Nitartha Digital Library
Tibetan
 
previousགནས་བཞི་པ་ལས་བསྟན་པའི་འགྲེལ་པ།next

གནས་བཞི་པ་ལས་བསྟན་པའི་འགྲེལ་པ།

གཉིས་པ་སྤང་བྱ་ཀུན་འབྱུང་བདེན་པ་གཏན་ལ་ཕབ་པ་ལ། ལས་ཀྱི་ཀུན་འབྱུང་དང་། ཉོན་མོངས་པའི་ཀུན་འབྱུང་གཉིས། དང་པོ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ། ལས་ཀྱི་རྣམ་གྲངས་གཞན་བསྟན་པ་དང་གསུམ། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་པ་སྟེ། སེམས་ཅན་གྱི་ལས་བཟང་ངན་ཐ་དད་པ་ལས་འཇིག་རྟེན་གྱི་ཁམས་སྣ་ཚོགས་སྐྱེས་ཏེ་བྱུང་བའོ། །

གཉིས་པ་ལ། བསྟན་བཅོས་ལས་བཤད་པའི་ལས་ཀྱི་རྣམ་བཞག་དང་། མདོ་ནས་གསུངས་པའི་ལས་ཀྱི་རྣམ་གྲངས་གཉིས། དང་པོ་ལ། སྤྱིར་བསྟན་པ་དང་། རིག་བྱེད་མ་ཡིན་པ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། སེམས་པའི་ལས་ངོས་བཟུང་བ། རིག་བྱེད་དང་རིག་བྱེད་མ་ཡིན་པ་ངོས་བཟུང་བ། དེ་དག་ལ་དགེ་སོགས་གསུམ་དུ་འཇོག་ཚུལ་ལོ། །དང་པོ་ནི། དེ་ནི་སེམས་པ་དང་དེས་བྱས། །སེམས་དཔའ་ཡིད་ཀྱི་ལས་ཡིན་ནོ། །ཞེས་པ་སྟེ། ལས་དེ་ལ་གཉིས་ལས། སེམས་པའི་ལས་དང་། དེས་བྱས་པའི་ལས་གཉིས། དང་པོ་ནི་ཡིད་ཀྱི་ལས་ཡིན་ཏེ། དེས་གཙོ་བོར་གྲུབ་པའི་ལས་ཡིན་པས་སོ། །གཉིས་པ་ནི། དེས་བསྐྱེད་པའི་ལུས་ངག་གི་ལས་ཏེ། དེ་གཉིས་ཀྱིས་གཙོ་བོར་གྲུབ་པའི་ལས་སོ། །དེ་ལྟར་ཡང་འཇིག་རྟེན་གདགས་པའི་མདོ་ལས། སེམས་པའི་ལས་གང་ཞེ་ན། སྨྲས་པ། སེམས་དང་། མངོན་པར་སེམས་པ་དང་། སེམས་པར་གྱུར་པ་དང་། སེམས་པར་རྟོག་པ་དང་། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་གང་ཡིན་པ་འདི་ནི་སེམས་པའི་ལས་ཞེས་བྱའོ། །ཞེས་དང་། སེམས་དེས་བསྐྱེད་པའི་བསམ་པའི་ལས་གང་ཞེ་ན། བསམ་པའི་ལུས་ཀྱི་ལས་དང་། བསམ་པའི་ངག་གི་ལས་འདི་ནི་བསམ་པའི་ལས་ཞེས་བྱའོ། །ཞེས་སོ། །

གཉིས་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། དེས་བསྐྱེད་ལུས་དང་ངག་གི་ལས། །དེ་དག་རྣམ་རིག་རྣམ་རིག་མིན། །ཞེས་པ་སྟེ། ལུས་ངག་གི་ལས་དེ་ལ་རྣམ་པ་རིག་བྱེད་དང་རྣམ་པ་རིག་བྱེད་མིན་པ་གཉིས་ཡོད་པའི་དོན་ནོ། །གཉིས་པ་ལ་གཉིས་ལས། དང་པོ་རྣམ་པ་རིག་བྱེད་བཤད་པ་ལ་གཉིས་ལས། ལུས་ཀྱི་རིག་བྱེད་ལ་གསུམ། བྱེ་བྲག་ཏུ་སྨྲ་བའི་ལུགས་བཞག །རང་སྡེ་གནས་མ་བུའི་ལུགས་དགག །མདོ་སྡེ་པའི་ལུགས་བརྗོད་པ་དང་གསུམ། དང་པོ་ནི། ལུས་རྣམ་རིག་བྱེད་དབྱིབས་སུ་འདོད། །ཅེས་པ་སྟེ། ལུས་ཀྱི་དབྱིབས་ལ་འདོད་དེ། ལུས་ཀྱི་བཀོད་པའོ། །ཞེས་འདོད། གཉིས་པ་ནི། འགྲོ་མིན་གང་ཕྱིར་འདུས་བྱས་ནི། །སྐད་ཅིག་མ་ཡིན་འཇིག་ཕྱིར་རོ། །རྒྱུ་མེད་པ་ལས་འགའ་མི་འབྱུང་། །རྒྱུ་ཡང་འཇིག་པ་པོར་འགྱུར་རོ། །ཞེས་པ་སྟེ། གནས་མ་བུ་ནི། ལུས་གང་དུ་སྐྱེས་པའི་གནས་དེར་མི་འཆི་བར་ཡུལ་གཞན་དུ་འགྲོ་བ་ལུས་ཀྱི་རིག་བྱེད་དུ་འདོད་པ་མི་འཐད་པར་ཐལ། ལུས་གང་དུ་སྐྱེས་པའི་གནས་དེར་མི་འཆི་བར་:འགྲོ་བའི་༼འགྲོ་བ་མ་ཡིན་པའི་༽ཕྱིར། །རྒྱུ་མཚན་གང་གིས་ཕྱིར་བཅོམ་ལྡན་འདས་ཀྱིས་འདུས་བྱས་ནི་སྐད་ཅིག་མར་གསུངས་པས་ན་ལྟོས་མེད་དུ་འཇིག་པའི་ཕྱིར་རོ་བྱས་པ་ལ། ཁོ་ན་རེ། འདུས་བྱས་སྐད་ཅིག་མར་གསུངས་པ་ནི་གློག་དང་། མར་མེ་དང་། སེམས་བྱུང་སོགས་ལ་དགོངས་ཀྱི། བུམ་པ་སོགས་སྐད་ཅིག་གིས་མི་འཇིག་པའི་ཕྱིར། དེར་ཐལ། དེ་འཇིག་པ་ལ་ཕྱིས་འབྱུང་གི་རྒྱུ་ཐོ་བ་ལྟ་བུ་ལ་ལྟོས་དགོས་པའི་ཕྱིར། ཕྱིས་འབྱུང་བའི་འཇིག་རྒྱུ་ལ་ལྟོས་པ་མེད་པ་ལས་དངོས་པོ་འགའ་ཡང་འབྱུང་བར་མི་འཐད་པར་ཐལ། བུམ་པ་འཇིག་པ་ཕྱིས་འབྱུང་གི་རྒྱུ་ལ་ལྟོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཐོ་བ་ཆོས་ཅན། བུམ་པའི་འཇིག་རྒྱུ་ཡིན་པར་ཐལ། བུམ་པའི་དབྱིབས་དང་ཁ་དོག་གཞན་དུ་བསྒྱུར་བའི་ཕྱིར་ཟེར་ན། བུམ་པ་འཆོས་པར་བྱེད་པའི་རྒྱུ་དེ་ཡང་བུམ་པ་འཇིག་པ་པོར་འགྱུར་བར་ཐལ། དེས་བུམ་པ་ཁ་དོག་དང་དབྱིབས་གཞན་དུ་བསྒྱུར་བའི་ཕྱིར་རོ། །གསུམ་པ་ནི། གཉིས་གཟུང་གྱུར་ཏེ་རྡུལ་ལ་མེད། །ཅེས་པ་སྟེ། དབྱིབས་ཆོས་ཅན། རྫས་སུ་མ་གྲུབ་སྟེ། ཁ་དོག་གི་རྡུལ་བཏགས་ཡོད་ཡིན་པའི་ཕྱིར་བྱས་པ་ལ། ལུས་ཀྱི་དབྱིབས་ཆོས་ཅན། རྫས་སུ་གྲུབ་པར་ཐལ། མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། དེར་ཐལ། མིག་ཤེས་ཀྱིས་ལུས་ལ་བལྟས་པ་ན་ཟླུམ་པོ་གྲུ་བཞི་འདི་སྙམ་པའི་བློ་སྐྱེ་བའི་ཕྱིར་ཟེར་ན། ལུས་ཀྱི་དབྱིབས་དེ་ལུས་ཤེས་ཀྱིས་གཟུང་བྱ་ཡིན་པར་ཐལ། དབྱིབས་ལ་ལུས་ཀྱིས་རེག་པ་ན་ཟླུམ་པོ་འདིའོ་གྲུ་བཞི་འདིའོ་སྙམ་པའི་བློ་སྐྱེ་བའི་ཕྱིར། འདོད་ན། དབྱིབས་དེ་དབང་ཤེས་རིགས་མི་མཐུན་པ་གཉིས་ཀྱི་གཟུང་བྱར་འགྱུར་ཏེ། མིག་ཤེས་དང་། ལུས་ཤེས་གཉིས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། དབྱིབས་ཆོས་ཅན། རྫས་སུ་མེད་དེ། དབྱིབས་གྲུ་བཞི་ཡིན་པ་བཅོམ་ནས་རྡུལ་ཕྲན་དུ་གྱུར་པའི་ཚེ་རྡུལ་ཕྲན་ལ་ཁ་དོག་སྔོན་པོ་ཡོད་ཀྱང་དབྱིབས་གྲུ་བཞི་མེད་པའི་ཕྱིར་རོ། །གཉིས་པ་ངག་གི་རིག་བྱེད་ནི། ངག་རྣམ་རིག་བྱེད་ནི་ངག་སྒྲ། །ཞེས་པ་སྟེ། ངག་གི་རྣམ་པ་རིག་བྱེད་ནི་ངག་གི་སྒྲ་ལ་འཇོག་པའོ། །གཉིས་པ་རིག་བྱེད་མ་ཡིན་པའི་གཟུགས་བཤད་པ་ལ། དབྱེ་བ། སྒྲུབ་བྱེད། ཁྱད་ཆོས་དང་གསུམ། དང་པོ་ནི། རྣམ་གསུམ་དྲི་མེད་གཟུགས་གསུངས་དང་། །ཞེས་པ་སྟེ། རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་ལ་དབྱེ་ན་གསུམ་ཡོད་དེ། གཏན་དུ་ཡོད་ལ་ཐོགས་པ་དང་བཅས་པའི་གཟུགས་དང་། གཏན་དུ་མེད་ལ་ཐོགས་པ་དང་བཅས་པའི་དང་། གཏན་དུ་ཡང་མེད་ལ་ཐོགས་པ་མེད་པའི་གཟུགས་གསུམ་གསུངས་པའི་ཕྱིར་དང་། དྲི་མེད་ཟག་མེད་ཀྱི་གཟུགས་གསུངས་པའི་ཕྱིར་རོ། །གཉིས་པ་སྒྲུབ་བྱེད་ནི། འཕེལ་དང་མ་བྱས་ལམ་སོགས་ཕྱིར། །ཞེས་པ་སྟེ། རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་བཞག་ཏུ་ཡོད་དེ། ལུང་ལས། ཀུན་དགའ་ར་བ་གཙུག་ལག་ཁང་། །མལ་སྟན་འཚོ་བ་ནར་མ་དང་། །གློ་བུར་ནད་པ་ནད་གཡོག་དང་། །ཡུལ་ངན་དུས་སུ་སྦྱིན་པ་ནི། །རྫས་ལ་འཕེལ་བའི་བསོད་ནམས་བདུན། །ཞེས་པ་ལྟར་བདུན་པོ་དེ་རིག་བྱེད་མ་ཡིན་པའི་གཟུགས་སུ་འཇོག་པའོ། །ཇི་སྐད་དུ། རྫས་ལས་བྱུང་བའི་དངོས་པོ་བདུན་དང་ལྡན་པའི་གང་ཟག་ནི་ཉལ་ཡང་རུང་འདུག་ཀྱང་རུང་། བསོད་ནམས་རྣམ་པར་འཕེལ་བར་གྱུར་ཏེ། ཞེས་དང་། རང་གིས་མ་བྱས་པར་སྲོག་གཅོད་ལ་སོགས་པའི་ལས་ལམ་གྲུབ་པ་ཡོད་པའི་ཕྱིར་རོ། །གསུམ་པ་ཁྱད་ཆོས་ལ། རྒྱུའི་ཁྱད་ཆོས། སའི་ཁྱད་ཆོས། ངོ་བོའི་ཁྱད་ཆོས། རྒྱུའི་ཁྱད་ཆོས་གཞན་བཤད་པ་དང་བཞི། དང་པོ་ནི། འདོད་གཏོགས་རྣམ་རིིག་མིན་སྐད་ཅིག །ཕྱིན་ཆད་འདས་པའི་འབྱུང་ལས་སྐྱེ། །ཞེས་པ་སྟེ། འདོད་པར་གཏོགས་པའི་རྣམ་པར་རིག་བྱེད་མ་ཡིན་པའི་སྐད་ཅིག་དང་པོ་ཕྱིན་ཆད་ཀྱི་རྒྱུ་ནི། འདས་པའི་འབྱུང་བ་ལས་སྐྱེ་བའི་དོན་ནོ། །གཉིས་པ་ནི། ཟག་བཅས་ལུས་དང་ངག་གི་ལས། །རང་གི་འབྱུང་བ་དག་རྒྱུར་བྱས། །ཟག་མེད་གང་དུ་སྐྱེས་པའི་ཡིན། །ཞེས་པ་སྟེ། ཟག་པ་དང་བཅས་པའི་ལུས་ངག་གི་ལས་རང་གི་སའི་འབྱུང་བ་དག་རྒྱུར་བྱས་པ་ལས་སྐྱེ་སྟེ། འབྱུང་བ་དེས་དེ་ལ་ཕན་བཏགས་པའི་ཕྱིར་རོ། །ཟག་མེད་ཀྱི་ལུས་ངག་གི་ལས་ཀྱི་རྒྱུ་ནི། རང་ས་གང་དུ་སྐྱེས་པ་དེར་གཏོགས་པའི་འབྱུང་བ་ལས་སྐྱེས་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། རྣམ་རིག་བྱེད་མིན་མ་ཟིན་དང་། །རྒྱུ་མཐུན་ལས་བྱུང་སེམས་ཅན་སྟོན། །ཞེས་པ་སྟེ། རྣམ་པ་རིག་བྱེད་མ་ཡིན་པ་དེ་ཁྱད་ཆོས་གསུམ་དང་ལྡན་ཏེ། མ་ཟིན་པ་དང་། རྒྱུ་མཐུན་ལས་བྱུང་བ་དང་། སེམས་ཅན་དུ་སྟོན་པ་ཡིན་པའི་ཕྱིར་རོ། །བཞི་པ་ནི། རྒྱུ་མཐུན་ཟིན་པའི་འབྱུང་ལས་སྐྱེ། །ཏིང་འཛིན་སྐྱེས་འབྱུང་མ་ཟིན་དང་། །རྒྱས་བྱུང་ཐ་དད་མིན་ལས་སྐྱེ། །ཞེས་པ་སྟེ། རྣམ་པ་རིག་བྱེད་མ་ཡིན་པ་སྟེ་རྒྱུ་གཉིས་ལས་འབྱུང་སྟེ། རྒྱུ་མཐུན་པ་དང་། ཟིན་པའི་འབྱུང་བ་ལས་སྐྱེས་པའི་ཕྱིར་རོ། །ཏིང་ངེ་འཛིན་ལས་སྐྱེས་པའི་ཟག་མེད་དང་བསམ་གཏན་གྱི་སྡོམ་པ་ཡང་རྒྱུ་གཉིས་ལས་འབྱུང་སྟེ། མ་ཟིན་པའི་འབྱུང་བ་དང་རྒྱས་པ་ལས་བྱུང་བའི་ཕྱིར་རོ། །རྣམ་པ་རིག་བྱེད་མ་ཡིན་པ་དེ་ཆོས་ཅན། སྐྱེ་ཚུལ་ཁྱད་པར་དང་ལྡན་ཏེ། འབྱུང་བ་རིགས་ཐ་དད་མིན་པ་ལས་སྐྱེ་བའི་ཕྱིར་རོ། །

གསུམ་པ་དེ་དག་ལ་དགེ་སོགས་གསུམ་དུ་འཇོག་ཚུལ་ལ། དང་པོ། དགེ་སོགས་གསུམ་གྱི་དབྱེ་བ། ཀུན་སློང་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། རྣམ་རིག་མིན་ལུང་བསྟན་མིན་མེད། །གཞན་ནི་རྣམ་གསུམ་མི་དགེ་ནི། །འདོད་ནའོ་གཟུགས་ནའང་རྣམ་རིག་མིན། །རྣམ་རིག་དཔྱོད་དང་བཅས་དག་ན། །འདོད་པ་ནའང་བསྒྲིབས་པ་མེད། །གང་ཕྱིར་ཀུན་སློང་མེད། ཅེས་པ་སྟེ། རྣམ་པ་རིག་བྱེད་མ་ཡིན་པ་ནི་ལུང་དུ་བསྟན་པ་མིན་པ་མེད་དེ། དེ་དག་དགེ་མི་དགེ་གང་རུང་ཡིན་པས་སོ། །གཞན་རྣམ་པར་རིག་བྱེད་ནི། དགེ་མི་དགེ་ལུང་མ་བསྟན་གསུམ་དུ་ཡོད་པའོ། །མི་དགེ་བའི་རྣམ་པར་རིག་བྱེད་ནི་ཁམས་གཞན་ན་མེད་དེ། འདོད་པ་ཁོ་ནའི་སས་བསྡུས་ཡིན་པའི་ཕྱིར། གཟུགས་ཁམས་ན་ལས་གཉིས་ཡོད་དེ། རྣམ་པ་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཀ་ཡོད་པའི་ཕྱིར། རྣམ་པ་རིག་བྱེད་ཀྱི་ལས་ལ་རྟོག་དཔྱོད་དང་བཅས་པ་དག་ན་དགེ་བ་དང་ལུང་མ་བསྟན་གཉིས་ཡོད་དེ། དེའི་ཀུན་སློང་རྟོག་དཔྱོད་གཉིས་ཡོད་པའི་ཕྱིར། འདོད་པ་ནའང་བསྒྲིབས་པའི་རྣམ་པར་རིག་བྱེད་མེད་དེ། གང་གི་ཕྱིར་ན་དེའི་ཀུན་སློང་མེད་པའི་ཕྱིར་རོ། །གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །དཀར་ནག་ལ་སོགས་བྱེ་བྲག་གི །ལས་ནི་རྣམ་པ་བཞི་ཡིན་ནོ། །ཞེས་པའི་སྐབས་བསྟན་གྱི་ལས་ཡིན་ན་ལས་ཡིན་པས་ཁྱབ་ཟེར་ན། ལོག་ལྟ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེ་ཡིན་པར་ཐལ། ལས་ནག་ལ་རྣམ་སྨིན་ནག་པའི་ལས་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ལས་མ་ཡིན་ལ་ལས་ལམ་ཡིན་པའི་ཁྱད་པར་འཐད་པའི་ཕྱིར། དེ་ཡིན་ཏེ། ཡིད་ཀྱི་གསུམ་པོ་ལས་མ་ཡིན། །ཞེས་གསུངས་པའི་ཕྱིར། ཁ་ཅིག །འདོད་པའི་དགེ་བ་དེ་དཀར་ནག་གཉིས་ཀའི་ལས་ཡིན་ཟེར་ན། དཀར་ནག་གཉིས་ཀའི་ལས་ཡིན་པ་སྲིད་པར་ཐལ་ལོ། །ཁ་ཅིག་གཟུགས་མེད་ཁམས་ན་གཟུགས་ཡོད་པར་ཐལ། དེ་ན་དེ་རྒྱུད་ལྡན་གྱི་གང་ཟག་ཡོད་པའི་ཕྱིར་ན། མ་ཁྱབ། མ་གྲུབ་ན། དེ་ཡོད་པར་ཐལ། དེ་ན་ཟག་མེད་ཀྱི་སྡོམ་པ་རྒྱུད་ལྡན་གྱི་གང་ཟག་ཡོད་པའི་ཕྱིར། དེར་ཐལ། འདོད་དང་གཟུགས་སྐྱེས་ལྷ་རྣམས་ལ། །བསམ་གཏན་སྐྱེས་ཡོད་ཟག་མེད་ནི། །བསམ་གཏན་ཁྱད་པར་འདུ་ཤེས་མེད། །སེམས་ཅན་མ་གཏོགས་གཟུགས་མེད་ནའང་། །ཞེས་གསུངས་པའི་ཕྱིར། ཁ་ཅིག །དགྲ་བཅོམ་བསད་པའི་སྲོག་གཅོད་ཀྱི་ལས་ཡིན་ན། མཚམས་མེད་ཀྱི་ལས་ཡིན་པས་ཁྱབ་ཟེར་ན། ཕྱིར་མི་འོང་གི་རྟེན་ལ་འཆི་ངེས་པའི་མཚོན་བསྣུན་པ་ལ་བརྟེན་ནས་དགྲ་བཅོམ་ཐོབ་ནས་སྲོག་ཆད་པའི་སྲོག་གཅོད་ཀྱི་ལས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དགྲ་བཅོམ་བསད་པའི་མཚམས་མེད་ཀྱི་ལས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གང་ཟག་དེ་ལ་དགྲ་བཅོམ་བསད་པའི་མཚམས་མེད་ཀྱི་ལས་བྱུང་བར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དགྲ་བཅོམ་བསད་པའི་མཚམས་མེད་ཀྱི་ལས་འབྱུང་བ་ལ་གསོད་པའི་སྦྱོར་བ་དེ་ཡང་དགྲ་བཅོམ་པའི་རྟེན་ལ་ངེས་པར་བྱས་པ་ཞིག་དགོས་པའི་ཕྱིར་ཏེ། བསྣུན་འོག་དགྲ་བཅོམ་པ་ལ་མིན། །ཞེས་གསུངས་པའི་ཕྱིར་རོ། །ཡང་ཁ་ཅིག །དེ་བྱུང་སྟེ། མདོ་རྩ་བར། གནས་སྐབས་གཞན་ཐོབ་པ་ནི་གཞན་ཉིད་མ་ཡིན་ནོ། །ཞེས་ཟེར་བའང་གོང་དུ་སྨྲས་པ་དེས་ཁེགས་སོ། །གཞན་ཡང་། མ་བསད་པའི་མཚམས་མེད་ཀྱི་ལས་ཡིན་ན། བུད་མེད་བསད་པའི་སྲོག་གཅོད་ཀྱི་ལས་ཡིན་པའི་ཁྱབ་ཟེར་ན། རང་གི་མ་ཕྱིས་སྐྱེས་པར་མཚན་གྱུར་པའི་སྐྱེས་པ་བསད་པའི་ལས་ཆོས་ཅན། དེར་ཐལ། དེའི་ཕྱིར་རོ། །མཚན་ནི་གཞན་དུ་གྱུར་ཀྱང་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། ཐར་པ། །དམ་པའི་དོན་དུ་དགེ་རྩ་བ། །ངོ་ཚ་ཁྲེལ་ཡོད་བདག་ཉིད་ཀྱིས། །དེ་དག་དང་ལྡན་མཚུངས་ལྡན་གྱིས། །བྱ་བ་ལ་སོགས་ཀུན་སློང་བས། །བཟློག་པ་མི་དགེ་དོན་དམ་པར། །ལུང་མ་བསྟན་པ་བསྟན་པ་དག །ཅེས་པ་སྟེ། འདི་ལ་གསུམ་ལས། དང་པོ་ནི། ཐར་པ་དོན་དམ་པའི་དགེ་བ་ནི། སྡུག་བསྔལ་ཉེ་བར་ཞི་བའི་འགོག་པ་ཡིན་ལ། དགེ་རྩ་གསུམ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ནི་བདག་ཉིད་ཀྱི་དགེ་བ་ཡིན་ཏེ། དཀར་པོའི་ངོ་བོར་ལུང་དུ་བསྟན་པས་སོ། །གཉིས་པ་ནི། དགེ་བ་དེ་དག་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་ཡང་མཚུངས་ལྡན་གྱི་དགེ་བ་ཡིན་ཏེ། མཚུངས་ལྡན་གྱི་དབང་གིས་དཀར་པོར་སྐྱེས་པའི་ཕྱིར་རོ། །གསུམ་པ་ནི། དེ་དག་གིས་ཀུན་ནས་བསླངས་པའི་ལུས་ངག་གི་བྱ་བ་ལ་སོགས་པ་ཡང་དགེ་བ་ཡིན་ཏེ། ཀུན་སློང་གི་དབང་གིས་དཀར་པོའི་ངོ་བོར་སྐྱེས་པའི་ཕྱིར། ཐར་པ་ལས་བཟློག་པའི་འཁོར་བ་ཡང་དོན་དམ་པའི་མི་དགེ་བ་ཡིན་ཏེ། སྡུག་བསྔལ་གྱི་གནས་ཡིན་པའི་ཕྱིར། སྔར་བསྟན་པའི་སོ་སོར་བརྟགས་མིན་གྱི་འགོག་པ་དང་། འདུས་མ་བྱས་ཀྱི་ནམ་མཁའ་ཡང་དོན་དམ་པར་ལུང་དུ་མ་བསྟན་པ་ཡིན་ཏེ། ཀུན་སློང་དཀར་ནག་གང་རུང་དུ་ཡང་མ་བསྟན་པའི་ཕྱིར། གསུམ་པ་ལ། ཀུན་སློང་གི་དབྱེ་བ་དང་། མུ་བཞིའི་སྒོ་ནས་རྒྱས་པར་བཤད་པ་གཉིས། དང་པོ་ནི། ཀུན་སློང་རྣམ་གཉིས་རྒྱུ་དང་ནི། །དེ་ཡི་དུས་ཀྱི་སློང་ཞེས་བྱ། །གཉིས་ལས་དང་པོ་རབ་འཇུག་བྱེད། །གཉིས་པ་རྗེས་སུ་འཇུག་བྱེད་ཡིན། །ཞེས་པ་སྟེ། ལས་ཀྱི་ཀུན་སློང་རྣམ་པ་གཉིས་ཡོད་དེ། རྒྱུའི་ཀུན་སློང་དང་དུས་ཀྱི་ཀུན་སློང་ངོ་། །དེ་གཉིས་ལས་དང་པོ་རབ་ཏུ་འཇུག་བྱེད་ཅེས་བྱ་སྟེ། ལས་བརྒྱུད་ནས་འཕེན་པའི་ཀུན་སློང་ཡིན་པའི་ཕྱིར། གཉིས་པ་དེ་དུས་ཀྱི་ཀུན་སློང་རྗེས་སུ་འཇུག་བྱེད་ཡིན་ཏེ། ལས་ལ་དངོས་སུ་འཇུག་པའི་ཀུན་སློང་ཡིན་པའི་ཕྱིར། གཉིས་པ་ནི། མཐོང་བས་སྤང་བྱའི་རྣམ་ཤེས་ནི། །རབ་ཏུ་འཇུག་བྱེད་ཡིན་ཡིད་ནི། །སྒོམ་པས་སྤང་བྱ་གཉིས་ཀ་ཡིན། །ལྔ་ནི་རྗེས་སུ་འཇུག་བྱེད་ཡིན། །རབ་ཏུ་འཇུག་བྱེད་དགེ་སོགས་ལས། །རྗེས་འཇུག་བྱེད་ཀྱང་རྣམ་གསུམ་འགྱུར། །ཐུབ་པའི་འདྲ་བའམ་དེ་དགེ་བ། །རྣམ་སྨིན་ལས་སྐྱེས་གཉིས་ཀ་མིན། །ཞེས་པ་སྟེ། མུ་བཞིར་ཡོད་དེ། རབ་ཏུ་འཇུག་བྱེད་ཡིན་ལ། རྗེས་སུ་འཇུག་བྱེད་མ་ཡིན་པའི་མུ། གཉིས་ཀ་ཡིན་པའི་མུ། རྗེས་སུ་འཇུག་བྱེད་ཡིན་ལ་རབ་ཏུ་འཇུག་བྱེད་མིན་པའི་མུ། གཉིས་ཀ་མིན་པའི་མུ་དང་བཞི་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། མཐོང་བས་སྤང་བྱའི་རྣམ་ཤེས་འཁོར་དང་བཅས་པ་ནི་རབ་ཏུ་འཇུག་བྱེད་ཁོ་ན་ཡིན་ཏེ། ཁ་ནང་བལྟས་སུ་ངེས་པའི་ལུས་ངག་གི་རིག་བྱེད་དེའི་སྔ་རོལ་དུ་འབྱུང་བ་དེ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། སྒོམ་པས་སྤང་བར་བྱ་བ་ལ་གཉིས་ཀའི་ཆ་ཡོད་པའི་ཕྱིར་ཏེ། ལུས་ངག་གི་རིག་བྱེད་ཀྱི་སྔ་རོལ་དུ་བྱུང་བ་དང་། ལྷན་ཅིག་ཏུ་བྱུང་བ་སྣ་ཚོགས་ཡོད་པའི་ཕྱིར། གསུམ་པ་གྲུབ་སྟེ། སྒོ་ལྔའི་དབང་ཤེས་དེ་རྗེས་སུ་འཇུག་བྱེད་ཁོ་ན་ཡིན་ཏེ། དེར་ལུས་ངག་གི་རིག་བྱེད་དང་ལྷན་ཅིག་ཏུ་འབྱུང་གི་སྔ་རོལ་དུ་མ་ཡིན་པའི་ཕྱིར། བཞི་པ་སླ། རབ་ཏུ་འཇུག་བྱེད་དགེ་མི་དགེ་སོགས་ལ་རྗེས་སུ་འཇུག་བྱེད་ཀྱང་རྣམ་པ་གསུམ་དུ་འགྱུར་ཏེ། དགེ་མི་དགེ་ལུང་མ་བསྟན་གསུམ་དུ་འགྱུར་བའི་ཕྱིར། ཐམས་ཅད་ལ་དེ་ལྟར་མ་ངེས་ཏེ། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཀུན་སློང་དགེ་བ་ལས་དགེ་བར་འདྲ་བའམ་ལུང་མ་བསྟན་དེ་ལས་དགེ་བ་འབྱུང་བའི་ཕྱིར། རྣམ་སྨིན་ལས་སྐྱེས་པའི་སེམས་པ་ནི་རབ་ཏུ་འཇུག་བྱེད་དང་། རྗེས་སུ་འཇུག་བྱེད་གཉིས་ཀ་མ་ཡིན་ཏེ། དེ་སྟོབས་ཆུང་བས་དེ་ལྟར་མི་ནུས་པའི་ཕྱིར།

གཉིས་པ་རིག་བྱེད་མ་ཡིན་པ་བྱེ་བྲག་ཏུ་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །ཞེས་པ་སྟེ། རྣམ་རིག་མིན་པའི་ལས་རྣམ་པ་གསུམ་སྟེ། སྡོམ་པ་དང་། སྡོམ་པ་མིན་པ་དང་། གཞན་བར་མ་གསུམ་མོ། །གཉིས་པ་ལ། སྡོམ་པ་ཁྱད་པར་དུ་བཤད་པ་དང་། ཐམས་ཅད་ཐུན་མོང་དུ་བཤད་པའོ། །དང་པོ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། སྡོམ་པའང་སོ་སོར་ཐར་ཅེས་བྱ། །དེ་བཞིན་ཟག་མེད་བསམ་གཏན་སྐྱེས། །ཞེས་པ་སྟེ། སྡོམ་པ་ལའང་སོ་སོར་ཐར་པའི་སྡོམ་པ་དང་། དེ་བཞིན་དུ་ཟག་མེད་ཀྱི་སྡོམ་པ་དང་། ཏིང་ངེ་འཛིན་ལས་སྐྱེས་པའི་བསམ་གཏན་གྱི་སྡོམ་པ་གསུམ་དུ་ཡོད་པའོ། །གཉིས་པ་ལ། སོ་ཐར་གྱི་སྡོམ་པ། བསམ་གཏན་ཟག་མེད་ཀྱི་སྡོམ་པ། སྡོམ་པའི་རྣམ་གྲངས་གཞན་བཤད་པ་དང་གསུམ། དང་པོ་ལ། དབྱེ་བསྡུ། སྒྲུབ་བྱེད། ལྡན་ཚུལ། ངོ་བོ། རྣམ་གྲངས། སྒྲ་བཤད། རྟེན་གྱི་གང་ཟག་བཤད་པ་དང་བདུན། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། སོ་སོར་ཐར་ཅེས་བྱ་རྣམས་བརྒྱད། །ཅེས་པ་སྟེ། སོ་ཐར་གྱི་སྡོམ་པ་ལ་རྣམ་པ་བརྒྱད་ཡོད་དེ། དགེ་སློང་ཕ་མ། དགེ་ཚུལ་ཕ་མ། དགེ་བསྙེན་ཕ་མ། དགེ་སློབ་མ། བསྙེན་གནས་ཀྱི་སྡོམ་པ་རྣམས་སུ་ཡོད་པའོ། །གཉིས་པ་མཐའ་དཔྱད་པ་ལ། སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་ཚུལ་ཁྲིམས་རྣམ་དག་ཡིན་པར་བཤད་པ་ལྟར། ཕལ་ཆེན་པའི་ལུགས་ཀྱི་ཚུལ་ཁྲིམས་རྣམ་དག་ཡིན་ན་ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་དེ་རྣམ་དག་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཡོལ་བས་མཚམས་བཅད་ནས་ནུབ་ལྷག་ཉལ་བྱས་པའི་དགེ་སློང་གི་རྒྱུད་ཀྱི་ཚུལ་ཁྲིམས་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཕལ་ཆེན་པའི་ལུགས་ལ་དེ་ལ་ལྟུང་བ་མི་འབྱུང་བར་བཤད་པས་སོ། །སོ་ཐར་གྱི་སྡོམ་པ་སྐྱེ་བའི་རྟེན་ཅན་ཡིན་ན་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་གང་རུང་ཡིན་པས་ཁྱབ་ཟེར་ན། གླིང་གསུམ་གྱི་འཛམ་གླིང་པའི་མི་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། གླིང་གསུམ་གྱི་སྐྱེས་པ་ཡིན་པ་ཡོད་པར་ཐལ་ལོ། །གཉིས་པ་ནི། རྫས་སུ་རྣམ་པ་བཞི་ཡིན་ནོ། །མཚན་ལས་མིང་ནི་འཕོ་བའི་ཕྱིར། །ཞེས་པ་སྟེ། དེ་དག་ཀྱང་རྫས་སུ་རྣམ་པ་བཞིས་བསྡུས་པ་ཡིན་ཏེ། དགེ་སློང་། དགེ་ཚུལ། དགེ་བསྙེན། བསྙེན་གནས་རྣམས་སུ་འདུས་པའི་ཕྱིར་རོ། །དེ་ཡང་དགེ་སློང་ཕ་མཚན་གྱུར་པ་ལས་དགེ་སློང་མར་མིང་འཕོ་བ་ཡིན་གྱི་སྡོམ་པའི་ངོ་བོ་མི་གཏོང་བའོ། །གསུམ་པ་ནི། ཐ་དད་དེ་དག་འགལ་བ་མེད། །ཅེས་པ་སྟེ། སྡོམ་པ་ཐ་དད་པ་དེ་དག་ཀྱང་གང་ཟག་གཅིག་གི་རྒྱུད་ལ་ཅིག་ཅར་དུ་ལྡན་པ་ལ་འགལ་བ་མེད་དེ། དེ་གསུམ་འཐོབ་བྱེད་ཀྱི་རྒྱུས་ཐོབ། གཏོང་བྱེད་ཀྱི་རྒྱུས་མ་གཏང་བའི་གཟུགས་ཅན་ངོ་བོ་ཐ་དད་པ་ཡིན་པས་སོ། །བཞི་པ་ནི། སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བར་མནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང་། །དགེ་ཚུལ་ཆེད་དང་དགེ་སློང་ཉིད། །ཅེས་པ་སྟེ། དགེ་བསྙེན་གྱི་ཆེད་དུ་སྤང་བྱ་སྲོག་གཅོད། མ་བྱིན་ལེན། འདོད་ལོག །རྫུན་སྨྲ། འབྲུའི་ཆང་ལྔ་སྤོང་བར་ནོས་ཤིང་ཁས་བླངས་པ་ལས། གང་ཟག་དེ་དགེ་བསྙེན་དུ་འགྱུར་བའི་ཕྱིར། དེ་བཞིན་དུ། བསྙེན་གནས་དང་། དགེ་ཚུལ་དང་། དགེ་སློང་ཉིད་ཀྱི་ཆེད་དུ་སྤང་བྱ་བརྒྱད་དང་། བཅུ་དང་། ལུས་ངག་གི་བདུན་པོ་ཐམས་ཅད་སྤོང་བར་ནོས་པ་ལས། དགེ་བསྙེན་དང་། བསྙེན་གནས་དང་། དགེ་ཚུལ་དང་། དགེ་སློང་ཉིད་དུ་འགྱུར་བའོ། །ལྔ་པ་ནི། ཚུལ་ཁྲིམས་དང་ནི་ལེགས་སྤྱད་དང་། །ལས་དང་སྡོམ་པ་ཞེས་བྱའོ། །ཞེས་པ་སྟེ། སོ་ཐར་གྱི་སྡོམ་པ་ལ་ཚུལ་ཁྲིམས་དང་། ལེགས་སྤྱད་དང་། ལས་དང་། སྡོམ་པ་ཞེས་པའི་སྒྲ་བཤད་དུ་ཡོད་དེ། བསིལ་བའི་དངོས་པོ་ཡིན་པ་དང་། མཁས་པས་བསྔགས་པར་བྱ་བ་དང་། བྱ་བའི་རང་བཞིན་ཡིན་པ་དང་། ལུས་དང་ངག་གི་ཉེས་སྤྱོད་ལས་ལྡོག་པ་ཡིན་པས་སོ། །དྲུག་པ་ནི། དང་པོའི་རྣམ་རིག་རྣམ་རིག་མིན། །སོ་སོར་ཐར་དང་བྱ་བའི་ལམ། །ཞེས་པ་སྟེ། སོ་ཐར་གྱི་སྡོམ་པ་ལེན་པའི་སྐད་ཅིག་མ་དང་པོའི་དུས་སུ་ལུས་ངག་གི་དགེ་བ་བདུན་པོའི་ངོ་བོར་གྱུར་པའི་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཡོད་ལ། དེ་དུས་ཀྱི་རིག་བྱེད་དེ་ལས་ལམ་གྱི་དངོས་གཞིས་བསྡུས་པའི་སྡོམ་པ་ཡིན་པར་མི་འདོད་དེ། སོ་ཐར་གྱི་སྡོམ་པ་དང་རིག་བྱེད་ཀྱི་གཟུགས་ཀྱི་གཞི་མཐུན་མེད་པའི་དོན་ནོ། །བདུན་པ་ནི། སོ་སོར་ཐར་དང་ལྡན་པ་བརྒྱད། །ཅེས་པ་སྟེ། སོ་ཐར་གྱི་སྡོམ་པ་དང་ལྡན་པའི་གང་ཟག་དགེ་སློང་ནས་བསྙེན་གནས་ཀྱི་བར་བརྒྱད་ཡོད་པའི་དོན་ནོ། །གཉིས་པ་བསམ་གཏན་ཟག་མེད་ཀྱི་སྡོམ་པ་བཤད་པ་ནི། བསམ་གཏན་སྐྱེས་དང་དེ་ལྡན་པ། །ཟག་མེད་འཕགས་པའི་སེམས་ཅན་དང་། །ཐ་མ་གཉིས་ནི་སེམས་རྗེས་འབྲང་། །ཞེས་པ་སྟེ། བསམ་གཏན་གྱི་སྡོམ་པ་ནི་བསམ་གཏན་གྱི་ཉེར་བསྡོགས་དང་དངོས་གཞི་གང་རུང་མངོན་དུ་གྱུར་པའི་སྟོབས་ཀྱིས་སྐྱེས་པའི་གཟུགས་ཅན་གྱི་སྡོམ་པར་འཇོག་ལ། འཕགས་པའི་སེམས་ཅན་དེ་བདེན་པ་མངོན་རྟོགས་རྒྱུད་ལ་སྐྱེས་པའི་སྟོབས་ཀྱིས་ཟག་མེད་ཀྱི་སྡོམ་པ་དང་ལྡན་པར་འཇོག་ཅིང་། མཐའ་མ་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་པོ་སྟེ་སེམས་ཀྱི་རྗེས་སུ་འབྲང་བ་ཡིན་ཏེ། སེམས་དང་ལྷན་ཅིག་ཏུ་འཇུག་པའི་སྡོམ་པ་ཡིན་པས་སོ། །གསུམ་པ་སྡོམ་པའི་རྣམ་གྲངས་གཞན་བཤད་པ་ནི། བར་ཆད་མེད་ལམ་སྐྱེས་དེ་གཉིས། །མི་ལྕོགས་མེད་ལ་སྤོང་ཞེས་བྱ། །ཤེས་བཞིན་དང་ནི་དྲན་དག་གཉིས། །ཡིད་དང་དབང་པོའི་སྡོམ་པ་ཡིན། །ཞེས་པ་སྟེ། སྡོམ་དེ་གཉིས་བར་ཆད་མེད་པའི་ངོ་བོར་སྐྱེས་ཤིང་། མི་ལྕོགས་མེད་ལ་བརྟེན་པའི་ཚེ་སྤོང་བའི་སྡོམ་པ་ཞེས་བྱ་སྟེ། དེའི་ཚེ་དེ་འཆལ་བའི་ཚུལ་ཁྲིམས་དང་། དེའི་ཀུན་སློང་འགོག་པའི་སྡོམ་པ་ཡིན་པའི་ཕྱིར། ཤེས་བཞིན་དང་དྲན་དག་གཉིས། ཡིད་དང་དབང་པོའི་སྡོམ་པ་ཞེས་བྱ་སྟེ། ལུས་ངག་གི་ཉེས་སྤྱོད་ལས་ལྡོག་པའི་སྡོམ་པ་ཡིན་པས་སོ། །

གཉིས་པ་ཐམས་ཅད་ཐུན་མོང་དུ་བཤད་པ་ལ། ལྡན་པའི་ཚུལ། ཐོབ་པའི་ཚུལ། གཏོང་བའི་རྒྱུ། ལྡན་པའི་གང་ཟག་དང་བཞི། དང་པོ་ལ། རིག་བྱེད་མིན་པའི་ལྡན་ཚུལ། རིག་བྱེད་ཀྱི་ལྡན་ཚུལ། སྡོམ་མིན་གྱི་མིང་གི་རྣམ་གྲངས། མུ་བཞིའི་སྒོ་ནས་དོགས་པ་དཔྱད་པའོ། །དང་པོ་ལ། སྡོམ་པ་དང་། སྡོམ་མིན་གྱི་ལྡན་ཚུལ་དང་། བར་མའི་ལྡན་ཚུལ་ལོ། །དང་པོ་ནི། སོ་སོར་ཐར་གནས་ཇི་སྲིད་དུ། །མ་བཏང་བར་དག་ད་ལྟར་གྱི། །རྣམ་རིག་མིན་ལྡན་སྐད་ཅིག་མ། །དང་པོ་ཕྱིན་ཆད་འདས་པ་དང་། །སྡོམ་མིན་གནས་པའང་དེ་དང་འདྲ། །བསམ་གཏན་སྡོམ་དང་ལྡན་པ་ནི། །རྟག་ཏུ་འདས་དང་མ་འོངས་དང་། །འཕགས་ནི་དང་པོ་འདས་དང་མིན། །མཉམ་བཞག་འཕགས་ལམ་གནས་དེ་གཉིས། །ད་ལྟར་དང་ལྡན། ཞེས་པ་སྟེ། སོ་ཐར་གྱི་སྡོམ་པ་ནི་ལྡན་ཚུལ་ཁྱད་པར་ཅན་དང་ལྡན་པ་ཡིན་ཏེ། སོ་སོར་ཐར་པ་ལ་གནས་པ་ནི་ཐོབ་ནས་ཇི་སྲིད་མ་བཏང་གི་བར་དུ་ད་ལྟར་གྱི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་ལ། སྐད་ཅིག་དང་པོ་ཕྱིན་ཆད་འདས་པའི་རིག་བྱེད་མ་ཡིན་པ་དང་ལྡན་པའི་ཕྱིར་རོ། །སྡོམ་མིན་གནས་པའི་ལྡན་ཚུལ་ཡང་སྔ་མ་དེ་དང་འདྲ་བའོ། །བསམ་གཏན་གྱི་སྡོམ་པ་ཐོབ་ནས་མ་བཏང་གི་བར་དུ་རྟག་ཏུ་འདས་པ་དང་མ་འོངས་པའི་རྣམ་པར་རིག་བྱེད་མིན་པ་དང་ལྡན་ཞིང་། འཕགས་པ་ཟག་མེད་ཀྱི་སྡོམ་པ་ནི་སྐད་ཅིག་དང་པོ་འདས་པའི་རྣམ་པ་རིག་བྱེད་དང་ལྡན་པ་མིན་གཞན་རྣམས་སྔར་དང་མཚུངས། མཉམ་བཞག་འཕགས་ལམ་སས་བསྡུས་པའི་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་དེ་གཉིས་ད་ལྟར་གྱི་རྣམ་པ་རིག་བྱེད་མིན་པ་དང་ལྡན་པ་ཡིན་ནོ། །གཉིས་པ་ནི། བར་གནས་ལ། །ཡོད་ན་དང་པོ་བར་གྱི་དང་། །ཕྱིན་ཆད་དུས་ནི་གཉིས་དང་ངོ་། །སྡོམ་མིན་གནས་པ་དགེ་བ་དང་། །སྡོམ་ལ་གནས་པ་མི་དགེ་བའི། །རྣམ་རིག་མིན་ལྡན་ཇི་སྲིད་དུ། །རབ་དང་ཉོན་མོངས་ཤུགས་ལྡན་པར། །ཞེས་པ་སྟེ། བར་མ་ལ་གནས་པ་ཡོད་ན་ད་ལྟར་གྱི་རྣམ་པར་རིག་བྱེད་མིན་པ་དང་ལྡན་ཞིང་། སྐད་ཅིག་མ་དང་པོ་ཕྱིན་ཆད་འདས་པ་དང་ད་ལྟར་གྱི་དུས་གཉིས་ཀྱི་རྣམ་པར་རིག་བྱེད་མིན་པ་དང་ལྡན་པའི་ཕྱིར། སྡོམ་པ་མིན་པ་ལ་གནས་པ་དགེ་བའི་རིག་བྱེད་མིན་པ་དང་ལྡན་པ་དང་། སྡོམ་པ་ལ་གནས་པའི་མི་དགེ་བའི་རིག་བྱེད་མིན་པ་དང་ལྡན་པ་ཡོད་དེ། ཇི་སྲིད་དེ་གཉིས་ལ་གནས་བཞིན་དུ་རབ་ཏུ་དང་བ་དྲག་པོས་ཕྱག་འཚལ་བ་དང་། ཉོན་མོངས་ཤུགས་དྲག་པོའི་སྒོ་ནས་གསོད་པ་དང་འཆིང་བ་སོགས་བྱེད་ཚེ་རིམ་པ་བཞིན་དུ་ལྡན་པའི་ཕྱིར། གཉིས་པ་རིག་བྱེད་ཀྱི་ལྡན་ཚུལ་ནི། རྣམ་རིག་བྱེད་ནི་ཐམས་ཅད་ལ། །བྱེད་པ་དག་ལ་ད་ལྟར་ལྡན། །མ་བཏང་བར་དུ་སྐད་ཅིག་མ། །ཕྱིན་ཆད་འདས་ལྡན་མ་འོངས་མེད། །བསྒྲིབས་པ་དང་ནི་མ་བསྒྲིབས་པ། །འདས་པ་དག་དང་ལྡན་པ་མེད། །ཅེས་པ་སྟེ། སྡོམ་པ་དང་སྡོམ་པ་མ་ཡིན་པའི་རྣམ་པར་རིག་བྱེད་ནི་ཐམས་ཅད་བྱེད་པ་ལ་མ་བཏང་བར་དུ་ད་ལྟར་དང་ལྡན་ཞིང་། སྐད་ཅིག་མ་དང་པོ་ཕྱིན་ཆད་འདས་པ་དང་ལྡན་གྱི། མ་འོངས་པ་དང་ལྡན་པ་ནི་མེད་པའོ། །བསྒྲིབས་པ་དང་མ་བསྒྲིབས་པའི་རྣམ་པར་རིག་བྱེད་མ་འོངས་པར་མ་ཟད་འདས་པ་དག་དང་ཡང་ལྡན་པ་མེད་དེ། དེ་གཉིས་ཤིན་ཏུ་སྟོབས་ཆུང་བའི་ཕྱིར་རོ། །གསུམ་པ་སྡོམ་མིན་གྱི་རྣམ་གྲངས་ནི། སྡོམ་པ་མིན་དང་ཉེས་སྤྱད་དང་། །འཆལ་བའི་ཚུལ་ཁྲིམས་ལས་དེའི་ལམ། །ཞེས་པ་སྟེ། སྡོམ་པ་མིན་པ་ནི། ཉེས་སྤྱད་དང་། འཆལ་བའི་ཚུལ་ཁྲིམས་དང་། དེའི་ལས་དང་དེའི་ལམ་རྣམས་ཡིན་པས་སོ། །བཞི་པ་མུ་བཞིའི་སྒོ་ནས་དོགས་པ་དཔྱད་པ་ནི། བར་མ་དོར་གནས་སེམས་ཞན་པས། །བྱེད་ན་རྣམ་རིག་ཉིད་དང་ལྡན། །རྣམ་རིག་བཏང་དང་མ་སྐྱེས་པའི། །འཕགས་པའི་གང་ཟག་རྣམ་རིག་མིན། །ཞེས་པ་སྟེ། རྣམ་པ་རིག་བྱེད་དང་ལྡན་ཞིང་། རྣམ་པ་རིག་བྱེད་མིན་པ་དང་ལྡན་པའང་ཡོད་དེ། སེམས་ཞན་པས་བར་མ་དེར་གནས་ཤིང་དགེ་མི་དགེ་བྱེད་པ་ན་རྣམ་པར་རིག་བྱེད་ཉིད་དང་ལྡན་པའི་ཕྱིར། རྣམ་པར་རིག་བྱེད་མིན་པ་དང་ལྡན་ཞིང་། རྣམ་པར་རིག་བྱེད་མིན་པའང་ཡོད་དེ། རྣམ་པར་རིག་བྱེད་བཏང་བ་དང་། དེ་མ་སྐྱེས་པའི་འཕགས་པའི་གང་ཟག་རྣམ་པར་རིག་བྱེད་མིན་པ་དང་ལྡན་པའི་ཕྱིར།

གཉིས་པ་འཐོབ་པའི་ཚུལ་ལ། རྒྱུ་གང་ལ་བརྟེན་པ་དང་། གཞི་གང་ལ་བརྟེན་པའོ། །དང་པོ་ལ། བསམ་གཏན་ཟག་མེད་ཀྱི་སྡོམ་པ་དང་། སོ་ཐར་གྱི་སྡོམ་པ་རྒྱུ་ལ་བརྟེན་ནས་ཐོབ་པ་གཉིས། དང་པོ་ནི། བསམ་གཏན་ལས་སྐྱེས་བསམ་གཏན་ནི། །ས་ཉིད་ཀྱིས་ཐོབ་ཟག་མེད་ནི། །འཕགས་དེས། ཞེས་པ་སྟེ། བསམ་གཏན་གྱི་སྡོམ་པ་ནི་བསམ་གཏན་ས་དྲུག་ཏུ་སྐྱེས་པ་ཉིད་ཀྱིས་ཐོབ་ཅིང་། འཕགས་པ་ཟག་མེད་ས་དྲུག་ཏུ་སྐྱེས་པ་དེས་ཐོབ་པའོ། །གཉིས་པ་ལ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། སོ་སོར་ཐར་ཅེས་པ། །གཞན་གྱི་རྣམ་རིག་བྱེད་སོགས་ཀྱིས། །ཞེས་པ་སྟེ། སོ་སོར་ཐར་ཅེས་བྱ་བའི་སྡོམ་པ་གང་ཟག་གཞན་གྱི་རྣམ་པར་རིག་བྱེད་སོགས་ཀྱིས་ཐོབ་སྟེ། ད་ཆོག་དང་། སྔོན་ཆོག་སོགས་ལ་བརྟེན་ནས་ཐོབ་པའི་ཕྱིར། གཉིས་པ་ལ། དུས། བསྙེན་གནས། དགེ་བསྙེན། ཆེ་ཆུང་གི་སྐྱབས་སུ་འགྲོ་བའི་རྟེན། བསླབ་བྱའི་ཁྱད་པར་ལ་དཔྱད་པ་དང་དྲུག །དང་པོ་ནི། ཇི་སྲིད་འཚོ་དང་ཉིན་ཞག་ཏུ། །སྡོམ་པ་ཡང་དག་བླང་བར་བྱ། །ཉིན་ཞག་པ་ཡི་སྡོམ་མིན་མེད། །དེ་དེ་ལྟར་ནོད་མེད་ཅེས་གྲགས། །ཞེས་པ་སྟེ། སོ་ཐར་རིགས་བདུན་ལེན་ཚུལ། སྔ་མ་རྣམས་ཚེ་ཇི་སྲིད་འཚོའི་བར་དང་། བསྙེན་གནས་ཀྱི་སྡོམ་པ་ཉིན་ཞག་གཅིིག་གིས་ཡང་དག་པར་བླང་བར་བྱ་བ་ཡིན་པས་སོ། །ཉིན་ཞག་གཅིག་པའི་སྡོམ་པ་མིན་པ་ནི་གཞན་མེད་དེ། དེ་ལྟར་ནོད་པ་མེད་ཅེས་གྲགས་པའི་ཕྱིར་རོ། །གཉིས་པ་ལ། ལེན་ཚུལ། བསླབ་བྱ། ལེན་པའི་གང་ཟག་ལ་དཔྱད་པ་དང་གསུམ། དང་པོ་ནི། དམའ་བར་འདུག་སྨྲས་བཟླས་པ་ཡིས། །མི་བརྒྱན་ནམ་ནི་ནངས་བར་དུ། །བསྙེན་གནས་ཡན་ལག་ཚང་བར་ནི། །ནངས་པར་གཞན་ལས་ནོད་པར་བྱ། །ཞེས་པ་སྟེ། བསྙེན་གནས་ཀྱི་སྡོམ་པ་དེ་ལེན་ཚུལ་གྱི་ཁྱད་པར་བཞི་ཡོད་དེ། ཀུན་སྤྱོད་ཀྱི་ཁྱད་པར་སློབ་དཔོན་ལས་བསྟན་དམའ་བར་འདུག་ཅིང་། རྒྱན་གསར་དུ་མི་འདོགས་པ། ལེན་ཚུལ་གྱི་ཁྱད་པར་གཞན་གྱིས་སྨྲས་པའི་རྗེས་ཟློས་བྱེད་པ། དུས་ཀྱི་ཁྱད་པར་ནམ་ལངས་ནས་ཉི་མ་མ་ཤར་གྱི་བར་དུ། ཡན་ལག་གི་ཁྱད་པར་བསྙེན་གནས་ཡན་ལག་བརྒྱད་ཚང་བ་ནངས་པར་ལེན་པའི་ཡུལ་སྡོམ་ལྡན་གཞན་ལས་ནོད་པར་བྱེད་དགོས་པའི་ཕྱིར་རོ། །གཉིས་པ་ནི། ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །གཞི་གཅིག་དེ་བཞིན་གསུམ་རིམ་བཞིན། །དེ་ཡིས་དྲན་ཉམས་དྲེགས་པར་འགྱུར། །ཞེས་པ་སྟེ། རྩ་བཞི་སྤོང་བ་ནི་ཚུལ་ཁྲིམས་ཀྱི་ཡན་ལག །མྱོས་འགྱུར་སྤོང་བ་གཅིག་ནི་བག་ཡོད་ཀྱི་ཡན་ལག །གར་སོགས་གསུམ་སྤོང་བ་བརྟུལ་ཞུགས་ཀྱི་ཡན་ལག་སྟེ། ཡན་ལག་དེ་རྣམས་མ་བསྲུང་ན་སྐྱོན་དུ་འགྱུར་ཏེ། ཆང་འཐུང་པས་དྲན་པ་ཉམས་པར་འགྱུར། ཁྲི་སྟན་མཐོན་པོ་དང་ཆེན་པོ་དང་། གླུ་གར་ཕྲེང་བ་རྣམས་ལ་སྤྱད་ན་རྒྱུད་དྲེགས་པར་འགྱུར་བས་སོ། །གསུམ་པ་ནི། གཞན་ལའང་བསྙེན་གནས་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་པ་སྟེ། བསྙེན་གནས་འདི་དགེ་བསྙེན་ཁོ་ན་ལ་ཡོད་པ་ནི་མ་ཡིན་ཏེ། ཁྱིམ་པ་གཞན་ལའང་བསྙེན་གནས་ཀྱི་སྡོམ་པ་སྐྱེ་བ་ཡོད་པའི་ཕྱིར། འོན་ཀྱང་དཀོན་མཆོག་གསུམ་ལ་སྐྱབས་སུ་མ་སོང་བ་ལ་ནི་མེད་དེ། སྐྱབས་འགྲོ་རྩོམ་བྱེད་དུ་བྱས་པའི་སྒོ་ནས་ཁས་ལེན་དགོས་པའི་ཕྱིར། གསུམ་པ་དགེ་བསྙེན་གྱི་ཁྱད་པར་ནི། དགེ་བསྙེན་ཉིད་དུ་ཁས་བླངས་པ། །སྡོམ་པ་བརྟན་པ་དགེ་སློང་བཞིན། །གལ་ཏེ་ཐམས་ཅད་བསྡམས་ཡིན་ན། །སྣ་གཅིག་སྤྱོད་སོགས་ཇི་ལྟ་བུ། །དེ་བསྲུང་བ་ལའང་བསྲུང་ཞེས་གྲགས། །ཞེས་པ་སྟེ། སྐྱབས་སུ་སོང་བ་ཙམ་གྱིས་དགེ་བསྙེན་གྱི་སྡོམ་པ་ཐོབ་པ་ནི་མིན་ཏེ། དགེ་བསྙེན་ཉིད་དུ་ཁས་བླངས་པ་ལས་དགེ་བསྙེན་གྱི་སྡོམ་པ་ཐོབ་པའི་ཕྱིར། འོན་ཀྱང་བསླབ་པ་བསྟན་པ་ལ་དགོས་པ་ཡོད་དེ། བླང་དོར་ཤེས་པའི་ཆེད་ཡིན་པས་སོ་སྟེ། དཔེར་ན་དགེ་སློང་གི་སྡོམ་པ་བརྗོད་པ་བཞིན་ནོ། །གལ་ཏེ་དགེ་བསྙེན་ཐམས་ཅད་སྡོམ་པས་བསྡམས་པ་ཡིན་ན། སྣ་གཅིག་སྤྱོད་པ་དང་། ཕལ་ཆེར་སྤྱོད་པ་སོགས་ཀྱི་དགེ་བསྙེན་བཤད་པ་ ཇི་ལྟ་བུ་སྙམ་པའི་སྐྱོན་ཡོད་ནི་མིན་ཏེ། དགེ་བསྙེན་ཙམ ་དུ་ཁས་བླངས་ནས་ཕྱིས་སྤང་བྱ་དེ་དག་བསྲུང་བ་ལ་སྣ་གཅིག་སྤྱོད་པ་སོགས་གསུངས་ཞེས་གྲགས་པའི་ཕྱིར་རོ། །བཞི་པ་ནི། ཆུང་ངུ་ལ་སོགས་ཡིད་ཇི་བཞིན། །ཞེས་པ་སྟེ། སྡོམ་པ་དེ་ལ་ཆུང་འབྲིང་ཆེ་གསུམ་ཡོད་དེ། ལེན་འདོད་ཀྱི་ཀུན་སློང་དེ་ལ་ཆུང་འབྲིང་ཆེན་པོའི་ཡིད་གསུམ་ཡོད་པ་ཇི་ལྟ་བ་བཞིན་དུ་སྡོམ་པ་སྐྱེ་བས་སོ། །ལྔ་པ་ནི། གང་ཞིག་གསུམ་ལ་སྐྱབས་འགྲོ་དེ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་པ་སྟེ། གང་ཟག་འགའ་ཞིག་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཡུལ་ནི། སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་དང་། དགེ་འདུན་དུ་བྱེད་པའི་ཆོས་སློབ་མི་སློབ་གཉིས་ཀ་དང་། ཆོས་སུ་བྱེད་པའི་ཆོས་མྱ་ངན་ལས་འདས་པ་ལ་སྐྱབས་སུ་འགྲོ་བའོ། །གཟུགས་ཕུང་ནི་ཟག་བཅས་ཡིན་པས་སངས་རྒྱས་དཀོན་མཆོག་མིན་ཡང་སངས་རྒྱས་སུ་འདོད་དེ། འགྲེལ་པ་ལས། སངས་རྒྱས་སུ་བྱེད་པའི་ཆོས་ཞེས་འབྱུང་སྟེ་རྟེན་སངས་རྒྱས་ཉིད་དུ་མ་བཀག་པས་དེའི་ཀླན་ཀར་མི་འགྱུར་བ་ཉིད་དོ། །ཞེས་སོ། །དྲུག་པ་ནི། ལོག་གཡེམ་ཤིན་ཏུ་སྨད་ཕྱིར་དང་། །སླ་ཕྱིར་མི་བྱེད་ཐོབ་ཕྱིར་རོ། །སྡོམ་པ་ཇི་ལྟར་ཁས་བླངས་བཞིན། །ཐོབ་ཀྱི་རྒྱུད་ལས་མ་ཡིན་ནོ། །བསླབ་པ་ཐམས་ཅད་འདས་གྱུར་ན། །རྫུན་དུ་ཐལ་བར་འགྱུར་བའི་ཕྱིར། །བཅས་པའི་ཁ་ན་མ་ཐོ་བ། །མྱོས་འགྱུར་ལས་གཞན་བསྲུང་ཕྱིར་རོ། །ཞེས་པ་སྟེ། དགེ་བསྙེན་གྱི་བསླབ་པའི་ཡན་ལག་ལོག་གཡེམ་འཇོག་པའི་རྒྱུ་མཚན་ཡོད་དེ། དེ་ནི་འཇིག་རྟེན་ན་ཤིན་ཏུ་སྨད་པའི་ཕྱིར་དང་། འཕགས་པ་རྣམས་ཀྱིས་ཚེ་རབས་གཞན་དུའང་མི་བྱེད་པ་ཐོབ་པའི་ཕྱིར། དགེ་བསྙེན་གྱིས་ཆུང་མ་བླངས་ན་སྡོམ་པ་གཏོང་བར་མི་འགྱུར་ཏེ། དགེ་བསྙེན་གྱི་སྡོམ་པ་ནི་འདོད་པས་ལོག་པར་གཡེམ་པ་སྤོང་བ་ཞེས་ཇི་ལྟར་ཁས་བླངས་པ་བཞིན་ཐོབ་ཀྱི། མི་ཚངས་སྤྱོད་སྤང་དགོས་པ་དེར་མ་བཤད་པས་སོ། །ངག་གི་ཉེས་སྤྱོད་རྣམས་ཀྱི་ནང་ནས་རྫུན་སྤོང་བ་དགེ་བསྙེན་གྱི་བསླབ་པའི་ཡན་ལག་ཏུ་བཞག་པ་ལ་རྒྱུ་མཚན་ཡོད་དེ། བསླབ་པའི་ཡན་ལག་ཐམས་ཅད་ལས་འདས་ཤིང་བྲལ་བར་གྱུར་ཀྱང་དེ་ལྟར་མ་བྱས་སོ་ཞེས་རྫུན་དུ་ཐལ་བར་འགྱུར་བ་དེ་དག་དགག་པའི་ཆེད་ཡིན་པའི་ཕྱིར། བཅས་པའི་ཁ་ན་མ་ཐོ་བ་རྣམས་ལས་མྱོས་འགྱུར་སྤོང་བ་དགེ་བསྙེན་གྱི་བསླབ་པའི་ཡན་ལག་ཏུ་བཞག་པ་ལ་རྒྱུ་མཚན་ཡོད་དེ། མྱོས་འགྱུར་སྤངས་བ་ལས་ཡན་ལག་གཞན་རྣམས་བསྲུངས་པའི་གྲངས་སུ་འགྱུར་བའི་ཕྱིར་ཏེ། འདུལ་བ་འཛིན་པ་རྣམས་མྱོས་པར་འགྱུར་བ་འཐུང་པ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ཏེ། ཤཱཀྱ་ནད་པ་རྣམས་ལ་ཡང་མྱོས་འགྱུར་འཐུང་བ་མ་གནང་བ་དང་དགེ་སློང་དག་ང་སྟོན་པ་ཡིན་པར་སྨྲ་བ་རྣམས་ཀྱིས་མྱོས་པར་འགྱུར་བ་རྩའི་རྩེ་མོས་ཀྱང་བཏུང་བར་མི་བྱའོ། །ཞེས་གསུངས་ཞེས་འཆད་དོ། །གཉིས་པ་གཞི་གང་ལ་བརྟེན་ནས་ཐོབ་པ་ལ། སྡོམ་པ། སྡོམ་མིན། བར་མ་དང་གསུམ། དང་པོ་ལ། སོ་ཐར་གྱི་སྡོམ་པ་དང་། བསམ་གཏན་ཟག་མེད་ཀྱི་སྡོམ་པ་གཉིས། དང་པོ་ནི། འདོད་གཏོགས་ཐམས་ཅད་གཉིས་ཀ་དང་། །ད་ལྟར་དག་ལས་འཐོབ་པར་འགྱུར། །ཞེས་པ་སྟེ། འདོད་པར་གཏོགས་པའི་སོ་ཐར། སྦྱོར་དངོས་ཐམས་ཅད་དང་། གཞི་སེམས་ཅན་དང་སེམས་ཅན་མ་ཡིན་པ་གཉིས་ཀ་དང་། དུས་ད་ལྟར་གྱི་ཕུང་ཁམས་སྐྱེ་མཆེད་དག་ལས་འཐོབ་པར་འགྱུར་བས་སོ། །གཉིས་པ་ནི། བསམ་གཏན་ཟག་མེད་སྡོམ་པ་ནི། །དངོས་དང་དུས་ནི་ཐམས་ཅད་ལས། །སྡོམ་པ་སེམས་ཅན་ཐམས་ཅད་ལས། །ཡན་ལག་རྒྱུ་ལ་དབྱེ་བ་ཡོད། །ཅེས་པ་སྟེ། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་ལས་ལམ་གྱི་དངོས་གཞི་དང་། དུས་ནི་གསུམ་པོ་ཐམས་ཅད་ཀྱི་ཕུང་ཁམས་སྐྱེ་མཆེད་ལས་ཐོབ་པའོ། །སོ་ཐར་གྱི་སྡོམ་པ་ནི་སེམས་ཅན་ཁ་ཡར་ཙམ་ལ་ཐོབ་པ་མིན་ཏེ། ཡུལ་སེམས་ཅན་ཐམས་ཅད་ལས་ཐོབ་པའི་ཕྱིར། སོ་ཐར་དེ་ཐོབ་པའི་ཡན་ལག་དང་རྒྱུ་ལ་དབྱེ་བ་ཡོད་དེ། དགེ་སློང་གི་སྡོམ་པ་ནི་ཡན་ལག་ཐམས་ཅད་ལས་ཐོབ། སོ་ཐར་ལྷག་མ་རྣམས་ནི་ཡན་ལག་འགའ་ཞིག་ལས་ཐོབ། རྒྱུ་ལའང་ཆུང་འབྲིང་གི་དབྱེ་བ་ཡོད་པའོ། །གཉིས་པ་ནི། སྡོམ་པ་མིན་པ་ཐམས་ཅད་དང་། །ཡན་ལག་ཀུན་ལས་རྒྱུས་མིན་ནོ། །སྡོམ་པ་ཡིན་པ་བྱ་བའམ། །ཁས་ལེན་པ་ལས་ཐོབ་པར་འགྱུར། །ཞེས་པ་སྟེ། སྡོམ་མིན་དེ་ཡུལ་སེམས་ཅན་ཐམས་ཅད་དང་། ཡན་ལག་ཀུན་ལས་རྒྱུས་འཐོབ་པ་མིན་ཏེ། བཤན་པ་སོགས་ཀྱི་རིགས་སུ་སྐྱེས་པ་ནི། སྲོག་གཅོད་ལ་སོགས་པའི་བྱ་བ་ལ་ཞུགས་པའམ་དེའི་རིགས་སུ་མ་སྐྱེས་ཀྱང་། བདག་སྲོག་གཅོད་པས་འཚོ་བར་བྱའོ་ཞེས་ཁས་ལེན་པ་ལས་ཐོབ་པར་འགྱུར་བའི་ཕྱིར། གསུམ་པ་ནི། ལྷག་མའི་རྣམ་རིག་མིན་ཞིང་དང་། །ལེན་དང་གུས་པར་བྱེད་པས་ཐོབ། །ཅེས་པ་སྟེ། སྡོམ་པ་དང་སྡོམ་མིན་གྱི་ལྷག་མ་བར་མའི་དགེ་བ་རྣམ་པར་རིག་བྱེད་ཐོབ་ཚུལ་ནི། ཀུན་དགའ་ར་བ་འབུལ་བ་སོགས་ཞིང་དཀོན་མཆོག་ལ་ཕྱག་མ་བྱས་པར་ཟས་མི་ཟ་ཞེས་ཁས་ལེན་པ་དང་། ཕྱག་འཚལ་བ་ལ་སོགས་པའི་གུས་པར་བྱེད་པ་ལས་ཐོབ་པའོ། །གསུམ་པ་གཏོང་བའི་རྒྱུ་ལ། སྡོམ་པ། སྡོམ་མིན། བར་མ། ཞར་ལ་གཟུགས་ཅན་མིན་པ་གཞན་གཏོང་བའི་རྒྱུ་དང་བཞི། དང་པོ་ལ། སོ་ཐར་དང་། བསམ་གཏན་ཟག་མེད་ཀྱི་སྡོམ་པ་གཏོང་བའི་རྒྱུ་གཉིས། དང་པོ་ནི། བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་དག་ནི་བྱུང་བ་དང་། །རྩ་བ་ཆད་དང་མཚན་འདས་ལས། །སོ་སོར་ཐར་པའི་འདུལ་བ་གཏོང་། །ཁ་ཅིག་ལྟུང་བར་འགྱུར་ལས་སྨྲ། །གཞན་དག་དམ་ཆོས་ནུབ་པ་ལས། །ཁ་ཆེ་རྣམས་ནི་བྱུང་བ་ལ། །བུ་ལོན་ནོར་བཞིན་གཉིས་སུ་འདོད། །ཅེས་པ་སྟེ། སོ་སོ་ཐར་པའི་འདུལ་བ་སྟེ་སྡོམ་པ་ནི་གཏོང་བའི་ཚུལ་ཡོད་དེ། བརྡའ་འཕྲོད་པའི་ཡུལ་ལ་བསླབ་པ་བསམ་པ་ཐག་པ་ནས་ཕུལ་བ་དང་། ཤི་འཕོས་པ་དང་མཚན་གཉིས་ཅིག་ཅར་དུ་བྱུང་བ་དང་། དགེ་རྩ་ཆད་པས་གཏོང་བའི་ཕྱིར། དང་པོ་གྲུབ་སྟེ། སྡོམ་པའི་མི་མཐུན་ཕྱོགས་གྲུབ་པས་སོ། །གཉིས་པ་གྲུབ་སྟེ། སྡོམ་པའི་རྟེན་བོར་བའི་ཕྱིར། གསུམ་པ་གྲུབ་སྟེ། སྡོམ་པའི་རྟེན་ཉམས་པའི་ཕྱིར། བཞི་པ་གྲུབ་སྟེ། སྡོམ་པའི་རྟེན་གཞི་མེད་པའི་ཕྱིར། བསྙེན་གནས་ཀྱི་སྡོམ་པ་གཏོང་རྒྱུ་ལྔ་ཡོད་དེ། སྔ་མ་བཞིའི་སྟེང་དུ་མཚན་མོ་འདས་པ་ན་གཏོང་བའི་ཕྱིར། མདོ་སྡེ་པ་ཁ་ཅིག་ན་རེ། དགེ་སློང་གི་སྡོམ་པ་ཡང་གཏོང་རྒྱུ་ལྔ་ཡོད་དེ། སྔ་མ་བཞིའི་སྟེང་དུ་རྩ་ལྟུང་བྱུང་བར་གྱུར་པ་ལས་གཏོང་བའི་ཕྱིར། ཞེས་སྨྲ། དངོས་སྨྲ་བའི་སྡེ་པ་གཞན་དག་ན་རེ། ཡོད་དེ། སྔ་མ་བཞིའི་སྟེང་དུ་དམ་ཆོས་ནུབ་པ་ལས་གཏོང་བའི་ཕྱིར་ཟེར། ཐོགས་མེད་སྐུ་མཆེད་ནི། ལུང་གི་དམ་ཆོས་ནུབ་པའི་ཚེ། སྡོམ་པ་སྔར་མེད་གསར་དུ་མི་སྐྱེ་ཡང་། སྔར་ཡོད་གཏོང་བ་མིན་ཏེ། ལུང་གི་དམ་ཆོས་ནུབ་པས་རྟོགས་པའི་དམ་ཆོས་ནུབ་པའི་ངེས་པ་མེད་པའི་ཕྱིར། ཁ་ཆེ་བྱེ་བྲག་སྨྲ་བ་རྣམས་ནི། རྩ་ལྟུང་གང་རུང་ག །ཅིག་བྱུང་ཡང་གཞན་རྣམས་མ་བྱུང་ན་སྡོམ་པ་ཟད་པར་གཏོང་བ་མིན་ཏེ། དེ་ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་འཆལ་གཉིས་སུ་འདོད་པའི་ཕྱིར། དཔེར་ན་མི་འགའ་ཞིག་ལ་ནོར་ཡང་ཡོད་ཅིང་། བུ་ལོན་ཡང་ཆགས་ན་དེ་ནོར་ཅན་དང་བུ་ལོན་ཅན་གཉིས་ཀ་ཡིན་པ་མཚུངས་པའི་ཕྱིར། དེས་བུ་ལོན་གཞལ་ཟིན་པ་དང་། ཅིག་ཤོས་ཀྱི་ལྟུང་བ་བཤགས་ཟིན་པ་མཚུངས་པའི་ཕྱིར་ཟེར་རོ། །གཉིས་པ་ནི། བསམ་གཏན་གཏོགས་པའི་དགེ་བ་ནི། །ས་འཕོས་ཉམས་པ་དག་གིས་གཏོང་། །དེ་བཞིན་གཟུགས་མེད་གཏོགས་འཕགས་པ། །འབྲས་བུ་ཐོབ་སྦྱངས་ཉམས་པ་ལས། །ཞེས་པ་སྟེ། བསམ་གཏན་གཏོགས་པའི་དགེ་བ་བསམ་གཏན་གྱི་སྡོམ་པ་གཏོང་བའི་རྒྱུ། གོང་ས་ལས་འོག་སར་འཕོ་བ་དང་། སྙོམས་འཇུག་ལས་ཉམས་པ་དག་གིས་གཏོང་བར་འགྱུར་བས་སོ། །གཟུགས་མེད་དུ་གཏོགས་པའི་དགེ་བ་ཡང་ཆོས་མཚུངས་སོ། །འཕགས་པ་ཟག་མེད་ཀྱི་སྡོམ་པ་གཏོང་བའི་རྒྱུ་གསུམ་ཡོད་དེ། འབྲས་བུ་གསར་དུ་ཐོབ་པ་དང་། དབང་པོ་སྦྱང་པ་དང་། ཉམས་པ་ལས་གཏོང་བར་གྱུར་བས་སོ། །གཉིས་པ་ནི། སྡོམ་མིན་སྡོམ་པ་ཐོབ་པ་དང་། །ཤི་དང་མཚན་གཉིས་བྱུང་བ་ལས། །ཞེས་པ་སྟེ། སྡོམ་མིན་གྱི་རྣམ་པར་རིག་བྱེད་གཏོང་རྒྱུ་གསུམ་ཡོད་དེ། གཉེན་པོ་སྡོམ་པ་ཐོབ་པ་དང་། རྟེན་དེ་ཤི་འཕོས་པ་དང་། རྟེན་དེ་མཚན་གཉིས་ཅིག་ཅར་དུ་བྱུང་བ་ལས་གཏོང་བའི་ཕྱིར། དང་པོ་གྲུབ་སྟེ། གཉེན་པོ་སྟོབས་དང་ལྡན་པའི་ཕྱིར། གཉིས་པ་གྲུབ་སྟེ། ལུས་བོར་བའི་ཕྱིར། གསུམ་པ་གྲུབ་སྟེ། ལུས་རྟེན་ཉམས་པའི་ཕྱིར། གསུམ་པ་ནི། བར་མ་ཤུགས་བླང་བྱ་བ་དང་། །དོན་ཚེ་རྩ་བ་ཆད་པ་ལས། །ཞེས་པ་སྟེ། བར་མའི་དགེ་བ་གཏོང་བའི་རྒྱུ་དྲུག་ཡོད་དེ། དགེ་བ་དེ་བྱ་བའི་ཤུགས་ཆད་པ་དང་། བདག་མི་བྱེད་དོ་ཞེས་ཁས་བླང་ཆད་པ་དང་། བྱ་བ་དེ་རྒྱུན་ཆད་པ་དང་། ཀུན་དགའ་ར་བ་ཞིག་པ་སོགས་དོན་ཆད་པ་དང་། ཚེ་ཆད་པ་དང་། དགེ་བའི་རྩ་བ་ཆད་པ་ལས་གཏོང་བས་སོ། །བཞི་པ་ནི། འདོད་གཏོགས་དགེ་བ་གཟུགས་མིན་ནི། །རྩ་ཆད་གོང་དུ་སྐྱེས་པ་ལས། །ཉོན་མོངས་པ་ཅན་གཟུགས་མིན་ནི། །གཉེན་པོ་སྐྱེས་པས་རྣམ་ཉམས་འགྱུར། །ཞེས་པ་སྟེ། འདོད་པར་གཏོགས་པའི་དགེ་བ་གཟུགས་ཅན་མ་ཡིན་པ་ནི། གཏོང་བའི་རྒྱུ་གཉིས་ཡོད་དེ། དགེ་རྩ་ཆད་པ་དང་། གོང་མར་སྐྱེས་པ་ལས་གཏོང་བར་འགྱུར་བའི་ཕྱིར། ཉོན་མོངས་ཅན་གཟུགས་ཅན་མིན་པའི་གཏོང་རྒྱུ་ནི། རང་གི་ངོ་སྐལ་གྱི་གཉེན་པོ་སྐྱེས་པས་རྣམ་པར་ཉམས་པར་འགྱུར་བའི་ཕྱིར་རོ། །

བཞི་པ་ལྡན་པའི་གང་ཟག་ལ། སྡོམ་མིན་དང་། སྡོམ་པ་དང་ལྡན་པའི་གང་ཟག་གཉིས། དང་པོ་ནི། ཟ་མ་མ་ནིང་སྒྲ་མི་སྙན། །མཚན་གཉིས་མ་གཏོགས་མི་རྣམས་ལ། །སྡོམ་མིན་སྡོམ་པའང་དེ་བཞིན་ལ། །ཞེས་པ་སྟེ། མཚན་གཏན་ནས་མེད་པའི་ཟ་མ་དང་། ཡོད་ཀྱང་དོན་བྱེད་མི་ནུས་པའི་མ་ནིང་དང་། མཚན་གཉིས་ཅིག་ཅར་དུ་བྱུང་བ་དང་། བྱང་སྒྲ་མི་སྙན་པ་མ་གཏོགས་པའི་གླིང་གསུམ་གྱི་མི་རྣམས་སྡོམ་མིན་དང་སྡོམ་པའི་ཡང་རྟེན་དུ་རུང་སྟེ། དེ་གཉིས་སྐྱེ་རུང་བས་སོ། །གཉིས་པ་ནི། ལྷ་ལའང་མི་རྣམས་ལ་གསུམ་མོ། །འདོད་དང་གཟུགས་སྐྱེས་ལྷ་རྣམས་ལ། །བསམ་གཏན་སྐྱེས་ཡོད་ཟག་མེད་ནི། །བསམ་གཏན་ཁྱད་པར་འདུ་ཤེས་མེད། །སེམས་ཅན་མ་གཏོགས་གཟུགས་མེད་ནའང་། །ཞེས་པ་སྟེ། ལྷ་ལའང་སྡོམ་པ་ཡོད་དེ། བསམ་གཏན་གྱི་སྡོམ་པ་ཡོད་པའི་ཕྱིར། མི་ལའང་སྡོམ་པ་གསུམ་ཡོད་དེ། སོ་ཐར། བསམ་གཏན། ཟག་མེད་གསུམ་ཡོད་པའི་ཕྱིར། བསམ་གཏན་ལས་སྐྱེས་པའི་བསམ་གཏན་གྱི་སྡོམ་པའི་རྟེན་འདོད་པ་དང་གཟུགས་ཁམས་སུ་སྐྱེས་པའི་ལྷ་རྣམས་ལ་ཡོད་པའོ། །ཟག་མེད་ཀྱི་སྡོམ་པའི་རྟེན་བསམ་གཏན་ཁྱད་པར་ཅན་དང་འདུ་ཤེས་མེད་པའི་སེམས་ཅན་མ་གཏོགས་པ་གཟུགས་མེད་ཁམས་ནའང་ཡོད་པའི་ཕྱིར་རོ། །

གཉིས་པ་མདོ་ནས་གསུངས་པའི་ལས་ཀྱི་རྣམ་གྲངས་ལ། ཐུན་མོང་དུ་བཤད་པ་དང་། སོ་སོར་བཤད་པ་གཉིས། དང་པོ་ལ། རྒྱུ་འབྲས་ཀྱི་སྒོ་ནས་དབྱེ་བ་དང་། ལས་ཀྱི་རྣམ་གྲངས་དུ་མ་བསྟན་པ། ལས་གང་གིས་འབྲས་བུ་གང་འགྲུབ་ཚུལ། ལས་ཀྱི་རྣམ་གྲངས་གཞན་བཤད་པའོ། །དང་པོ་ལ། འབྲས་བུའི་སྒོ་ནས། རྒྱུའི་སྒོ་ནས། རྒྱུ་འབྲས་གཉིས་ཀའི་སྒོ་ནས་དབྱེ་བ་དང་གསུམ། དང་པོ་ལ། དགེ་སོགས་གསུམ་དུ་དབྱེ་བ། བསོད་ནམས་སོགས་གསུམ་དུ་དབྱེ་བ། མྱོང་འགྱུར་ལས་ཀྱི་ཁྱད་པར་བསྟན་པའོ། །དང་པོ་ནི། ལས་བདེ་མི་བདེ་དང་གཞན་ནི། །དགེ་དང་མི་དགེ་དང་གཞན་ཡིན། །ཞེས་པ་སྟེ། དགེ་བ་ཟག་བཅས་ཀྱི་ལས་བདེ་བ་ཡིན་ཏེ། རྣམ་སྨིན་བདེ་བ་འབྱིན་བྱེད་ཡིན་པས་སོ། །ཆགས་སོགས་མི་དགེ་བའི་ལས་མི་བདེ་བ་ཡིན་ཏེ། རྣམ་སྨིན་སྡུག་བསྔལ་འབྱིན་བྱེད་ཡིན་པས་སོ། །གཞན་སྤྱོད་ལམ་ལ་སོགས་པའི་ལས། བདེ་མི་བདེ་ལས་གཞན་ཡིན་ཏེ། རྣམ་སྨིན་བདེ་སྡུག་གང་ཡང་འབྱིན་མི་ནུས་པས་སོ། །གཉིས་པ་ནི། བསོད་ནམས་བསོད་ནམས་མིན་མི་གཡོ། །ཞེས་པ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། བསོད་ནམས་བསོད་ནམས་མིན་མི་གཡོ། །ཞེས་པ་སྟེ། དེ་ལ་གསུམ། བསོད་ནམས་ཀྱི་ལས། དེ་མ་ཡིན་པའི་ལས། མི་གཡོ་བའི་ལས་གསུམ་ཡོད་པའོ། །གཉིས་པ་ནི། འདོད་ཁམས་ཀྱི་དགེ་བའི་ལས་བསོད་ནམས་ཀྱི་ལས་ཡིན་ཏེ། དཀར་པོའི་ངོ་བོར་ལུང་དུ་བསྟན་པའི་ལས་ཡིན་པས་སོ། །ཁམས་གོང་མར་སྐྱེས་པའི་དགེ་ལས་ནི་མི་གཡོ་བའི་ལས་ཡིན་ཏེ། གང་གི་ཕྱིར་ན་རང་གི་ས་དེ་དག་ཏུ་ལས་རང་གི་རྣམ་སྨིན་སྨིན་པའི་ཕྱིར་དང་། འབྲས་བུ་གཞན་དུ་མི་གཡོ་བས་སོ། །གསུམ་པ་ལ། མྱོང་འགྱུར་གསུམ་དུ་དབྱེ་བ། དེ་ལྔར་དབྱེ་བ། ལས་ངེས་མ་ངེས་ཀྱི་ཁྱད་པར་བཤད་པ་དང་གསུམ། དང་པོ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། བདེ་བ་མྱོང་འགྱུར་ལ་སོགས་གསུམ། །ཞེས་པ་སྟེ། ལས་དེ་ལ་བདེ་བ་མྱོང་འགྱུར་དང་། ལ་སོགས་པའི་ཁོངས་ནས་སྡུག་བསྔལ་མྱོང་འགྱུར་དང་། བཏང་སྙོམས་མྱོང་འགྱུར་གསུམ་དུ་ཡོད་པའོ། །གཉིས་པ་ནི། བསོད་ནམས་འདོད་ཁམས་དགེ་བའི་ལས། །མི་གཡོ་གོང་མ་ལས་སྐྱེས་པའི། །གང་ཕྱིར་ས་ནི་དེ་དག་ཏུ། །ལས་རྣམས་སྨིན་ཕྱིར་མི་གཡོའི་ཕྱིར། །བསམ་གཏན་གསུམ་པའི་བར་དགེ་བ། །བདེ་བ་མྱོང་འགྱུར་དེ་ཡན་ཆད། །སྡུག་མིན་བདེ་མིན་མྱོང་འགྱུར་བ། །སྡུག་བསྔལ་མྱོང་འགྱུར་འདིའི་མི་དགེ། འོག་ནའང་བར་མ་ཡོད་དོ་ཞེས། །ཁ་ཅིག་ཟེར་ཏེ་གང་གི་ཕྱིར། །བསམ་གཏན་ཁྱད་པར་རྣམ་སྨིན་ལས། །སྔ་ཕྱི་མེད་གསུམ་སྨིན་འདོད་ཕྱིར། །ཞེས་པ་སྟེ། འདོད་ཁམས་ནས་བསམ་གཏན་གསུམ་པའི་བར་གྱི་དགེ་བ་ནི་བདེ་བ་མྱོང་འགྱུར་གྱི་ལས་ཡིན་ཏེ། ཚོར་བ་བདེ་བ་འདྲེན་པའི་ལས་ཡིན་པའི་ཕྱིར། བསམ་གཏན་གསུམ་པ་དེ་ཡན་ཆད་ཀྱི་དགེ་བའི་ལས་ནི། སྡུག་མིན་བདེ་མིན་མྱོང་འགྱུར་གྱི་ལས་ཡིན་ཏེ། བཏང་སྙོམས་མྱོང་འགྱུར་གྱི་ལས་ཡིན་པའི་ཕྱིར། འདོད་ཁམས་འདིའི་མི་དགེ་བ་ནི། སྡུག་བསྔལ་མྱོང་འགྱུར་གྱི་ལས་ཡིན་ཏེ། འབྲས་བུ་ཡིད་དུ་མི་འོང་བ་འབྱིན་བྱེད་ཀྱི་ལས་ཡིན་པའི་ཕྱིར། བསམ་གཏན་བཞི་པའི་འོག་ནའང་བར་མ་བཏང་སྙོམས་མྱོང་འགྱུར་གྱི་ལས་ཡོད་པར་ཐལ། གང་གི་ཕྱིར་ན་བསམ་གཏན་ཁྱད་པར་ཅན་གྱི་རྣམ་སྨིན་ལས་ཡོད་པར་འགྱུར་བའི་ཕྱིར་ཞེས་མངོན་པ་བ་ཁ་ཅིག་ཟེར་བ་མི་འཐད་དེ། དེ་ལྟར་ན་སྔ་ཕྱི་མེད་པར་རྒྱུད་གཅིག་ལ་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་སྨིན་པར་འདོད་དེ། བདེ་བ་མྱོང་འགྱུར་གཟུགས། སྡུག་བསྔལ་མྱོང་འགྱུར་སེམས་དང་སེམས་བྱུང་། བཏང་སྙོམས་མྱོང་འགྱུར་ནི་ལྡན་མིན་འདུ་བྱེད་ཅེས་མདོ་ལས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། ངོ་བོ་ཉིད་དང་མཚུངས་ལྡན་དང་། །དམིགས་པ་དང་ནི་རྣམ་སྨིན་དང་། །མངོན་སུམ་དུ་ནི་གྱུར་བ་ལས། །མྱོང་འགྱུར་རྣམ་པ་ལྔ་ཡིན་ནོ། །ཞེས་པ་སྟེ། མྱོང་འགྱུར་རྣམ་པ་ལྔ་ཡོད་དེ། ངོ་བོ་ཉིད་ཀྱིས། མཚུངས་ལྡན་གྱིས། དམིགས་པས། རྣམ་སྨིན་གྱིས་མྱོང་བར་འགྱུར་བ་དང་། མངོན་སུམ་དུ་གྱུར་བའི་མྱོང་འགྱུར་རྣམས་སུ་ཡོད་པས་སོ། །གསུམ་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ཡང་ངེས་དང་མ་ངེས་དང་། །ཞེས་པ་སྟེ། བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་ལས་དེ་ཡང་གཉིས་སུ་ཡོད་དེ། ངེས་པའི་ལས་དང་མ་ངེས་པའི་ལས་གཉིས་སུ་ཡོད་པའི་ཕྱིར། གཉིས་པ་ལ། སྤྱིར་བསྟན་པ། ཁྱད་ཆོས་སོ་སོར་བཤད་པ། མྱོང་ངེས་བྱེ་བྲག་ཏུ་བཤད་པ་དང་གསུམ། དང་པོ་ནི། མཐོང་བའི་ཆོས་ལ་སོགས་པ་ལ། །མྱོང་འགྱུར་ཕྱིར་ན་ངེས་རྣམ་གསུམ། །ཁ་ཅིག་ལས་རྣམ་ལྔ་ཞེས་ཟེར། །གཞན་དག་མུ་ནི་བཞི་ཞེས་ཟེར། །ཞེས་པ་སྟེ། མངོན་སུམ་དུ་མྱོང་བར་འགྱུར་བའི་ལས་རྣམ་པ་གསུམ་དུ་ཡོད་དེ། ཚེ་འདིར་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་དང་། ལ་སོགས་པ། སྐྱེ་བ་ཕྱི་མར་མྱོང་བར་འགྱུར་བ། སྐྱེས་ནས་མྱོང་འགྱུར་དང་། ཡང་ཕྱི་མ་ལ་མྱོང་འགྱུར་ལན་གྲངས་:ནས་༼གཞན་ལ་༽མྱོང་འགྱུར་རྣམས་སུ་ཡོད་པའི་ཕྱིར། སྡེ་པ་ཁ་ཅིག་ན་རེ། ལས་དེ་ལ་རྣམ་པ་ལྔ་ཡོད་དེ། སྔ་མ་གསུམ་གྱི་སྟེང་དུ་ངེས་མ་ངེས་རྣམས་སུ་ཡོད་པའི་ཕྱིར་ཞེས་ཟེར། དཔེ་སྟོན་སྡེ་པ་གཞན་དག་ན་རེ། མུ་ནི་བཞི་ཡོད་དེ། རྣམ་སྨིན་ངེས་ལ་གནས་སྐབས་མ་ངེས་པ། དེ་ལས་ཟློག་པ། གཉིས་ཀ་ངེས་པ། གཉིས་ཀ་མ་ངེས་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། གསུམ་གྱིས་རིས་ནི་འཕེན་པར་བྱེད། །ཐམས་ཅད་ན་ནི་འཕེན་པ་བཞི། །དམྱལ་བ་ན་ནི་དགེ་བའི་གསུམ། །གང་ལས་འདོད་ཆགས་བྲལ་བརྟན་པའི། །བྱིས་པ་དེ་སྐྱེ་མྱོང་མི་བྱེད། །འཕགས་པ་གཞན་དུའང་མྱོང་མི་བྱེད། །འདོད་རྩེའི་མི་བརྟན་པའང་མིན། །སྲིད་པ་བར་མ་འདོད་ཁམས་སུ། །འཕེན་པ་རྣམ་པ་ཉི་ཤུ་གཉིས། །དེ་ནི་མཐོང་ཆོས་འབྲས་བུ་ཡིན། །དེ་ནི་རིས་གཅིག་ཁོ་ན་ཡིན། །ཞེས་པ་སྟེ། ལན་གྲངས་གཞན་ལ་མྱོང་འགྱུར་དང་། སྐྱེས་ནས་མྱོང་འགྱུར་དང་། མ་ངེས་པའི་ལས་གསུམ་པོ་རང་གི་རིས་ཀྱིས་འཕེན་པར་བྱེད་དེ། རང་གི་སར་རང་ཉིད་གྲུབ་པས་སོ། །ཁམས་གསུམ་པོ་ཐམས་ཅད་ན་ནི་ལས་ཀྱི་འཕེན་པ་བཞི་ཡོད་དེ། མཐོང་ཆོས་དང་། སྐྱེས་ནས་དང་། ལན་གྲངས་གཞན་ལ་མྱོང་འགྱུར་དང་། མ་ངེས་པའི་ལས་རྣམས་སུ་ཡོད་པའི་ཕྱིར། དམྱལ་བ་ན་ནི་དགེ་བའི་ལས་རྣམས་ཀྱི་འཕེན་པ་གསུམ་ཡོད་དེ། མཐོང་ཆོས་ལ་མྱོང་འགྱུར་མ་གཏོགས་པ་ཡོད་པའི་ཕྱིར། ས་གང་ལས་འདོད་ཆགས་དང་བྲལ་བར་བརྟན་པར་བྱས་པའི་བྱིས་པ་སོ་སོའི་སྐྱེ་བོ། དེར་སྐྱེས་ནས་མྱོང་བར་འགྱུར་བའི་ལས་མི་བྱེད་དེ། དེ་མི་གསོག་པའི་ཕྱིར། ས་གང་ལས་འདོད་ཆགས་དང་བྲལ་བར་བརྟན་པར་བྱས་པའི་འཕགས་པ་ཡང་ལན་གྲངས་གཞན་དུ་མྱོང་འགྱུར་གྱི་ལས་མི་བྱེད་དེ། དེ་མི་གསོག་པའི་ཕྱིར། འདོད་ཁམས་དང་སྲིད་རྩེའི་འདོད་ཆགས་དང་བྲལ་བ་མི་བརྟན་པ་ཉམས་པའི་ཆོས་ཅན་གྱི་འཕགས་པ་ཡང་། ས་དེར་མྱོང་འགྱུར་གྱི་ལས་བྱེད་པ་མིན་ཏེ། དེ་མི་གསོག་པའི་ཕྱིར། བར་མ་དོ་ན་ཡང་ལས་འཕེན་པ་ཡོད་དེ། སྲིད་པ་བར་མ་ལ་གནས་པའི་གང་ཟག་དེ་འདོད་ཁམས་སུ་འཕེན་བྱེད་ཀྱི་ལས་གསོག་པ་ནི། བར་དོ་དང་མངལ་གྱི་གནས་སྐབས་ལྔ། བཙས་པའི་གནས་སྐབས་ལྔ། དེ་རེ་རེ་ལ་ངེས་མ་ངེས་གཉིས་གཉིས་ཏེ་རྣམ་པ་ཉི་ཤུ་རྩ་གཉིས་འཕེན་པར་བྱེད་པའི་ཕྱིར། སྲིད་པ་བར་མའི་ལས་ངེས་པ་བཅུ་གཅིག་བཤད་པ་གང་ཡིན་པ་དེ་ནི། མཐོང་བའི་ཆོས་ལ་མྱོང་ངེས་ཀྱི་འབྲས་བུ་ཡིན་ཏེ། དེ་ནི་འཕེན་བྱེད་ཀྱི་ལས་གཅིག་གིས་འཕངས་པའི་འབྲས་བུ་རིས་གཅིག་ཁོ་ནར་ངེས་པའི་ཕྱིར། གསུམ་པ་ལ། མྱོང་འགྱུར་སྤྱིར་བསྟན་པ། མཐོང་ཆོས་ལ་མྱོང་ངེས་བྱེ་བྲག་ཏུ་བཤད་པ། ཞར་བྱུང་གི་དོན་དང་གསུམ། དང་པོ་ནི། ཉོན་མོངས་རབ་དང་དྲག་པོ་དང་། །ཡོན་ཏན་ཞིང་དང་རྒྱུན་ཆགས་སུ། །བྱས་པ་གང་ཞིག་ཡིན་པ་དང་། །ཕ་མ་གསོད་གང་དེ་ངེས་སོ། །ཞེས་པ་སྟེ། ངེས་པའི་ལས་དྲུག་ཏུ་ཡོད་དེ། ཉོན་མོངས་པ་དྲག་པོས་བྱས་པ་དང་། རབ་ཏུ་དང་བ་དྲག་པོས་བྱས་པ་དང་། ཡོན་ཏན་གྱི་ཞིང་དཀོན་མཆོག་སོགས་ལ་ཕན་གནོད་བྱས་པ་དང་། དུས་རྒྱུན་ཆགས་སུ་བྱས་པ་གང་ཞིག་ཡིན་པ་དང་། ཕ་མ་གསོད་པ་ལ་སོགས་པའི་ལས་གང་ཡིན་པ་དེ་དག་ནི་མྱོང་བར་ངེས་པའི་ལས་ཡིན་པས་སོ། །གཉིས་པ་ནི། མཐོང་ཆོས་འབྲས་བུ་ཅན་གྱི་ལས། །ཞིང་དང་བསམ་པའི་ཁྱད་པར་ལས། །ས་དེའི་འདོད་ཆགས་གཏན་བྲལ་ཕྱིར། །རྣམ་སྨིན་ངེས་པ་གང་ཡིན་པའོ། །གང་དག་འགོག་བྱམས་ཉོན་མོངས་མེད། །མཐོང་དང་དགྲ་བཅོམ་འབྲས་ལངས་པ། །དེ་ལ་ཕན་གནོད་བྱས་པ་ཡི། །འབྲས་བུ་འཕྲལ་དུ་མྱོང་བར་འགྱུར། །ཞེས་པ་སྟེ། མཐོང་ཆོས་འབྲས་བུ་ཅན་གྱི་ལས་དེ་ལ་གཉིས་སུ་ཡོད་དེ། ཞིང་གི་ཁྱད་པར་དགེ་འདུན་ལ་བུད་མེད་ཅེས་སྐུར་པ་བཏབ་པས་མཚན་འགྱུར་བར་གྱུར་པ་དང་། བསམ་པའི་ཁྱད་པར་བ་གླང་གི་མཚན་གཅོད་པ་ལས་ཐར་བར་བྱས་པས་སྐྱེས་པར་འགྱུར་བ་ལྟ་བུ་ཡིན་པའི་ཕྱིར། རྣམ་སྨིན་ངེས་པའི་ལས་གང་ཡིན་པ་དེ་དག་ནི། འགྲུབ་པའི་རྒྱུ་ཡོད་དེ། དགེ་མི་དགེའི་ས་དེའི་འདོད་ཆགས་དང་གཏན་ནས་བྲལ་བར་བྱས་པ་ལས་གྲུབ་པའོ། །ངེས་པའི་ལས་དེ་ལ་དྲུག་ཡོད་དེ། གང་ཟག་གཞན་དག་འགོག་པའི་སྙོམས་འཇུག་དང་། བྱམས་པ་དང་། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དང་། མཐོང་ལམ་དང་། དགྲ་བཅོམ་པའི་འབྲས་བུ་ཐོབ་མ་ཐག་པ་དང་། འབྲས་བུ་ལས་ལངས་མ་ཐག་པ་དེ་ལ་ཕན་པ་དང་གནོད་པ་བྱས་པ་ཡིས་འབྲས་བུ་མཐོང་ཆོས་ལ་འཕྲལ་དུ་མྱོང་བར་འགྱུར་བའི་ཕྱིར་རོ། །གསུམ་པ་ལ། ལས་གང་གི་འབྲས་བུ་ངོས་བཟུང་བ་དང་། གཡེངས་པའི་སེམས་ངོས་བཟུང་བ་གཉིས། དང་པོ་ནི། རྣམ་པར་རྟོག་པ་མེད་པ་ཡི། །དགེ་བའི་ལས་ཀྱི་རྣམ་སྨིན་ནི། །སེམས་ཀྱི་ཚོར་བ་ཁོ་ནར་འདོད། །མི་དགེ་བ་ནི་ལུས་ཀྱིི་ཡིན། །ཞེས་པ་སྟེ། རྣམ་པར་རྟོག་པ་མེད་པའི་དགེ་བའི་ལས་ཀྱི་རྣམ་སྨིན་ནི། སེམས་ཀྱི་ཚོར་བ་ཁོ་ན་ཡིན་ཏེ། རྟོག་པ་དང་བྲལ་བའི་ཚོར་བ་ཡིན་པའི་ཕྱིར། དགེ་མི་དགེའི་རྣམ་སྨིན་ནི། ལུས་ཀྱི་ཚོར་བ་ཡིན་ཏེ། དེ་དང་སེམས་ཀྱི་ཚོར་བའི་གཞི་མཐུན་པ་མེད་པའི་ཕྱིར། གཉིས་པ་ནི། གཡེངས་པའི་སེམས་ནི་ཡིད་སེམས་ལ། །དེ་ནི་ལས་ཀྱི་རྣམ་སྨིན་སྐྱེས། །སྐྲག་གནོད་མ་མཉམ་མྱ་ངན་གྱིས། །སྒྲ་མི་སྙན་མིན་འདོད་ལྡན་རྣམས། །ཞེས་པ་སྟེ། གཡེངས་པའི་སེམས་ཀྱི་རྟེན་ནི་ཡིད་ཀྱི་སེམས་ལ་བརྟེན་ཅིང་། དེའི་རྒྱུ་ནི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ཕྱིར། དེའི་རྒྱུ་བཞི་ཡོད་དེ། མི་མ་ཡིན་གྱིས་སྐྲག་པར་བྱས་པ་དང་། གནོད་པ་བྱས་པ་དང་། རླུང་མཁྲིས་བད་ཀན་མ་མཉམ་པར་འཁྲུགས་པ་དང་། མྱ་ངན་གྱིས་གཟིར་བ་ལས་སྐྱེས་པའི་ཕྱིར། སེམས་གཡེངས་པ་དེའི་རྟེན་སྒྲ་མི་སྙན་པ་མ་གཏོགས་པའི་འདོད་པ་དང་ལྡན་པའི་གང་ཟག་རྣམས་ལ་ཡོད་པའི་ཕྱིར།

གཉིས་པ་རྒྱུའི་སྒོ་ནས་དབྱེ་བ་ནི། ཡོན་སྐྱོན་སྙིགས་མར་གསུངས་པ་ནི། །གཡོ་དང་ཞེ་སྡང་འདོད་ཆགས་སྐྱེས། །ཞེས་པ་སྟེ། ཡོན་པོའི་ལས་དང་། སྐྱོན་ཅན་གྱི་ལས་དང་། སྙིགས་མར་གསུངས་པའི་ལས་ཀྱི་རྒྱུ་ཡོད་དེ། གཡོ་རྒྱུ་དང་། ཞེ་སྡང་དང། འདོད་ཆགས་ལས་རིམ་པ་བཞིན་སྐྱེས་པའི་ཕྱིར།

གསུམ་པ་རྒྱུ་འབྲས་གཉིས་ཀའི་སྒོ་ནས་དབྱེ་བ་ལ། བསྟན་བཤད་གཉིས། དང་པོ་མདོར་བསྟན་པ་ནི། དཀར་ནག་ལ་སོགས་བྱེ་བྲག་གིས། །ལས་ནི་རྣམ་པ་བཞི་ཡིན་ནོ། །ཞེས་པ་སྟེ། ལས་ནི་རྣམ་པ་བཞི་ཡོད་དེ། དཀར་ལ་རྣམ་སྨིན་དཀར་བ། ནག་ལ་རྣམ་སྨིན་ནག་པ་ལ་སོགས་པ་དཀར་ནག་གཉིས་ཀའི་ལས། དེ་དག་ཟད་བྱེད་ཀྱི་བྱེ་བྲག་གི་ལས་དེ་ལྟར་ཡོད་པའི་ཕྱིར། གཉིས་པ་ལ། སོ་སོའི་ངོ་བོ་སྤྱིར་བསྟན་པ། ཟག་མེད་ཀྱི་ལས་བྱེ་བྲག་ཏུ་བཤད་པ། གཞན་གྱི་འདོད་པ་བརྗོད་པ་དང་གསུམ། དང་པོ་ནི། མི་དགེ་གཟུགས་དང་འདོད་གཏོགས་པའི། །དགེ་བ་ཉིད་ནི་རིམ་བཞིན་དུ། །གནག་དང་དཀར་དང་གཉིས་ཀའི་ལས། །ཞེས་པ་སྟེ། འདོད་པར་གཏོགས་པའི་མི་དགེ་བ་གནག་ལ་རྣམ་སྨིན་གནག་པའི་ལས་ཡིན་ཏེ། རྣམ་སྨིན་གནག་པའི་ངོ་བོར་ལུང་དུ་བསྟན་པ་གང་ཞིག །སྡུག་བསྔལ་འབྱིན་བྱེད་ཡིན་པའི་ཕྱིར། གཟུགས་ཁམས་ཀྱི་དགེ་བ་ནི། དཀར་ལ་རྣམ་སྨིན་དཀར་བའི་ལས་ཡིན་ཏེ། དཀར་བའི་ལས་གང་ཞིག །མི་དགེ་བ་དང་མ་འདྲེས་པའི་ཕྱིར། འདོད་ཁམས་ཀྱི་དགེ་བ་ནི། དཀར་ནག་གཉིས་ཀའི་ལས་སུ་བཤད་དུ་རུང་སྟེ། དཀར་བའི་ལས་གང་ཞིག །མི་དགེ་བ་དང་འདྲེས་པའི་ཕྱིར། གཉིས་པ་ནི། དེ་ཟད་བྱེད་པ་ཟག་མེད་ཡིན། །ཆོས་བཟོད་འདོད་ཆགས་བྲལ་བ་ཡི། །བར་ཆད་མེད་ལམ་བརྒྱད་ཀྱི་གང་། །སེམས་པ་རྣམ་པ་བཅུ་གཉིས་ཏེ། །ནག་པོ་ཟད་པར་བྱེད་པ་ཡིན། །དགུ་པའི་སེམས་པ་གང་ཡིན་པ། །དེ་ནི་དཀར་གནག་ཟད་བྱེད་ཡིན། །དཀར་པོ་བསམ་གཏན་ཆགས་བྲལ་བའི། །བར་ཆད་མེད་ལམ་སྐྱེས་ཐ་མས། །ཞེས་པ་སྟེ། ནག་པོ་དེ་ཟད་པར་བྱེད་པའི་ལས་ཡོད་དེ། ཟག་མེད་ཀྱི་ལམ་དེ་ཟད་བྱེད་ཡིན་པའི་ཕྱིར། ནག་པོ་ཟད་པར་བྱེད་པའི་ལས་སེམས་པ་རྣམ་པ་བཅུ་གཉིས་སུ་ཡོད་དེ། སྡུག་བསྔལ་ཆོས་བཟོད་སོགས་བཟོད་པ་བཞི་དང་། འདོད་པ་ལ་འདོད་ཆགས་དང་བྲལ་བ་ཡི་བར་ཆད་མེད་ལམ་བརྒྱད་གང་ཡིན་པ་རྣམས་སུ་ཡོད་པའི་ཕྱིར། འདོད་པ་ལ་འདོད་ཆགས་དང་བྲལ་བའི་བར་ཆད་མེད་ལམ་དགུ་པའི་སེམས་པ་གང་ཡིན་པ་དེ་ནི། དཀར་ནག་གི་ལས་ཟད་བྱེད་ཡིན་ཏེ། དེ་འཇོམས་བྱེད་ཡིན་པའི་ཕྱིར། བསམ་གཏན་གྱི་ས་ལས་འདོད་ཆགས་དང་བྲལ་བའི་བར་ཆད་མེད་ལམ་སྐྱེས་པའི་མཐའ་མ་དགུ་པོ་དེ་ནི། དཀར་པོ་ཟད་པར་བྱེད་པའི་ལས་ཞེས་བྱ་སྟེ། བསམ་གཏན་བཞི་པའི་དགེ་བ་འདུན་པ་ཆགས་བྲལ་གྱི་ཚུལ་གྱིས་ཟད་པར་བྱེད་པ་ཡིན་པའི་ཕྱིར། གསུམ་པ་ནི། གཞན་ནི་དམྱལ་བ་མྱོང་འགྱུར་དང་། །འདོད་གཞན་མྱོང་འགྱུར་གཉིས་སུ་རིག །གཞན་ནི་མཐོང་བས་སྤང་བྱ་གནག །འདོད་པ་ལས་སྐྱེས་གཞན་དཀར་གནག །ཅེས་པ་སྟེ། སློབ་དཔོན་གཞན་དག་ནི། དམྱལ་བ་མྱོང་འགྱུར་གྱི་ལས་ལ་ནག་ཅེས་བྱ་སྟེ། འཕེན་རྫོགས་གཉིས་ཀ་ནག་པའི་ཕྱིར། དམྱལ་བ་ལས་གཞན་པའི་འདོད་པར་མྱོང་འགྱུར་གྱི་ལས་ནི་དཀར་ནག་གཉིས་སུ་འདྲེས་པའི་ལས་ཞེས་བྱ་སྟེ། དེ་དག་ན་དགེ་བ་དང་མི་དགེ་བའི་རྣམ་པར་སྨིན་པ་ཡོད་པའི་ཕྱིར། གཞན་ནི་མཐོང་བས་སྤང་བྱ་ལ་ནག་ཅེས་བྱ་སྟེ། དེ་དང་དགེ་བའི་གཞི་མཐུན་མེད་པའི་ཕྱིར། གཞན་འདོད་པ་ལས་སྐྱེས་པའི་སྒོམ་སྤང་ནི་དཀར་ནག་འདྲེས་མ་ཞེས་བྱ་སྟེ། དེ་ལ་དགེ་མི་དགེ་ལུང་མ་བསྟན་གྱི་ཆ་ཡོད་པའི་ཕྱིར།

གཉིས་པ་ལས་ཀྱི་རྣམ་གྲངས་དུ་མ་བསྟན་པ་ལ། དབྱེ་བ་སྤྱིར་བསྟན་པ་དང་། ལས་ལམ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། མི་སློབ་ལུས་ངག་ལས་ཡིད་ཉིད། །ཐུབ་པའི་གསུམ་སྟེ་གོ་རིམ་བཞིན། །ལེགས་སྤྱད་གསུམ་པོ་ཐམས་ཅད་ནི། །གཙང་བྱེད་རྣམ་པ་གསུམ་ཡིན་ནོ། །ལུས་ཀྱི་ལ་སོགས་མི་དགེ་བ། །ཉེས་པར་སྤྱད་པ་གསུམ་དུ་འདོད། །བརྣབ་སེམས་ལ་སོགས་ལས་མིན་ཡང་། །ཡིད་ཀྱི་ཉེས་སྤྱད་རྣམ་གསུམ་མོ། །བཟློག་པ་ལེགས་པར་སྤྱད་པ་ཡིན། །ཞེས་པ་སྟེ། ཐུབ་པ་དེ་ལ་གསུམ་ཡོད་དེ། མི་སློབ་པའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཉིད་ལུས་ཀྱི་ཐུབ་པ། ངག་གི་ཐུབ་པ། ཡིད་ཀྱི་ཐུབ་པ་ཞེས་བཞག་པའི་ཕྱིར། ལུས་ངག་གི་ལེགས་པར་སྤྱད་པ་གསུམ་པོ་ཐམས་ཅད་ནི། གོ་རིམ་བཞིན་དུ་ལུས་ངག་ཡིད་གསུམ་གྱི་གཙང་བྱེད་རྣམ་པ་གསུམ་ཞེས་བཤད་པ་ལ་རྒྱུ་མཚན་ཡོད་དེ། དེ་གསུམ་གྱི་དྲི་མ་འཁྲུད་བྱེད་ཡིན་པའི་ཕྱིར། ཉེས་པར་སྤྱད་པ་དེ་ལ་གསུམ་ཡོད་དེ། ལུས་ཀྱི་ལས་མི་དགེ་བ་དང་། ལ་སོགས་པ་ངག་དང་ཡིད་ཀྱི་ལས་ལམ་མི་དགེ་བ་རྣམས་སུ་ཡོད་པའི་ཕྱིར། ཡིད་ཀྱི་ཉེས་པར་སྤྱད་པ་རྣམ་པ་གསུམ་དུ་ཡོད་དེ། ལས་དངོས་མིན་ཡང་བརྣབ་སེམས་དང་། ལ་སོགས་པ་གནོད་སེམས་དང་ལོག་ལྟ་རྣམས་སུ་ཡོད་པའི་ཕྱིར། ལེགས་པར་སྤྱད་པ་དེ་ལ་རྣམ་པ་གསུམ་དུ་ཡོད་དེ། ཉེས་པར་སྤྱད་པ་ལས་བཟློག་པ་རྣམ་པ་གསུམ་དུ་ཡོད་པའི་ཕྱིར།

གཉིས་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཞེས་པ་སྟེ། དགེ་མི་དགེའི་ལས་ལམ་ནི་བཅུར་གསུངས་པ་ཡིན་ཏེ། ལེགས་སྤྱད། ཉེས་སྤྱད། དེ་ལས་རགས་པ་ཆེ་ལོང་རྣམས་བསྡུས་ནས་ནི་དགེ་མི་དགེ་ཅི་རིགས་པར་བཅུར་བསྟན་པའི་ཕྱིར། གཉིས་པ་ལ། རིག་བྱེད་དང་། རིག་བྱེད་མ་ཡིན་པ་ངོས་བཟུང་། རྩ་བ་གསུམ་དུ་བསྟན། རྫོགས་བྱེད་གསུམ་དུ་བསྟན། སོ་སོའི་ངོ་བོ་ཞར་བྱུང་དང་བཅས་པ་བཞི། དང་པོ་ལ། དངོས་གཞི་ལ་དོགས་པ་དཔྱད་པ་དང་། སྦྱོར་མཇུག་ལ་དོགས་པ་དཔྱད་པ་གཉིས། དང་པོ་ནི། མི་དགེ་དྲུག་ནི་རྣམ་རིག་མིན། །གཅིག་རྣམ་གཉིས་སོ་དེ་དག་ཀྱང་། །བྱེད་ན་དགེ་བ་བདུན་རྣམ་གཉིས། །ཏིང་འཛིན་ལས་སྐྱེས་རྣམ་རིག་མིན། །ཞེས་པ་སྟེ། ངག་གི་བཞི་དང་སྲོག་གཅོད་མ་བྱིན་ལེན་ཏེ་དྲུག་ནི། རྣམ་པར་རིག་བྱེད་མིན་ཏེ། རྣམ་པར་རིག་བྱེད་མིན་པའི་རང་བཞིན་ཡིན་པས་སོ། །གཅིག་འདོད་ལོག་ནི་གཉིས་སུ་ཡོད་དེ། རྣམ་པར་རིག་བྱེད་དང་རིག་བྱེད་མིན་པ་གཉིས་སུ་ཡོད་པའི་ཕྱིར། གོང་གི་དྲུག་པོ་དེ་དག་ཀྱང་གཉིས་སུ་འགྱུར་ཏེ། རང་གིས་བྱེད་ཚེ་རིག་བྱེད་དང་། རིག་བྱེད་མིན་པ་གཉིས་སུ་ཡོད། ལུས་ངག་གི་དགེ་བ་བདུན་པོ་ཡང་གཉིས་སུ་འགྱུར་ཏེ། རིག་བྱེད་དང་རིག་བྱེད་མིན་པ་གཉིས་སུ་ཡོད། ཏིང་ངེ་འཛིན་ལས་སྐྱེས་པའི་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་རྣམ་པར་རིག་བྱེད་མིན་ཏེ། རིག་བྱེད་མ་ཡིན་པ་ཁོ་ནར་ངེས་པའི་ཕྱིར། གཉིས་པ་ནི། ཉེར་བསྡོགས་རྣམས་ནི་རྣམ་རིག་བྱེད། །རྣམ་རིག་བྱེད་མིན་འགྱུར་བའམ། །མ་ཡིན་བཟློག་པ་མཇུག་ཡིན་ནོ། །ཞེས་པ་སྟེ། ལས་ལམ་གྱི་ཉེར་བསྡོགས་ཏེ་སྦྱོར་བ་རྣམས་ནི། རྣམ་པར་རིག་བྱེད་:མིན་༼ཡིན་༽ཏེ། བྱེད་པ་ལ་ལྟོས་པའི་ཕྱིར། དང་པོ་དྲག་པོའི་ཀུན་དཀྲིས་ཀྱིས་དྲག་པོས་འཇུག་པ་ན་ཉེར་བསྡོགས་རྣམ་པར་རིག་བྱེད་མིན་པར་འགྱུར་རམ་ཞེ་ན། མ་ཡིན་ཏེ། ཉེར་བསྡོགས་ལས་བཟློག་པ་ནི་ལས་ཀྱི་མཇུག་ཅེས་སྒྲ་བཤད་པར་བྱ་བའི་རིགས་ཡིན་པའི་ཕྱིར། གཉིས་པ་ནི། སྦྱོར་བ་རྩ་བ་གསུམ་ལས་སྐྱེས། །དེ་ཡི་མཇུག་ཐོག་ལས་བྱུང་ཕྱིར། །བརྣབ་སེམས་སོགས་རྩ་གསུམ་ལས་སྐྱེས། །དགེ་བ་སྦྱོར་དང་མཇུག་བཅས་རྣམས། །ཆགས་སྡང་གཏི་མུག་མེད་ལས་སྐྱེས། །ཞེས་པ་སྟེ། མི་དགེ་བ་བཅུའི་སྦྱོར་བའི་རྒྱུ་དུག་གསུམ་ལས་སྐྱེས་པ་ཡིན་ལ། བརྣབ་སེམས་དང་སོགས་པ་གནོད་སེམས་དང་ལོག་ལྟ་ཡང་དུག་གསུམ་གྱི་རྩ་བ་ལས་སྐྱེས་ཏེ། དེའི་མཇུག་ཐོག་ལས་བྱུང་བའི་ཕྱིར། དགེ་བཅུའི་སྦྱོར་བ་མཇུག་དང་བཅས་པ་རྣམས་ཀྱི་རྒྱུ་ཆགས་སྡང་གཏི་མུག་མེད་པའི་དགེ་རྩ་ལས་སྐྱེས་པའོ། །གསུམ་པ་རྫོགས་བྱེད་གསུམ་དུ་བསྟན་པ་ལ། དངོས་དང་། གཞི་གང་ལ་བརྟེན་ནས་འབྱུང་བའོ། །དང་པོ་ནི། གསོད་དང་གནོད་སེམས་ཚིག་རྩུབ་བོ། །ཞེ་སྡང་གིས་ནི་མཐར་ཕྱིན་བྱེད། །ལོག་གཡེམ་བརྣབ་སེམས་མ་བྱིན་ལེན། །ཆགས་པ་ཡིས་ནི་རྫོགས་པར་བྱེད། །ལོག་པར་ལྟ་བ་གཏི་མུག་གིས། །ལྷག་མ་གསུམ་གྱིས་རྫོགས་པར་འདོད། །ཅེས་པ་སྟེ། སྲོག་གཅོད་དང་གནོད་སེམས་དང་ཚིག་རྩུབ་རྣམས་ཞེ་སྡང་གིས་རྫོགས་པར་བྱེད་དེ། ཀུན་ནས་མནར་སེམས་ཀྱིས་མཐར་ཕྱིན་པར་བྱེད་པའི་ཕྱིར་རོ། །འདོད་པས་ལོག་པར་གཡེམ་པ་དང་། བརྣབ་སེམས་དང་། མ་བྱིན་ལེན་རྣམས་ཆགས་པས་རྫོགས་པར་བྱེད་དེ། དེའི་སྒོ་ནས་མཐར་ཕྱིན་པར་བྱེད་པའི་ཕྱིར། ལོག་ལྟ་གཏི་མུག་གིས་མཐར་ཕྱིན་པར་བྱེད་དེ། རྨོངས་པས་རྫོགས་པར་བྱེད་པའི་ཕྱིར། དེ་དག་གི་ལྷག་མ་རྫུན་ཕྲ་མ་ཚིག་ཀྱལ་པ་རྣམས་གསུམ་གྱིས་རྫོགས་པར་འདོད་དེ། རེ་འགའ་འདོད་ཆགས། རེས་འགའ་ཞེ་སྡང་། རེས་འགའ་གཏི་མུག་གིས་མཐར་ཕྱིན་པར་བྱེད་པའི་ཕྱིར། གཉིས་པ་ནི། གཞི་ནི་སེམས་ཅན་ལོངས་སྤྱོད་དང་། །མིང་དང་གཟུགས་དང་མིང་ཡིན་ནོ། །ཞེས་པ་སྟེ། སྲོག་གཅོད་སེམས་ཅན་ལ་བརྟེན་ནས་གྲུབ་པ་དང་། འདོད་པས་ལོག་གཡེམ་ཕྱི་ནང་གི་ལོངས་སྤྱོད་ལ་བརྟེན་ནས་གྲུབ་པ་དང་། ལོག་ལྟ་མིང་དང་གཟུགས་ཀྱི་ཕུང་པོ་ལ་བརྟེན་ནས་གྲུབ་པ་དང་། ངག་གི་ལས་བཞི་མིང་ལ་བརྟེན་ནས་གྲུབ་པའོ་ཞེས་པའི་དོན་ནོ། །བཞི་པ་སོ་སོའི་ངོ་བོ་ཞར་བྱུང་དང་བཅས་པ་ལ། ལས་ལམ་སོ་སོའི་ངོ་བོ། སེམས་པ་གང་ལས་ལམ་དུ་དང་ལྷན་ཅིག་ཏུ་བྱུང་བ། འགྲོ་བ་གང་ན་ལས་ལམ་དུ་ཡོད་ལ་དཔྱད། ལས་ཀྱི་འབྲས་བུ་ཞར་བྱུང་དང་བཅས་པ་བཤད་པའོ། །དང་པོ་ལ། ལུས་ཀྱི་ལས། ངག་གི་ལས། ཡིད་ཀྱི་ལས་དང་གསུམ། དང་པོ་ལ། སྲོག་གཅོད། མ་བྱིན་ལེན། ལོག་གཡེམ་དང་གསུམ། དང་པོ་ནི། སྔ་དང་མཉམ་དུ་ཤི་བ་ལ། །དངོས་མེད་ལུས་གཞན་སྐྱེས་ཕྱིར་རོ། །དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །སྲོག་གཅོད་པ་ནི་བསམ་བཞིན་དུ། །མ་ནོར་བར་ནི་གཞན་བསད་པའོ། །ཞེས་པ་སྟེ། ཞེ་སྡང་གིས་ཀུན་ནས་བསླངས་ནས་འཆི་ངེས་ཀྱི་མཚོན་བསྣུན་པ་ན་གསད་བྱ་ཤི་བ་ན་གསོད་པ་པོ་ལ་ལས་འབྱུང་བས་མ་ཁྱབ་སྟེ། ཅིག་ཤོས་ཀྱི་སྔ་རོལ་དུ་ཤི་བ་ལ་ལས་ལམ་དངོས་གཞི་མེད་པའི་ཕྱིར། སྦྱོར་བའི་སྐབས་དང་འཕེན་པ་མི་གཅིག་པའི་ལུས་གཞན་སྐྱེས་ཟིན་པས་སོ། །སྲོག་གཅོད་ཀྱི་ལས་ལམ་འབྱུང་བ་ལ་རང་གི་དངོས་སུ་བྱས་པ་མི་དགོས་ཏེ། གྲོས་མཐུན་པའི་དམག་དང་། ལིངས་འདེབས་པ་སོགས་བྱེད་ཚེ་དོན་དུ་གཉེར་བ་གཅིག་པའི་ཕྱིར་རོ། །དེའི་མི་ཐམས་ཅད་དངོས་སུ་བྱེད་པ་བཞིན་དུ་ལས་ལམ་དང་ལྡན་པ་ཡོད་པའི་ཕྱིར། སྲོག་གཅོད་འགྲུབ་པའི་རྒྱུ་ཚོགས་ནི། བསམ་བཞིན་དུ་མ་ནོར་བར་གཞན་ཕ་རོལ་པོ་བསད་པ་ལས་འགྲུབ་པའོ། །གཉིས་པ་ནི། མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་བུས་བདག་གིར་བྱེད། །ཅེས་པ་སྟེ། མ་བྱིན་ལེན་འགྲུབ་པའི་རྒྱུ་བསམ་བཞིན་དུ་གཞན་ནོར་མཐུས་ཕྲོག་པ་དང་། འཇབ་བུ་སྟེ་རྐུས་ནས་བདག་གིར་བྱེད་པ་ལས་འགྲུབ་པའོ། །གསུམ་པ་ནི། བགྲོད་མིན་འགྲོ་བར་འདོད་པ་ཡིས། །ལོག་པར་གཡེམས་པ་རྣམ་པ་བཞི། །ཞེས་པ་སྟེ། ལོག་གཡེམ་ནི་རྣམ་པ་བཞི་ཡོད་དེ། སྲིང་མོ་སོགས་བསྒྲོད་བྱ་མིན་པ་ལ་བསྒྲོད་པ་དང་། ཁ་དང་བཤང་ལམ་སོགས་ལམ་མིན་པར་བསྒྲོད་པ་དང་། མཆོད་རྟེན་གྱི་དྲུང་སོགས་ཡུལ་མ་ཡིན་པ་དང་། སྦྲུམ་མ་སོགས་དུས་མ་ཡིན་པ་ལ་བསྒྲོད་པ་རྣམས་སོ། །གཉིས་པ་ལ། རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་བཞི་ལས། དང་པོ་ལ་དངོས་དང་ཞར་བྱུང་གཉིས། དང་པོ་ནི། རྫུན་ཚིག་འདུ་ཤེས་གཞན་སྒྱུར་བའི། །ཚིག་དོན་མངོན་པར་གོ་བའོ། །ཞེས་པ་སྟེ། རྫུན་ཚིག་འགྲུབ་པའི་རྒྱུ། བདེན་པའི་འདུ་ཤེས་ལས་གཞན་དུ་བསྒྱུར་བ་ཡི་མ་ནོར་བར་སྨྲས་པའི་ཚིག་ཕ་རོལ་པོས་དོན་མངོན་པར་གོ་ན་གྲུབ་པའོ། །གཉིས་པ་ནི། མིག་རྣ་ཡིད་ཀྱི་རྣམ་ཤེས་དང་། །གསུམ་གྱི་ཉམས་སུ་མྱོང་གང་དེ། །མཐོང་ཐོས་རྣམ་པར་ཤེས་པ་དང་། །རྟོག་པ་ཡིན་ཏེ་རིམ་བཞིན་བཤད། །ཅེས་པ་སྟེ། མཐོང་བ་དང་། ཐོས་པ་དང་། རྣམ་པར་ཤེས་པ་དང་། རྟོག་པའི་རྣམ་བཞག་ཀྱང་ཡོད་དེ། མིག་དང་། རྣ་བ་དང་། ཡིད་ཀྱི་རྣམ་ཤེས་དང་། སྣ་ལྕེ་ལུས་གསུམ་གྱི་རྣམ་ཤེས་ཀྱིས་ཉམས་སུ་མྱོང་བ་གང་ཡིན་པ་དེ་ལ། མཐོང་བ་དང་། ཐོས་པ་དང་། རྣམ་པར་ཤེས་པ་དང་། རྟོག་པ་ཞེས་རིམ་པ་བཞིན་དུ་བཤད་པའི་ཕྱིར། གཉིས་པ་ཕྲ་མ་ནི། ཕྲ་མ་ཕ་རོལ་དབྱེ་བའི་ཕྱིར། །ཉོན་མོངས་ཅན་གྱི་སེམས་ཀྱི་ཚིག །ཅེས་པ་སྟེ། ཕྲ་མ་ནི་ཡན་ལག་དུ་མ་ལ་འགྲུབ་སྟེ། ཕ་རོལ་པོ་མི་མཐུན་པར་དབྱེ་བའི་བར་དུ་ཉོན་མོངས་ཅན་གྱི་ཚིག་སྨྲས་པ་ལ་ཕ་རོལ་པོས་དོན་གོ་བ་ན་འགྲུབ་པའི་ཕྱིར། གསུམ་པ་ནི། ཚིག་རྩུབ་པོ་ནི་མི་སྙན་པ། །ཞེས་པ་སྟེ། ཚིག་རྩུབ་ཉོན་མོངས་པས་ཀུན་ནས་བསླངས་ཏེ་ཕ་རོལ་པོ་ལ་མི་སྙན་པར་སྨྲ་བ་དེ་ཡིན་པས་སོ། །བཞི་པ་ནི། ཉོན་མོངས་ཅན་ཀུན་ཀྱལ་པ་ཉིད། །གཞན་ནི་དེ་ལས་གཞན་ཉོན་མོངས། །ཁ་གསག་གླུ་དང་ཟློས་གར་བཞིན། །བསྟན་བཅོས་ངན་བཞིན། ཞེས་པ་སྟེ། ཚིག་ཀྱལ་པ་ནི་དུ་མ་ཡོད་དེ། སེམས་ཉོན་མོངས་ཅན་གྱིས་སྨྲས་པའི་ཚིག་ཀུན་ཡིན་པའི་ཕྱིར་རོ། །སྡེ་པ་གཞན་ནི། རྫུན་དེ་ལས་གཞན་པའི་ཉོན་མོངས་ཅན་གྱི་ཚིག་ལ་ཀྱལ་པར་འདོད་དེ། ལོག་འཚོའི་ཕྱིར་དུ་ཁ་གསག་བྱེད་པ་དང་། ཆགས་པས་གླུ་ལེན་ཞིང་། ཟློས་གར་གྱི་བསྟན་བཅོས་ངན་པ་འདོན་པ་རྣམས་བཞིན་ཡིན་པར་འདོད། གསུམ་པ་ལ། བརྣབ་སེམས། གནོད་སེམས། ལོག་ལྟ་དང་གསུམ། དང་པོ་ནི། བརྣབ་སེམས་ནི། །ལོག་པས་གཞན་གྱི་ནོར་ལ་ཆགས། །ཞེས་པ་སྟེ། དེ་ནི་སེམས་ཕྱིན་ཅི་ལོག་པས་གཞན་གྱི་ནོར་ལ་ཆགས་པའི་བློའོ། །གཉིས་པ་ནི། གནོད་སེམས་སེམས་ཅན་ལ་སྡང་བ། །ཞེས་པ་སྟེ། ཁོང་ཁྲོ་བས་སེམས་ཅན་གཞན་ལ་སྡང་བ་དེའོ། །གསུམ་པ་ལ། དངོས་དང་། ཞར་བྱུང་གཉིས། དང་པོ་ནི། དགེ་དང་མི་དགེ་མེད་ལྟ་བ། །ལོག་པར་ལྟ་བ་ཡིན་འདི་ལས། །གསུམ་ལམ་བདུན་ནི་ལས་ཀྱང་ཡིན། །ཞེས་པ་སྟེ། དགེ་བ་དང་མི་དགེ་བ་མེད་པར་ལྟ་བ་ལོག་ལྟ་ཡིན་ཏེ། ལས་འབྲས་ཕྱིན་ཅི་ལོག་ཏུ་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ཡིན་པའི་ཕྱིར། སྒྲོ་འདོགས་ཀྱི་ལོག་ལྟ་ཡོད་དེ། འཇིག་རྟེན་དང་སྣོད་བཅུད་ཚངས་པ་དང་དབང་ཕྱུག་གིས་བྱས་པར་ལྟ་བ་དེ་ཡིན་པའི་ཕྱིར། ཡིད་ཀྱི་ལས་གསུམ་པོར་ལམ་ཟེར་བའི་རྒྱུ་མཚན་ཡོད་དེ། ངན་སོང་དུ་འཕེན་བྱེད་ཡིན་པའི་ཕྱིར། ལུས་ངག་གི་བདུན་དེར་མ་ཟད་ལས་ཀྱང་ཡིན་ཏེ། བྱ་བའི་རང་བཞིན་ཅན་ཡིན་པའི་ཕྱིར། གཉིས་པ་ནི། མེད་པར་ལྟ་བས་རྩ་བ་གཅོད། །འདོད་གཏོགས་སྐྱེས་ནས་ཐོབ་པ་རྣམས། །རྒྱུ་དང་འབྲས་ལ་སྐུར་འདེབས་པས། །ཀུན་གྱིས་རིམ་གྱིས་མིའི་ནང་དུ། །སྐྱེས་པ་བུད་མེད་ཀྱིས་གཅོད་དོ། །ལྟ་སྤྱད་དེ་ནི་མི་ལྡན་པའོ། །མཚམས་ནི་ཐེ་ཚོམ་ཡོད་ལྟ་བས། །མཚམས་མེད་བྱེད་པའི་འདི་ལ་མིན། །ཞེས་པ་སྟེ། ལས་འབྲས་མེད་པར་ལྟ་བ་དགེ་རྩ་གཅོད་བྱེད་ཡིན་ཏེ། ཆད་ལྟ་ཡིན་པས་སོ། །ལས་རྒྱུ་འབྲས་ལ་སྐུར་པ་འདེབས་པའི་ལྟ་བས། འདོད་པར་གཏོགས་པའི་དགེ་བ་སྐྱེས་ནས་ཐོབ་པ་རྣམས་གཅོད་པར་བྱེད་ཅིང་། ལོག་ལྟ་ཀུན་གྱིས་དགེ་རྩ་གཅོད་དེ། རིམ་གྱིས་ཆུང་འབྲིང་ཆེན་པོ་རྣམས་ཀྱི་དགེ་རྩ་ཡང་ཆུང་འབྲིང་ཆེན་པོ་རྣམས་གཅོད་པའི་ཕྱིར། ངན་སོང་བའི་ནང་དུ་དགེ་རྩ་མི་གཅོད་དེ། མིའི་ནང་དུ་གཅོད་དགོས་པའི་ཕྱིར། མ་ནིང་དང་ཟ་མ་སོགས་ཀྱིས་ཀྱང་མི་གཅོད་དེ། སྐྱེས་པ་དང་བུད་མེད་སོགས་ཀྱིས་གཅོད་དགོས་པའི་ཕྱིར། ལོག་ལྟས་དགེ་རྩ་གཅད་པ་དེ་དག་ནི་དགེ་རྩ་དང་མི་ལྡན་པ་ཞེས་བྱ་སྟེ། དེ་དང་བྲལ་བའི་ཕྱིར། དགེ་རྩ་མཚམས་སྦྱར་བའི་དུས་ཀྱང་ཡོད་དེ། དགེ་རྩའི་མཚམས་ནི་ལས་འབྲས་ཡོད་སྙམ་པའི་ཐེ་ཚོམ་མངོན་གྱུར་ཅན་སྐྱེས་ཤིང་ཡོད་པ་ན་ཡང་དག་པར་འབྱོར་བའི་ཕྱིར། མཚམས་མེད་བྱེད་པའི་དགེ་རྩ་ནི་ཚེ་འདིར་མཚམས་སྦྱོར་བ་མིན་ཏེ། ཕྱི་མ་སོགས་ཁོ་ན་ལ་མཚམས་སྦྱོར་དགོས་པའི་ཕྱིར། གཉིས་པ་སེམས་པ་དེ་ལས་ལམ་དུ་དང་ལྷན་ཅིག་འབྱུང་དཔྱད་པ་ལ། མི་དགེ་བའི་དབང་དུ་བྱས་པ་དང་། དགེ་བའི་དབང་དུ་བྱས་པ་གཉིས། དང་པོ་ནི། མི་དགེ་བརྒྱད་ཀྱི་བར་དག་དང་། །སེམས་པ་ཅིག་ཅར་ལྷན་ཅིག་འབྱུང་། །ཞེས་པ་སྟེ། སེམས་པ་དེ་མི་དགེ་བ་དུ་མ་དང་ཅིག་ཅར་ལྷན་ཅིག་འབྱུང་སྟེ། མི་དགེ་གཅིག་ནས་བརྒྱད་ཀྱི་བར་དག་དང་ལྷན་ཅིག་ཏུ་འགྲོགས་པའི་ཕྱིར། གཉིས་པ་ནི། དགེ་བ་བཅུ་ཡི་བར་དག་དང་། །གཅིག་དང་བརྒྱད་དང་ལྔ་དང་མིན། །ཞེས་པ་སྟེ། སེམས་པ་དགེ་བ་དུ་མ་དང་ལྷན་ཅིག་ཏུ་འགྲོགས་ཏེ། དགེ་བ་གཅིག་ནས་བཅུའི་བར་དག་དང་ལྷན་ཅིག་ཏུ་འབྱུང་བའི་ཕྱིར། དགེ་བ་གཅིག་ཁོ་ན་དང་། བརྒྱད་ཁོ་ན་དང་། ལྔ་ཁོ་ན་དང་། འགྲོགས་པ་མེད་དེ་དེ་ལྟར་མི་སྲིད་པའི་ཕྱིར་རོ། །གསུམ་པ་འགྲོ་བ་གང་ན་ལས་ལམ་དུ་ཡོད་དཔྱད་པ་ལ། མི་དགེ་བའི་དབང་དུ་བྱས་པ་དང་། དགེ་བའི་དབང་དུ་བྱས་པ་གཉིས། དང་པོ་ནི། དམྱལ་བ་ན་ནི་ཀྱལ་པ་དང་། །ཚིག་རྩུབ་གནོད་སེམས་རྣམ་གཉིས་སོ། །བརྣབ་སེམས་ལོག་ལྟ་ལྡན་པས་སོ། །སྒྲ་མི་སྙན་ན་གསུམ་ཡོད་དོ། །དེ་ན་བདུན་པ་དངོས་སུ་ཡང་། །འདོད་པ་གཞན་ན་མི་དགེ་བཅུ། །ཞེས་པ་སྟེ། དམྱལ་བ་ན་མི་དགེ་བ་གསུམ་ཡོད་དེ། ཚིག་ཀྱལ་པ། ཚིགས་རྩུབ། གནོད་སེམས་རྣམས་ཡོད་པའོ། །དེ་ན་མི་དགེ་བ་གཞན་ཡང་རྣམ་པ་གཉིས་ཡོད་དེ། བརྣབ་སེམས་དང་ལོག་ལྟ་ལྡན་པའི་སྒོ་ནས་ཡོད་པའོ། །སྒྲ་མི་སྙན་ན་གསུམ་ཡོད་དེ། དེ་ན་བརྣབ་སེམས་གནོད་སེམས་ལོག་ལྟ་རྣམས་ཡོད་པའོ། །དེ་ན་མི་དགེ་བ་བདུན་པ་ངག་ཀྱལ་པ་ཡང་དངོས་སུ་ཡོད་དེ། ཉོན་མོངས་ཅན་གྱི་གླུ་ལེན་པ་སོགས་ཡོད་པའི་ཕྱིར། སྒྲ་མི་སྙན་དེ་ལས་གཞན་པའི་འདོད་ཁམས་ན་མི་དགེ་བ་བཅུ་ཡོད་དེ། དེ་རྣམས་ལྡན་པ་དང་མངོན་གྱུར་ཅི་རིགས་ཀྱི་སྒོ་ནས་ཡོད་པའི་ཕྱིར། གཉིས་པ་ནི། དགེ་བ་གསུམ་ནི་ཐམས་ཅད་ན། །རྙེད་དང་མངོན་དུ་གྱུར་སྒོ་ནས། །གཟུགས་མེད་འདུ་ཤེས་མེད་སེམས་ཅན། །རྙེད་པ་བདུན་ཡོད་ལྷག་བྱས་ན། །མངོན་དུ་གྱུར་པའི་སྒོ་ནས་ཀྱང་། །དམྱལ་བཅས་སྒྲ་མི་སྙན་མ་གཏོགས། །ཞེས་པ་སྟེ། ཡིད་ཀྱི་དགེ་བ་གསུམ་ནི། ཁམས་གསུམ་ཐམས་ཅད་ན་ཡོད་དེ། དེ་ན་རྙེད་པ་དང་མངོན་གྱུར་ཅི་རིགས་ཀྱི་སྒོ་ནས་ཡོད་པའི་ཕྱིར། གཟུགས་མེད་ཁམས་པ་དང་འདུ་ཤེས་མེད་པའི་སེམས་ཅན་ལ་ལུས་ངག་གི་དགེ་བ་བདུན་ཡོད་དེ། དེ་རྙེད་པའི་སྒོ་ནས་ཡོད་པའི་ཕྱིར། དེ་གཉིས་ལྷག་མར་བྱས་པའིིི་ཁམས་དང་། འགྲོ་བ་རྣམས་ན་བདུན་པོ་དེ་མངོན་དུ་གྱུར་པའི་སྒོ་ནས་ཡོད་དེ། དེ་ན་དེ་རྣམས་དངོས་སུ་སྤྱོད་པའི་སྒོ་ནས་ཡོད་པའི་ཕྱིར། ཐམས་ཅད་ན་ཡོད་པ་ནི་མ་ཡིན་ཏེ། དམྱལ་བ་དང་བཅས་པ་དང་། སྒྲ་མི་སྙན་པ་གཉིས་ནི་མ་གཏོགས་ཞེས་བཤད་པའི་ཕྱིར། བཞི་པ་ལས་ཀྱི་འབྲས་བུ་ཞར་བྱུང་དང་བཅས་པ་ལ། ལས་ཀྱི་འབྲས་བུ་དང་། ཞར་བྱུང་གཉིས་ལས། དང་པོ་ནི། ཐམས་ཅད་བདག་པོ་རྒྱུ་མཐུན་དང་། །རྣམ་སྨིན་འབྲས་བུ་འབྱིན་པ་འདོད། སྡུག་བསྔལ་ཕྱིར་དང་གསད་ཕྱིར་དང་། །གཟི་བྱིན་མེད་ཕྱིར་འབྲས་རྣམ་གསུམ། །ཞེས་པ་སྟེ། མི་དགེ་བ་ཐམས་ཅད་ཀྱང་འབྲས་བུ་འབྱིན་པར་འདོད་དེ། བདག་པོ་དང་། རྒྱུ་མཐུན་དང་། རྣམ་སྨིན་གྱི་འབྲས་བུ་འབྱིན་པའི་ཕྱིར། སྲོག་གཅོད་ཀྱི་ལས་ཀྱི་འབྲས་བུ་རྣམ་པ་གསུམ་འབྱུང་སྟེ། རྣམ་སྨིན་གྱི་འབྲས་བུས་དམྱལ་བར་སྡུག་བསྔལ། རྒྱུ་མཐུན་གྱི་འབྲས་བུས་གཞན་གྱིས་གསད་པ་དང་། བདག་འབྲས་ས་ཕྱོགས་གཟི་བྱིན་མེད་པར་འགྱུར་བའི་ཕྱིར། གཉིས་པ་ནི། ལུས་དང་ངག་ལས་ཆགས་ལས་སྐྱེས། །ལོག་འཚོ་སྦྱང་དཀའི་ཕྱིར་ལོགས་ཤིག །བསྟན་ཏོ་གལ་ཏེ་ཡོ་བྱད་ལ། །ཆགས་བསླངས་མདོ་དང་འགལ་ཕྱིར་མིན། །ཞེས་པ་སྟེ་ལུས་ངག་གི་ལས་འདོད་ཆགས་ལས་སྐྱེས་པ་དེ་ལ་ལོག་འཚོ་ཞེས་ལོགས་ཤིག་ཏུ་བསྟན་པ་ལ་རྒྱུ་མཚན་ཡོད་དེ། སྦྱངས་དཀའ་བས་བསྒྲིམས་ཏེ་སྤང་བར་བྱ་བ་ཡིན་པའི་ཕྱིར། གལ་ཏེ་ཡོ་བྱད་ལ་ཆགས་པས་ཀུན་ནས་བསླངས་པའི་ལུས་ངག་ཁོ་ན་ལ་ལོག་འཚོར་འཆད་པ་མི་འཐད་དེ། མདོ་དང་འགལ་བའི་ཕྱིར་ཏེ། ཚུལ་ཁྲིམས་ཀྱི་ཕུང་པོའི་མདོ་ལས། གླང་པོ་ཆེ་འཐབ་པ་ལ་བལྟ་བ་ལ་སོགས་ལོག་འཚོར་གསུངས་པའི་ཕྱིར།

གསུམ་པ་ལས་གང་གིས་འབྲས་བུ་གང་འགྲུབ་ཚུལ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། དྲི་བཅས་སྤོང་བའི་ལམ་དག་གི །ལས་ནི་ལྔ་ཡི་འབྲས་བུ་བཅས། །དྲི་མེད་བཞི་ཡི་ཟག་བཅས་གཞན། །དགེ་དང་མི་དགེ་གང་ཡིན་པའང་། །ཟག་པ་མེད་པ་ལྷག་མ་དང་། །ལུང་བསྟན་མིན་གང་གསུམ་གྱིས་སོ། །ཞེས་པ་སྟེ། དྲི་བཅས་ཀྱི་སྤོང་བའི་ལམ་དག་གི་ལས་ནི་ལྔ་ཡི་འབྲས་བུར་བཅས་པ་ཡིན་ཏེ། རྣམ་སྨིན་གྱི་འབྲས་བུ་སོགས་ལྔར་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར། དྲི་མེད་ཀྱི་སྤོང་ལམ་ཟག་མེད་ཀྱི་ལས་ནི། འབྲས་བུ་བཞི་དང་ལྡན་ཏེ། རྣམ་སྨིན་གྱི་འབྲས་བུ་མ་གཏོགས་པ་བཞི་དང་ལྡན་པའི་ཕྱིར། སྤོང་ལམ་ལས་གཞན་པའི་དགེ་བ་ཟག་བཅས་དང་མི་དགེ་བ་གང་ཡིན་པ་ནི། འབྲས་བུ་བཞི་དང་ལྡན་ཏེ། བྲལ་འབྲས་མ་གཏོགས་པའི་འབྲས་བུ་དང་ལྡན་པའི་ཕྱིར། སྤོང་ལམ་ལས་ཟག་མེད་ལྷག་མ་དང་ལུང་བསྟན་མིན་པའི་ལས་ནི། འབྲས་བུ་གསུམ་དང་བཅས་ཏེ་རྣམ་སྨིན་དང་བྲལ་འབྲས་མ་གཏོགས་པ་འབྱུང་བའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ། དགེ་སོགས་གསུམ་དུ་བཤད་པ། འདས་སོགས་གསུམ་དུ་བཤད་པ། ཁམས་སོགས་གསུམ་དུ་བཤད་པ། སློབ་སོགས་གསུམ་དུ་བཤད་པ། མཐོང་སྤང་སོགས་གསུམ་དུ་དབྱེ་བ་དང་ལྔ། དང་པོ་ལ། དགེ་མི་དགེ་ལུང་མ་བསྟན་གསུམ། དང་པོ་ནི། དགེ་བའི་དགེ་ལ་སོགས་པ་ནི། །བཞི་དང་གཉིས་དང་དེ་བཞིན་གསུམ། །ཞེས་པ་སྟེ། ལས་དགེ་བའི་འབྲས་བུ་དགེ་བ་བཞི་ཡོད་དེ། རྣམ་སྨིན་གྱི་འབྲས་བུ་མ་གཏོགས་པ་བཞི་ཡོད་པའི་ཕྱིར། སོགས་པས་ནི་དེའི་འབྲས་བུ་མི་དགེ་བ་གཉིས་ཡོད་དེ། སྐྱེ་བདག་གཉིས་ཡོད་པའི་ཕྱིར། དེའི་འབྲས་བུ་ལུང་མ་བསྟན་གསུམ་ཡོད་དེ། རྒྱུ་འབྲས་གཉིས་མ་གཏོགས་པ་གསུམ་ཡོད་པའི་ཕྱིར། གཉིས་པ་མི་དགེ་བ་ནི། །མི་དགེའི་དགེ་སོགས་གཉིས་དང་ནི། །གསུམ་དང་བཞི་སྟེ་རིམ་པ་བཞིན། །ཞེས་པ་སྟེ། མི་དགེ་བའི་འབྲས་བུ་ལ་དགེ་བ་གཉིས་ཡོད་དེ། སྐྱེ་བདག་གཉིས་ཡོད་པའི་ཕྱིར། དེའི་འབྲས་བུ་ལ་མི་དགེ་གསུམ་ཡོད་དེ། རྒྱུ་བདག་སྐྱེ་གསུམ་ཡོད་པའི་ཕྱིར། དེའི་འབྲས་བུ་ལུང་མ་བསྟན་བཞི་ཡོད་དེ། བྲལ་འབྲས་མ་གཏོགས་པ་བཞི་ཡོད་པའི་ཕྱིར། གསུམ་པ་ལུང་མ་བསྟན་ནི། ལུང་བསྟན་མིན་གྱི་དགེ་ལ་སོགས། །དེ་དག་གཉིས་དང་གསུམ་དང་གསུམ། །ཞེས་པ་སྟེ། ལུང་དུ་མ་བསྟན་པ་རྣམས་ཀྱི་འབྲས་བུ་དགེ་བ་གཉིས་ཡོད་དེ། སྐྱེ་བདག་གཉིས་ཡོད་པའི་ཕྱིར། དེའི་འབྲས་བུ་མི་དགེ་བ་གསུམ་ཡོད་དེ། རྒྱུ་བདག་སྐྱེ་གསུམ་ཡོད་པའི་ཕྱིར། དེའི་འབྲས་བུ་ལུང་མ་བསྟན་གསུམ་ཡོད་དེ། རྣམ་སྨིན་དང་བྲལ་འབྲས་མ་གཏོགས་པ་ཡོད་པའི་ཕྱིར། གཉིས་པ་འདས་སོགས་གསུམ་ལས། དང་པོ་ནི། འདས་པའི་ཐམས་ཅད་བཞི་ཡིན་ནོ། །ཞེས་པ་སྟེ། འདས་པའི་ལས་འབྲས་བུ་དུས་གསུམ་ཀ་ཡོད་ཀྱི་དེ་ཐམས་ཅད་བཞི་དང་བཅས་པ་ཡིན་ཏེ། བྲལ་འབྲས་མ་གཏོགས་པའི་བཞི་ཡོད་པའོ། །གཉིས་པ་ད་ལྟར་བ་ནི། བར་མ་ཡི་ནི་མ་འོངས་པའང་། །བར་མ་གཉིས་སོ་མ་སྐྱེས་པའི། །ཞེས་པ་སྟེ། བར་མ་ད་ལྟར་བའི་ལས་མ་འོངས་པ་ལ་བཞི་ཡོད་དེ། བྲལ་འབྲས་མ་གཏོགས་པ་བཞིའོ། །བར་མ་ད་ལྟར་བའི་ལས་ཀྱི་འབྲས་བུ་ད་ལྟར་བ་གཉིས་ཡོད་དེ། སྐྱེ་བདག་གཉིས་ཡོད་པའི་ཕྱིར། གསུམ་པ་མ་འོངས་པ་ནི། འབྲས་བུ་མ་འོངས་གསུམ་ཡིན་ནོ། །ཞེས་པ་སྟེ། མ་འོངས་པའི་ལས་ཀྱི་མ་འོངས་པའི་འབྲས་བུ་སྐྱེད་པ་ལ་འབྲས་བུ་གསུམ་འབྱུང་སྟེ། རྒྱུ་མཐུན་དང་བྲལ་འབྲས་མ་གཏོགས་པ་འབྱུང་བས་སོ། །གསུམ་པ་ཁམས་གསུམ་དུ་དབྱེ་བ་ནི། རང་གི་ས་པའི་བཞི་ཡིན་ནོ། །གཞན་གྱི་ས་པ་གསུམ་དང་གཉིས། །ཞེས་པ་སྟེ། རང་གི་ས་པའི་ལས་ཀྱི་རང་སའི་ལས་སྒྲུབ་པ་ལ་འབྲས་བུ་བཞི་ཡོད་དེ། བྲས་འབྲས་མ་གཏོགས་པ་ཡོད་པས་སོ། །དེ་གཞན་གྱི་ས་པའི་ལས་གྲུབ་པ་ལ་འབྲས་བུ་གསུམ་མམ་གཉིས་འབྱུང་སྟེ། ཟག་མེད་གྲུབ་ན་རྣམ་སྨིན་དང་བྲལ་འབྲས་མ་གཏོགས་པ་འབྱུང་། ཟག་བཅས་གྲུབ་ན། སྐྱེ་བདག་གཉིས་འབྱུང་བས་སོ། །བཞི་པ་སློབ་སོགས་གསུམ་དུ་དབྱེ་བ་ལ། སློབ་པ། མི་སློབ་པ། གཉིས་ཀ་མིན་པའི་ཆོས་ཀྱི་དབང་དུ་བྱས་པ་དང་གསུམ། དང་པོ་ནི། སློབ་པའི་སློབ་ལ་སོགས་པ་གསུམ། །ཞེས་པ་སྟེ། སློབ་པའི་ལས་ཀྱི་སློབ་པའི་ལས་སྒྲུབ་པ་ལ་འབྲས་བུ་གསུམ་འབྱུང་སྟེ། རྣམ་སྨིན་དང་བྲལ་འབྲས་མ་གཏོགས་པ་འབྱུང་བས་སོ། །སོགས་པས། དེས་སློབ་པ་དང་མི་སློབ་པའང་མིན་པའིིི་ལས་སྒྲུབ་པ་ལའང་འབྲས་བུ་གསུམ་འབྱུང་སྟེ། དང་པོ་ལ་སྔ་མ་ལྟར་དང་། ཕྱི་མ་ལ་རྒྱུ་མཐུན་དང་རྣམ་སྨིན་མ་གཏོགས་པ་འབྱུང་བས་སོ། །གཉིས་པ་ནི། མི་སློབ་ལས་ཀྱི་འབྲས་བུ་ནི། །སློབ་པ་ཡི་ནི་ཆོས་ལ་སོགས། །གཅིག་དང་གསུམ་དང་གཉིས་ཡིན་ནོ། །ཞེས་པ་སྟེ། མི་སློབ་པའི་ལས་ཀྱི་འབྲས་བུས་སློབ་པའི་ལས་སྒྲུབ་པ་ལ་འབྲས་བུ་གཅིག་འབྱུང་སྟེ། བདག་འབྲས་སོ། །དེས་སློབ་པའི་ལས་སྒྲུབ་པ་ལ་འབྲས་བུ་གསུམ་འབྱུང་སྟེ། རྣམ་སྨིན་དང་བྲལ་འབྲས་མ་གཏོགས་པ་འབྱུང་བས་སོ། །དེས་དེ་གཉིས་ཀ་མིན་པ་སྒྲུབ་པ་ལ་འབྲས་བུ་གཉིས་འབྱུང་སྟེ། སྐྱེ་བདག་གཉིས་འབྱུང་བས་སོ། །གསུམ་པ་ནི། དེ་ལས་གཞན་པའི་འབྲས་བུ་ནི། །སློབ་སོགས་གཉིས་དང་གཉིས་དང་ལྔ། །ཞེས་པ་སྟེ། དེ་ལས་གཞན་སློབ་པའང་མིན་པའི་ལས་ཀྱི་སློབ་པའི་ལས་དང་། སོགས་མི་སློབ་པའི་ལས་སྒྲུབ་པ་ལ་འབྲས་བུ་གཉིས་གཉིས་འབྱུང་སྟེ། སྐྱེ་བདག་གཉིས་འབྱུང་། དེའི་རིགས་འདྲ་སྒྲུབ་པ་ལ་འབྲས་བུ་ལྔ་འབྱུང་བས་སོ། །ལྔ་པ་མཐོང་སྤང་སོགས་གསུམ་དུ་དབྱེ་བ་ལ། མཐོང་སྤང་། སྒོམ་སྤང་། སྤང་བྱ་མིན་པའི་དབང་དུ་བྱས་པ་དང་གསུམ། དང་པོ་ནི། མཐོང་བས་སྤང་བྱའི་དེ་ལ་སོགས། །གསུམ་དང་བཞི་དང་གཅིག་ཡིན་ནོ། །ཞེས་པ་སྟེ། མཐོང་སྤང་གི་ལས་ཀྱིས་མཐོང་སྤང་ཕྱི་མ་དེ་གྲུབ་པ་ལ་འབྲས་བུ་གསུམ་འབྱུང་སྟེ། རྣམ་སྨིན་དང་བྲལ་འབྲས་མ་གཏོགས་པ་འབྱུང་བས་སོ། །སོགས་པས་དེའི་སྒོམ་སྤང་སྒྲུབ་པ་ལ་འབྲས་བུ་བཞི་འབྱུང་སྟེ། བྲལ་འབྲས་མ་གཏོགས་པ་འབྱུང་བས་སོ། །སྤང་བྱ་མིན་པའི་སྒྲུབ་པ་ལ། འབྲས་བུ་གཅིག་འབྱུང་སྟེ། བདག་འབྲས་ཁོ་ནའོ། །གཉིས་པ་ནི། སྒོམ་པས་སྤང་བར་བྱ་ལས་ཀྱི། །དེ་དག་གཉིས་དང་བཞི་དང་གསུམ། །ཞེས་པ་སྟེ། སྒོམ་སྤང་གི་ལས་ཀྱི་སྤང་བྱ་མིན་པ་དེ་དག་ལ་མཐོང་སྤང་སྒྲུབ་པ་ལ་འབྲས་བུ་གཉིས་འབྱུང་སྟེ། སྐྱེ་བདག་གཉིས་འབྱུང་བའོ། །དེས་སྒོམ་སྤང་སྒྲུབ་པ་ལ་འབྲས་བུ་བཞི་འབྱུང་སྟེ། བྲས་འབྲས་མ་གཏོགས་པ་འབྱུང་བས་སོ། །སྤང་བྱ་མིན་པའི་སྒྲུབ་པ་ལ་འབྲས་བུ་གསུམ་འབྱུང་སྟེ། རྣམ་སྨིན་དང་རྒྱུ་མཐུན་མ་གཏོགས་པ་འབྱུང་བའོ། །གསུམ་པ་ནི། སྤང་བྱ་མིན་པའི་དེ་དག་གཅིག །གཉིས་དང་བཞི་སྟེ་གོ་རིམ་བཞིན། །ཞེས་པ་སྟེ། སྤང་བྱ་མིན་པའི་ལས་དེ་དག་ལས་མཐོང་སྤང་སྒྲུབ་པ་ལ་འབྲས་བུ་གཅིག་འབྱུང་སྟེ། བདག་འབྲས་ཁོ་ན་འབྱུང་བའོ། །དེས་སྒོམ་སྤང་སྒྲུབ་པ་ལ་འབྲས་བུ་གཉིས་འབྱུང་སྟེ། སྐྱེ་བདག་གཉིས་སོ། །དེས་སྤང་བྱ་མིན་པའི་སྒྲུབ་པ་ལ་འབྲས་བཞི་འབྱུང་སྟེ། རྣམ་སྨིན་མ་གཏོགས་པ་འབྱུང་བའི་ཕྱིར་རོ། །

བཞི་པ་ལས་ཀྱི་རྣམ་གྲངས་གཞན་བཤད་པ་ནི། རིགས་མིན་བསྐྱེད་པ་ཉོན་མོངས་ཅན། །ཁ་ཅིག་ཆོ་ག་ཉམས་པའང་ཞེའོ། །གཅིག་གིས་སྐྱེ་བ་གཅིག་འཕེན་ནོ། །ཡོངས་རྫོགས་བྱེད་པ་དུ་མ་ཡིན། །སེམས་མེད་སྙོམས་པར་འཇུག་པ་དག །འཕེན་བྱེད་མ་ཡིན་ཐོབ་པའང་མིན། །ཞེས་པ་སྟེ། རིགས་པ་མིན་པ་བསྐྱེད་པའི་ལས་ཀྱི་ངོ་བོ་ནི། ཉོན་མོངས་ཅན་གྱིས་བསྐྱེད་པའི་ལས་ལ་འཇོག །ཁ་ཅིག་འགྲོ་འདུག་ལ་སོགས་པའི་ཆོ་ག་ཉམས་པའང་དེ་ཡིན་ཟེར་རོ། །གོང་དུ་བཤད་པའི་ལས་དེ་རྣམས་ལས། ལས་གཅིག་གིས་སྐྱེ་བ་དུ་མ་འཕེན་པ་ནི་མིན་ཏེ། སྐྱེ་བ་གཅིག་ཁོ་ན་འཕེན་པའི་ཕྱིར། འོ་ན་གནས་བརྟན་མ་འགགས་པས། བསོད་སྙོམས་གཅིག་ཕུལ་བའི་རྣམ་སྨིན་ལ་བརྟེན་ནས་སུམ་ཅུ་རྩ་གསུམ་གྱི་ལྷར་ལན་བདུན་སྐྱེས་པའི་མཐར། ཤཱཀྱ་ཕྱུག་པོའིི་རིགས་སུ་སྐྱེས་པས་གནོད་དམ་སྙམ་ན་མི་གནོད་དེ། བསོད་སྙོམས་དེའི་མཐུ་ལས་སྐྱེ་བ་བརྒྱད་རྒྱུན་ཆགས་སུ་བྱུང་བ་ལ་དགོངས་པའི་ཕྱིར། དཔེར་ན་གསེར་གྱི་དོང་རྩེ་གཅིག་ཚོང་བསྒྱུར་བྱས་པའི་སྟོབས་ཀྱིས། ཕྱུག་པོར་གྱུར་པའི་མི་གཅིག་གསེར་གྱི་དོང་རྩེ་གཅིག་གིས་ཕྱུག་པོར་གྱུར་ཞེས་པ་ལྟ་བུ་ཡིན་པས་སོ། །ལས་གཅིག་གིས་འབྲས་བུ་ཡོངས་སུ་རྫོགས་པ་བསྐྱེད་པ་ནི་དུ་མ་ཡིན་ཏེ་དབང་པོ་ཚང་མ་ཚང་སོགས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར། སེམས་མེད་འགོག་པའི་སྙོམས་འཇུག་དང་། འདུ་ཤེས་མེད་པའི་སྙོམས་འཇུག་སྐྱེ་བ་འཕེན་པར་བྱེད་པ་མིན་ཏེ། ལས་དང་ལྷན་ཅིག་མི་འབྱུང་བས་སོ། །རིགས་ཐུན་མོང་འཐོབ་པར་བྱེད་པའང་མིན་ཏེ། ལས་དང་འབྲས་བུ་མི་གཅིག་པའི་ཕྱིར།

གཉིས་པ་སོ་སོར་བཤད་པ་ལ། སྤང་བྱ་སྒྲིབ་པ་གསུམ། བསྟེན་བྱ་བསོད་ནམས་ཀྱི་གཞི་གསུམ། ཆ་མཐུན་གྱི་དགེ་བ་གསུམ་བཤད་པའོ། །དང་པོ་ལ། སྤྱིར་བསྟན་པ། འགྲོ་བ་གང་ན་སྒྲིབ་པ་དུ་ཡོད་ལ་དཔྱད་པ། ལས་སྒྲིབ་བྱེ་བྲག་དུ་བཤད་པ་དང་གསུམ། དང་པོ་ནི། མཚམས་མེད་པ་ཡི་ལས་རྣམས་དང་། །ཉོན་མོངས་ཤས་ཆེན་ངན་འགྲོ་དང་། །འདུ་ཤེས་མེད་པའི་སེམས་ཅན་དང་། །སྒྲ་མི་སྙན་སྒྲིབ་གསུམ་དུ་འདོད། །ཅེས་པ་སྟེ། སྒྲིབ་པ་གསུམ་དུ་ཡོད་དེ། ལས་སྒྲིབ། ཉོན་སྒྲིབ། རྣམ་སྨིན་གྱི་སྒྲིབ་པ་གསུམ་དུ་ཡོད་པའི་ཕྱིར་ཏེ། མཚམས་མེད་ཀྱི་ལས་རྣམས་ལས་སྒྲིབ་དང་། ཉོན་མོངས་ཤས་ཆེན་པོའི་སྒྲིབ་པ་རྣམས་ཉོན་སྒྲིབ་དང་། ངན་འགྲོ་རྣམས་དང་། འདུ་ཤེས་མེད་པའི་སེམས་ཅན་དང་། བྱང་སྒྲ་མི་སྙན་པ་རྣམས་རྣམ་སྨིན་གྱི་སྒྲིབ་པས་བསྡུས་པའི་ཕྱིར། གཉིས་པ་ནི། མཚམས་མེད་གླིང་གསུམ་དག་ན་ཡོད། །ཟ་མ་སོགས་ལ་མི་འདོད་དོ། །ཕན་དང་ངོ་ཚ་ཆུང་བའི་ཕྱིར། །ལྷག་མ་འགྲོ་བ་ལྔ་དག་ན། །ཞེས་པ་སྟེ། མཚམས་མེད་ལྔ་ནི་སྒྲ་མི་སྙན་ན་མེད་དེ། གླིང་གསུམ་ཁོ་ནར་ཡོད་པའི་ཕྱིར། ཟ་མ་དང་མ་ནིང་སོགས་ལ་མཚམས་མེད་ཡོད་པར་མི་འདོད་ཏེ། ཕན་པ་དང་ངོ་ཚ་ཁྲེལ་ཡོད་ཆུང་བའི་ཕྱིར་ན། སྡོམ་པ་དང་སྡོམ་མིན་གྱི་རྟེན་དུ་མི་རུང་བའི་ཕྱིར། ལྷག་མ་ཉོན་སྒྲིབ་དང་། རྣམ་སྨིན་གྱི་སྒྲིབ་པ་ཡང་། འཛམ་བུ་གླིང་ཁོ་ནར་ཡོད་པ་མིན་ཏེ། ལྷ་སོགས་འགྲོ་བ་ལྔ་དག་ན་ཡོད་པའི་ཕྱིར། གསུམ་པ་ལ། མཚམས་མེད་དང་། ཉེ་བའི་མཚམས་མེད་ཞར་བྱུང་དང་བཅས་པ་གཉིས། དང་པོ་ལ། དགེ་འདུན་དབྱེན་གྱི་མཚམས་མེད་ངོས་བཟུང་། དེ་དག་མཚམས་མེད་ཡིན་པའི་རྒྱུ་མཚན། དེ་ལ་གཞན་གྱི་དོགས་པ་སྤང་བ། དགེ་མི་དགེའི་འབྲས་བུ་ཚེ་ཚད་ངོས་བཟུང་བ་དང་བཞི། དང་པོ་ལ། དགེ་འདུན་གྱི་དབྱེན་ངོས་བཟུང་། དེ་ལ་མཚམས་མེད་ཀྱི་ལས་ངོས་བཟུང་། དེའི་ཁྱད་ཆོས་དང་གསུམ། དང་པོ་ནི། དགེ་འདུན་དབྱེན་ནི་མི་འཕྲོད་པའི། །རང་བཞིན་ལྡན་པ་མ་ཡིན་ཆོས། །ཉོན་མོངས་ཅན་མིན་ལུང་བསྟན་མིན། །དེ་དང་དགེ་འདུན་ཡང་དག་ལྡན། །ཞེས་པ་སྟེ། དགེ་འདུན་གྱི་དབྱེན་ནི། ཁྱད་ཆོས་གསུམ་ཏེ། དགེ་འདུན་ཐུགས་མི་འཕྲོད་པར་བྱེད་པའི་རང་བཞིན་གྱིས་ལྡན་པ་མིན་པའི་ཆོས་དང་། ཉོན་མོངས་ཅན་མིན་པ་དང་། ལུང་དུ་བསྟན་པ་མིན་པའི་ཆོས་དང་ལྡན་པའི་ཕྱིར་ཏེ། དབྱེན་དེ་དང་ལྡན་པར་བྱེད་པའི་དགེ་འདུན་འགའ་ཞིག་དང་ཡང་དག་པར་ལྡན་པའི་ཕྱིར། གཉིས་པ་ནི། དེ་ཡི་ཁ་ན་མ་ཐོ་རྫུན། །དེ་དང་འབྱེད་པོར་ཡང་དག་ལྡན། །ཞེས་པ་སྟེ། དེའི་ཁ་ན་མ་ཐོ་བ་རྫུན་སྨྲས་པའི་ཁ་ན་མ་ཐོ་བ་དེ། དེ་དང་འབྱེད་པ་པོ་ལྟ་བུ་དང་ཡང་དག་པར་ལྡན་པས་སོ། །གསུམ་པ་ནི། འབྲས་བུའི་ཁྱད་པར་གང་གིས། ཚུལ་ཇི་ལྟར། གནས་གང་དུ། དུས་ནམ་གྱི་ཚེ་བྱེད་པ་དང་ལྔ། དང་པོ་ནི། བསྐལ་པར་མནར་མེད་པར་སྨིན་འགྱུར། །ལྷག་པས་གནོད་པ་ལྷག་པར་འགྱུར། །ཞེས་པ་སྟེ། དང་པོ་དེའི་རྣམ་པར་སྨིན་པ་ཡོད་དེ། བར་གྱི་བསྐལ་པར་མནར་མེད་པར་སྨིན་པར་འགྱུར་ཞིང་། མང་ཉུང་ཁྱད་པར་ཡོད་དེ། ཚེ་གཅིག་ལ་མཚམས་མེད་གཅིག་ལས་ལྷག་པ་བྱས་པའི་གང་ཟག་ལ་ལུས་གཞན་ལས་ལྷག་པ་ཐོབ་ནས་གནོད་པ་ཡང་ལྷག་པར་འཕེལ་བར་འགྱུར་བའི་ཕྱིར། གཉིས་པ་ནི། དགེ་སློང་ལྟ་སྤྱོད་ཚུལ་ལྡན་པས། །ཞེས་པ་སྟེ། དབྱེན་བྱེད་པ་པོ་དེ་ཡང་ཁྱིམ་པ་སོགས་མིན་ཏེ། དགེ་སློང་ཡིན་པ། ལྟ་བ་གཙོ་བོར་སྤྱོད་པ་ཚུལ་ཁྲིམས་དང་ལྡན་པས་འབྱེད་དགོས་པའོ། །གསུམ་ནི། འབྱེད་དོ་གཞན་དུའོ་བྱིས་པ་རྣམས། །སྟོན་དང་ལམ་གཞན་ལ་བཟོད་པ། །བྱེ་བའོ་དེ་ནི་མི་གནས་སོ། །དེ་ནི་འཁོར་ལོའི་དབྱེན་དུ་འདོད། །ཅེས་པ་སྟེ། སྟོན་པ་མངོན་སུམ་དུ་བཞུགས་པ་དེ་ལས་ལྐོག་ཏུ་བྱིས་པ་སོ་སོ་སྐྱེ་བོ་རྣམས་ཁོ་ན་འབྱེད་དགོས་ཏེ། འཕགས་པ་རྣམས་འབྱེད་མི་ནུས་པའི་ཕྱིར། བྱེ་བའི་ཚད་ཡོད་དེ། སངས་རྒྱས་ལས་གཞན་པའི་སྟོན་པ་དང་། དེའི་བསྟན་པ་ལས་གཞན་པའི་ལམ་ལ་བཟོད་ཅིང་བཀོད་པ་ན་བྱེ་བར་གྱུར་པའོ། །དབྱེན་དེ་ནི་ཞག་གཅིག་ལས་རིང་དུ་མི་གནས་ཏེ། གདོན་མི་ཟ་བར་སང་ནམ་ལངས་པ་ན་དགེ་འདུན་རྣམས་ཐུགས་འདུམས་པར་འགྱུར་བའི་ཕྱིར། དབྱེན་དེ་ནི་འཁོར་ལོའི་དབྱེན་དུ་འདོད་དེ། ཆོས་ཀྱི་འཁོར་ལོ་འབྱེད་པའི་ལས་ངན་ཡིན་པས་དེ་ལྟར་བཤད་པའི་ཕྱིར། བཞི་པ་ནི། འཛམ་བུའི་གླིང་ནའོ་དགུ་སོགས་ཀྱིས། །ལས་ཀྱི་དབྱེན་ནི་གླིང་གསུམ་ན། །དེ་ནི་བརྒྱད་དག་ཡན་ཆད་ཀྱིས། །ཞེས་པ་སྟེ། དེ་འདྲའི་དབྱེན་དེ་ནི་གླིང་གཞན་དུ་མི་འབྱུང་སྟེ། འཛམ་བུ་གླིང་ཁོ་ནར་འབྱུང་བའི་ཕྱིར། དགེ་འདུན་དུ་མ་ལོངས་པ་དེ་ལྟར་འབྱེད་མི་ནུས་ཏེ། དགེ་སློང་དགུ་ཡན་ཆད་ཚང་དགོས་པའི་ཕྱིར་ཏེ། ཕྱོགས་རེ་ལ་བཞི་བཞི་དང་། འབྱེད་པ་པོ་དང་དགུ་དགོས་པའི་ཕྱིར། ལས་ཀྱི་དབྱེན་ནི་གླིང་གསུམ་ན་ཡོད་དེ། སྒྲ་མི་སྙན་མ་གཏོགས་པ་ན་འབྱུང་བས་སོ། །དེ་ནི་དགེ་འདུན་དུ་མ་ལོངས་པས་འབྱེད་མི་ནུས་ཏེ། དགེ་སློང་བརྒྱད་དག་ཡན་ཆད་ཀྱིས་འབྱེད་དགོས་པའི་ཕྱིར། ལྔ་པ་ནི། དང་པོ་མཐའ་སྐྱོན་ཟུང་གཅིག་གི །སྔ་རོལ་ཐུབ་པ་ནོངས་པ་དང་། །མཚམས་མ་བཅད་པ་དག་ཏུ་ཡང་། །འཁོར་ལོའི་དབྱེན་ནི་མི་འབྱུང་ངོ་། །ཞེས་པ་སྟེ། འཁོར་ལོའི་དབྱེན་དུས་དྲུག་དག་ཏུ་མི་འབྱུང་སྟེ། དང་པོ་སྟོན་པ་སངས་རྒྱས་མ་ཐག་པ་དང་། མཐའ་མ་མྱ་ངན་ལས་འདའ་ཁ་དང་། བར་དུ་བསྟན་པ་ལ་སྐྱོན་མ་བྱུང་བའི་བར་དང་། ཉན་ཐོས་མཆོག་ཟུང་གི་སྔ་རོལ་དང་། ཐུབ་པ་ནོངས་པ་སྟེ་མྱ་ངན་ལས་འདས་པའི་རྗེས་དང་། ལས་ཀྱི་མཚམས་མ་བཅད་པ་དག་ཏུ་ཡང་འཁོར་ལོའི་དབྱེན་མི་འབྱུང་སྟེ། རིམ་བཞིན་ཐམས་ཅད་དད་ཤས་ཆེ་བ་དང་། སྐྱོ་ཤས་ཆེ་བ་དང་། གཞི་མེད་པ་དང་། འཁོར་ལོའི་དབྱེན་འདུམས་པ་ལ་མཆོག་ཟུང་གཅིག་དགོས་པ་དང་། འགྲན་ཟླ་མེད་པ་དང་། མཚམས་ནང་གཅིག་ཏུ་གནས་པ་ལ་དེ་མི་འབྱུང་བའི་ཕྱིར། གཉིས་པ་དེ་དག་མཚམས་མེད་ཡིན་པའི་རྒྱུ་མཚན་ནི། ཕན་འདོགས་པ་དང་ཡོན་ཏན་ཞིང་། །སྤངས་དང་མེད་པར་བྱས་ཕྱིར་རོ། །ཞེས་པ་སྟེ། མཚམས་མེད་ལྔར་ངེས་ཏེ། ཕན་འདོགས་པའི་ཞིང་བསམ་པའི་སྒོ་ནས་སྤངས་ཤིང་། སྦྱོར་བའི་སྒོ་ནས་མེད་པར་བྱས་པ་ལ་ཕ་མ་གསོད་པའི་མཚམས་མེད་གཉིས། ཡོན་ཏན་གྱི་ཞིང་དགྲ་བཅོམ་པ་བསམ་པས་སྤང་ཞིང་སྦྱོར་བས་མེད་པར་བྱས་པའོ། །གསུམ་པ་ནི། མཚན་ནི་གཞན་དུ་གྱུར་ཀྱང་འགྱུར། །གང་གི་ཟླ་མཚན་ལས་བྱུང་མ། །སངས་རྒྱས་བརྡེག་པར་སེམས་ལ་མིན། །བསྣུན་འོག་དགྲ་བཅོམ་པ་ལ་མིན། །མཚམས་མེད་སྦྱོར་བ་བྱས་པ་ལ། །འདོད་ཆགས་བྲལ་འབྲས་མི་སྲིད་དོ། །ཞེས་པ་སྟེ། མཚན་གཞན་དུ་གྱུར་ཀྱང་མཚམས་མེད་དུ་འགྱུར་བ་ཡོད་དེ། མ་སྐྱེས་པར་དང་། ཕ་བུད་མེད་དུ་མཚན་འགྱུར་པ་བསད་ན་མཚམས་མེད་དང་། བུད་མེད་འགས་རང་གི་ནུར་ནུར་པོ་གཞན་གྱི་མངལ་དུ་བླུག་ཅིང་བཙས་ན། དེ་དག་གི་མ་གང་ཞེ་ན། གང་གི་ཟླ་མཚན་ལས་བྱུང་བ་ནི་དེའི་མ་ཡིན་ཞིང་། དེ་བསད་ན་མཚམས་མེད་དུ་འགྱུར་ཏེ་དེ་སྐྱེད་བྱེད་ཀྱི་མ་དང་ཕྱི་མ་སྐྱོང་བྱེད་ཀྱི་མ་ཡིན་པས་སོ། །སངས་རྒྱས་ལ་བརྡེག་པར་བསམ་པ་ཙམ་གྱིས་ཁྲག་ཕྱུང་པ་ལ་མཚམས་མེད་དུ་མི་འགྱུར་ཏེ། མཚམས་མེད་འབྱུང་བ་ལ་སངས་རྒྱས་དངོས་བཀྲོངས་འདོད་ཀྱི་བློ་དགོས་པའི་ཕྱིར། མཚོན་བསྣུན་པའི་འོག་ཏུ་དགྲ་བཅོམ་པ་བསད་པས་དགྲ་བཅོམ་པ་བསད་པའི་མཚམས་མེད་ཀྱི་ལས་འབྱུང་བར་མ་ངེས་ཏེ། དགྲ་བཅོམ་པ་ཐོབ་ཁ་མ་ལ་མཚོན་བསྣུན་པས་ཤི་བའི་ཚེ་དགྲ་བཅོམ་པ་ཡིན་པ་ཡང་ཡོད་པའི་ཕྱིར། མཚམས་མེད་ཀྱི་སྦྱོར་བ་བྱས་པའི་གང་ཟག་ལ་ཚེ་འདིར་འདོད་ཆགས་དང་བྲལ་བ་མི་སྲིད་དེ། དེ་ལས་སྒྲིབ་སྟོབས་ཀྱིས་བསྒྲིབས་པའི་ཕྱིར་རོ། །བཞི་པ་དགེ་མི་དགེའི་འབྲས་བུ་ཚེ་ཚད་ངོས་བཟུང་བ་ནི། དགེ་འདུན་དབྱེ་ཕྱིར་རྫུན་སྨྲ་བ། །ཁ་ན་མ་ཐོ་རབ་ཆེར་འདོད། །འཇིག་རྟེན་པ་ཡི་དགེ་བ་ལ། །སྲིད་རྩེའི་སེམས་པ་འབྲས་རབ་ཆེ། །ཞེས་པ་སྟེ། དགེ་འདུན་དབྱེ་བའི་རྫུན་སྨྲ་བའི་མཚམས་མེད་ནི། ཁ་ན་མ་ཐོ་བ་རབ་ཏུ་ཆེ་བར་འདོད་དེ། དེ་བྱས་པ་ལ་བར་བསྐལ་གཅིག་མནར་མེད་མྱོང་དགོས་པའི་ཕྱིར། འཇིག་རྟེན་པ་ཡི་དགེ་བ་ལ་སྲིད་རྩེའི་སེམས་པ་ནི་རྣམ་སྨིན་གྱི་འབྲས་བུ་རབ་ཏུ་ཆེ་སྟེ། དེའི་རྣམ་སྨིན་ལ་བསྐལ་ཆེན་བརྒྱད་ཁྲིར་བདེ་བ་ཐོབ་པའི་ཕྱིར། གཉིས་པ་ལ། ཉེ་བའི་མཚམས་མེད་ངོས་བཟུང་། ལས་ལམ་གྱི་བགེགས་ངོས་བཟུང་བ། བྱང་ཆུབ་སེམས་དཔའ་ངེས་གནས་བཤད་པ་དང་གསུམ། དང་པོ་ནི། མ་དགྲ་བཅོམ་པ་སུན་བྱས་དང་། །བྱང་ཆུབ་སེམས་དཔའ་ངེས་གནས་དང་། །སློབ་པ་གསོད་དང་དགེ་འདུན་གྱི། །འདུ་བའི་སྒོ་ནི་འཕྲོག་པ་དག །མཚམས་མེད་པ་དང་ཆ་འདྲ་སྟེ། །ལྔ་པ་མཆོད་རྟེན་འཇིག་པ་ཡིན། །ཞེས་པ་སྟེ། མཚམས་མེད་ཀྱི་ལས་དང་ཆ་འདྲ་བའི་ཉེས་པ་ལྔ་ཡོད་དེ། མ་དང་དགྲ་བཅོམ་མ་མི་ཚངས་སྤྱོད་ཀྱིས་སུན་དབྱུང་བར་བྱས་པ་དང་། བྱང་ཆུབ་སེམས་དཔའ་བསྐལ་པ་བརྒྱ་ནས་སངས་རྒྱ་བའི་ངེས་པ་ལ་གནས་པ་བསད་པ་དང་། འཕགས་པ་སློབ་པ་བསད་པ་དང་། དགེ་འདུན་གྱི་ཞལ་གྱི་འདུ་བའི་སྒོའི་འཚོ་བ་འཕྲོག་པ་དང་། སྐུ་གསུང་ཐུགས་ཀྱི་མཆོད་རྟེན་འཇིག་པར་བྱེད་པ་ལྔའོ། །གཉིས་པ་ནི། བཟོད་དང་ཕྱིར་མི་འོང་དགྲ་བཅོམ། །ཐོབ་ལ་ལས་གེགས་ཤིན་ཏུ་བྱེད། །ཅེས་པ་སྟེ། ཡོན་ཏན་གྱི་ཁྱད་པར་ཐོབ་པའི་བགེགས་གསུམ་ཡོད་དེ། བཟོད་པ་འཐོབ་པར་བྱེད་པའི་བགེགས། ཕྱི་མ་ངན་སོང་དུ་སྐྱེ་འགྱུར་གྱི་ལས་དང་། ཕྱིར་མི་འོང་ཐོབ་པའི་བགེགས། འདོད་པར་སྐྱེ་ངེས་པའི་ལས་དང་། དགྲ་བཅོམ་པ་ཐོབ་པའི་བགེགས་ཁམས་གོང་དུ་སྐྱེ་ངེས་ཀྱི་ལས་རྣམས་ཡིན་པས་སོ། །གསུམ་པ་ལ། བྱང་ཆུབ་སེམས་དཔའ་ངེས་གནས་ཀྱི་ཁྱད་ཆོས་དང་། སྔོན་བྱུང་སྟོན་པའི་རྣམ་ཐར་གཉིས། དང་པོ་ནི། གང་ནས་བྱང་ཆུབ་སེམས་དཔའ་ཡིན། །གང་ནས་མཚན་གྱི་ལས་བྱེད་པ། །བདེ་འགྲོ་རིགས་མཐོར་སྐྱེ་དབང་ཚང་། །ཕོར་གྱུར་ཚེ་རབས་དྲན་མི་ལྡོག །དེ་ནི་འཛམ་གླིང་ཕོར་གྱུར་ཉིད། །མངོན་སུམ་སངས་རྒྱས་ལ་སེམས་པ། །བསམ་པ་ལ་བྱུང་བསྐལ་པ་བརྒྱ། །ལུས་པ་དག་ཏུ་འཕེན་པར་བྱེད། །རེ་རེའང་བསོད་ནམས་བརྒྱ་ལས་སྐྱེས། །ཞེས་པ་སྟེ། གང་ནས་བྱང་ཆུབ་སེམས་དཔའ་ངེས་གནས་ཡིན་པའི་ཚུལ་ཡོད་དེ། གང་ཕན་ཆད་ནས་མཚན་གྱི་རྣམ་པ་ཅན་གྱི་ལས་བྱེད་པ་དེ་ནས་ངེས་གནས་ཞེས་བཤད་པའི་ཕྱིར། ངེས་གནས་དེ་ཡོན་ཏན་ལྔ་ལྡན་ཏེ། བདེ་འགྲོ་རིགས་མཐོ་བར་སྐྱེས་པ་དང་། དབང་པོ་ཀུན་ཚང་བ་དང་། ཕོ་ཁོ་ནར་འགྱུར་བ་དང་། ཚེ་རབས་དྲན་པ་དང་། ལམ་ལས་མི་ལྡོག་པ་དང་ལྡན་པའི་ཕྱིར། ཡོན་ཏན་འགྲུབ་ཚུལ་ཁྱད་པར་ཅན་དང་ལྡན་ཏེ། འཛམ་བུ་གླིང་གི་ཕོ་ཉིད་དུ་གྱུར་ནས་སངས་རྒྱས་ལ་མངོན་སུམ་དུ་སེམས་པ་དང་། བསམ་པ་ལས་བྱུང་བའི་བསོད་ནམས། འཚང་རྒྱ་བ་ལ་བསྐལ་པ་བརྒྱ་ལུས་པ་དག་ཏུ་འཕེན་ཅིང་སྒྲུབ་པར་བྱེད་པའི་ཕྱིར། མཚན་གྱི་རྣམ་པ་ཅན་བསོད་ནམས་ཁྱད་པར་ཅན་དང་ལྡན་ཏེ། མཚན་གྱི་ཆ་ཤས་རེ་རེ་ལའང་བསོད་ནམས་བརྒྱ་བརྒྱ་ལས་སྐྱེས་པའི་ཕྱིར། གཉིས་པ་སྔོན་བྱུང་སྟོན་པའི་རྣམ་ཐར་ལ། བསོད་ནམས་གསོག་པའི་ཚུལ་དང་། ཕར་ཕྱིན་དྲུག་རྫོགས་ཚུལ་ལོ། །དང་པོ་ནི། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་པ་སྟེ། འོ་སྐོལ་གྱི་སྟོན་པ་ཤཱཀྱ་ཐུབ་པས་བསྐལ་པ་གྲངས་མེད་གསུམ་གྱི་ཐ་མར་སངས་རྒྱས་གསུམ་བྱུང་བ་ལ་ཚོགས་བསགས་ཏེ། དང་པོའི་མཐའ་མར་རིན་ཆེན་གཙུག་ཏོར་ཅན། གཉིས་པའི་མཐའ་མར་མར་མེ་མཛད། གསུམ་པའི་མཐའ་མར་རྣམ་གཟིགས་འབྱུང་བའི་ཕྱིར། དང་པོར་ཚོགས་བསགས་ཡུལ་ཡོད་དེ། ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་བསགས་པའོ། །གཉིས་པ་ནི། ཀུན་ལ་ཐམས་ཅད་སྙིང་རྗེ་ཡིས། །སྦྱིན་པར་བྱེད་པས་སྦྱིན་པ་རྫོགས། །ཆགས་བཅས་ཡན་ལག་བཅད་ཀྱང་ནི། །མི་འཁྲུགས་བཟོད་དང་ཚུལ་ཁྲིམས་ཀྱི། །སྐར་རྒྱལ་བསྟོད་པས་བརྩོན་འགྲུས་ཀྱི། །དེ་མ་ཐག་ལ་ཏིང་འཛིན་བློའི། །ཞེས་པ་སྟེ། འོ་སྐོལ་གྱི་སྟོན་པས་སློབ་ལམ་གྱི་གནས་སྐབས་སུ་ཕར་ཕྱིན་གང་རྫོགས་ཚུལ་ཡོད་དེ། རྒྱལ་པོ་ཐམས་ཅད་སྒྲོལ་དུ་གྱུར་ཚེ་སེམས་ཅན་ཀུན་ལ་ལུས་ལོངས་སྤྱོད་ཐམས་ཅད་སྙིང་རྗེ་ཡིས་སྦྱིན་པར་བྱེད་པ་ནི་སྦྱིན་པའི་ཕར་ཕྱིན་རྫོགས། དྲང་སྲོང་བཟོད་པ་ཅན་དུ་གྱུར་ཚེ་ཆགས་པ་དང་བཅས་བཞིན་དུ། རང་གི་ཡན་ལག་བཅད་ཀྱང་ནི་ཁོང་མི་འཁྲུག་པའི་བཟོད་པ་དང་ཚུལ་ཁྲིམས་ཀྱི་ཕར་ཕྱིན་རྫོགས། དེ་བཞིན་གཤེགས་པ་སྐར་རྒྱལ་མེའི་ཁམས་ལ་སྙོམས་པར་ཞུགས་པ་མཐོང་ནས་རྐང་པ་ཡ་གཅིག་ས་ལ་སྦྲེང་སྟེ་ཚིགས་སུ་བཅད་པའི་སྒོ་ནས་བསྟོད་པས་བརྩོན་འགྲུས་ཀྱི་ཕར་ཕྱིན་རྫོགས། བྱང་ཆུབ་ཀྱི་སྔ་ལོགས་དེ་མ་ཐག་ལ་ཏིང་ངེ་འཛིན་བསམ་གཏན་དང་བློ་ཤེས་རབ་ཀྱི་ཕར་ཕྱིན་རྫོགས་པའོ། །

གཉིས་པ་བསྟེན་བྱ་བསོད་ནམས་ཀྱི་གཞི་གསུམ་ལ། མདོར་བསྟན། རྒྱས་བཤད། ཞར་བྱུང་དངགསུམ། དང་པོ་ནི། གསུམ་པོ་བསོད་ནམས་བྱ་བ་དང་། །དེ་བཞི་དཔེར་ན་ལས་ལམ་བཞིན། །ཞེས་པ་སྟེ། བསོད་ནམས་བྱ་བའི་གཞི་ལ་གསུམ་ཡོད་དེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི། ཚུལ་ཁྲིམས་དང་། བསྒོམ་པ་ལས་བྱུང་བའི་གཞི་རྣམས་སོ། །དེ་ནི་བསོད་ནམས་ཀྱང་ཡིན་ལ་དེའི་གཞི་ཡང་ཡིན་པས་གཞི་ཞེས་བྱ་སྟེ། དཔེར་ན་ལས་ལམ་བཞིན་ནོ། །གཉིས་པ་ལ། སྦྱིན་པ། ཚུལ་ཁྲིམས། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་དང་གསུམ། དང་པོ་ལ། ངོ་བོ། དབྱེ་བ། ཁྱད་ཆོས། ཞར་བྱུང་དང་བཞི། དང་པོ་ནི། གང་གིས་སྦྱིན་བྱེད་དེ་སྦྱིན་པ། །མཆོད་དང་ཕན་གདགས་འདོད་པ་ཡིས། །ལུས་དང་ངག་ལས་སློང་དང་བཅས། །དེ་འབྲས་ལོངས་སྤྱོད་ཆེན་པོ་ཅན། །ཞེས་པ་སྟེ། གང་ཟག་གང་གིས་འཇིགས་པ་དང་། ལན་ལ་རེ་བ་དང་། ཆགས་པས་སྦྱིན་པར་བྱེད་པ་དེའང་སྦྱིན་པ་ཙམ་ཡིན་ལ། སྦྱིན་པ་ཁྱད་པར་ཅན་ནི། དཀོན་མཆོག་མཆོད་པ། དམན་པ་ལ་ཕན་གདགས་འདོད་པས་སྦྱིན་པར་བྱེད་པའི་ལུས་ངག་གི་ལས་ཀུན་སློང་དང་བཅས་པ་ལ་བཤད་པའི་ཕྱིར། སྦྱིན་འབྲས་ཀྱང་མ་འོངས་པ་ན་ལོངས་སྤྱོད་ཆེན་པོ་འབྱུང་བས་སོ། །གཉིས་པ་ནི། བདག་གཞན་དོན་ཕྱིར་གཉིས་དོན་ཕྱིར། །གཉིས་ཀའི་དོན་དུ་མིན་ཕྱིར་སྦྱིན། །ཞེས་པ་སྟེ། སྦྱིན་པ་དེ་ལ་དབྱེ་ན་བཞི་ཡོད་དེ། བདག་ཁོ་ནའི་ཕྱིར་དང་། གཞན་ཁོ་ནའི་ཕྱིར་དང་། གཉིས་ཀའི་དོན་གྱི་ཕྱིར་དང་། སྦྱིན་ཡུལ་དང་སྦྱིན་པ་པོ་གཉིས་ཀའི་དོན་དུ་མིན་པར་སྦྱིན་པ་དང་བཞི་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། སོ་སྐྱེས་མཆོད་རྟེན་ལ་ཕུལ་བ་དེའོ། །གཉིས་པ་གྲུབ་སྟེ། འཕགས་པ་ཆགས་བྲལ་གྱིས་སོ་སྐྱེ་ལ་བྱིན་པ་དེའོ། །གསུམ་པ་གྲུབ་པ་སྟེ། འཕགས་པ་ཆགས་བྲལ་མ་བྱས་པས་གཞན་ལ་སྦྱིན་པ་དེའོ། །བཞི་པ་གྲུབ་སྟེ། འཕགས་པ་ཆགས་བྲལ་དེས་མཆོད་རྟེན་ལ་ཕུལ་བ་དེའོ། །ཁ་ཅིག་འཕགས་པ་ཆགས་བྲལ་གྱི་དེ་བདག་གཞན་གཉིས་ཀའི་དོན་མིན་པར་སྦྱིན་པ་ཟེར་བ། མི་འཐད་དེ། དེས་གཞན་སེམས་ཅན་མྱང་འདས་ཐོབ་ཕྱིར་སྦྱིན་པའོ། །གསུམ་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ་ནི། དེ་ཡི་ཁྱད་པར་སྦྱིན་བདག་དང་། །དངོས་དང་ཞིང་གི་ཁྱད་པར་ལས། །ཞེས་པ་སྟེ། སྦྱིན་པ་དེའི་ཁྱད་པར་ཡོད་དེ། སྦྱིན་བདག་དང་། དངོས་པོ་དང་། ཞིང་གི་ཁྱད་པར་ལས་ཁྱད་པར་དུ་གྱུར་པའོ། །གཉིས་པ་ལ། སྦྱིན་བདག །དངོས་པོ། ཞིང་གི་ཁྱད་པར་གསུམ་ལས། དང་པོ་ནི། སྦྱིན་བདག་ཁྱད་འཕགས་དད་སོགས་ཀྱི། །གུས་ལ་སོགས་པས་སྦྱིན་པར་བྱེད། །དེ་ཕྱིར་བཀུར་སྟི་རྒྱ་ཆེན་དང་། །དུས་དང་བར་ཆད་མེད་པར་རྙེད། །ཅེས་པ་སྟེ། སྦྱིན་བདག་ཁྱད་འཕགས་དེ་ལ་བཞི་ཡོད་དེ། དད་ཅིང་གུས་པས་སྦྱིན་པ་དང་། སོགས་པས་རང་གི་ལག་གིས་སྦྱིན་པ་དང་། དུས་སུ་སྦྱིན་པ་དང་། གཞན་ལ་མི་གནོད་པར་སྦྱིན་པ་རྣམས་སོ། །དེ་ལྟར་སྦྱིན་འབྲས་ཀྱང་ཡོད་དེ། སྦྱིན་ཚུལ་དང་པོས་མ་འོངས་པར་བཀུར་སྟི་དང་བཅས་པ་དང་། གཉིས་པས་ལོངས་སྤྱོད་རྒྱ་ཆེན་པོ་དང་། གསུམ་པས་ཟས་གོས་དུས་སུ་བརྙེད་པ་དང་། བཞི་པས་ལོངས་སྤྱོད་བར་ཆད་མེད་པར་རྙེད་པའོ། །གཉིས་པ་ནི། ཁ་དོག་ལ་སོགས་ཕུན་ཚོགས་དངོས། །དེ་ལས་གཟུགས་བཟང་གྲགས་ལྡན་དང་། །དགའ་དང་ཤིན་ཏུ་གཞོན་ཤ་ཅན། །དུས་སུ་རེག་ན་བདེ་ལུས་འགྱུར། །ཞེས་པ་སྟེ། སྦྱིན་བྱའི་དངོས་པོ་ཕུན་སུམ་ཚོགས་པ་དེ་ལ་བཞི་ཡོད་དེ། ཁ་དོག་ཕུན་སུམ་ཚོགས་པ་ལ་སོགས་པས་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་སྦྱིན་པ་རྣམས་སུ་ཡོད་ཅིང་། དེ་ལྟར་སྦྱིན་འབྲས་ཁྱད་པར་ཅན་ཡོད་དེ། སྦྱིན་ཚུལ་དང་པོས་གཟུགས་བཟང་བ་དང་། གཉིས་པས་སྙན་གྲགས་དང་ལྡན་པ་དང་། གསུམ་པས་རོ་དགའ་བ་ཉམས་སུ་མྱོང་བ་དང་། བཞི་པས་ལུས་ཤིན་ཏུ་གཞོན་ཤ་ཅན་དང་། དུས་སུ་རེག་ན་བདེ་བའི་ལུས་སུ་འགྱུར་བའོ། །གསུམ་པ་ནི། འགྲོ་དང་སྡུག་བསྔལ་ཕན་འདོགས་དང་། །ཡོན་ཏན་རྣམས་ཀྱི་ཞིང་ཁྱད་འཕགས། །མཆོག་ནི་གྲོལ་བས་གྲོལ་བའམ། །བྱང་ཆུབ་སེམས་དཔའ་ཡིས་བརྒྱད་པ། །འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པ་ཡིན། །ཞེས་པ་སྟེ། སྦྱིན་ཡུལ་ཁྱད་པར་ཅན་དེ་ལ་བཞི་ཡོད་དེ། དུད་འགྲོ་བས་མིའི་འགྲོ་བ་ཁྱད་པར་དུ་འཕགས་པ་དང་། ནད་པ་སོགས་སྡུག་བསྔལ་གྱི་ཞིང་དང་། ཕ་མ་སོགས་ཕན་འདོགས་ཀྱི་ཞིང་དང་། ཚུལ་ཁྲིམས་དང་ལྡན་པ་སོགས་ཡོན་ཏན་གྱི་ཞིང་ཁྱད་པར་དུ་འཕགས་པ་རྣམས་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དུད་འགྲོ་ལ་སྦྱིན་ན་རྣམ་སྨིན་བརྒྱ་འགྱུར། ཚུལ་འཆལ་ལ་སྦྱིན་ན་སྟོང་འགྱུར་ཡོད་པའོ། །གཉིས་པ་གྲུབ་སྟེེ། དེ་འདྲའི་མགོན་མེད་ལ་སྦྱིན་ན་བསོད་ནམས་གཞལ་དུ་མེད་པའོ། །གསུམ་པ་གྲུབ་སྟེ། སྔ་མ་དང་འདྲ་བས་སོ། །བཞི་པ་གྲུབ་སྟེ། རྣམ་སྨིན་འབུམ་འབྱུང་བས་སོ། །སྦྱིན་པའི་མཆོག་ནི་རྣམ་པ་གསུམ་ཡོད་དེ། གྲོལ་བ་དགྲ་བཅོམ་པས་དེ་ལ་སྦྱིན་པ་དང་། བྱང་ཆུབ་སེམས་པས་བྱང་ཆུབ་སེམས་དཔའ་ལ་སྦྱིན་པ་དང་། བརྒྱད་པ་སེམས་ཀྱི་རྒྱན་ལ་སོགས་པ་ཐོབ་ཕྱིར་དུ་སྦྱིན་པ་རྣམས་སོ། །བརྒྱད་པོ་ཡོད་དེ། ཉེ་བའི་སྦྱིན་པ། འཇིགས་པའི། བདག་ལ་སྦྱིན་པ་པོའི། བདག་ལ་སྦྱིན་པར་འགྱུར་བའི། ཕ་མེས་ཀྱི་སྦྱིན་པས་སྦྱིན་པ། མཐོ་རིས་ཀྱི་དོན་དུ། གྲགས་པའི་དོན་དུ་སྦྱིན་པ། སེམས་ཀྱི་རྒྱན་རྫུ་འཕྲུལ་དང་། སེམས་ཀྱི་ཡོ་བྱད་འཕགས་ལམ་བརྒྱད་དང་། སེམས་ཀྱི་ནོར་ཏིང་ངེ་འཛིན་གྱི་ཚོགས་དང་། དོན་གྱི་མཆོག་མྱང་འདས་ཐོབ་ཕྱིར་དུ་སྦྱིན་པ་རྣམས་སོ། །འཕགས་པ་མིན་པའི་སྦྱིན་ཡུལ་ཁྱད་པར་འཕགས་བཞི་ཡོད་དེ། ཕ་མ་ལ་སྦྱིན་པ། ནད་པ་ལ་སྦྱིན་པ། ཆོས་སྨྲ་བ་པོ་ལ་སྦྱིན་པ། སྐྱེ་ཐ་སྟེ་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་ལ་སྦྱིན་པ་རྣམས་སོ། །བཞི་པ་ཞར་བྱུང་གི་དོན་ལ། ལས་ཆེ་ཆུང་གི་ཁྱད་པར། བསགས་མ་བསགས་ཀྱི་ཁྱད་པར། ལས་ཀྱི་འབྲས་བུ་ལ་དོགས་པ་དཔྱད་པ་དང་གསུམ། དང་པོ་ནི། མཇུག་དང་ཞིང་དང་གཞི་དང་ནི། །སྦྱོར་དང་སེམས་པ་བསམ་པ་སྟེ། །དེ་དག་ཆུང་དང་ཆེ་བ་ལས། །ལས་ཀྱང་ཆུང་དང་ཆེ་བ་ཉིད། །ཅེས་པ་སྟེ། ལས་དེ་ལས་ལྕི་ཡང་གཉིས་སུ་ཡོད་དེ། ལས་ཀྱི་མཇུག་དང་། དེའི་ཞིང་དང་། དེའི་དངོས་གཞི་དང་། དེའི་སྦྱོར་བ་དང་། དེ་མཐར་ཕྱིན་པའི་སེམས་པ་དང་། བསམ་པ་སྟེ་ཀུན་སློང་དེ་དག་ཆུང་བ་དང་ཆེ་བ་ལས། ལས་ཀྱང་ཆུང་བ་ཡང་བ་དང་། ཆེ་བ་ལྕི་བ་ཉིད་དུ་འགྱུར་བའི་ཕྱིར། གཉིས་པ་ནི། བསམ་བཞིན་པ་དང་རྫོགས་པ་དང་། །མི་འགྱོད་གཉེན་པོ་མེད་པ་དང་། །འཁོར་དང་རྣམ་པར་སྨིན་པ་ལས། །བསགས་པའི་ལས་ཞེས་བྱ་བ་ཡིན། །ཞེས་པ་སྟེ། བསགས་པའི་ལས་སུ་གྱུར་པ་དྲུག་ཡོད་དེ། ལས་དེ་བསམ་བཞིན་དུ་བྱས་པ་དང་། མཇུག་ཡོངས་སུ་རྫོགས་པར་བྱས་པ་དང་། མཐར་མི་འགྱོད་པ་དང་། དངོས་གཞིའི་དུས་སུ་གཉེན་པོ་མེད་པ་དང་། མི་དགེ་བ་ཡིན་ན་འཁོར་མི་དགེ་བ་དང་། རྣམ་པར་སྨིན་པ་འབྱིན་པར་ངེས་པ་ལས། བསགས་པའི་ལས་ཞེས་བྱ་བ་ཡོད་པའོ། །གསུམ་པ་ནི། མཆོད་རྟེན་ལ་བཏང་རྒྱུས་བྱུང་བའི། །བསོད་ནམས་ལེན་མེད་བྱམས་སོགས་བཞིན། །རྒྱུ་ལས་འབྲས་བུ་མི་འཁྲུལ་ཕྱིར། །ངན་པའི་ཞིང་ལའང་འབྲས་ཡིད་འོང་། །ཞེས་པ་སྟེ། མཆོད་རྟེན་དང་སྐུ་གཟུགས་ལ་ཕུལ་བར་དེ་ལེན་པ་དང་སྤྱོད་པ་མེད་ནའང་། དངོས་པོ་བཏང་བས་དེ་ལས་བྱུང་བའི་བསོད་ནམས་ཐོབ་སྟེ། བྱམས་སོགས་ཚད་མེད་དང་ཡང་དག་པའི་ལྟ་བ་བསྒོམས་པས་རང་གི་སེམས་ཀྱི་མཐུས་བསོད་ནམས་ཐོབ་པ་བཞིན་ཡིན་པའི་ཕྱིར། ངན་པའི་ཞིང་ལ་སྦྱིན་པ་བཏང་བ་ལའང་འབྲས་བུ་ཡིད་དུ་འོང་བ་ལོངས་སྤྱོད་འབྱུང་སྟེ། ངན་པའི་ཞིང་ལ་གནོད་པ་བྱས་པས་འབྲས་བུ་ཡིད་མི་འོང་འབྱུང་བས་སོ། །གཉིས་པ་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ནི། འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས། །དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །སངས་རྒྱས་ཀྱིས་ནི་བཅས་པ་ཡང་། །རྣམ་དག་ཡོན་ཏན་བཞི་ལྡན་ནོ། །འཆལ་ཁྲིམས་དེ་རྒྱུས་འཕན་མ་བྱུང་། །དེའི་གཉེན་པོ་དང་གཞི་ལ་བརྟེན། །ཞེས་པ་སྟེ། འཆལ་བའི་ཚུལ་ཁྲིམས་ཀྱི་ངོ་བོ་ནི། འདུ་བྱེད་ཀྱིས་བསྡུས་པའི་གཟུགས་ཅན་གྱི་མི་དགེ་བ་ཡིན། འཆལ་ཚུལ་དེ་སྤོང་བའི་ཚུལ་ཁྲིམས་ནི། རྣམ་པ་གཉིས་ཡོད་དེ། རིག་བྱེད་དང་། རིག་བྱེད་མ་ཡིན་པ་གཉིས་ཡོད་པས་སོ། །སངས་རྒྱས་ཀྱིས་བཅས་པའི་ཁ་ན་མ་ཐོ་བ་སྤོང་བའི་ཚུལ་ཁྲིམས་རྣམ་པར་དག་པ་གཉིས་ཡོད་དེ། རིག་བྱེད་དང་རིག་བྱེད་མིན་པ་གཉིས་སུ་ཡོད་པའོ། །ཚུལ་ཁྲིམས་རྣམ་དག་དེ་ལ་ཡོན་ཏན་བཞི་ལྡན་ཏེ། འཆལ་ཚུལ་གྱི་ཕམ་པ་མ་བྱུང་བ་དང་། དེའི་རྒྱུད་ཀྱི་ཉོན་མོངས་ཀྱིས་ཕམ་པར་མ་བྱས་པ་དང་། དེའི་གཉེན་པོ་དྲན་ཤེས་བཞིན་ལ་བརྟེན་པ་དང་། དེའི་གཞི་མྱང་འདས་སུ་བསྔོས་པ་ལ་བརྟེན་པ་རྣམས་སོ། །གསུམ་པ་བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བ་གཞི་ནི། མཉམ་པར་བཞག་པའི་དགེ་བ་ནི། །སྒོམ་པའོ་སེམས་ལ་བསྒོ་ཕྱིར་རོ། །མཐོ་རིས་དོན་དུ་ཚུལ་ཁྲིམས་དང་། །འབྲལ་བའི་དོན་དུ་སྒོམ་གཙོའི་ཕྱིར། །ཞེས་པ་སྟེ། མཉམ་པར་བཞག་པའི་ཡོན་ཏན་ཏིང་ངེ་འཛིན་ནི། སྒོམ་པ་ཞེས་བརྗོད་དེ། སེམས་རྒྱུད་ལ་ཡོན་ཏན་བསྒོ་བྱེད་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར། ཚུལ་ཁྲིམས་དང་བསྒོམ་པ་ལ་འབྲས་བུ་ཡོད་དེ། མཐོ་རིས་ཀྱི་དོན་དུ་ཚུལ་ཁྲིམས་གཙོ་བོར་འཇུག །སེམས་ཉོན་མོངས་དང་འབྲལ་བའི་དོན་དུ་སྒོམ་པ་གཙོ་བོར་འཇུག་པའི་ཕྱིར། གསུམ་པ་ཞར་བྱུང་ལ། ཚངས་པ་བསོད་ནམས་དང་། ཆོས་སྦྱིན་པ་ངོས་བཟུང་བ་གཉིས། དང་པོ་ནི། བསྐལ་པར་མཐོ་རིས་དགའ་གནས་ཕྱིར། །བཞི་ཡིས་ཚངས་པའི་བསོད་ནམས་ཡིན། །ཞེས་པ་སྟེ། བྱམས་སོགས་ཚད་མེད་བཞི་ལ་ཚངས་པའི་བསོད་ནམས་ཟེར་བའི་རྒྱུ་མཚན་ཡོད་དེ། དེ་དག་ལས་བསྐལ་པའི་བར་དུ་ཚངས་པའི་མཐོ་རིས་སུ་དགའ་བར་གནས་པའི་ཕྱིར། གཉིས་པ་ནི། ཆོས་སྦྱིན་ཉོན་མོངས་ཅན་མིན་པས། །མདོ་སོགས་ཡང་དག་ཇི་བཞིན་སྟོན། །ཞེས་པ་སྟེ། ཆོས་ཀྱི་སྦྱིན་པའི་ངོ་བོ་ནི། རྙེད་པ་དང་བཀུར་བསྟི་ལ་སོགས་ལ་ལྟ་བའི་སེམས་ཉོན་མོངས་ཅན་མིན་པས་མདོ་དང་བསྟན་བཅོས་སོགས་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པ་དེ་ཡིན་པས་སོ། །

གསུམ་པ་ཆ་མཐུན་གྱི་དགེ་བ་གསུམ་བཤད་པ་ནི། བསོད་ནམས་མྱ་ངན་འདས་པ་དང་། །ངེས་འབྱེད་ཆ་མཐུན་དགེ་རྣམ་གསུམ། །ཞེས་པ་སྟེ། མྱང་འདས་དོན་གཉེར་གྱི་བསམ་པས་མ་ཟིན་པའི་དགེ་བ་ནི། བསོད་ནམས་ཆ་མཐུན། སྦྱོར་ལམ་མ་སྐྱེས་གོང་གི་མྱང་འདས་དོན་གཉེར་གྱི་བསམ་པས་ཟིན་པའི་དགེ་བ་ནི་ཐར་པ་ཆ་མཐུན། སྦྱོར་ལམ་དྲོད་སོགས་བཞི་ངེས་འབྱེད་ཆ་མཐུན་གྱི་དགེ་བ་ཡིན་པའི་ཕྱིར་རོ། །

གསུམ་པ་ལས་ཀྱི་རྣམ་གྲངས་གཞན་བསྟན་པའི་སྒོ་ནས་དོན་བསྡུ་བ་ནི། རིགས་པས་རབ་ཏུ་བཅུག་པའི་ལས། །རྣམ་གསུམ་ཀུན་སློང་བཅས་པ་ནི། །ཡིག་འབྲུ་བརྒྱ་དང་བགྲང་བཅས་པའི། །སྙན་ངག་གྲངས་ཏེ་གོ་རིམ་བཞིན། །བསྒྲིབས་ངན་ཁ་ན་མ་ཐོ་བཅས། །ཉོན་མོངས་ཅན་ཆོས་དྲི་མེད་དགེ། གྱ་ནོམ་འདུས་བྱས་དགེ་བསྟེན་བྱ། །ཐར་པ་བླ་ན་མེད་པ་ཡིན། །ཞེས་པ་སྟེ། ཡིག་འབྲུ་བརྒྱ་དང་། བགྲང་བ་དང་བཅས་པའི་སྙན་ངག་དང་གྲངས་ཀྱི་ལས་ཀྱང་བཞག་ཏུ་ཡོད་དེ། རིགས་པས་རབ་ཏུ་བཅུག་པའི་ལུས་ངག་ཡིད་རྣམ་པ་གསུམ་གྱི་ལས་དང་ཀུན་སློང་དང་བཅས་པ་ནི། དེ་དག་ཏུ་གོ་བའི་རིམ་པ་བཞིན་དུ་བཞག་པའི་ཕྱིར། ཉོན་མོངས་ཅན་གྱི་ཆོས་ནི། རྣམ་གྲངས་དུ་མ་དང་ལྡན་ཏེ། སྒྲིབ་པ་དང་། ངན་པ་དང་། ཁ་ན་མ་ཐོ་བ་དང་བཅས་པའོ། །ཟག་མེད་ཀྱི་དགེ་བ་ནི། རྣམ་གྲངས་དུ་མ་དང་ལྡན་ཏེ་དྲི་མ་མེད་པ་དང་། གྱ་ནོམ་པ་གཉིས་སུ་ཡོད་པའོ། །ཟག་བཅས་ཀྱི་དགེ་བ་ནི། རྣམ་གྲངས་དང་ལྡན་ཏེ། རྒྱུད་ལ་བསྟེན་བྱ་ཡིན་པས་སོ། །ཐར་པ་བླ་ན་མེད་པ་མྱང་འདས་ནི། བླ་ན་མེད་པ་ཡིན་ཏེ། སློབ་པའི་ཆོས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་རིན་པོ་ཆེའི་སྙེ་མ་ལས། ལས་ཀྱི་རྣམ་བཞག་བསྟན་པའི་གནས་ཏེ་བཞི་པའོ།། །།


previousགནས་བཞི་པ་ལས་བསྟན་པའི་འགྲེལ་པ།next