Nitartha Digital Library
Tibetan
 
previousསྙན་ངག་གི་མཚན་ཉིད་བསྡུས་པ་རྩོམ་དཔེ་དང་བཅས་པ་སྣ་ཚོགས་ཨུཏྤ་ལའི་ཆུན་པོ། །ལོ་ཆེན་དྷརྨ་ཤྲཱི། next

སྙན་ངག་གི་མཚན་ཉིད་བསྡུས་པ་རྩོམ་དཔེ་དང་བཅས་པ་སྣ་ཚོགས་ཨུཏྤ་ལའི་ཆུན་པོ། །ལོ་ཆེན་དྷརྨ་ཤྲཱི།


MLP007_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་ངག་གི་མཚན་ཉིད་བསྡུས་པ་རྩོམ་དཔེ་དང་བཅས་པ་སྣ་ཚོགས་ཨུཏྤ་ལའི་ཆུན་པོ་ཞེས་བྱ་བ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི།


MLP007_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་ངག་གི་མཚན་ཉིད་བསྡུས་པ་རྩོམ་དཔེ་དང་བཅས་པ་སྣ་ཚོགས་ཨུཏྤ་ལའི་ཆུན་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་མཉྫུ་གྷོ་ཥཱ་ཡ། ལྟ་བས་མི་ངོམས་རབ་མཛེས་སྒེག་མོའི་གཟུགས། །ཚངས་དབང་སྲས་མོ་ཡིད་འཕྲོག་སྒྲ་དབྱངས་ཅན། །ངག་གི་ལྷ་མོའི་ཞབས་པད་ལ་བཏུད་དེ། །སྙན་ངག་ལ་དགའི་སྐྱེས་སུ་ཚུལ་འདི་སྦྱིན། །དེ་ལ་འདིར་སྙན་ངག་གི་མཚན་ཉིད་དཔེར་བརྗོད་དང་བཅས་པ་རྗེ་བཙུན་ཐམས་ཅད་མཁྱེན་པ་གཏེར་ཆེན་བླ་མའི་དགོངས་པ་ལྟར་རང་བློས་གང་ནུས་མདོ་ཙམ་ཞིག་བྲི་བར་བྱའོ། །འདི་ལ་གཉིས་ཏེ། གང་ཞེ་ན། སྙན་ངག་གི་ལུས་ཚོགས་པའི་ངོ་བོ་དང་། དེ་མཛེས་བྱེད་ཀྱི་རྒྱན་གཉིས་སུ་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྟན་ཅིང་གསལ་བར་བྱས་པའི་ཕྱིར། དེ་ལྟར་ཡང་། དེ་རྣམས་ཀྱིས་ནི་སྙན་ངག་གི། ལུས་དང་རྒྱན་ཡང་རབ་ཏུ་བསྟན། །ཅེས་སོ། །དེ་ལ་རེ་ཞིག་སྙན་ངག་གི་ལུས་ནི། སྨྲ་བ་པོས་བརྗོད་པར་འདོད་པའི་དོན་གྱི་བརྗོད་བྱ་ཅན་བསྟན་བཅོས་སུ་བཤད་པའི་ངེས་པ་ལས་མ་འདས་པས་རྣམ་པར་བཅད་ཅིང་། རྗོད་བྱེད་སི་དང་ཏི་སོགས་མཐའ་ཅན་ཚིག་གི་ཕྲེང་བ་ཅན་ཞིག་སྟེ། ལུས་ནི་རེ་ཞིག་འདོད་པ་ཡི། །དོན་གྱི་རྣམ་བཅད་ཚིག་གི་འཕྲེང་། །ཞེས་སོ། །དབྱེ་ན་གསུམ་སྟེ། དེ་ཡང་ཚིགས་བཅད་ལྷུག་པ་དང་། །སྤེལ་མ་རྣམ་གསུམ་ཉིད་དུ་གནས། །ཞེས་གསུངས་པའི་ཕྱིར། དེ་ལ་ཚིགས་སུ་བཅད་པའི་མཚན་ཉིད་ནི། ལུས་གང་ཞིག་རྐང་པ་བཞིར་བཅད་ཅིང་བཞིར་ཚོགས་པའི་ངག་སྟེ། ཚིགས་བཅད་རྐང་བཞི། ཞེས་སོ། །དབྱེ་ན་གཉིས་ལས་སྡེབ་སྦྱོར་གྱི་སྒོ་ནས་བྲྀཏྟ་ཛ་ཏི་གཉིས་སུ་དབྱེ་བ་ནི། བོད་སྐད་ལ་བྲྀཏྟ་དང་རྗེས་མཐུན་ཡི་གེ་བགྲང་བ་ཙམ་ལས་སྡེབ་སྦྱོར་མཚན་ཉིད་པ་མི་འབྱུང་བའི་ཕྱིར་མ་སྨོས་ལ། སྦྱོར་ཚུལ་གྱི་སྒོ་ནས་བཞིར་དབྱེ་བ་ནི།


MLP007_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བ་ལ་སོགས་པའོ། །ལྷུག་པའི་མཚན་ཉིད། ལུས་གང་ཞིག་རྐང་པས་མ་བཅད་པའི་རྣམ་དབྱེའི་མཐའ་ཅན་གྱི་ངག་ཚིག་རྒྱུན་ཆགས་པ། དབྱེ་ན་བརྗོད་པ་དང་གཏམ་གཉིས། འདི་གཉིས་ཐ་དད་པར་འདོད་པ་ཡོད་ཀྱང་མེ་ལོང་རང་ལུགས་མི་འགལ་བར་འདོད་དོ། །སྤེལ་མའི་མཚན་ཉིད། ལུས་གང་ཞིག་ཚིགས་བཅད་ལྷུག་བསྲེས་པའམ་སྐད་རིགས་བསྲེས་པའོ། །དབྱེ་ན་བཅད་ལྷུག་སྤེལ་བ་:ཙམ་བསྡུ་༼ཙམྦཱུ་༽དང་། སྐད་རིགས་བཞི་ཀ་སྤེལ་བ་ཟློས་གར་གཉིས་སོ། །དེ་འདྲའི་བཅད་ལྷུག་སྤེལ་མ་གསུམ་ལ་སྐད་ལེགས་སྦྱར་དང་། རང་བཞིན་དང་། ཟུར་ཆག་དང་། འདྲེས་མ་བཞིར་གནས་ལ། ལེགས་སྦྱར་ལྷའི་སྐད་དང་། རང་བཞིན་ལ། ལེགས་སྦྱར་དེས་སྐྱེས་དང་། དེ་མཚུངས་དང་། ཡུལ་སོ་སོའི་སྐད་ཅན་གསུམ། ཟུར་ཆག་ནི། སྙན་ངག་པ་བ་ལང་རྫི་ལ་སོགས་པའི་སྐད་དུ་འདོད། སྒྲའི་བསྟན་བཅོས་ཀྱི་ལུགས་རྣམས་ལས། ལེགས་སྦྱར་ལས་གཞན་པ་རྣམས་ཟུར་ཆག་ཏུ་འདོད་དོ། །དེ་ལྟར་ལུས་གསུམ་ལས། འདིར་ཚིགས་སུ་བཅད་པ་རྩོམ་པའི་ཚུལ་ལ། ཐོག་མར་གྲོལ་བ་ནི། ཤྭ་ལོ་ཀ་གཅིག་གིས་བརྗོད་བྱའི་དོན་གཅིག་རྫོགས་པས་གཞན་ལ་མ་ལྟོས་པར་རང་དབང་ཅན་དུ་གྲོལ་བར་སྟོན་ཏེ། དཔེར་ན། ངོ་མཚར་སྒྲ་དབྱངས་འདུས་པའི་ཆུ་གཏེར་ལས། །ལེགས་འཁྲུངས་ཚངས་དབང་སྲས་མོ་ཟླ་ཞལ་ཅན། །ཨེ་མ་མ་ལ་མཁྱེན་བརྩེའི་སྣང་བ་ཡིས། །དེ་རིང་བདག་བློའི་ཀུན་ད་བཞད་པར་མཛོད། །ཅེས་པ་ལྟ་བུའོ། །རིགས་ནི། ཤྭ་ལོ་ཀ་དུ་མས་བརྗོད་བྱའི་དོན་གཅིག་བྱ་ཚིག་གཅིག་གིས་རྫོགས་པར་སྟོན་པ་སྟེ། དཔེར་ན། བློ་ལྡན་གང་གིས་རྣམ་པར་འདྲེན་པའི་དཔལ། །མཚན་དཔེའི་མེ་ཏོག་དཔེ་བྱད་ཟེའུ་འབྲུ་ཡིས། །རབ་མཛེས་སྣང་བརྙན་ངོ་མཚར་ཕུང་པོའི་གཏེར། །གསལ་བས་ཡང་དག་རྫོགས་པའི་སངས་རྒྱས་བཞིན། །རལ་པའི་ཅོད་པན་མངོན་པར་འཁྱིལ་བ་གང་། །རྒྱལ་བའི་གཙུག་ཏོར་བལྟར་མི་མངོན་འཕགས་པ། །མཐོང་བའི་སྐལ་བ་རབ་བསྒྲིབས་ལུས་ཅན་ལ། །གསལ་བར་སྟོན་ཕྱིར་ས་འདིར་ལྷགས་པ་བཞིན། །ཉེས་པའི་དྲི་བྲལ་དུང་དང་པད་རྩ་ལྟར། །རབ་དཀར་མཐང་གོས་དག་གིས་ཉེར་བཀླུབས་པ། །མ་ལུས་འགྲོ་བ་རྣམ་གྲོལ་ཐར་པའི་ལམ། །སྟོན་པའི་སྙིང་


MLP007_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་མཆོག་ཏུ་དཀར་བ་བཞིན། །ལྷ་རྫས་རིན་ཆེན་རྒྱན་མང་རབ་བཟུང་བའི། །ཡིད་འོང་རྣམ་བཀྲའི་ཁྲི་ལ་རབ་བཀོད་པ། །མཐོང་ནས་ཡ་མཚན་མངོན་འདོད་དད་པ་ཡི། །བདུད་རྩིའི་རོ་ཡིས་སྙིང་ག་མྱོས་པར་གྱུར། །མཛོད་ནི། གཅོད་མཚམས་བྱ་ཚིག་སྣ་ཚོགས་པའི་སྒོ་ནས་ཤྭ་ལོ་ཀ་ངེས་བཟུང་མེད་པར་བརྗོད་བྱ་དུ་མས་མཛོད་ལྟར་ཕྱུག་པ་སྟེ། རིགས་བཟང་ཆོ་འབྲང་དག་གིས་མ་རྨས་ཤིང་། །དཔའ་མཛངས་དུལ་བའི་བློ་ལྡན་སྐྱེས་བུ་དེ། །ནམ་ཞིག་མི་བདག་ས་ཡི་དབང་ཕྱུག་ཆེའི། །དཔལ་གྱི་འདུན་སར་སྤྲོ་བར་ལྷགས་ནས་སུ། །སྙིམ་པ་འཆར་ཀའི་པད་འདབ་འཛུམ་པ་ལྟར། །སྤྱི་བོར་བཀོད་ནས་བཞིན་ལ་དགའ་བའི་མདངས། །མངོན་པར་ཕྱུང་སྟེ་ཆེན་པོའི་རྣ་བ་ལ། །བདུད་རྩི་སྟེར་བ་ངག་གིས་འདི་སྐད་སྨྲས། །ཨེ་མ་ལྷ་གཅིག་བསོད་ནམས་ཆེན་པོའི་དཔུང་། །མངོན་པར་དར་བའི་རིགས་ཀྱི་ལང་ཚོ་ལ། །ཕུལ་བྱུང་མང་ཐོས་གཏོང་དང་སྙིང་སྟོབས་ཀྱིས། །མཛེས་པར་བརྒྱན་ཁྱོད་མཐོ་རིས་བདག་པོ་བཞིན། །མི་བདག་ཚངས་དབང་ས་ལ་བབས་པའམ། །ས་འདི་ཚངས་དབང་འདུན་སར་རྒྱུག་པ་ལྟར། །ས་ལ་སྤྱོད་ཀྱང་ཚངས་པའི་བློ་ལྡན་ཁྱོད། །ལྷ་དབང་རྣམས་ཀྱིས་གཙུག་གི་རྒྱན་དུ་བཀུར། །རབ་གསལ་གྲགས་པ་ཉིན་བྱེད་ལྟ་བུ་ཞེས། །ཡང་དག་བགྲོས་ནས་སྟན་ལས་ལངས་ཏེ་སོང་། །འདུས་པ་ནི། བརྗོད་བྱའི་དོན་གཅིག་ཤྭ་ལོ་ཀ་དུ་མ་དང་བྱ་ཚིག་མང་པོ་འདུས་ནས་སྟོན་པ་སྟེ། ཡོན་ཏན་གཟི་བརྗིད་ལ་བརྟེན་ལྷ་རྣམས་ཀྱིས། །གང་གི་གྲགས་པ་སྤྱི་བོར་མངོན་མཆོད་པ། །གཏེར་ཆེན་བླ་མ་ཞེས་བྱའི་འགྲོ་མགོན་དེ། །སྲིད་ཞིའི་རྒྱན་དུ་མཛེས་བྱེད་ཐིག་ལེར་གྱུར། །གང་གི་གྲགས་པ་མེ་ཏོག་མནྡྷ་རའི། །དོག་པ་ཡོན་ཏན་དྲི་བཟང་མངར་པོ་རུ། །ཕྱོགས་ཀུན་དུལ་བས་ལུས་ཅན་བྷྲ་མ་རའི། །ཡིད་ལ་སྔོན་མེད་དགའ་བ་སྦྱིན་པར་གྱུར། །མཁྱེན་བརྩེའི་ཉིན་མོར་བྱེད་པ་གང་གི་དཔྱིད། །སྙན་གྲགས་རྡུལ་འཕྲེང་འཛག་པ་ལྷ་དང་མིའི། །གཙུག་ཏོར་ལྷ་ལམ་ཡངས་པར་རྒྱུ་བ་ན། །མ་ལུས་དུད་ནས་རབ་ཏུ་བསྟེན་པར་བགྱི། །དེ་འདྲ་བའི་ཚིགས་བཅད་རྒྱ་ཆེན་ལེའུས་བཅིངས་པ་ལ་ཚིགས་སུ་བཅད་པའི་སྙན་ངག་ཆེན་པོ་ཞེས་བྱ་སྟེ། དེའི་དང་པོར་ལུས་རྩོམ་པའི་སྒོ་ལ་གསུམ་གྱི། དང་


MLP007_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཤིས་བརྗོད་ནི། འདོད་བྱ་ལ་སྨོན་པ་སྒོར་བྱས་པ་སྟེ། སྒེག་འཆང་བྱེ་བ་ཕྲག་བརྒྱས་རབ་མཛེས་པའི། །དཔལ་མོ་རྣམ་པར་དཀར་བའི་ཚངས་སྲས་མ། །རྣམ་མང་འགྲོ་ལ་སྙན་འགྱུར་ངག་གི་གཏེར། །སྦྱིན་མཛད་ལྷག་པའི་ལྷ་དེས་དགེ་ལེགས་མཛོད། །གཉིས་པ་ཕྱག་བྱ་བ་ནི། ཡུལ་ལ་གུས་པས་འདུད་པ་སྟེ། སྲིད་འདིར་ཆེ་བར་གྲགས་པའི་ལྷ་ཆེན་རྣམས། །ཁྱོད་ཀྱི་ཞབས་ཟུང་བསྟེན་ལ་པདྨོ་བཞིན། །ངོ་མཚར་དད་བརྒྱའི་གེ་སར་འཛུམ་རླབས་ཀྱིས། །མཆོད་འོས་གཏེར་ཆེན་བླ་མར་ཕྱག་འཚལ་ལོ། །གསུམ་པ་དངོས་པོ་ངེས་བསྟན་ནི། བརྗོད་བྱའི་དངོས་པོའི་གནས་ལུགས་མདོར་བསྡུས་ནས་སྟོན་པ་སྟེ། བཅད་ལྷུག་སྤེལ་མའི་སྒེག་འཆང་ལུས་ཕྲ་མར། །རབ་མཛེས་སྒྲ་དོན་རྒྱན་མང་གིས་བརྒྱན་ཏེ། །རིགས་ལྡན་མཁས་པའི་མདུན་སར་ངོམ་པ་ན། །གྲོང་ཚིག་མུ་ཏོའི་དུག །་ཧྲུལ་ཕ་མཐར་འགྲོ། །སྙན་ངག་ཆེན་པོའི་ལུས་རྩོམ་ཚུལ་ལས། གྲོང་ཁྱེར་ལ་བསྔགས་པ་ནི། ནོར་འཛིན་དཔལ་མོའི་གཙུག་གིས་རབ་བསྟེན་པའི། །ནོར་བུའི་བ་གམ་མཐོར་བརྩེགས་གཞལ་མེད་ཁང་། །འཛམ་བུའི་གསེར་གྱི་མདངས་འཕྲོག་རྒྱལ་མཚན་གྱིས། །རྣམ་མཛེས་གྲོང་ཁྱེར་འདི་ནི་ལྷ་ཡི་ཡུལ། །རྒྱ་མཚོ་ལ་བསྔགས་པ་ནི། རབ་དྭངས་ཨིནྡྲ་ནཱི་ལའི་ཁུ་བའི་རྒྱུན། །མངོན་པར་འཁྱིལ་བའི་རླབས་འཕྲེང་སྲིད་པའི་རྩེར། །འཕྱུར་བའི་དགེ་མཚན་ངོམ་པའི་རྒྱ་མཚོ་ཁྱོད། །ལྷ་མིའི་འཇིག་རྟེན་མཛེས་པའི་རྒྱན་དུ་གྱུར། །རི་བོ་ལ་བསྔགས་པ་ནི། ཕྲ་རབ་རྡུལ་ཚོགས་སྟུག་པོར་བརྩེགས་པ་ལས། །སྲིད་པའི་རྩེར་བསྙེགས་དབྱིབས་ལེགས་ལྷུན་ཆགས་པའི། །རི་དབང་མཆོག་འདི་ལྷུན་པོ་གཉིས་པ་རུ། །འཇིག་རྟེན་མེས་པོས་བྱས་པ་མིན་ནམ་ཀྱེ། །དུས་ལ་བསྔགས་པ་ནི། དཔྱིད་ཀྱི་དཔལ་མོས་ཡོངས་བསུས་ནོར་འཛིན་གཞི། །མརྒད་ཞུ་འདྲའི་མཛེས་པ་ངོམ་པ་ན། །མ་བཟོད་ལྗོན་པའི་ཚོགས་ཀྱང་ལོ་འདབ་དང་། །རྣམ་བཀྲའི་མེ་ཏོག་མཚར་བས་འགྲན་པ་བཞིན། །ཉི་མ་འཆར་བ་ལ་བསྔགས་པ་ནི། སྤྲིན་བྲལ་དྭངས་པའི་ལྷ་ཡི་ལམ་ཡངས་པོར། །ཉི་མའི་དཀྱིལ་འཁོར་ཤར་བའི་འོད་སྣང་གིས། །མཚན་མོའི་མུན་པ་རབ་ཞི་ཆུ་སྐྱེས་དང་། །སྐྱེ་རྒུའི་མིག་གི་དགའ་བ་ལྷན་ཅིག་བཞད། །ཟླ་བ་འཆར་བའི་བསྔགས་པ་ནི། ཨེ་མ་མ་


MLP007_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཕྱོགས་ཀྱི་མུན་པ་ཡི། །རྨོངས་པ་འཇོམས་བསྟན་ཀུ་མུ་དཱ་ཡི་གཉེན། །ཤར་རིའི་ཕྲག་པར་འཕོས་པའི་སྣང་བ་ཆེས། །ནམ་མཁའ་ཁེངས་ཤིང་མིག་གི་བདུད་རྩིར་བྱས། །སྐྱེད་ཚལ་ལ་བསྔགས་པ་ནི། འཇམ་མཉེན་མརྒད་མདངས་ལྡན་ཡལ་འདབ་ཀྱིས། །རབ་དུད་དྲི་ལྡན་ལྗོན་པའི་ནགས་ནང་དུ། །འདབ་བཟང་བུང་བ་གླུ་ལེན་རྩེད་འཇོའི་གར། །བསྒྱུར་བས་མཛེས་འདི་ལྷ་ཡི་དགའ་ཚལ་བཞིན། །ཆུའི་རོལ་རྩེད་ལ་བསྔགས་པ་ནི། སྒེག་འཆང་ནུ་འབུར་གྱིས་བརྒྱན་རབ་མཛེས་མ། །རབ་དྭངས་བསིལ་བའི་རྫིང་བུར་ལུས་བཀྲུས་ནས། །དབུ་བའི་འོག་པག་འཆང་བ་ལངས་མཐོང་བས། །མཛེས་ལྡན་ཆུ་ཡི་ལྷ་མོ་རྒྱུ་བ་བཞིན། །ཆང་འཐུང་བ་ལ་བསྔགས་པ་ནི། རིན་ཆེན་ར་བས་བསྐོར་བའི་ཁྱམས་ཆེན་པོར། །ལྟ་ན་སྡུག་པའི་གྲོགས་དང་ལྷན་ཅིག་ཏུ། །བཅུད་ལྡན་ཆང་གི་བདུད་རྩིའི་དགའ་སྟོན་ལ། །སྤྱོད་ཁྱོད་ས་ཡི་རྟག་མྱོས་གཉིས་པ་བཞིན། །འཁྲིག་པའི་དགའ་སྟོན་ནི། ཆགས་ལྡན་གཞོན་ནུའི་ལྗོན་པ་གསར་པ་ལ། །ན་ཆུང་དགའ་མའི་འཁྲི་ཤིང་དམ་འཁྱུད་ནས། །བག་ཡོད་ལོ་མའི་གོས་ཀྱིས་ཁེབས་བཞིན་དུ། །རེག་བདེའི་དགའ་བ་ལོངས་སུ་སྤྱད་བྱར་གྱུར། །བསླུ་བའམ་མ་ཚོགས་པ་ནི། གཞོན་ནུ་ན་ཆུང་འདོད་པའི་དུས་བཏབ་ནས། །མ་འཛོམས་གཞོན་ནུའི་རྟོག་པས་དགའ་མའི་གཟུགས། །བྲི་བའི་གདུང་བས་ལག་གདུབ་དཔུང་པའི་བར། །རྒྱུ་བའི་དཀའ་ཐུབ་ཐར་པའི་ལམ་ལས་རིང་། །བག་མ་གཏོང་ལེན་ནི། འདོད་གདུང་མེ་ཡིས་རབ་མནར་ལུས་ཕྲ་མ། །འཇམ་གཉེན་ལྷ་གོས་རིན་ཆེན་གྱིས་བཀླུབས་ཏེ། །རྒྱལ་བུ་གཞོན་ནུ་དཔལ་གྱི་མདུན་ས་ཆེར། །བག་མའི་དགའ་སྟོན་ཆེན་མོར་ལུགས་བཞིན་འཇུག །གཞོན་ནུ་སྐྱེ་བ་ནི། ཤེས་རབ་དགའ་མའི་མངལ་ནང་གཤིན་པོའི་སར། །སྨྱོས་རིགས་ས་བོན་སྣུམ་པོ་ལེགས་བཏབ་ནས། །དགུ་ཟླའི་དུས་ཀྱིས་ཡོངས་སྨིན་དཔག་བསམ་གྱི། །ལྗོན་པ་ལྟར་མཛེས་རྒྱལ་བའི་སྲས་པོ་བཙས། །འཕེལ་བ་སྟེ་གཞོན་ནུ་སྐྱེད་བསྲིང་བ་ནི། གཞོན་ནུ་སྐྱེས་ཙམ་ཉིད་ནས་ཆོས་དཀར་རྒྱུད། །ཐུགས་ཀྱི་དཔལ་བེའུར་འཁྱིལ་མོད་ད་དུང་ཡང་། །ནུ་ཞོ་རོ་བརྒྱའི་ཟས་ཀྱིས་བསྐྱེད་བསྲིངས་པས། །ལུས་དང་ཡོན་ཏན་ཡར་ངོའི་ཟླ་ལ་འགྲན། །བྱ་བ་རྩོམ་


MLP007_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གྲོས་ནི། ཕུན་ཚོགས་རྒྱལ་ཐབས་དཔལ་གྱི་འདུན་ས་ཆེར། །མཐའ་བྲལ་བདེན་པར་སྨྲ་བའི་ལྕེ་ལྡན་རྣམས། །འདུས་ནས་མ་ཞུམ་སྙིང་སྟོབས་ཆེན་པོའི་གྲོས། །གླེང་འདིས་མི་མཐུན་སྟོན་ཀའི་ཆུ་འཛིན་བཞིན། །ཕོ་ཉ་བགྲོད་པ་ནི། ཨེ་མ་མཁའ་འགྲོའི་རྩལ་ལྡན་བྱ་མ་རྟ། །ངོ་མཚར་བཀའ་ཡིག་གསེར་གྱི་མལླི་ཀ། ཁྱེར་ནས་དེ་དོན་སྒྲུབ་ལ་མི་སྐྱོ་བས། །ཆོས་ལྡན་ལྷ་དེས་ཕོ་ཉའི་མཆོག་ཏུ་བསྔགས། །གཡུལ་རྒྱལ་བ་ནི། དཔའ་ཞིང་རྟུལ་ཕོད་བློ་ལྡན་སྐྱེས་ཆེན་གང་། །ཕ་ལམ་རྡོ་རྗེའི་ཡ་ལད་རབ་བགོས་ནས། །རྣོ་ངར་མཚོན་གྱིས་ཕ་རོལ་དཔུང་བཅོམ་པའི། །སྙན་གྲགས་སྒྲ་ཡིས་ལྷ་ལམ་རལ་བ་བཞིན། །འདྲེན་པ་སྟེ་རྒྱལ་པོའི་མངའ་ཐང་དར་བ་ནི། མི་བདག་བསོད་ནམས་ཆེན་པོའི་མཐུས། །གང་གི་ནོར་དང་སྐྱེ་བོ་རྣམས། །དབྱར་གྱི་ཆུ་བཞིན་དར་དྲགས་པས། །བརྒྱ་བྱིན་དཔལ་ལ་འགྲན་པ་བཞིན། །ལྟ་བུ་སྟེ། དཔང་ཊིཀ་ཏུ་དང་པོ་ལྔ་ལ་བསྔགས་པ་དང་། ཐམས་ཅད་ལ་བརྒྱན་པ་ཞེས་ཡར་བླངས་ཏེ་སྦྱོར་གསུང་ངོ་། ༈ །གཉིས་པ་རྒྱན་ལ། ཐུན་མིན་དང་། ཐུན་མོང་པ་གཉིས། དང་པོའི་མཚན་ཉིད། སྙན་ངག་གི་རྒྱན་གང་ཞིག་རྒྱ་གར་ལྷོ་ཕྱོགས་པ་དང་ཤར་ཕྱོགས་པའི་ལུགས་ཐ་དད་པའོ། །དབྱེ་ན། དང་པོ་ལྷོ་ཕྱོགས་བཻ་དཪྦྷའི་རྒྱན་བཅུ་དང་། བཟློག་པ་ཤར་ཕྱོགས་གཽ་ཌ་པའི་ལམ་སྟེ། དེ་ལྟར་ཡང་། སྦྱར་བ་རབ་དང་མཉམ་ཉིད་དང་། །སྙན་དང་ཤིན་ཏུ་གཞོན་པ་དང་། །དོན་གསལ་བ་དང་རྒྱ་ཆེ་ཉིད། །བརྗིད་དང་མཛེས་ལྡན་ཏིང་ངེ་འཛིན། །ཡོན་ཏན་འདི་བཅུ་བཻ་དཪྦྷའི། །ལམ་གྱི་སྲོག་ཏུ་བཤད་པ་ཡིན། །འདི་དག་ཕལ་ཆེར་བཟློག་པས་ནི། །གཽ་ཌའི་ལམ་དག་མཚོན་པ་ཡིན། །ཞེས་སོ། །དེ་ལྟར་བཅུ་ལས་དང་པོ་མ་ཡིག་བསྐོར་བའི་རྗེས་ཁྲིད་ཀྱི་བློས་དེ་འདྲའི་སྲོག་ཡི་གེའི་མདོར། དང་པོ་དང་གསུམ་པ་དང་ལྔ་པ་རྣམས་དང་མཐར་གནས་རྣམས་ནི་སྲོག་ཆུང་བ་རྣམས་སོ། །ཞེས་བཤད། མཆན། ཆུང་གི་ཡི་གེ་ཚོགས་པས་ལྷོད་པ་བཟློག་ཟླ་ཤར་ཕྱོགས་གཽ་ཌ་པ་འདོད་པ་སྦྱར་བའི་ཡོན་ཏན་ནི། ཉི་མའི་རིགས་སྐྱེས་མ་ལུས་སྐྱེ་རྒུའི་མ། །མ་ལུས་མུན་པ་དྲུངས་འཇོམས་ཉིན་མོར་བྱེད། །མ་སྨད་བདག་བློ་རྣམ་གྲོལ་པདྨའི་འདབ། །ཨེ་མ་


MLP007_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཡེལ་མ་ལུས་རྒྱས་པར་མཛོད། །སྲོག་ཆེན་སྲོག་ཆེན་ནི། སྡེ་པའི་གཉིས་པ་དང་བཞི་པ་དྲོ་བའི་ཡི་གེའོ། །མཆན། གྱི་ཡི་གེ་ཤས་ཆེ་བ་ཚོགས་པ་སྦྱོར་བ་ལྕི་བ་དངོས་ལྷོ་ཕྱོགས་བཻ་དཪྦྷ་འདོད་པའི་ཡོན་ཏན་ནི། སྲིད་གསུམ་ཚ་ཆེན་གདུང་སེལ་ཤཱཀྱའི་སྲས། །ཐུབ་ཆེན་སངས་རྒྱས་ཐུགས་རྗེའི་མཐུ་ཁོ་ན། །མཐའ་མེད་སེམས་ཅན་ཁམས་ཀུན་ཐེག་པ་ཆེའི། །ཆོས་ཀྱི་འཁོར་ལོས་ཕན་བདེའི་སར་ཁྲིད་ཤོག །གཉིས་པ་འཇིག་རྟེན་ན་གྲགས་ཆེ་ཞིང་གོ་སླ་བའི་དོན་བརྗོད་པར་འདོད་པ་བཻ་དཪྦྷའི་རབ་དྭངས་ཀྱི་ཡོན་ཏན་ནི། བདེ་འབྱུང་ལྷ་ཡི་གཙུག་རྒྱན་ཟླ་བ་ནི། །ཨུཏྤལ་སྔོན་པོའི་མདངས་ལྡན་མཚན་མས་མཛེས། །བསིལ་ཟེར་འོད་དཀར་བྱེ་བའི་རྡུལ་འཛག་པས། །ཀུན་དའི་ཚལ་རྣམས་རབ་དགའ་བཞད་པར་བྱེད། །ཡང་འཇིག་རྟེན་ན་གྲགས་མི་ཆེ་བའི་སྦྱོར་བའང་འདོད་པ་གཽ་ཌ་བའི་རབ་དྭངས་ནི། ཧ་ཅང་གསལ་མིན་བཅོ་ལྔའི་རྒྱུ་སྐར་གཟུགས། །དེ་འདྲའི་མཚན་མས་རབ་མཛེས་ནམ་མཁའི་མཚོ། །འགྲོ་འདིའི་འདྲེན་བྱེད་སྲིད་པའི་སྣང་མིན་སྨག །རབ་གསལ་བཅུ་དྲུག་རྫོགས་པའི་ལང་ཚོར་གོ །གསུམ་པ། ཕྱེད་རྐང་པ་སྔ་མ་གཉིས་འཇམ་ལ་ཕྱི་མ་གཉིས་རྩུབ་པས་ཡི་གེའི་སྦྱོར་བ་འཇམ་རྩུབ་མཉམ་པ་བཻ་དཪྦྷ་འདོད་པའི་མཉམ་ཉིད་ཀྱི་ཡོན་ཏན་ནི། ལན་གཅིག་མི་ལུས་ཐོབ་གྱུར་ཀྱང་། །ལང་ལོང་ཅ་ཅོའི་ངང་དུ་སོང་། །གདུག་ལྡན་ཁྲོ་གཏུམ་འཆི་བདག་ཁོ། །བཟློག་དཀའ་དྲུང་ན་ལྷགས་འདི་སྐྱོ། །རྐང་པ་གསུམ་པ་ཡི་གེའི་སྦྱོར་བ་རྩུབ་ཅིང་གཞན་རྣམས་འཇམ་པས་ཆ་མི་མཉམ་པ་གཽ་ཌ་པ་འདོད་པའི་མཉམ་ཉིད་ནི། ཀྭ་ཡེ་བློ་ལྡན་ཡིད་སྐྱེས་གྲགས་པའི་གཏམ། །ཀུ་མུ་ད་ལྟར་རབ་དཀར་ན་ཆུང་མའི། །བྷ་འདིར་བྷ་དྷ་ཁ་ཆ་རྣམས་ཡོད་པས་རྩུབ། གར་རྡོ་རྗེ་མཆོག་ཆེན་སྦྱོར་བའི་ཁ། །ཉ་རྒྱས་བདུད་རྩིའི་བཅུད་འཐུང་ངོམས་པ་མེད། །བཞི་པ་སྙན་པ་ནི། ལ་ལར་རིང་པོ་དང་། ལ་ལར་གནས་དང་། ལ་ལར་བརྩེགས་པས་བྱས་པ་སོགས་སྒྲ་ཚིག་མཚུངས་པར་བྱས་པ་ལྷོ་ཕྱོགས་པ་ཁོ་ན་འདོད་པའི་སྒྲ་ཉམས། ཨ་ཧོ་བགྲང་ཡས་གྲགས་སྐྱེ་གནས། པ་སྐྱེ་བའི་སྒོ། །རབ་དཀར་ཕྱི་མོ། ཡོན་ཏན་མང་པོའི་ཕུང་པོ་ཅན། །རྒྱལ་བ་རྒྱ་མཚོའི་རྣམ་སྤྲུལ་བརྩེགས་པ། རྒྱལ་བའི་སྲས། །ཡང་དག་ཐར་ལམ་གསལ་མཛད་ཨ་དབྱངས་


MLP007_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང་། ལ་ལ། །ལྷོ་ཤར་ཐུན་མོང་དུ་འདོད་པའི་རྗེས་ཁྲིད་ལ་གསུམ་ལས། དང་པོ་རྐང་པ་ལ་བསྐོར་བའི་རྗེས་ཁྲིད། རི་རབ་ཀྱང་ནི་འཇིག་པའི་ཆོས་ཅན་ཕྱིར། །རང་བཞིན་ཉིད་ཀྱིས་གཡོ་བ་བདག་གི་སྲོག །རང་དབང་གནས་པར་གྱུར་པ་མ་ཡིན་པར། །རགས་ཕྲ་འདི་དག་འཇིག་པར་སྨོས་ཅི་དགོས། །ཚིག་ལ་བསྐོར་བའི་རྗེས་ཁྲིད། ལེགས་བྱས་ལང་ཚོའི་དཔལ་གྱིས་སྒེག །ཟག་མེད་བདེ་ཆེན་བདེ་སྟེར་མཁན། །སྒྲ་དབྱངས་ལྷ་མོ་སྒྲ་ལྡན་མས། །ངག་ལ་ངག་གི་དཔལ་སྩོལ་ཅིག །ཡི་གེར་རིང་པོར་བསྐོར་བའི་རྗེས་ཁྲིད། ཡང་དག་ཆོས་ཀྱི་སྣང་བ་འོད་པོ་ཆེས། །སྒྲིབ་ཚོགས་མུན་པའི་སྨག་རུམ་ཡོངས་དག་ནས། །སྟོང་པ་བདག་མེད་འདུས་མ་བྱས་པའི་དབྱིངས། །སྙིང་རྗེའི་སྤྱོད་ཡུལ་སྟོང་ཉིད་སྨྲ་བའི་གཙོ། །ཕྱེད་སྔ་མ་གཉིས་སྦྱོར་བ་རྩུབ་པ་དང་། ཕྱེད་ཕྱི་མ་གཉིས་སྦྱོར་བ་ལྷོད་པ་སྟེ། འཇམ་རྩུབ་ཆ་མཉམ་པར་བསྐོར་བ་ཤར་པ་ཁོ་ན་འདོད་པའི་རྗེས་ཁྲིད། སྒྲིབ་གསུམ་གྱིས་བསྒྲིབས་བསྒྲལ་དཀའ་འཁོར་བའི་མཚོས། །སྦྲེབས་མཐོང་སྦྲང་བུས་སྦྲང་རྩི་གསོག་པ་འདྲའི། །ཡང་ནས་ཡང་དུ་ཡ་མ་བརླའི་བྱ་བར། །ང་དང་ང་ཡིར་འཛིན་པས་འབད་འདི་སྐྱོ། །སྒྲ་དོན་གཉིས་ཀ་ལ་སྤང་བྱ་གཉིས་ཀྱི། དང་པོ་སྤང་བྱ་དོན་གྱི་གྲོང་ཚིག་ནི། ཉལ་ནས་མི་སྡོད་ཀ་བ་ལྟར་ལངས་པའི། །ཤ་མེད་རྒྱུས་པའི་ལག་ཐོགས་ཕོ་མཚན་འདིས། །རྟག་པར་བུད་མེད་གཞོན་ནུ་དྲན་དུ་བཅུག །དེ་ཕྱིར་བསམ་པ་དེ་ལས་གཞན་མི་འཆར། །སྤོང་བྱེད་ཀྱི་ཉམས་ཇི་ལྟར་བྱིན་པ་ནི། རབ་གཏུམ་བརྩེ་མེད་འདོད་པའི་མདའ་ལྔ་ཡིས། །ནན་ཏན་སྙིང་ལ་གཟིར་བས་བདག་གི་ཡིད། །རྩེ་གཅིག་ཟླ་བཞིན་རི་དྭགས་མིག་ཅན་མ། །ཁྱོད་ལ་ཁྲོ་མེད་དགའ་བས་གཞན་མི་སེམས། །སྒྲའི་གྲོང་པ་ཚིག་གི་མཚམས་སྦྱོར་གྱིས་ཞུགས་པ། ཕུལ་བྱུང་བློ་ལྡན་རྒྱལ་པོའི་རིགས་ཀྱི་མཚན། །བཟང་པོ་ཟླ་བའི་བཞིན་ཅན་མཛེས་པའི་པད། །དམ་པའི་ཟེའུ་འབྲུས་གཏམས་ཀྱང་བྱང་ཆུབ་སེམས། །དཀར་བས་དོན་དུ་མི་གཉེར་འདོར་ཏེ་མཚར། །ཚིག་དོན་ཐ་དད་དུ་གོ་བ་ངག་ཚིག་གི་དོན་ལ་ཞུགས་པའི་གྲོང་པ་ནི། རབ་མྱོས་དམར་བའི་བཞིན་གསལ་བའི། །སྐྱེས་བུས་ཤུགས་དྲག་རྡོ་རྗེ་ཆེ། །གཞན་ལ་ལན་བརྒྱར་བསྣུན་པ་ཡིས། །རང་འདོད་


MLP007_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཟུག་རྔུ་མ་བཟོད་འཁུན། །དམིགས་བསལ་སྐྱོན་མེད་ཁས་བླང་བར་འོས་པ་ནི། མཚན་ལྡན་སྲིང་མོ་འདི་ཡིས་ནི། །འདོད་པ་སྒྲུབ་འོས་ཕུ་བོ་དེའི། །ཀུན་ལ་རྗེས་སུ་ཆགས་པའི་སེམས། །མི་འདོར་སྙིང་སྟོབས་ཆེ་དེའི་རྟགས། །ལྔ་པ་ཤིན་ཏུ་གཞོན་པ་ནི། ཕལ་ཆེར་འཇམ་པའི་ཡི་གེ་མང་ཞིང་རྩུབ་པའི་ཡི་གེ་རེ་རེ་ཙམ་ཡོད་པ་བཻ་དཪྦྷའི་ཤིན་ཏུ་གཞོན་པ་ནི། དབྱར་དཔལ་དར་བའི་ཆུ་འཛིན་ནམ་མཁའི་གོས། །འཕྲེང་བར་བྱས་ཚེ་མདོངས་ལྡན་རྨ་བྱ་རྣམས། །ཅོང་ཅོང་དགའ་བའི་གླུ་དབྱངས་ཆེར་འབྱིན་ཞིང་། །མཇུག་མ་ཟླུམ་པོར་བཀྲམ་ནས་གར་གྱིས་རོལ། །ཕལ་ཆེར་ཤིན་ཏུ་གཞོན་པ་ལས་བཟློག་པ་སྦྱར་བ་རྩུབ་ཅིང་བརྗོད་དཀའ་བ་སྦྱོར་བར་འདོད་པ་གཽ་ཌ་པ་ནི། སྦྲང་རྩིས་རྒྱགས་པའི་བྷྲ་མ་ར། །དགུན་གྱི་དགྲ་ལས་མ་རྒྱལ་ཕྱིར། །འཁྱགས་གདུང་སྨྲེ་སྔགས་སྒྲ་སྒྲོག་གང་། །ཚ་བས་གདུངས་པའི་དགའ་སྟོན་ཡིན། །དྲུག་པ་དོན་གསལ་བ་ནི། བརྗོད་བྱའི་དོན་དེ་གཏན་ཚིགས་སོགས་ཀྱིས་བརྟག་མི་དགོས་པར་གོ་ནུས་པ་ཤར་ལྷོ་འདོད་མཐུན་གྱི་དོན་གསལ་བ་ནི། ལེགས་པར་ཕ་རོལ་སོན་འདི་ཡིས། །དགོས་འདོད་བསྙིལ་བའི་ནོར་བུ་དག །ཤིང་རྟས་རྙོག་པའི་ཆུ་ཡི་གཏེར། །བརྒལ་བའི་མཐུ་ལས་ཡང་དག་ཕྱུང་། །རྒྱུ་མཚན་མི་གསལ་བར་བརྗོད་འདོད་ཙམ་གྱིས་རྟོགས་བྱ་བརྟག་དགོས་པ་གཽ་ཌ་པ་རེས་དགའ་ཙམ་འདོད་པ་ནི། བློ་ལྡན་སེམས་དཔའ་རྒན་པོ་དེས། །དགོས་འདོད་འབེབས་པའི་ཡིད་བཞིན་ནོར། །ཤིན་ཏུ་རྙོག་པར་བྱས་པ་ཡི། །ཟབ་མོ་ཉལ་འགྲོའི་གཏེར་ལས་ཕྱུང་། །བདུན་པ་རྒྱ་ཆེ་བ་ནི། ཆོས་འགའ་ཞིག་དངོས་སུ་བརྗོད་པའི་ཤུགས་ལས་ཆེས་འཕགས་པར་མཚོན་ནུས་པ་བཻ་དཪྦྷའི་རྒྱ་ཆེ་བའི་ཡོན་ཏན་ནི། སྲིད་པའི་འཇིགས་པས་མནར་བའི་བློས། །ཐུབ་ཆེན་མགོན་ཁྱོད་དྲན་ཙམ་ན། །ནམ་ཡང་ཁྱོད་གཞན་སྟོན་པ་གང་། །འཚོལ་བའི་འབད་རྩོལ་བགྱིད་མ་ལགས། །བསྔགས་པར་འོས་པའི་ཁྱད་ཆོས་བརྗོད་ཙམ་ན་དེ་དང་ལྡན་པའི་གཞི་དེ་འཕགས་པར་མཚོན་ནུས་པ་གཽ་ཌ་པའི་རྒྱ་ཆེ་བའི་ཡོན་ཏན་ནི། མཚུངས་མེད་བློ་གྲོས་དཀྱིལ་པོ་ཆེ། །འབངས་རྣམས་སྐྱོང་བའི་བྱམས་བརྩེར་ལྡན། །གཞན་སྡེ་དཔའ་བས་རྣམ་པར་གནོན། །རྒྱལ་བསྟན་གུས་པས་མཆོད་སོགས་


MLP007_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །བརྒྱད་པ་བརྗིད་པའི་ཡོན་ཏན་ནི། ལྕི་ཡང་གི་ཡི་གེ་འཁྲུགས་པར་སྤེལ་བ་དང་། ཚིག་སྡུད་ཀྱི་རྣམ་པ་མང་བར་བརྗོད་པས་བརྗིད་པ་གཽ་ཌ་པའི་ཡོན་ཏན་ནི། མཛེས་མ་མཛེས་དྲུག །ཁ་ཆུ་ལྔ་ཡ། སྐྱེས་བཞིན་དུ། །ཁ་དོག་དམར་ཆགས་མ་ལུས་པ་འགུགས། །ཟུང་གྲངས་སྔམ། མིག་ཕྲ་རིང་ཆུ་སྐྱེས་སྔོན་པོ། །མཚུངས་འདི་ཡིད་དགའ་ཅི་ཕྱིར་མི་རྒོད། །ཚིག་སྡུད་ལྡན་ཞིང་ཡི་གེ་ལྕི་ཡང་མ་འཁྲུགས་པར་འདོད་པ་བཻ་དཪྦྷའི་བརྗིད་པའི་ཡོན་ཏན་ནི། ཁ་དོག་ཟླ་བ་ཉ་གང་བཞིན་དུ། །དཀར་ལ་ཟུང་མིག་རི་བོང་སྔོ་གཟུགས། །བླུགས་འདི་གནོད་སྦྱིན་ལྷ་ཀླུའི་སྲིད་པར། །མཛེས་མ་ཁྱོད་ལྟ་སུ་ཞིག་མི་བདོག །དགུ་པ་མཛེས་པ་ནི། འཇིག་རྟེན་ལས་མ་འདས་པར་འཚམས་པར་བརྗོད་པས་ཀུན་ཡིད་འཕྲོག་པར་བྱེད་པ་བཻ་དཪྦྷའི་འདོད་པ་སྟེ། དབྱེ་ན་གཉིས་ལས། བཻ་དཪྦྷའི་མཛེས་པ་གཏམ་ལ་སྦྱར་བ་ནི། ཤ་འུག་བདེ་ཆེན་ཡེ་ཤེས་འཁོར་ལོ་ནས། །གཏེར་ཆེན་ཆོས་ཀྱི་རྒྱལ་པོས་ཟབ་མོའི་གཏེར། །ཕྱུང་ནས་ཤིས་པ་བསྒྲུབས་པས་མཐའ་འཁོབ་མོན། །ཡ་མཚན་གནས་ཞེས་བརྗོད་དེ་དོན་དང་ལྡན། །ཡང་བཻ་དཪྦྷའི་མཛེས་པ་བསྔགས་པ་ལ་སྦྱར་བ་ནི། གཏུམ་ཆེན་རྔམས་པའི་གཟི་ལྡན་ཧེ་རུ་ཀ། རྨོངས་ཆེན་ཤ་རུས་དངོས་པོ་ཁམ་ཟས་སུ། །བྱེད་པའི་འཇིགས་ཞལ་རིང་པོར་བགྲད་པའི་ཁྱོན། །རྣ་བའི་བར་དུ་རྫོགས་པར་ག་ལ་འགྱུར། །འཇིག་རྟེན་པའི་བློའི་ཡུལ་ལས་འདས་པ་ ཅང་ཕུལ་བྱུང་དུ་བརྗོད་པས་མཁས་རྣམས་ཡིད་འཕྲོག་པར་བྱེད ་གཽ་ཌ་པའི་མཛེས་པ་སྟེ། སྔར་ལྟར་གཉིས་ལས་གཏམ་ལ་སྦྱར་བ་ནི། དེང་ནས་བཟུང་སྟེ་མཐའ་འཁོབ་མོན་ཡུལ་ཡང་། །འོག་མིན་རྒྱལ་བའི་ཞིང་ལྟར་མཆོད་པར་འོས། །དམ་པ་ཁྱོད་ཀྱིས་པདྨའི་ཐུགས་བཅུད་གཏེར། །ཕྱུང་པ་ཡིས་ནི་ཉེས་ཀུན་སྦྱངས་པས་སོ། །གཽ་ཌ་པའི་མཛེས་པ་བསྔགས་པ་ལ་སྦྱར་བ་ནི། རབ་འབར་མེ་དཔུང་དབུས་ན་ཆེར་འགྱིང་བའི། །གར་དགུའི་ཉམས་ཀྱི་སྒེག་འཆང་དཔལ་ཆེན་པོ། །རྨོངས་ཆེན་ཟས་སུ་བྱེད་པ་ཁྱོད་ཀྱི་ཞལ། །བགྲད་འདི་སྲིད་གསུམ་མཐས་ཀྱང་རྫོགས་པ་མིན། །བཅུ་པ་ཏིང་ངེ་འཛིན་གྱི་རྒྱན་ནི། ཆོས་ཅན་དེའི་ཡོན་ཏན་དུ་གྲགས་པ་གཅིག་དངོས་དེ་ལས་གཞན་པ་འཇིག་རྟེན་ན་གྲགས་པ་དང་མཐུན་པར་


MLP007_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཅིང་སྒྲོ་བཏགས་ནས་བཀོད་པ་ཞིག་སྟེ། དེ་ལའང་། སྤྱི་བྱེ་བྲག་གཉིས་ལས། སྤྱི་ནི། རབ་དྭངས་མཁའ་འགྲོའི་ལམ་ལ་རྟག་རྒྱུ་བའི། །རྒྱུ་སྐར་ཕྲེང་བའི་ཚོགས་ནི་མིག་འཛུམ་ཞིང་། །གང་དུ་ཉིན་བྱེད་འདྲེན་པའི་ཁ་ལོ་པ། །སྐྱ་རེངས་གཞོན་ནུའི་མིག་ཀྱང་མངོན་པར་འབྱེད། །བྱེ་བྲག་ལས། ཆོས་གཅིག་བཀོད་པའི་ཏིང་ངེ་འཛིན་ནི། ཆུང་མ་ཆང་གིས་མྱོས་ནས་སྐྱུག་ཅེས་པ་ལ། རྟ་ལྗང་ཅན་གྱི་ཚ་ཟེར་སྐྱུག་པ་དག །མངོན་པར་འཐུངས་པས་རབ་མྱོས་ཀ་མ་ལ། །ཟེའུ་འབྲུ་རྣམ་པར་རྒོད་ལས་མེ་ཡི་རྡུལ། །ལན་གཅིག་མིན་པར་ཀུན་ཏུ་སྐྱུག་པ་བཞིན། །ཆོས་དུ་མ་བཀོད་པའི་ཏིང་ངེ་འཛིན་ནི། བུད་མེད་མངལ་ལྡན་མ་ལ་ཡོད་པའི་ཆོས་དུ་མ་བཀོད་པ་སྟེ། ཀུན་གསལ་ལྟོ་བ་ཡོངས་གང་ཆུ་ཆར་གྱིས། །ལྕི་བའི་མངལ་ཁུར་གྱིས་ངལ་སྤྲིན་གྱི་འཕྲེང་། །དབྱར་སྐྱེས་སྙན་པའི་འཁུན་དབྱངས་གླུར་ལེན་ཅིང་། །གཡོ་མེད་རི་བོའི་ཕང་པར་དལ་གྱིས་ཉལ། །ལྟ་བུའོ། ༈ །སྭ་སྟི། གཉིས་པ་ཐུན་མོང་པའི་རྒྱན་གྱི་མཚན་ཉིད། སྙན་ངག་གི་རྒྱན་གང་ཞིག་ལྷོ་ཤར་ཐུན་མོང་པའི་འདོད་པ་སྟེ། ཐུན་མོང་རྒྱན་གྱི་ཚོགས་རྣམས་ནི། །ད་ལྟ་རབ་ཏུ་བསྟན་པར་བྱ། །ཞེས་སོ། །དབྱེ་ན། དོན་རྒྱན། སྒྲ་རྒྱན། གབ་ཚིག་གི་རྒྱན་གསུམ། དང་པོ་ལ། སུམ་ཅུ་རྩ་ལྔ་སྟེ། དེ་ལྟར་ཡང་། རང་བཞིན་བརྗོད་དང་དཔེ་དང་ནི། །གཟུགས་ཅན་གསལ་བྱེད་བསྐོར་བ་དང་། །འགོག་དང་དོན་གཞན་བཀོད་པ་དང་། །ལྡོག་པ་ཅན་དང་སྲིད་པ་ཅན། །བསྡུས་དང་ཕུལ་བྱུང་རབ་བརྟགས་དང་། །རྒྱུ་དང་ཕྲ་མོ་ཆ་དང་རིམ། །དགའ་དང་ཉམས་ལྡན་གཟི་བརྗིད་ཅན། །རྣམ་གྲངས་བརྗོད་དང་ཀུན་ཏུ་ཕན། །རྒྱ་ཆེ་བསྙོན་དོར་སྦྱར་བ་དང་། །ཁྱད་པར་མཚུངས་པར་སྦྱོར་བ་དང་། །འགལ་དང་སྐབས་མིན་བསྟོད་པ་དང་། །ཟོལ་བསྟོད་ངེས་པར་བསྟན་པ་དང་། །ལྷན་ཅིག་བརྗོད་དང་ཡོངས་རྗེས་ཤིག །རབ་སྤེལ་དེ་ནི་དགོངས་པ་ཅན། །ཞེས་སོ། །དེ་ལས་དང་པོར་རང་བཞིན་བརྗོད་པའི་རྒྱན་གྱི་མཚན་ཉིད། དངོས་པོའི་གནས་ཚུལ་


MLP007_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་གནས་པ་བཞིན། དཔེ་སོགས་ཀྱིས་སྒྲོ་མ་བཏགས་པར་གསལ་བར་བྱེད་པའོ། །དེའང་བརྗོད་བྱ་གང་ཡིན་དེའི། །རིགས་དང་བྱ་བ་ཡོན་ཏན་རྫས། །ཞེས་པའི་དབྱེ་བ་བཞི་ལས། རིགས་ཀྱི་རང་བཞིན་བརྗོད་པ་ནི། དཔེར་ན། མཚན་དཔེའི་དཀྱིལ་འཁོར་རྫོགས་པའི་སྐུ་མངའ་ཞིང་། །ཡན་ལག་དྲུག་ཅུའི་དབྱངས་ཀྱི་ཆོས་སྒྲ་སྒྲོག །སྲིད་ཞིའི་འཆིང་བ་ལས་གྲོལ་ཟག་མེད་ཀྱི། །ཡེ་ཤེས་ཐུགས་ལྡན་རྒྱལ་བའི་ཚོགས་ལ་འདུད། །ལྟ་བུའོ། །བྱ་བ་བརྗོད་པ་ནི། བདག་མགྲིན་ནང་ནས་ཧྲིཾ་ཡིག་སྙན་སྒྲོག་ཅིང་། །མིག་གི་འཛུམ་པས་དབྱངས་ཅན་ཞལ་སྒོར་རྩེ། །མོས་འདུན་ཡིད་ཀྱིས་གང་ཐུགས་འཁོར་ལོ་ཡི། །བཅུ་དྲུག་དབྱངས་ཀྱི་ཕྲེང་བར་ཀུན་ཏུ་བལྟ། །ཡོན་ཏན་བརྗོད་པ་ནི། ངག་དབང་ལྷ་མོས་རྗེས་སུ་བསྐྱངས་པ་ལས། །ཤེས་བྱའི་གནས་ཀུན་རྟོགས་པའི་བློ་གྲོས་ཀྱིས། །ཡིད་ལ་ཀུན་ཏུ་དགའ་བའི་དཔལ་ཐོབ་ཅིང་། །ལེགས་བཤད་རྩོམ་ལ་ཐོགས་པ་མེད་པར་བྱེད། །རྫས་བརྗོད་པ་ནི། རབ་དཀར་མདངས་འཛིན་སོར་མོའི་འདེགས་འཇོག་གིས། །སྙན་སྒྲོག་དྲི་ཟའི་རྒྱུད་མངས་ལེགས་འཁྲོལ་ཞིང་། །ཙ་ཀ་ལི་ཀའི་དར་དང་རིན་པོ་ཆེའི། །རྒྱན་མང་གིས་བཀླུབས་ཚངས་སྲས་ཡིད་འོང་མ། །ལྟ་བུའོ། །གཉིས་པ་དཔེ་རྒྱན་གྱི་མཚན་ཉིད། འདྲ་ཡུལ་དང་འདྲ་ཆོས་སམ་དཔེ་དང་དོན་གཉིས་ཇི་ལྟར་འདྲ་བའི་དོན་མཚུངས་པར་གསལ་བར་རྟོགས་པར་བྱེད་པ་སྟེ། དབྱེ་ན་སུམ་ཅུ་རྩ་གཉིས་ལས། དང་པོ་མཐུན་ཚུལ་དངོས་སུ་བསྟན་པ་ཆོས་དཔེ་ནི། དཔེར་ན། ཁྱོད་སྐུའི་ཞལ་མདངས་སྟོན་ཟླ་བཞིན་དུ་དཀར། །གང་གསུང་དྲི་ཟའི་རྒྱུད་མངས་ལྟ་བུར་སྙན། །ཁྱེད་ཐུགས་ནམ་མཁའི་དབྱིངས་ལྟར་མཐའ་དབུས་བྲལ། །དབྱངས་ཅན་མ་ཁྱོད་ཀུན་མཁྱེན་ཇི་བཞིན་མཁས། །གཉིས་པ་མཐུན་ཚུལ་ཤུགས་ལ་མཚོན་པ་དངོས་པོའི་དཔེ། ཁྱོད་ཞལ་པུཎྜ་རཱི་ཀའི་དཔལ་དང་མཚུངས། །མཁུར་ཚོས་རྒྱ་སྐྱེགས་གཞོན་ནུའི་རྗེས་སུ་འགྲོ། །དཀྱུས་རིང་མིག་དག་ཆུ་སྐྱེས་སྔོན་པོ་འདྲ། །མཛེས་མ་ཁྱོད་ལུས་པདྨའི་སྡོང་པོ་བཞིན། །གསུམ་པ་གྲགས་པ་བཟློག་པའི་དཔེ། གཏེར་ཆེན་ཆོས་རྗེའི་མཁྱེན་རབ་སྣང་བ་ལྟར། །ཚ་ཟེར་


MLP007_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་འདིའི་འོད་སྣང་རྣམ་པར་རྒྱས། །གང་གི་ཐུགས་རྗེ་དང་མཚུངས་ས་གཞི་འདིས། །འགྲོ་བའི་དགེ་ལེགས་བརྟེན་པའི་དཔལ་དུ་གྱུར། །བཞི་པ་ཕན་ཚུན་གྱི་དཔེ། མཁྱེན་རབ་མཚུངས་མེད་ཚུལ་ཁྲིམས་བློ་གྲོས་བཞིན། །འཇམ་མགོན་གཞོན་ནུའི་རྣམ་དཔྱོད་མཚུངས་ཟླ་བྲལ། །འཇམ་དཔལ་ཇི་བཞིན་ཀུན་མཁྱེན་ཆོས་རྗེ་ཡི། །དྲི་མེད་མཁྱེན་པའི་བློ་གྲོས་མཚུངས་པ་མེད། །ལྔ་པ་ངེས་པའི་དཔེ། གངས་ཅན་ལྷ་གཅིག་རྒྱལ་བའི་དབང་པོ་ཡི། །བརྩེ་ཆེན་ཐུགས་རྗེས་འགྲོ་ཀུན་ཡོངས་ཁྱབ་པ། །ནམ་མཁའི་རྗེས་འགྲོ་དེ་ལས་གཞན་པའི་དཔེ། །མཚུངས་ཟླར་འོས་པ་འཇིག་རྟེན་ཁོངས་ན་མེད། །དྲུག་པ་ངེས་མེད་ཀྱི་དཔེ། དོན་ལ་མི་རྟོན་ཚིག་ཕྱིར་འབྲེང་སྤྲོ་བའི། །སྟོན་ཆེན་འདི་རྣམས་འབྲས་ཀྱི་ཕྱི་ཤུན་དག །ལེན་དང་མཚུངས་མོད་གཞན་ཡང་དེ་འདྲ་བ། །གལ་ཏེ་ཡོད་ན་ཚུལ་དེའི་རྗེས་སུ་འགྲོ། །བདུན་པ་བསྡུས་པའི་དཔེ། འབངས་རྣམས་སྤྱོད་མཁས་ཁོ་ནས་མི་བདག་འདི། །མྱ་ངན་མེད་ཀྱི་མཚུངས་ཟླར་བྱས་མིན་ཏེ། །གཞན་སྡེ་དཔའ་བས་ནོན་ཅིང་རྒྱལ་བའི་བསྟན། །གོང་དུ་འདེགས་པའི་སྙིང་སྟོབས་མཛད་པས་ཀྱང་། །བརྒྱད་པ་ཕུལ་བྱུང་ངམ་ཁྱད་པར་གྱི་དཔེ། མི་བདག་སངས་རྒྱས་རྒྱ་མཚོ་རྩོད་དུས་འདིར། །བྱོན་མོད་ང་ལས་ནུ་ནི་རྫོགས་ལྡན་ལ། །བྱུང་བ་ཁོ་ནས་འདི་གཉིས་ཐ་དད་དེ། །གཞན་དུ་ཁྱད་པར་འབྱེད་ཆོས་ཡོད་མ་ཡིན། །དགུ་པ་རབ་བརྟགས་ཀྱི་དཔེ། ཟུར་ཆེན་ཤཱཀ་འབྱུང་རྒྱུད་ཀུན་གསང་བའི་དོན། །མ་ལུས་ཇི་བཞིན་འཛིན་ཅེས་སྙེམས་མི་འཚལ། །ཁྱོད་དང་མཚུངས་པ་རྒྱལ་བས་གསང་ཆེན་གྱི། །བདག་པོར་རབ་བསྔགས་ལག་ན་རྡོ་རྗེའང་ཡོད། །བཅུ་པ་རྨད་བྱུང་གི་དཔེ། རབ་མཛེས་འདབ་མ་བཞད་པའི་མནྡ་ར། །གེ་སར་སོ་ཡི་འཕྲེང་བར་བཀོད་བྱས་ནས། །སྐྱེ་བོའི་ཚོགས་རྣམས་འཛུམ་གྱིས་འགུགས་བྱེད་ན། །ཡིད་འོང་ལྷ་མོ་ཁྱོད་དང་མཚུངས་པར་འགྱུར། །བཅུ་གཅིག་པ་རྨོངས་པའི་དཔེ། འཇམ་དཔལ་གཞོན་ནུ་ཁྱོད་ཞལ་མཚར་སྡུག་གང་། །གཟི་ལྡན་ཉིན་མོར་བྱེད་པའི་དཀྱིལ་འཁོར་ཞེས། །མངོན་པར་འཁྲུལ་ནས་ཉི་མ་ལྷར་འཛིན་པའི། །བྲམ་ཟེའི་ཚོགས་རྣམས་ཁྱོད་ལ་ཕྱག་བྱེད་དོ། །བཅུ་གཉིས་པ་ཐེ་ཚོམ་གྱི་དཔེ། པདྨ་རཱ་གའི་ལྷུན་པོ་བརྩེགས་པའི་ངོས། །ཉིན་བྱེད་


MLP007_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་འབུམ་གྱིས་འཁྱུད་དམ་ཅི། །ཡང་ན་ཁམས་གསུམ་དབང་བྱེད་དཔལ་གྱི་སྐུ། །གཟི་བྱིན་འབར་བའི་འཕྲེང་བར་འཁྲིགས་སམ་ཅི། །བཅུ་གསུམ་པ་སྒྲོ་འདོགས་ཆོད་པའི་དཔེ། མཁས་རྣམས་སྙེམས་པ་འཕྲོག་བྱེད་ཀུན་མཁྱེན་འདི། །བདག་ལྟའི་ཆུ་བུར་མིག་གིས་མངོན་མཐོང་ཕྱིར། །ས་བཅུའི་དབང་ཕྱུག་འཇམ་མགོན་མ་ཡིན་ཏེ། །དེ་ཕྱིར་སྨྲ་མཁས་ཀློང་ཆེན་རབ་འབྱམས་ཉིད། །བཅུ་བཞི་པ་སྦྱར་བའི་དཔེ། ངོ་མཚར་ཆུ་གཏེར་ཆེ་ལས་རབ་ཐོན་ཅིང་། །ཡིད་འོང་དཀར་གསལ་རྒྱས་པའི་བཞིན་རས་ཅན། །འགྲོ་ལ་ཕན་བདེའི་བསིལ་ཟེར་འགྱེད་མཁས་པས། །དབྱངས་ཅན་ཁྱོད་ཞལ་ཆ་གང་ཟླ་བ་བཞིན། །བཅོ་ལྔ་པ་མཉམ་ཉིད་ཀྱི་དཔེ། རྒྱལ་བསྟན་གཅིག་ལ་ཕྱོགས་འཛིན་གྲུབ་མཐའ་ཡིས། །སྒྲུབ་ཅིང་ཅིག་ཤོས་འགོག་འདི་ཉིན་བྱེད་ཀྱིས། །ཆུ་སྐྱེས་དཀར་དམར་འབྱེད་དང་འཛུམ་པ་བཞིན། །སྐལ་ལྡན་གདུལ་བྱ་བི་ན་ཡ་ཀའོ། །བཅུ་དྲུག་པ་སྨད་པའི་དཔེ། དགེ་འདུན་བཟང་པོ་ལུང་རིགས་སྨྲ་མཁས་ཀྱང་། །ཐེག་ཆེན་ཟབ་མོའི་གནས་ལུགས་གཟིགས་པ་མིན། །དེ་ཕྱིར་སྨྲ་བའི་དབང་ཕྱུག་རོང་ཟོམ་རྗེ། །དེ་ལྟའི་ཚུལ་དང་མཚུངས་པ་ལས་ཀྱང་འཕགས། །བཅུ་བདུན་པ་བསྔགས་པའི་དཔེ། བསིལ་ཟེར་འོད་དཀར་རབ་འཕྲོ་རི་བོང་ཅན། །བདེ་འབྱུང་ལྷ་ཡི་ཟུར་ཕུད་རྩེ་མོར་བསྟེན། །དེ་དང་རྒྱལ་ཡུམ་ཤེས་རབ་གསལ་བྱེད་མའི། །ཞལ་རས་དཀར་མཛེས་རྣམ་པ་ཀུན་ཏུ་མཚུངས། །བཅོ་བརྒྱད་པ་བརྗོད་འདོད་ཀྱི་དཔེ། དྲི་ཟའི་རྒྱུད་མངས་དབྱངས་འདི་སྙན་གྱུར་ཏམ། །གཞན་དུ་རྣ་བའི་ཚེར་མ་བསྐྱེད་ཀྱང་རུང་། །རོང་སྟོན་དམ་ཆོས་འཆད་གསུང་པི་ཝཾ་དང་། །མཚུངས་ཞེས་བརྗོད་འདོད་བདག་གི་ཡིད་ལ་བསམ། །བཅུ་དགུ་པ་འགལ་བའི་དཔེ། དབྱངས་ཅན་ཞལ་གྱིས་ཟླ་བའི་མཛེས་པ་འཇོམས། །འོད་དཀར་ཅན་གྱིས་པདྨའི་བཞིན་རས་སྡུད། །དེ་ཕྱིར་ཕན་ཚུན་མཛེས་པའི་ཡོན་ཏན་རྣམས། །མཚུངས་པར་གྱུར་ཀྱང་འགལ་བར་བདག་ཉིད་སེམས། །ཉི་ཤུ་པ་དགག་པའི་དཔེ། གང་ལ་གསོལ་ན་ལེགས་བཤད་སྨྲ་བའི་དཔལ། །རྣམ་པར་སྟེར་བའི་མཐུ་ཡིས་རབ་དབེན་ཕྱིར། །དཀར་མཛེས་ཟླ་བས་དབྱངས་ཅན་ཞལ་རས་ལ། །འགྲན་པའི་ནུས་པ་ནམ་ཡང་ཡོད་མ་ཡིན། །ཉེར་གཅིག་པ་ངོ་བསྟོད་ཀྱི་དཔེ།


MLP007_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

རྨུགས་འཛིན་དབང་པོ་འདོད་དགུའི་འབྱོར་པས་མཛེས། །མི་བདག་ཁྱོད་ནི་ཉེར་སྤྱོད་བདོག་པས་མཚན། །དེ་ལྟ་ན་ཡང་གནོད་སྦྱིན་དེད་དཔོན་འདི། །ཁྱོད་དང་མཚུངས་ལས་འཕགས་ཆོས་ཡོད་མ་ཡིན། །ཉེར་གཉིས་པ་དེ་ཉིད་བརྗོད་པའི་དཔེ། རབ་དཀར་མཚར་སྡུག་ཡིད་འོང་ལྡན་པ་འདི། །ཟླ་བ་མ་ཡིན་ཚངས་སྲས་ལྷ་མོའི་ཞལ། །ཨུཏྤལ་མཚན་མས་བརྒྱན་འདི་རི་དྭགས་གཟུགས། །མ་ཡིན་ཁྱོད་གདོང་མཛེས་བྱེད་མིག་ཏུ་ངེས། །ཉེར་གསུམ་པ་ཐུན་མོང་མ་ཡིན་པའི་དཔེ། གསེར་གྱི་ལྷུན་པོ་གུརྒུམ་ཆུས་བྲན་པའི། །མཛེས་པ་ལས་འདས་ཐུབ་ཆེན་ཤཱཀྱའི་རྒྱལ། །ཁྱོད་སྐུའི་དཔེར་འོས་ཆོས་གཞན་ལས་བྲལ་ཕྱིར། །ཉིད་ཞལ་དང་མཚུངས་རང་ཉིད་ཙམ་དུ་ཟད། །ཉེར་བཞི་པ་འབྱུང་མིན་གྱི་དཔེ། འཛམ་གླིང་མཁས་པ་ཀུན་གྱི་མཁྱེན་པའི་ཕུལ། །འཆད་རྩོད་རྩོམ་པའི་དཔལ་རྣམས་མ་ལུས་པ། །གཅིག་ཏུ་བསྡུས་པའི་ཕུང་པོར་བྱས་པ་བཞིན། །སྨྲ་མཁས་རྗེ་བཙུན་ཚངས་སྲས་བཞད་པའི་སྡེ། །ཉེར་ལྔ་པ་སྲིད་མིན་གྱི་དཔེ། ཟླ་བའི་གཟུགས་ལས་སྲེག་བྱེད་ཟེར་མ་དང་། །མེ་དཔུང་ལས་ནི་ཆུ་བོའི་རྒྱུན་ཇི་བཞིན། །འགོས་ལོ་ཆེན་པོ་གཞོན་ནུའི་ཞལ་སྒོ་ལས། །ཉེས་བཤད་ཤིན་ཏུ་ཕྲ་བའང་འབྱུང་མི་སྲིད། །ཉེར་དྲུག་པ་མང་བའི་དཔེ། མ་ལ་ཡ་རླུང་ཟླ་བའི་འོད་ཟེར་དང་། །ཤིན་ཏུ་བསིལ་བའི་ཙནྡན་འབབས་ཆུ་ལྟར། །འཇིག་རྟེན་དབང་ཕྱུག་བརྩེ་ཆེན་ཐུགས་རྗེའི་མཐུས། །དམྱལ་མེས་གདུངས་པའི་འགྲོ་འདི་བསིལ་བར་བྱས། །ཉེར་བདུན་པ་རྣམ་འགྱུར་གྱི་དཔེ། རྡོ་རྗེ་རྒྱལ་མཚན་རྣམ་འབྱེད་མཁྱེན་པ་ཡིས། །ལྔ་རིག་ཤེས་བྱའི་གནས་ཀུན་གཟིགས་པའི་དཔལ། །གང་དེ་འཇམ་དབྱངས་གཞོན་ནུའི་ཐུགས་མཛོད་ཀྱི། །ཟ་མ་ཏོག་ལས་གསར་དུ་ཕྱུང་པ་བཞིན། །ཉེར་བརྒྱད་པ་འཕྲེང་བའི་དཔེ། འོད་དཀར་འཕྲོ་བས་ཟླ་བའི་མདངས་ཇི་བཞིན། །ཟླ་བས་བདེ་འབྱུང་ཟུར་ཕུད་རྩེ་མོ་སྟེ། །ལེགས་བཤད་གཏམ་གྱིས་མཁས་པའི་འདུན་ས་ལྟར། །མཁས་པས་འཇིག་རྟེན་ཁམས་འདི་མཛེས་པར་བྱེད། །ཉེར་དགུ་པ་ངག་དོན་གྱི་དཔེ་ལ་གཉིས་ཀྱི། བཞིན་སྒྲ་གཅིག་པའི་དཔེ་ལ། དབྱངས་ཅན་ཁྱོད་ཞལ་ཡིད་འོང་མིག་གཡོ་ཞིང་། །འཛུམ་སྐྱེས་ཚེམས་ཀྱི་འཕྲེང་བ་དཀར་གསལ་འདི། །


MLP007_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་ཕྲེང་གཞོན་ནུ་བུང་བ་གཡོ་ལྡན་པ། །གེ་སར་མཛེས་པའི་འཛུམ་གྱིས་མཚོན་པ་བཞིན། །བཞིན་སྒྲ་དུ་མའི་དཔེ། པདྨའི་སྡོང་པོ་ཇི་བཞིན་དབྱངས་ཅན་མཛེས། །ཁྱོད་གདོང་ཡིད་འོང་པདྨའི་བཞིན་རས་བཞིན། །བུང་བས་སྦྲང་རྩི་ལེན་ཅིང་བརྩེ་བ་བཞིན། །བདག་མིག་ཁྱོད་ཞལ་བདུད་རྩི་འཐུང་ཞིང་རྩེ། །སུམ་ཅུ་པ་ཟླ་བོ་དངོས་པོའི་དཔེ། རྒྱལ་བའི་དགོངས་འགྲེལ་འཆད་པོ་མང་མོད་ཀྱང་། །དྲི་མེད་འོད་ཟེར་ཁྱོད་འདྲ་ལྗོངས་འདིར་མེད། །སྐབས་གསུམ་རྣམ་རྒྱལ་ཁང་བཟང་གདན་ཁྲི་ཆེར། །མིག་སྟོང་ལྡན་པ་གཉིས་པ་ཡོད་མ་ཡིན། །སོ་གཅིག་པ་མཚུངས་སྦྱོར་གྱི་དཔེ། པདྨ་ཀཱ་ར་ལངྐའི་གླིང་ཕྲན་དང་། །མགོན་ཁྱོད་གཡོ་རུའི་ལྗོངས་འདིར་ཆོས་འཁོར་བསྐོར། །དེ་ཡིས་མ་རུང་ཤ་ཟའི་ཚོགས་རྣམས་དང་། །ཁྱོད་ཀྱིས་ལྟ་ངན་གྲུབ་མཐའི་དཔུང་རྣམས་འཇོམས། །སོ་གཉིས་པ་རྒྱུའི་དཔེ། དབྱངས་ཅན་ཁྱོད་སྐུ་མཛེས་པས་ཀུནྡ་དང་། །ཁྱོད་གསུང་སྙན་པས་ལྷ་ཡི་དུནྡྷུ་བྷིཿ། ཁྱོད་ཐུགས་བརྟན་ཅིང་ཟབ་པས་ཆུ་གཏེར་དང་། །རྣམ་པ་ཀུན་ཏུ་མཚུངས་ལ་དང་བས་འདུད། །ཅེས་པ་ལྟ་བུའོ། །ཞར་བྱུང་དཔེའི་སྐྱོན་སེལ་ལས། རྟགས་དང་ཚིག་ཐ་དད་ཀྱང་སྐྱོན་མེད་པ། དཔེར་ན། མི་བདག་འབངས་སྐྱོང་བརྩེ་ཆེན་མ་མ་བཞིན། །ཟླ་སྲིང་མ་འདི་འདོད་སྟེར་རྣམ་ཐོས་འདྲ། །ཁ་ཅིག་སྲེད་ལྡན་ནོར་བཞིན་རིགས་རྣམས་འཚོལ། །ལ་ལ་མཛའ་མོ་སྲོག་རྣམས་ཇི་བཞིན་བལྟ། །ལྟ་བུའོ། །དཔེ་དོན་མཆོག་དམན་བྱུང་ཡང་སྐྱོན་མེད་པ། དཔེར་ན། མང་ཐོས་བློ་གྲོས་ལྡན་པ་ཁྱོད་ཇི་བཞིན། །ངག་དབང་འཇམ་དཔལ་རྡོ་རྗེ་ལྷག་པར་མཁས། །གཟི་ལྡན་ཉིན་མོར་བྱེད་པའི་འོད་ལྡན་པ། །གང་ཁྱོད་མཁྱེན་པའི་སྣང་བས་འགྲན་པར་ནུས། །ལྟ་བུ། སྦྱོར་མ་ཤེས་ན་དེ་དག་སྐབས་འགར་སྐྱོན་དུ་འགྱུར་བ། དཔེར་ན། ལུས་ཕྲ་མ་འདིའི་གདོང་བཞིན་ཟླ་བ་དཀར། །གཡུལ་བཀྱེའི་ལས་ཐབས་མཁས་བཞིན་ཇོ་མོ་མཁས། །ཉི་མའི་འོད་སྣང་ཇི་བཞིན་བ་མོ་དཀར། །ནོར་སྐྱོང་ཇི་བཞིན་དཔའ་ཞིང་རྟུལ་ཕོད་ཅན། །ལྟ་བུའོ། །མཚུངས་པ་གསལ་བྱེད་ཀྱི་སྒྲའི་མཚན་ཉིད། ཚིག་སྦྱོར་གང་དང་གང་དུ་བྱུང་ཡང་དཔེ་དོན་གཉིས་མཚུངས་པ་གསལ་བར་བྱེད་པ། དབྱེ་ན་དྲུག་ཅུ་རྩ་ལྔ་སྟེ། བཞིན་ལྟར་ལྟ་བུ་


MLP007_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་སྒྲ། ཞེས་པ་ནས། སྒྲ་རྣམས་མཚུངས་པ་གསལ་བྱེད་ཡིན། །ཞེས་པའི་བར་སྡེ་ཚན་བཞིའི་སྒོ་ནས་གསུངས་པ་རྣམས་སོ། །དེ་དག་ཀྱང་སྦྱོར་ཚུལ་དཔེར་ན། སྡེ་ཚན་དང་པོ་དཔེ་དོན་གྱི་ངོ་བོ་གསལ་བར་བྱེད་པའི་ཚིག་ཉེར་གཉིས་ནི། ཐུབ་དབང་ཁྱོད་སྐུ་གསེར་གྱི་ལྷུན་པོ་བཞིན། །གསུང་དབྱངས་ལྷ་ཡི་རྔ་བོ་ཆེ་ལྟར་གྲགས། །གང་ཐུགས་ཟབ་རླིང་རྒྱ་མཚོའི་འཇིངས་ལྟ་བུ། །མཁའ་དབྱིངས་ཇི་ལྟར་དཔག་ཡས་ཡོན་ཏན་མངའ། །འཕྲིན་ལས་ཆད་མེད་ཆུ་བོའི་རྒྱུན་དང་མཐུན། །དེ་ཕྱིར་སྔོན་གྱི་རྒྱལ་བ་ཀུན་དང་མཚུངས། །ཟླ་བར་ཡང་དག་མཚུངས་པའི་ཐུགས་རྗེའི་འོད། །མཐའ་ཡས་འགྲོ་ཀུན་ལ་ཁྱབ་མཁའ་དང་མཉམ། །འཛུམ་ཞལ་ཚེམས་ཀྱི་མཛེས་པ་ཡང་དག་གསལ། །མཆུ་སྒྲོས་བིམ་པའི་མཚར་སྡུག་ངེས་པར་གསལ། །མཛོད་སྤུ་ཀུནྡའི་མཛེས་པ་རབ་ཏུ་གསལ། །པད་འདབ་རྒྱས་འདི་ཐུབ་དབང་སྤྱན་གྱི་ཟླ། །དབུ་སྐྲ་མཐོན་མཐིང་བུང་བའི་གཟུགས་བརྙན་འཛིན། །ཡོན་མིན་རང་རྒྱལ་གཙུག་ཏོར་གཉེན་པོར་གྲུབ། །ཞབས་སེན་བདེ་འབྱུང་ཅོད་པཎ་དགྲ་ཟླ་བྱེད། །གང་སྐུའི་འོད་དང་ཉི་འོད་སོ་སོར་རྟོགས། །སྣམ་སྦྱར་ཐུན་མཚམས་གོས་དང་ཕན་ཚུན་འགལ། །རྒྱལ་བའི་དཀྱིལ་འཁོར་དབུས་ན་རི་དབང་འདྲ། །མུ་མེད་ཐུགས་རྗེའི་མཁའ་དབྱིངས་མཐའ་ལ་བཅལ། །གང་གི་ཡོན་ཏན་གཞན་གྲགས་སྙན་འཇེབས་གླུ། །ཡང་དག་རྫོགས་སངས་རྒྱས་ཀུན་ཁྱོད་རིགས་མཐུན། །ཐར་འདོད་མ་ལུས་ཁྱོད་ཀྱི་རྗེས་སུ་སྨྲ། །དེ་ཕྱིར་བདག་ཅག་སྟོན་པ་བླ་མེད་དེར། །སྡེ་ཚན་དང་པོའི་མཚུངས་སྒྲས་བསྟོད་པར་བགྱི། །ལྟ་བུ། སྡེ་ཚན་གཉིས་པ་འདྲ་བའི་དོན་གསལ་བར་བྱེད་པ་བཅོ་བརྒྱད་ནི། དཔེར་ན། འཇམ་མགོན་ཁྱོད་ཞལ་སྟོན་ཟླའི་གཟུགས་བརྙན་ཅན། །སྤྱན་ཡངས་ཨུཏྤལ་འདབ་དང་སོ་སོར་བསྡེབས། །མཆུ་སྒྲོས་དམར་གསལ་པདྨའི་འདབ་དང་མཚུངས། །ས་གཞིའི་རྡུལ་ཕྲན་སྤུངས་མཉམ་མཛེས་སྡུག་ཅན། །ཚེམས་དཀར་འཕྲེང་བས་རྒྱུ་སྐར་ཡང་དག་གཞལ། །ལྗགས་དང་སྲབ་ཡངས་ལྷ་གོས་མཚན་ཉིད་མཐུན། །དུནྡྷུ་བྷི་དང་མཚན་ཉིད་འདྲ་གསུང་གིས། །ཆོས་སྟོན་མཚན་ཉིད་རྒྱལ་བ་ཉིད་དང་མཚུངས། །དེ་ཕྱིར་ཁྱོད་དཔལ་མཐུན་ཕྱོགས་ཐུབ་པའི་དབང་། །བུང་


MLP007_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཛེས་པ་ཐོར་ཅོག་དཔེ་རུ་བྱས། །ཉིན་མོའི་མགོན་འདི་ཁྱོད་སྐུའི་གཟི་མདངས་དཔེ། །ལྷ་རྫས་རྒྱན་མང་དབང་གཞུའི་འོད་ལ་རྟོགས། །པདྨ་ཁྱོད་ཞལ་ལས་དམན་འདམ་ཁྲོད་རྒྱུ། །ཟླ་བའང་ར་རིའི་མཚན་མས་ཅུང་ཟད་དམན། །དྲི་ཟ་ཕང་འགྲོའི་གསུང་དབྱངས་རབ་ཏུ་སྨྲ། །ཐུགས་མཚོ་ཟག་མེད་དཔལ་དེར་སོ་སོར་བཟློག །ཕན་བདེའི་འདོད་སྦྱིན་ནོར་བུའི་རིགས་སུ་མཐུན། །ཁྱོད་དང་ཉི་མ་མུན་སྨག་གཞོམ་ལ་དཔའ། །དེ་ལྟར་རྒྱལ་སྲས་མཐུ་བོ་འཇམ་དཔལ་ལ། །སྡེ་ཚན་གཉིས་པའི་མཚུངས་སྒྲས་བསྔགས་པ་ལགས། དཔེ་དོན་གཉིས་ཀ་དམན་མིན་དོན་ཅན་གྱི་ཚིག་ལས་འདི་ནི་ཆོས་མཐུན་པ་སྟེ་ཆོས་མཐུན་ཡོངས་དང་གྲིབ་མ་མཚུངས་པ་སོགས་ཀྱང་མཚོན་ནོ། །མཆན། སྡེ་ཚན་གསུམ་པ། དཔེ་རྒྱན་གསལ་བྱེད་བཅོ་ལྔ་ནི། ཟླ་བའི་བཞིན་ལེགས་ཨུཏྤལ་སྤྱན་ལྡན་མ། །ཁྱོད་སྐུ་མཛེས་པ་ཐིག་ལེ་མཆོག་མར་འགྲན། །སྒེག་ཉམས་ལྷ་ཡི་གར་མཁན་མ་ལས་རྒྱལ། །མཚར་སྡུག་ལང་ཚོ་པདྨའི་དཔལ་ལ་སྡང་། །ཆུ་ཤེལ་མེ་ལོང་ལ་འཁུ་ཁྱོད་གདོང་དང་། །ཀུནྡའི་དཀར་མཛེས་སུ་ཆེར་མི་མཐུན་སྒྲོག །ཨུཏྤལ་འདབ་རྒྱས་དང་འཐབ་སྤྱན་ཡངས་མ། །མུ་ཏིག་ལ་འཆའ་དཀར་འོད་ཚེམས་ཕྲེང་གསལ། །ལྷབ་ལྷུབ་དར་གྱིས་དབང་གཞུའི་སྨ་འབེབས་བྱེད། །སོར་གདུབ་འོད་ཀྱིས་ཉིན་བྱེད་སྣང་བར་དམོད། །དེ་སྒྲས་ལྷ་ཡི་བསིལ་སྙན་ལ་ཅོ་འདྲི། །སྙན་འགྱུར་གསུང་གིས་ཚངས་དབྱངས་མཛེས་པ་འགོག །རྒྱུད་མངས་གླུ་ཡིས་དྲི་ཟའི་རོལ་མོར་རྒོད། །སྤྱན་ཟུར་རྣ་རྒྱན་མཛེས་པར་ཕྲག་དོག་བྱེད། །ཟླ་བས་མཚར་སྡུག་མི་བཟོད་དབྱངས་ཅན་མར། །སྡེ་ཚན་གསུམ་པའི་འཕྲེང་བས་ཅུང་ཟད་བསྔགས། །སྡེ་ཚན་བཞི་པ་དེ་ལྟ་བུ་ལ་སོགས་པའི་སྒྲ་བཅུ་ནི། ཏི་སེའི་སྐལ་བཟང་འཕྲོག་བྱེད་གཏུམ་ཆེན་སྐུ། །རབ་དཀར་ཟླ་བའི་མཛེས་པའང་ཟུམ་པར་བྱེད། །གཟི་བྱིན་ཉི་འོད་ལ་འགྲན་ཚར་གཅོད་ཅིང་། །ཟླ་ཚེས་དང་མཚུངས་མཆེ་བ་ལྷག་པར་མཛེས། །ལྗགས་འདྲིལ་གློག་དམར་རྗེས་སུ་རྐང་པ་འཇོག །ཧཱུྃ་སྒྲའི་བཞད་སྒྲ་དབྱར་རྔའི་ནུས་པར་འཇུག །སྤྱན་གསུམ་བསྐལ་མེའི་རྗེས་འགྲོ་དེ་ནུས་འཆིང་། །སྐྲ་སྨིན་ཨག་ཚོམ་བསྲེག་ཟའི་ངང་ཚུལ་འཛིན། །ཕྱག་གཡས་རལ་གྲིས་གནམ་སྔོན་ཁེངས་པ་འགོག །གཡོན་པའི་ཞགས་པས་ལྷ་གཞུའི་


MLP007_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་འགྲོ་བྱེད། །མི་ཤེས་དགྲ་འཇོམས་ཁྲོ་རྒྱལ་མི་གཡོ་བར། །སྡེ་ཚན་བཞི་པའི་སྒྲ་བཅུས་ལེགས་པར་བསྟོད། །འདིར་མ་བརྗོད་པ་གཞན་ཡང་མཚུངས་པ་གསལ་བྱེད་དུ་འགྲོ་བ་ཡོད་དེ། ཆ་གྲོགས་སྤུན་ཟླ་མཐོང་ཐོས་དྲན། །རེག་ཕམ་སྙེག་དང་འཛེག་སེམས་སོགས། །དཔེར་ན། མཚར་སྡུག་བཞིན་རས་ཆ་འོས་ཟླ་ཉ་སྟེ། །སྤྱན་མིག་ཨུཏྤལ་གཞོན་ནུའི་གྲོགས་སུ་འགྱུར། །མཁུར་ཚོས་རྒྱ་སྐྱེགས་གསར་པའི་སྤུན་ཟླར་ཐོབ། །ཚེམས་བཟང་དཔལ་འདི་མུ་ཏིག་འཕྲེང་བར་མཐོང་། །དྲི་ཟའི་རྒྱུད་མངས་གང་གི་ངག་ལས་ཐོས། །ཁྱོད་གདོང་བསྟན་པས་ལྷ་མིའི་མཛེས་པ་དྲན། །ལུས་ལྡེམ་པདྨའི་སྡོང་པོའི་དཔལ་ལ་རེག །ནུ་འབུར་ཟུང་གིས་ཉི་ཟླའི་མཛེས་པ་ཕམ། །ཁྱོད་ལུས་དྲི་བསུང་ཨུཏྤལ་རྗེས་སུ་སྙེག །རྒྱན་མང་བཀླུབས་པས་དབང་གཞུའི་སྤྱི་བོར་འཛེག །དེ་ཕྱིར་མིག་གི་བདུད་རྩི་ཁོ་ནར་སེམས། །དེ་སོགས་མང་མོད་འདིར་ནི་བརྗོད་མི་ལང་། །གསུམ་པ་གཟུགས་ཅན་གྱི་རྒྱན་གྱི་མཚན་ཉིད། དཔེ་དོན་གཉིས་ཀ་ཐ་དད་དུ་མ་ཕྱེ་བར་དོན་གང་དཔེའི་ངོ་བོར་སྒྲོ་བཏགས་ནས་བཀོད་པ་སྟེ། དབྱེ་ན་ཉི་ཤུ་ལས། དང་པོ་བསྡུས་པའི་གཟུགས་ཅན་ནི། དཔེར་ན། ཁྱོད་ཞལ་ཟླ་བ་ཉིད་གསུང་འཆི་མེད་རྔ། །གང་ཐུགས་ཆུ་གཏེར་ཡོན་ཏན་ལྷུན་པོ་ཆེ། །འཕྲིན་ལས་ལྷ་ལམ་མཚར་སྡུག་མེ་ཏོག་ཕྲེང་། །ངག་དབང་ཚངས་སྲས་སྙན་གྲགས་གདུགས་དཀར་ཅན། །གཉིས་པ་མ་བསྡུས་པའི་གཟུགས་ཅན། གང་གི་ཞལ་རས་ཟླ་བ་ཚེས་པའི་དཔལ། །མཚར་སྡུག་མིག་གི་རི་བོང་རྣམ་པར་གཡོ། །དགྱེས་པའི་འཛུམ་མདངས་བསིལ་ཟེར་འོད་སྣང་གིས། །ཆགས་ལྡན་གཞོན་ནུའི་ཚ་གདུང་འཕྲོག་པར་བྱེད། །གསུམ་པ་བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན། མཛེས་སྐུ་པད་སྡོང་འཛུམ་ཞལ་འདབ་འཕྲེང་བཞད། །སྨིན་འཁྱོག་འཁྲི་ཤིང་འདྲེན་བྱེད་ཟེའུ་འབྲུ་གཡོ། །རྩེ་དགའི་དྲི་བསུང་སྤྲོ་བའི་སྐྱེད་ཚལ་དུ། །འདོད་པའི་བུང་བ་དགའ་བའི་གླུ་དབྱངས་ལེན། །བཞི་པ་མཐའ་དག་གཟུགས་ཅན། དབྱངས་ཅན་ཁྱོད་ཞལ་ཟླ་བའི་དཀྱིལ་འཁོར་ལས། །ལེགས་བཤད་གསུང་གི་འོད་དཀར་རབ་སྤྲོས་པས། །བདག་བློའི་ཀུ་མུད་འདབ་བརྒྱ་དགོད་


MLP007_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྩེར། །ཡོན་ཏན་གྲགས་པའི་ཟེའུ་འབྲུ་ཅི་ཡང་ངོམ། །ལྔ་པ་ཆ་ཤས་གཟུགས་ཅན་ནི། དཔལ་ལྡན་བློ་བརྟན་གསུམ་པའི་ཞལ་སྒོ་ནས། །ལེགས་བཤད་བསིལ་བའི་ཆུ་རྒྱུན་ལྷུང་ལྷུང་འབབ། །དེ་ཡིས་བླུན་རྨོངས་ཚད་པའི་ཟུག་རྔུ་རྣམས། །བསལ་ནས་ལྔ་རིག་བདུད་རྩིར་རྩེ་ཞིང་འཐུང་། །དྲུག་པ་ཆ་ཤས་ཅན་གྱི་གཟུགས་ཅན་ནི། འཇམ་མགོན་ཁྱོད་ཞལ་ཉི་མའི་མཛེས་པ་ལ། །ཀུན་ཏུ་དྭངས་བས་མི་ཤེས་རྨོངས་པའི་ཚོགས། །རྣམ་པར་སངས་ནས་ཤེས་བྱའི་གནས་རྣམས་ཀུན། །རྟོགས་པས་ཐུགས་རྗེའི་གནས་སྐབས་གསལ་བར་བྱེད། །བདུན་པ་ཡན་ལག་གཅིག་གཟུགས་ནི། རྒྱལ་སྲས་ཁྱོད་སྐུ་ཡིད་འོང་མཚར་སྡུག་གང་། །སྤྱན་དཀྱུས་ཡངས་པ་པདྨའི་འདབ་མ་ཅན། །སྙན་འགྱུར་དབྱངས་ཀྱིས་གཙུག་ལག་མ་ལུས་པ། །གང་འདུལ་མོས་ངོར་སྟོན་མཁས་འཇམ་དཔལ་དབྱངས། །ཡང་། དེ་ལྟར་འདི་ནི་གཉིས་སོགས་ཀྱི། །ཡན་ལག་རྣམས་ཀྱང་རྟོགས་པར་བྱ། །ཞེས་པ་ལྟར་སོགས་ཁོངས་ནས་གཉིས་གཟུགས་གསུམ་གཟུགས་སོགས་ཀྱི་ཡན་ལག་ཀྱང་མཚོན་ནོ། །བརྒྱད་པ་ལྡན་གཟུགས་ནི། གང་སྐུ་ལྡུམ་རའི་པད་སྡོང་འཁྲིལ་ལྡེམ་ཞིང་། །ཡིད་འཕྲོག་ལང་ཚོའི་འདབ་མ་དགོད་པ་ནི། །འདྲེན་བྱེད་བུང་བ་གཞོན་ནུའི་འཕུར་ལྡིང་དང་། །ལྷན་ཅིག་འགྲོགས་པའི་དཔལ་འདི་ཚངས་སྲས་མོ། །དགུ་པ་ལྡན་མིན་གཟུགས་ཅན་ནི། གཟི་ལྡན་འོད་ཆགས་ཁྱོད་ཞལ་ཉི་མ་ནི། །འཛུམ་དཀར་གཡོ་བའི་བདུད་རྩིའི་བསིལ་ཟེར་དང་། །སྤྱན་ཟུར་ཀུ་མུད་གཞོན་ནུ་གཡོ་ལྡན་པས། །འགྲོ་ལ་རྟག་པར་གཟིགས་མཛད་བཅོམ་ལྡན་འདས། །བཅུ་པ་མི་མཉམ་པའི་གཟུགས་ཅན་ནི། ལྟ་ན་སྡུག་པའི་ཡིད་འོང་མཆུ་འཛུམ་ཞིང་། །ཁྱོད་གདོང་ཟླ་བའི་ཐིག་འཕྲེང་གར་སྟབས་བསྒྱུར། །སྤྱན་རས་བུང་བ་ཡིད་སྲུབས་བདག་པོ་ཡིས། །ཡིད་ཅན་འདི་དག་རང་དབང་མེད་པར་འཇོམས། །བཅུ་གཅིག་པ་ཁྱད་པར་གཟུགས་ཅན་ནི། མགོན་ཁྱོད་ཞབས་ཟུང་ནོར་བུའི་གདེངས་ཀ་ནི། །སྲིད་གསུམ་རལ་པའི་ཅོད་པཎ་རྩེར་བཀོད་པས། །ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་མཚན་མ་བཟང་། །ཀུན་དགའི་དཔྱིད་དུ་མི་ནུབ་བརྟན་པར་བྱས། །བཅུ་གཉིས་པ་འགལ་གཟུགས། ཤར་གྱི་སྤོ་མཐོན་ཕྲག་པར་མི་


MLP007_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

འཛེག་ཅིང་། །ནུབ་རིའི་སྤྱི་བོ་ལ་ཡང་མི་ལྷུང་བའི། །རྣམ་འདྲེན་ཁྱེད་སྐུ་ཉིན་མོར་བྱེད་པའི་གཟིས། །གདུལ་བྱའི་རྨོངས་མུན་ཚོགས་རྣམས་བསལ་ཞིང་བཀྲུས། །བཅུ་གསུམ་པ་རྒྱུའི་གཟུགས། གང་གིས་ཉེས་བཤད་འཇོམས་པས་དཔའ་བོ་དང་། །རྣམ་གྲོལ་ཐར་ལམ་སྟོན་པས་དམིགས་བུའི་བཤེས། །སྐྱེ་རྒུའི་ཡིད་ཀྱི་རེ་བ་མ་ལུས་པ། །སྟེར་ཕྱིར་ཁྱོད་གསུང་འདོད་འབྱུང་རིན་པོ་ཆེ། །བཅུ་བཞི་པ་སྦྱར་བའི་གཟུགས་ཅན། མཛེས་མ་ཁྱོད་གདོང་ཞལ་སྒོའི་པདྨོ་ལ། །རབ་དཀར་གཉིས་སྐྱེས་ཚོགས་རྣམས་གནས་པར་འོས། །འདོད་སྟེར་དབྱངས་ཅན་བུང་བས་བརྩེ་བཞིན་པར། །རོལ་བས་ཀུན་དགའི་དཔལ་དུ་དེ་འགྱུར་རོ། །བཅོ་ལྔ་པ་དཔེའི་གཟུགས་ཅན། མིག་སྟོང་ལྡན་པ་དབང་པོའི་སྤྱི་བོ་ལ། །བཀོད་པའི་ཁྱོད་ཞབས་སེན་མོའི་དམར་འོད་དག །འཆར་ཀའི་ཚོན་རིས་གསར་པས་འཁྱུད་པ་ཡིས། །ཉིན་མོར་བྱེད་པའི་འོད་ལ་འགྲན་པར་བྱེད། །བཅུ་དྲུག་པ་བཟློག་པའི་གཟུགས་ཅན། བྷྲ་མ་ར་ཡིས་པདྨའི་བཅུད་འཐུང་ལ། །བདག་གིས་ཉིད་ཞལ་ཆུ་སྐྱེས་མཚར་སྡུག་འཐུང་། །པདྨ་འདི་ནི་གདོས་བཅས་སྐྱོན་དང་ལྡན། །དབྱངས་ཅན་ཁྱོད་ཞལ་སྣང་སྟོང་སྒྱུ་མའི་འཕྲུལ། །བཅུ་བདུན་པ་འགོག་པའི་གཟུགས་ཅན། རྣམ་འདྲེན་མཆོག་ཁྱོད་ཞབས་སེན་ཉི་མ་ནི། །དྲེགས་ལྡན་ལྷ་བརྒྱའི་དབུས་ན་བསིལ་སྦྱིན་མཁན། །སྲིད་པའི་མེ་ཡི་གདུང་བ་ཞི་མཛད་པས། །ཉི་མའི་དངོས་པོ་ཡིན་པར་གང་གིས་གྲུབ། །བཅོ་བརྒྱད་པ་མཉམ་འཇོག་གཟུགས་ཅན། མཛེས་མ་ཁྱོད་གདོང་ཀུནྡའི་མཛའ་ན་མོ། །རབ་བསིལ་བདུད་རྩིའི་ཟེར་འཕྲེང་འཛག་པས་ཀྱང་། །བདག་ཡིད་སྲེག་འདི་ཁྱོད་ཀྱི་སྐྱོན་ཁོ་ནར། །མ་ཟད་བདག་རང་འདོད་པས་གདུངས་པས་ཀྱང་། །བཅུ་དགུ་པ་གཟུགས་ཅན་གྱི་གཟུགས་ཅན། ཐུབ་བསྟན་རྒྱ་ཆེ་ནམ་མཁའི་སྐྱེད་ཚལ་དུ། །རྣམ་དཔྱོད་ཉིན་བྱེད་པདྨོ་རབ་བཞད་པའི། །ལེགས་བཤད་འོད་སྣང་སྦྲང་རྩིའི་དགའ་སྟོན་ལ། །སྤྱོད་པའི་བློ་གསལ་འདི་དག་སྐལ་བ་བཟང་། །ཉི་ཤུ་པ་བསྙོན་དོར་གཟུགས་ཅན། །འདི་ནི་ཁྱོད་གདོང་མ་ཡིན་འོད་དཀར་ཅན། །གང་གསུང་མ་ཡིན་ལྷ་ཡི་དུནྡྷུ་བྷི། །ཁྱོད་ཀྱི་ཐུགས་མིན་ཟབ་བརླིང་ལྷ་ཡི་ལམ། །མ་གཅིག་དགེ་འདུན་འབུམ་མིན་ཚངས་སྲས་


MLP007_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །ཞེས་པ་ལྟ་བུའོ། །བཞི་པ་གསལ་བྱེད་ཀྱི་རྒྱན་གྱི་མཚན་ཉིད། རིགས་དང་བྱ་བ་སོགས་གང་རུང་སྟོན་པའི་ཚིག་གཅིག་རྐང་པའི་ཐོག་མཐའ་བར་གསུམ་གང་རུང་དུ་གནས་པའི་ནུས་པས་ངག་ཀུན་ལ་ཕན་ཞིང་གསལ་བར་བྱེད་པ་སྟེ། དབྱེ་ན་བཅུ་གཉིས་ལས། དང་པོ་རིགས་ཐོག་གསལ་ནི། དམ་ཆོས་བདུད་རྩིའི་ཆར་རྒྱུན་གཅིག་ཁོ་ནས། །སྐྱེ་རྒུའི་སྡུག་བསྔལ་ཚ་གདུང་ཞི་བྱེད་ཅིང་། །རྟོགས་དཀའ་རྒྱལ་བའི་ཡོན་ཏན་གདོད་མ་ནས། །བཞུགས་དེའི་སྒྲིབ་བྱེད་དྲི་མའང་འབྱིན་པར་ནུས། །གཉིས་པ་བྱ་བ་ཐོག་གསལ་ནི། བསྒྲལ་བར་བྱས་སོ་འགྲོ་བ་མ་ལུས་ཀུན། །སྡུག་བསྔལ་རྦ་རླབས་འཁྲུགས་པའི་ཆུ་གཏེར་ལས། །ཞི་བའི་ལམ་དུ་འཕྱན་རྣམས་རང་དོན་གྱི། །ནགས་ཚལ་སྟུག་པོས་བསྐོར་བའི་འབྲོག་ལས་སོ། །གསུམ་པ་ཡོན་ཏན་ཐོག་གསལ་ནི། དམར་སེར་ཉིད་དོ་ཀུན་གསལ་མཁའ་ཡི་ཁྱོན། །ཐུན་མཚམས་ཆུ་འཛིན་འཕྲེང་བས་བསྟར་བས་ཏེ། །གངས་རིས་བསྐོར་བའི་ནོར་འཛིན་ཕང་པ་ཡང་། །ངུར་སྨྲིག་འཆང་བའི་གསུམ་ལྡན་འདུས་པས་སོ། །བཞི་པ་རྫས་ཐོག་གསལ། བདེ་གཤེགས་ཁྱོད་ཀྱིས་སྒྲིབ་གསུམ་མུན་པ་ཡི། །མི་ཤེས་རྨོངས་པའི་ཚོགས་རྣམས་གང་དུ་བཏང་། །སྟོབས་བཅུ་མི་འཇིགས་བཞི་སོགས་མ་འདྲེས་པའི། །ཡིད་འོང་ཆོས་རྣམས་གང་ནས་བླངས་ཞེས་རྟོགས། །ལྔ་པ་རིགས་བརྗོད་པའི་བར་གསལ། དམ་ཆོས་འཆད་དོ་འཁོར་གྱི་ཁྱམས་ནང་དུ། །ལེགས་བཤད་སྟོན་མཁས་ཡོངས་འཛིན་དགེ་བའི་བཤེས། །དཔལ་གྱི་མགྲིན་པ་རབ་བཏེགས་སྤྱན་རས་ཀྱང་། །འཇིགས་མེད་ཕྱོགས་རྣམས་ཀུན་ཏུ་རྣམ་པར་གཟིགས། །དྲུག་པ་བྱ་བ་བརྗོད་པའི་བར་གསལ། བཟང་པོ་དཔལ་གྱིས་རང་གི་བདེ་བ་དང་། །གཞན་གྱི་སྡུག་བསྔལ་བརྗེ་བའི་དམ་བཅའ་བླངས། །སྲེད་ལྡན་འགའ་ཞིག་ཕ་རོལ་གཞན་གྱི་ནོར། །ཆེན་པོའང་རང་གི་ནོར་རྫས་ཆུང་ངུས་སོ། །བདུན་པ་རིགས་མཐའ་གསལ། ལ་ལ་ཆགས་བྲལ་ངུར་སྨྲིག་རྒྱལ་མཚན་སྒྲེང་། །འགའ་ཞིག་གོས་དཀར་ལྕང་ལོའི་ཅོད་པཎ་འཆང་། །གཞན་དག་གཅེར་བུ་གཏུམ་མོའི་བདེ་དྲོད་སྤོར། །དེ་ལྟའི་སྐྱེས་མཆོག་འདི་ཀུན་འགྲོ་བའི་


MLP007_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

མགོན། །བརྒྱད་པ་བྱ་བ་མཐའ་གསལ། བུ་དང་ཆུང་མས་ཁྱིམ་གྱི་གནས་སུ་སྟེ། །རྒ་བའི་ཞགས་པས་དེ་བཞིན་ལང་ཚོ་ཉིད། །གཟུང་འཛིན་སྒྲོག་གིས་འཁོར་བའི་བཙོན་ར་ལས། །གཞན་དུ་ཐར་མེད་རྣམ་པར་བསྡམས་པར་གྱུར། །དགུ་པ་ཕྲེང་བའི་གསལ་བྱེད། གཏེར་ཆེན་ཆོས་རྗེས་རྒྱལ་བསྟན་རིན་པོ་ཆེ། །རྒྱས་པར་མཛད་དེ་བསྟན་འཛིན་འདུས་པའི་སྡེ། །དེ་ཡིས་རིས་མེད་འགྲོ་བའི་ཕན་བདེ་དང་། །དེས་ཀྱང་མངོན་པར་མཐོ་དང་ངེས་ལེགས་སོ། །བཅུ་པ་འགལ་དོན་གསལ་བྱེད། ཁུ་ལུང་དབེན་པའི་གནས་སུ་བསྐྱེད་རྫོགས་རོས། །རྣམ་པར་མྱོས་པའི་གནུབས་རིགས་རྡོ་རྗེ་འཛིན། །རིམ་པར་བྱོན་དུས་མ་རུངས་བདུད་སྡེའི་ཕྱོགས། །བཅོམ་ཞིང་བསྟན་འགྲོའི་ཕན་བདེ་རྒྱས་པར་བྱས། །བཅུ་གཅིག་པ་དོན་གཅིག་པའི་གསལ་བྱེད། འཇམ་མགོན་བླ་མའི་ཕུལ་བྱུང་མཁྱེན་པ་འདིས། །ལུང་རྟོགས་བསྟན་པའི་ཁ་ལོ་གྱེན་དུ་འདེགས། །སྐྱེ་རྒུའི་ཕན་བདེའི་འབྱོར་པ་སྤེལ་བྱེད་ཅིང་། །མེ་ཏོག་གཞུ་ཅན་ཡིད་ཀྱི་རེ་བའང་འཇོམས། །བཅུ་གཉིས་པ་སྦྱར་བའི་གསལ་བྱེད། །བསོད་ནམས་ཆེན་པོས་ཀུན་ལ་དབང་བསྒྱུར་ཞིང་། །དྲེགས་ལྡན་ཚོགས་ཀྱིས་གུས་པས་ཕྱག་བྱས་པ། །མིག་སྟོང་ལྡན་པ་སུམ་རྩེན་ཚལ་ན་སྟེ། །མི་དབང་ཁྱོད་ནི་གངས་རིའི་ལྗོངས་འདིར་རྒྱུ། །ཞེས་པ་ལྟ་བུའོ། །ལྔ་པ་བསྐོར་རྒྱན་གྱི་མཚན་ཉིད། རྐང་པ་བཞིའི་ཐོག་མཐའ་བར་གསུམ་གང་རུང་དུ་ཚིག་དོན་འདྲ་བས་བསྐོར་བ་སྟེ། དབྱེ་ན་གསུམ་ལས། དང་པོ་དོན་བསྐོར་ནི། འགའ་ཞིག་དམ་ཆོས་འཆད་པས་ཀུན་གྱིས་བཀུར། །ལ་ལ་རྩོད་པས་རྒོལ་ངན་གཡུལ་ལས་རྒྱལ། །གཞན་དག་ལེགས་བཤད་རྩོམ་པས་མངོན་པར་མཐོ། །འགའ་ཞིག་དབེན་པར་དོན་སྒོམ་ཀུན་ལས་འཕགས། །གཉིས་པ་ཚིག་བསྐོར་ནི། ཟླ་བའི་བཞིན་ལྡན་གཡོན་མིག་ལུས་ཕྲ་མས། །ཆགས་ལྡན་སྐྱེ་བོའི་ཚོགས་ཀྱི་ཡིད་རབ་འཕྲོག །སྨྲ་མཁས་བསྟན་འཛིན་བཟང་པོའི་ལེགས་བཤད་ཀྱིས། །དཔྱོད་ལྡན་མཁས་པ་རྣམས་ཀྱི་ཡིད་རབ་འཕྲོག །གསུམ་པ་གཉིས་ཀ་བསྐོར་བ་ནི། མང་དུ་ཐོས་དོན་བསམ་པས་ངེས་བྱས་པའི། །བློ་ལྡན་དེ་དག་སྲིད་པའི་


MLP007_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གཡུལ་ལས་རྒྱལ། །དབེན་པའི་ནགས་སུ་སྤོང་བ་ལྷུར་ལེན་པའི། །དམ་པ་འདི་རྣམས་སྒྲིབ་གསུམ་གཡུལ་ལས་རྒྱལ། །ཞེས་པ་ལྟ་བུའོ། །དྲུག་པ་འགོག་པའི་རྒྱན་གྱི་མཚན་ཉིད། ཆོས་གང་ལ་དགག་པ་བརྗོད་པས་ཆོས་དེ་འགོག་པར་བྱེད་པ་སྟེ། དབྱེ་ན་ཉི་ཤུ་རྩ་གསུམ་ལས། དང་པོ་བྱུང་བ་འགོག་པ་ནི། དྷརྨ་བྷ་དྲའི་རྣམ་དཔྱོད་ཧུབ་གཅིག་གིས། །ཤེས་བྱའི་ཆུ་གཏེར་མ་ལུས་དྲངས་སོ་ཞེས། །སྔོན་ཆད་གྲགས་པའི་གཏམ་འདི་འུད་པོ་ཆེ། །འོན་ཀྱང་འཕགས་བློའི་ནུས་པ་བསམ་མི་ཁྱབ། །གཉིས་པ་ད་ལྟ་བ་འགོག་པ་ནི། ཁམས་གསུམ་དབང་དུ་བྱེད་པ་འདོད་པའི་རྒྱལ། །འགུགས་བྱེད་ལྕགས་ཀྱུ་འཛིན་པའི་ངལ་བས་ཅི། །སྲིད་པ་གསུམ་གྱི་ཕུན་ཚོགས་མ་ལུས་ཀུན། །གང་སྐུའི་ཟེར་འཕྲེང་གཅིག་གིས་འགུགས་པར་ནུས། །གསུམ་པ་འབྱུང་འགྱུར་འགོག་པ་ནི། བདག་ནི་དེང་ནས་འཁོར་བའི་ཚེ་རབས་སུ། །གཏེར་ཆེན་བླ་མ་ཁྱེད་ལས་སྐྱབས་མི་འཚོལ། །དེ་ཕྱིར་དམྱལ་མེའི་དོང་ཁར་ལྷགས་ན་ཡང་། །ཐུགས་རྗེའི་དཔྱང་ཐག་སྲ་འདིས་ཅི་ལ་ལྷུང་། །བཞི་པ་ཆོས་འགོག་པ་ནི། གསང་བདག་དངོས་བྱོན་ཟུར་ཆུང་ཤེས་རབ་གྲགས། །འགྲོ་བ་ཀུན་ལ་ཕན་པར་མཛད་པ་རྫུན། །གལ་ཏེ་བདེན་ན་ཁྱུང་པོ་གྲགས་སེ་ཡི། །སྙིང་ལ་ཕྲག་དོག་ཟུག་རྔུ་སྦྱིན་འདི་ཅི། །ལྔ་པ་ཆོས་ཅན་འགོག་པ་ནི། རྣལ་འབྱོར་དབང་ཕྱུག་ལྕེ་བཙུན་ཆེན་པོའི་སྐུ། །ཟག་མེད་འོད་སྐུར་ཡལ་ལམ་མ་ཡལ་ཞེས། །དཔག་པར་དཀའ་སྟེ་འབྱུང་ལུས་སྙིགས་མའི་ལྷག །མ་བཞག་ཙམ་ལས་མངོན་དུ་མཐོང་མ་ནུས། །དྲུག་པ་རྒྱུ་འགོག་པ་ནི། མེ་སྟག་འར་འུར་འཕྲོ་བའི་ལྕགས་སྲེག་གཞིར། །རབ་རྣོན་མཚོན་ཆ་དུ་མས་ལུས་ཕུག་སྟེ། །མི་བཟོད་ཟུག་རྔུས་མནར་ཡང་དེར་སྐྱེ་བའི། །རྒྱུ་མེད་ཕྱིར་ན་འཇིགས་སེམས་ཅི་ལ་ལྡང་། །བདུན་པ་འབྲས་བུ་འགོག་པ་ནི། མི་བདག་ཞེ་སྡང་དྲག་པོས་རབ་མྱོས་ཏེ། །ཡན་ལག་མཚོན་གྱིས་དུམ་བུར་གཏུབས་གྱུར་ཀྱང་། །དྲང་སྲོང་ཆེན་པོ་བཟོད་པར་སྨྲ་བ་དེས། །རང་ཉིད་དགེ་སྦྱོང་ཆོས་ལས་འདས་མ་གྱུར། །བརྒྱད་པ་རྗེས་གནང་གིས་འགོག་པ་ནི། འགྲོ་བ་སྒྲོལ་བའི་བཤེས་ཁྱོད་ཆོས་དབྱིངས་ཀྱི། །ནགས་དེར་གཤེགས་པར་བཞེད་ན་


MLP007_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་མཛོད། །བདག་ཅག་མཐར་བྱེད་གྲོང་དེར་མྱུར་འཇུག་པས། །ཁྱོད་བྲལ་གདུངས་པས་ཡུན་རིང་མནར་མི་འགྱུར། །དགུ་པ་དབང་གིས་འགོག་པ་ནི། ཤེས་བྱ་ཀུན་གཟིགས་དཔལ་ལྡན་རྒྱལ་བའི་སྲས། །དག་པའི་ཞིང་མཆོག་གཞན་དུ་གཤེགས་ན་ཡང་། །གདུལ་བྱ་འདུལ་བའི་ཕྲིན་ལས་འདྲ་མོད་ཀྱི། །འོན་ཀྱང་ཞིང་འདིའི་མགོན་དུ་རྟག་བཞུགས་ཤིག །བཅུ་པ་མ་གུས་པས་འགོག་པ་ནི། འགྲོ་ལ་ཕན་བཞེད་རྒྱལ་བའི་སྲས་པོ་སྟེ། །རང་ཉིད་ཞི་བ་དོན་གཉེར་དེ་ལྟ་མིན། །མགོན་ཁྱོད་ཞི་བདེར་གཤེགས་སམ་བཞུགས་ལགས་ཀྱང་། །རང་གི་བསམ་པའི་གནས་སྐབས་གསོལ་བར་ཟད། །བཅུ་གཅིག་པ་ཤིས་བརྗོད་ཀྱིས་འགོག་པ་ནི། གྲོགས་དག་ཇི་སྲིད་འཚོའི་བར་འདུ་འཛི་ལ། །སྒྲིལ་བར་བཞེད་ན་དུབ་པར་མ་གྱུར་ཅིག །བདག་ཅག་དམ་པའི་གཤེགས་ཤུལ་སྙེག་འདོད་རྣམས། །ཁྱོད་ལ་ཟུར་འགྲོས་སྟབས་ཀྱིས་འབྲལ་བར་སྨོན། །བཅུ་གཉིས་པ་རྩུབ་མོས་འགོག་པ་ནི། མགོན་ཁྱོད་དག་པའི་ཞིང་གཞན་ལ་དགྱེས་ན། །ཉིད་ཀྱི་རྗེས་ཞུགས་སློབ་མ་གཞན་འགའ་འཚོལ། །ཁྱེད་ལ་བརྟེན་པའི་བདག་ཅག་གདུལ་བྱ་རྣམས། །མྱུར་དུ་དུས་ཀྱི་ཆོས་ལས་ཡོལ་བར་ངེས། །བཅུ་གསུམ་པ་གྲོགས་ཀྱིས་འགོག་པ་ནི། གྲོགས་ཁྱོད་བསམ་གཏན་བསྟེན་ཕྱིར་ནགས་ནང་དུ། །གཤེགས་པར་བཞེད་ན་མྱུར་བ་ཉིད་དུ་བྱོན། །ཕྱིས་ནས་དུང་པའི་མཛའ་བོ་ཁྱིམ་བཅས་དང་། །བྲལ་བའི་གདུང་བས་ཁྱོད་ལམ་འགོག་པར་འགྱུར། །བཅུ་བཞི་པ་འབད་པས་འགོག་པ་ནི། མྱ་ངན་འདའ་བཞེད་རྒྱལ་བའི་དགོངས་པ་དང་། །བསྟུན་ནས་གཤེགས་ཞེས་འཇེབས་པར་གསོལ་སེམས་ཀྱང་། །རང་འདོད་ཤུགས་ཀྱིས་མ་གཤེགས་ཞེས་པའི་ཚིག །དབང་མེད་ཐོན་པར་གྱུར་གང་བཟོད་པར་བཞེས། །བཅོ་ལྔ་པ་གཞན་དབང་གིས་འགོག་པ་ནི། འཆད་རྩོད་རྩོམ་པའི་བྱ་བས་རྒྱལ་བའི་བསྟན། །འཛིན་པར་འོས་ཞེས་དམ་པ་ཀུན་གྱིས་བསྔགས། །བདག་བློ་རྒྱ་ཁབ་མིག་བཞིན་ཕྲར་གྱུར་བ། །དེ་དང་དཔྱོད་ལྡན་ཁྱོད་ཅག་གླེང་མོ་མཛོད། །བཅུ་དྲུག་པ་ཐབས་ཀྱིས་འགོག་པ་ནི། སྐྱེ་རྒུའི་མགོན་ཁྱོད་འོག་མིན་ཞིང་ཁམས་སུ། །གཤེགས་པའི་མྱ་ངན་བདག་གིས་བཟོད་པར་བགྱི། །ཉིད་ཀྱིས་མཉེས་པའི་གོ་འཕང་མཐོན་པོ་དེར། །


MLP007_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཀུན་འགོད་ནུས་མཐུ་ཆེན་དེ་རིང་སྩོལ། །བཅུ་བདུན་པ་ཁྲོ་བས་འགོག་པ་ནི། མི་སྨྲ་ནགས་ཁྲོད་འགྲོ་ཞེས་ཁྱོད་ཞལ་ནས། །རྩུབ་མོའི་བཀའ་སྩལ་ལྷུངས་པས་བདག་སྙིང་བསྣད། །ད་ཀོ་མ་གཤེགས་བཞུགས་ནའང་ཉམ་ཆུང་བདག །གསོན་པའི་སྐབས་མེད་དགོས་པ་ལྷག་པོ་གང་། །བཅོ་བརྒྱད་པ་མྱ་ངན་ནམ་སྙིང་རྗེས་འགོག་པ་ནི། སྟོན་ཆེན་ཁ་ཅིག་ཐོས་པའི་ནོར་བསགས་ནས། །ཁེངས་དྲེགས་ཀྱིས་བརླམས་གཞན་ལ་མ་བཤད་ཅིང་། །རང་གིས་མ་བསྒོམས་སུ་ལའང་མ་ཕན་པར། །གྲོང་མཐར་རིག་པ་ཡུད་ཀྱིས་རྒས་ལ་ལྟོས། །བཅུ་དགུ་པ་འགྱོད་པས་འགོག་པ་ནི། ཀྱི་ཧུད་བདག་ནི་བསྟན་པའི་སྒོར་ཞུགས་ཀྱང་། །ཚེ་འདིའི་དོན་ཆུང་བྱ་བྱེད་ཀྱིས་བསླུས་ནས། །སེམས་རྒྱུད་དམ་པའི་ཆོས་དང་མ་འདྲེས་པར། །ན་ཚོད་ཕལ་ཆེར་སོང་བ་དེ་རིང་ཚོར། །ཉི་ཤུ་པ་ཐེ་ཚོམ་གྱིས་འགོག་པ་ནི། ཡིད་འཕྲོག་དཀར་མཛེས་ཅན་འདི་ཟླ་བའམ། །ཡང་ན་སྤུ་ལྡན་ལྷ་མོའི་ཞལ་ལམ་ཅི། །གསུང་འདི་རབ་སྙན་ཚངས་པའི་དབྱངས་འདྲ་ཕྱིར། །འདི་ནི་ཟླ་བའི་དཀྱིལ་འཁོར་ག་ལ་ཡིན། །ཉེར་གཅིག་པ་སྦྱར་བས་འགོག་པ་ནི། ཇི་ལྟའི་གནས་ལུགས་དོན་གཉིས་ཐུགས་ཆུད་ཅིང་། །ཇི་སྙེད་ཆོས་ཀུན་མ་འདྲེས་གཟིགས་པ་ཡི། །མཁྱེན་གཉིས་ལྡན་པའི་མགོན་འདི་བཞུགས་བཞིན་དུ། །ཐམས་ཅད་གཟིགས་པའི་རྒྱལ་བ་གཞན་གྱིས་ཅི། །ཉེར་གཉིས་པ་དོན་གཞན་འགོག་པ་ནི། ཕྲ་ཞིབ་དཔྱོད་ནུས་བློ་ལྡན་སྐྱེས་བུ་ཁྱོད། །ད་དུང་རིག་པ་འཚོལ་བས་བྲེལ་འདི་ཅི། །དེ་ལྟ་ན་ཡང་གཏིང་ཟབ་ཆུ་ཡི་གཏེར། །ངོམས་པ་མེད་པར་ཆུ་ཕྲན་སྡུད་ལ་ལྟོས། །ཉེར་གསུམ་པ་རྒྱུས་འགོག་པ་ནི། ཐམས་ཅད་སྒྲོལ་ལ་བཀྲེན་པ་རྣམས་ཀྱིས་དེང་། །སྦྱིན་པ་པོ་ཞེས་བསྟོད་པར་མི་བྱེད་དེ། །སློང་མོ་པ་དག་རང་ནོར་རང་ཉིད་ཀྱིས། །ལེན་པར་བསམ་ནས་བདེ་བར་སྤྱོད་ཕྱིར་རོ། །ཞེས་པ་ལྟ་བུའོ། །བདུན་པ་དོན་གཞན་བཀོད་པའི་རྒྱན་གྱི་མཚན་ཉིད། བརྗོད་བྱའི་དངོས་པོ་འགའ་ཞིག་དམ་བཅའ་ལྟར་བཀོད་ནས། དེའི་སྒྲུབ་བྱེད་ཀྱི་རྟགས་ནུས་པ་ཅན་གཞན་ཞིག་འགོད་པར་བྱེད་པ་སྟེ། དབྱེ་ན་བརྒྱད་ལས། དང་པོ་ཀུན་ཁྱབ་ཀྱི་དོན་གཞན་བཀོད་པ་ནི། འཇིག་རྟེན་


MLP007_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་འོངས་སྔོན་རབས་སྐྱེ་བོ་རྣམས། །གཅིག་ཀྱང་མ་ལུས་འཆི་བདག་གྲོང་དུ་བསྙེགས། །འདུས་བྱས་ཆོས་ཀུན་རང་བཞིན་འཇིག་ཆོས་ཀྱི། །ངེས་པ་ལ་ནི་སུ་ཡིས་འགོང་པར་ནུས། །གཉིས་པ་ཁྱད་པར་ལ་གནས་དོན་གཞན་བཀོད་པ་ནི། སྐྱེས་མཆོག་ཁྱོད་ལ་གཞན་གྱིས་མ་གསོལ་ཀྱང་། །ཐུགས་རྗེའི་སྤྱན་གྱིས་རྟག་པར་བུ་བཞིན་གཟིགས། །ཉིན་མོར་བྱེད་འདི་ལེགས་ལྡན་སྐྱེ་རྒུ་ཡི། །མིག་ལ་སྣང་བའི་དཔལ་སྟེར་དངོས་པོའི་གཤིས། །གསུམ་པ་སྦྱར་བའི་དོན་གཞན་བཀོད་པ་ནི། ཨེ་མ་ཤེས་མི་སྤྱི་དང་མཁས་པ། ལྡན་ཁྱོད་ཀྱི་མཛད་པ་འདིས། །འཇིག་རྟེན་པ་ཀུན་ཡིད་ལ་དགའ་བ་སྟེར། །གཉིས་བྱ་དང་ཟླ་བ། སྐྱེས་དབང་པོས་རབ་དྭངས་ནམ་མཁའི་ཁྱོན། །ཀུན་ཏུ་མཛེས་པར་བྱེད་པ་མ་ཡིན་ནམ། །བཞི་པ་འགལ་བའི་དོན་གཞན་བཀོད་པ་ནི། དམ་པ་རྣམས་ནི་ཤིན་ཏུ་ཁྲོས་གྱུར་ཀྱང་། །གཞན་ལ་ཕན་པའི་སྦྱོར་བ་འདོར་མི་སྲིད། །སེམས་མེད་བླུན་པར་གྱུར་ཀྱང་ཕན་བདེའི་ཆར། །འབེབས་པར་ནུས་པ་ཡིད་བཞིན་ནོར་མིན་ནམ། །ལྔ་པ་མི་འོས་པའི་དོན་གཞན་བཀོད་པ་ནི། བདེ་གཤེགས་ཀུན་གྱི་བགྲོད་པ་གཅིག་པུའི་ལམ། །ཟབ་གསང་རྫོགས་པ་ཆེན་པོ་འདི་ཡིན་ཞེས། །རབ་སྙན་དབྱངས་ཀྱིས་བསྙད་ཀྱང་རྣ་བ་ལ། །རྩུབ་འགྱུར་སྐལ་བས་ཕོངས་པའི་སྡིག་འདི་འདྲ། །དྲུག་པ་འོས་པའི་དོན་གཞན་བཀོད་པ་ནི། དབྱངས་ཅན་ཞལ་གྱི་མཚར་སྡུག་འཛུམ་མདངས་འདིས། །བདག་ཡིད་དད་པའི་ཤུགས་ཀྱིས་གདུང་བར་བྱེད། །མོས་སེམས་དྲག་དེ་སྲེག་བྱེད་ཞུགས་འབར་དང་། །མཚུངས་ཕྱིར་གདུང་བར་རིགས་པ་མ་ཡིན་ནམ། །བདུན་པ་འོས་ཤིང་མི་འོས་པའི་དོན་གཞན་བཀོད་པ་ནི། འདུ་འཛིའི་གཡེངས་བས་རང་རྒྱུད་གདུང་མོད་ཀྱི། །ཞི་བའི་དགོན་པས་ཆགས་གདུང་བསྐྱེད་འོས་སམ། །ཟླ་བས་པདྨའི་བཞིན་རས་སྡུད་རིགས་ཀྱི། །ཉི་མས་ཉམས་པར་བྱེད་ན་ཐབས་ཅི་ཡོད། །བརྒྱད་པ་མི་འོས་ཤིང་འོས་པའི་དོན་གཞན་བཀོད་པ་ནི། རྒྱུ་འབྲས་བླང་དོར་ཤེས་རྣམས་མི་དགེ་བའི། །ལས་ལ་འཇུག་ན་བླུན་རྣམས་ཅིས་མི་འཇུག །མིག་ལྡན་ཉམ་ངའི་གཡང་སར་གར་རྩེ་ན། །དམུས་ལོང་ལྕེབས་པར་བྱེད་ནའང་འོས་མིན་ནམ། །ཞེས་པ་ལྟ་བུའོ། །


MLP007_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་བཟློག་པ་ཅན་གྱི་རྒྱན་གྱི་མཚན་ཉིད། སྔོན་ལ་ཆོས་གཉིས་མཚུངས་པར་བསྟན་ནས། སླར་ཡང་མི་མཚུངས་པའི་ཁྱད་པར་འགའ་ཞིག་བསྟན་པར་བྱེད་པ་སྟེ། དབྱེ་ན་བཅུ་ལས། དང་པོ་གཅིག་བཟློག་ནི། ཟབ་ཅིང་ཡངས་ལ་གཡོ་མེད་བརྟན་གྱུར་པ། །མི་བདག་ཁྱོད་ཀྱི་ཐུགས་དང་ཆུ་ཡི་གཏེར། །མཚུངས་མོད་དེ་ལྟ་ན་ཡང་ཐ་དད་པའི། །ཁྱད་པར་འབྱེད་ཆོས་ཁྱོད་ཐུགས་རྣམ་རིག་ལྡན། །གཉིས་པ་གཉིས་ལྡོག་ནི། རི་བོང་ཅན་དང་སྒྲ་དབྱངས་ལྷ་མོའི་སྐུ། །དཀར་མཛེས་སྐྱེ་རྒུའི་གདུང་བ་སེལ་བྱེད་དེ། །དེ་ནི་རྒྱུ་སྐར་ཕྲེང་བའི་ཚོགས་རྣམས་དང་། །ཁྱོད་སྐུ་བློ་སྟེར་དབུས་ན་མངོན་པར་རྒྱུ། །གསུམ་པ་སྦྱར་བའི་ལྡོག་པ་ནི། སྨྲ་མཁས་ཁྱོད་དང་ཉིན་མོར་བྱེད་པ་གཉིས། །བླང་དོར་གསལ་བར་སྟོན་ཅིང་ཀུན་གྱི་བླར། །འཕགས་པར་མཚུངས་མོད་ཉི་མ་འཆར་ནུབ་ཅན། །ཁྱོད་ནི་འཆར་ནུབ་བྲལ་བས་ཐ་དད་དོ། །བཞི་པ་འགོག་པའི་ལྡོག་པ་ཅན་ནི། །གང་ལ་གསོལ་བ་བཏབ་ན་འདོད་དགུའི་དཔལ། །ཐོགས་མེད་སྩོལ་བའི་མཛད་པ་འདྲ་མོད་ཀྱང་། །མི་གཙང་འདམ་གྱིས་གེགས་བྱེད་ནོར་བུ་འདིས། །མགོན་ཁྱོད་རྣམ་རྒྱལ་ཐུགས་རྗེར་འགྲན་ནུས་མིན། །ལྔ་པ་གཏན་ཚིགས་ཅན་གྱི་ལྡོག་པ་ནི། ཤིང་རྟའི་ཁྲིར་གནས་གཟི་བརྗིད་མཚུངས་ཟླ་བྲལ། །ཉེ་རིང་མེད་པར་ཀུན་ལ་ཕན་འདོགས་ཀྱང་། །བླུན་ཞིང་འཆར་ནུབ་རེས་འཇོག་བྱེད་པའི་ཕྱིར། །རྟ་ལྗང་ཅན་དེ་མི་བདག་ཁྱོད་ལས་དམན། །དྲུག་པ་དཔེ་དང་དཔེ་ཅན་དབྱེ་བ་ཅན་གྱི་ལྡོག་པ་ནི། དཔལ་ལྡན་འཇམ་མགོན་གཞོན་ནུའི་ཞལ་རས་དང་། །པདྨའི་གཉེན་གྱི་དཀྱིལ་འཁོར་རྣམ་གཉིས་ཀྱི། །འབྱེད་ཆོས་ཁྱོད་ཞལ་ཁྱོད་ཀྱི་གདོང་པ་དང་། །ཉིན་མོར་བྱེད་དེ་ལྷ་ལམ་གནས་པས་དབྱེ། །བདུན་པ་དཔེ་ཅན་ལྷག་པའི་ལྡོག་པ་ཅན་ནི། ཀུནྡའི་ཕུང་པོར་རབ་མཛེས་སྨིན་འཁྱོག་དང་། །འཛུམ་ཞལ་མཆུ་སྒྲོས་དམར་བས་མཚན་པ་མེད། །ཚངས་སྲས་བུ་མོ་ཁྱོད་གདོང་དཀྱིལ་འཁོར་ནི། །མཛེས་པའི་ཡོན་ཏན་དེ་དག་རྣམས་ཀྱིས་སྤྲས། །བརྒྱད་པ་མཚུངས་ཆོས་འབྱེད་བྱེད་གཉིས་ཀ་ཅན་གྱི་ལྡོག་པ་ནི། དབྱངས་ཀྱི་རྒྱལ་མོའི་ཞལ་དང་རྒྱུ་སྐར་བདག །དཀར་གསལ་རབ་ཏུ་མཛེས་པའི་དཔལ་འཛིན་མོད། །ཟླ་བ་ལ་ནི་རི་


MLP007_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བོང་མཚན་ལྡན་ཞིང་། །ཁྱོད་ཞལ་ཚེམས་འཕྲེང་གཡོ་བས་རྣམ་པར་མཛེས། །དགུ་པ་འབྱེད་བྱེད་ཅན་གྱི་ལྡོག་པ་ནི། ངང་པའི་བུ་མོ་འདི་ནི་ཆུ་ཡི་རྒྱན། །དབྱངས་ཅན་ཁྱོད་ཞལ་འཇིག་རྟེན་མཁས་རྣམས་རྒྱན། །ཆུ་གཏེར་འདིས་ནི་ཀུནྡའི་ཚལ་བཞད་ཅིང་། །མཁས་པས་ལེགས་བཤད་གཏམ་གྱི་དགའ་སྟོན་སྤེལ། །བཅུ་པ་རིགས་མཐུན་འབྱེད་པའི་ལྡོག་པ་ཅན་ནི། རབ་འབར་ཞུགས་ཀྱི་ཕུང་པོས་མི་ཚིག་ཅིང་། །རྣོ་ངར་ལྡན་པའི་མཚོན་གྱིས་ཆོད་མིན་པའི། །གཟུང་འཛིན་འཁྲི་བ་དམ་པོའི་ཐིག་སྒྲོག་འདིས། །ཐབས་ཤེས་རྐང་པའི་འགྲོས་བཟང་ངང་གིས་བསྡམས། །ཞེས་པ་ལྟ་བུའོ། །དགུ་པ་སྲིད་པ་ཅན་གྱི་རྒྱན་གྱི་མཚན་ཉིད། དངོས་པོ་འགའ་ཞིག་འཇིག་རྟེན་ན་གྲགས་པའི་རྒྱུ་ལྡོག་ནས། རྒྱུ་མེད་པར་འབྲས་བུ་སྲིད་པ་ལྟར་སྒྲོ་བཏགས་ནས་སྟོན་པ་སྟེ། དབྱེ་ན་གསུམ་ལས། དང་པོ་དུས་ལ་སྦྱར་བ་ནི། མཐིང་ཞུན་མཚོན་གྱིས་མ་བྱུགས་ནེའུ་སེང་གཞིར། །མ་བཀོད་མེ་ཏོག་སྣ་ཚོགས་ཚོམ་བུས་མཛེས། །བསྐུལ་བ་མེད་པར་རྐང་དྲུག་གླུ་དབྱངས་ཀྱིས། །རྨ་མེད་སྙིང་བཏབ་ལྕགས་ཀྱུ་དབྱར་གྱི་དཔལ། །གཉིས་པ་ལང་ཚོ་ལ་སྦྱར་བ་ནི། མ་ལྷུངས་ཟླ་ཐིགས་ཀྱིས་གདུང་གཙུག་ཕུད་དང་། །བྲིས་པ་མེད་པར་གཉེར་མའི་རི་མོ་བཀྲ། །མ་བཀུག་ན་ཡང་རྣམ་པར་དུད་པའི་ལུས། །འདི་གསུམ་བཞི་པའི་ལང་ཚོ་རྫོགས་པའི་རྟགས། །གསུམ་པ་ངོ་བོ་ཙམ་སྟོན་པ་ནི། ཕྱིས་པ་མེད་པར་དྲི་བྲལ་ཁྱོད་ཀྱི་གདོང་། །མ་བྲིས་མཚན་དཔེའི་རི་མོ་མངོན་པར་གསལ། །མ་བརྒྱན་པར་ཡང་མཛེས་སྡུག་ངོ་མཚར་གྱིས། །མ་འཕྲོག་ཡིད་ཀྱི་ཆོམ་རྐུན་དབྱངས་ཅན་མ། །ཞེས་པ་ལྟ་བུའོ། །བཅུ་པ་བསྡུས་བརྗོད་ཀྱི་རྒྱན་གྱི་མཚན་ཉིད། བརྗོད་འདོད་ཀྱི་དངོས་པོ་གཞན་ཞིག་བསམ་ནས། ངག་ཏུ་དེ་དང་མཚུངས་པའི་དངོས་པོ་གཞན་ཞིག་བརྗོད་པ་སྟེ། དབྱེ་ན་བཞི་ལས། དང་པོ་སྤྱིའི་བསྡུས་བརྗོད་ནི། འཇིག་རྟེན་སྣང་བྱེད་ཉིན་མོར་བྱེད་པའི་འོད། །སྤྲིན་བྲལ་མཁའ་ལ་རྣམ་པར་རྒྱུ་བ་འདི། །རིང་དུ་བཏང་ནས་སྲིན་བུའི་སྒྲོན་འོད་ལ། །འགའ་ཞིག་སྣང་བར་རེ་བ་འཁྲུལ་པའི་བློ། །གཉིས་པ་ཁྱད་གཞི་ཐ་དད་ཀྱང་ཁྱད་ཆོས་གཅིག་པའི་


MLP007_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་བརྗོད་ནི། རབ་དཀར་ཟླ་བའི་གཟི་བརྗིད་ཉམས་བྱེད་ཅིང་། །མཁའ་རྒྱུ་འབྱུང་པོའི་ཚོགས་རྣམས་ལོང་འགྱུར་ཡང་། །མུན་པའི་རྨག་རུམ་སེལ་ཞིང་སྣང་བའི་དཔལ། །རྒྱས་བྱེད་འོད་སྟོང་ལྡན་པ་དེང་འདིར་ཤར། །གསུམ་པ་ཁྱད་ཆོས་ཐ་དད་ཐ་མི་དད་ཀྱི་བསྡུས་བརྗོད་ནི། འཕེལ་འགྲིབ་དཀར་ནག་ཆ་ཤས་དང་ལྡན་ཞིང་། །རི་དྭགས་གཟུགས་ཀྱི་མཚན་མས་རྣམ་པར་བརྒྱན། །ཀུན་ནས་ཡིད་འོང་དམ་པའི་བདུད་རྩི་ཡི། །བསིལ་སྦྱིན་ཅན་འདི་ཁོ་བོའི་སྐལ་བས་རྙེད། །བཞི་པ་སྔོན་མེད་བསྡུས་བརྗོད་ནི། གདུག་པའི་སྦྲུལ་གྱིས་རྣམ་པར་མ་དཀྲིས་ཤིང་། །རབ་རྩུབ་ཚེར་མ་རྣོན་པོའང་མི་ལྡན་པའི། །ཚ་གདུང་འཕྲོག་པའི་བསིལ་སྟེར་ཙནྡན་ལྗོན། །ཀྱེ་མ་དུས་ཀྱི་ལང་ཚོས་བསྐམ་པར་འགྱུར། །ཞེས་པ་ལྟ་བུའོ། །བཅུ་གཅིག་པ་ཕུལ་བྱུང་གི་རྒྱན་གྱི་མཚན་ཉིད། བརྗོད་འདོད་ཁྱད་པར་འཕགས་པའི་ཆོས་ཀྱི་དོན་དེ་འཇིག་རྟེན་ལས་འདས་པ་ལྟ་བུ་འུད་ཀྱིས་བརྗོད་པ་སྟེ། དབྱེ་ན་བཞི་ལས། དང་པོ་ཁྱད་འཕགས་བརྗོད་པའི་ཕུལ་བྱུང་ནི། ཀུ་མུད་གསར་པའི་འཕྲེང་བས་ཐོད་བཅིངས་ཤིང་། །དཀར་བསིལ་ཙནྡན་ཁུ་བས་ལུས་ཀུན་གཤེར། །སྲབ་འཇམ་དཀར་བའི་གོས་ཅན་ཚངས་སྲས་མར། །ཟླ་གཞོན་འཆར་ཀའི་འོད་ཀྱིས་མཚོན་མ་ལགས། །གཉིས་པ་ཐེ་ཚོམ་ཕུལ་བྱུང་ནི། སྒྲ་དབྱངས་ལྷ་མོ་ཁྱོད་ཀྱི་མཛེས་སྡུག་གདོང་། །དཀར་གསལ་འོད་ཀྱི་ཕུང་པོར་འཁྱིལ་བ་འདི། །ཟླ་དཀྱིལ་ཡིན་ནམ་མིན་ཞེས་རིང་མོ་ནས། །བསམས་ཀྱང་ད་དུང་སོམ་ཉི་བཟློག་མ་གྱུར། །གསུམ་པ་ངེས་པའི་ཕུལ་བྱུང་ནི། རབ་དཀར་དབྱངས་ཅན་ལྷ་མོའི་ཞལ་རས་འདི། །རྒྱུ་སྐར་བདག་པོའི་དཀྱིལ་འཁོར་མིན་པར་ངེས། །དཀྱུས་རིང་ཨུཏྤལ་འདབ་ལྟར་ཡངས་པའི་སྤྱན། །ལྡན་ཕྱིར་རྣམ་པ་གཞན་དུ་སྲིད་པ་མིན། །བཞི་པ་ངོ་མཚར་རམ་གྲགས་པ་ཕུལ་བྱུང་ནི། སྲིད་འདིར་འཚལ་ཏོ་ཅོག་གི་རིག་པ་རྣམས། །བརྩོན་པས་སྦྱངས་པའི་ཡོན་ཏན་གྲགས་དཀར་ཁུར། །ཤིན་ཏུ་ལྕི་བ་འདི་འདྲ་ཐེག་བཟོད་པའི། །ནོར་འཛིན་མ་ཁྱོད་ཨེ་མ་ཤིན་ཏུ་མཚར། །ཞེས་པ་ལྟ་བུའོ། །བཅུ་གཉིས་པ་རབ་བརྟགས་ཀྱི་རྒྱན་གྱི་མཚན་ཉིད་རང་བཞིན་ཇི་ལྟར་གནས་ཚུལ་གཞན་


MLP007_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྟོག་པས་སྒྲོ་བཏགས་ནས་བརྗོད་པ་སྟེ། དབྱེ་ན་དྲུག་ལས། དང་པོ་སེམས་ལྡན་རབ་བཏགས་སྙམ་སྒྲ་ཅན་ནི། ལྗོངས་འདིར་གྲོང་པའི་ངག་བྱང་མཁས་རློམ་འགར། །ཁྲེལ་ནས་སྒྲ་དབྱངས་ལྷ་མོ་བདག་སྙིང་དབུས། །ལེགས་བཤད་དྲི་ཟའི་གླུ་དབྱངས་ལེན་པ་ཡི། །ཟོལ་ལ་བརྟེན་ཏེ་བག་ཕབ་བཞུགས་སམ་ཅི། །གཉིས་པ་སེམས་མེད་རབ་བཏགས་འདྲ་བའི་སྒྲ་ཅན་ནི། འགྲོ་བའི་བླ་མ་ཁྱོད་སྐུའི་གཟི་འོད་ཀྱིས། །འོད་གཞན་ཟིལ་གྱིས་མནན་པ་འདི་འདྲའི་ཁུར། །མ་བཟོད་རྟ་ལྗང་ཅན་གྱི་དཀྱིལ་འཁོར་དེ། །ཀུན་གསལ་ལྷ་ཡི་ལམ་ལ་བྲོས་པ་འདྲ། །གསུམ་པ་བཞིན་སྒྲ་ཅན་ནི། དབྱར་དུས་ཉི་འོད་འབར་ཚེ་ཉལ་འགྲོའི་རྒྱུན། །མཐིང་ཞུན་མདངས་ཅན་ལྷག་པར་འཕེལ་བ་འདི། །རྟ་བདུན་རྒྱལ་པོའི་ཚ་ཟེར་ཞུགས་འབར་གྱིས། །གནམ་སྔོན་བཞུ་བ་གཅིག་ཏུ་འཁྱིལ་བ་བཞིན། །བཞི་པ་དོགས་སྒྲ་ཅན་ནི། གང་གི་ཚེམས་འཕྲེང་མཛེས་པའི་རྒྱན་གྱི་མཆོག །ཡིད་བཞིན་འཁོར་ལོའི་ཞལ་གྱི་མཛོད་ཁང་ནས། །བརྐུས་པས་སྐྲག་སྟེ་མུ་ཏིག་འཕྲེང་ཚོགས་ཀྱང་། །ན་ཆུང་ལྷས་མའི་ཕག་ཏུ་ཡིབ་ཀྱི་དོགས། །ལྔ་པ་ངེས་སྒྲ་ཅན་ནི། གང་སྐུར་ཉེས་པའི་དྲི་མ་ཆེས་ཕྲ་བའང་། །མ་མཐོང་བཙལ་བར་འདོད་དེ་ཉི་ཟླ་གཉིས། །རེས་ཀྱིས་གླིང་བཞིར་ཉུལ་ཡང་མ་རྙེད་པར། །བསྐྱེངས་ཏེ་ནམ་མཁའི་གནས་སུ་འཁོད་པར་ངེས། །དྲུག་པ་མིན་སྒྲ་ཅན་ནི། སྣང་བའི་དཔལ་སྟེར་ཉིན་མོའི་བློ་ལྡན་མཁན། །རྟ་ལྗང་ཅན་དེ་སྐྱ་རེངས་ཞགས་པ་ཡིས། །མཁའ་ལ་དྲངས་པ་མིན་ནམ་བདག་མདུན་ན། །གཟི་ལྡན་གསུང་གི་དབང་ཕྱུག་མངོན་པར་བཞུགས། །ཞེས་པ་ལྟ་བུའོ། །བཅུ་གསུམ་པ་རྒྱུའི་རྒྱན་གྱི་མཚན་ཉིད། སྐྱེད་བྱེད་དམ་ཤེས་བྱེད་ཀྱི་རྒྱུ་ལས་འབྲས་བུའམ་བསྒྲུབ་བྱ་འགྲུབ་པར་སྟོན་པ་སྟེ། དབྱེ་ན་བཅུ་དྲུག་ལས། དང་པོ་སྐྱེད་བྱེད་ཀྱི་རྒྱུ་ནི། རྣམ་དཔྱོད་ལྷོ་ཕྱོགས་དྲི་བཞོན་གསར་པ་ཡིས། །ལེགས་བཤད་ཙནྡན་ན་ཡི་ལྗོན་ཤིང་གི། འདབ་མ་ལེགས་བསྐྱོད་དལ་བུར་གཡོ་ལྡན་པས། །འཇིག་རྟེན་བློ་གསལ་ཚོགས་རྣམས་ཀུན་དགར་བྱེད། །གཉིས་པ་ཉམས་བྱེད་ཀྱི་རྒྱུ་ནི། དྲི་མེད་འོད་ཟེར་ཁྱོད་གསུང་ལེགས་བཤད་ཀྱི། །ནོར་བུས་ཡོངས་གཏམས་རིགས་གཞུང་མཛོད་ཁང་བདུན། །ཐར་འདོད་རྣམས་


MLP007_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྱད་བྱའི་ཕགས་ནོར་འདིས། །ཡིད་སྲུབས་སྙིང་གི་དགའ་བ་ཉམས་པར་བྱས། །གསུམ་པ་རྣམ་འགྱུར་གྱི་རྒྱུ་ནི། ཐུབ་ཆེན་རྒྱལ་བའི་བཀའ་དང་དེ་འགྲེལ་གཞུང་། །རྒྱལ་སྲས་རྣམས་ཀྱིས་ལེགས་པར་བཀྲལ་རྣམས་དང་། །སྒྲ་དབྱངས་ལྷ་མོའི་རབ་སྙན་གསུང་མཆོག་འདིས། །མེ་ཏོག་གཞུ་ཅན་རྣ་བའི་དུག་ཏུ་བྱས། །བཞི་པ་འཐོབ་བྱེད་ཀྱི་རྒྱུ་ནི། མཁས་རློམ་ཁ་ཅིག་གཞན་གྱི་ལེགས་བཤད་གཏམ། །རྣམ་དཔྱོད་མཐུ་ཡིས་མནན་ཏེ་ཚིག་ཟུར་ལས། །ཁྱད་གསོད་ལྟ་བུའི་ཟོལ་ལ་བརྟེན་བྱེད་ཀྱང་། །རྣ་བ་གཏད་དེ་སྒྲིམ་པོའི་ཡིད་ཀྱིས་འཛིན། །ལྔ་པ་ཕྱིའི་དུས་ཤེས་བྱེད་ཀྱི་རྒྱུ་ནི། ཉིན་མོར་བྱེད་པ་ནུབ་རིའི་འཕགས་ཉལ་ཞིང་། །རྒྱུ་སྐར་ཕྲེང་བ་རྣམས་ནི་བཞིན་རས་ངོམ། །འདབ་ཆགས་རང་གནས་མནལ་ཚེ་བདག་ཉིད་ཀྱང་། །མལ་ཆུང་གྲུ་བཞིར་དགེ་བའི་སེམས་ཀྱིས་ཉལ། །དྲུག་པ་ནང་ཤེས་བྱེད་ཀྱི་རྒྱུ་ནི། གྲོགས་ཁྱོད་ལེགས་བཤད་གཏམ་གྱིས་ཡིད་བསྒྱུར་བ། །འདི་སྣང་འདུ་འཛིའི་བྱ་བས་མི་བཟློག་ཅིང་། །མཛའ་བཤེས་སྙན་པའི་སྒྲུང་གིས་མི་བྲིད་པའི། །ངོ་མཚར་རིག་པའི་གླེང་མོས་འཚོ་འདི་ཤེས། །བདུན་པ་སྔ་ན་མེད་པའི་བྱེད་རྒྱུ་ནི། རྒྱལ་བའི་བསྟན་ལ་ཐོས་བསམ་སྒོམ་པ་ཡིས། །ཚིག་དོན་མ་ངེས་བརྩོན་པས་མ་གོམས་པར། །འགོག་པའི་འབྲས་བུ་མངོན་དུ་བྱེད་མིན་ཕྱིར། །བདག་ཉིད་འཁོར་བས་གདུང་བར་བྱེད་འདི་སྐྱོ། །བརྒྱད་པ་ཞིག་ནས་མེད་པའི་རྒྱུ་ནི། མཁར་གཞིས་ནོར་ལ་སྲེད་པའི་མཐུ་ཉམས་ཤིང་། །ལང་ཚོའི་རིམ་པ་ཕལ་ཆེར་ཐལ་གྱུར་ལ། །ཡུལ་རྗེས་རྒྱུག་པའི་ཤེས་པའང་གཞན་དུ་འཕོས། །དེ་ཕྱིར་ཕྱི་མའི་གནས་སྐབས་ཁོ་ནར་སེམས། །དགུ་པ་ཕན་ཚུན་མེད་པའི་བྱེད་རྒྱུ་ནི། རང་ཤོང་གནས་འདི་ཡངས་པའི་རྒྱལ་ཁམས་མིན། །དམ་པའི་ཆོས་ནོར་ཟང་ཟིང་ནོར་རྫས་མིན། །ཁམས་འདུས་བློ་འདིས་འཇིག་རྟེན་བྱ་བཞག་ལ། །འཇུག་པ་མིན་ཕྱིར་བདག་ཡིད་ཨེ་མ་སྐྱིད། །བཅུ་པ་སྤངས་ནས་མེད་པའི་བྱེད་རྒྱུ་ནི། ཉོན་མོངས་ཤེས་བྱ་སྙོམས་འཇུག་སྒྲིབ་པ་གསུམ། །རྫོགས་པའི་སངས་རྒྱས་ས་ན་ཡོད་མ་ཡིན། །རྒྱུ་དེས་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ། །མཁྱེན་པའི་ཡེ་ཤེས་གཅིག་གིས་ས་ལེར་གཟིགས། །བཅུ་གཅིག་པ་བཟློག་པ་སྐྱེད་བྱེད་ཀྱི་རྒྱུ་ནི། ཁྱོད་ཀྱི་ལོག་


MLP007_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་ཚར་གཅོད་གཏན་ཚིགས་ཀྱིས། །རིགས་སྨྲའི་མདུན་སར་མ་ཞུགས་པ་མིན་ན། །རིང་ནས་སྦྱངས་པའི་རྩོད་རིགས་གྲགས་འབར་ཕལ། །ལྕེ་དང་ལྷན་ཅིག་སྙིང་ཡང་འདར་བར་འགྱུར། །བཅུ་གཉིས་པ་རིང་འབྲས་ཀྱི་རྒྱུ་ནི། རྒྱལ་བསྟན་ཡོངས་རྫོགས་ཡིད་བཟང་རྩེ་པ་ཡིས། །དབུ་རུ་དཔལ་འཛིན་སྤྱི་བོར་ལུང་རིགས་མཚོན། །འཕྱར་བས་མ་བཟོད་གཉལ་པ་ཧྲུལ་པོ་སོགས། །མཁས་རློམ་འགའ་ཡང་སྐྲག་སྟེ་སྙིང་རྩ་འདར། །བཅུ་གསུམ་པ་ལྷན་ཅིག་པའི་རྒྱུ་ནི། མགོན་ཁྱོད་ལེགས་བཤད་དབྱངས་ཀྱི་རྒྱལ་མོའི་སྐུ། །མགྲིན་པའི་ལྡིང་ཁང་དབུས་སུ་ཕེབས་པ་དང་། །བདག་བློའི་རྣམ་དཔྱོད་གཡའ་བྲལ་དངུལ་དཀར་གྱི། །མེ་ལོང་ངོས་ལ་ཤར་བ་ལྷན་ཅིག་བྱས། །བཅུ་བཞི་པ་རྒྱུ་ལས་འབྲས་བུ་སྔ་བ་ནི། ཆོས་ཀུན་གནས་ལུགས་གཉུག་མའི་ལུས་ཕྲ་མས། །གཟོད་མ་ཉིད་ནས་དལ་དུ་འཁྱུད་པའི་མཐུས། །གང་ཡང་རྟོགས་བྱ་རང་རྒྱུད་ཡེ་ཤེས་དེ། །ཕྱིས་ནས་རང་གིས་ལོངས་སུ་སྤྱད་བྱར་བྱས། །བཅོ་ལྔ་པ་རིགས་མིན་གྱི་རྒྱུ་ནི། རྒྱལ་བསྟན་རྩེ་མོ་གསང་ཆེན་རྒྱུད་ཀྱི་དོན། །རྟོག་གེའི་རིག་པས་འཁྱོག་པོར་འཆད་པའི་འགྲོས། །མཐོང་བས་མ་བཟོད་ཉམ་ཆུང་རྨོངས་པ་ཡིས། །ཚིག་དོན་དྲང་པོར་འགྲེལ་འདི་རིགས་སམ་ཅི། །བཅུ་དྲུག་པ་རིགས་པའི་རྒྱུ་ནི། ཉི་འོད་འཆར་ཀའི་དཔལ་འཛིན་ཞལ་བཟང་ནས། །བསྡུས་དོན་སྣང་བ་ལྷུང་བ་ཙམ་གྱིས་ཀྱང་། །ཚིག་དོན་བཀའ་གནད་མ་ལུས་གསལ་ནུས་འདི། །ཀུན་མཁྱེན་ཁྱེད་ལ་རིགས་ཤིང་འོས་པ་ཉིད། །ཅེས་པ་ལྟ་བུའོ། །བཅུ་བཞི་པ་ཕྲ་མོའི་རྒྱན་གྱི་མཚན་ཉིད་ནི། ངག་གི་རྣམ་རིག་མེད་པར་ལུས་ཀྱི་རྣམ་རིག་གི་ཟུར་གྱི་བརྡ་དང་རྣམ་འགྱུར་ལས་འདོད་དོན་གཞན་གོ་བར་བྱེད་པ་སྟེ། དབྱེ་ན་གཉིས་ལས། དང་པོ་ཟུར་གྱི་ཕྲ་མོ་ནི། རིག་པ་གཅེར་བུ་དྲི་མ་མེད་པའི་དོན། །ཚིག་གིས་མཚོན་ཏེ་བརྗོད་པར་ནུས་མིན་ཞེས། །རྣལ་འབྱོར་དབང་ཕྱུག་དམ་པ་རྒྱ་གར་བས། །ན་བཟའ་སྤངས་ཏེ་གཅེར་བུའི་བརྡ་འདིས་བསྟན། །གཉིས་པ་རྣམ་པའི་ཕྲ་མོ་ནི། ལྔ་རིག་པཎ་ཆེན་པདྨའི་ངང་ཚུལ་གྱིས། །སྟོན་མུན་མཁན་པོའི་རྣམ་དཔྱོད་བརྟག་བཞེད་ནས། །ཕྱག་འཁར་


MLP007_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཀླད་དུ་ལན་གྲངས་གསུམ་བསྐོར་བའི། །སྐུ་ཡི་རྣམ་འགྱུར་བསྟན་པས་གསལ་བར་མཛད། །ཅེས་པ་ལྟ་བུའོ། །བཅོ་ལྔ་པ་ཆའི་རྒྱན་གྱི་མཚན་ཉིད། དངོས་པོའི་རང་བཞིན་གསལ་པོ་དེ་ཟོལ་གྱི་ཚིག་གིས་སྒྲིབ་ཅིང་སྦེད་པ་སྟེ། དབྱེ་ན་བཞི་ལས། དང་པོ་ཟོལ་གྱིས་སྦེད་པའི་འོས་པའི་ཆ་རྒྱན་ནི། རིང་ནས་སྦྱངས་པའི་མཁས་མང་ཚོགས་དབུས་སུ། །རྩོད་ཚེ་བརྗོད་པ་བརྟབ་ཅིང་ལྕེ་སྙིང་འདར། །དབུགས་ཧད་འཁུན་སྒྲ་གཞན་གྱིས་རིག་གྱུར་ལ། །ཀྱེ་མ་སྟོད་འཚང་ནད་ཀྱིས་གདུངས་སོ་སྐད། །གཉིས་པ་མི་འོས་པའི་ཆ་རྒྱན་ནི། ལང་ཚོས་རབ་སྒེག་མཛེས་མ་ཚོགས་དབུས་སུ། །དཔལ་ལྡན་ཇོ་བོའི་བཞིན་འགྱུར་མིག་གཉིས་ནས། །མཆི་མ་བྱུང་འདི་ངེས་འབྱུང་རྒྱས་པ་ཡིས། །འཁོར་བའི་རང་བཞིན་དྲན་མོད་གཞན་དུ་ཅི། །གསུམ་པ་བསྟོད་བསྟོད་འདྲ་ལ་སྨད་པའི་ཆ་རྒྱན་ནི། གྲགས་པའི་ཁྲི་ལ་ཞབས་ཟུང་བསྟི་བྱས་ནས། །རྙེད་བཀུར་ནོར་བུའི་དཔལ་དང་དགྲ་བོའི་སྡེ། །མཐར་བྱེད་དཔའ་བོའི་དགའ་སྟོན་རྒྱ་ཆེན་པོར། །དགྱེས་རོལ་སྔོན་མེད་དགེ་སློང་ཁྱེད་རྒྱལ་ལོ། །བཞི་པ་སྨད་སྨད་འདྲ་ལ་བསྟོད་པའི་ཆ་རྒྱན་ནི། རི་དྭགས་རྒྱུ་བའི་ནགས་ཁྲོད་དབེན་པ་ན། །གང་ཁྱོད་སྙན་གྲགས་འཁོར་སློབ་རྙེད་བཀུར་གྱི། །བསོད་ནམས་དཔལ་ཀུན་བོར་ནས་བསམ་གཏན་ངང་། །འཇོག་པའི་ཉམ་ཆུང་ལ་བརྟེན་ཚུལ་འདི་དམན། །ཞེས་པ་ལྟ་བུའོ། །བཅུ་དྲུག་པ་རིམ་པ་ཅན་གྱི་རྒྱན་གྱི་མཚན་ཉིད། ཚིག་སྔ་མ་དང་ཕྱི་མ་གོ་རིམ་མ་འཆོལ་བར་རིམ་བཞིན་སྦྱར་བས་དོན་སྟོན་པ་ཞིག་སྟེ། དཔེར་ན། རྨད་བྱུང་སྤོབས་པ་སྟེར་ལ་ཆེས་རིངས་པའི། །དབྱངས་ཅན་ཁྱོད་གདོང་དབུ་སྐྲ་འདྲེན་བྱེད་དཔལ། །ཟླ་དཀྱིལ་བུང་བ་ཨུཏྤལ་སྔོན་པོ་ཡི། །མཚར་སྡུག་མ་ལུས་བསྡུས་ནས་སྤེལ་བར་ངེས། །ཞེས་པ་ལྟ་བུའོ། །བཅུ་བདུན་པ་དགའ་བའི་རྒྱན་གྱི་མཚན་ཉིད། མཆོག་ཏུ་བདེ་བའི་རྒྱུ་དགའ་བ་སྔོན་མེད་སྐྱེས་པ་རྟོགས་བྱེད་ཀྱི་ཚིག་སྦྱོར་ཏེ། དབྱེ་ན་གཉིས་ལས། དང་པོ་དངོས་ཐོབ་ཀྱི་དགའ་བ་ནི། ཟབ་ཅིང་རྒྱ་ཆེའི་བསྟན་བཅོས་ཤིང་རྟ་ཆེ། །རྗེ་བཙུན་བླ་མའི་ཞལ་བཟང་ལས་ཐོས་


MLP007_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཡ་མཚན་འདི་འདྲའི་དགའ་བ་སྟེར་ནུས་སུ། །ད་དུང་ལན་གཅིག་མིན་པར་བསྟན་དུ་གསོལ། །གཉིས་པ་གཟུགས་བརྙན་གྱི་དགའ་བ་ནི། རྒྱལ་ཀུན་འདུས་ཞལ་ཕྱེ་བའི་ཟ་མ་ཏོག །ཐམས་ཅད་མཁྱེན་གཟིགས་བློ་བཟང་རྒྱ་མཚོ་སྟེ། །ཁྱོད་ཞལ་བསྟན་འགྲོའི་ཉེར་འཚོར་གསལ་བ་འདི། །ལེགས་བྱས་ཡངས་པའི་མིག་གིས་མཐོང་བར་གྱུར། །ཅེས་པ་ལྟ་བུའོ། །བཅོ་བརྒྱད་པ་ཉམས་ལྡན་གྱི་རྒྱན་གྱི་མཚན་ཉིད་གང་ཐོས་ན་སྒེག་པ་ལ་སོགས་པ་ཡིད་དུ་འོང་བའི་ཉམས་འཆར་བ་ཞིག་སྟེ། དབྱེ་ན་བརྒྱད་ལས། དང་པོ་སྒེག་པའི་ཉམས་ནི། རླབས་ཆེན་ཚོགས་གཉིས་སྤྱོད་པས་རིང་མོ་ནས། །སྒྲུབ་འོས་རིག་པ་རང་གྲོལ་ཆོས་ཀྱི་སྐུ། །དེ་རིང་དཔལ་ལྡན་བླ་མའི་མན་ངག་གིས། །སྐད་ཅིག་ཉིད་ལ་མངོན་དུ་བསྟན་འདི་ཅི། །གཉིས་པ་དྲག་ཤུལ་གྱི་ཉམས་ནི། རབ་གཏུམ་སྲིན་མོའི་གཟུགས་འཆང་ངན་ནེ་མ། །དམར་འཁྲུག་རྔམས་པའི་གདོང་མིག་ཆེར་བགྲད་དེ། །སེན་མོའི་ལྕགས་ཀྱུས་ཉམས་པའི་མགོ་སྐྱེས་ནས། །མདུན་དུ་དྲངས་འདི་ཡུད་ཙམ་འཚོ་གྱུར་རམ། །གསུམ་པ་དཔའ་བའི་ཉམས་ནི། ཡན་ལག་བཞི་བའི་དཔུང་ཚོགས་མ་བཤམས་ཤིང་། ཁོང་ཁྲོའི་རལ་གྲི་རྣོན་པོ་མ་བརྡར་ལ། །ཕྱོགས་ལས་རྒྱལ་བའི་རུ་མཚོན་མ་ཕྱར་བར། །སྲིད་པའི་གཡུལ་བཟློག་དཔའ་བོར་ཇི་ལྟར་འགྱུར། །བཞི་པ་སྙིང་རྗེའི་ཉམས་ནི། པདྨའི་མལ་སྟན་འཇམ་པོ་ལ་མནལ་ཞིང་། །རྔ་ཡབ་བསིལ་བས་དུས་སུ་སློང་འོས་པའི། །གཞོན་ནུ་མ་དེ་མི་བཟད་དམྱལ་བ་ཡི། །མེ་ཚོགས་སྤུ་གྲིའི་ཚལ་དུ་ཇི་ལྟར་ཉལ། །ལྔ་པ་མི་སྡུག་པའི་ཉམས་ནི། བག་མེད་ཆང་ལ་རོལ་བའི་སྐྱེ་བོ་འགའ། །ར་རོའི་ངན་སྐྱུག་སྐྱུག་དང་ལྷན་ཅིག་པར། །མི་གཙང་ཕྱི་སས་གང་བའི་དོ་ར་ན། །འཁྱོམས་ཤིང་འཁྱོམས་ཤིང་གར་བྱེད་འགྱེལ་བར་གྱུར། །དྲུག་པ་བཞད་གད་ཀྱི་ཉམས་ནི། གང་ཞིག་ཆགས་བྲལ་བརྟུལ་ཞུགས་འཛིན་བྱེད་པའི། །རབ་བྱུང་ཁྱོད་ནི་དབེན་པར་མཛེས་མ་དང་། །ལྷན་ཅིག་མཛའ་བའི་སྤྱོད་པས་འཚོ་བ་འདི། །རང་རིག་དམར་སེར་གོས་ཀྱིས་སྒྲིབ་པར་མཛོད། །བདུན་པ་རྨད་བྱུང་གི་ཉམས་ནི། བདག་མེད་རྟོགས་པའི་ཤེས་རབ་གཅིག་ཁོ་ནས། །སྡུག་བསྔལ་རླབས་འཁྲུགས་སྲིད་གསུམ་འཁོར་མཚོ་ལས། །རྣམ་


MLP007_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྒལ་བའི་གོ་འཕང་ཀུན་གྱི་མཆོག །དཀའ་བ་མེད་པར་རྙེད་འདི་ཨེ་མ་མཚར། །བརྒྱད་པ་འཇིགས་རུང་གི་ཉམས་ནི། གཏུམ་ཚན་ཧ་ལའི་མདོག་འཆང་སྲིད་པ་གསུམ། །ཟ་བྱེད་རྔམས་པའི་ཞལ་བགྲད་ཧེ་རུ་ཀ། དེ་མཐོང་ཙམ་གྱིས་འཇིགས་བྱེད་ཁྲོ་ཚོགས་ཀུན། །ཐམས་ཅད་ཅིག་ཅར་འདར་ཞིང་ལག་ཆ་ཤོར། །ཞེས་པ་ལྟ་བུའོ། །བཅུ་དགུ་པ་གཟི་བརྗིད་ཅན་གྱི་རྒྱན་གྱི་མཚན་ཉིད། གང་ཐོས་ན་སྨྲ་བ་པོ་ང་རྒྱལ་ཅན་དུ་གོ་བར་བྱེད་པའི་ཚིག་གཟི་བརྗིད་ཅན་བརྗོད་པ་སྟེ། དཔེར་ན། ཐེག་མཆོག་སྔགས་གཞུང་འཆད་ལ་གསང་བདག་ལྟར། །ཕྱོགས་ལས་རྣམ་རྒྱལ་འགྱུར་མེད་རྡོ་རྗེའི་སྡེ། །རྟོག་གེའི་གཡང་སར་འཕྱན་རྣམས་མ་འཇིགས་པར། །བདག་ལུས་སྤྱི་བོར་ལོངས་དང་རྗེས་སུ་འཛིན། །ལྟ་བུའོ། །ཉི་ཤུ་པ་རྣམ་གྲངས་བརྗོད་པའི་རྒྱན་གྱི་མཚན་ཉིད། འདོད་དོན་དངོས་སུ་མ་བརྗོད་པར་དེ་འགྲུབ་པའི་ཆེད་དུ་ཚིག་སྦྱོར་གྱི་རྣམ་པ་གཞན་གྱི་སྒོ་ནས་བརྗོད་པ་སྟེ། དཔེར་ན། ཉི་མའི་དཀྱིལ་འཁོར་ནུབ་ཚེ་ཁོ་བོ་ཅག །བསྐྱེད་རྫོགས་བསྒོམ་ཕྱིར་བསམ་གཏན་ཁང་བུར་འགྲོ། །གཞོན་ནུ་ལང་ཚོ་ལྡན་པ་ཁྱེད་ཅག་གཉིས། །དེ་སྲིད་ཁྱིམ་འདིར་དལ་གྱིས་འདུག །པར་མཛོད། །ལྟ་བུའོ། །ཉེར་གཅིག་པ་ཀུན་ཏུ་ཕན་པའི་རྒྱན་གྱི་མཚན་ཉིད། བྱ་བ་འགའ་ཞིག་རྩོམ་པ་ལ་ཁར་རྗེའི་བསོད་ནམས་ཀྱི་མཐུས་འདོད་བྱ་འབད་མེད་དུ་འགྲུབ་པའི་རྐྱེན་ཚོགས་པ་སྟེ། དཔེར་ན། དཔྱིད་ཀའི་བཞིན་རས་ངོམ་ཚེ་སྐྱེ་བོ་རྣམས། །འབད་པས་ལྡུམ་ར་འཆུ་བར་འདོད་པ་ན། །གློག་གི་ཞགས་པས་དྲངས་པའི་ཆུ་ཁུར་ལས། །ཆར་ཟིམ་བདུད་རྩིའི་རྒྱུན་བཟང་བབ་པར་གྱུར། །ལྟ་བུའོ། །ཉེར་གཉིས་པ་རྒྱ་ཆེ་བའི་རྒྱན་གྱི་མཚན་ཉིད། བསམ་པའི་འབྱོར་པ་ཤིན་ཏུ་རྒྱ་ཆེ་བའི་ཡོན་ཏན་བླ་ན་མེད་པ་སྟོན་པའི་ཚིག་སྦྱོར་ཏེ། དབྱེ་ན་གཉིས་ལས། དང་པོ་བསམ་པ་རྒྱ་ཆེ་བ་ནི། སྡུག་བསྔལ་རླབས་འཁྲུགས་སྲིད་པའི་ཆུ་གཏེར་ལས། །འགྲོ་ཀུན་གདོན་པར་


MLP007_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་པའི་སྙིང་སྟོབས་ཀྱིས། །ཤིན་ཏུ་གཏོང་དཀའ་གཅེས་པའི་ལུས་སྲོག་ཀྱང་། །གཞན་ཕྱིར་གཏོང་ལ་འཇིགས་སེམས་ལྡང་མི་འགྱུར། །གཉིས་པ་འབྱོར་པ་རྒྱ་ཆེ་བ་ནི། རིན་ཆེན་ལས་གྲུབ་སུམ་རྩེན་ཁང་བཟང་གི། ཨིནྡྲ་ནཱི་ལའི་གཞིར་འཕོས་གཟུགས་བརྙན་བརྒྱས། །བསྐོར་བའི་མིག་སྟོང་ལྡན་པ་དངོས་དེའི་མདུན། །བློ་ལྡན་རིག་པ་ལེན་ཕྱིར་སྤྲོ་བས་ལྷགས། །ཞེས་པ་ལྟ་བུའོ། །ཉེར་གསུམ་པ་བསྙོན་དོར་གྱི་རྒྱན་གྱི་མཚན་ཉིད། དངོས་པོ་རང་གི་ངོ་བོ་གང་ཡིན་པ་དེ་ལ་མ་ཡིན་ཞེས་བསྙོན་ནས། དེ་ལས་ཆོས་གཞན་ཞིག་སྟོན་པ་སྟེ། དབྱེ་ན་གསུམ་ལས། དང་པོ་ཆོས་ལ་བསྙོན་པ་ནི། བསྟན་པའི་མངའ་བདག་གཏེར་ཆེན་ཆོས་ཀྱི་རྗེ། །གང་གི་གཟུགས་སྐུ་གཅིག་པུ་འདི་ཁོ་ན། །མ་ཡིན་སྣ་ཚོགས་མོས་དགེའི་རྗེས་སོང་བའི། །སྣང་བརྙན་བྱེ་བ་ཕྲག་བརྒྱ་ལས་ཀྱང་བརྒལ། །གཉིས་པ་ཡུལ་ལ་བསྙོན་པ་ནི། ཐུབ་རྣམས་དགོངས་པའི་ཞེ་ཕུགས་བི་མ་ལས། །གཅིག་བསྡུས་གསང་ཆེན་མན་ངག་བརྒྱ་བཅུ་དགུ། །བློ་དམན་སྙིང་ལ་དུག་ནད་སྟེར་བྱེད་དེ། །གཞན་དུ་མཁས་རྣམས་དགའ་བ་སྐྱེད་ཅེས་གྲགས། །གསུམ་པ་རང་བཞིན་ལ་བསྙོན་པ་ནི། མཚར་སྡུག་མཚན་མོའི་མགོན་གྱུར་ཀུནྡའི་གཉེན། །བདུད་རྩི་འཛག་པའི་འོད་ཅན་ཡིན་ཞེས་གྲགས། །དེ་ལྟ་ན་ཡང་སྙིང་ལ་འདོད་གདུང་གི། ཚད་ནད་སྐྱེད་པའི་དུག་ཏུ་འགྱུར་འདི་ཅི། །ཞེས་པ་ལྟ་བུའོ། །ཉེར་བཞི་པ་སྦྱར་བའི་རྒྱན་གྱི་མཚན་ཉིད། ཚིག་སྦྱོར་གཅིག་ཉིད་ལ་བརྗོད་བྱའི་དོན་ཐ་དད་ཡོད་པར་སྟོན་པ་སྟེ། དབྱེ་ན་དགུ་ལས། དང་པོ་གཅོད་མཚམས་ཐ་དད་མིན་པའི་སྦྱར་བ་ནི། གང་ཞིག་དྲི་མེད་ཤེལ་ལས་ལྷུང་བའི་འོད། །དབང་ཕྱོགས་རི་བོའི་རྩེ་ནས་ཤར་ཙམ་གྱིས། །འདབ་མ་རྣམ་པར་རྒྱས་ཤིང་མུན་པའི་སྐབས། །འཕྲོག་བྱེད་སྣང་བའི་དགའ་སྟོན་སྟེར་བ་ཡོད། །གཉིས་པ་གཅོད་མཚམས་ཐ་དད་ཚིག་འདྲའི་སྦྱར་བ་ནི། ཞེན་འཁོར་བར་སྐྱེ་བ་དང་བྱ་བའི་ལས་ཟིན་མེད། པའི་ལས་ཀྱི་ཟོ་ཆུན་དག །ཅིག་བག་ཆགས། ཅར་བསྐྱོད་པའི་མིག་འཁྲུལ་ལ། །བལྟས་འཁོར་བའི་མཐའ་དང་ལས་ཀྱི་མཐའ། ཀྱིན་ཡང་ཡང་འཁོར་འགྲོ་བ། །འདི་ལ་


MLP007_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་དང་ལས་ལ། སྙིང་པོ་ཅི་ཞིག་ཡོད། །གསུམ་པ་བྱ་བ་གཅིག་པའི་སྦྱར་བ་ནི། །མི་བརྟན་གྱ་གྱུའི་འགྲོས་ལྡན་ཐུན་མོང་དུ། །ཀུན་གྱིས་སྤྱད་བྱའི་ཡུལ་གྱུར་མཛེས་མ་དང་། །དབྱར་དུས་རྣམ་པར་རྒྱས་པའི་ཉལ་འགྲོ་མས། །སྐྱེ་བོ་འདི་དག་ཐུར་དུ་འཁྲིད་པར་བྱེད། །ཡང་ན། གཡོ་ཐོབ་གོམས་བརྟན་ཉམས་རིམ་གྱིས་བགྲོད་པའི། །རྣལ་འབྱོར་ངང་ལས་གཡོ་མེད་བསྐྱེད་རིམ་དང་། །རྫོགས་པའི་རིམ་པ་ཟབ་མོས་སྐྱེ་བོ་དག །བླ་མེད་ཐེག་པའི་གོ་ས་མཐོན་པོར་འདྲེན། །བཞི་པ་བྱ་བ་མི་འགལ་བའི་སྦྱར་བ་ནི། སྲིད་པའི་ཉེས་ཀུན་མ་ལུས་དག་བྱེད་པ། །བདུད་རྩིའི་དཔལ་འདིས་འགྲོ་ཡིད་བསིལ་གྱུར་གང་། །དམ་པའི་ཆོས་ནི་ལེགས་པར་ཐོས་བྱས་ཏེ། །མངོན་རྟོགས་བསླབ་གསུམ་རྒྱུད་ལ་བསྟེན་པར་བྱས། །ལྔ་པ་འགལ་བ་ཅན་གྱི་སྦྱར་བ་ནི། ཆུ་ལྷའི་ཕང་པར་དལ་གྱིས་ཞུགས་པ་ཡིས། །རབ་ཏུ་འཕེལ་རྒྱས་དམར་བའི་རྣམ་འགྱུར་སྟོན། །ཉིན་མོར་བྱེད་པའི་འོད་ཟེར་ནུབ་གྱུར་ཏེ། །སྲེད་ལྡན་ཆགས་པ་དྲག་ཏུ་རྒྱས་པར་གྱུར། །དྲུག་པ་ངེས་པ་ཅན་གྱི་སྦྱར་བ་ནི། དཔལ་མགྲིན་ལྡན་ཕྱིར་འཕྲོག་བྱེད་ནི། །དབང་ཕྱུག་ཉིད་དེ་གཉིས་སྐྱེས་དབང་། །གང་གི་རལ་པའི་ཅོད་པན་རྩེར། །འཛེག་ཕྱིར་ཟླ་བ་ཁོ་ནར་ངེས། །བདུན་པ་ངེས་པ་འགོག་པའི་སྦྱར་བ་ནི། ཚངས་སྤྱོད་མཐར་ཕྱིན་ཁྱོད་ཞབས་རྟག་རྒྱུ་བའི། །པདྨ་ཅན་བུད་མེད་དང་མཚོ། ནི་ཆུ་གཏེར་ཁོ་ནར་ངེས། །འོན་ཀྱང་དམ་པའི་རྟེན་བཟང་འདེགས་བྱེད་པའི། །ཡིད་འོང་མཚར་བའི་འདམ་སྐྱེས་ཅན་འདི་མཐོང་། །བརྒྱད་པ་འགལ་མེད་ཀྱི་སྦྱར་བ་ནི། ལེགས་ལྡན་འགྲོ་ལ་མིག་གི་དཔལ་སྟེར་རྒྱལ་པོ་དང་ཉི་མ། བ། །གང་དག་གཟི་བརྗིད་ལྡན་ཞིང་ཀུན་ལ་སྙོམས། །ཤིང་རྟས་དྲངས་པའི་ཁྲི་ལ་རབ་བསྟི་བས། །ནོར་འཛིན་གཞི་ལ་ཀུན་དགའི་མཛེས་པ་སྟོན། །དགུ་པ་འགལ་བ་ཅན་གྱི་སྦྱར་བ་ནི། ཡི་དྭགས་རྒྱལ་པོར་གྲགས་ཀྱང་སྲིད་འདིར་འཇམ་དཔལ་གཤིན་རྗེ་དང་གཟའ། རྒྱལ། །ལྟ་བྱེད་མིག་སྟོང་བགྲད་ཀྱང་བརྒྱ་བྱིན་མིན། །འཕྲོག་བྱེད་མཚན་བཟང་འཛིན་ཀྱང་མགྲིན་སྔོན་མིན། །བྷ་ག་ཝན་ཁྱོད་གཡུལ་ལས་རྣམ་པར་རྒྱལ། །ཞེས་པ་ལྟ་བུའོ། །ཉེར་ལྔ་པ་ཁྱད་པར་བརྗོད་པའི་རྒྱན་གྱི་མཚན་ཉིད། རྒྱུ་འགའ་ཞིག་ཁྱད་པར་འཕགས་


MLP007_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྟན་པའི་ཕྱིར། རྒྱུ་དེའི་ཁྱད་ཆོས་རིགས་ཡོན་ཏན་བྱ་བ་རྫས་འགའ་ཞིག་མ་ཚང་ཡང་། འབྲས་བུ་སྐྱེད་ནུས་པར་སྟོན་པ་སྟེ། དབྱེ་ན་ལྔ་ལས། དང་པོ་ཡོན་ཏན་མ་ཚང་བའི་ཁྱད་པར་བརྗོད་པ་ནི། རྒྱལ་བའི་སྲས་པོ་ཁྱོད་ཀྱི་བཟོད་པ་ཡི། །གོ་ཆ་འདི་ནི་མཁྲེགས་མིན་སྲ་བའང་མིན། །དེ་ལྟ་ན་ཡང་ཞེ་སྡང་ཚིག་གི་མདའ། །ཇི་ཙམ་འཕངས་ཀྱང་བརྫི་བར་ནུས་མ་ལགས། །གཉིས་པ་རིགས་མ་ཚང་བའི་ཁྱད་པར་བརྗོད་པ་ནི། རིག་པ་འཛིན་ཁྱོད་ཨོ་ཌཱི་ཡ་ན་དང་། །ལངྐའི་ཡུལ་ན་སྤྱོད་པའི་རིགས་མིན་ཡང་། །འདི་ན་གསང་ཆེན་རྡོ་རྗེ་ཐེག་པ་ཡི། །ཟབ་ལམ་སྨྲ་བའི་སྤོབས་པ་གཟེངས་སུ་མཐོ། །གསུམ་པ་བྱ་བ་མ་ཚང་བའི་ཁྱད་པར་བརྗོད་པ་ནི། མཛེས་པའི་ཟུར་མིག་ལྕགས་ཀྱུས་མ་བཏབ་ཅིང་། །ཡིད་འོང་གླུ་དང་གར་གྱིས་མ་བསུས་པར། །དྲན་པ་ཙམ་གྱིས་བདག་སྙིང་དབང་མེད་དུ། །འཕྲོག་མཛད་མཁས་པའི་དབང་པོ་སངས་རྒྱས་འཕེལ། །བཞི་པ་རྫས་མ་ཚང་བའི་ཁྱད་པར་བརྗོད་པ་ནི། ཡན་ལག་བཞི་ཡི་དཔུང་ཚོགས་མི་ལྡན་ཞིང་། །སྲ་བརྟན་ཡ་ལད་རྣོ་བའི་མཚོན་མེད་ཀྱང་། །སྔགས་ཀྱི་སྦྱོར་བ་ཙམ་གྱིས་བསྟན་དགྲའི་དཔུང་། །ལྷག་མེད་གཞོམ་མཁས་གནུབས་རིགས་པདྨ་དབང་། །ལྔ་པ་རྒྱུ་མ་ཚང་བའི་ཁྱད་པར་བརྗོད་པ་ནི། འཁོར་གཡོག་གིས་དོར་དབེན་པར་དཀའ་ཐུབ་ཀྱིས། །ལུས་མདངས་ཉམས་ཤིང་གོས་མེད་གཅེར་བུ་ཅན། །དེ་ལྟ་ན་ཡང་བདག་མེད་མངོན་རྟོགས་པའི། །མེ་ལོང་རྡོ་རྗེས་ཁམས་གསུམ་ཟིལ་གྱིས་མནན། །ཞེས་པ་ལྟ་བུའོ། །ཉེར་དྲུག་པ་མཚུངས་སྦྱོར་གྱི་རྒྱན་གྱི་མཚན་ཉིད། བརྗོད་འདོད་ལས་མཚུངས་ཆོས་ལྷག་པར་གྲགས་པ་གཅིག་དང་དོན་ལ་མི་མཚུངས་ཀྱང་བསྟོད་པའམ་སྨད་པའི་དོན་དུ་མཚུངས་པ་ལྟར་སྦྱར་བའི་ངག་སྟེ། དབྱེ་ན་གཉིས་ལས། དང་པོ་བསྟོད་པའི་མཚུངས་སྦྱོར་ནི། འཕགས་པའི་ཡུལ་དུ་དཔལ་ལྡན་ཆོས་ཀྱི་གྲགས། །གངས་ཅན་ལྗོངས་འདིར་བློ་ལྡན་ཤེས་རབ་སྟེ། །རྣམ་གཉིས་ཡང་དག་དོན་ལ་བལྟ་བ་དང་། །ཕྱིར་རྒོལ་འཇོམས་པའི་རིགས་པ་སྨྲ་འདི་མཚུངས། །གཉིས་པ་སྨད་པའི་མཚུངས་སྦྱོར་ནི། བླུན་ཚོགས་འཁོར་དབུས་འགྱིང་བའི་གཟི་བྱིན་དང་། །སྙན་གྲགས་ལོངས་སྤྱོད་འཇིག་རྟེན་བདེ་བའི་ཆོས། །མཛེས་ཀྱང་


MLP007_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ཚོན་རིས་ལྷ་གཞུ་ཡིས། །རྣམ་འགྱུར་སྙིང་པོའི་རང་མཚང་རྗེན་པར་སྟོན། །ཞེས་པ་ལྟ་བུའོ། །ཉེར་བདུན་པ་འགལ་རྒྱན་གྱི་མཚན་ཉིད། བྱ་བ་དང་ཡོན་ཏན་སོགས་དངོས་པོའི་ཆོས་འགལ་བ་རྣམས་ཡུལ་གཅིག་ལ་མི་འགལ་བར་འགྲོགས་པར་སྟོན་པ་སྟེ། དབྱེ་ན་དྲུག་ལས། དང་པོ་ཁྱད་གཞི་ཐ་དད་པའི་བྱ་བ་འགལ་བ་ནི། དྲི་མེད་བསླབ་གསུམ་རྒྱུད་ལ་བསྟེན་པ་ན། །ཐར་འདོད་རྣམས་ཀྱི་ཡིད་ལ་དགའ་བ་འཕེལ། །ལུས་མེད་སྙིང་ཞུགས་ལོག་ལམ་གཡང་ས་ལ། །གོམ་པ་འཇོག་རྣམས་དགའ་བའི་རྣམ་འགྱུར་ཉམས། །གཉིས་པ་ཡོན་ཏན་འགལ་བ་ནི། ཚ་ཟེར་ཅན་གྱི་འོད་རིས་གསར་པ་ཡིས། །རྒྱུ་སྐར་འཕྲེང་བའི་མཛེས་པ་རབ་ཕྲོགས་ནས། །ནོར་འཛིན་དཔལ་མོའི་གཞི་ལ་ཀུན་དགའ་བའི། །སྣང་བ་མཆོག་གི་མཛེས་པ་འཕེལ་བར་གྱུར། །གསུམ་པ་རྫས་འགལ་བ་ནི། བཞིན་མདོག་གནག་ཅིང་མགོ་སྐྱེས་ཀུན་ཏུ་དཀར། །གཉེར་མའི་རི་མོ་རབ་འཕེལ་སོ་རྣམས་དེངས། །ལུས་འཁྱོག་རང་སེམས་དྲང་པོ་མདའ་ལྟ་བུར། །སོང་བ་རྒན་པོའི་ལང་ཚོས་མ་བཅོམ་སུ། །བཞི་པ་རྫས་དང་ལས་འགལ་བའི་རྒྱན་ནི། ཟླ་བའི་བཞིན་རས་བུང་བ་གཞོན་ནུའི་མིག །པདྨའི་འཛུམ་ཞལ་གེ་སར་བཞད་པའི་ཚེམས། །གང་སྐུ་ཕན་བདེའི་བསིལ་སྟེར་དབྱངས་ཅན་མས། །བདག་ཡིད་མོས་ཤུགས་མེ་ཡིས་གདུངས་མིན་ནམ། །ལྔ་པ་གཞི་གཅིག་གི་བྱ་བ་འགལ་བ་ནི། གྲོང་ལས་རིང་བརྒལ་རྒྱལ་བས་བསྔགས་པའི་གནས། །རི་སུལ་དབེན་པར་བསམ་གཏན་ལ་བརྩོན་པས། །མ་བསྐུལ་ན་ཡང་ཐར་འདོད་སྐྱེ་བོ་རྣམས། །དམ་ཆོས་སྒྲུབ་ལ་རིངས་པས་གནས་དེར་ལྷགས། །དྲུག་པ་སྦྱར་བའི་འགལ་བ་ནི། འཇིག་རྟེན་དབང་ཕྱུག་འདབ་མ་ཡངས་པའི་སྤྱན། །གནག་ཅིང་དཀར་བའི་འབྲས་བུ་གཡོ་མེད་དག །མ་འདྲེས་སོ་སོར་གཟིགས་པའི་འགྲོ་ཀུན་ལ། །ཕན་བདེ་སྩོལ་བའི་དཔལ་དུ་ཅིས་མི་འགྱུར། །ཞེས་པ་ལྟ་བུའོ། །ཉེར་བརྒྱད་པ་སྐབས་མིན་བསྟོད་པའི་རྒྱན་གྱི་མཚན་ཉིད། དངོས་པོ་འགའ་ཞིག་ལ་བསྟོད་པ་སྐབས་སུ་མ་བབས་ཀྱང་དེ་ཉིད་ལ་རང་འདོད་ཀྱིས་བསྟོད་པ་སྟེ། དཔེར་ན། རང་


MLP007_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐོབ་པའི་བྲང་ཁང་ཉམས་དགའ་བར། །འབད་མི་དགོས་པའི་དད་ཟས་ཀྱིས་འཚོ་ཞིང་། །ཀློག་སྤོང་བྱ་བས་མི་བྲེལ་བློ་མཐུན་པའི། །གྲོགས་བཅས་ཟོས་བདེར་གནས་ཚོའི་སྐྱིད་པ་ལ། །ལྟ་བུའོ། །ཉེར་དགུ་པ་ཟོལ་བསྟོད་ཀྱི་རྒྱན་གྱི་མཚན་ཉིད། འགའ་ཞིག་ལ་སྨད་པ་སྐྱོན་ལྟར་བརྗོད་པའི་ཚུལ་གྱིས་ཕུགས་སུ་ཡོན་ཏན་བརྗོད་པར་སོང་བའི་ཟོལ་གྱིས་བསྟོད་པ་སྟེ། དབྱེ་ན་གསུམ་ལས། དང་པོ་མཐུ་ཕུན་ཚོགས་ཀྱི་ཟོལ་བསྟོད་ནི། དཔལ་མགོན་འཕགས་པ་ནཱ་གཱརྫུ་ནས་ཀྱང་། །ཚེ་གཅིག་ཟུང་འཇུག་གོ་འཕང་མངོན་མཛད་ན། །དེ་ཉིད་ཞིག་པོ་ཉི་སེང་ཁྱོད་ཀྱིས་ཀྱང་། །བརྙེས་པ་ཙམ་ལ་ཁེངས་པ་མཛད་རིགས་སམ། །གཉིས་པ་དཔའ་བ་ཕུན་ཚོགས་ཀྱི་ཟོལ་བསྟོད་ནི། སྔོན་ཚེ་བྱང་ཆེན་སྤྱོད་པ་ཡི། །ཆོམ་རྐུན་མི་བཟད་རྩུབ་མོ་དེས། །སྲིད་ཞིའི་བདེ་འབྲས་ཀུན་འཕྲོག་པ། །ཁྱོད་ཀྱིས་འདི་འདྲ་མཛད་རིགས་སམ། །གསུམ་པ་སྟོབས་ཕུན་ཚོགས་ཀྱི་སྦྱར་བའི་ཟོལ་བསྟོད་ནི། གང་གི་རིང་ལུགས་སྨྲ་བའི་དབྱངས་མཁན་གྱིས། །ངང་པའི་རྒྱལ་པོའི་ལོངས་སྤྱོད་མཐར་སོན་ན། །ཁྱོད་ལ་བརྟེན་པའི་སྨྲ་བའི་སྤོབས་པ་གང་། །ཐོབ་ཅེས་ཅི་ཕྱིར་མཆོག་གི་ང་རྒྱལ་མཛད། །ཅེས་པ་ལྟ་བུའོ། །སུམ་ཅུ་པ་ངེས་བསྟན་གྱི་རྒྱན་གྱི་མཚན་ཉིད། རང་གི་བསྟན་བྱའི་དོན་དེ་ལས་གཞན་ཞིག་དཔེའི་འཇུག་པས་བསྟན་ན་དེ་ཡང་དེ་དང་མཚུངས་པར་གོ་བའི་ངག་ཞིག་སྟེ། དབྱེ་ན་གཉིས་ལས། དང་པོ་མཆོག་གི་ངེས་བསྟན་ནི། སྨྲ་མཁས་ཁྱོད་ཀྱིས་དམ་ཆོས་བཤད་ཙམ་གྱིས། །གདུལ་བྱའི་འགྲོ་ལ་ཕན་པས་རྗེས་བཟུང་བ། །ཉིན་བྱེད་ཤར་བ་ཉིད་ཀྱིས་པདྨོ་ལ། །ཕུན་ཚོགས་དཔལ་སྟེར་བྱེད་པས་གསལ་བར་མཚོན། །གཉིས་པ་མཆོག་མིན་ངེས་བསྟན་ནི། ཐུབ་པས་བཅས་པའི་བསླབ་ཁྲིམས་ལས་འགོངས་པ། །དེ་དག་ཚར་གཅོད་འབྲས་བུ་གསལ་བྱེད་ཅིང་། །ཟླ་བ་ཤར་བའི་ཟེར་གྱིས་རེག་པ་ན། །མཚན་མོའི་མུན་ཚོགས་འཇོམས་འདི་ངེས་པར་བསྟན། །ཞེས་པ་ལྟ་བུའོ། །སོ་གཅིག་པ་ལྷན་ཅིག་བརྗོད་པའི་རྒྱན་གྱི་མཚན་ཉིད། ཆོས་ཐ་དད་པ་གཉིས་ཡོན་


MLP007_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་དང་ལས་སོགས་ཀྱི་སྒོ་ནས་ལྷན་ཅིག་པར་བརྗོད་པ་སྟེ། དབྱེ་ན་གསུམ་ལས། དང་པོ་ཡོན་ཏན་ལྷན་ཅིག་བརྗོད་པ་ནི། དཔལ་ལྡན་དཎྜིའི་ལེགས་བཤད་དང་། །དངུལ་དཀར་མེ་ལོང་མཉམ་དུ་གསལ། །ཉི་མ་ཤར་ཚེ་ཀུ་མུད་དང་། །མི་མཁས་བློ་མིག་ལྷན་ཅིག་ཟུམ། །གཉིས་པ་ལས་ལྷན་ཅིག་བརྗོད་པ་ནི། འགྲོ་བ་རྣམས་ཀྱི་རེ་བཅས་མོས་པ་དང་། །པདྨ་འབྱུང་གནས་ཐུགས་རྗེ་མཉམ་དུ་སྐྱེས། །གང་དག་དད་པས་རབ་གདུངས་མཆི་མ་དང་། །ལྷན་ཅིག་པདྨའི་བྱིན་རླབས་རྣམ་པར་འབབ། །གསུམ་པ་རྫས་ལྷན་ཅིག་བརྗོད་པ་ནི། སྐྱེས་བུའི་ཚེ་འགྲོ་མི་རྟག་སྐྱོ་ཤས་དང་། །འཁོར་བའི་སྐྱོན་རྣམས་མཐོང་བའི་འཇིགས་སེམས་དང་། །རྣམ་གྲོལ་ཡོན་ཏན་དྲན་པའི་དད་པ་སྟེ། །འདི་གསུམ་ལྷན་ཅིག་རྣམ་པར་འཕེལ་བར་འགྱུར། །ཞེས་པ་ལྟ་བུའོ། །སོ་གཉིས་པ་ཡོངས་བརྗེས་ཀྱི་རྒྱན་གྱི་མཚན་ཉིད། དངོས་པོ་འགའ་ཞིག་ཡོན་ཏན་དང་བྱ་བ་སོགས་ཀྱི་དོན་ཕན་ཚུན་བསྣོལ་ནས་བརྗོད་པའི་ངག་སྟེ། དཔེར་ན། བློ་ཆེན་ཁྱོད་ཀྱིས་ཕན་བདེའི་དངོས་པོ་ཀུན། །འགྲོ་ལ་ཕོངས་པ་མེད་པར་སྦྱིན་མཛད་ནས། །དེ་དག་ཀུན་གྱི་གྲགས་སྙན་ཡིད་འོང་རྣམས། །ཁྱོད་ཀྱིས་ལྷག་མ་མེད་པར་ཅིག་ཅར་འཕྲོག །ལྟ་བུའོ། །སོ་གསུམ་པ་ཤིས་བརྗོད་ཀྱི་རྒྱན་གྱི་མཚན་ཉིད། མངོན་པར་འདོད་པའི་དངོས་པོ་ལ་སྨོན་པའི་ངག་སྟེ། དཔེར་ན། སྲིད་དང་རྣམ་པར་གྲོལ་བ་རྣམ་གསུམ་གྱི། །ཐེ་ཚོམ་དྲ་བ་མ་ལུས་གཅོད་མཛད་པ། །དུས་གསུམ་རྒྱལ་བའི་ཡབ་གཅིག་འཇམ་མགོན་གྱིས། །ཁྱོད་ལ་དགེ་ལེགས་གཡོ་མེད་མཛད་གྱུར་ཅིག །ལྟ་བུའོ། །སོ་བཞི་པ་རབ་སྤེལ་གྱི་རྒྱན་གྱི་མཚན་ཉིད། རྒྱན་ཐ་དད་པ་གཉིས་སམ་གསུམ་ལ་སོགས་པ་བསྲེས་ཏེ་ཚིགས་བཅད་རེར་རྒྱན་དུ་མ་ཚོགས་པའོ། །དེ་ལ་སྦྱོར་ཚུལ་གྱི་དབྱེ་བ་མཚོན་པའི་དཔེ་གཉིས་ལས། དང་པོ་བསྒྲུབ་བྱ་སྒྲུབ་བྱེད་འབྲེལ་མཚུངས་ཀྱི་རབ་སྤེལ་ནི། ཟླ་བ་གསར་པའི་མདངས་འཕྲོག་སྒྲ་དབྱངས་མའི། །མཛེས་སྐུ་མ་བྲིས་མཚར་སྡུག་རི་མོ་


MLP007_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །བྱ་དཀའ་མེད་པར་ཟླ་བའི་ཕུན་ཚོགས་ལ། །འགོངས་ནུས་ཉི་མའི་འོད་ཀྱིས་འཕྱ་བ་བཞིན། །གཉིས་པ་སྟོབས་མཚུངས་རབ་སྤེལ་ནི། དབྱངས་ཅན་ཁྱོད་ཞལ་རང་བཞིན་མཛེས་པའི་སྐུ། །ཚངས་པའི་དབྱངས་ལྟར་རབ་སྙན་གསུང་དབྱངས་ཅན། །གང་ཐུགས་ངང་པའི་ལམ་གྱི་ཁེངས་འཕྲོག་མས། །བློ་དང་ངག་གི་ཕུན་ཚོགས་མཉམ་དུ་སྩོལ། །ཅེས་པ་ལྟ་བུའོ། །སོ་ལྔ་པ་དགོངས་པ་ཅན་གྱི་རྒྱན་གྱི་མཚན་ཉིད། སྙན་ངག་མཁན་གྱི་རྩོམ་འདོད་ཀྱི་བསམ་པ་ནི་དགོངས་པ། དེས་ཀུན་ནས་བསླངས་ཏེ་བརྩམས་པའི་དབུ་ནས་ཞབས་རྫོགས་པའི་བར་གྱི་ཚིག་སྦྱོར་གང་ལ་གནས་པའི་རྒྱུན་ལུས་གསུམ་གྱི་ཡུལ་ལ་ཡོད་པའི་ཡོན་ཏན། ངག་རྣམས་གཅིག་གིས་གཅིག་ཕན་ཚུན་འབྲེལ་ཆགས་ཤིང་ཕན་པར་བྱེད་པ། དགོངས་དོན་བྲལ་བའི་ཚིག་སྤངས་པ། སྐབས་སུ་བབ་པའི་གནས་ལ་བསྔགས་ཤིང་བརྒྱན་པ། ཚིག་སྦྱོར་གང་བརྗོད་པའི་ཤུགས་ཀྱིས་བརྗོད་བྱའི་དངོས་པོ་ཟབ་མོ་དག་བདེ་བླག་ཏུ་རྟོགས་ནུས་པ་སྟེ། དེ་རྣམས་ཚོགས་པ་ལས་རྒྱན་འདི་འབྱུང་བས་ཚིགས་བཅད་རེ་ཙམ་ལྟ་བུ་ཉི་ཚེ་བའི་རྒྱན་མིན་ཞེས་བཞེད་དེ། དཔང་ཊིཀ་ལས། འདི་ནི་རྒྱན་ཐམས་ཅད་ཀྱི་རྒྱན་དུ་གྱུར་པ་སྟེ། དང་པོ་དང་། བར་དང་། ཐ་མ་རྣམས་སུ་རྒྱུན་ལ་རྗེས་སུ་འཇུག་པའོ། །ཞེས་གསུངས་སོ། །དེ་བས་ན་དཔེར་བརྗོད་པ་ལ་ལོགས་སུ་བརྩམ་མི་དགོས་སོ། ༈ །གཉིས་པ་སྒྲ་རྒྱན་ལ་ཟུང་ལྡན། བྱ་དཀའི་ཁྱད་པར། དབྱངས་སོགས་ངེས་པའི་བྱ་དཀའ་དང་གསུམ། དང་པོ་ཟུང་ལྡན་གྱི་མཚན་ཉིད། ཡི་གེ་གཞན་གྱིས་བར་མ་ཆོད་པའམ་ཆོད་ཀྱང་རུང་སྟེ། ཡི་གེ་རེ་རེའམ་འགའ་ཟུང་ཟློས་ནས་རྗོད་པར་བྱེད་པའོ། །དབྱེ་ན། རྐང་པའི་ཐོག་མ་ནས་གཞན་དང་། །ཐོག་མཐའ་སྦྱར་དང་ཀུན་ཏུ་དང་། །འདྲེས་དང་བཟློག་པའི་ཟུང་ལྡན་དྲུག །ཅེས་པ་ལྟར་ལས། དང་པོ་ཐོག་མའི་ཟུང་ལྡན་ལ། བར་མ་ཆོད་པ་དང་། བར་དུ་ཆོད་པ་དང་། ཆོད་ཅིང་མ་ཆོད་པའོ། །དང་པོ་བར་མ་ཆོད་པ་ལའང་སྡེ་ཚན་བཞིའི། དང་པོ་རྐང་བ་གཅིག་ལ་ཡོད་པ་ལས། རྐང་པའི་ཐོག་མར་ཡོད་པ་ནི། ཐུབ་པ་ཐུབ་པར་གྲགས་འབར་དེ་དག་གི། རལ་པའི་ཅོད་པཎ་རྩེ་མོར་མངོན་འཕགས་པ། །སྟོན་པ་རྫོགས་


MLP007_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཞབས་འོད་ཀར་ཅན། །ཕན་བདེའི་བསིལ་སྦྱིན་མཛད་དེ་སྤྱི་བོས་མཆོད། །༡རྐང་པ་གཉིས་པར། ཞི་ལམ་སྟོན་པའི་གང་གསུང་ལྷ་ཡི་རྔ། །དིར་དིར་བསྒྲགས་ཚེ་མཐའ་ཡས་སྐྱེ་རྒུ་ཀུན། །མ་རིག་གཉིས་ལས་བསླངས་ནས་ཐར་ལམ་གྱི། །སྣང་བ་དམ་པའི་དཔལ་ལ་འགོད་པར་མཛོད། ༢རྐང་པ་གསུམ་པར། དམ་ཆོས་བདུད་རྩིའི་བསིལ་སྟེར་རི་བོང་ཅན། །འགྲོ་འདིའི་བསོད་ནམས་ཤིང་རྟས་རབ་དྲངས་པས། །བརྒྱ་ཕྲག་བརྒྱ་ཕྲག་སྟོང་གི་ཐུགས་རྗེའི་འོད། །སྤྲོ་མཛད་ཚོགས་མཆོག་འཇིག་རྟེན་གསུམ་གྱི་སྐྱབས། །༣རྐང་པ་བཞི་པར། བྱང་ཆུབ་མཆོག་གི་ཐུགས་བསྐྱེད་ས་བོན་གང་། །ལེགས་སྤྱད་རྨད་བྱུང་དྲོད་གཤེར་གྱིས་བསྐྱངས་པས། །སྟོབས་བཅུའི་རྩལ་གྱིས་བདུད་སྡེའི་དཔུང་ཚོགས་ལས། །རྒྱལ་བ་རྒྱལ་བའི་དམ་པ་བརྙེས་དེར་འདུད། །༤ཅེས་པ་ལྟ་བུའོ། །གཉིས་པ་རྐང་པ་གཉིས་ལ་ཡོད་པ་ལས། དང་པོ་གཉིས། ལྡེམ་ལྡེམ་ཡིད་འོང་མཚར་སྡུག་མཛེས་པའི་སྐུ། །འཁྲོལ་འཁྲོལ་རྒྱུད་མང་སྒྲ་ཡིས་ཆོས་ཀུན་སྟོན། །རབ་དཀར་གངས་རིའི་མདངས་འཕྲོག་དབྱངས་ཅན་མས། །དེ་རིང་ཤེས་བྱར་ཐོགས་མེད་བློ་གྲོས་སྩོལ། །༥དང་པོ་དང་གསུམ་པར། ཧཱུ་ཧུ་འཁོར་བའི་མྱ་ངམ་ཐང་རིང་པོར། །ཐང་ཆད་རྣམ་གྲོལ་ངལ་སྟེགས་བྲལ་བའི་སེམས། །ཅེར་ཅེར་རང་ངོ་འཕྲོད་པ་དགའ་བདེའི་མཆོག །དེ་རིང་དཔལ་ལྡན་བླ་མས་བསྟན་འདི་སྤྲོ། །༦དང་པོ་དང་བཞི་པར། ལྷབ་ལྷབ་སྒྲོན་མེ་ལྟ་བུར་འབར་བའི་འོད། །ཀུན་ཏུ་གསལ་བས་འཇིག་རྟེན་མུན་པའི་སྨག །སྐྱོབ་ནུས་ལྷན་སྐྱེས་རང་སྣང་རིག་པ་ཡིས། །ལྷག་ལྷག་ཆོས་ཀུན་གནས་ལུགས་གསལ་བར་བསྟན། །༧གཉིས་པ་དང་གསུམ་པར། མགོན་ཁྱོད་ཐུགས་རྗེ་ཆད་མེད་གངྒཱའི་རྒྱུན། །ལྷུང་ལྷུང་གདུལ་བྱའི་ས་གཞིར་དལ་གྱིས་འབབ། །ཆིལ་ཆིལ་ཕན་བདེའི་རླབས་ཕྲེང་རབ་གཡོ་བས། །འགྲོ་འདིའི་སྲིད་པའི་ཚ་གདུང་ཀུན་ཏུ་བཅིལ། །༨གཉིས་པ་དང་བཞི་པར། འཁོར་བའི་མལ་དུ་གྱི་ནར་བག་ཕབ་པའི། །ཡུར་ཡུར་མ་རིག་གིས་མྱོས་གཉིད་འཐུག་ལས། །བརྩེ་ཆེན་དམ་པའི་ཆོས་སྒྲས་རབ་བསླངས་ནས། །ལྷག་ལྷག་འོད་གསལ་རྟོགས་པའི་སྣང་བ་ཤར། །༩གསུམ་པ་དང་བཞི་པར། སྨྲ་


MLP007_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གསུང་གི་དབང་ཕྱུག་ལ་བརྟེན་ན། །བསླུ་བ་མེད་པའི་སྐྱབས་སུ་ངེས་བརྙེད་ནས། །དུང་དུང་དད་པའི་གསོལ་བ་འདིར་འདེབས་ཀྱི། །བཞུགས་བཞུགས་བདག་གི་སྙིང་གར་རྟག་ཏུའོ། །༡༠ལྟ་བུའོ། །གསུམ་པ་རྐང་པ་གསུམ་ལ་ཡོད་པ་ལས། དང་པོ་གསུམ་ལ། ལྷང་ལྷང་འབོད་པའི་བསྟོད་དབྱངས་དང་། །ཁྲོལ་ཁྲོལ་སྙན་འགྱུར་རོལ་མོའི་སྒྲ། །འུར་འུར་སྒྲོག་འདི་སྲས་བཅས་ཀྱི། །རྒྱལ་རྣམས་དགྱེས་པའི་མཆོད་པར་སྤྲོ། །༡༡དང་པོ་གཉིས་དང་བཞི་པར། ལྡེམ་ལྡེམ་པུཎྜ་རི་ཀའི་སྡོང་པོ་ལ། །དཀར་དཀར་འདབ་སྟོང་རྒྱན་གྱིས་སྤྲས་པ་བཞིན། །མཛེས་སྡུག་ལང་ཚོ་ངོམ་པའི་ཚངས་སྲས་མས། །གསལ་གསལ་བློ་གྲོས་མཆོག་ཏུ་དཀར་བར་མཛོད། །༡༢དང་པོ་དང་ཕྱི་མ་གཉིས་ལ། ཟུམ་ཟུམ་མིག་ནི་འཛུམ་པ་ཡིས། །གང་གི་ཞལ་སྒོ་ལ་ལྟ་ཞིང་། །ཧྲིང་ཧྲིང་འགྱུར་ཁུགས་རྫོགས་པའི་གླུས། །ལྷང་ལྷང་འབོད་དོ་ཚངས་སྲས་མ། །༡༣ཕྱི་མ་གསུམ་ལ། ངག་དབང་ལྷ་མོ་དབྱངས་ཅན་མའི། །ལྷག་ལྷག་ཐུགས་རྗེའི་འོད་གསལ་གྱིས། །ཐོམ་ཐོམ་འགྲོ་བློའི་མུན་སྟུག་རྣམས། །ཡལ་ཡལ་ཞི་བ་དངོས་པོའི་གཤིས། །༡༤ལྟ་བུའོ། །བཞི་པ་རྐང་པ་བཞི་ཀའི་ཐོག་མར་ཡོད་པ་ནི། སྙན་སྙན་ལེགས་བཤད་སྒྲ་དབྱངས་རྫོགས་པའི་གཏམ། །ཡང་ཡང་རྣ་བར་སྐྱོར་མཁས་བཤེས་གཉེན་ལ། །འཁྱིལ་འཁྱིལ་གདུགས་ཕྲེང་ན་བཟའ་ལྷབ་ལྷུབ་དང་། །མེར་མེར་གང་བའི་ཟས་ཀྱིས་བཀུར་བར་འོས། །༡༥ལྟ་བུའོ། །གཉིས་པ་བར་དུ་ཆོད་པ་ལ་གསུམ་གྱི། དང་པོ་རྐང་པ་གཉིས་ལ་ཡོད་པ་ལས། རྐང་པ་དང་པོ་གཉིས་ལ་ཡོད་པ། ཉི་མ་སྟོང་ཕྲག་འཁྱིལ་འདྲའི་གཟི་བྱིན་གྱིས། །ཉི་མའི་འོད་སྣང་མོག་པོར་བྱེད་ནུས་པ། །མཧཱ་དེ་ཝ་ཁྱོད་སྐུའི་ངོ་མཚར་གྱིས། །རྟ་མཆོག་དཔལ་གྱི་སྙེམས་པའང་ཕྲོགས་སམ་སྙམ། །༡དང་པོ་དང་གསུམ་པར། པདྨ་དཀར་པོའི་སྡོང་བུ་ལྡེམ་པ་བཞིན། །མཚར་སྡུག་འཛུམ་ཞལ་གཡོ་བའི་རབ་མཛེས་མ། །པདྨའི་སྟན་བཞུགས་བཅོམ་ལྡན་ཐུགས་རྗེའི་གཏེར། །ཡིད་བཞིན་འཁོར་ལོས་འཆི་མེད་གྲུབ་པ་སྩོལ། །༢དང་པོ་དང་བཞི་པར། ཟླ་ཞལ་སྣང་སྟོང་སྒྱུ་མའི་སྐུ། །ཁྲོ་འཛུམ་བཞད་པའི་རྣམ་འགྱུར་ཅན། །བཅོམ་ལྡན་ཤེས་རབ་གསལ་བྱེད་མས། །ཟླ་ལྟར་གསལ་


MLP007_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བློ་གྲོས་སྩོལ། །༣བར་མ་གཉིས་ལ་:ཕོད་༼ཡོད༽པ། གང་སྐུ་པདྨའི་སྡོང་པོ་རབ་ལྡེམ་པར། །ཀུན་ནས་མཛེས་པའི་མཚན་བཟང་ཡལ་འདབ་གཡོ། །ཀུན་ནས་རྣམ་རྒྱལ་བློ་གྲོས་སྦྲང་རྩིའི་དཔྱིད། །འགྲོ་ལ་སྦྱིན་མཁས་རྒྱལ་ཡུམ་ཤེར་ཕྱིན་མ། །༤གཉིས་པ་དང་བཞི་པར། སྒྲ་དབྱངས་འདུས་པའི་ཆུ་གཏེར་ལས། །ལེགས་འཁྲུངས་ཡིད་འོང་མཚར་སྡུག་ཅན། །འགྲོ་ལ་སྙན་འགྱུར་ངག་གི་དཔལ། །ལེགས་པར་སྟེར་མཛད་ཟླ་ཞལ་མ། །༥ཕྱི་མ་གཉིས་ལ། ཤིན་ཏུ་མི་བཟད་རྔམས་པའི་ཞལ་བགྲད་པས། །སྲིད་གསུམ་ཁམ་དུ་ཟ་བྱེད་ཧེ་རུ་ཀ། རབ་འབར་བསྐལ་པའི་མེ་དཔུང་འབར་བའི་དབུས། །རབ་གཏུམ་གར་གྱིས་འགྱིད་ཅིང་རྣམ་པར་རོལ། །༦ལྟ་བུའོ། །གཉིས་པ་རྐང་པ་གསུམ་ལ་ཡོད་པ་ལས། དང་པོ་གསུམ་ལ་ཡོད་པ། སྨྲ་ངན་ཝ་ཚོགས་ཀླད་པ་འགེམས་བྱེད་ཅིང་། །སྨྲ་མཁས་བློ་གསལ་རི་དྭགས་ཚོགས་སྐྱོང་བ། །སྨྲ་བའི་སེངྒེ་ཀློང་ཆེན་རབ་འབྱམས་དཔལ། །ཐུབ་བསྟན་གངས་རིའི་རྩེ་མོར་མངོན་པར་འགྱིངས། །༧དང་པོ་དང་ཕྱི་མ་གཉིས་ལ་ཡོད་པ། དཔལ་ལྡན་ཚོགས་གཉིས་ཆུ་གཏེར་བསྲུབས་པ་ལས། །ལེགས་འཁྲུངས་མཁྱེན་བརྩེའི་ཉི་མ་འཇམ་དཔལ་དབྱངས། །དཔལ་ལྡན་སྐལ་བཟང་ཡིད་མཁར་རྟག་བཞུགས་ནས། །དཔལ་ལྡན་བློ་གྲོས་སྣང་བ་སྟེར་དེར་འདུད། །༨རྐང་པ་ཕྱི་མ་གསུམ་ལ་ཡོད་པ། བཅུ་ཕྲག་རིག་པའི་གནས་ཀྱི་གཞུང་ལུགས་ལ། །ཤེས་རབ་གསུམ་གྱི་བྱ་བ་འཇུག་པའི་ཚེ། །ཤེས་རབ་རྨད་བྱུང་སྤོབས་པ་སྦྱིན་མཁས་པ། །ཤེས་རབ་གསལ་བྱེད་རྡོ་རྗེ་ཕག་མོས་སྐྱོངས། །༩རྐང་པ་བཞི་ཀའི་ཐོག་མར་ཡོད་པ། ཡིད་བཞིན་ནོར་བུ་ཇི་ལྟ་བ་བཞིན། །ཡིད་བཞིན་འདོད་པ་ཀུན་ཏུ་སྩོལ་མཁས། །ཡིད་བཞིན་འཁོར་ལོ་རྒྱལ་ཡུམ་དགེ་མས། །ཡིད་བཞིན་རེ་བ་འགྲུབ་པར་མཛོད་ཅིག །༡༠དང་པོ་གཉིས་འདྲ་ཞིང་ཕྱི་མ་གཉིས་འདྲ་བ། ཆོས་དབྱིངས་ངང་ལས་མི་གཡོའི་ཐུགས་མངའ། །ཆོས་ཅན་རབ་བརྗིད་ཁྲོ་རྒྱལ་སྐུར་སྟོན། །གཅོད་བྱེད་རལ་གྲིས་ཀུན་རྟོག་དྲ་བ། །གཅོད་མཛད་ལྷག་པའི་ལྷ་དེས་སྲུངས་ཤིག །༡༡དང་གསུམ་འདྲ་ལ་གཉིས་བཞི་མཚུངས་པ། ཨུཏྤལ་སྤྱན་མངའ་རྗེ་བཙུན་སྒྲོལ་མ། །རབ་མཛེས་ཁྱོད་སྐུ་མརྒད་མདངས་


MLP007_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོག །ཨུཏྤལ་སྔོན་པོའི་ཕྱག་གི་པདྨ། །རབ་མཛེས་བརྒྱན་པར་མཛད་ལ་འདུད་དོ། །༡༢ཐོག་མཐའ་འདྲ་ཞིང་བར་གཉིས་འདྲ་བ། ཆ་ཤས་ཡོངས་གང་ཟླ་འདྲའི་སྐུ་མངའ། །མི་ཤེས་མུན་ཚོགས་ལས་རྒྱལ་འཕགས་མས། །མི་ཤེས་སྤྲིན་བྲལ་བློ་གྲོས་ཟླ་བ། །ཆ་ཤས་ཀུན་ནས་རྫོགས་པར་མཛོད་ཅིག །༡༣ཅེས་པ་ལྟ་བུའོ། །གསུམ་པ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་ནི། ཕྱེད་སྔ་མ་འདྲ་ཞིང་ཕྱེད་ཕྱི་མ་འདྲ་བ། ཀྱི་ཧུད་ཀྱི་ཧུད་འཁོར་མཚོར་ལྷུངས་པའི་འགྲོ། །ཀྱི་ཧུད་ཀྱི་ཧུད་སྡུག་བསྔལ་རྦ་ལ་གཡེང་། །ཐར་པ་ཐར་པའི་ཕུན་ཚོགས་ཐོབ་འདོད་ན། །ཐར་པ་ཐར་པའི་ལམ་སྟོན་བཤེས་གཉེན་བསྟེན། །༡༤ཐོག་མཐའ་གཉིས་དང་བར་མ་གཉིས་འདྲ་བ། ལྡེམ་ལྡེམ་ནི་ཙུ་ལ་ཡི་སྐྱེད་ཚལ་དུ། །ལྷུང་ལྷུང་མརྒད་བཞུ་འདྲའི་ཆུ་རྒྱུན་འབབ། །ལྷུང་ལྷུང་བུང་བ་སྙན་པའི་གླུ་ལེན་ཅིང་། །ལྡེམ་ལྡེམ་པདྨོའང་མགོ་ལྕོག་རྣམ་པར་གཡོ། །༡༥རྐང་པ་བཞི་ཀའི་ཐོག་མར། དངོས་པོ་དངོས་པོར་འཛིན་ཞེན་ཨ་འཐས་པས། །དངོས་པོ་དངོས་པོའི་དུཿཁས་འགྲོ་འདི་མནར། །དངོས་པོ་དངོས་པོར་སྣང་ཀུན་གདོད་མ་ནས། །དངོས་པོ་དངོས་པོར་མེད་པ་རྟོགས་ན་ཐར། །༡༦ལྟ་བུ་སྟེ་ཐོག་མའི་ཟུང་ལྡན་སོ་གཅིག་ཚར་རོ། །གཉིས་པ་གནས་གཞན་ན་ཡོད་པའི་ཟུང་ལྡན་ལ་དྲུག་གི། དང་པོ་རྐང་བཞིའི་དབུས་ན་ཡོད་པ་ལ་གཉིས་ལས། དང་པོ་ཆོད་ཅིང་མ་ཆོད་པ་ནི། མ་རིག་མུན་པ་ལས་རྒྱལ་རྒྱལ་བའི་འོད། །ཉོན་མོངས་གཡུལ་ལས་རྣམ་རྒྱལ་རྒྱལ་བའི་དབང་། །སྲིད་པའི་དགྲ་ལས་རབ་རྒྱལ་རྒྱལ་མཆོག་སྟེ། །བདུད་དཔུང་ལས་རྒྱལ་རྒྱལ་བའི་ཚོགས་ལ་འདུད། །༡གཉིས་པ་ཆོད་པ་ནི། མིག་སྔར་མཛེས་སྡུག་མཛེས་པའི་སྐུ་མངའ་ཞིང་། །རྣ་བར་མཛེས་སྙན་མཛེས་གསུང་ཆོས་སྒྲ་སྒྲོག །བསམ་གྱིན་ཡིད་ལ་མཛེས་སྟེར་མཛེས་པའི་ཐུགས། །གང་ལ་མཛེས་གསུམ་མཛེས་ལྡན་དགེ་བའི་བཤེས། །༢ལྟ་བུའོ། །གཉིས་པ་མཐའ་ན་ཡོད་པ་ལ་གཉིས་ལས། དང་པོ་ཆོད་པ་ནི། མཐའ་ཡས་འགྲོ་བའི་བསོད་ནམས་ཞིང་གི་དཔལ། །ཐར་འདོད་རྣམས་ཀྱིས་རྟག་ཏུ་བསྟེན་བྱའི་དཔལ། །སྒྲིབ་བྲལ་ཡོན་ཏན་མ་ལུས་རྫོགས་པའི་དཔལ། །དེ་ཕྱིར་མགོན་ཁྱོད་བསླུ་མེད་སྐྱབས་མཆོག་དཔལ། །༡གཉིས་


MLP007_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆོད་ཅིང་མ་ཆོད་པ་ནི། མཚན་དཔེས་རབ་སྤྲས་ཁྱེད་སྐུའི་མདངས་གསལ་གསལ། །ཐེག་གསུམ་ཆོས་དབྱངས་སྒྲོག་པའི་གསུང་གསལ་གསལ། །ཆོས་ཀུན་གནས་ལུགས་མཁྱེན་པའི་ཐུགས་གསལ་གསལ། །མཁའ་ཁྱབ་འགྲོ་འདུལ་ཐུགས་རྗེས་འོད་གསལ་གསལ། །༢ལྟ་བུའོ། །གསུམ་པ་བར་ཐ་གཉིས་ན་ཡོད་པ་ལ་གཉིས་ལས། དང་པོ་ཆོད་པ་ནི། རིན་ཆེན་དོ་ཤལ་རབ་འཁྲོལ་འོག་པག་འཁྲོལ། །རྐང་ལག་གདུ་བུ་གསིལ་འཁྲོལ་རྣ་ཆ་འཁྲོལ། །སྙན་འགྱུར་རྒྱུད་མང་སྟོང་འཁྲོལ་སོར་གདུབ་འཁྲོལ། །སྒྲ་དབྱངས་འཁྲོལ་བས་བདག་མགྲིན་ལེགས་བཤད་འཁྲོལ། །༡གཉིས་པ་ཆོད་ཅིང་མ་ཆོད་པ། གང་སྐུ་རབ་དཀར་དཀར་མཛེས་མདངས་དཀར་དཀར། །ལེགས་སྟོན་གསུང་དཀར་དཀར་ཆོས་དཔལ་དཀར་དཀར། །སྒྲིབ་བྲལ་རྣམ་དཀར་དཀར་གསལ་ཐུགས་དཀར་དཀར། །ཚངས་སྲས་མ་དཀར་དཀར་མོ་ཁྱོད་དཀར་དཀར། །༢ལྟ་བུའོ། །བཞི་པ་ཐོག་བར་ན་ཡོད་པ་ལ་གཉིས་ལས། དང་པོ་ཆོད་པ་ནི། རབ་དཀར་ཀུནྡ་རབ་ཏུ་བཞད་པའི་ཞལ། །རབ་མཛེས་སྤྱན་ཟུར་རབ་གཡོ་སྨིན་འཁྱོག་མ། །རབ་འཕངས་འདོད་མདས་རབ་ཏུ་གཟིར་བྱས་པའི། །རབ་མང་གཞོན་ནུ་རབ་རིབ་ཐིབས་པོས་མྱོས། །༡གཉིས་པ་ཟུང་མིན་གྱི་ཐོག་ཐ་དང་། ཟུང་གི་ཐོག་བར་ན་ཆོད་ཅིང་མ་ཆོད་པ་ནི། ལ་ལ་ཚུལ་ཁྲིམས་ལེགས་བསྲུང་ཨ་ལ་ལ། །ལ་ལ་མང་ཐོས་ལ་ལ་རྟོག་ཅིང་དཔྱོད། །ལ་ལ་འོད་གསལ་དོན་སྒོམ་ཏ་ལ་ལ། །ལ་ལ་འཆད་རྩོམ་ལ་ལ་རྩོད་པས་དགེ། ཡང་ན། སོ་སོར་སྐྱེ་ཞིང་འགག་པ་ཡང་སོ་སོར། །སོ་སོར་འདུ་ཞིང་སོ་སོར་འབྲལ་བའི་ཆོས། །སོ་སོའི་རྒྱུ་ལས་འབྲས་སྨིན་ཡང་སོ་སོ། །སོ་སོའི་སྐྱེ་བོས་སོ་སོར་རྟོགས་མི་འགྱུར། །ལྟ་བུའོ། །ལྔ་པ་ཐོག་ཐ་གཉིས་ན་ཡོད་པ་ལ་གཉིས་ལས། དང་པོ་བཞི་ཀའི་ཐོག་ཐ་བར་ཆོད་པ་ནི། ཀུན་མཁྱེན་ཉིད་ཕྱིར་ཤེས་བྱའི་གནས་རྣམས་ཀུན། །ཀུན་ནས་འདྲེས་པ་མེད་པར་རྣམ་པ་ཀུན། །ཀུན་ཀྱང་པདྨའི་འདབ་ལྟར་ཕྱོགས་དུས་ཀུན། །ཀུན་ཏུ་ས་ལེར་རབ་གཟིགས་རྒྱལ་བ་ཀུན། །༡གཉིས་པ་བཞི་ཀའི་ཐོག་ཐ་ཆོད་ཅིང་མ་ཆོད་པ་ནི། མཚར་མཚར་ཧྲཱིཿཡིག་བཞུ་བའི་མདངས་མཚར་མཚར། །མཚར་མཚར་པད་འདབ་རྒྱས་འདྲའི་སྤྱན་མཚར་


MLP007_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

མཚར། །མཚར་མཚར་སིལ་འཁྲོལ་རིན་ཆེན་རྒྱན་མཚར་མཚར། །མཚར་མཚར་གཞོན་ཚུལ་དགྱེས་པའི་ཉམས་མཚར་མཚར། །ལྟ་བུའོ། །དྲུག་པ་གནས་གསུམ་ཀ་ན་ཡོད་པ་ལ་གཉིས་ལས། དང་པོ་གནས་གསུམ་ཀའི་ཆོད་པ་ནི། ཐུབ་པ་བདུད་དཔུང་ཀུན་ཐུབ་མུ་སྟེགས་ཐུབ། །ཐུབ་དབང་ཉེས་ཚོགས་ཀུན་ཐུབ་སྒྲིབ་མུན་ཐུབ། །ཐུབ་གང་ཉོན་མོངས་དགྲ་ཐུབ་གདུལ་དཀའ་ཐུབ། །ཐུབ་ཆེན་གསེར་ཐུབ་ཕས་རྒོལ་གྱིས་མི་ཐུབ། །གཉིས་པ་གནས་གསུམ་ཀའི་ཆོད་ཅིང་མ་ཆོད་པ་ནི། མཁས་མཁས་བཟོ་གནས་མ་ལུས་མཁྱེན་མཁས་མཁས་གང་གསོ་རིག་སྨན་མཁས་མཁས། །མཁས་མཁས་ལེགས་སྦྱར་བརྡ་སྤྲོད་སྨྲ་མཁས་མཁས་ཁྱོད་ཚད་མའི་གཞུང་མཁས་མཁས། །མཁས་མཁས་སྡེ་སྣོད་རྒྱུད་སྡེའི་དོན་མཁས་མཁས་མཆོག་ལེགས་བཤད་འཆད་མཁས་མཁས། །མཁས་མཁས་དབྱངས་ཅན་དགྱེས་པའི་རྩོམ་མཁས་མཁས་དབུས་རྩོད་པའི་ངག་མཁས་མཁས། །ལྟ་བུའོ། །གསུམ་པ་ཐ་ཐོག་སྦྱར་བའི་ཟུང་ལྡན་ནི། ཨ་ཏི་ཡོ་ག་རྣམ་གྲོལ་ཐེག་པའི་མཆོག །མཆོག་ཏུ་གཞོམ་མེད་བདེ་ཆེན་སྐྱེད་མཛད་མ། །མ་བཅོས་གཉུག་མའི་ཡེ་ཤེས་སྟེར་བའི་ལམ། །ལམ་བཟང་རྨད་བྱུང་འདི་འཕྲད་ཨེ་མ་ཧོཿ༡ལྟ་བུའོ། །བཞི་པ་ཀུན་ཏུ་ཟུང་ལྡན་ལ། རྐང་བཟླས་ཚིགས་བཅད་བཟླས་དང་ཟུང་ལྡན་ཆེ། །ཞེས་པ་ལྟར་གསུམ་ལས། དང་པོ་རྐང་བཟླས་ལས། ཚིགས་བཅད་ཕྱེད་བཟླས་གསུམ་ནི། རྐང་པ་དང་པོ་གསུམ་པ་དང་གཉིས་པ་བཞི་པར་བཟླས་པ་ནི། དགེ་ལེགས་འོད་སྣང་བྱེ་བའི་དཔལ། །ཉི་མ། ལེགས་ལྡན་འགྲོ་བའི་མིག་ཉིན་མོའི་ཏུ་གྱུར། །དགེ་ལེགས་འོད་སྣང་བྱེ་བའི་དཔལ། །ཟླ་བ། ལེགས་ལྡན་འགྲོ་བའི་མཚན་མོའི་མིག་ཏུ་གྱུར། །ཕྱེད་སྔ་མ་གཉིས་དང་ཕྱི་མ་བཟླས་པ། ཆུ་བུར་ཇི་བཞིན་འཇིག་པའི་ཆོས། །ཆུ་བུར་ཇི་བཞིན་འཇིག་པའི་ཆོས། །ཀྱེ་མ་འཇིག་སྣོད་ཀྱི་རྟེན་འདི་མི་རྟག །ཀྱེ་མ་འཇིག་བཅུད་ཀྱི་རྟེན་འདི་མི་རྟག །༢རྐང་པ་ཐོག་ཐ་དང་བར་གཉིས་བཟླས་པ། ཤེས་བྱར་བལྟ་བའི་བློ་གྲོས་མིག་སྦྱིན་མཁན། །གསུང་གི་དབང་ཕྱུག་ཚངས་སྲས་ཡིད་འོང་མ། །གསུང་གི་དབང་ཕྱུག་ཚངས་སྲས་ཡིད་འོང་མ། །ཤེས་བྱར་བལྟ་བའི་བློ་གྲོས་མིག་སྦྱིན་མཁན། །༣རྐང་པ་ལན་གཅིག་


MLP007_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་དྲུག་ནི། རྐང་པ་དང་པོ་གཉིས་བཟླས་ལ་ཕྱི་མ་གཉིས་གང་བདེ། ཐུབ་བསྟན་ཡོངས་སུ་རྫོགས་པ་འཛམ་གླིང་རྒྱན། །ཐུབ་བསྟན་ཡོངས་སུ་རྫོགས་པ་འཛམ་གླིང་རྒྱན། །ཐམས་ཅད་མཁྱེན་པ་དྲི་མེད་འོད་ཟེར་དང་། །ཀུན་མཁྱེན་རྒྱལ་བ་བློ་བཟང་རྒྱ་མཚོའི་སྡེ། །༤དང་གསུམ་བཟླས་ཤིང་གཞན་གཉིས་གང་བདེ། སྔ་འགྱུར་བསྟན་པའི་ཉི་མ་འོད་པོ་ཆེ། །གསང་བདག་དཔའ་བོ་ཕྲིན་ལས་ལྷུན་གྲུབ་དཔལ། །སྔ་འགྱུར་བསྟན་པའི་ཉི་མ་འོད་པོ་ཆེ། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་། །༥ཐོག་ཐ་བཟླས་ཤིང་གཞན་གང་བདེ། འབུམ་ཕྲག་འདུལ་གཞུང་འཆད་ལ་འཇིགས་བྲལ་བ། །ཡོན་ཤཱཀ་གཉིས་པ་བྱ་འདུལ་བརྩོན་འགྲུས་འབར། །ཀུན་དགའི་མཚན་ཅན་འཇམ་དབྱངས་ཆོས་ཀྱི་རྗེ། །འབུམ་ཕྲག་འདུལ་གཞུང་འཆད་ལ་འཇིགས་བྲལ་བ། །༦བར་གཉིས་བཟླས་ཤིང་གཞན་གང་བདེ། །འཇམ་མགོན་ཐུགས་རྗེའི་འོད་སྣང་གིས་ཕྱེ་བའི། །བདག་བློའི་པདྨོ་རྒྱས་པའི་འཛུམ་ཞལ་སྟོན། །བདག་བློའི་པདྨོ་རྒྱས་པའི་འཛུམ་ཞལ་སྟོན། །བཤེས་གཉེན་མཁས་པའི་ལེགས་བཤད་ཚ་ཟེར་གྱིས། །༧གཉིས་པ་བཞི་པར་བཟླས་པ། དབྱར་དུས་གཙུག་ཕུད་ཅན་རྣམས་ལ། །དགའ་སྟེར་ལྷ་ཡི་རྔ་གསང་དབྱངས། །སུམ་རྩེན་ལྷ་རྣམས་ཐོས་འཛིན་ལ། །དགའ་སྟེར་ལྷ་ཡི་རྔ་གསང་དབྱངས། །༨གསུམ་པ་བཞི་པར་བཟླས་པ་ནི། སྟོན་དུས་པདྨོར་རྩེན་པའི་བུང་བ་དང་། །དཔྱིད་ཀྱི་དོང་ཆུར་རོལ་པའི་སྲོག་ཆགས་ལྟར། །ཆགས་བཅས་འཁོར་བའི་མཐའ་འདིར་བསམ་གྱིན་སྐྱོ། །ཆགས་བཅས་འཁོར་བའི་མཐའ་འདིར་བསམ་གྱིན་སྐྱོ། །༩རྐང་པ་གཅིག་ལན་གཉིས་སུ་བཟླས་པ་གསུམ་ནི། དང་པོ་གཉིས་དང་གསུམ་པར་བཟླས་པ། སྲིད་ལས་སྒྲོལ་མཛད་བསླུ་བ་མེད་པའི་སྐྱབས། །སྲིད་ལས་སྒྲོལ་མཛད་བསླུ་བ་མེད་པའི་སྐྱབས། །སྲིད་ལས་སྒྲོལ་མཛད་བསླུ་བ་མེད་པའི་སྐྱབས། །སངས་རྒྱས་ཆོས་དང་འཕགས་མཆོག་སྤྱི་བོས་མཆོད། །དང་པོ་ཉིད་གསུམ་བཞིར་བཟླས་པ། ཇི་ལྟ་ཇི་སྙེད་ཤེས་བྱ་ཀུན་གཟིགས་པ། །རྔོག་ལོ་ས་པཎ་འཇིགས་མེད་གྲགས་པ་ཡང་། །ཇི་ལྟ་ཇི་སྙེད་ཤེས་བྱ་ཀུན་གཟིགས་པ། །ཇི་ལྟ་ཇི་སྙེད་ཤེས་བྱ་ཀུན་གཟིགས་པ། །གཉིས་པ་ཉིད་


MLP007_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བཞིར་བཟླས་པ། དབྱངས་ཅན་ཟླ་བ་ངང་པའི་རྒྱལ། །རབ་དཀར་མཚར་སྡུག་དཔལ་དང་ལྡན། །རབ་དཀར་མཚར་སྡུག་དཔལ་དང་ལྡན། །རབ་དཀར་མཚར་སྡུག་དཔལ་དང་ལྡན། །རྐང་པ་དང་པོ་ཉིད་ལན་གསུམ་དུ་བཟླས་པ་གཅིག་ནི། གསང་བདག་མི་ཡི་ཟོལ་འཛིན་བསྟན་པའི་བདག །གནུབས་ཆེན། གསང་བདག་མི་ཡི་ཟོལ་འཛིན་བསྟན་པའི་བདག །ཟུར་པོ་ཆེ། གསང་བདག་མི་ཡི་ཟོལ་འཛིན་བསྟན་པའི་བདག །སྒྲོ་ཕུག་པ། གསང་བདག་མི་ཡི་ཟོལ་འཛིན་བསྟན་པའི་བདག །གཏེར་ཆེན་བླ་མ། གཉིས་པ་ཚིགས་བཅད་བཟླས་པ་ནི། རླབས་ཆེན་བསོད་ནམས་སྟོབས་ཀྱིས་ལེགས་བསྐྱེད་པའི། །མིག་ལ་དཔལ་སྟེར་རབ་མཛེས་མཚན་དཔེའི་སྐུ། །གཟི་ལྡན་གཙོ་མའི་གསེར་གྱི་མདངས་འཕྲོག་པ། །འགྲོ་བའི་གཙོ་བོའི་སངས་རྒྱས་སྐལ་བཟང་མིག་གིས་མཐོང་། །རླབས་ཆེན་བསོད་ནམས་སྟོབས་ཀྱིས་ལེགས་བསྐྱེད་པའི། །མིག་ལ་དཔལ་སྟེར་རབ་མཛེས་མཚན་དཔེའི་སྐུ། །གཟི་ལྡན་གཙོ་མའི་གསེར་གྱི་མདངས་འཕྲོག་པ། །འགྲོ་བའི་གཙོ་བོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྐལ་བཟང་མིག་གིས་མཐོང་། །གསུམ་པ་ཟུང་ལྡན་ཆེན་པོ་ནི། །བློ་གྲོས་མཚུངས་མེད་ཐོགས་མེད་བློ་གྲོས་མཚུངས་པ་དབྱིག་གཉེན་མེད། །བློ་གྲོས་མཚུངས་མེད་ཀླུ་སྒྲུབ་བློ་གྲོས་མཚུངས་པ་ཨརྱ་དེ་ཝ་མེད། །བློ་གྲོས་མཚུངས་མེད་ཕྱོགས་གླང་བློ་གྲོས་མཚུངས་པ་ཆོས་གྲགས་མེད། །བློ་གྲོས་མཚུངས་མེད་དཔའ་བོ་བློ་གྲོས་མཚུངས་པ་ཙནྡྲ་གོ་མི་མེད། །ལྔ་པ་འདྲེས་པའི་ཟུང་ལྡན་ནི། སྲིད་དང་སྲིད་པ་ལས་འདས་བདེ་བའི་རྒྱུ། །རྒྱུ་འབྲས་བླང་དོར་ལམ་སྟོན་སྟོན་མཁས་པ། །མཁས་པ་མཁས་པའི་དབུས་ན་མངོན་མཐོའི་དཔལ། །དཔལ་ལྡན་མཁྱེན་བརྩེའི་དཔལ་མངའ་དགེ་བའི་བཤེས། །དྲུག་པ་ལྡོག་པའི་ཟུང་ལྡན་ལ་གསུམ་ལས། དང་པོ་རྐང་པ་གཅིག་བཟློག །འཁོར་ཞིང་རྒྱུ་འདི་བླུན་པས་མཐོང་པ་མེད། །མེད་པ་མཐོང་པས་བླུན་འདི་རྒྱུ་ཞིང་འཁོར། །གྲོལ་ཚུལ་རིགས་པས་མཁས་དང་གྲུབ་མཆོག་ཐར། །ཐར་མཆོག་གྲུབ་དང་མཁས་པས་རིགས་ཚུལ་གྲོལ། །གཉིས་པ་ཚིགས་བཅད་ཕྱེད་བཟློག །གསལ་ཞིང་སྟོང་པས་སྟོང་གསལ་གང་། །དངོས་ཀུན་དེ་ཉིད་དེ་བཞིན་རིག །རིག་བཞིན་དེ་ཉིད་དེ་ཀུན་དངོས། །གང་གསལ་སྟོང་པས་སྟོང་ཞིང་


MLP007_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། །གསུམ་པ་ཚིགས་བཅད་རངས་པོ་བཟློག་པ། སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་། །གྲག་ཅིང་སྟོང་ལ་སྟོང་ཞིང་གྲག །བདེ་གསལ་སྟོང་ལ་སྟོང་གསལ་བདེ། །སྐུ་གསུང་ཐུགས་དེ་མཉམ་མེད་འགྱུར། །འགྱུར་མེད་མཉམ་དེ་ཐུགས་གསུང་སྐུ། །བདེ་གསལ་སྟོང་ལ་སྟོང་གསལ་བདེ། །གྲག་ཅིང་སྟོང་ལ་སྟོང་ཞིང་གྲག །སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་། །གཉིས་པ་བྱ་དཀའི་ཁྱད་པར་གཞན་བསྟན་པ་ལ། བ་གླང་གཅིན་དང་། ཕྱེད་འཁོར་དང་། ཀུན་འཁོར་གསུམ་ལས། དང་པོ་བ་གླང་གཅིན་འཁོར་ནི། གཉིས་པ་ཕྱེད་འཁོར་ནི། གསུམ་པ་ཀུན་འཁོར་ནི། གསུམ་པ་དབྱངས་སོགས་ངེས་པའི་བྱ་དཀའ་ལ་བཞི་ཚན་གསུམ་གྱི། བཞི་ཚན་དང་པོ་དབྱངས་ངེས་པ་ལས། དབྱངས་བཞིར་ངེས་པ། ཡང་དག་ས་ལམ་མཐར་མཛད་རྒྱལ་རྣམས་ལ། །ཡིད་གཉིས་སྤྲིན་གྱིས་མི་སྒྲིབ་ཡིད་གཅིག་གི། མོས་བློས་གསོལ་ཐོབ་མཆོད་


MLP007_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་སོ་སོར་སྟོབ། །དཔེ་མེད་ཡེ་ཤེས་བརྙེས་དེས་རྗེས་བརྩེར་བཞེས། །དབྱངས་གསུམ་དུ་ངེས་པ། སྲིད་ཞི་གཉིས་འཛིན་མི་དམིགས་དབྱིངས་ཐིམ་ཞིང་། །བག་ཆགས་རབ་ཟད་ས་ལམ་མཐར་མཛད་པས། །དུས་གསུམ་ཀུན་ཏུ་སྒྱུ་འཕྲུལ་གཟུགས་སྐུས་འདུལ། །ཐབས་མཁས་གཞན་ཕན་མཛད་ལ་བདག་ཅག་དད། །དབྱངས་གཉིས་སུ་ངེས་པ། གཉིས་འཛིན་འཁྲི་ཤིང་རིང་འཁྲིགས་འདི། །ཇི་བཞིན་ཉིད་ཐིམ་ཏིང་འཛིན་གྱི། །ཡེ་ཤེས་མེ་ལྕེ་ཆེར་འཕེལ་དེས། །ཉེར་སྲེག་བདེ་ཆེན་ངེས་ལེགས་སྟེར། །དབྱངས་གཅིག་ཏུ་ངེས་པ། གང་ལ་བརྟགས་ནའང་བསགས་པ་ཐམས་ཅད་འཛད། །གནས་པ་མཐར་འགག་གནས་ངན་ཉམ་ཐག་ལ། །ཡང་ཡང་དཔྱད་ཀྱང་ལས་ངན་མ་ཚང་བས། །རང་གཞན་ཕན་ཐབས་ད་ལྟ་བཙལ་ན་བཟང་། །གཉིས་པ་གནས་ངེས་པ་ལས་བཞིར་ངེས་པ། བག་མེད་སྤངས་མཆུ་པས་བླ་མེད་ཕུལ་བྱུང་འབྲས། །ཀུན་དགར་མགྲིན་གྱུར་གང་ངེས་ངེས་སྐྱེད་མཁས་ངག །ཅ་ཅོ་རྩབ་རྩུབ་ཆད་ཅིང་འཇམ་རྐན་མཉེན་སྙན། །རྟག་ཏུ་ཐལ་ལེར་སྟོན་ལ་དད་ནས་སོ་འདུད། །གནས་གསུམ་དུ་ངེས་པ། ཨ་ཧོ་ཨ་ཧོ་མགྲིན་མཁས་གྲུབ་འགྲོ་ཀུན་སྐྱབས། །མཚར་རྐན་མཛེས་ཡ་ཤ་སྙན་གྲགས་ཡ་མཚན་ཆོས་མཆོག་འཆང་། །རྟག་སོ་ཏུ་བདེ་ལྡན་ས་ལམ་བསྟན་གདམས་ལྟར། །ནགས་སུ་ནན་སོ་ཏན་བརྟེན་ནས་བདག་ལྟ་ཐུལ། །གནས་གཉིས་སུ་ངེས་པ། མ་རྨད་དཔའ་བའི་བློ་མངའ་བའི། །མི་ཕམ་མཆུ་སྤོབས་པའི་སྤྲིན་འཕྱུར་བས། །མཐའ་དག་ས་ལ་དུས་རྟག་ཏུསོ། །དུང་དུང་ལུས་བཏུད་ལྷ་ལྟར་བལྟ། །གནས་གཅིག་ཏུ་ངེས་པ། དཔག་མཆུ་མེད་མུན་སྨག་རྨོངས་པའི་ཕར་ཕྱིན་པས། །བྲལ་འབྲས་རྨད་བྱུང་དཔལ་འབར་པདྨ་འབྱུང་། །པཱ་དར་བར་མེད་མོས་བློས་ཕྱག་འབུལ་བས། །འབད་པ་མེད་པར་མི་ཕམ་དཔལ་འབྱོར་སྤེལ། །གསུམ་པ་གསལ་བྱེད་ངེས་པ་ལས། བཞིར་ངེས་པ། ཀྱེ་ཀྱེ་དཀར་སྐྱ་ནུས་རྒྱས་མ་ཀཱ་ཀཱ་ཀཱ། །ར་རོས་རང་རང་རབ་རིབ་རིགས། །ས་དེ་སཿདེ་སོ་སོར་སེམས་བསུས་པ། །ལྐོག་ཏུ། དགྱེས་དགྱེས་སྒྲ་སྒྲོག་དགའ་མགུར་གྱིས། །གསུམ་དུ་ངེས་པ། ལུང་ལས་ལམ་ལོག་ལས་ལ་ལན། །ལེ་ལོས་ལམ་ལུས་ལ་ལའི་ལས། །ས་ས་སོ་སོར་སྲེད་སེམས་བསྲུངས། །གངྒཱའི་རྒྱུད་གང་


MLP007_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་སྒྲོལ་གྱིས། །གཉིས་སུ་ངེས་པ། ལོག་ལམ་ལས་ལ་ལོ་སྲེད་པའི་ཕྲེང་ལ་ལི། །ལང་ལིང་ལུས་ལས་ལཿཚིམས་བྱེད་ལ་ལར། །དེ་འདོད་དུང་དུང་དང་དོད་དེས། །འདར་འདར་ད་དུང་འདུད་དེ་དོངས། །གཅིག་ཏུ་ངེས་པ། ལ་ལ་ལོག་ལམ་ལེ་ལོས་ལེན། །ལ་ལ་ལུང་ལས་ལེགས་ལམ་ལེན། །ལ་ལས་ལོན་ལས་ལ་ལར་ལོབ། །ལེགས་ལམ་ལོན་ལས་ལམ་ལོག་ལུས། །གསུམ་པ་གབ་ཚིག་གི་རྒྱན་ལ། གབ་ཚིག་བཅུ་དྲུག་ལས། དང་པོ་ཚིག་མཚམས་སྦྱར་བས་དོན་སྦས་པ་ཀུན་ཚོགས་གབ་ཚིག །འོད་ཟེར་སྤྲོ་བའི་སྔོ་བསངས་མ། །ཉིན་དུས་བཞིན་རས་མི་གསལ་བས། །མཐོ་རིས་རྟེན་གྱུར་འཆིང་བྱེད་ཀྱང་། །ཀུན་གསལ་ནུ་རྒྱས་མ་ཡིན་ནོ། །ཞེས་ཉིན་ནམ་མཁའ་སྐར་བཅས་མི་གསལ་བ་གབ་བྱ། གབ་བྱེད་བུད་མེད་ཀྱིས་མཐོ་རིས་ཀྱི་རྟེན་འཆིང་བ་དང་། དེ་ཡང་ཡིན་པ་དང་མ་ཡིན་པ་འཁྲུལ་དུ་བཅུག །གཉིས་པ་སླུ་བྱེད། ཆུར་གནས་མཛེས་པའི་སྟན་ལ་རབ་བསྟི་བའི། །གཉིས་སྐྱེས་ལྟ་ན་སྡུག་ལ་ཉི་འོད་ཅན། །སྙན་འགྱུར་དབྱངས་ཅན་སྐྱེད་བྱེད་འཁོར་ལྡིང་གིས། །བདག་ཡིད་རང་དབང་མེད་པར་འཕྲོག་མིན་ནམ། །གབ་བྱ་དབྱངས་ཅན་མའི་ཡབ་ངང་པ་ལ་གནས་པའི་ཚངས་པ། གབ་བྱེད་པདྨར་རོལ་བའི་བུང་བ། གསུམ་པ་རིམ་པ་བྲལ་བ། སྤྱི་བོར་༩བཀོད་དེ་རབ་དུད་པད་༧གདན་ལ། །དམའ་༡བའི་སར་བཞག་པུས་བཙུགས་༨ཐལ་མོ་སྦྱར། །ཕྲག་༣པར་གཟར་པའི་བླ་༢གོས་༤དད་པ་ཡིས། །འདར་༥ཞིང་ཞུམ་པས་སྒྲ་༦དབྱངས་ལྷ་མོའི་ཞབས། །ཞེས་པུས་བཙུགས་བླ་གོས་ཕྲག་གཟར་གྱིས་དབྱངས་ཅན་མའི་ཞབས་ལ་འདུད་པ་གོ་བྱའོ། །བཞི་པ་རབ་བཅོམ། བཅུ་དྲུག་དབྱངས་བདག་པོ་མཛེས་པ་པདྨའི་དང་འགྲན་པས་དགྲ། །བདུད་རྩིའི་གཏེར་གྱིས་གང་སྙིང་འགྲོ་བའི་ནུ་མ་ཞིང་། །རབ་བརྟན་འཁོར་འཇམ་དབྱངས་ལོ་དགའ་བར་སྤྱོད། །དཀར་གསལ་ཟླ་བ་འདི་སུ་ཞིག །གབ་བྱ་དབྱངས་ཅན་མ་དང་གབ་བྱེད་ཟླ་བ། ལྔ་པ་མཐུན་གཟུགས། ཤེལ་གྱི་ལྗོན་ཤིང་ཡལ་ག་བཞི་ལྡན་པར། །མཉེན་ལྕུག་ལོ་འདབ་མཚར་བཞད་ཉི་ཤུ་ལ། །སྙན་སྒྲོག་བུང་བ་སྟོང་གི་འཕུར་ལྡིང་ཅན། །སྔོན་བྱས་རིན་ཆེན་ཚལ་འདི་དེ་རིང་


MLP007_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་། །གབ་བྱ་དབྱངས་ཅན་མའི་ཡན་ལག་དང་ཉིང་ལག་པི་ཝང་དང་བཅས་པ། གབ་བྱེད་ཕལ་པ་ལྗོན་ཤིང་བུང་བ་དང་བཅས་པ། དྲུག་པ་རྩུབ་མོ། དམར་སེར་ལོ་འདབ་ཀྱིས་སྒྲིབ་པའི། །འབྲས་བུ་མྱུར་སྟེར་འཁྲི་ཤིང་དཔལ། །འགྲོ་ལ་ཉེ་བར་ཕན་བྱེད་གང་། །དུས་ཀྱི་དགྲ་ལས་རྒྱལ་མ་གྱུར། །གབ་བྱ་བཙུན་པ་བགྲེས་པོ། གབ་བྱེད་འགྲོ་ཕན་གྱི་ངེས་ཚིག་ཡོད་ཙམ་གྱི་སྟོན་དུས་ཀྱི་ཤིང་། བདུན་པ་གྲངས་ཀྱི་གབ་ཚིག །དྲོ་བའི་བཞི་ཧ་པ་དབུས་ན་ལེགས་གནས་པའི། །གསལ་བྱེད་ལ་ས་གཉིས་བསྐོར་ངོ་མཚར་ཁང་བཟང་དབུས། །དབྱངས་ཡིག་བཞི་ཨོ་པས་བརྒྱན་པའི་ཡི་གེ་གཉིས། ཇ་བ། རྣམ་པར་རོལ་པའི་མཚན་ལྡན་ལྷ་ཡི་ལྷ། །ལྷ་སར་ཇོ་བོ་བཞུགས་པ་བརྗོད་འདོད་ལ་གྲངས་ཀྱིས་རྨོངས་སུ་བཅུག །བརྒྱད་པ་རབ་བརྟགས། ལོང་ཤེས་རབ་ཀྱི་མིག་ཁྲིད་བཤེས་བླ་མ་བྲལ་ལམ་གོལ་ཉམ་ཐག་འཁོར་བ་ཅན། །མུན་པས་ཕྱོགས་བཅིངས་འཇིགས་རུང་གཡང་སའི་ངན་སོང་ཁར། །གོམ་འགྲོས་འདར་ཞིང་འཁྱོར་བའི་རྒན་མོ་མ་རྒན་སེམས་ཅན་ལ། །མཐུ་ལྡན་འཕགས་པ་བྱམས་པའི་སེམས་ལྡན་ཅིས་མི་བརྩེ། །ཞེས་གབ་བྱ་འཁོར་བའི་སེམས་ཅན། གབ་བྱེད་རྒན་མོར་བརྟགས་པའོ། །དགུ་པ་མིང་འདུས་པ། མཐོང་ན་ཡིད་འཕྲོག་མིག་ལ་དཔལ་སྟེར་བ། དྲི་མེད་དཀར་གསལ་མདངས་ལྡན་མཚོ་ལས་སྐྱེས། །རབ་ལྡེམ་རྣམ་པར་གཡོ་བའི་དངོས་པོ་འདི། །པད་དཀར་མ་ཡིན་ཆུ་འཛིན་དཀར་པོའང་མིན། །པད་དཀར་དང་སྤྲིན་དཀར་ལ་ཡོད་པའི་ཆོས་ཀྱིས་དབྱངས་ཅན་མ་གབ་བྱ། བཅུ་པ་སྒྲིབ་པ། གང་ལ་འདོད་པའི་ཆགས་པ་མི་མངའ་ཞིང་། །ཚད་མེད་བཞི་ལྡན་སྣ་ཚོགས་སྤྲུལ་པའི་གར། །ངང་ལས་མ་གཡོས་ཀུན་ཏུ་བསྒྱུར་མཁས་པ། །གང་དེ་གསེར་གྱི་མངལ་ཅན་མ་ཡིན་ནམ། །ཞེས་གབ་བྱ་སངས་རྒྱས། གབ་བྱེད་ཚངས་པ་དང་མཚུངས་ཆོས་སྦྱར་བས་སྒྲིབ། བཅུ་གཅིག་པ་མཐུན་སྒྲ། ཆུ་གཏེར་ལས་སྐྱེས་གཟི་བརྗིད་ཅན། དཀར་གསལ་ངོ་མཚར་སྣང་བའི་དཔལ། །པདྨོའི་གཉེན་དང་མི་མཐུན་པའི། །གངས་རིའི་མདངས་འཕྲོག་རབ་མཛེས་མ། །ཞེས་གབ་བྱ་དབྱངས་ཅན་མ། གབ་བྱེད་རྣམ་གྲངས་ཀྱི་མིང་གིས་གབ། །བཅུ་གཉིས་པ་རྨོངས་པའི་གབ་ཚིག །སྲིད་པའི་མལ་སྟན་འཇམ་ཞིང་


MLP007_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཡིས། །རྩུབ་པའི་རེག་བྱ་བྱིན་པས་སྲེད་བྲལ་ནས། །སྲིད་པའི་རྫིང་བུར་འཁྲུངས་པའི་དྲི་ལྡན་གྱི། །པདྨའི་གེ་སར་ལྟེ་བར་དགྱེས་པས་རོལ། །ཞེས་སྲིད་པའི་སྟན་གྱིས་སྐྱོ་ནས་སྲིད་པའི་པད་སྟན་ལ་རོལ་བ་ཅི་ཡིན་སྙམ་དུ་རྨོངས་པའོ། །བཅུ་གསུམ་པ་ཡོངས་འཕྲོགབཞི་ཁྲི་འཛམ་གླིང་ལས་འཕགས་ནམ་མཁའ་ལམ་རྒྱུ་བའི་རིན་ཆེན་ལས་གྲུབ་པའི་རྒྱུ་སྐར་འཕྲེང་། །ཟིལ་གནོན་དཀར་ཟླ་བ་གསལ་ཅན་གྱི་མཛའ་ཀུནྡ་བའི་གྲོགས། །ཟུམ་ཉི་མ་བྱེད་འོད་ཀྱིས་གདུང་བའི་སྐྱེ་བོ་རྣམས་བསྲེག་ཟ་མེ་ཡི། །དགྲ་བོ་ཆུ་ཡིན་པས་དེ་འཛིན་པ་སྤྲིན་བཅས་མཁའ་ལ་སྲེད་འཁྲིགས་པ་ལ་པར་གྱུར། གབ་བྱ་ཉི་མས་གདུངས་པ་རྣམས་སྤྲིན་འཁྲིགས་པར་དགའ་བ་སྟེ། གབ་བྱེད་སྔ་མ་སྔ་མའི་ཕྱི་མ་ཕྱི་མས་ཕྲོགས་ཏེ་གབ། བཅུ་བཞི་པ་གཅིག་སྒྲིབ། དཀར་འཇམ་ལང་ཚོ་རབ་རྒྱས་པ། །ཀུནྡའི་མཛེས་པ་འཕྲོག་པའི་དགྲ། །ཚངས་སྲས་ལྷ་མོའི་ནུ་མའི་འཁུར། །མི་མཐོང་འདབ་མ་འགའ་ཞིག་མཛེས། །ཞེས་རྟེན་དབྱངས་ཅན་མའི་ནུ་མ་གསལ་བར་བསྟན་ནས་བརྟེན་པ་སྟོད་གཡོགས་སོགས་གབ། བཅོ་ལྔ་པ་གཉིས་ཀ་སྒྲིབ་པ། མཁའ་ལ་རྒྱུ་བའི་གྲོགས་པོ་གང་། །མཐོང་ཚེ་རྫིང་གནས་མཛའ་བོ་རྣམས། །བར་ཐག་རིང་པོས་ཆོད་གྱུར་ཀྱང་། །དགའ་བའི་འཛུམ་གྱིས་བསུ་བ་མཐོང་། །རྟེན་ཉི་མ་དང་བརྟེན་པ་པདྨོ་གཉིས་ཀ་གབ། བཅུ་དྲུག་པ་ཡོངས་འདྲེས་གབ་ཚིག །རིང་མོ་ཉིད་ནས་འགྲོགས་གྱུར་བཅོམ་པ་ན། །དེ་དང་ལྷན་ཅིག་བྱས་པ་མཐོང་བར་གྱུར། །མིག་གི་ཡོན་ཏན་རབ་རྫོགས་པ་སྡེ་ཡི། །བཞི་པ་སྔོན་འགྲོའི་མ་མོ་གསུམ་ལྡན་ནོ། །རྟེན་ཡེ་ཤེས་དང་བརྟེན་པ་སྒྲིབ་པ་གཉིས་ཀ་སྒྲིབ་པ་དང་། མཐོང་བས་བསླུས་ཏེ་སྤངས་རྟོགས་མིག་གི་ཡོན་ཏན་ལ་འཁྲུལ་དུ་བཅུག་ཅིང་དབྱངས་ཡིག་ཀྱང་མ་མོས་གབ་སྟེ་སླུ་བྱེད་པ་སྡེའི་བཞི་པ་སྔོན་འགྲོའི་དབྱངས་གསུམ་ལྡན་པའི་གྲངས་ཀྱི་བྷ་ག་ཝཱན་གབ་པ་རྣམས་བསྲེས་པའོ། །སྐྱོན་སེལ་ལ་བཅུ་ལས། དང་པོ་དོན་ཉམས། ཆུ་ཀླུང་ཚོགས་རྣམས་ཐུར་དུ་གོམ་རྩལ་འགྲན། །བདག་ཉིད་དེ་རིང་ཁོ་ནར་ལང་ཚོ་ཡོལ། །སྐྱེ་བོ་འདི་དག་ཉལ་ནས་རིངས་པར་འགྲོ། །སྟོན་དུས་ཉི་མའི་དཀྱིལ་འཁོར་ལྷག་པར་གསལ། །གཉིས་པ་དོན་འགལ། མང་པོའི་


MLP007_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཚོས་དབུས་རིན་ཆེན་ཁྲིར་འཁོད་ཅིང་། །དཔལ་འབྱོར་ལོངས་སུ་སྤྱད་པས་མི་ངོམས་པ། །མི་བདག་ཁྱོད་ནི་ཆོག་ཤེས་ལྡན་པའི་བློས། །རྙེད་བཀུར་འདུ་འཛིའི་བདེ་བ་རིང་དུ་དོར། །དམིགས་བསལ། སྨིན་ལེགས་སྒེག་མོ་པདྨའི་སྡོང་པོ་ལྟར། །མཛེས་ཀྱང་རིགས་ལྡན་མཁས་པ་སུ་ཞིག་ཆགས། །མཚར་སྡུག་ཅན་འདིའི་མཆུ་སྒྲོས་སྦྲང་རྩིའི་རོ། །ནམ་ཞིག་འཐུངས་པའི་སྐལ་བ་ཐོབ་འགྱུར་སྙམ། །གསུམ་པ་དོན་གཅིག །ཆུ་སྐྱེས་པད་སྡོང་པདྨའི་ཀེ་ས་རར། །འཕུར་ལྡིང་གཡོ་ཞིང་རྒྱུ་བའི་བྷྲ་མ་རཿསྦྲང་རྩི་འཛིན་པས་གླུ་དབྱངས་སྙན་འགྱུར་སྒྲ། །རྣ་བའི་བདུད་རྩིར་འགྱུར་ཁུག་སྐད་སྙན་སྒྲོག །དམིགས་བསལ། མཐོང་ན་མི་མཐུན་མེད་པའི་སྨིན་ལེགས་མ། །མིག་གི་བདུད་རྩི་སྟེར་སླད་ད་ཚུར་བྱོན། །དགའ་བས་བདག་ཡིད་འཆིང་སླད་ད་ཚུར་བྱོན། །ཕན་ཚུན་སྙིང་གཏམ་འཆད་ཕྱིར་ད་ཚུར་བྱོན། །བཞི་པ་ཐེ་ཚོམ་ཅན། རབ་དྭངས་བསིལ་བའི་རླབས་འཕྱུར་ཆུ་གཏེར་ལས། །གཉིས་བྱ་དང་བྲམ་ཟེ་སྐྱེས་སྲེད་ལྡན་འདི་དག་ཆུར་ཉ་དང་པདྨ་གནས་གང་། །འཛིན་པར་བྱེད་འདི་གཞན་ལ་འབུལ་འགྱུར་རམ། །རང་ཉིད་སྤྱོད་ཅེས་བདག་ཡིད་རྣམ་པར་གཡོ། །དམིགས་བསལ། རང་བཞིན་གྱིས་གྲུབ་སྤོབས་པ་ཐོབ་པའམ། །གཞན་དུ་དད་བརྩོན་སྦྱོར་བས་སྦྱངས་ཀྱང་རུང་། །ལྔ་རིག་གཞུང་བརྒྱ་སྨྲ་ལ་འཇིགས་བྲལ་བ། །ཆོས་སྐྱོང་བཟང་པོའི་རྣམ་ཐར་ཡིད་ཀྱི་གསོས། །ལྔ་པ་རིམ་པ་ཉམས་པ། རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས་རྡོ་རྗེ། །རྒྱལ་སྲས་སེམས་དཔའི་ཚུལ་དུ་རྣམ་འཕྲུལ་བ། །འཇིག་རྟེན་དབང་ཕྱུག་གསང་བདག་རྡོ་རྗེ་འཛིན། །བརྟན་པའི་འཁོར་ལོ་རྣམས་ཀྱིས་བདག་ལ་སྲུངས། །དམིགས་བསལ། མཁས་པ་རྣམས་ཀྱི་རྣམ་དཀར་བྱ་བའི་དཔལ། །འཆད་རྩོད་རྩོམ་པས་རྒྱལ་བསྟན་འཛིན་པ་ཡི། །ཐོག་ཐ་གཉིས་ལའང་ཡོན་ཏན་བསམ་ཡས་ཀྱང་། །ལྟ་ངན་གཞོམ་ལ་བར་མ་ཁོ་ན་དགེ། དྲུག་པ་སྒྲ་ཉམས། སྲིད་ལམ་དག་གིས་ལ་བགྲོད་པས་བའི་སྐྱེ་འགྲོ་ཁྱོད། །རྣམས། ཐར་པའི་བདེ་བ་སྒྲུབ་ལས་ཕྱིར་དམ་ཆོས་ཀྱི། །ལ། བརྩོན་འགྲུས་བསྐྱེད་དང་གཏན་དུ་ཕན་བདེ་ལ། །ཡི། འདོད་དོན་ཇི་ལྟ་བ་བཞིན་འགྲུབ་པར་ངེས། །དམིགས་བསལ། སྨིན་ལེགས་ཁྱོད་ཀྱི་མཚར་སྡུག་རབ་འཕེལ་བ། །མཐོང་བའི་མིག་ལ་ངོ་མཚར་


MLP007_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ལྟད་མོ་བསྐྱེད། །གཞན་ཡིད་རང་དབང་མེད་པར་འཕྲོག་པ་འདི། །ལྷ་ཀླུའི་རིན་ཆེན་རྒྱན་ལས་བྱུང་བ་མིན། །བདུན་པ་ངལ་གསོ་སྟེ་གཅོད་མཚམས་ཉམས་པ། །དཔའ་མཛངས་རྟུལ་ཕོད་ཡོན་ཏན་གྱི་རྒྱན་ཅན། །མང་ཚོགས་ཞང་བློན་གྱི་འདུན་ས་ནང་དུ། །ཕྱོགས་ལས་རྣམ་རྒྱལ་བྱེད་ཀྱི་དཔའ་རྟགས་མཚན། །སྒྲེང་བའི་རྒྱལ་པོ་མཆོག་དེ་ཡིས་འདི་སྲུངས། །དམིགས་བསལ། མཚོ་བྱུང་ལྷ་མོ་དབྱངས་ཅན་མའི། །ཞལ་བཟང་མཚར་སྡུག་མིག་དབང་གིས། །བདུད་རྩི་ངོམ་མེད་འཐུངས་གྱུར་པའི། །མཐུས་ཐོབ་རྣམ་དཔྱོད་དེ་རྨད་བྱུང་། །བརྒྱད་པ་སྡེབ་སྦྱོར་ཉམས་པ་ལས། ཆད་ལྷག་གི་དཔེ། ཀྱི་ཧུད་གངས་ཅན་སྐྱེ་བོ་རྣམས། །ཆོ་རོལ་ཅན་གྱི་ཆོས་པར་རློམ་ལ་མོས། །ཞི་དུལ་བློ་གྲོས་ལྡན་པའི་མཁས་པ་རྣམས། །མཆོད་པ་ལྟ་ཅི་བརྙས་པར་བྱེད་པའོ། །ལྕི་ཡང་ཉམས་པ། ༼ཤཱསྟཱསཾབུདྡྷཤྩ། བིརཱགསདྡྷརྨ། ཨཱཪྻགཎསཾགྷཱན྄། ཀཱལེཥུཔྲཎམྱཾ། ༽སྟོན་པ་རྫོགས་པའི་སངས་རྒྱས་དང་། །འདོད་ཆགས་བྲལ་བ་དམ་པའི་ཆོས། །འཕགས་ཚོགས་དགེ་འདུན་ཐམས་ཅད་ལ། །དུས་ཀུན་རབ་ཏུ་འདུད་པར་བགྱི། །ལྟ་བུའི་དབུས་ཕྲའི་པྲསྟཱ་ར་ལ་ཀུ་རུ་རིས་ཀྱི་རྟགས་ཅན་རྣམས་ལྕི་ཡང་ཉམས་པའོ། །དགུ་པ་མཚམས་སྦྱོར་ཉམས་པ། ཤེས་བྱའི་གཟུགས་བརྙན་ཡོངས་འཆར་བའི། །རྣམ་དཔྱོད་མ་ཏི་ཨ་དརྴ། །གང་འདི་སྔོན་བསགས་བསོད་ནམས་དང་། །ལྷ་མཆོག་ཝཱཀ྄་ཨཱི་ཤྭ་རའི་དྲིན། །དམིགས་བསལ་སྐྱོན་མེད། རྒྱལ་བ་ཀུན་གྱི་བྱིན་རླབས་ཀུ་མུ་ཊ། །ཨ་ཧོ་ཡོངས་འདུའི་མེ་ཏོག་མཚར་བཞད་པ། །གང་གི་གཙུག་ཏུ་བཅིངས་པའི་གཟི་བྱིན་འོད། །སྣང་བ་མི་བཟད་ཕན་བདེའི་སྲོག་ཏུ་སོང་། །བཅུ་པ་འགལ་བ་དྲུག་ལས་ཡུལ་དང་འགལ་བ། གུརྒུམ་གེ་སར་ལ་བརྡར་བའི། །མ་ལ་ཡ་ཡི་དྲི་བཞོན་གྱི། །བསུང་ཞིམ་ལ་ཆགས་གངས་ལྗོངས་ཀྱི། །གླང་ཆེན་འདི་དག་གར་གྱིས་རྩེན། །༡དུས་ལ་འགལ་སྐྱོན། རྒྱལ་གྱི་ཟླ་བར་འདབ་བརྒྱ་བཞད་པ་ཡི། །ཨུཏྤལ་ལུས་ཕྲ་མ་ཁྱོད་རྣ་བའི་རྒྱན། །སྟོན་ཟླ་ཐ་ཆུང་ཆར་སྤྲིན་གསར་པ་ཡིས། །རྩྭ་ལྗང་གཞོན་ནུའི་མྱུ་གུ་ཅི་ཡང་བསྐྱེད། །༢སྒྱུ་རྩལ་དང་འགལ་སྐྱོན། འཆི་མེད་གར་གྱི་འདུན་སར་ནམ་མཁའ་ལྡིང་། །ཞུགས་ཚེ་ཀླུ་དབང་སྐྲག་པས་ལྟོ་འགྲོ་ཡི། །རྣམ་པར་ཚོགས་བདག་སྣར་ཞུགས་


MLP007_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བཞད་གད་ཀྱིས། །ལྷ་རྣམས་མ་ལུས་སྐྲག་ནས་འདར་བ་བཞིན། །༣འཇིག་རྟེན་དང་འགལ་སྐྱོན། མརྒད་མདངས་ལྡན་གངས་ཆེན་རི་སུལ་ན། །འཕྲུལ་གྱི་ཅང་ཤེས་གྱི་ལིང་མཆེ་སྡེར་གྱིས། །བཅད་པའི་རི་བོང་རྭ་རྩེའི་དུམ་བུ་ལ། །རིང་འགྲོའི་འཕྱེ་བོ་རྐང་པ་ཐོགས་ཀྱིས་དོགས། །༤ལྔ་པ་རིགས་པ་དང་འགལ་བ་ལ་གཉིས་ལས། ནང་པའི་རིགས་པ་དང་འགལ་བ། འདུས་བྱས་ཆོས་ཀུན་རྟག་པ་མ་ཡིན་ཞེས། །ཐུབ་ཆེན་སྟོན་པས་གསུངས་པ་བདེན་མོད་ཀྱང་། །བདག་ནི་དེ་རིང་དུས་འདིར་མི་འཆི་ཞེས། །བློ་གདེངས་ཆུད་པས་རྟག་འཛིན་ཞིག་མ་གྱུར། །ཕྱི་རོལ་པའི་རིགས་པ་དང་འགལ་བ། སྡིག་པ་དག་སླད་གངྒཱ་ཡི། །ཆུ་ལ་འབད་པས་འཁྲུ་མོདཀྱི། །ལུས་བཀྲུས་པ་ལས་སེམས་ཀྱི་སྡིག །འདག་མིན་རྗེས་དཔག་ཚད་མས་རྟོགས། །དྲུག་པ་ལུང་དང་འགལ་བ་གཉིས་ཀྱི། འདུལ་བའི་ལས་ཆོག་གི་ལུང་དང་འགལ་བ། བརྟན་མཁས་ཡོན་ཏན་མི་ལྡན་མཁན་པོ་ཡིས། །དད་པའི་དགེ་འདུན་གྲངས་ཚང་མ་གྱུར་ཀྱང་། །ལས་ཀྱི་ཆོ་གས་ཉེས་མེད་ཕུན་ཚོགས་ཀྱི། །དགེ་སློང་སྡོམ་པ་རྣམ་དག་སྟེར་བར་མཛད། །གསང་སྔགས་ཀྱི་རྒྱུད་ཀྱི་ལུང་དང་འགལ་བ། སྨིན་བྱེད་དབང་གི་ས་བོན་མ་ཐེབས་ཀྱང་། །གྲོལ་བྱེད་བསྐྱེད་རྫོགས་མྱུ་གུ་གཡུར་ཟ་བའི། །གྲུབ་གཉིས་ལོ་ཐོག་འབྲས་བུའི་ཁུར་ཆེན་གྱིས། །རྣམ་པར་དུད་པས་དཔྱོད་ལྡན་དགའ་བ་སྐྱེས། །གནས་སྐབས་འགའ་ཞིག་ཏུ་འགལ་ཡང་སྐྱོན་མེད་པ་དྲུག་ལས། ཡུལ་དང་འགལ་ཡང་སྐྱོན་མེད་པ། སྔོན་བསགས་བསོད་ནམས་མཐུ་དཔུང་དར་དྲགས་པས། །གཞོན་ནུ་མེ་སྐྱེས་ཁྱིམ་ནི་སྣ་བདུན་གྱིས། །རིན་ཆེན་ལས་གྲུབ་ལྷ་ཡི་གཞལ་མེད་ཁང་། །མཐོང་བས་སྐྱེ་བོ་ཀུན་གྱི་ཡིད་རབ་འཕྲོག །༡དུས་དང་འགལ་ཡང་སྐྱོན་མེད་པ། བཞུ་བདེའི་ཡེ་ཤེས་ཕྱོགས་བརྒྱར་འབར་བ་ཡི། །རྣལ་འབྱོར་དབང་ཕྱུག་མེ་ལོང་རྡོ་རྗེའི་སྐུ། །གཅེར་བུར་ཞུགས་ཀྱང་དགུན་དུས་ཁ་བ་ཡིས། །མི་བརྫི་དབྱར་གྱི་དྲོད་ལའང་འཁུ་བ་སྙམ། །༢སྒྱུ་རྩལ་དང་འགལ་ཡང་སྐྱོན་མེད་པ། འདུ་འཛིར་ཡིད་རབ་བྱུང་བའི་དགེ་སྦྱོང་གིས། །རབ་མཛེས་ཟུར་མིག་འཕེན་པའི་ལུས་ཕྲ་མ། །པད་སྡོང་ཇི་བཞིན་ལྡེམ་ལྡེམ་གར་བསྒྱུར་བ། །མཐོང་བས་མི་སྡུག་སྐྱོ་བའི་སྣང་བ་ཤར། །


MLP007_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

༣འཇིག་རྟེན་དང་འགལ་ཡང་སྐྱོན་མེད་པ། ཆུ་འཛིན་གོས་བཟང་བཀླུབས་པའི་ལྷ་ལམ་ནས། །བསིལ་སྟེར་བདུད་རྩིའི་ཆར་རྒྱུན་བབས་པ་གང་། །རེག་ཙམ་ཉིད་ནས་དགའ་མ་སྟི་བྱས་པའི། །ཆགས་ལྡན་ལུས་ལ་མེ་འདྲའི་གདུང་བ་སྐྱེས། །༤རིགས་པ་དང་འགལ་ཡང་སྐྱོན་མེད་པ། དངོས་དང་བྲལ་ཡང་དངོས་པོ་ཀུན་རང་བཞིན། །རྣམ་པར་བྲལ་ཡང་རྣམ་ཀུན་མཆོག་དང་ལྡན། །གཅིག་པུ་ཉིད་དེ་དུ་མའི་རྣམ་རོལ་གར། །སྒྱུར་མཛད་ཁྱབ་བདག་བླ་མས་རྟག་ཏུ་སྐྱོངས། །༥ལུང་དང་འགལ་ཡང་སྐྱོན་མེད་པ། གྲངས་མེད་གསུམ་དུ་ཚོགས་གཉིས་མ་སྤྱད་ཅིང་། །ས་བཅུའི་སྐས་ལ་རིམ་གྱིས་མ་འཛེགས་པར། །གསང་ཆེན་ཐབས་ལམ་གོམ་སྟབས་གཅིག་ཁོ་ནས། །མི་སློབ་རྡོ་རྗེ་འཆང་སར་བདེ་བར་འགྲོ། །༦ཞེས་སྙན་ངག་གི་དཔེར་བརྗོད་གཞུང་བཞིན་ཚང་ལ་མཚན་ཉིད་བསྡུས་པས་བརྒྱན་པ་སྣ་ཚོགས་ཨུཏྤ་ལའི་ཆུན་པོ་འདིའང་སྨྱོས་བཙུན་རྨོངས་པ་དྷརྨ་ཤྲཱིའི་བློ་མཚོ་ལས་འཐོན་པའོ། །ངག༵་དབང༵་ལྷ་མོས་མགྲིན་འཁྱུད་ནས། །ཆོས༵་སྨྲའི་ཤེས་རབ་གཏེར་གྲོལ་བས། །མི་ཤེས་རྨོངས་མུན་འགོག་པའི་དཔལ༵། །ཀུན་མཁྱེན་སྣང་བ་འབར་གྱུར་ཅིག །སརྦ་མངྒ་ལཾ།


previousསྙན་ངག་གི་མཚན་ཉིད་བསྡུས་པ་རྩོམ་དཔེ་དང་བཅས་པ་སྣ་ཚོགས་ཨུཏྤ་ལའི་ཆུན་པོ། །ལོ་ཆེན་དྷརྨ་ཤྲཱི། next