ་སླ་དག་ཏུ་འདོད། །ཅེས་པ་སྟེ། ཚིག་སྦྱོར་གང་དུ་དབྱངས་དང་། སྐྱེ་གནས་དང་། གསལ་བྱེད་ཀྱི་ཡི་གེ་རྣམས་བཞི་ལ་སོགས་པའི་ཁོང་ནས་གསུམ་དང་། གཉིས་དང་། གཅིག་ཏུ་ངེས་པར་བྱས་པའི་ཚུལ་གང་རབ་ཏུ་བསྟན་པ་འདི་ནི་བྱ་དཀའ་ལ། དེ་ལས་གཞན་པ་ལྔ་ལ་སོགས་པ་ནི་བྱ་སླ་བ་དག་ཏུ་འདོད་དོ། །དེ་ལ་དབྱངས་ནི། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ་སྟེ་དབྱངས་བཅུ་བཞི་དང་། སྐྱེ་གནས་ནི། ཨ་ཀུ་ཧ་ྈྐ་་རྣམས་རྐན། རྀ་ཊུ་ར་ཥ་རྣམས་སྤྱི་བོ། ཨུ་སུ་ཝ་ཨོ་༷ྉྤ་རྣམས་མཆུ། ལྀ་ཏུ་ལ་ས་རྣམས་སོ། །རྗེས་སུ་ང་རོ་སྣ་ལས་སོ། །གསལ་བྱེད་ནི། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་
ཝ། ཤ་ཥ་ས་ཧ། ཀྵཿརྣམས་སོ། །རྒྱ་སྐད་ལ་མེད་པའི་ཡི་གེ་ཅ་ཆ་ཇ་གསུམ་དང་ཞ་ཟ་འ་གསུམ་ནི་ཙ་ཚ་ཛ་ཤ་ས་ཨ་རྣམས་སུ་བསྡུའོ། །གཉིས་པ་ལ་གསུམ། དབྱངས་ངེས་པ། སྐྱེ་གནས་ངེས་པ། གསལ་བྱེད་ངེས་པའོ། །དང་པོ་ལ། དབྱངས་བཞིར་ངེས་པ་ནི། རིག་བྱེད་རྣམས་མཐར་ཚིག་སྨྲས་པའི། །གླུ་དང་དགའ་བ་ཡམས་ནད་འཇིགས། །ལོངས་སྤྱོད་ནད་དང་དགའ་དང་རྨོངས། །དགེ་བའི་ཡུལ་དུ་སེམས་འདོད་ཟུང་། །ཞེས་པ་སྟེ། རིག་བྱེད་རྣམས་ཀྱི་མཐར་ཚིག་ལྔ་པའམ་བར་མའི་དབྱངས་ཀྱིས་སྨྲས་པའི་གླུ་དང་། འདོད་བྱ་གསར་རྙེད་ཀྱི་དགའ་བ་དག་ནི། ཡམས་ནད་དང་འཇིགས་སྐྲག་བསྐྱེད་པའི་རྒྱུ་སྟེ། འདོད་པའི་ལོངས་སྤྱོད་དག་ནི་འཕྲལ་བདེ་བ་ལྟར་སྣང་ཡང་། ནད་དང་མཚུངས་པ་ལ། དགའ་བར་འཛིན་པ་དང་། རྨོངས་པ་འཁོར་བ་འཕེན་ཕྱིར། ད་ནི་དགེ་བའི་ཡུལ་གཏན་བདེ་སྒྲུབ་པའི་ཆེད་དུ་སེམས་འདོད་ཟུང་ཞིག་ཅེས་པའི་རྒྱ་དཔེར་དབྱངས་བཞིར་ངེས་པས་མཚོན་འོག་མ་རྣམས་ལའང་འགྲེའོ། །དབྱངས་གསུམ་དུ་ངེས་པ་ནི། ས་ལས་རྣམ་རྒྱལ་བརྟན་པ་སྒྲུབ་བྱེད་པའི། །བརྟུལ་བཞུགས་ལ་དགའ་མཆོག་རྟོགས་ཀུ་རུ་པས། །གཡུལ་དུ་རང་གི་རིགས་ཀྱི་དགྲ་རྣམས་ནི། །ཆེ་བར་བཀག་ཅིང་ལྕི་བར་འདར་བར་བྱས། །ཞེས་པ་སྟེ། སའི་དཀྱིལ་འཁོར་ལས་རྣམ་པར་རྒྱལ་ཞིང་མི་ཉམས་པར་བརྟན་པ་སྒྲུབ་པར་བྱེད་པའི་བརྟུལ་ཞུགས་ལ་དགའ་བ་ལུགས་ཀྱི་བྱ་བ་རྣམས་མཆོག་ཏུ་རྟོགས་པའི་རྒྱལ་པོ་ཀུ་རུ་པས་གཡུལ་དུ་རང་གི་རིགས་ཀྱི་དགྲ་རྣམས་ཚབས་ཆེ་བར་བཀག་ཅིང་། ལྕི་བ་སྟེ་ཆེས་ཆེར་འདར་བར་བྱས་སོ། །དབྱངས་གཉིས་སུ་ངེས་པ་ནི། དཔལ་གཟི་ངོ་ཚ་གྲགས་དང་། །བློ་ལུགས་ཚིག་དང་དགའ་དག །ཁྱོད་ལ་འཕེལ་བ་གཉིས་གང་། །འདི་གཉིས་ལྷ་དབང་ལ་མེད། །ཅེས་པ་སྟེ། དཔལ་དང་གཟི་བྱིན་དང་། ངོ་ཚ་དང་། གྲགས་པ་དང་། བློ་གྲོས་དང་། ལུགས་རྣམས་ཀྱི་སྟེང་དུ། ཚིག་དང་དགའ་བ་དག་སྟེ། ཁྱོད་ལ་འཕེལ་བ་གཉིས་པོ་གང་ཡིན་པའི་ཡོན་ཏན་འདི་གཉིས་ནི་ལྷའི་དབང་པོ་ལ་ཡང་མེད་དོ། །དབྱངས་གཅིག་ཏུ་ངེས་པ་ནི། ཟླ་དང་ནད་རིང་ཅིས་མིན་གང་། །དགའ་མ་བདུད་ཀྱི་རྒྱར་མ་ལྷུང་། །བསྒྲོད་བཟློག་སྨྲ་མེད་དཔལ་མེད་མ། །སྟོབས་ལྡན་སྒྱུ་
གནས་འཆི་སླད་དུའོ། །ཞེས་པ་སྟེ། ཀུན་འཁོར་གྱི་སྐབས་སུ་བཤད་ཟིན་ནོ། །གཉིས་པ་ལ། གནས་བཞིར་ངེས་པ་ནི། འདྲེན་བྱེད་ཀུན་དགའ་སྐྱེད་བྱེད་མ། །རྒྱུ་སྐར་ཚོགས་རྣམས་དག་གི་གནས། །སྤྲིན་མེད་མཁའ་ལ་ལུས་ཅན་མ། །ལན་གཅིག་མིག་གཉིས་སྦྱིན་པར་མཛོད། །ཅེས་པ་སྟེ། འདྲེན་བྱེད་དེ་མིག་གིས་ཀུན་དགའ་བ་སྐྱེད་པར་བྱེད་མ། རྒྱུ་སྐར་གྱི་ཚོགས་རྣམས་དག་གི་གནས་སྤྲིན་གྱིས་བསྒྲིབས་པ་མེད་པའི་ནམ་མཁའ་ལ་ལུས་ཅན་མ་ཁྱོད་ཀྱིས་ལན་གཅིག་མིག་གཉིས་སྦྱིན་པ་སྟེ་ལྟ་བར་མཛོད་ཅིག་པའོ། །གནས་གསུམ་དུ་ངེས་པ་ནི། ནུ་སྡུག་ཁྱོད་གདོང་ལན་བུ་ཡི། །འཁྲི་ཤིང་བུང་བ་ལྟར་སྔོ་ཞིང་། །འདྲེན་བྱེད་པདྨའི་གཟུགས་བརྙན་ཅན། །ཟླ་ལྟར་མཛེས་པས་སུ་མ་བཅོམ། །ཞེས་པ་སྟེ། ནུ་སྡུག་མ་ཞེས་བོས་ནས། ཁྱོད་གདོང་མཚར་སྡུག་ཅན་ལན་བུའི་འཁྲི་ཤིང་བུང་བ་ལྟར་སྔོ་ཞིང་འདྲེན་བྱེད་ཡངས་པ་པདྨའི་གཟུགས་བརྙན་ཅན་ཟླ་བ་ལྟར་མཛེས་པའི་གདོང་གིས་སུ་ཞིག་མ་བཅོམ་སྟེ་བཅོམ་མོ། །གནས་གཉིས་སུ་ངེས་པ་ནི། རྟག་ཏུ་སྡིག་མེད་ཀུན་དགའ་མཆོག །ལུས་དུད་དག་དང་འགྲོགས་ལ་ཆགས། །བཙུན་མོ་ལུས་མེད་ཀྱིས་འགོངས་ཏེ། །འཇིགས་པ་དུ་མས་རེག་པར་གྱུར། །ཅེས་པ་སྟེ། རྟག་ཏུ་སྡིག་པ་མེད་ཅིང་ཀུན་དགའ་བ་བསྐྱེད་པའི་མཆོག་ལུས་དུད་མཛེས་མ་གཞན་དག་དང་འགྲོགས་པ་ལ་ཆགས་པ་ཞེས་བོས་ཏེ། ཁྱོད་ཀྱི་བཙུན་མོ་ལུས་མེད་འདོད་པ་དག་གིས་འགོངས་ཏེ་གདུང་བའི་འཇིགས་པ་དུ་མས་རེག་པར་གྱུར་པ་འདི་ལ་བརྩེ་བར་མཛོད་ཅིག་པའོ། །གནས་གཅིག་ཏུ་ངེས་པ་ནི། ཧ་ཧ་མི་སྒྲོག་མཁའ་འགྲོས་མཚན། །རི་འགྲོ་དབང་འཁྱོག་ལྡན་མ་ཆགས། །འཁྱོག་སྒྲོག་གངྒཱའི་ཆུར་འཇུག་སྡིག །བྱ་རོག་འཇོམས་པ་མཐོ་རིས་འགྲོ། །ཞེས་པ་སྟེ། ཧ་ཧ་ཞེས་མུ་ཅོར་མི་སྒྲོག་ལ། མཁའ་འགྲོ་སྟེ་ཉི་མས་མཚན་པ་རི་ལྷུན་པོའི་རྩེར་འགྲོ་བ། །དབང་པོ་མིག་སོགས་འཁྱོག་པོ་དང་ལྡན་པ། །སྐྱེ་བོ་ངན་པ་ལ་མ་ཆགས་པ་ཁྱོད་ནི་འཁྱོག་ཅིང་འགྲོ་བ་དང་། སྙན་པའི་སྒྲ་སྒྲོག་བཞིིན་དུ་གངྒཱའི་ཆུར་འཇུག་པ་ཁྱོད་ཀྱི་སྡིག་པ་བྱ་རོག་ལྟར་ནག་པ་འཇོམས་པས་མཐོ་རིས་སུ་འགྲོའོ། །གསུམ་པ་ལ། གསལ་བྱེད་བཞིར་ངེས་པ་ནི། །ཀྱེ་ཀྱེ་སྒྲ་སྒྲོག་རུ་རུའི་བྲང་། །འཇོམས་སྡིག་
བ་རི་རི་ཆར་འགྲོ། །ང་ཅན་མ་འོངས་བདག་གི་མ། །བྱ་རོག་རྨ་བྱའི་སྒྲ་བསྒྱུར་ཅིང་། །ཞེས་པ་སྟེ། ཀྱེ་ཀྱེ་སྙན་པའི་སྒྲ་སྒྲོག་རི་དྭགས་རུ་རུའི་བྲང་འཇོམས་པར་བྱེད་པའི་སྡིག་ཅན་བ་རི་སྟེ་རི་དྭགས་རྣམས་ལོངས་སྤྱོད་བྱར་སེམས་པའི་རྔོན་པ་རི་རྣམས་ཀྱི་ཆར་ཡང་ཡང་འགྲོ་བ་ཁྱོད་ང་ཅན་ཏེ་ང་དྲུང་དུ་མ་འོང་ཞིག །རྒྱུ་མཚན། བདག་གི་མ་རི་དྭགས་རྣམས་འཇོམས་པར་བྱེད་པའི་སྡིག་ཅན་ཁྱོད་དང་། བདག་ཐར་པ་དོན་གཉེར་ལྷན་ཅིག་གནས་པ་མི་རིགས་པས་སོ། །དཔེ་ཇི་ལྟར་ན་བྱ་རོག་གིས་རྨ་བྱའི་སྒྲ་བསྒྱུར་བ་ཅིའི་ཕྱིིར་སྲིད་དེ་མི་སྲིད་པ་བཞིན་ནོ། །གསལ་བྱེད་གསུམ་དུ་ངེས་པ་ནི། ལྷ་རྣམས་དགའ་བར་བྱེད་པའི་ལྷ། །རིག་བྱེད་ལ་སྨོད་འགོག་པ་པོས། །ལྷ་མིན་དགའ་བྱེད་བཅོམ་པ་ན། །སྒྲ་ཡིས་མཐོ་རིས་གང་བར་གྱུར། །ཅེས་པ་སྟེ། ལྷ་རྣམས་དགའ་བར་བྱེད་པའི་ལྷ་ཁྱབ་འཇུག་ཆེན་པོ་རིག་བྱེད་ལ་སྨོད་པ་རྣམས་འགོག་པ་པོ་དེས། ལྷ་མིན་རྣམས་དགའ་བར་བྱེད་པའི་ལྷ་མ་ཡིན་གྱི་དབང་པོ་རྣམས་བཅོམ་པར་བྱས་པ་ན། དེའི་གྲགས་པའི་སྒྲ་ཡིས་མཐོ་རིས་རྣམས་གང་བར་གྱུར་ཏོ། །གསལ་བྱེད་གཉིས་སུ་ངེས་པ་ནི། མཁས་པ་ལྷ་དང་ལྷ་མིན་ལ། །འགྲོ་སྟོབས་ལྡན་པའི་བྱིན་ལེགས་ཅན། །ཆང་གི་རོ་ལྡན་གཤོལ་འཛིན་ཏེ། །བཞད་ཀྱི་སྒྲ་ལྡན་མཚོ་རུ་སོང་། །ཞེས་པ་སྟེ། རིག་པ་ཀུན་ལ་མཁས་པ་ལྷ་དང་ལྷ་མ་ཡིན་ཀུན་ལ་འགྲོ་བའི་སྟོབས་དང་ལྡན་པའི་བྱིན་པ་ལེགས་པ་ཅན་ཆང་གི་རོ་མྱོང་བ་དང་ལྡན་པའི་གཤོལ་འཛིན་སྟོབས་བཟང་ཞེས་པ་དེ་ནི་ཁྲུས་ཀྱི་ཕྱིར་བཞད་ཀྱི་སྒྲ་དང་ལྡན་པའི་མཚོ་རུ་སོང་ངོ་། །གསལ་བྱེད་གཅིག་ཏུ་ངེས་པ་ནི། འདི་ཡི་བདག་ཅག་རྣམས་ཀྱི་བཞིན། །བཞིན་གྱིས་ངེས་པར་ལ་བཅོམ་མིན། །བདག་སྲོག་མི་དམན་འདི་དང་སྦྱོར། །རྗེ་བོ་སྐྱེས་མིན་སྡིག་མེད་མིན། །ཞེས་པ་སྟེ། འཐབ་བྱའི་སྐྱེས་བུ་འདི་ཡིས་བདག་ཅག་རྣམས་ཀྱི་བཞིན་རས་ཁོའི་བཞིན་གྱི་དཀྱིལ་འཁོར་ཉི་མ་ལྟ་བུའི་གཟི་འོད་འབར་བས་ངེས་པར་མ་བཅོམ་པ་མིན་ཏེ་བཅོམ་པར་བྱས་ན། བདག་ཅག་གི་སྲོག་སྟོབས་མི་དམན་པའི་དགྲ་ཟླ་འདི་དང་ལྷན་ཅིག་འཐབ་མོ་ལ་སྦྱོར་བའི་རྗེ་བོ་ཁྱོད་སྐྱེས་བུ་བཟང་པོ་མིན་ཏེ་སྡིག་པ་མེད་པའང་མིན་ནོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་བྱ་དཀའི་
ལམ་ལ་ཡང་། །རིམ་པ་ཅུང་ཟད་ཀུན་ཏུ་བསྟན། །ཅེས་པ་སྟེ། དེ་ལྟར་བྱ་སླ་བར་མ་ཟད། བྱ་དཀའི་ལམ་ལ་ཡང་འཇུག་པའི་རིམ་པ་ཅུང་ཟད་ཙམ་ཞིག་ཀུན་ཏུ་བསྟན་ཏོ། ༈ །གསུམ་པ་གབ་ཚིག་གི་རྒྱན་བཤད་པ་ལ་བཞི། དམ་བཅའ། དགོས་པ། དངོས་དང་། དོན་བསྡུ་བའོ། །དང་པོ་ནི། གབ་ཚིག་དག་གི་རྣམ་པ་ཡི། །ལུགས་ཀྱང་རབ་ཏུ་བསྟན་པར་བྱ། །ཞེས་པ་སྟེ། ད་ནི་གབ་ཚིག་གི་རྒྱན་དག་གི་རྣམ་པའི་ལུགས་མཚོན་བྱེད་དག་ཀྱང་རབ་ཏུ་བསྟན་པར་བྱའོ། །གཉིས་པ་ནི། རྩེད་མོའི་མདུན་སར་བཞད་གད་དང་། །དེ་ཤེས་ཚོགས་སུ་གསང་སྨྲ་དང་། །ཕ་རོལ་ཀུན་ཏུ་རྨོངས་བྱེད་ལ། །གབ་ཚིག་དག་ནི་ཉེར་མཁོ་ལྡན། །ཞེས་པ་སྟེ། རྩེད་མོ་བྱ་བའི་མདུན་སར་བཞད་གད་ཀྱི་ཆེད་དང་། དེ་ཤེས་པ་དག་ཚོགས་སུ་གསང་གཏམ་སྨྲ་བ་དང་། གབ་ཚིག་མི་ཤེས་པའི་ཕ་རོལ་པོ་རྣམས་མགོ་ཀུན་ཏུ་རྨོངས་པར་བྱེད་པ་ལ་གབ་ཚིག་དག་ནི་ཉེ་བར་མཁོ་བ་དང་ལྡན་པ་ཡིན་ནོ། །གསུམ་པ་ལ། དང་པོ་ཀུན་ཚོགས་གབ་ཚིག་ལ། མཚན་ཉིད་ནི། ཚིག་མཚམས་སྦྱར་བས་དོན་སྦས་པ། །ཀུན་ཏུ་ཚོགས་པ་ཞེས་པར་བརྗོད། །ཅེས་པ་སྟེ། རྣམ་དབྱེ་དང་མཚམས་སྦྱོར་སོགས་ཀྱི་སྒོ་ནས་ཚིག་མཚམས་སྦྱར་བས་སྒྲ་འདྲེས་ཏེ་བརྗོད་བྱའི་དོན་སྦས་པ་ནི་ཀུན་ཏུ་ཚོགས་པ་ཞེས་པར་བརྗོད་དོ། །དཔེར་བརྗོད་ནི། མ་ཡཱ་གོ་རཿསེམས་ཀྱིས་ནི། །ཤེས་པ་མེད་ལ་ཅི་སླད་ཁྲོ། །གནས་མིན་ངུ་བ་འདི་ཡིས་ནི། །ཅི་བྱེད་ཀུན་ཏུ་མིག་དམར་མ། །ཞེས་པ་སྟེ། ཨསྨད་ལ་ཊཱ་བྱིན་པའི་དོན་གྱིས་མེ་ཞེས་པ་བདག་གིས། ཨཱ་གཿགནོད་པ། རས་རོ་བྲོ་བ་སྟེ། དེ་རྣམས་མཚམས་སྦྱར་བས་མ་ཡཱ་གོ་རཿཞེས་པ་གྲུབ་སྟེ། དེ་ཡང་བདག་གིས་གནོད་པའི་རོ་བྲོ་བའི་སེམས་ཀྱིས་ཀུན་ནས་བླངས་པའི་ཤེས་པ་མེད་པ་ལ་ཅིའི་སླད་དུ་ཁྲོ་སྟེ། དེས་ན་ཁྲོ་བའི་གནས་མིན་པ་ལ་ངུ་བ་འདིས་ཅི་ཞིག་བྱེད་དེ་ཀྱེ་ཀུན་ཏུ་མིག་དམར་མ་ཞེས་པའི་དོན་ཡིན་པ་ལ། མ་ཡཱ་བདག་གིས། གོ་བ་ལང་། རས་རོ་བྲོ་བ་སྟེ། བདག་གིས་བ་ལང་གི་རོ་བྲོ་བ་ཞེས་པར་གོ་ནས་འཁྲུལ་དུ་འཇུག་པ་ལྟ་བུའོ། །གཉིས་པ་བསླུ་བྱེད་གབ་ཚིག་ལ། མཚན་ཉིད་ནི། གཞན་ལ་གྲགས་པའི་སྒྲ་དག་གིས། །གང་དུ་བསླུ་བ་སླུ་བྱེད་ཉིད། །ཅེས་པ་སྟེ། གཞན་ལ་གྲགས་
པའི་སྒྲ་སྟོབས་ཆེ་བ་དག་གིས་ཕྱོགས་མཐུན་གྱི་མིང་གང་གཞན་དུ་གོ་ནས་བསླུ་བ་དེ་ནི་སླུ་བྱེད་ཉིད་དོ། །དཔེར་བརྗོད་ནི། ཀུནྫ་བསྟེན་པ་ཁྱོད་ཀྱི་ནི། །དགའ་བ་ཇི་ལྟར་འཕེལ་གྱུར་པ། །འཆི་མེད་བུ་མོ་ཅོ་འདྲི་མ། །མི་མོ་སྤྱད་པས་དེ་ལྟ་མིན། །ཞེས་པ་སྟེ། གྲོང་ཁྱེར་ཀཱ་ནྱ་ཀུནྫའི་མཛེས་མ་འགའ་ཞིག་བསྟེན་པ་ཁྱོད་ཀྱི་དགའ་བ་ཇི་ལྟར་འཕེལ་བར་གྱུར་པ་འདི་ནི། འཆི་མེད་ལྷའི་བུ་མོ་ལ་ཅོ་འདྲི་བ་མ་ཉིད་ཡིན་ཏེ། མི་མོ་ལ་སྤྱད་པས་དགའ་བ་དེ་ལྟ་བུ་བྱུང་བ་མིན་ནོ་ཞེས་བརྗོད་རྒྱུ་ལ་ཀུན་རྫོབ་ཅེས་པ་གཉའ་སྒུར་བའི་བུད་མེད་ལ་གྲགས་པས་དེར་འཁྲུལ་དུ་འཇུག་པ་ལྟ་བུའོ། །གསུམ་པ་རིམ་པ་བྲལ་བའི་གབ་ཚིག་ལ། མཚན་ཉིད་ནི། སྦྱོར་བ་ཤིན་ཏུ་འཁྲུགས་པ་ཡིས། །རྨོངས་བྱེད་རིམ་པ་བྲལ་བ་སྟེ། །ཞེས་པ་སྟེ། ཚིག་གི་སྦྱོར་བ་སྔ་ཕྱི་ཤིན་ཏུ་འཁྲུགས་པས་རྨོངས་པར་བྱེད་པ་དེ་ནི་རིམ་པ་བྲལ་བ་སྟེ་ཞེས་སོ། །དཔེར་བརྗོད་ནི། ཡུ་བར་འོ་བྱེད་པད་ཅན་གྱི། །ངང་པ་ཚེར་མ་རྩུབ་མོ་ཅན། །ཞལ་ལ་སྒྲ་སྙན་སྒྲོག་བྱེད་ཅིང་། །ལུས་ནི་འདར་བ་བྱེད་ཅིང་མཆུས། །ཞེས་པ་སྟེ། ངང་པ་དག་ནི་ཞལ་ལ་སྒྲ་སྙན་སྒྲོག་པར་བྱེད་ཅིང་ལུས་ཀྱང་གཡོ་ཞིང་འདར་བར་བྱེད་བཞིན་དུ་པདྨ་ཅན་མེ་ཏོག་གི་ཡུ་བ་ཚེར་མ་རྩུབ་མོ་ཅན་ལ་མཆུས་འོ་བྱེད་དོ་ཞེས་བརྗོད་རྒྱུ་ལ་སྔ་ཕྱི་རིམ་པ་དཀྲུགས་པ་ལྟ་བུའོ། །བཞི་པ་རབ་བཅོམ་གབ་ཚིག་ལ། མཚན་ཉིད་ནི། གང་ལ་དོན་རྟོགས་དཀའ་བ་ཡི། །ཚིག་ཕྲེང་དེ་ནི་རབ་བཅོམ་ཡིན། །ཞེས་པ་སྟེ། གང་ལ་བརྗོད་བྱའི་དོན་ཤིན་ཏུ་རྟོགས་དཀའ་བར་བརྗོད་པའི་སྒོ་ནས་དོན་དེ་བཅོམ་པ་ལྟ་བུའི་ཚིག་ཕྲེང་སྤེལ་བ་དེ་ནི་རབ་བཅོམ་ཡིན་ནོ། །དཔེར་བརྗོད་ནི། བུ་མོ་ཁྱོད་ཀྱི་རྐང་མཛེས་ལ། །རྐང་གདུབ་རྒྱས་པ་སྒྲ་སྙན་སྒྲོག །མངོན་སུམ་ཉིད་དུ་གྱུར་པ་འདིར། །བདག་གི་སྲོག་ནི་བརྟན་མ་ཡིན། །ཞེས་པ་སྟེ། བུ་མོ་ཁྱོད་ཀྱི་རྐང་པ་མཛེས་པ་ལ་རིན་པོ་ཆེའི་རྐང་གདུབ་རྒྱས་པ་བསིལ་ཁྲོལ་གྱི་སྒྲ་སྙན་སྒྲོག་པ་དབང་པོའི་མངོན་སུམ་ཉིད་དུ་གྱུར་པའི་སྐབས་འདིར་འདོད་ལྡན་བདག་གི་སྲོག་ནི་བརྟེན་པ་མ་ཡིན་ནོ་ཞེས་པ་བོད་སྐད་དུ་ཞིག་པ་མ་གཏོགས་རྒྱ་དཔེར་ཤིན་ཏུ་གོ་དཀའ་བར་ཡོད་ཅིང་། བོད་སྐད་ཀྱི་དབང་དུ་བྱས་ན། ཧ་ཧ་མི་སྒྲོག་མཁའ་འགྲོས་མཚན། །ཞེས་
སོགས་ལྟ་བུའོ། །ལྔ་པ་མཐུན་གཟུགས་གབ་ཚིག་ལ། མཚན་ཉིད་ནི། ཕལ་པའི་དོན་བཀོད་ཚིག་དག་གིས། །བསྡེབས་པ་དག་ནི་མཐུན་པའི་གཟུགས། །ཞེས་པ་སྟེ། ཕལ་པ་བཏགས་པའི་དོན་བཀོད་པའི་ཚིག་དག་གིས་བསྡེབས་ཤིང་སྒྲིབ་པ་དག་ནི་མཐུན་པའི་གཟུགས་ཞེས་བྱའོ། །དཔེར་བརྗོད་ནི། གང་གི་ཡལ་ག་ཡལ་འདབ་ལ། །མེ་ཏོག་དམར་པོའི་དོག་པ་ཅན། །འཁྲི་ཤིང་ཡལ་འདབ་ལྔ་པ་ནི། །བསྐྱེད་མོས་ཚལ་འདིར་བདག་གིས་མཐོང་། །ཞེས་པ་སྟེ། གང་གི་ལག་པ་ཡལ་ག་དང་། སོར་མོའི་ཡལ་འདབ་ལ། སེན་མོ་དམར་འོད་ཆགས་པ་མེ་ཏོག་དམར་པོའི་དོག་པ་ཅན། དེ་ལྟ་བུའི་མཛེས་མའི་ལུས་ཀྱི་འཁྲི་ཤིང་ཡལ་འདབ་ལྔ་པ་ནི་བསྐྱེད་མོས་ཚལ་འདིར་བདག་མཐོང་ངོ་ཞེས་དོན་མཛེས་མ་ལག་པ་སོར་མོ་ལྔ་ལྡན་མཐོང་ཞེས་བརྗོད་རྒྱུར་དེ་དང་ཕྱོགས་མཐུན་པའི་ལྗོན་ཤིང་དུ་གབ་སྟེ་བརྗོད་པ་ལྟ་བུའོ། །དྲུག་པ་རྩུབ་མོའི་གབ་ཚིག་ལ། མཚན་ཉིད་ནི། མཚན་ཉིད་ཡོད་ཙམ་ངེས་ཚིག་དང་། །ལྡན་པའི་ཚིག་ནི་རྩུབ་མོའོ། །ཞེས་པ་སྟེ། བཤད་རུང་གི་མཚན་ཉིད་ཡོད་ཙམ་གྱི་སྒྲའི་ངེས་ཚིག་དང་ལྡན་པའ ི་ཚིག་དག་ནི་རྩུབ་མོའོ། །དཔེར་བརྗོད་ནི། ལྷ་རྣམས་ལྷ་ཡི་ཁང་པ་རུ། །སོ་སོའི་འོད་ཀྱིས་དལ་བུར་རྒྱུ། །དྲི་བཟང་རྫིང་བུར་མྱོས་བྱས་པ། །དེ་རྣམས་ད་ནི་རྒན་མོ་བཞིན། །ཞེས་པ་སྟེ། སུ་རཱའི་སྒྲ་ཆང་མ་དང་དྲི་བཟང་གི་རྫིང་བུར་བཤད་རུང་ཙམ་ཡོད་པས། ཆང་མ་རྣམས་ཆང་ཁང་དུ་སོ་སོའི་བྱ་བས་དལ་བུར་རྒྱུ་ཞིང་། ཆང་གིས་མྱོས་པར་བྱས་པ་དེ་རྣམས་ད་ནི་རྒན་མོ་བཞིན་ནོ་ཞེས་བརྗོད་རྒྱུ་ལ། ལྷ་རྣམས་ལྷའི་ཁང་པར་སོ་སོའི་རང་ལུས་ཀྱི་འོད་ཀྱིས་དལ་བུར་རྒྱུ་ཞིང་དྲི་བཟང་གི་རྫིང་བུར་དགའ་བས་མྱོས་པར་བྱས་པ་དེ་རྣམས་ད་ནི་རྒན་མོ་བཞིན་ནོ་ཞེས་པར་འཁྲུལ་དུ་འཇུག་པ་ལྟ་བུའོ། །བདུན་པ་གྲངས་ཀྱི་གབ་ཚིག་ལ། མཚན་ཉིད་ནི། གང་དུ་གྲངས་ཀྱིས་ཀུན་རྨོངས་པར། །བྱེད་པ་གྲངས་ཉིད་ཅེས་བྱ་སྟེ། །ཞེས་པ་སྟེ། གང་དུ་གྲངས་ཀྱི་སྦྱོར་བས་ཀུན་རྨོངས་པར་བྱེད་པ་དེ་ནི་གྲངས་ཀྱི་གབ་ཚིག་ཅེས་བྱ་སྟེ། ཞེས་སོ། །དཔེར་བརྗོད་ནི། སྣ་ལྡན་དབུས་ན་གསལ་བྱེད་བཞིས། །ཡོངས་སུ་རྣམ་པར་བརྒྱན་པ་ཡི། །གྲོང་ཁྱེར་འགའ་ཡོད་གང་ཞིག་ན། །མི་བདག་ཡིག་བརྒྱད་མིང་ཅན་
ཡོད། །ཅེས་པ་སྟེ། སྣ་ལྡན་གྱི་ཡི་གེ་ཉ་ཡིག་དབུས་ན་ཡོད་པའི་གསལ་བྱེད་བཞིས་ཡོངས་སུ་རྣམ་པར་བརྒྱན་པའི་གྲོང་ཁྱེར་འགའ་ཡོད་གང་ཞིག་ཏེ་ཀཉྩ་པུ་རི་ཞེས་བྱ་བ་ན་མི་བདག་ཡི་གེ་བརྒྱད་པ་ཀཉྩ་པུ་རི་སླ་ཝ་ཞེས་པའི་མིང་ཅན་ཡོད་དོ་ཞེས་བརྗོད་རྒྱུ་ལ་གྲངས་ཀྱིས་རྨོངས་སུ་འཇུག་པ་ལྟ་བུའོ། །བརྒྱད་པ་རབ་བརྟགས་གབ་ཚིག་ལ། མཚན་ཉིད་ནི། གང་དུ་ངག་དོན་རྣམ་པ་གཞན། །སྣང་བ་དེ་ནི་རབ་བརྟགས་ཡིན། །ཞེས་པ་སྟེ། གང་དུ་བརྗོད་བྱའི་ངག་དོན་གྱི་རྣམ་པ་གཞན་དུ་སྣང་བའི་ཚིག་གི་སྦྱོར་བ་དེ་ནི་རབ་བརྟགས་ཡིན་ནོ། །དཔེར་བརྗོད་ནི། ཚིག་རྣམས་རབ་ཏུ་འཁྲུལ་པ་དང་། །མགོ་བོ་དུད་ཅིང་མིག་དམན་པ། །འདུག་ཀྱང་འདར་ལྡན་བདག་ལ་ནི། །རྒན་མོ་རྗེས་སུ་མི་བརྩེའམ། །ཞེས་པ་སྟེ། སློང་བའི་ཚིག་རྣམས་རབ་ཏུ་འཁྲུལ་པ་དང་། མགོ་བོ་དུད་ཅིང་མིག་དམན་པར་ལྟ་བ་དང་འདུག་ཀྱང་ལུས་འདར་བ་དང་ལྡན་པའི་དབུལ་པོ་བདག་ལ་ཕྱུག་པོ་རྗེས་སུ་མི་བརྩེའམ་ཞེས་བརྗོད་རྒྱུ་ལ། བྲྀརྡྷ་ཞེས་པ་ཕྱུག་པོ་དང་རྒན་མོ་གཉིས་ཀ་ལ་འཇུག་པས་ཚིག་འཁྲུལ་བ་ལ་སོགས་པ་ཆགས་ཅན་གྱི་འདོད་པའི་རྣམ་འགྱུར་དུ་བརྟགས་ནས་རྒན་མོ་ལ་ཀུ་རེ་བྱེད་པར་འཁྲུལ་དུ་འཇུག་པ་ལྟ་བུའོ། །དགུ་པ་མིང་དུ་འདུས་པའི་གབ་ཚིག་ལ། མཚན་ཉིད་ནི། གང་དུ་མིང་ལ་སྣ་ཚོགས་དོན། །བརྟགས་ཏེ་མིང་དུ་འདུས་པ་ཉིད། །ཅེས་པ་སྟེ། གང་དུ་བརྗོད་བྱའི་མིང་གཅིག་ལ་སྣ་ཚོགས་པའི་དོན་དུ་མར་བརྟགས་ཏེ་གབ་པ་ནི་མིང་དུ་འདུས་པ་ཉིད་དོ། །དཔེར་བརྗོད་ནི། མིག་མི་བརྟན་མ་ས་ལྡན་འགའ། །དང་པོ་རཱ་ཛ་ཞེས་པ་སྒྲོག །ས་ནཱ་ཏ་ན་ཡང་སྟེ་འདི། །རྒྱལ་པོ་མ་ཡིན་ཁྱབ་འཇུག་མིན། །ཞེས་པ་སྟེ། ཀྱེ་མིག་མི་བརྟན་མ་ཞེས་བོས་ནས། སྤྱིར་ས་ལྡན་ནི་སའི་བདག་པོའི་ལྗོན་ཤིང་ངམ་ཁྱབ་འཇུག་སོགས་དོན་འགའ་ལ་འཇུག་པ་ལས། དང་པོར་རཱ་ཛ་ཞེས་པ་རྒྱལ་པོར་སྒྲོག་ལ། ས་ནཱ་ཏ་ན་ཁྱབ་འཇུག་གམ། ཡང་ན་མ་རྒྱས་པ་མིན་པ་དང་བཅས་པ་ཞེས་པ་ལ་འཇུག །དེ་ལྟར་ནའང་སྐབས་འདིའི་ས་ལྡན་ནི་རྒྱལ་པོ་མ་ཡིན་ཁྱབ་འཇུག་མིན་ཞེས་པའི་དགག་ཚིག་གི་དོན་ཤིང་གི་རྒྱལ་པོ་མ་རྒྱས་པ་མིན་པ་དང་བཅས་པ་གོ་སྟེ། ཚིག་སྦྱོར་འདིར་འཇུག་ཚུལ་གྱི་མིང་དུ་མ་འདུས་པས་དོན་གོ་
བ་ལ་སྒྲིབ་པ་ལྟ་བུའོ། །བཅུ་པ་སྒྲིབ་པའི་གབ་ཚིག་ལ། མཚན་ཉིད་ནི། ཚིག་ནི་ཆོས་མཚུངས་ལ་རེག་པས། །དོན་གཞན་བསྒྲིབས་པ་སྒྲིབ་པའོ། །ཞེས་པ་སྟེ། ཚིག་ནི་བརྗོད་བྱའི་དོན་དེ་དང་ཆོས་མཚུངས་གཞན་ལ་རེག་པས་དོན་གཞན་བསྟན་བྱ་དེ་ཉིད་བསྒྲིབས་ཏེ་གབ་པ་ནི་སྒྲིབ་པ་ཞེས་བྱའོ། །དཔེར་བརྗོད་ནི། རྫས་བྲལ་མི་ནི་བཏང་བྱས་ནས། །ནོར་ལྡན་རྣམས་ཅན་བགྲོད་པ་གང་། །སྣ་ཚོགས་སྐྱོགས་བརྒྱས་འཇིག་རྟེན་འགུགས། །བཟུང་དཀའ་སྨད་འཚོང་མ་ཡིན་ནོ། །ཞེས་པ་སྟེ། ནོར་རྫས་དང་བྲལ་བའི་མི་ནི་བཏང་བར་བྱས་ནས། ནོར་ལྡན་རྣམས་ཅན་དུ་བགྲོད་པ་གང་སྣ་ཚོགས་པའི་སྐྱོགས་ཏེ་ཐབས་ཚུལ་བརྒྱད་འཇིག་རྟེན་འགུགས་ཤིང་སུས་ཀྱང་བཟུང་བར་དཀའ་བ་འདི་ནི་སྨད་འཚོང་མ་ཡིན་ནོ་ཞེས་དགག་ཚིག་གི་བསྟན་བྱའ་ིདོན་གཞན་དུ་གོ་ནས་སྒྲིབ་པ་ལྟ་བུའོ། །བཅུ་གཅིག་པ་མཐུན་སྒྲའི་གབ་ཚིག་ལ། མཚན་ཉིད་ནི། སྒྲ་ཡི་རྣམ་གྲངས་བཀོད་པ་ཡི། །བསྒྲུབ་པ་དག་ནི་མཐུན་པའི་སྒྲ། །ཞེས་པ་སྟེ། ༼འདིའི་འགྲེལ་བ་ཆད༽༼ཁྱོད་ཀྱི་ས་མིན་མིང་མཐུན་གང་། །རབ་གྱུར་སྐྲ་མིང་ཅན་ལས་རྒྱལ། །དེ་ཡིས་དེང་བདག་མཆོག་ཏུ་ནི། །སྲེད་ལྡན་བྱེད་དོ་སྙན་སྒྲོག་མ། །རྩ་བ་འདི་ཆད་དམ་སྙམ་ནས་མི་ཕམ་སྙན་འགྲེལ་ལས་བླངས། ༽སྙན་སྒྲོག་མ་ཞེས་བོས་ནས་ཁྱོད་ཀྱི་མཆུ་སྒྲོས་ཤིན་ཏུ་དམར་བ་བྱུ་རུ་ལས་རྒྱལ་བ་དེ་ཡིས་དེང་བདག་མཆོག་ཏུ་སྲེད་པ་དང་ལྡན་པར་བྱེད་དོ་ཞེས་བརྗོད་རྒྱུ་ལ། མཆུ་སྒྲོས་དང་བྱུ་རུ་དེ་དང་མིང་མཐུན་ས་མིན་དང་རབ་གྱུར་སྐྲ་ཞེས་པའི་སྒྲས་གབ་པ་ལྟ་བུའོ། །མིང་མཐུན་ཚུལ་ཇི་ལྟར་ཞེ་ན། ཨ་དྷཱ་ར། ས་མིན་དང་མཆུ། པྲ་བཱ་ལ། རབ་གྱུར་སྐྲ་དང་བྱུ་རུ་གཉིས་ཀ་ལ་འཇུག་པའི་རྒྱུ་མཚན་གྱིས་སོ། །བཅུ་གཉིས་པ་རྨོངས་པའི་གབ་ཚིག་ལ། མཚན་ཉིད་ནི། གང་ཞིག་མངོན་སུམ་དོན་བསྟན་ཡང་། །རྨོངས་ཕྱིར་དེ་ནི་རྨོངས་ཞེས་བྱ། །ཞེས་པ་སྟེ། གང་ཞིག་མངོན་སུམ་དུ་བརྗོད་བྱའི་དོན་བསྟན་ཡང་། ཚིག་དེས་འཁྲུལ་རྒྱུ་བྱས་ནས་རྨོངས་པའི་ཕྱིར་ན་དེ་ནི་རྨོངས་པ་ཞེས་བྱའོ། །དཔེར་བརྗོད་ནི། འདོད་ལྡན་དག་ནི་མལ་སྟན་ལ། །ཁྲོ་བས་ཕྱིར་བཟློག་ཉལ་བར་གྱུར། །ཆགས་པས་དེ་བཞིན་ཉིད་ཉལ་ཏེ། །དལ་བུ་ཡིས་ནི་ཁ་དག་སྦྱོར། །ཞེས་པ་སྟེ། འདོད་ལྡན་ཕོ་མོ་དག་
ནི་མལ་སྟན་ལ་ཁྲོ་བས་ཕྱིར་བཟློག་སྟེ་ཉལ་བར་གྱུར་ལ། ཆགས་པ་རྒྱས་པ་ཀྱང་དེ་བཞིན་ཉིད་དུ་ཉལ་ཏེ་དལ་བུས་ཁ་དག་སྦྱོར་རོ་ཞེས་པ་བརྗོད་དོན་མངོན་སུམ་དུ་བསྟན་ཡང་མལ་སྟན་ལ་ཁྲོ་བ་ཕན་ཚུན་ཁྲོ་བ་དང་། ཕྱིར་བཟློག་སྟེ་ཉལ་བ་ཕན་ཚུན་རྒྱབ་སྤྲད་པ་དང་། ཆགས་པས་ཕྱིར་བཟློག་ཏུ་ཇི་ལྟར་ཉལ་སྙམ་པ་དང་། རྒྱབ་སྤྲད་ནས་ཁ་ཇི་ལྟར་སྦྱོར་སྙམ་དུ་རྨོངས་པ་ལྟ་བུའོ། །བཅུ་གསུམ་པ་ཡོངས་ཕྲོགས་གབ་ཚིག་ལ། མཚན་ཉིད་ནི། གང་ལ་སྦྱོར་ཕྲེང་བདག་ཉིད་ཅན། །དེ་ནི་ཡོངས་སུ་ཕྲོགས་ཞེས་བྱ། །ཞེས་པ་སྟེ། གང་ལ་ཚིག་སྦྱོར་མང་པོའི་ཕྲེང་བ་སྔ་མ་སྔ་མའི་དོན་ཕྱི་མ་ཕྱི་མས་ཡོངས་སུ་ཕྲོགས་པ་ལྟ་བུའི་བདག་ཉིད་ཅན་སྐོར་ཐག་རིང་པོར་བརྗོད་པ་དེ་ནི་ཡོངས་སུ་ཕྲོགས་པ་ཞེས་བྱའོ། །དཔེར་བརྗོད་ནི། བྱ་རྒྱལ་ཟས་སྐྱེས་དགྲ་ཡི་ནི། །བླ་མའི་འོད་ཀྱིས་བཅོམ་སྐྱེ་བ། །ཁ་འཇོམས་གྲོགས་མིན་འཛིན་པ་ཡིས། །ཁྱབ་པའི་མཁའ་ལ་མངོན་པར་དགའ། །ཞེས་པ་སྟེ། བྱ་ནི་མཁའ་ལྡིང་སྟེ་དེས་རྒྱ་མཚོ་བསྲུབས་པ་ལས་བྱུང་བའི་བདུད་རྩི་ཕྲོགས་པས་རྒྱལ་བ་ཞེས་བྱ་ལ། བདུད་རྩི་དེའི་ཟས་ཅན་ནི་བརྒྱ་བྱིན། དེ་ལས་སྐྱེས་པ་སྲིད་སྒྲུབ། དེའི་དགྲ་ཀརྞ། དེའི་བླ་མ་ཉི་མ། དེའི་འོད་ཀྱིས་བཅོམ་པའི་སྐྱེ་བོ་རྣམས་ཁ་བ་འཇོམས་པ་མེ། དེའི་གྲོགས་མིན་ཆུ། དེ་འཛིན་པ་སྤྲིན། དེས་ཁྱབ་པའི་མཁའ་ལ་མངོན་པར་དག །འ་ཞེས་ཉི་མས་གདུངས་པ་རྣམས་སྤྲིན་འཁྲིགས་པའི་མཁའ་ལ་དགའ་ཞེས་བརྗོད་རྒྱུ་ལ་ཚིག་སྐོར་ཐག་རིང་པོར་བརྗོད་པ་ལྟ་བུའོ། །བཅུ་བཞི་པ་གཅིག་སྒྲིབ་པའི་གབ་ཚིག་ལ། མཚན་ཉིད་ནི། གང་དུ་རྟེན་ནི་གསལ་བྱས་ཏེ། །བརྟེན་པ་སྦས་པ་གཅིག་བསྒྲིབས་པའོ། །ཞེས་པ་སྟེ། གང་དུ་རྟེན་དང་བརྟེན་པ་གཉིས་ལས་རྟེན་ནི་གསལ་བར་བྱས་ཏེ་བརྟེན་པ་སྦས་པ་ནི་གཅིག་བསྒྲིབས་པའོ། །དཔེར་བརྗོད་ནི། ནམ་ཡང་མཚོན་དང་བུད་མེད་ཀྱི། །ནུ་མའི་དཀྱིལ་འཁོར་ལ་མ་རེག །མི་མ་ཡིན་པ་འགའ་ཞིག་གི། ལག་ནི་འབྲས་མེད་ཡིན་ནོ་ལོ། །ཞེས་པ་སྟེ། དུས་ནམ་ཡང་མཚོན་ཆ་དང་བུད་མེད་ཀྱི་ནུ་མའི་དཀྱིལ་འཁོར་ལ་མ་རེག་ཀྱང་། མི་མ་ཡིན་པ་དྲི་ཟ་འགའ་ཞིག་གི་ལག་པར་གྲགས་པ་ཤིང་ཨེ་རཎྜ་ལ་ནི་འབྲས་བུ་མེད་པ་ཡིན་ནོ་ལོ་སྟེ་འབྲས་མེད་ཡིན་ཅེས་ཟེར་ཡང་འབྲས་བུ་དང་
བཅས་པའོ། །འདིར་རྟེན་མི་མ་ཡིན་གསལ་བར་བྱེད་ལ་བརྟེན་པ་ཤིང་ཨེ་རཎྜ་གབ་པ་ལྟ་བུའོ། །བཅོ་ལྔ་པ་གཉིས་ཀ་བསྒྲིབས་པའི་གབ་ཚིག་ལ། མཚན་ཉིད་ནི། གང་དུ་གཉིས་ཀ་སྦས་གྱུར་པ། །དེ་ནི་གཉིས་ཀ་བསྒྲིབས་པའོ། །ཞེས་པ་སྟེ། གང་དུ་རྟེན་དང་བརྟེན་པ་གཉིས་ཀ་སྦས་པར་གྱུར་པ་དེ་ནི་གཉིས་ཀ་བསྒྲིབས་པའོ། །དཔེར་བརྗོད་ནི། སུ་ཞིག་གང་དང་འགྲོགས་པ་ཡིས། །བྱ་བ་ཐམས་ཅད་ཉེ་བར་ནི། །ཐོབ་ཅིང་ཟས་ཀྱི་དུས་དག་ཏུ། །གལ་ཏེ་མཐོང་ན་འདོར་བར་བྱེད། །ཅེས་པ་སྟེ། སུ་ཞིག་གང་མགོ་བོ་དང་འགྲོགས་པ་སྐྲའི་བྱ་བ་ཁྲུས་དང་ཤད་པ་སོགས་བྱ་བ་ཐམས་ཅད་དུ་ཉེ་བར་ཐོབ་ཅིང་ཁ་ཟས་ཀྱི་དུས་དག་ཏུ་གལ་ཏེ་ཉག་མ་རེ་རེ་མཐོང་ནའང་འདོར་བར་བྱེད་དོ། །འདིར་རྟེན་མགོ་དང་བརྟེན་པ་སྐྲ་གཉིས་ཀ་གབ་པ་ལྟ་བུའོ། །བཅུ་དྲུག་པ་ཡོངས་འདྲེས་གབ་ཚིག་ལ། མཚན་ཉིད་ནི། གང་ལ་མཚན་ཉིད་སྣ་ཚོགས་འདྲེས། །དེ་ནི་ཡོངས་སུ་འདྲེས་ཞེས་བྱ། །ཞེས་པ་སྟེ། གང་ལ་སྔར་བསྟན་པའི་གབ་ཚིག་རྣམས་ཀྱི་མཚན་ཉིད་སྣ་ཚོགས་འདྲེས་པ་དེ་ནི་ཡོངས་སུ་འདྲེས་པ་ཞེས་བྱའོ། །དཔེར་བརྗོད་ནི། ཧ་ཡ་ག་ཛ་བྷ་ཊ་ཅན། །སྡེ་འདི་གལ་ཏེ་མ་རྒྱལ་ན། །མཱ་ཏྲི་ཀ་མེད་ངེད་ཀྱི་བུ། །འདི་ནི་ཡི་གེ་ཤེས་ཀྱང་བླུན། །ཞེས་པ་སྟེ། ཧས་དྲོ་བ། ཡས་མཐར་གནས། གས་ཀ་སྡེ། ཛས་ཙ་སྡེ། བྷས་པ་སྡེ། ཊས་ཊ་སྡེ། སྡེ་པའི་སྐད་དོད་སེ་ནའི་:ཡིག་གིས་༼ཡི་གེས༽ཏ་སྡེ་སྟེ། ཡི་གེ་འདི་རྣམས་དབྱངས་དང་བཅས་པ་ལས་གལ་ཏེ་མ་རྒྱལ་བ་སྟེ་མི་ཤེས་ན། མཱ་ཏྲི་ཀ་སྟེ་ཡི་གེའི་ཕྱི་མོ་ཙམ་ཡང་ཤེས་པ་མེད་པ་ངེད་ཀྱི་བུ་འདི་ནི་ཨ་ཀྵ་ར་ཞེས་པ་འགྱུར་མེད་དེ་རྟག་པའི་རིག་བྱེད་ཤེས་ཀྱང་བླུན་པོའོ་ཞེས་བརྗོད་རྒྱུ་ལ། ཧ་ཡ་རྟ། ག་ཛ་གླང་པོ། བྷ་ཊ་དཔའ་བོ། སེ་ན་སྡེ་སྟེ་དཔུང་གི་ཚོགས་འདི་དག་ལས་གལ་ཏེ་མ་རྒྱལ་ན་མཱ་ཏྲི་ཀ་མེད་པ་སྟེ་མ་མེད་པ་ངེད་ཀྱི་བུ་འདི་ནི་ཡི་གེ་ཤེས་ཀྱང་བླུན་ནོ་ཞེས་པར་གབ་པ་ལྟ་བུའོ། །དོན་བཤད་ནི། དེ་ནི་མིང་དུ་འདུས་པ་བསྲེས། །བསླུས་པ་ཡི་ནི་གཟུགས་དང་ལྡན། །དེ་བཞིན་ཉིད་དུ་གཞན་གྱི་ཡང་། །འདྲེས་པའི་རིམ་པ་ཤེས་པར་བྱ། །ཞེས་པ་སྟེ། བཤད་མ་ཐག་པ་དེ་ནི་མིང་དུ་འདུས་པ་བསྲེས་ཏེ། ཧ་ཡ་ག་ཛ་སོགས་ལ་དོན་གཅིག་མིན་ཐ་དད་པར་བརྟགས་
པས་སོ། །མཱ་ཏྲི་ཀ་ཞེས་པ་ཡི་གེའི་ཕྱི་མོ་ཞེས་བརྗོད་རྒྱུ་ལ་བསྐྱེད་མར་གོ་ཞིང་། ཨ་ཀྵ་ར་རིག་བྱེད་རྟག་པ་ཞེས་བརྗོད་རྒྱུ་ལ་ཡི་གེར་གོ་ནས་བསླུས་པས་བསླུས་པ་ཡི་ནི་གཟུགས་དང་ལྡན་ལ། དེ་བཞིན་ཉིད་དུ་གབ་ཚིག་གཞན་དང་གཞན་གྱི་ཡང་གཟུགས་དག་འདྲེས་པའི་རིམ་པ་ཤེས་པར་བྱའོ། །བཞི་པ་དོན་བསྡུ་བ་ནི། འདི་རྣམས་གབ་ཚིག་བཅུ་དྲུག་སྟེ། །སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྟན། །གབ་ཚིག་ངན་པ་གཞན་དག་ཀྱང་། །བཅུ་བཞི་དེ་དག་རྣམས་ཀྱིས་བརྗོད། །ངན་པའི་མཚན་ཉིད་མེད་གང་དེ། །སྐྱོན་གྱིས་ཡོངས་བགྲང་བྱ་མིན་པར། །རིག་ནས་སླར་ཡང་བདག་ཅག་གིས། །ལེགས་པ་ཁོ་ན་བརྗོད་པར་བྱ། །ཞེས་པ་སྟེ། བཤད་མ་ཐག་པ་འདི་རྣམས་ནི་གབ་ཚིག་གི་རྒྱན་བཅུ་དྲུག་སྟེ། སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྟན་ཞིང་། གབ་ཚིག་ངན་པ་འདིར་བསྟན་ལས་གཞན་པ་བཅུ་བཞི་དག་ཀྱང་དེ་དག་རྣམས་ཀྱིས་བརྗོད་མོད། ངན་པའི་མཚན་ཉིད་མེད་པ་གང་དེ་སྐྱོན་གྱིས་གབ་ཚིག་གི་གྲངས་ལ་ཡོངས་སུ་བགྲང་བྱ་མ་ཡིན་པར་རིག་ནས་སླར་ཡང་བདག་ཅག་གིས་ལེགས་པའི་ཕྱོགས་ཁོ་ན་བསྡུས་ཏེ་བརྗོད་པར་བྱའོ། །གསུམ་པ་སྐྱོན་སེལ་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་བཤད་དོ། །དང་པོ་ནི། དོན་ཉམས་དོན་འགལ་དོན་གཅིག་པ། །ཐེ་ཚོམ་ཅན་དང་རིམ་པ་ཉམས། །སྒྲ་ཉམས་གཅོད་མཚམས་ཉམས་པ་དང་། །སྡེབ་སྦྱོར་ཉམས་དང་མཚམས་སྦྱོར་བྲལ། །ཡུལ་དུས་སྒྱུ་རྩལ་འཇིག་རྟེན་དང་། །ལུང་རིགས་དག་དང་འགལ་བ་སྟེ། །སྐྱོན་བཅུ་དེ་དག་སྙན་ངག་ལ། །སྙན་ངག་མཁན་གྱིས་སྤང་བར་བྱ། །དམ་བཅའ་གཏན་ཚིགས་དཔེ་ཉམས་པ། །ཞེས་པ་འདི་ཡང་སྐྱོན་མིན་ནམ། །ཕལ་ཆེར་དཔྱད་པར་དཀའ་བ་ཉིད། །སྦྱོར་བ་དེ་ཡིས་འབྲས་བུ་ཅི། །ཞེས་པ་སྟེ། དོན་ཉམས་སོགས་དགུའི་སྟེང་དུ་ཡུལ་འགལ་སྐྱོན་སོགས་འགལ་བ་དྲུག་པོ་གཅིག་ཏུ་བསྡོམས་པའི་སྐྱོན་བཅུ་པོ་དེ་དག་སྙན་ངག་ལ་སྙན་ངག་མཁན་རྣམས་ཀྱིས་སྤང་བར་བྱ་ཞིང་། དམ་བཅའ་ཉམས་པ། གཏན་ཚིགས་ཉམས་པ། དཔེ་ཉམས་པ་ཞེས་པ་གསུམ་པོ་འདི་ཡང་སྐྱོན་མིན་ནམ་ཞེ་ན། དེ་དག་རྟོག་གེ་པར་གྲགས་ཀྱང་ཕྱོགས་
འདིར་མ་གྲགས་པས་ཕལ་ཆེར་དཔྱད་པར་དཀའ་བ་ཉིད་ཀྱི་ཕྱིར་སྦྱོར་བ་དེ་ཡི་འབྲས་བུ་ཅི་སྟེ་དགོས་པ་མེད་དོ། །གཉིས་པ་ལ་བཅུ་ལས། དང་པོ་དོན་ཉམས་ལ། མཚན་ཉིད་ནི། ཚོགས་པའི་དོན་གྱིས་སྟོང་པ་གང་། །དེ་ནི་དོན་ཉམས་ཞེས་པར་འདོད། །མྱོས་པ་སྨྱོན་པ་བྱིས་པ་ཡིས། །བརྗོད་ལས་གཞན་དུ་དེ་སྐྱོན་ནོ། །ཞེས་པ་སྟེ། རྗོད་བྱེད་ཀྱི་ཚིག་ཚོགས་པ་ལ་བརྗོད་བྱའི་དོན་གྱིས་སྟོང་པ་གང་ཡིན་པ་དེ་ནི་དོན་ཉམས་ཞེས་པར་འདོད་དེ། མྱོས་པ་དང་། སྨྱོན་པ་དང་། བྱིས་པ་གསུམ་གྱིས་བརྗོད་པ་ལས་གཞན་དུ་དེ་ནི་སྐྱོན་ཡིན་ནོ། །དཔེར་བརྗོད་ནི། འདི་ནི་རྒྱ་མཚོ་འཐུང་བྱེད་དེ། །བདག་ནི་དེ་རིང་རྒས་པས་གཟིར། །སྤྲིན་འདི་རབ་ཏུ་སྒྲོག་བྱེད་དེ། །འཕྲོག་བྱེད་ས་སྲུང་དག་ལ་དགའ། །ཞེས་པ་སྟེ། སྐྱེས་བུ་འདི་ནི་རྒྱ་མཚོ་འཐུང་བར་བྱེད་དེ། བདག་ནི་དེ་རིང་རྒས་པས་གཟིར་ལ། སྤྲིན་འདི་ནི་འབྲུག་སྒྲ་རབ་ཏུ་སྒྲོག་པར་བྱེད་དེ། འཕྲོག་བྱེད་ནི་གླང་པོ་ཆེ་ས་སྲུང་དག་ལ་དགའོ་ཞེས་ངག་ཚིག་ཇི་ཙམ་ཚོགས་ཀྱང་ཚིག་སྔ་ཕྱི་འབྲེལ་ཆད་དེ་བརྗོད་དོན་སྟོན་རྒྱུ་མེད་པ་ལྟ་བུའོ། །དམིགས་བསལ་ནི། འདི་སེམས་རྣལ་དུ་མི་གནས་པས། །མངོན་པར་བརྗོད་ལ་སྨད་མིན་ཏེ། །གཞན་དུ་དེ་ལྟ་བུ་ལ་སོགས། །སྙན་ངག་མཁན་པོ་སུ་ཞིག་སྦྱོར། །ཞེས་པ་སྟེ། འདི་ལྟ་བུ་སེམས་རྣལ་དུ་མི་གནས་པས་མངོན་པར་བརྗོད་པ་ལ་སྨད་པ་མིན་ཏེ། གཞན་དུ་འབྲེལ་མེད་ཀྱི་ཚིག་བརྗོད་མ་ཐག་པ་དེ་ལྟ་བུ་ལ་སོགས་པ་སྙན་ངག་མཁན་པོ་སུ་ཞིག་སྦྱོར་ཏེ་མི་སྦྱོར་རོ། །གཉིས་པ་ལ་དོན་འགལ་ལ། མཚན་ཉིད་ནི། ངག་གཅིག་གིས་ནི་རབ་སྦྱར་བ། །སྔ་མ་ཕྱི་མ་གཞན་འཇོམས་པ། །འགལ་བའི་དོན་ཅན་ཉིད་ཀྱི་སྐྱོན། །དོན་འགལ་ཞེས་པར་རབ་ཏུ་བརྗོད། །ཅེས་པ་སྟེ། ངག་གི་རྒྱུན་གཅིག་གིས་རབ་ཏུ་སྦྱར་བ་ངག་ཚིག་གཅིག་ལ་དོན་སྔ་མ་དང་ཕྱི་མ་གཅིག་གི་ནུས་པས་གཞན་ཅིག་ཤོས་དེ་འཇོམས་པར་བྱེད་པ་ནི་འགལ་བའི་དོན་ཅན་ཉིད་ཀྱི་སྐྱོན་ཏེ། དོན་འགལ་ཞེས་པར་རབ་ཏུ་བརྗོད་དོ། །དཔེར་བརྗོད་ནི། དགྲ་རིགས་མཐའ་དག་འཇོམས་པ་དང་། །སྣ་ཚོགས་ཁུར་འདི་རྒྱལ་གྱུར་ཅིག །འབྱུང་པོ་ཀུན་ལ་བརྩེ་བ་ཅན། །ཁྱོད་ལ་དགྲ་ནི་སུ་ཡང་མེད། །ཅེས་པ་སྟེ་དགྲ་རིགས་ཀྱི་དཔུང་མཐའ་དག་འཇོམས་པ་དང་། སྣ་
ཚོགས་པའི་བྱ་བའི་ཁུར་ལྡན་འདི་རྒྱལ་བར་གྱུར་ཅིག །འབྱུང་པོ་སྟེ་སེམས་ཅན་ཀུན་ལ་བརྩེ་བ་ཅན་ཁྱོད་ལ་དགྲ་ནི་སུ་ཡང་མེད་དོ་ཞེས་དགྲ་འཇོམས་པ་དང་དགྲ་མེད་པ་འགལ་བ་ལྟ་བུའོ། །དམིགས་བསལ་ལ། སྐབས་བསྟན་པ་དང་། དཔེར་བརྗོད་པའོ། །དང་པོ་ནི། མངོན་པར་ཆགས་ལྡན་སེམས་ལ་ནི། །སྐབས་དེ་འགའ་ཞིག་ཡོད་པས་ན། །གང་ལ་འགལ་བའི་དོན་ཅན་གྱི། །ཚིག་ཀྱང་མངོན་པར་འདོད་པར་འགྱུར། །ཞེས་པ་སྟེ། མངོན་པར་ཆགས་པ་དང་ལྡན་པའི་སེམས་ལ་སྐབས་དེ་ལྟ་བུ་འགའ་ཞིག་ཏུ་ཡོད་པས་ན། གང་ལ་འགལ་བའི་དོན་ཅན་གྱི་ཚིག་དག་ཀྱང་མངོན་པར་འདོད་པར་འགྱུར་རོ། །གཉིས་པ་ནི། གཞན་གྱི་བུད་མེད་ལ་སྲེད་པ། །འཕགས་པ་བདག་གིས་ག་ལ་རིགས། །དེ་ཡི་སོ་སྒྲིབ་གཡོ་བ་དག །བདག་ནི་ནམ་ཞིག་འཐུང་འགྱུར་རམ། །ཞེས་པ་སྟེ། གཞན་གྱི་བུད་མེད་ལ་ཆགས་ཤིང་སྲེད་པ་ནི་འཕགས་པ་བདག་གིས་ག་ལ་རིགས་ཏེ་མི་རིགས་མོད། འོན་ཀྱང་མཛེས་མ་དེའི་སོ་སྒྲིབ་གཡོ་བ་དག་བདག་ནི་ནམ་ཞིག་འཐུང་བར་འགྱུར་རམ་ཞེས་པ་ལྟ་བུ་འགལ་ཡང་ཆགས་པ་ཕུལ་བྱུང་སྟོན་པས་སྐྱོན་མེད་དོ། །གསུམ་པ་དོན་གཅིག་ལ། མཚན་ཉིད་ནི། དོན་ཉིད་དམ་ནི་སྒྲ་ལ་ཡང་། །ཁྱད་པར་མེད་པར་སྔར་བརྗོད་པ། །གལ་ཏེ་སླར་ཡང་རབ་བསྒྲགས་པ། །དེ་ནི་དོན་གཅིག་པར་འདོད་དཔེར། །ཞེས་པ་སྟེ། བརྗོད་བྱའི་དོན་ཉིད་དམ་ནི་རྗོད་བྱེད་ཀྱི་སྒྲ་ལ་ཡང་དགོས་པ་ཁྱད་པར་ཅན་མེད་པར་སྔར་བརྗོད་པ་ཉིད་གལ་ཏེ་སླར་ཡང་རབ་ཏུ་བསྒྲགས་པ་དེ་ནི་དོན་གཅིག་པར་འདོད་དེ། དཔེར་ན། ཞེས་སོ། །དཔེར་བརྗོད་ནི། སྲེད་པ་སྲེད་བྱེད་བུ་མོ་རྣམས། །དེ་ཡི་ལན་བུའི་འོད་ཟེར་ཅན། །ཆུ་འཛིན་གློག་དང་ལྡན་པ་དང་། །ཟབ་མོ་སྒྲ་སྒྲོག་འདི་དག་གོ །ཞེས་པ་སྟེ། སྲེད་པ་ཆགས་པས་སྲེད་པར་བྱེད་པ་བུ་མོ་རྣམས་ཀྱི་འདོད་པ་འཕེལ་བའི་རྒྱུ་ནི། དེའི་ལན་བུའི་འོད་ཟེར་ཅན་གྱི་ཆུ་འཛིན་དང་། གློག་དང་ལྡན་པ་དང་། ཟབ་མོ་སྒྲ་སྒྲོག་འདི་དག་གོ་ཞེས་པའི་སྲེད་པ་སྲེད་བྱེད་གཉིས་དོན་གཅིགཆུ་འཛིན། གློག་ལྡན། ཟབ་མོ་སྒྲ་སྒྲོག་གསུམ་སྤྲིན་དུ་དོན་གཅིག་པ་ལྟ་བུའོ། །དམིགས་བསལ་ལ། སྐབས་བསྟན་པ་དང་། དཔེར་བརྗོད་པའོ། །དང་པོ་ནི། རྗེས་སུ་བརྩེ་སོགས་
ཁྱད་པར་ལས། །གལ་ཏེ་འགའ་ཞིག་བརྗོད་འདོད་ན། །ཡང་བརྗོད་པ་ལ་སྐྱོན་མེད་དེ། །འདི་ནི་རྒྱན་དུ་རིགས་པ་ཡིན། །ཞེས་པ་སྟེ། རྗེས་སུ་བརྩེ་བ་དང་། སོགས་ཁོངས་ནས་ངོ་མཚར་བ་སོགས་དོན་ཁྱད་པར་ཅན་ལས་གལ་ཏེ་འགའ་ཞིག་བརྗོད་པར་འདོད་ན་ཡང་ཡང་བཟླས་ཏེ་བརྗོད་པ་ལ་སྐྱོན་མེད་དེ་འདི་ནི་རྒྱན་དུ་རིགས་པ་ཡིན་ནོ། །གཉིས་པ་ནི། འདོད་པ་སྐབས་མིན་འཁོན་པ་ཡིས། །བུད་མེད་མཆོག་འདི་བཅོམ་པར་གྱུར། །ཡན་ལག་ཀུན་མཛེས་བཅོམ་པར་གྱུར། །འཇམ་པར་སྒྲོག་མ་བཅོམ་པར་གྱུར། །ཅེས་པ་སྟེ། འདོད་པ་སྐབས་མིན་ཏེ་རྒྱུ་མེད་པར་འཁོན་པ་ཡིས། བུད་མེད་མཆོག་འདི་ནི་བཅོམ་པར་གྱུར་ཏོ། །ཡན་ལག་ཀུན་མཛེས་མ་འདི་བཅོམ་པར་གྱུར་ཏོ། །ངག་འཇམ་པར་སྒྲོག་པ་འདི་བཅོམ་པར་གྱུར་ཏོ་ཞེས་བརྩེ་བའི་དབང་གིས་ཡང་ཡང་བཟླས་པ་ལྟ་བུའོ། །བཞི་པ་ཐེ་ཚོམ་ཅན་ལ། མཚན་ཉིད་ནི། ངེས་པའི་དོན་དུ་རབ་སྦྱར་བའི། །ཚིགས་རྣམས་ཉིད་ཀྱིས་གལ་ཏེ་ནི། །ཐེ་ཚོམ་བསྐྱེད་པར་བྱེད་ན་འདི། །ཐེ་ཚོམ་ཅན་ཞེས་རབ་ཏུ་བརྗོད། །ཅེས་པ་སྟེ། བརྗོད་དོན་གྱི་ངེས་པ་རྟོགས་པའི་དོན་དུ་རབ་ཏུ་སྦྱར་བའི་ཚིག་རྣམས་ཉིད་ཀྱིས་གལ་ཏེ་ཐེ་ཚོམ་སྐྱེད་པར་བྱེད་ན་འདི་ནི་ཐེ་ཚོམ་ཅན་ཞེས་བྱ་བར་རབ་ཏུ་བརྗོད་དོ། །དཔེར་བརྗོད་ནི། རེ་འདོད་དགའ་བ་ལྟ་བ་ཡི། །རོ་ལ་མི་གཡོ་གྲོགས་མོ་དག །རྒྱང་ན་འདུག་པའི་མ་མ་འདིས། །འདི་འདྲ་ལྟ་བར་བཟོད་མ་ཡིན། །ཞེས་པ་སྟེ། འདོད་པའི་ལོངས་སྤྱོད་རེ་འདོད་ཀྱི་ཡིད་ཀྱིས་དགའ་བ་མཛའ་བོ་ལྟ་བའི་རོ་ལ་མིག་ཟུར་གཡོ་བའི་གྲོགས་མོ་དག་ཞེས་བོས་ནས། རྒྱང་རིང་བའམ་ཉེ་བ་ན་འདུག་པའི་མ་མ་འདིས་ཁྱོད་གཉིས་ཀྱི་སྤྱོད་ཚུལ་འདི་འདྲ་ལྟ་བར་བཟོད་པ་མ་ཡིན་ནོ་ཞེས་པའི་རྒྱ་དཔེར་དགའ་བའི་སྐད་དོད་སྲི་ཡ་ཞེས་པ་ཡིད་ཀྱི་འདོད་པ་དང་མཛའ་བོ། ཨ་རཱཏ་རིང་བ་དང་ཉེ་བ། ཨ་དས་ལས་བསྒྲུབས་པ་འདིས་ཞེས་པ་འདིའང་མངོན་འགྱུར་ལྐོག་འགྱུར་གཉིས་ཀ་ལ་འཇུག་པས་ཐེ་ཚོམ་བསྐྱེད་པ་ལྟ་བུའོ། །དམིགས་བསལ་ལ། སྐབས་བསྟན་པ། དཔེར་བརྗོད་པ། དོན་བཤད་པའོ། །དང་པོ་ནི། འདི་འདྲ་ཐེ་ཚོམ་སླད་ཉིད་དུ། །གལ་ཏེ་འགའ་ཞིག་ཏུ་སྦྱར་ན། །འདི་ནི་རྒྱན་ཉིད་དུ་འགྱུར་གྱི། །དེ་ལ་སྐྱོན་མེད་འདི་ལྟ་སྟེ། །
ཞེས་པ་སྟེ། ཚུལ་འདི་འདྲ་ཐེ་ཚོམ་བསྐྱེད་པའི་སླད་ཉིད་དུ་གལ་ཏེ་སྐབས་འགའ་ཞིག་ཏུ་སྦྱར་ན་འདི་ནི་རྒྱན་ཉིད་དུ་འགྱུར་གྱི་དེ་ལ་སྐྱོན་མེད་པས་དཔེར་བརྗོད་ན་འདི་ལྟ་སྟེ་ཞེས་སོ། །གཉིས་པ་ནི། མ་སྨད་དེ་ནི་ལུས་སྐྱེས་ཀྱི། །འཇིགས་པས་གཟིར་ཞིང་རྩུབ་མོ་ཡི། །དུས་ཉིད་ཀྱིས་ནི་བཟུང་བ་མཐོང་། །བདག་ཅག་ཁྱོད་ལ་རེ་བ་ཅི། །ཞེས་པ་སྟེ། མ་སྨད་མཛེས་མ་དེ་ནི་ལུས་སྐྱེས་འདོད་པའམ་ཚ་བའི་ནད་ཀྱི་འཇིགས་པས་གཟིར་ཞིང་རྩུབ་མོའི་དུས་འཆི་བ་ཉིད་ཀྱིས་བཟུང་བ་མཐོང་སྟེ། ད་ནི་བདག་ཅག་མཛའ་བོ་ཁྱོད་ལ་རེ་བ་ཅི་ཡང་མེད་དོ། །གསུམ་པ་ནི། འདོད་པས་གཟིར་རམ་ཚ་བས་གདུངས། །ཞེས་པ་ངེས་མེད་བྱེད་པའི་ཚིག །རྩེད་འཇོས་སྐྱེས་པ་འཁྲུགས་པར་ནི། །བྱ་ཕྱིར་ཕོ་ཉ་མོས་སྨྲས་སོ། །ཞེས་པ་སྟེ། དེ་ལྟ་བུ་འདོད་པས་གཟིར་རམ་ཚ་བས་གདུངས་ཞེས་པ་ངེས་མེད་ཐེ་ཚོམ་སྐྱེ་བར་བྱེད་པའི་ཚིག་སྟེ། རྩེད་འཇོའི་ཀུ་རེའི་སྒོ་ནས་སྐྱེས་པ་འཛའ་བོ་དེའི་ཡིད་འཁྲུག་པར་བྱ་ཕྱིར་ཕོ་ཉ་མོས་སྨྲས་སོ། །ལྔ་པ་རིམ་པ་ཉམས་པ་ལ། མཚན་ཉིད་ནི། མདོར་བསྟན་རྗེས་སུ་ཡོན་ཏན་དོན། །གལ་ཏེ་རྗེས་བསྟན་མ་མ་ན། །རིམ་པ་ཉམས་པར་མངོན་བརྗོད་པའི། །སྐྱོན་དུ་དེ་ནི་བཤད་དེ་དཔེར། །ཞེས་པ་སྟེ། མདོར་བསྟན་གྱི་གོ་རིམ་དང་རྗེས་སུ་མཐུན་པར་ཡོན་ཏན་བརྗོད་པའི་དོན་རྣམས་ཀྱང་གལ་ཏེ་རྗེས་སུ་བསྟན་པར་མ་བྱས་ན་རིམ་པ་ཉམས་པ་ཞེས་བྱ་བར་མངོན་པར་བརྗོད་པའི་སྐྱོན་དུ་དེ་ནི་བཤད་དེ་དཔེར་ན་ཞེས་སོ། །དཔེར་བརྗོད་ནི། འགྲོ་བ་རྣམས་ཀྱིས་གནས་པ་དང་། །སྤྲུལ་དང་འཇིག་རྒྱུ་མ་སྐྱེས་པ། །བདེ་བྱུང་སྲེད་མེད་ཆུ་སྐྱེས་ཀྱི། །སྐྱེ་གནས་ཅན་གྱིས་ཁྱེད་རྣམས་སྲུངས། །ཞེས་པ་སྟེ། འགྲོ་བ་རྣམས་ཀྱིས་གནས་པའི་རྒྱུ་ཁྱབ་འཇུག་དང་། སྤྲུལ་པའི་རྒྱུ་ཚངས་པ་དང་། འཇིགས་པའི་རྒྱུ་དབང་ཕྱུག་ཅེས་བསྟན་ནས། དེ་ལྟ་བུའི་མ་སྐྱེས་པ་བདེ་བྱུང་དང་། སྲེད་མེད་ཀྱི་བུ་དང་། ཆུ་སྐྱེས་པདྨའི་སྐྱེ་གནས་ཅན་རྣམས་ཀྱིས་ཁྱེད་རྣམས་སྲུངས་ཤིག་ཅེས་སྔར་བསྟན་པའི་གོ་རིམ་ལས་འཁྲུགས་པར་བཀོད་པ་ལྟ་བུའོ། །དམིགས་བསལ་ལ། སྐབས་བསྟན་པ་དང་། དཔེར་བརྗོད་པའོ། །དང་པོ་ནི། འབྲེལ་པ་ངེས་པར་ཤེས་པའི་རྒྱུར། །གང་ཡང་གལ་ཏེ་འབད་བྱས་ན། །རིམ་པ་
བཟློས་ཀྱང་སྐྱོན་མིན་པར། །མཁས་པ་རྣམས་ནི་སྨྲ་སྟེ་དཔེར། །དོན་གྱི་འབྲེལ་པ་ངེས་པར་ཤེས་པའི་རྒྱུར་གོ་རིམ་འཁྲུགས་པའི་སྦྱོར་བ་གང་ཡང་གལ་ཏེ་འབད་པར་བྱས་ན་རིམ་པ་བཟློག་ཀྱང་སྐྱོན་མིན་པར་མཁས་པ་རྣམས་ནི་སྨྲ་སྟེ། དཔེར་ན་ཞེས་སོ། །གཉིས་པ་ནི། གཉེན་གཏོང་བ་དང་ལུས་གཏོང་དང་། །ཡུལ་གཏོང་ཞེས་པ་གསུམ་པོ་ལ། །དང་པོ་ཐ་མ་ཉོན་མོངས་རིང་། །བར་པ་སྐད་གཅིག་གདུང་བའོ། །ཞེས་པ་སྟེ། གཉེན་གཏོང་བ་སྟེ་དེ་དང་བྲལ་བ་དང་། །ཤི་སྟེ་ལུས་གཏོང་བ་དང་། ཡུལ་ཁམས་གཏོང་བ་ཞེས་པ་གསུམ་པོ་འདི་ལ། དང་པོ་དང་ཐ་མ་གཉིས་ཉོན་མོངས་པའི་གདུང་བ་རྒྱུན་རིང་ལ། བར་པ་སྐད་ཅིག་ཙམ་གྱི་གདུང་བའོ་ཞེས་གདུང་བ་རིང་ཐུང་གི་འབྲེལ་པ་ཤེས་པའི་རྒྱུ་དེ་ལྟ་བུ་གོ་རིམ་འཁྲུགས་པར་བཀོད་ཀྱང་སྐྱོན་མེད་དོ། །དྲུག་པ་སྒྲ་ཉམས་ལ། མཚན་ཉིད་ནི། མཚོན་བྱ་མཚན་ཉིད་ལམ་མ་མཚོན། །ཚིག་སྦྱོར་མཆོག་མིན་འདོད་པ་ནི། །སྒྲ་ཉམས་ཡིན་ཏེ་མཆོག་རྣམ་དག །འདོད་པ་ཉིད་ནི་སྐྱོན་མ་ཡིན། །ཞེས་པ་སྟེ། མཚོན་བྱ་བརྗོད་པར་བྱ་བའི་མཚན་ཉིད་སྒྲའི་ཆོ་གའི་རིམ་པ་སྒྲ་རྗེས་སུ་བསྟེན་པ་ལས་བྱུང་བའི་ལམ་མ་མཚོན་པ་སྒྲའི་བསྟན་བཅོས་དང་འགལ་བའི་ཚིག་སྦྱོར་མཆོག་མིན་དག་འདོད་པ་ནི་སྒྲ་ཉམས་པ་ཡིན་ཏེ། དེ་ལས་བཟློག་པ་མཆོག་རྣམ་དག་འདོད་པ་ཉིད་ནི་སྐྱོན་མ་ཡིན་ནོ། །དཔེར་བརྗོད་ནི། ས་གཞི་རྒྱ་མཚོའི་སྐ་རགས་ཅན། །རྒྱལ་ཆེན་ཁྱོད་ལ་དཔུང་པས་སྲུངས། །ཞེས་པ་ཤེས་འདོད་མེད་པས་ན། །ཚིག་འདིས་ལ་ནི་ཉམས་ཡོད་མིན། །ཞེས་པ་སྟེ། ས་གཞིི་ཁྱོན་རྒྱ་མཚོའི་སྐ་རགས་ཅན་འདི་ནི་རྒྱལ་པོ་ཆེན་པོ་ཁྱོད་ཀྱི་དཔུང་པས་སྲུངས་ཤིག་ཅེས་པའི་རྒྱ་དཔེར། ཁྱོད་ཀྱི་ཞེས་པར་རྣམ་དབྱེ་དྲུག་སྟེར་དགོས་པ་ལ་བཞི་པ་བྱིན་པས་རྒྱལ་ཆེན་ཁྱོད་ལ་ཞེས་བྱུང་བས་མཚོན་སྒྲ་ཉམས་དུ་མ་གསལ་བར་ཡོད་པ་ལྟ་བུ་སྟེ། ཞེས་པ་ཤེས་འདོད་དམ་བརྗོད་འདོད་མེད་པས་ཚིག་འདི་ལ་ནི་ཉམས་ཡོད་པ་མ་ཡིན་ནོ། །དམིགས་བསལ་ལ། དཔེར་བརྗོད་པ་དང་། སྐྱོན་མེད་དུ་སྒྲུབ་པའོ། །དང་པོ་ནི། ལྷོ་ཡི་རི་ལས་ཉེར་བཏུད་པའི། །རླུང་གིས་ཙཱུ་ཏའི་རྐང་འཐུང་ནི། །ཡལ་འདབ་རོལ་པར་བསྐྱོད་པ་ཡི། །མྱུ་གུ་མཛེས་དང་ལྡན་པར་བྱེད། །ཅེས་པ་སྟེ། ལྷོའི་རི་ལས་
ཉེ་བར་བཏུད་དེ་འོངས་པའི་རླུང་གིས་ཤིང་ཙཱུ་ཏའི་རྐང་འཐུང་ནི་ཡལ་འདབ་རྣམས་རོལ་ཞིང་བརྩེ་བ་ལྟར་བསྐྱོད་པའི་མྱུ་གུ་མཛེས་པ་དང་ལྡན་པར་བྱེད་དོ། །གཉིས་པ་ནི། ཅེས་སོགས་བསྟན་བཅོས་བདག་ཉིད་ཆེ། །ལྟ་ལ་གཡེལ་བའི་སེམས་ལྡན་པ། །སྒྲ་ཉམས་བཞིན་དུ་སྣང་མོད་ཀྱི། །སྐལ་བཟང་ནམ་ཡང་གཏོང་མ་ཡིན། །ཞེས་པ་སྟེ། བརྗོད་མ་ཐག་པ་འདི་ཉིད་སྒྲའི་བསྟན་བཅོས་ཀྱི་བདག་ཉིད་ཆེན་པོ་ལྟ་བ་ལ་གཡེལ་བའི་སེམས་དང་ལྡན་པ་རྣམས་ལྷོ་ཡི་རི་ལས་ཞེས་ལྔ་པ་མི་ཐོབ་པར་རི་ལ་ཞེས་བདུན་པའམ་གཉིས་པ་གང་རུང་སྟེར་དགོས་པར་འདོད་པས་མཚོན་སྒྲ་ཉམས་བཞིན་དུ་སྣང་མོད་ཀྱི། གཞན་དུ་ན་དེ་ལྟ་བུ་ནི་སྐལ་བཟང་ནམ་ཡང་གཏོང་བ་མ་ཡིན་ནོ། །བདུན་པ་གཅོད་མཚམས་ཉམས་པ་ལ། མཚན་ཉིད་ནི། ཚིགས་བཅད་རྣམས་ལ་ངེས་པའི་གནས། །ཚིག་གི་གཅོད་མཚམས་ངལ་གསོ་རིག །དེ་ཉམས་གཅོད་མཚམས་ཉམས་པ་སྟེ། །ཉན་པ་དགའ་མིན་བསྐྱེད་དེ་དཔེར། །ཞེས་པ་སྟེ། ཚིགས་སུ་བཅད་པ་རྣམས་ལ་ངལ་གསོ་ངེས་པའི་གནད་ནི་ཚིག་གི་གཅོད་མཚམས་ཉམས་སུ་ངལ་གསོ་བར་རིག་ལ། དེ་ཉམས་པ་ནི་གཅོད་མཚམས་ཉམས་པ་ཡིན་ཏེ། ཉན་པ་པོ་དག་དགའ་བ་མིན་པ་བསྐྱེད་པར་བྱེད་དེ། དཔེར་ན་ཞེས་སོ། །དཔེར་བརྗོད་ནི། བུད་མེད་རྣམས་ཀྱིས་ཡང་དག་བརྗོད་པའི་ཆོ་ག་རོ་ཉམས་མེད་ལ་འདིར། །མཆོག་རྣམས་དང་འགྲོགས་མི་དབང་ཉི་མའི་རིགས་འདིས་ལྟ་བྱེད་ལ་སོགས་སྐྱོན། །ཞེས་པ་སྟེ། བུད་མེད་རྣམས་ཀྱིས་ཡང་དག་པ་བརྗོད་པའི་ཆོ་ག་གླུ་དབྱངས་ལེན་པ་ལ་སོགས་པ་སྒེག་སོགས་ཀྱི་རོ་ཉམས་མེད་པ་ལ། སྐབས་འདིར་སྐྱེས་བུ་མཆོག་རྣམས་དང་འགྲོགས་པའི་མི་དབང་ཉི་མའི་རིགས་བརྒྱུད་ལས་བྱུང་བ་འདིས་ཀྱང་ལྟ་བར་བྱེད་དོ་ཞེས་པ་ལ་སོགས་པ་སྐྱོན་ཡོན་ནོ། །དེ་ཡང་རྒྱ་དཔེར། སཾ་གཱི་ཏི། ཞེས་པའི་མིང་གི་དབུས་ན་ངལ་གསོ་ཡོད་པ་སོགས་དཔེར་བརྗོད་གསལ་བར་ཡོད་དོ། །དམིགས་བསལ་ལ། དངོས་དང་། སྐྱོན་མེད་དུ་སྒྲུབ་པའོ། །དང་པོ་ནི། བྱ་དང་བྱ་མིན་མ་ཚང་མེད་ལ་ལུང་ཉིད་ཀྱིས་ནི་ལྟ་བྱེད་ཅིང་། །མི་བདག་འདི་ཡི་དབང་གྱུར་ས་འཛིན་ཞེས་པ་དེ་ལྟར་སྦྱོར་བ་ཡོད། །ཅེས་པ་སྟེ། བྱ་བ་དང་བྱ་བ་མ་ཡིན་པའི་བླང་དོར་མ་ཚང་བ་
མེད་པ་རྟོགས་པ་ལ་རྣམ་པར་དག་པའི་ལུང་ཉིད་ཀྱིས་ནི་ལྟ་བར་བྱེད་ཅིང་སྟོབས་ལྡན་མི་བདག་འདི་ཡི་རང་དབང་དུ་གྱུར་བའི་ས་གཞི་འཛིན་པར་བྱེད་ཅེས་པ་དེ་ལྟར་མིང་གི་དབུས་སུ་ངལ་གསོ་སྦྱོར་བ་ལྟར་ཡོད་དེ། རྒྱ་དཔེར། ཀཱརྨཱ་ཎི་ཞེས་པའི་ཡཱ་ལ་ངལ་གསོ་བྱས་པ་ལ་སོགས་པ་ལྟ་བུའོ། །གཉིས་པ་ནི། ཇི་ལྟར་ཚིག་མཐའ་ཕྱིས་པ་ལ། །ལྷག་མ་ཚིག་ཉིད་དུ་ངེས་པ། །དེ་བཞིན་མཚམས་སྦྱོར་རྣམ་འགྱུར་མཐའ། །ཚིག་ཉིད་ཅེས་ནི་བརྗོད་པ་ཡིན། །དེ་ལྟ་ན་ཡང་རྣ་བར་རྩུབ། །སྙན་ངག་མཁན་༼རྣམས་༽མི་སྦྱོར་ཏེ། །རྒྱལ་པོ་དེ་ཡི་རྒྱལ་མཚན་གྱི། །ཏོག་གིས་ཆུ་འཛིན་བསྐུལ་ཞེས་འདིའོ། །ཞེས་པ་སྟེ། ཇི་ལྟར་རྣམ་དབྱེའི་སྟོབས་ཀྱིས་ཚིག་མཐའ་ཕྱིས་པ་ལ་ལྷག་མ་ཚིག་ཉིད་དུ་ངེས་པ་དེ་བཞིན་དུ་མཚམས་སྦྱོར་དང་རྣམ་འགྱུར་གྱི་མཐའ་ལ་ཡང་ཚིག་ཉིད་ཅེས་ནི་བརྗོད་པ་ཡིན་ནོ། །དེ་ལྟ་ན་ཡང་འདི་ནི་རྣ་བར་རྩུབ་ཅིང་མི་སྙན་པའི་ཕྱིར་སྙན་ངག་མཁན་རྣམས་མི་སྦྱོར་ཏེ། དཔེར་ན། རྒྱལ་པོ་དེའི་རྒྱལ་མཚན་གྱི་ཏོག་གིས་ཆུ་འཛིན་སྤྲིན་གྱི་ཚོགས་རྣམས་བསྐུལ་ཞིང་བསྐྱོད་པར་བྱེད་ཅེས་པའི་འདི་ལྟ་བུ་སྟེ། རྒྱ་དཔེར། ཏོག་གི་སྐད་དོད། ཀེ་ཏུ། ཞེས་པའི་ཀེ་ནི་རྐང་པའི་མཐར་ཡོད་ཅིང་བདུན་པའི་ཚིག་མཐའ་ཡིན་པས་ངལ་གསོ་ཉམས་པའི་སྐྱོན་མིན་ནའང་མི་སྙན་པས་སྤང་བར་བྱའོ། །བརྒྱད་པ་སྡེབ་སྦྱོར་ཉམས་པ་ལ། མཚན་ཉིད་ནི། གང་དུ་ཡི་གེ་ཆད་ལྷག་དང་། །ལྕི་ཡང་ཇི་ལྟ་བཞིན་མི་གནས། །དེ་ནི་སྡེབ་སྦྱོར་ཉམས་པ་སྟེ། །སྐྱོན་འདི་ཤིན་ཏུ་སྨད་པའོ། །ཞེས་པ་སྟེ། ཚིགས་བཅད་གང་དུ་ཡི་གེ་ཆད་ལྷག་དང་། ལྕི་ཡང་གི་སྦྱོར་བ་སྡེབ་སྦྱོར་ལས་བཤད་པ་ཇི་ལྟ་བ་བཞིན་དུ་མི་གནས་པ་དེ་ནི་སྡེབ་སྦྱོར་ཉམས་པ་སྟེ། སྐྱོན་འདི་ནི་ཤིན་ཏུ་སྨད་བྱར་གྱུར་པའོ། །དཔེར་བརྗོད་ལ། ཆད་ལྷག་དང་། ལྕི་ཡང་གི་དཔེའོ། །དང་པོ་ནི། ཟླ་བའི་འོད་ཟེར་རབ་བསིལ་བས། །རེག་ཅེས་ཡི་གེ་ཉུང་བ་ཉིད། །ས་ཧཱ་ཀཱ་རའི་ལོ་འདབ་གསར་པ་རྣམས། །སྣུམ་ཞེས་ཡི་གེ་ལྷག་པའམ། །ཞེས་པ་སྟེ། ཟླ་བའི་འོད་ཟེར་རབ་ཏུ་བསིལ་བས་རེག་ཅེས་པ་ལ་རྒྱ་དཔེར་ཡི་གེ་བདུན་ལས་མེད་པས་ཉུང་བ་ཉིད་དང་། ས་ཧཱ་ཀཱ་རའི་ལོ་འདབ་གསར་པ་རྣམས་ཤིན་ཏུ་སྣུམ་ཞེས་པར་ཡི་གེ་དགུ་ཡོད་པས་ལྷག་པ་ཉིད་དེ། བོད་
སྐད་ལ་ཡང་གསལ་བ་བཞིན་ནོ། །གཉིས་པ་ནི། འདོད་པའི་མདའ་རྣོན་རི་དྭགས་མིག་ཅན་ལ། །རྣམ་པར་འཕངས་ཞེས་ལྕི་བ་ཇི་བཞིན་མིན། །མཛེས་པའི་མིག་ཅན་དག་ལ་མྱོས་བྱེད་ཀྱིས། །མདའ་རྣོན་ལྷུང་ཞེས་ཡང་བ་ཇི་བཞིན་མིན། །ཞེས་པ་སྟེ། འདོད་པའི་ལྷས་མེ་ཏོག་གི་མདའ་རྣོན་པོ་རི་དྭགས་མིག་ཅན་མ་ལ་རྣམ་པར་འཕངས་ཞེས་པ་ཉེ་དབང་རྡོ་རྗེའི་ཡི་གེ་དང་པོ་ལ་ཡང་བ་དགོས་པ་ལ་ལྕི་བ་བྱུང་བས་ལྕི་བ་ཇི་བཞིན་མིན་ལ། མཛེས་པའི་མིག་ཅན་མཛེས་མ་དག་ལ་མྱོས་བྱེད་འདོད་ལྷ་དག་གིས་མདའ་རྣོན་ལྷུང་སྟེ་འདོད་པའི་དབང་དུ་གྱུར་ཅེས་པ་དབང་པོ་རྡོ་རྗེའི་ཡི་གེ་དང་པོ་ལྕི་བ་དགོས་པ་ལ་ཡང་བ་བྱུང་བས་ཡང་བ་ཇི་བཞིན་མིན་ནོ། །དགུ་པ་མཚམས་སྦྱོར་ཉམས་པ་ལ། མཚན་ཉིད་ནི། བསྡུས་པ་བརྗོད་པར་མི་འདོད་ཅེས། །ཚིག་ལ་མཚམས་སྦྱོར་མེད་པ་དང་། །ཡ་ཕྱིས་ལ་སོགས་རྒྱུ་མེད་པ། །དེ་ནི་མཚམས་སྦྱོར་བྲལ་ཞེས་བསྟན། །ཞེས་པ་སྟེ། བསྡུས་པ་མཚམས་སྦྱར་བ་བརྗོད་པར་མི་འདོད་དོ་ཞེས་ཚིག་ལ་མཚམས་སྦྱོར་ཐོབ་ཀྱང་མེད་པར་བྱས་པ་དང་། ཨེ་ཨ་ཡའི་ཡ་ཕྱིས་ཤུལ་ལྟ་བུ་ལ་སོགས་པ་རང་བཞིན་དུ་འཇོག་པའི་རྒྱུ་མཚན་མེད་པར་མཚམས་སྦྱོར་མི་བྱེད་པ་དེ་ནི་མཚམས་སྦྱོར་བྲལ་བ་ཞེས་བསྟན་ཏོ། །དཔེར་བརྗོད་ནི། མཁའ་དང་བདག་གི་ཡིད་ལ་ཡང་། །རླུང་ནི་དལ་བུར་རྒྱུ་བ་ཡི། །བུད་མེད་འགྲམ་པའི་དཀྱིལ་འཁོར་ལ། །རྔུལ་གྱི་ཆུ་རྒྱས་སེལ་བར་བྱེད། །ཅེས་པ་སྟེ། ནམ་མཁའ་ལ་རླུང་དལ་བུར་རྒྱུ་བ་དང་། དེས་ཡིད་འཕྲོག་པའི་སྒོ་ནས་བདག་གི་ཡིད་ལ་ཡང་རྒྱུ་བ་ཡིས། བུད་མེད་ཀྱི་འགྲམ་པའི་དཀྱིལ་འཁོར་ལ་གདུང་བ་ལས་བྱུང་བའི་རྔུལ་གྱི་ཆུ་རྒྱས་པ་སེལ་བར་བྱེད་དོ་ཞེས་པའི་རྒྱ་དཔེར། ཙ་ར་ཏཱ། ཨངྒ་ནཱ་ཞེས་པའི་ཏཱ་དང་ཨ་གཉིས་ལ་མཚུངས་འདྲའི་མཚམས་སྦྱོར་ཐོབ་ཀྱང་ཤད་ཀྱིས་མ་བྱས་པ་ལྟ་བུའོ། །དམིགས་བསལ་ནི། མཚན་མོ་འདི་ལ་ཞེས་འདི་འདྲ། །མཁས་པས་ཉམས་པར་རིག་མི་བྱེད། །ཅེས་པ་སྟེ། མཚན་མོ་འདི་ལ་ཞེས་པའི་སྐད་དོད་ཀྱི་མགོའི་ཨཱ་དང་དཔེར་བརྗོད་སྔ་མ་འཇུག་གི་ཨི་ལྟ་བུ་མཚམས་སྦྱོར་ཐོབ་ཀྱང་ཤད་ཀྱིས་བར་ཆོད་པས་མ་བྱས་པ་འདི་འདྲ་མཁས་པ་རྣམས་ཀྱིས་མཚམས་སྦྱོར་ཉམས་པར་རིག་པར་མི་བྱེད་དོ། །
བཅུ་པ་འགལ་བ་དྲུག་བཤད་པ་ལ་གསུམ། མཚན་ཉིད། དཔེར་བརྗོད། དམིགས་བསལ་ལོ། །དང་པོ་ནི། རི་ནགས་ཡུལ་འཁོར་ལ་སོགས་ཡུལ། །ཉིན་མཚན་དུས་དྲུག་ལ་སོགས་དུས། །འདོད་པའི་དོན་ལ་བརྟེན་པ་ཡི། །གར་དང་གླུ་སོགས་སྒྱུ་རྩལ་ཏེ། །འབྱུང་པོ་རྒྱུ་དང་མི་རྒྱུ་བའི། །འཇུག་པ་འཇིག་རྟེན་མིང་ཅན་ནོ། །རིགས་པ་གཏན་ཚིགས་རིག་བདག་ཉིད། །ཐོས་བཅས་གསུངས་པ་ལུང་ཉིད་དེ། །སྙན་ངག་མཁན་པོ་བག་མེད་ལས། །དེ་དེར་ཇི་ལྟར་གྲགས་པ་བཞིན། །མིན་པར་གལ་ཏེ་རབ་བཞུགས་ན། །འདི་ནི་ཡུལ་སོགས་འགལ་ཞེས་བརྗོད། །ཅེས་པ་སྟེ། རི་དང་། ནགས་དང་། ཡུལ་འཁོར་ལ་སོགས་པ་ཡུལ་དང་། ཉིན་མཚན་དང་། དབྱར་སོགས་དུས་དྲུག་ལ་སོགས་པ་དུས་དང་། འདོད་པའི་དོན་ལ་བརྟེན་པའི་གར་དང་གླུ་སོགས་སྒྱུ་རྩལ་ཏེ། འབྱུང་པོ་རྒྱུ་བ་དང་མི་རྒྱུ་བ་སེམས་ལྡན་དང་བེམ་པོའི་འཇུག་པ་འཇིག་རྟེན་གྱི་མིང་ཅན་ནོ། །རིགས་པ་ནི་གཏན་ཚིགས་རིག་པ་རྟོག་གེའི་བདག་ཉིད་དང་། ཐོས་པ་རིག་བྱེད་དང་བཅས་གསུངས་པ་ལུང་ཉིད་དེ་སྙན་ངག་མཁན་པོ་བག་མེད་པས་མཁས་རློམ་རྣམས་ལས་གཞན་དེ་དང་དེར་ཇི་ལྟར་གྲགས་པ་བཞིན་མིན་པར་གལ་ཏེ་རབ་ཏུ་ཞུགས་ན་འདི་ནི་ཡུལ་སོགས་དང་འགལ་བ་ཞེས་པའི་སྐྱོན་དུ་བརྗོད་དོ། །གཉིས་པ་ལ། དང་པོ་ཡུལ་འགལ་ནི། ག་བུར་རྐང་འཐུང་ལ་རེག་པའི། །མ་ལ་ཡ་རླུང་དྲི་བཟང་ཅན། །ཀ་ལིངྐ་ཡི་ནགས་སྐྱེས་པའི། །གླང་པོ་དག་ནི་རི་དྭགས་རིགས། །ཙོ་ལ་ཀཱ་བེ་རི་ངོགས་པ། །ཨ་ཀ་རུ་ནི་ནག་པོ་སྔོ། །ཞེས་པ་ཡུལ་དང་འགལ་བ་ཡི། །ཚིག་གི་འཇུག་པ་འདི་འདྲ་སྟེ། །ཞེས་པ་སྟེ། ག་བུར་གྱི་ཤིང་གི་རྐང་འཐུང་ལ་རེག་པའི་མ་ལ་ཡའི་རླུང་ནི་དྲི་བཟང་པོ་ཅན་ནོ་ཞེས་པ་དེ་ན་ག་བུར་མེད་པས་འགལ། ཀ་ལིངྐའི་ནགས་སུ་སྐྱེས་པ་གླང་པོ་དག་ནི་རི་དྭགས་ཀྱི་རིགས་སོ་ཞེས་པ་དེའི་གླང་པོ་ཆེ་བྷ་དྲའི་རིགས་ཡིན་པས་འགལ། ཙོ་ལའི་ཡུལ་འཁོར་གྱིས་ཆུ་ཀླུང་ཀཱ་བེ་རིའི་འགྲམ་ངོགས་ཀྱི་སའི་ཨ་ཀ་རུ་ནི་ནག་པོ་སྔོ་ཞེས་པ་དེ་ན་ཨ་ཀ་རུ་མེད་པས་འགལ་ལོ། །ཞེས་པ་ཡུལ་དང་འགལ་བའི་ཚིག་གི་འཇུག་པ་འདི་འདྲ་སྟེེས་སོ། །གཉིས་པ་དུས་འགལ་ནི། པདྨ་ཅན་ནི་མཚན་མོ་རྒྱས། །ཉིན་བར་ཀུ་མུད་ལྡན་
པ་གསལ། །དཔྱིད་ནི་ནི་ཙུ་ལ་རབ་རྒྱས། །སོས་ཀ་དག་ནི་སྤྲིན་གྱིས་གཏིབས། །ངང་པའི་སྒྲ་ནི་དབྱར་མཉན་འོས། །སྟོན་ནི་རྨ་བྱ་མྱོས་པ་སྟེ། །དགུན་སྟོད་ཉི་མ་དྲི་མ་མེད། །དགུན་ནི་ཙནྡན་བསྔགས་པར་འོས། །ཞེས་པ་འདི་འདྲ་དུས་དང་ནི། །འགལ་བའི་ལུགས་དག་བསྟན་པ་ཡིན། །ཞེས་པ་སྟེ། པདྨ་ཅན་ནི་མཚན་མོའི་དུས་རྒྱས་ཤིང་། །ཉིན་བར་ཀུ་མུད་ལྡན་པ་གསལ་བའི་མཛེས་པ་ངོམ་པ་དང་། དཔྱིད་ནི་ཤིང་ནི་ཙུ་ལ་རབ་ཏུ་རྒྱས་པ་དང་། སོས་ཀ་དག་ནི་སྤྲིན་གྱིས་གཏིབས་ཤིང་། ངང་པའི་སྒྲ་ནི་དབྱར་གྱི་དུས་གཉན་པར་འོས་ལ། སྟོན་ནི་རྨ་བྱ་དགའ་བས་མྱོས་པའི་དུས་ཏེ། དགུན་སྟོད་ཉི་མ་དྲི་མ་མེད་ལ། དགུན་ནི་ཙནྡན་བསྔགས་པར་འོས་སོ་ཞེས་པ་འདི་འདྲ་དུས་དང་འགལ་བའི་ལུགས་དག་བསྟན་པ་ཡིན་ནོ། །གསུམ་པ་སྒྱུ་རྩལ་དང་འགལ་བ་ལ། དངོས་དང་། དོན་བསྡུ་བའོ། །དང་པོ་ནི། སྒྱུ་རྩལ་དག་དང་འགལ་བའི་ལམ། །ཅུང་ཟད་བསྟན་པར་བྱ་སྟེ་དཔེར། །དཔའ་བ་སྒེག་པ་དག་གི་དངོས། །བསྟན་པ་ཁྲོ་དང་ཡ་མཚན་ནོ། །ཞེས་པ་སྟེ། སྒྱུ་རྩལ་དག་དང་འགལ་བའི་ལམ་ཡང་ཅུང་ཟད་བསྟན་པར་བྱ་སྟེ། དཔེར་ན། དཔའ་བ་དང་སྒེག་པ་དག་གི་ཉམས་ཀྱི་དངོས་པོར་གྱུར་པ་ཉམས་ཇི་སྲིད་གནས་ཀྱི་བར་དུ་བསྟན་པའམ་གནས་པ་ནི་ཁྲོ་བ་དང་ཡ་མཚན་ནོ་ཞེས་པ་དཔའ་བ་དང་སྒེག་པའི་ཉམས་ཀྱི་འགྱུར་བ་སྤྲོ་བ་དང་དགའ་བ་ཡིན་པ་ལ་དེ་ལྟར་མ་བརྗོད་པ་ལྟ་བུའོ། །གཉིས་པ་ནི། དབྱངས་བདུན་རྫོགས་པ་འདི་དག་ནི། །ཐ་དད་ལམ་དུ་རབ་ཏུ་འཇུག །འདི་ལྟར་སྒྱུ་རྩལ་དྲུག་ཅུ་བཞིར། །འགལ་བ་ལེགས་པར་རྟོགས་པར་བྱ། །སྒྱུ་རྩལ་ཡོངས་སུ་བཅད་པ་ལས། །དེ་ཡི་རང་བཞིན་གསལ་བར་འགྱུར། །ཞེས་པ་སྟེ། དྲང་སྲོང་། ས་འཛིན། དྲུག་སྐྱེས། བར་མ། བློ་གསལ། ལྔ་པ། འཁོར་ཉན་ཏེ་དབྱངས་བདུན་རྫོགས་པ་སྟེ་བདུན་ཀ་ཚང་བའམ། འདི་དག་གང་རུང་ཐ་དད་ཀྱི་ལམ་དུ་རང་རང་གི་འཇུག་ཡུལ་དང་མཐུན་པར་རབ་ཏུ་འཇུག་པས་འདི་ལྟར་སྒྱུ་རྩལ་དྲུག་ཅུ་རྩ་བཞིར་འགལ་བའི་ཚུལ་ལེགས་པར་རྟོགས་པར་བྱ་ཞིང་། སྒྱུ་རྩལ་ཡོངས་སུ་བཅད་པའི་བསྟན་བཅོས་ལེའུ་བཞི་པ་སློབ་དཔོན་འདི་ཉིད་ཀྱིས་མཛད་པ་ལས་དེའི་རང་བཞིན་གསལ་བར་འགྱུར་རོ། །བཞི་པ་
འཇིག་རྟེན་དང་འགལ་བ་ནི། གླང་པོ་དག་ནི་རལ་པ་གཡོ། །རྟ་ཡི་རྭ་ནི་རྣོ་བ་ཡིན། །ཨེ་རཎྜ་ནི་སྙིང་པོ་ལྕི། །སེང་ལྡེང་ལྗོན་པ་སྙིང་པ་མེད། །ཅེས་པ་འདི་ནི་འཇིག་རྟེན་པ། །ཉིད་དང་འགལ་བ་ཀུན་གྱིས་སྨད། །ཅེས་པ་སྟེ། གླང་པོ་དག་ནི་རལ་བ་གཡོ་བར་བྱེད་ཅིང་། རྟའི་རྭ་ནི་ཤིན་ཏུ་རྣོ་བ་ཡིན་ལ། ཤིང་ཨེ་རཎྜ་ནི་སྙིང་པོ་ལྕི་ཞིང་། སེང་ལྡེང་གི་ལྗོན་པ་ལ་སྙིང་པོ་མེད་དོ་ཞེས་པ་འདི་འདྲ་བ་ནི་འཇིག་རྟེན་པ་ཉིད་དང་འགལ་བ་སྟེ་མཁས་བླུན་ཀུན་གྱིས་སྨད་དོ། །ལྔ་པ་རིགས་པ་དང་འགལ་བ་ལ་དམ་བཅའ་དང་། དཔེར་བརྗོད་དོ། །དང་པོ་ནི། རིགས་པ་ཞེས་བྱ་གཏན་ཚིགས་ཀྱི། །རིགས་པ་དང་འགལ་བསྟན་པར་བྱ། །ཞེས་པ་སྟེ། གོ་སླའོ། །གཉིས་པ་ལ་གཉིས། ནང་པ་དང་། ཕྱི་པའི་རིགས་པ་དང་འགལ་བའོ། །དང་པོ་ནི། བདེ་གཤེགས་འདུས་བྱས་འཇིག་པར་ནི། །གསུང་བ་བདེན་མོད་དེ་ལྟ་ནའང་། །ཙ་ཀོ་ར་ཡི་མིག་ཅན་དེ། །བདག་གི་སྙིང་ལ་ད་དུང་གནས། །ཞེས་པ་སྟེ། བདེ་བར་གཤེགས་པ་སངས་རྒྱས་ཀྱིས་འདུས་བྱས་ཐམས་ཅད་མི་རྟག་པའོ། །ཞེས་འཇིག་པར་གསུང་བ་བདེན་མོད། དེ་ལྟ་ནའང་བྱ་ཙ་ཀོ་རའི་མིག་ཅན་མཛེས་མ་དེ་ནི་བདག་གི་སྙིང་ལ་ད་དུང་གནས་སོ། །གཉིས་པ་ནི། སེར་སྐྱས་གནས་ལ་ཡོད་པ་ཉིད། །རབ་ཏུ་སྐྱེ་བར་ཉེ་བར་བརྗོད། །མེད་པ་ཉིད་ནི་བདག་ཅག་གིས། །རབ་ཏུ་སྐྱེ་བར་མཐོང་གང་ཕྱིར། །རིགས་པ་དག་དང་འགལ་བ་ཡི། །ལུགས་འདི་ཀུན་ཏུ་བལྟ་བར་བྱ། །ཞེས་པ་སྟེ། དྲང་སྲོང་སེར་སྐྱའི་སློབ་མ་གྲངས་ཅན་པ་རྣམས་ཀྱིས་སྔར་ནས་དངོས་པོར་གནས་ལ་ཡོད་པ་ཉིད་ཕྱིས་གསལ་བར་རབ་ཏུ་སྐྱེ་བར་ཉེ་བར་བརྗོད་དེ། དེ་ལྟ་ནའང་སྔར་མེད་པ་ཉིད་བདག་ཅག་གིས་ཕྱིས་རབ་ཏུ་སྐྱེ་བར་མཐོང་བ་གང་གི་ཕྱིར་དེ་ནི་མི་བདེན་ནོ། །དེ་ལྟར་རིགས་པ་དག་དང་འགལ་བའི་ལུགས་འདི་ཀུན་ཏུ་བལྟ་བར་བྱའོ། །དྲུག་པ་ལུང་དང་འགལ་བ་ལ། དམ་བཅའ་དང་། དཔེར་བརྗོད་དོ། །དང་པོ་ནི། དེ་ནས་ལུང་དང་འགལ་བ་ཡི། །འཇུག་པ་དག་ནི་བསྟན་པར་བྱ། །ཞེས་པ་སྟེ། གོ་སླའོ། །གཉིས་པ་ལ་གཉིས། མེ་མ་བཞག་ཀྱང་མཆོད་སྦྱིན་བྱེད་པ་ལུང་དང་འགལ་བ་དང་། ཆོ་ག་མ་བྱས་ཀྱང་རིག་བྱེད་བཀླག་པ་ལུང་དང་འགལ་བའོ། །དང་པོ་ནི།
མེ་ནི་བཞག་པ་མ་ཡིན་ཡང་། །བུ་སྐྱེད་བྲམ་ཟེ་མ་ཉམས་པའི། །སྤྱོད་པས་བརྒྱན་པ་འདི་དག་ནི། །བཻ་ཤྭ་ན་རཱི་མཆོད་སྦྱིན་བྱེད། །ཅེས་པ་སྟེ། རང་སྐྱེས་དུས་ཀྱི་མེ་ནི་བཞག་པ་མ་ཡིན་ནའང་བུ་སྐྱེས་པར་གྱུར་པའི་བྲམ་ཟེ་མ་ཉམས་པའི་སྤྱོད་པས་བརྒྱན་པ་འདི་དག་བཻ་ཤྭ་ན་རཱི་སྟེ་མེའི་མཆོད་སྦྱིན་བྱེད་དོ། །གཉིས་པ་ནི། འདི་ནི་ཆོ་ག་མ་བྱས་ཀྱང་། །བླ་མ་དག་ལས་རིམ་བྱེད་བཀླགས། །རང་བཞིན་དག་པའི་ཤེལ་དག་ནི། །འདུ་བྱེད་གཞན་ལ་ལྟོས་པ་མེད། །ཅེས་པ་སྟེ། འདི་ནི་སྔོན་དུ་ཆོ་གའི་རིམ་པ་མ་བྱས་ཀྱང་བླ་མ་དག་ལས་སྲིད་སྲུང་ལ་སོགས་པའི་རིག་བྱེད་རྣམས་བཀླགས་སོ། །དེ་ཡང་། རང་བཞིན་གྱིས་དག་པའི་ཤེལ་དག་ནི་ཕུལ་བྱུང་བ་སྒྲུབ་པའི་འདུ་བྱེད་གཞན་ལ་ལྟོས་པ་མེད་པ་བཞིན་ནོ། །གསུམ་པ་ལ་གཉིས། སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། སྐྱོན་ནི་མཐའ་དག་འདི་ལ་ཡང་། །རེས་འགའ་སྙན་ངག་མཁན་མཁས་པས། །སྐྱོན་གྱི་གྲངས་ལས་རབ་འདས་ནས། །ཡོན་ཏན་ལམ་ནི་རྣམ་པར་འཛིན། །ཞེས་པ་སྟེ། ཡུལ་འགལ་སྐྱོན་སོགས་འགལ་བ་དྲུག་པོ་མཐའ་དག་པ་འདི་ལ་ཡང་རེས་འགའ་སྙན་ངག་མཁན་མཁས་པས་ལེགས་པར་སྦྱོར་ཤེས་ན་སྐྱོན་གྱི་གྲངས་ལས་རབ་ཏུ་འདས་ནས། ཡོན་ཏན་གྱི་ལམ་ནི་རྣམ་པར་འཛིན་ནོ། །གཉིས་པ་ལ། དང་པོ་ཡུལ་འགལ་ཡང་སྐྱོན་མེད་པ་ནི། རྒྱལ་པོ་དེ་ཡི་མཐུ་ཡིས་ནི། །དེ་ཡི་སྐྱེད་ཚལ་ལྷ་རྣམས་ཀྱི། །ལྗོན་པ་ཡལ་འདབ་གོས་དམར་དང་། །ལྡན་པ་དག་ནི་གནས་སུ་གྱུར། །ཞེས་པ་སྟེ། མི་བདག་རྒྱལ་པོ་དེའི་བསོད་ནམས་ཀྱི་མཐུས་དེའི་སྐྱེད་མོས་ཚལ་ལྷ་རྣམས་ཀྱི་དཔག་བསམ་ལྗོན་པ་ཡལ་འདབ་ཀྱི་གོས་དམར་པོ་དང་ལྡན་པ་དག་གི་གནས་སུ་གྱུར་ཏོ་ཞེས་མི་ཡུལ་དུ་ལྷའི་ཤིང་འབྱུང་བ་འགལ་ཡང་རྒྱལ་པོའི་བསོད་ནམས་ཕུལ་དུ་བྱུང་བར་སྟོན་པས་སྐྱོན་མེད་དོ། །གཉིས་པ་དུས་འགལ་ཡང་སྐྱོན་མེད་པ་ནི། རྒྱལ་པོ་འཇིགས་པ་གསལ་བྱེད་པ། །ཀ་དམྦ་ཡི་རྡུལ་དང་འགྲོགས། །འདབ་བདུན་ལས་འཁྲུངས་སྐྱོད་བྱེད་ཅིང་། །དྲག་པོ་ཡི་ནི་རླུང་དག་རྒྱུ། །ཞེས་པ་སྟེ། རྒྱལ་པོ་འཆི་བའི་འཇིགས་པ་གསལ་བར་བྱེད་པའི་ཆེད་དུ། ཤིང་ཀ་དམྦའི་རྡུལ་དང་འགྲོགས་པའི་འདབ་མ་བདུན་པ་ལས་འཁྲུངས་
པའི་མེ་ཏོག་རྣམས་སྐྱོད་པར་བྱེད་ཅིང་དྲག་པོའི་རླུང་རྩུབ་རྩུབ་མོ་དག་རྒྱུའོ་ཞེས་ཀ་དམྦ་དང་འདབ་བདུན་དུས་ལྷན་ཅིག་བྱུང་བ་འགལ་ཡང་ལྟས་ངན་པ་སྟོན་པས་སྐྱོན་མེད་དོ། །གསུམ་པ་སྒྱུ་རྩལ་དང་འགལ་ཡང་སྐྱོན་མེད་པ་ནི། ཁྱོད་ཀྱིས་རབ་བསྐུལ་སྐྲག་པ་ཡི། །སྐྱེ་བོ་བུད་མེད་ཁས་བརྗོད་གླུ། །སྟབས་མི་མཉམ་པས་འདོད་ལྡན་གྱི། །ཆགས་པ་དག་ནི་འཕེལ་བར་བྱེད། །ཅེས་པ་སྟེ། ཁྱོགས་ཀྱིས་བཏེག་ནས་གཡོ་ཞིང་རབ་ཏུ་བསྐུལ་བས་སྐྲག་པར་གྱུར་པའི་སྐྱེ་བོ་དང་། བུད་མེད་ཀྱི་ཁས་བརྗོད་གླུ་མྱུར་བ་དང་། བར་མ་སོགས་སྟབས་མི་མཉམ་པས་ཀྱང་འདོད་ལྡན་གྱི་ཆགས་པ་དག་ནི་འཕེལ་བར་བྱེད་དོ་ཞེས་སྤྱིར་གླུ་སྟབས་མི་མཉམ་པ་ཡིད་དུ་མི་འོང་བས་ཆགས་པ་འཕེལ་བ་སྒྱུ་རྩལ་དང་འགལ་ཡང་འདོད་ལྡན་རྣམས་ལ་ཅིས་ཀྱང་ཆགས་པ་འཕེལ་བར་སྟོན་པས་སྐྱོན་མེད་དོ། །བཞི་པ་འཇིག་རྟེན་དང་འགལ་ཡང་སྐྱོན་མེད་པ་ནི། ཟླ་བའི་འོད་ཟེར་རབ་བསིལ་བ། །བསྲེག་ཟ་འཛིན་པར་འདོད་ལྡན་ནི། །བུད་མེད་དང་བྲལ་ཉོན་མོངས་ཀྱི། །འཁྲུག་པ་འདི་ཡིས་རྩི་བར་བྱེད། །ཅེས་པ་སྟེ། ཟླ་བའི་འོད་ཟེར་རབ་ཏུ་བསིལ་བ་ཡིན་ཡང་བསྲེག་བྱ་འཛིན་པར་འདོད་ལྡན་བུད་མེད་དང་བྲལ་བའི་ཉོན་མོངས་པ་སེམས་འཁྲུགས་པ་འདི་ཡིས་རྩི་བར་བྱེད་དོ་ཞེས་ཟླ་བའི་མེའི་རང་བཞིན་དུ་འཛིན་པ་འཇིག་རྟེན་དང་འགལ་ཡང་ཆགས་པ་ཕུལ་བྱུང་སྟོན་པས་སྐྱོན་མེད་དོ། །ལྔ་པ་རིགས་པ་དང་འགལ་ཡང་སྐྱོན་མེད་པ་ནི། གཞལ་བྱ་ཡིན་ཡང་གཞལ་བྱ་མིན། །ཆ་ལྡན་ཡིན་ཡང་ཆ་ལྡན་མིན། །གཅིག་ཉིད་ཡིན་ཡང་གཅིག་ཉིད་མིན། །སྣ་ཚོགས་གཟུགས་ཁྱོད་ལ་ཕྱག་འཚལ། །ཞེས་པ་སྟེ། རྗེས་དཔག་ཚད་མས་རྟོགས་པས་གཞལ་བྱ་ཡིན་ཡང་དབང་པོའི་མངོན་སུམ་གྱི་ཡུལ་མ་ཡིན་པས་གཞལ་བྱ་མིན་ལ། ས་སོགས་སྣ་ཚོགས་པའི་གཟུགས་ཅན་ཡིན་པས་ཆ་ལྡན་ཡིན་ཡང་ངོ་བོ་མཆོག་དམ་པའི་བདག་ཉིད་ཡིན་པས་ཆ་ལྡན་མིན་ཞིང་། ངོ་བོ་རྟག་པའི་གཟུགས་གཅིག་ཉིད་ཡིན་ཡང་འགྱུར་བ་སྣ་ཚོགས་སྟོན་པས་གཅིག་ཉིད་མིན་པ་སྟེ། དེ་ལྟ་བུའི་སྣ་ཚོགས་གཟུགས་ཅན་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་ལོ་ཞེས་གཞལ་བྱ་ཡིན་པ་དང་མ་ཡིན་པ་སོགས་རིགས་པ་དང་འགལ་ཡང་དབང་ཕྱུག་གི་ཡོན་ཏན་དུ་མི་
འགལ་བས་སྐྱོན་མེད་དོ། །དྲུག་པ་ལུང་དང་འགལ་ཡང་སྐྱོན་མེད་པ་ནི། སྐྱ་སེང་བུ་ལྔ་དག་གི་ནི། །ཆུང་མ་ལྔ་ལེན་བུ་མོ་སྟེ། །དག་པ་རྣམས་ཀྱི་མཆོག་ཏུ་གྱུར། །འདི་འདྲ་ལྷ་ཡི་སྒྲུབ་བྱེད་དོ། །ཞེས་པ་སྟེ། རྒྱལ་པོ་སྐྱ་སེང་གི་བུ་ལྔར་གྲགས་པ་ནི། གཡུལ་ངོར་བརྟན་པ་དང་། ལྷར་བཅས་དང་། འཇིགས་སྡེ་དང་། སྲིད་སྒྲུབ་དང་། རིགས་མེད་དེ་ལྷས་བྱིན་པས་བུ་ལྔ་པོ་དེ་དག་གི་ཆུང་མ་ཐུན་མོང་དུ་རྒྱལ་པོ་ལྔ་ལེན་གྱི་བུ་མོ་དྲཽ་པ་དཱི་ཞེས་པ་ཡིན་ཏེ། དེ་ནི་བུད་མེད་འཆོལ་པའི་སྐྱོན་གྱིས་མ་གོས་པ་དག་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཡིན་ནོ་ཞེས་རིགས་མི་གཅིག་པའི་སྐྱེས་པ་དུ་མ་བསྟེན་པ་དག་པར་བསྒྲུབ་པ་འདི་འདྲ་ལུང་དང་འགལ་ཡང་ལྷའི་སྒྲུབ་བྱེད་ཡིན་པས་སྐྱོན་མེད་དོ། ༈ །གསུམ་པ་བཞུག་པའི་འབྲས་བུ་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་བསྡུ་བ་དང་། དངོས་སོ། །དང་པོ་ནི། སྒྲ་དོན་རྒྱན་ནི་བཀྲ་བ་དང་། །བྱ་སླ་བྱ་དཀའ་དག་གི་ལམ། །སྙན་ངག་རྣམས་ཀྱི་ཡོན་ཏན་སྐྱོན། །དེ་ལྟར་མདོར་བསྡུས་རབ་ཏུ་བསྟན། །ཞེས་པ་སྟེ། ལུས་གསུམ་མཛེས་པར་བྱེད་པའི་སྒྲ་དོན་གྱི་རྒྱན་ནི་བཀྲ་བ་དང་། བྱ་སླ་བ་དང་བྱ་དཀའ་བ་དག་གི་ལམ་སྲོལ་རྣམས་དང་། སྙན་ངག་རྣམས་ཀྱི་ཡོན་ཏན་དང་སྐྱོན་ཏེ། དེ་ལྟར་མདོར་བསྡུས་པའི་སྒོ་ནས་རབ་ཏུ་བསྟན་ཟིན་ཏོ། །གཉིས་པ་ནི། སྒྲུབ་བྱེད་བསྟན་པའི་ལམ་འདིས་སྐྱོན་དང་ཡོན་ཏན་དག །རབ་ ཏུ་རྟོགས་པའི་བློ་ཅན་སྐལ་བཟང ་དབང་གྱུར་པའི། །ཚིག་དང་མངོན་པར་འགྲོགས་བྱས་ཆང་མིག་མ་དག་དང་། །ལང་ཚོ་ཅན་བཞིན་དགའ་དང་གྲགས་པ་ཐོབ་པར་གྱུར། །ཞེས་པ་སྟེ། སྙན་ངག་གི་མཚན་ཉིད་སྒྲུབ་པར་བྱེད་པའི་ཐབས་ཚུལ་དཎྜི་བདག་གིས་བསྟན་པའི་ལམ་སྲོལ་འདིས་ནི་སྙན་ངག་གི་སྐྱོན་དང་ཡོན་ཏན་དག་རབ་ ཏུ་རྟོགས་པའི་བློ་ཅན་སྐལ་བ་བཟང ་པོའི་དབང་དུ་གྱུར་པའི་སྙན་ཚིག་དང་མངོན་པར་འགྲོགས་པར་བྱས་པ་རྣམས། ཆང་མིག་མ་མཛེས་མ་དག་དང་སྐྱེས་བུ་ལང་ཚོ་ཅན་ལྷན་ཅིག་འགྲོགས་པ་བཞིན་དུ་ཚད་མེད་པའི་དགའ་བ་དང་། སྙན་པའི་གྲགས་པ་ནམ་མཁའི་མཐའ་དང་མཉམ་པའི་སྐལ་བཟང་ཉམས་སུ་མྱོང་བ་ཐོབ་པར་འགྱུར་རོ། །སྙན་ངག་གི་བསྟན་བཅོས་མེ་ལོང་
ལས། སྒྲ་རྒྱན་སོགས་བསྟན་པ་སྟེ་ལེའུ་གསུམ་པའི་དོན་བཤད་ཟིན་ཏོ།། ༈ །།གསུམ་པ་མཇུག་གི་དོན་ནི། སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་ངག་མེ་ལོང་གི་གཞུང་འདི་ཕུལ་དུ་བྱུང་བའི་ཡོན་ཏན་དཔག་ ཏུ་མེད་པས་སྤྲས་པ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་དང་། དཔོན་ཆེན་ཤཱཀྱ་བཟང ་པོའི་བཀའ་ལུང་གིས་རྒྱ་གར་གྱི་མཁན་པོ་སྙན་ངག་མཁན་ཆེན་པོ་ཤྲཱི་ལཀྵྨཱི་ཀ་ར་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་སྟོན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །དེ་རྗེས་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་གོ་དཀའ་བའི་ཆ་ཤས་སུ་གྱུར་པ་རྣམས་དང་དོན་ཆེ་བ་རྣམས་ལ་འགྱུར་བཅོས་བགྱིས་པ་ལ་ཕྱིས་སྙེ་ཐང་བློ་བརྟན་བཞི་པས་ལེགས་པར་འགྱུར་བཅོས་བགྱིས་པ་ལགས་སོ། །ཞེས་པའོ། ༈ །དཎྜིའི་དགོངས་དོན་ཁ་བའི་རྡུལ་བརྩེགས་ནི། །སྙན་ཚིག་ཉིན་བྱེད་ཟེར་གྱིས་བཞུ་བའི་རྒྱུན། །ལེགས་བཤད་ཡན་ལག་བརྒྱད་དུ་འཁྱིལ་བའི་རྫིང་། །བློ་གསལ་ངང་མོའི་འཇུག་ངོགས་བླ་ན་མེད། །ཚུལ་འདི་ངག་དབང་མཚོ་ལྡན་དགའ་མ་ཡིས། །དགྱེས་པའི་འཛུམ་དཀར་གཡོ་བའི་མཚར་སྡུག་གཟུགས། །སྙིང་གི་པད་མཚོར་རོལ་བའི་སྙན་འགྱུར་གླུ། །ལེགས་བཤད་འགྱུར་ཁུག་སྟོང་གི་རོལ་མོ་འཁྲོལ། །རྒྱ་བོད་མཁས་མང་ཐུགས་མཚོ་ལས་འཐོན་པའི། །རྣམ་དཔྱོད་མཁྱེན་བརྩེ་ཆུ་ཁུར་འཛིན་པའི་སྤྲིན། །བཤེས་གཉེན་གསུང་གི་སྙན་འགྱུར་དྲི་བཞོན་གྱིས། །ལྷོངས་པ་བདུད་རྩིའི་ཐིག་ལེ་ཆར་གྱི་རྒྱུན། །བློ་གྲོས་སྙིང་གི་བུམ་པ་བཟང་པོ་རུ། །འཁྱིལ་བའི་དགེ་མཚན་སྐལ་བ་བཟང་པོའི་དཔལ། །དོན་གཉེར་བློ་གསལ་གཞོན་ནུའི་རྣམ་དཔྱོད་ཀྱི། །ཆུ་སྐྱེས་ཀུན་དགར་བཞད་པའི་དཔྱིད་དུ་སྤེལ། །རང་བཞིན་གྲུབ་པའི་སྤོབས་པ་བཟང་པོའི་འབྲས། །མང་ཐོས་དྲོད་གཤེར་བསྐྱེད་ཀྱིས་བསྲིངས་པ་ན། །ལེགས་བཤད་སྙེ་མ་དུད་པའི་ངོ་མཚར་ལ། །མཐོ་རིས་བདག་པོ་དེ་ཡང་བལྟ་བ་སྙམ། །བཅད་ལྷུག་སྤེལ་མ་མཚར་སྡུག་ལུས་ཕྲ་མ། །སྒྲ་དོན་རིན་ཆེན་རྒྱན་གྱི་འཇོ་སྒེག་དང་། །སྙན་ཚིག་གླུ་
ཡི་འགྱུར་ཁུགས་ཀྱིས་བསུས་ཚེ། །ཆགས་བྲལ་དག་ཀྱང་ཆགས་པས་བྲིད་མིན་ནམ། །ཇི་སྙེད་ཤེས་བྱ་ཕ་མཐའ་མེད་པའི་གཟུགས། །ལེགས་བཤད་གཏམ་གྱི་མེ་ལོང་འདི་གསལ་ཚེ། །གྲོང་ཚིག་༼སྙོག༽མའི་ཆུ་ཡི་རྫིང་བུ་ལ། །བལྟ་བར་འདོད་དེ་ག་ཞའི་གནས་སུ་ལྷུང་། །རྣམ་དག་གཞུང་དོན་རྩ་བ་མཆོག་ ཏུ་བརྟན། །མཐའ་གཅོད་ལོ་འདབ་གཞོན་ནུ་ཕང་ཕུང་གཡོ། །ཚིག་སྙན་མེ་ཏོག་དོན་བཟང ་འབྲས་བུས་ལྕི། །སྔོན་མེད་ཡོངས་འདུའི་ལྗོན་པ་འདི་རྨད་བྱུང་། །དོན་གྱི་ཆ་ཤས་ཀུན་ནས་གང་། །ཚིག་སྦྱོར་རི་དྭགས་མཚན་མས་མཛེས། །ལེགས་བཤད་འོད་དཀར་སྤྲོ་བ་ཅན། །སྔོན་མེད་འགྲེལ་པའི་ཟླ་བ་ཤར། །དེ་ཚེ་རྨོངས་པའི་མུན་པ་དག །བསལ་དང་ལྷན་ཅིག་བློ་གྲོས་ཀྱི། །ཀུ་མུད་ཁོང་ནས་བཞད་པ་ལས། །བློ་ལྡན་བདེ་འབྱུང་གཙུག་ན་མཆོད། །རྨད་བྱུང་ཤེས་བྱའི་རྒྱ་མཚོ་ཆེ། །རབ་འཐུངས་ལེགས་བཤད་ཞབས་བསིལ་དུ། །རྣམ་པར་སྤེལ་བར་ཕྱོགས་ཀུན་ལས། །རྒྱལ་བ་རྡོ་རྗེའི་ཁམས་སུ་གྲུབ། །དགེ་འདིས་རྒྱལ་བསྟན་རིན་ཆེན་སྲོག །མི་འགྱུར་བྱེད་པོ་བླ་ན་མེད། །གཞོམ་ཞིག་བྲལ་བ་རྡོ་རྗེའི་མཁར། །ཐར་འདོད་མགོན་དུ་བརྟན་གྱུར་ཅིག །རྣམ་དག་གཞུང་དོན་རིན་ཐང་བྲལ་བའི་ནོར། །རབ་གསལ་ཕན་བདེའི་འོད་འཕྲོ་འདོད་འཇོའི་དཔྱིད། །རྣམ་འགྲེལ་རྒྱལ་མཚན་རྩེ་མོར་མཆོད་པའི་དགེས། །ཐུབ་བསྟན་སྣང་བ་རྒྱས་པའི་དཔལ་གྱུར་ཅིག ། སྙན་ངག་མེ་ལོང་གི་འགྲེལ་པ་གཞུང་དོན་རབ་གསལ་སྣང་བ་ཞེས་བྱ་བ་འདི་ནི་རང་ཉིད་ཀྱི་དྲན་གསོ་དང་གཞན་དག་ལ་ཡང་ཕན་པར་འགྱུར་རམ་སྙམ་ནས་བྲི་འདུན་ཡོད་པའི་སྟེང་གནས་བརྟན་འདུལ་བ་འཛིན་པ་ཁུ་བོ་རྗེ་དབོན་རིན་པོ་ཆེ་ཀུན་དགའ་ཚུལ་ཁྲིམས་རྒྱ་མཚོའི་གསུང་གིས་ཉེ་བར་བསྐུལ་བ་ལ་པད་གླིང་ལྔ་པ་འགྲོ་བའི་རྣམ་འདྲེན་སྤྲུལ་པའི་སྐུ་མཆོག་གསུང་སྤྲུལ་ངག་དབང་ཀུན་བཟང་རྡོ་རྗེའི་བཀའ་ལུང་གིས་ཀྱང་སྐུལ་མ་གནང་བ་དང་། ཉེ་ཆར་ཕུལ་དུ་བྱུང་བའི་མཁྱེན་པའི་སྤྱན་དཀྱུས་རིང་པོར་སྐྱོང་བ་སྟག་ལུང་སྤྲུལ་པའི་སྐུ་ཨོ་རྒྱན་བསྟན་འཛིན་དོན་གྲུབ་ཀྱིས་ནན་ཏན་ཆེན་པོའི་གསུང་གིས་ཡང་ཡང་སྐུལ་མ་བཏབ་པར་བརྟེན་དུས་གསུམ་རྒྱལ་བའི་སྤྱི་གཟུགས་སྐྱབས་མགོན་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་
པོ་སྐུ་མཆེད་ཀྱི་བཀའ་དྲིན་ལ་བརྟེན་ནས་ཕྱི་ནང་གི་རིག་པའི་གནས་དུ་མ་ལ་བློ་ཁ་ཅུང་ཟད་ཕྱོགས་པ་སྨྱོས་ཀྱི་རིགས་ལས་གངས་ཅན་ལྗོངས་ཀྱི་སྙན་ངག་མཁན་ཤཱཀྱའི་དགེ་སློང་པདྨ་འགྱུར་མེད་རྒྱ་མཚོ་མི་ཕམ་རྣམ་རྒྱལ་རྡོ་རྗེ་དཔལ་བཟང་པོས་རང་ལོ་ཉི་ཤུ་པ་རབ་བྱུང་ཉི་མའི་ས་སྐྱོང་གི་ལོ་མགོ་ཟླ་བའི་དཀར་ཕྱོགས་ཚེས་གཉིས་དྲང་སྲོང་ཆེན་པོ་པ་སངས་ཆུ་སྟོད་ཀྱི་དགའ་མ་དང་རྣམ་པར་རྩེན་པ་སྔ་དྲོའི་དུས་དགེ་བར་ཆོས་གྲྭ་ཆེན་པོ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོར་སྦྱར་བའི་ཡི་གེ་རང་ཉིད་ཀྱིས་སུག་བྲིས་སུ་བགྱིས་པ་སྟེ། འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག། །།