Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

8 occurrences of དེའི་འོག་ཏུ་
[Clear Hits]


  
  
  
  
  
  
 
རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ།
  
  
  
 
  
  
  
  
  


8 occurrences of དེའི་འོག་ཏུ་
[Clear Hits]

 
previousརྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ།next

རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ།

གཉིས་པ་དོན་བདུན་ཅུ་བཤད་པ་ལ། རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ། ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག །གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ། རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ། རྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་བརྒྱད། མཐར་གྱིས་པའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ། སྐད་གཅིག་མའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི། འབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་རྣམས་སོ། །དང་པོ་ལ་མདོའི་ལུང་དྲང་བ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་བཤད་པ་གཉིས་ལས། དང་པོ་ནི། ཡུམ་རྒྱས་འབྲིང་གཉིས་ཀ་ལས། ཤཱ་རིའི་བུ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་འཚང་རྒྱ་བ་ལ་བསླབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་སོགས་ཀྱིས་ནི་སེམས་བསྐྱེད་བསྟན། དེ་ལས་འཕྲོས་ནས། ཤཱ་རིའི་བུས་གསོལ་བ། དེ་ལ་ཇི་ལྟར་བསླབ་ཅེས་ཞུས་པའི་ལན་དུ། ཤཱ་རིའི་བུ་བྱང་སེམས་ཆེན་པོ་དེ་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའ་ཡོད་བཞིན་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཞེས་སོགས་ཀྱི་གདམས་ངག །སློབ་ལམ་ལ་འདོམས་པའི་ཐད་དུ་བྱང་སེམས་ཆེན་པོའི་མཐུན་པའི་ཆོས་ལ་སྲེད་པ་ནི་སྐྱོན་ནོ། །ཞེས་པ་ལས་འཕྲོས་ནས། སྐྱོན་དེ་གང་ཡིན་དྲིས་པའི་ལན་དུ། རབ་འབྱོར་གྱིས་ཤཱ་རིའི་བུ་ལ་སྨྲས་པ། བྱང་སེམས་ཀྱི་སྐྱོན་ནི་ཆོས་ལ་སྲེད་པའོ། །ཆོས་ལ་སྲེད་པ་གང་ཡིན་དྲིས་པའི་ལན་དུ། གཟུགས་མི་རྟག་ཅེས་བྱ་བར་མངོན་པར་ཞེན་པ་དང་། ལྷག་པར་གནས་པ་དང་། ཀུན་ཤེས་པ་འདི་ནི་མཐུན་པའི་ཆོས་ལ་སྲེད་པ་སྟེ་སྐྱོན་ནོ། །ཞེས་སོགས་ཀྱིས་ངེས་འབྱེད་ཡན་ལག །སྐབས་དེ་དག་ཏུ་བྱང་སེམས་ཆེན་པོ་ཞེས་ལན་མང་དུ་གསུངས་པ་ལས་འཕྲོས་ནས། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་དོན་ནི་གང་ལགས། ཞེས་དེའི་མིང་གི་གདགས་གཞི་དྲིས་པའི་ལན་དུ། བཀའ་སྩལ་པ། རབ་འབྱོར་ནམ་མཁའ་ལ་ནི་བྱའི་རྗེས་མེད་ཅིང་མི་དམིགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆེན་པོའི་ཚིག་གི་དོན་ནི་ཚིག་གི་དོན་མེད་པ་སྟེ། བྱང་ཆུབ་ལ་ནི་སྐྱེ་བའམ་ཡོད་པ་ཉིད་ཡོད་པའམ་དམིགས་པ་མ་ཡིན་ནོ། །ཞེས་སོགས་ཀྱིས་སྒྲུབ་པའི་རྟེན་རིགས་དེ་བསྟན་པ་ཡིན་ལ། དེའི་དོན་ཡང་བྱང་ཆུབ་སེམས་དཔའ་མིང་གི་གདགས་གཞི་ནི་རང་རྒྱུད་ཀྱི་ཆོས་ཉིད་ལ་བྱ་བར་བཤད་པ་ཡིན་ནོ། །སྐབས་དེར་བྱང་ཆུབ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་རྟོགས་པར་བྱའོ། །ཞེས་པ་ལས་འཕྲོས་ནས། ཆོས་ཐམས་ཅད་གང་ཡིན་དྲིས་པའི་ལན་དུ། བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ནི། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། འཇིག་རྟེན་པ་དང་། ཞེས་སོགས་ཀྱིས་སྒྲུབ་པའི་དམིགས་པ་བསྟན་ཏོ། །ཡང་རབ་འབྱོར་གྱིས་བྱང་སེམས་ཆེན་པོ་ཞེས་བགྱི་བ་འདི་ནི་དོན་གང་གི་སླད་དུ་བྱང་སེམས་ཆེན་པོ་ཞེས་བགྱི་བ་ལགས། ཞེས་བྱང་སེམས་ཆེན་པོར་འཇོག་པའི་དོན་གྱི་རྒྱུ་མཚན་དྲིས་པའི་ལན་དུ། བཅོམ་ལྡན་འདས་དང་ཤཱ་རིའི་བུས་ཆེན་པོ་གསུམ་གྱི་མདོ་གསུངས་སོ། །བྱམས་མའི་བུ་གང་པོས། དེར་འཇོག་པའི་རྒྱུ་མཚན་བཤད་པས་ནི་གོ་ཆའི་སྒྲུབ་པ་བསྟན་ཏོ། །གོ་སྒྲུབ་ལས་འཕྲོས་ནས། ཤཱ་རིའི་བུས་ཐེག་ཆེན་ལ་འཇུག་པ་དང་འཛེག་པ་གང་ཡིན་དྲིས་པའི་ལན་གྱིས་ནི་འཇུག་སྒྲུབ་བསྟན་ཏོ། །ཡང་གོ་ཆའི་སྒྲུབ་པ་ལས་འཕྲོས་ནས། ཇི་ཙམ་གྱིས་ནི་གོ་ཆ་ཆེན་པོ་བགོས་པ་ལགས། ཞེས་ཞུས་པའི་ལན་གྱིས་ཚོགས་སྒྲུབ་དང་པོ་བཅུ་བསྟན་ཏོ། །འཇུག་སྒྲུབ་ལས་འཕྲོས་ནས། ཐེག་པ་ཆེན་པོ་དེ་གང་ལགས། ཇི་ཙམ་གྱིས་ནི་ཐེག་པ་ཆེན་པོ་ལ་ཞུགས་པ་ལགས། ཐེག་པ་དེ་གང་ནས་འབྱུང་། གང་དུ་འབྱུང་། གང་ཞིག་འབྱུང་། ཞེས་ཞུས་པ་ལ། དྲི་བ་དང་པོའི་ལན་གྱིས་ཐབས་མཁས་ནས་གཟུངས་ཀྱི་བར་ལྔ་དང་། དྲི་བ་གཉིས་པའི་ལན་གྱིས་སའི་ཚོགས་དང་། དྲི་བ་ཕྱི་མ་གསུམ་གྱིས་ནི་གཉེན་པོའི་ཚོགས་བསྟན་པ་ཡིན་ནོ། །

གཉིས་པ་ལ། གོ་རིམ་དང་། སོ་སོའི་དོན་བཤད་པ་གཉིས། དང་པོ་ནི། སེམས་བསྐྱེད་པ་དང་གདམས་ངག་དང་ཞེས་སོགས་ཚིགས་བཅད་གཉིས་ཏེ། ཐེག་ཆེན་གྱི་ཆོས་ཀྱི་རྩ་བ་ཡིན་པས་སེམས་བསྐྱེད་པ་དེ་ཐོག་མར་བསྟན། དེ་ནས་དེའི་དོན་དུ་གཉེར་བྱ་རྫོགས་བྱང་གི་ཐབས་འཚོལ་བ་ལ་འདོམས་པའི་གདམས་ངག་བསྟན། དེ་ལ་དབྱེ་ན་བཅུར་ཡོད་དེ། སེམས་བསྐྱེད་ཀྱི་འདོད་བྱའི་ཡུལ་དུ་འཕངས་པའི་དོན་གཉིས་ཕུན་ཚོགས་སྒྲུབ་པའི་ཐེག་ཆེན་སྒྲུབ་པ་རང་གི་ངོ་བོ་ལ། དམིགས་ཡུལ་བདེན་པ་བཞི་ལ། སྒྲུབ་པ་དེ་ཉམས་སུ་ལེན་པའི་སྐྱབས་རྟེན་གྱི་དབང་དུ་བྱས་ནས་དཀོན་མཆོག་གསུམ་ལ། འགལ་རྐྱེན་བྱ་བ་ངན་ཞེན་གྱི་ལེ་ལོ་སེལ་བའི་བརྩོན་འགྲུས་ལ། མཐར་མ་ཕྱིན་གྱི་བར་དུ་ཡོངས་སུ་མི་ངལ་བའི་བརྩོན་འགྲུས་ལ། ལམ་གཞན་དུ་མི་གཡོ་བར་ཐེག་ཆེན་གྱི་ལམ་ཡོངས་སུ་འཛིན་པའི་བརྩོན་འགྲུས་ལ། མཐུན་རྐྱེན་སྒྲུབ་པའི་ཡན་ལག་ཏུ་སྤྱན་ལྔ་ལ། ནང་ནས་སྒྲུབ་པ་བསྐུལ་ཏེ་སྒྲུབ་པ་མྱུར་དུ་འགྲུབ་པའི་རྒྱུ་མངོན་ཤེས་ཀྱི་ཡོན་ཏན་དྲུག་ལ། མཐོང་སྒོམ་གྱི་ལམ་ལ་འདོམས་པ་དང་བཅུའོ། །རྟོགས་དཀའ་བ་དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ་དང་། གདམས་ངག་གི་དོན་ཉམས་སུ་བླངས་པས་སྒོམ་བྱུང་གི་ཐོག་མ་ངེས་འབྱེད་ཡན་ལག་འབྱུང་བས་དེ་བསྟན། དེ་ཐོབ་ནས་ཐེག་པ་ཆེན་པོར་རིགས་ངེས་པའི་རྟེན་དུ་གྱུར་པས་རིགས་བསྟན། ཐེག་ཆེན་སྒྲུབ་པ་དེ་རྟེན་ཆོས་དབྱིངས་ཁོ་ན་ལ་བརྟེན་པ་བཞིན་དུ་དམིགས་པ་ཡང་དེ་ཁོ་ན་ཉིད་ལ་དམིགས་སམ་སྙམ་པའི་དོགས་པ་བསལ་བའི་ཕྱིར་དུ་ཆོས་ཐམས་ཅད་ཐེག་ཆེན་སྒྲུབ་པའི་དམིགས་པ་ཡིན་པར་བསྟན། དངོས་ཀྱི་དམིགས་པ་དེ་ལྟར་ཡིན་ན། དེ་ཉིད་དེའི་ཆེད་དུ་བྱ་བའི་དམིགས་པ་ཡང་ཡིན་ནོ་སྙམ་པ་ལ། དེ་ནི་ཆེན་པོ་གསུམ་མོ་ཞེས་བཤད་པར་བྱ་བའི་ཕྱིར་དུ་ཆེད་དུ་བྱ་བ་བསྟན། གལ་ཏེ་ཁྱད་པར་དེ་གསུམ་དང་ལྡན་པའི་སྒྲུབ་པ་ཡང་ངེས་འབྱེད་ཡན་ལག་ཁོ་ནར་ངེས་སམ་སྙམ་དུ་དོགས་པ་ལ། སྦྱོར་བ་དང་། མཐོང་བ་དང་། སྒོམ་པ་དང་། ཁྱད་པར་གྱི་ལམ་གྱི་དབྱེ་བས་བཞི་ཡོད་དོ། །ཞེས་ཤེས་པར་བྱ་བའི་ཕྱིར་དུ་སྒྲུབ་པ་བཞི་བསྟན་ཏོ། །དངོས་པོ་གཞན་རྣམས་མཚོན་བྱེད་ཀྱི་ཚིགས་བཅད་ལྷག་མ་རྣམས་ཀྱིས་དོན་དེ་ལས་དཔགས་ཏེ་གོ་བའི་ཕྱིར་མ་སྤྲོས་སོ། །

གཉིས་པ་སོ་སོའི་དོན་བཤད་པ་ལ་བཅུ་ལས། དང་པོ་སེམས་བསྐྱེད་ལ། ལུས་རྟེན། བསམ་པའི་རྟེན། བརྟེན་པ་སེམས་བསྐྱེད་པ་དང་གསུམ། དང་པོ་ལ། དངོས་དང་། དོགས་སྤོང་གཉིས། དང་པོ་ནི། འདུ་ཤེས་མེད་པ་དང་། གཟུགས་མེད་ཁམས་པའི་སེམས་ཅན་མ་གཏོགས་འགྲོ་བ་གཞན་རྣམས་ནི་རང་སྟོབས་དང་གཞན་སྟོབས་ཅི་རིགས་པའི་སྒོ་ནས་ཐེག་ཆེན་སེམས་བསྐྱེད་དངོས་སུ་སྐྱེ་བའི་རྟེན་དུ་རུང་བ་ཡིན་ནོ། །དེ་ཡང་དང་པོ་ལ་དངོས་སུ་མི་སྐྱེ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་གསལ་པོ་མངོན་གྱུར་བ་རྒྱུན་ཆགས་སུ་མེད་པའི་ཕྱིར། གཉིས་པ་ལ་དངོས་སུ་མི་སྐྱེ་སྟེ། གཟུགས་མེད་ཁམས་པའི་སེམས་ཅན་ནི་ཕན་ཚུན་གཅིག་གིས་གཅིག་དམིགས་ཡུལ་དུ་མི་འགྱུར་བས་གཞན་སྡུག་བསྔལ་གྱིས་མནར་བ་མཐོང་སྟེ་དེ་དང་བྲལ་འདོད་ཀྱི་བློ་དངོས་སུ་སྐྱེ་བ་མེད་པའི་ཕྱིར། ངན་སོང་གསུམ་གྱི་རྟེན་ལ་དངོས་སུ་སྐྱེ་བ་ཡོད་དེ། དྲིན་ལན་བསབ་པ་ལས། སྟོན་པ་སྔོན་དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་དུ་འཁྲུངས་པའི་ཚེ། གྲོགས་ལ་སྙིང་རྗེ་སྐྱེས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བཤད་པ་དང་། ཟ་མ་ཏོག་བཀོད་པའི་མདོ་ལས་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་ཡི་དྭགས་མང་པོ་བདེན་པ་མཐོང་བ་ལ་བཀོད་པར་བཤད་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས། ཀླུ་ཉི་ཁྲི་ཆིག་སྟོང་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བཤད་པའི་ཕྱིར། ལྷ་མིའི་རྟེན་ལ་དངོས་སུ་སྐྱེ་བར་རུང་སྟེ། མདོ་ལས། དེ་ཚེ་ལྷ་མི་སྟོང་ཕྲག་བརྒྱ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་སོ། །གཉིས་པ་ནི། ལམ་སྒྲོན་ལས། སོ་སོར་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་གསུངས་པས་ངན་འགྲོ་ལ་སོགས་པའི་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་དངོས་སུ་སྐྱེ་བ་མི་འཐད་དོ་ཞེ་ན་སྐྱོན་མེད་དེ། དེ་ནི་རྒྱ་ཆེན་སྤྱོད་པའི་ལུགས་སེམས་ཙམ་ལུགས་སུ་གྲགས་པའི་སེམས་བསྐྱེད་ཀྱི་སྡོམ་པའི་རྟེན་ཙམ་ལ་དགོངས་པའི་ཕྱིར་རོ། །

གཉིས་པ་ནི། རྐྱེན་ཐེག་པ་ཆེན་པོར་རིགས་སད་པའི་སྟོབས་ཀྱིས་སེམས་ཅན་གྱི་སྡུག་བསྔལ་བསལ་འདོད་ཀྱི་སྙིང་རྗེ་དང་། རྒྱལ་བའི་སྲས་ཀྱི་མཛད་སྤྱོད་ལ་དམིགས་པའི་དད་པ་ནི་བསམ་པའི་རྟེན་དུ་དགོས་ཏེ། དེ་ཡོད་ན་གཞན་དོན་དུ་བྱང་ཆུབ་ཐོབ་འདོད་ཀྱི་བློ་ངང་གིས་སྐྱེ་བའི་ཕྱིར་ཏེ། དཀོན་མཆོག་སྒྲོན་མེའི་མདོ་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལའང་དད་བྱེད་པ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ན། །སྐྱེས་བུ་དམ་པ་རྣམས་ཀྱི་སེམས་སྐྱེའོ། །ཞེས་སོ། །

གསུམ་པ་ལ། སེམས་བསྐྱེད་ཀྱི་རང་བཞིན། བསླབ་བྱ། ཕན་ཡོན་དང་གསུམ། དང་པོ་ལ། མཚན་གཞི། མཚན་ཉིད། དབྱེ་བ། ས་མཚམས་དང་བཞི། དང་པོ་ནི། སེམས་སེམས་བྱུང་གཉིས་ཀྱི་ནང་ནས་གཙོ་སེམས། དེ་ལ་ཡང་ཚོགས་བརྒྱད་ཡོད་པའི་ནང་ནས་ཡིད་ཀྱི་རྣམ་པར་ཤེས། དེ་ལ་ཡང་རིགས་དུ་མ་ཡོད་པའི་ནང་ནས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་ཅིང་། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དགེ་བ་ལ་འདོད་དེ། ཉི་ཁྲི་སྣང་བ་ལས། སེམས་བསྐྱེད་པ་ཞེས་བྱ་བ་ལ་སེམས་ནི་རྣམ་པར་ཤེས་པ་སྟེ་རྣམ་པར་རིག་པའོ། །རྣམ་པར་ཤེས་པ་གང་ཡིན་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་སྟེ་དཀར་པོའི་ཆོས་ཐམས་ཅད་ལ་དམིགས་པ་ནི་དེ་ལ་སྲིད་པའི་ཕྱིར་རོ། །ཞེས་སོ། །གཉིས་པ་ནི། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ལ་མྱོང་བ་ཐོན་པའི་ཚུལ་གྱིས་དམིགས་པའི་ཐེག་ཆེན་གྱི་ཐར་ལམ་གྱི་ངོ་བོར་གྱུར་པའི་གཙོ་བོ་རྣམ་རིག་གོ །

གསུམ་པ་ལ། མཚན་གཞིའི་སྒོ་ནས་དབྱེ་བ། ཕྲ་རགས་ཀྱི་སྒོ་ནས་དབྱེ་བ། ཆོ་གའི་སྒོ་ནས་དབྱེ་བ། སེམས་བསྐྱེད་ཚུལ་གྱི་སྒོ་ནས་དབྱེ་བ། དཔེ་གྲོགས་ཀྱི་སྒོ་ནས་དབྱེ་བ། ས་མཚམས་ཀྱི་སྒོ་ནས་དབྱེ་བ་དང་དྲུག །དང་པོ་ལ། སྨོན་འཇུག་གཉིས། དང་པོའི་མཚན་ཉིད། རང་དང་ལྷན་ཅིག་པའི་བྱང་སེམས་ཀྱི་སྡོམ་པས་མ་ཟིན་པའི་ཀུན་རྫོབ་སེམས་བསྐྱེད། མཚན་གཞི། བྱང་སེམས་ཀྱི་སྡོམ་པ་མ་ཐོབ་པའི་སེམས་བསྐྱེད་དང་། ཀུན་དཀྲིས་ཆེན་པོ་སྤྱད་པའི་རྩ་ལྟུང་གིས་བྱང་སེམས་ཀྱི་སྡོམ་པ་ལས་ཉམས་པའི་བྱང་སེམས་ཚོགས་ལམ་པའི་སེམས་བསྐྱེད་ལྟ་བུའོ། །གཉིས་པའི་མཚན་ཉིད། རང་དང་ལྷན་ཅིག་པའི་བྱང་སེམས་ཀྱི་བསླབ་པའི་གྲོགས་ཀྱིས་ཟིན་པའི་ཀུན་རྫོབ་སེམས་བསྐྱེད། མཚན་གཞི། བྱང་སེམས་ཀྱི་སྡོམ་པ་རྒྱུད་༼ལྡན་༽གྱི་བྱང་སེམས་སོ་སྐྱེའི་སེམས་བསྐྱེད་མཐའ་དག་དང་། བྱང་འཕགས་ཀྱི་རྗེས་ཐོབ་ཀྱི་ངོ་བོར་གྱུར་པའི་སེམས་བསྐྱེད་རྣམས་སོ། །དེ་ཡང་དང་པོ་སྦྱོར་ལམ་ཡན་དུ་འགྲོ་བ་མི་སྲིད་དེ། དེ་ཡན་ཆད་ན་སྡོམ་པས་མ་ཟིན་པའི་སེམས་བསྐྱེད་མེད་པའི་ཕྱིར། གཉིས་པ་ཐེག་ཆེན་འཕགས་པའི་མཉམ་བཞག་གི་གནས་སྐབས་ན་མེད་དེ། དེ་ཀུན་རྫོབ་སེམས་བསྐྱེད་དུ་ངེས་པའི་ཕྱིར། དེ་ལྟར་ཡང་སྤྱོད་འཇུག་ལས། བྱང་ཆུབ་སྨོན་པའི་སེམས་ལས་ནི། །འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང་། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་བསྒྲལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླངས་གྱུར་པ། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པ་རབ་ཏུ་འབྱུང་། །ཞེས་སོ། །

གཉིས་པ་ལ། རགས་པ་བརྡ་ལས་བྱུང་བ་ཀུན་རྫོབ་སེམས་བསྐྱེད་དང་། ཕྲ་བ་ཆོས་ཉིད་ཀྱིས་ཐོབ་པ་དོན་དམ་སེམས་བསྐྱེད་གཉིས། དང་པོ་ལ། མཚན་ཉིད། མཚན་གཞི། དབྱེ་བ་དང་གསུམ། དང་པོ་ནི། རང་རིགས་ལ་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་བཞག་ཡེ་ཤེས་མེད་ཅིང་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་ཐེག་ཆེན་སློབ་པའི་སེམས་བསྐྱེད། གཉིས་པ་ནི། ཐེག་ཆེན་སོ་སྐྱེའི་སེམས་བསྐྱེད་མཐའ་དག་དང་། བྱང་འཕགས་ཀྱི་རྗེས་ཐོབ་ཀྱི་ངོ་བོར་གྱུར་པའི་སེམས་བསྐྱེད་རྣམས་སོ། །གསུམ་པ་ནི། གྲོགས་དགེ་བའི་བཤེས་གཉེན་གྱི་སྟོབས་ལས་ཐོབ་པ་སོགས་ལྔ་སྟེ། རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བརྟན་པའི་སེམས་བསྐྱེད་བཤད། །ཅེས་སོ། །

གཉིས་པ་ལ། མཚན་ཉིད། དབྱེ་བ། སྒྲ་བཤད་དང་གསུམ། དང་པོ་ནི། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་བཞག་རྣམ་པར་མི་རྟོག་པའི་ངོ་བོར་གྱུར་པའི་སེམས་བསྐྱེད། གཉིས་པ་ལ། འབད་རྩོལ་གྱི་མཚན་མ་དང་བཅས་པའི། དེ་མེད་པའི། སྒྲིབ་པ་སྤངས་པའི་དོན་དམ་སེམས་བསྐྱེད་དང་གསུམ་མོ། །གསུམ་པ་ནི། རྒྱན་ལས། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་སོ། །གསུམ་པ་ལ། སྤྱིར་བསྟན་པ་དང་། ཁྱད་ཆོས་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། རྗེ་བཙུན་འཇམ་དབྱངས་ནས་ཀླུ་སྒྲུབ་ཡབ་སྲས་སོགས་ལ་བརྒྱུད་པ་བསླབ་བཏུས་དང་སྤྱོད་འཇུག་ཏུ་བཀོད་པའི་ཕྱག་སྲོལ་ཟབ་མོ་ལྟ་བའི་སེམས་བསྐྱེད་དབུ་མ་ལུགས་སུ་གྲགས་པ་དང་། རྗེ་བཙུན་བྱམས་པ་ནས་ཐོགས་མེད་སྐུ་མཆེད་ལ་བརྒྱུད་པ་བྱང་ས་དང་སྡོམ་པ་ཉི་ཤུ་སོགས་སུ་བཀོད་པའི་ཕྱག་སྲོལ་རྒྱ་ཆེན་སྤྱོད་པའི་སེམས་བསྐྱེད་སེམས་ཙམ་ལུགས་སུ་གྲགས་པ་གཉིས་སོ། །

གཉིས་པ་ལ། གང་ལ་བླང་བའི་ཡུལ། གང་གིས་ལེན་པའི་གང་ཟག །ཇི་ལྟར་ལེན་པའི་ཆོ་ག །བསླབ་པའི་ཁྱད་པར་དང་བཞི། དང་པོ་ནི། སྤྱོད་འཇུག་ལས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ཞེས་གསུངས་པའི་མཚན་ཉིད་ཅན་གྱི་སློབ་དཔོན་ནམ་རྟེན་གྱི་དྲུང་དུ་བླངས་པས་ཀྱང་སྐྱེ་བར་བཤད་དོ། །གཉིས་པ་ནི། དབུ་མའི་ལུགས་ཀྱི་སེམས་བསྐྱེད་བྱང་ཆུབ་དོན་གཉེར་གྱི་བསམ་པ་དངོས་སུ་སྐྱེ་རུང་ཐམས་ཅད་ལ་སྐྱེ་ཞིང་། སེམས་ཙམ་ལུགས་ལ་སོ་ཐར་རིགས་བདུན་གང་རུང་སྔོན་དུ་འགྲོ་དགོས་པས་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་མ་གཏོགས་འགྲོ་བ་གཞན་ལ་དངོས་སུ་མི་སྐྱེའོ། །གསུམ་པ་ལ། སྦྱོར་བ། དངོས་གཞི། རྗེས་དང་གསུམ། དང་པོ་ལ། དབུ་མའི་ལུགས་ལ་གསོལ་བ་འདེབས་པ་སྔོན་དུ་འགྲོ་བ་ཅན་གྱི་ཡན་ལག་བདུན་པ་དང་། སེམས་ཙམ་ལུགས་ལ་ཕྱག་མཆོད་ཙམ་གྱིས་ཆོག་པར་བཤད་དོ། །གཉིས་པ་ལ། གཞན་དོན་དུ་བྱང་ཆུབ་དོན་གཉེར་གྱི་བསམ་པ་ཁྱད་པར་ཅན་དང་ལྡན་པས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། སོགས་ཀྱིས་སྐྱབས་སུ་འགྲོ་ཞིང་། ཇི་ལྟར་སྔོན་གྱི་སོགས་ལན་གསུམ་གྱིས་སེམས་བསྐྱེད་དོ། །སེམས་ཙམ་ལུགས་ལྟར་ན། འཇམ་དབྱངས་ས་པཎ་གྱིས། དེས་ན་སེམས་ཙམ་པ་ཡི་ལུགས། །གལ་ཏེ་སེམས་བསྐྱེད་དེ་འདོད་ན། །ཐོག་མར་སོ་སོར་ཐར་པ་ལོངས། །བྱང་ཆུབ་སེམས་དཔའི་སྡེ་སྣོད་བསླབས། །དད་ཅིང་སྒྲུབ་པར་ནུས་གྱུར་ན། །ཕྱི་ནས་སེམས་བསྐྱེད་སྡོམ་པ་ལོངས། །ཞེས་པ་ལྟར་རོ། །གསུམ་པ་ལ། སེམས་ཙམ་ལུགས་ལ་ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ཀྱི་སྤྱན་སྔར་མཁྱེན་པར་གསོལ་བ་ཙམ་བཤད། དབུ་མའི་ལུགས་ལ་རང་དགའ་བ་སྒོམ་པ་དང་། གཞན་དགའ་བ་སྒོམ་པ་གཉིས་བཤད་དོ། །བཞི་པ་བསླབ་བྱ་འོག་ཏུ་འཆད། བཞི་པ་ལ། རྒྱལ་པོ་ལྟ་བུའི་སེམས་བསྐྱེད། རྫི་བོ་ལྟ་བུའི་སེམས་བསྐྱེད། མཉན་པ་ལྟ་བུའི་སེམས་བསྐྱེད་དང་གསུམ། དང་པོ་ནི། ཐོག་མར་རང་ཉིད་སངས་རྒྱས་ནས་དེའི་རྗེས་སུ་སེམས་ཅན་ཐམས་ཅད་སྒྲོལ་འདོད་ཀྱི་སེམས་བསྐྱེད་དོ། །གཉིས་པ་ནི། ཐོག་མར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཀོད་ནས་རང་ཉིད་སངས་རྒྱ་བར་འདོད་པའོ། །གསུམ་པ་ནི། རང་དང་སེམས་ཅན་ཐམས་ཅད་ལྷན་ཅིག་ཏུའོ། །ལྔ་པ་ལ། ཚོགས་ལམ་གྱིས་བསྡུས་པའི་སེམས་བསྐྱེད་གསུམ། སྦྱོར་ལམ་གྱིས་བསྡུས་པ་གཅིག །མཐོང་སྒོམ་གྱིས་བསྡུས་པ་བཅུ། ཁྱད་པར་ལམ་གྱིས་བསྡུས་པ་ལྔ། སངས་རྒྱས་སས་བསྡུས་པ་གསུམ་སྟེ་ཉེར་གཉིས་སོ། །དང་པོ་གསུམ་ནི། དཀར་པོའི་ཆོས་ཐམས་ཅད་བསྐྱེད་པའི་གཞི་རྟེན་ས་ལྟ་བུ། འགྱུར་ལྡོག་མེད་པའི་གསེར་བཟང་པོ་ལྟ་བུ། ལྷག་བསམ་གྱི་དགེ་ཆོས་འཕེལ་བ་ཟླ་བ་ཚེས་པ་ལྟ་བུའོ། །གཉིས་པ་ནི། ནང་གི་ཏིང་ངེ་འཛིན་གྱི་དྲོད་ཚད་བརྙེས་པས་སྒྲིབ་པའི་བུད་ཤིང་སྲེག་པའི་མེ་ལྟ་བུའོ། །གསུམ་པ་ནི། སློང་བ་པོའི་སེམས་ཅན་སྦྱིན་པས་ཚིམ་པར་བྱེད་པ་གཏེར་ཆེན་པོ་ལྟ་བུ། མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་རིན་པོ་ཆེའི་འབྱུང་ཁུངས་ཀྱི་གནས་ལྟ་བུ། གནོད་པ་དང་སྡུག་བསྔལ་སོགས་མི་འདོད་པ་ཐོག་ཏུ་བབས་ཀྱང་མི་འཁྲུགས་པ་རྒྱ་མཚོ་ལྟ་བུ། ཐེག་ཆེན་གྱི་ལམ་ལ་ཡིད་ཆེས་བརྟན་པས་མི་ཕྱེད་པ་རྡོ་རྗེ་ལྟ་བུ། ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པས་རྐྱེན་གྱིས་མི་གཡོ་བ་རི་རྒྱལ་ལྟ་བུ། སྒྲིབ་གཉིས་ཀྱི་ནད་རབ་ཏུ་ཞི་བའི་སྨན་ལྟ་བུ། ཐབས་མཁས་ཀྱིས་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བ་དགེ་བའི་བཤེས་གཉེན་ལྟ་བུ། མངོན་ཤེས་ལྔས་ཐོབ་བྱའི་འབྲས་བུ་ལ་དབང་བསྒྱུར་བས་ཡིད་བཞིན་གྱི་ནོར་བུ་ལྟ་བུ། བསྡུ་དངོས་བཞིས་གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པ་ཉི་མ་ལྟ་བུ། རྣམ་གྲོལ་ཐོབ་པའི་ཐབས་སོ་སོ་ཡང་དག་པ་རིག་པ་བཞིའི་ཆོས་སྟོན་པས་སྙན་པའི་སྒྲ་དབྱངས་ལྟ་བུའོ། །བཞི་པ་ནི། ཐོབ་བྱའི་ཡོན་ཏན་ཐོགས་པ་མེད་པས་གཞན་གྱི་དོན་སྒྲུབ་པའི་རྒྱལ་པོ་ལྟ་བུ། བྱང་ཆུབ་ཀྱི་ཉེར་ལེན་བྱེད་པའི་ཚོགས་གཉིས་ཀྱི་མཛོད་མངའ་བས་བང་མཛོད་ལྟ་བུ། ཀུན་གྱི་གཤེགས་ཤུལ་བྱང་ཕྱོགས་སོ་བདུན་གྱི་ཡོན་ཏན་ལམ་པོ་ཆེ་ལྟ་བུ། འཁོར་འདས་གཉིས་སུ་མི་ལྟུང་བར་མི་གནས་པའི་མྱང་འདས་ཀྱི་སར་བགྲོད་པ་བཞོན་པ་བཟང་པོ་ལྟ་བུ། གཟུངས་དང་སྤོབས་པ་ཟད་མི་ཤེས་པའི་ཆུ་འབྱིན་ཞིང་མི་ཟད་པ་བཀོད་མའི་ཆུ་ལྟ་བུའོ། །ལྔ་པ་ནི། ཐར་འདོད་ཀྱི་གདུལ་བྱ་འཁོར་བ་ལས་སྒྲོལ་བྱེད་ཀྱི་སྙན་པ་སྒྲོག་པ་དྲི་ཟའི་གླུ་ལྟ་བུ། གདུལ་བྱ་མཐའ་དག་འདུལ་བའི་ནུས་མཐུ་མངའ་བས་གཞན་དོན་ཆུ་བོའི་རྒྱུན་ལྟ་བུ། འགྲོ་དོན་མཛད་པ་བཅུ་གཉིས་ཀྱི་ཆོ་འཕྲུལ་ནམ་མཁའི་སྤྲིན་ཚོགས་ལྟ་བུའོ། །དྲུག་པ་ལ། མོས་པས་སྤྱོད་པའི་སེམས་བསྐྱེད། ལྷག་བསམ་རྣམ་དག་གི་སེམས་བསྐྱེད། རྣམ་པར་སྨིན་པའི་སེམས་བསྐྱེད། སྒྲིབ་པ་སྤངས་པའི་སེམས་བསྐྱེད་དང་བཞི་སྟེ། རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལས། །མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་སོ། །

གཉིས་པ་བསླབ་བྱ་ལ་དབུ་མའི་ལུགས་ཀྱི་བསླབ་བྱ་དང་། སེམས་ཙམ་ལུགས་ཀྱི་བསླབ་བྱ་གཉིས། དང་པོ་ནི། ནམ་མཁའི་སྙིང་པོའི་མདོ་ནས་བཤད་པ་ལྟར་རྩ་བའི་ལྟུང་བ་བཅུ་བཞི་ཡོད་ཀྱང་། བསྡུ་ན་ཐབས་ལ་མཁས་པའི་མདོ་ནས་བཤད་པ་ལྟར་བཞིར་འདུ་སྟེ། བསླབ་བཏུས་ལས། བྱང་ཆུབ་སེམས་ནི་ཡོངས་འདོར་དང་། །ཆགས་དང་སེར་སྣ་མི་ཟད་པས། །སློང་ལ་སྦྱིན་པར་མི་བྱེད་དང་། །བསྒྲིམས་ཏེ་དགའ་བར་བྱེད་པ་དང་། །སེམས་ཅན་ལ་ནི་མི་བཟོད་པར། །ཁྲོས་པས་སེམས་ཅན་རྡེག་པ་དང་། །ཉོན་མོངས་པ་དང་གཞན་མཐུན་པས། །ཆོས་ལྟར་བཅོས་པ་སྟོན་པ་པོ། །ཞེས་སོ། །གཉིས་པ་ནི། སྡོམ་པ་ཉི་ཤུ་པ་ལས། རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨད་པ་དང་། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་པས་གཞན་ལ་འཚོག་པ་དང་། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲ་སྣང་སྟོན་པའོ། །ཞེས་པ་ལྟར་རྩ་ལྟུང་བཞི་དང་ཡན་ལག་གི་ལྟུང་བ་ཞེ་ལྔ་སྤོང་བ་ལ་བསླབ་པའོ། །ཞར་བྱུང་ཀུན་དཀྲིས་ཆེན་པོས་སྤྱད་པའི་རྩ་ལྟུང་འཇུག་སྡོམ་གྱི་གཏོང་རྒྱུ་དང་། གཞན་དོན་དུ་བྱང་ཆུབ་དོན་གཉེར་གྱི་སེམས་འདོར་བ་ཐེག་ཆེན་སེམས་བསྐྱེད་མཐའ་དག་གི་གཏོང་རྒྱུ་ཡིན་ཏེ། བྱང་ས་ལས། མདོར་བསྡུ་ན་རྒྱུ་གཉིས་ཁོ་ནས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པ་བླངས་པ་གཏོང་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་ཡོངས་སུ་གཏོང་བ་དང་། ཕམ་པའི་གནས་ལྟ་བུའི་ཆོས་ཀྱི་ཀུན་ནས་དཀྲིས་པ་ཆེན་པོ་ཀུན་ཏུ་སྤྱོད་པའོ། །ཞེས་སོ། །ཀུན་དཀྲིས་ཆེ་འབྲིང་ཆུང་གསུམ་གྱི་ཁྱད་པར་ནི། རྩ་བའི་ལྟུང་བ་རྒྱུན་ཏུ་སྤྱོད་པ་དང་། ངོ་ཚ་ཁྲེལ་ཡོད་ཤས་ཆུང་ཞིང་དེ་ལ་དགའ་སྤྲོ་བྱེད་པ་དང་། དེ་ཉིད་ལ་ཡོན་ཏན་དུ་ལྟ་བ་སྟེ། ཡན་ལག་གསུམ་ལྡན་ཆེན་པོ། གཉིས་ལྡན་འབྲིང་། གཅིག་ལྡན་ཆུང་ངུ་ཡིན་ནོ། །

གསུམ་པ་ལ། གནས་སྐབས་དང་། མཐར་ཐུག་གི་ཕན་ཡོན་གཉིས། དང་པོ་ནི། དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་སོ། །གཉིས་པ་ནི། རྣམ་སྣང་མངོན་བྱང་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ་སྙིང་རྗེའི་རྩ་བ་ཅན་ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་གདམས་ངག་ལ། སྤྱིར་བསྟན་པ་དང་། གདམས་ངག་གི་ཡུལ་སོ་སོར་བཤད་པ་གཉིས། དང་པོ་ནི། གང་ལ་ཉན་པའི་ཡུལ། གང་གིས་ཉན་པའི་གང་ཟག །ནམ་གྱི་ཚེ་ཉན་པའི་དུས། གང་ལ་བརྟེན་ནས་ཉན་པའི་རྒྱུ། ཉན་བྱ་གདམས་ངག་གི་རང་བཞིན་དང་ལྔ། དང་པོ་ནི། སར་གནས་ཀྱི་བྱང་སེམས་ཀྱིས་ནི། ལོངས་སྐུ་དང་། སོ་སྐྱེ་ལས་དག་པ་དང་། ཐེག་དམན་གྱིས་སྤྲུལ་སྐུ་ལ་ཉན་ཅིང་། ད་ལྟར་གྱི་སྐྱེས་བུ་ཐུན་མོང་པ་ནི་ཁྱད་ཆོས་གསུམ་ལྡན་གྱི་དགེ་བཤེས་ལས་སོ། །འོན་ཀྱང་རྒྱུད་དག་པའི་གདུལ་བྱ་འབའ་ཞིག་ནི་ནམ་མཁའ་དང་ལྗོན་ཤིང་སོགས་ལས་བྱུང་བའི་ཆོས་ཀྱི་སྒྲས་རྒྱུད་སྨིན་པའང་ཡོད་དོ། །

གཉིས་པ་ནི། གདམས་ངག་ལ་དོན་གཉེར་གྱི་འདུན་པ། དེའི་དོན་རྟོགས་པའི་ཤེས་རབ། ང་རྒྱལ་མེད་པའི་གུས་པ་གསུམ་དང་ལྡན་པའི་སྐྱེས་བུ་སྟེ། ས་མཚམས་ལམ་མ་ཞུགས་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་རོ། །

༼གསུམ་པ་ནི། གདམས་ངག་ལ་དོན་གཉེར་གྱི་འདུན་པ་དང་ལྡན་ཞིང་། སྤངས་རྟོགས་མཐར་མ་ཐུག་གི་གནས་སྐབས་སུའོ། །འདི་ཆད་པས་རྒྱལ་སྲས་ཕར་ཕྱིན་ལས་བླངས༽

བཞི་པ་ནི། རིགས་སད་པ་ལས་བྱུང་བའི་གདམས་ངག་དོན་གཉེར་གྱི་འདུན་པ་སྤྱིའི་རྒྱུ་དང་། ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ། རྟེན་ཁྱད་པར་ཅན་གྱིས་གདམས་ངག་ཁྱད་པར་ཅན་ཉན་པའི་རྒྱུའོ། །དེ་ལྟར་ཡང་རྒྱན་ལས། དེ་ཚེ་ཆོས་ཀྱི་རྒྱུན་ལས་ནི། །སངས་རྒྱས་རྣམས་ལ་ཞི་གནས་དང་། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་རྙེད་པར་འགྱུར། །ཞེས་སོ། །ཆོས་རྒྱུན་གྱི་ཏིང་ངེ་འཛིན་ནི། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་གསུང་རབ་མང་པོའི་ཚིག་དོན་འཛིན་ནུས་པའི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པ་སྟེ། ཚོགས་ལམ་ནས་ཀྱང་ཡོད་པ་འགྲེལ་ཆེན་ལས་བཤད་དོ། །

ལྔ་པ་ལ། མཚན་ཉིད། དབྱེ་བ། གོ་རིམ་བཤད་པའོ། །དང་པོ་ནི། རང་གི་གདམས་བྱའི་དོན་གཙོ་བོར་སྟོན་པའི་ལུང་གི་ཆོས། གཉིས་པ་ལ། བརྗོད་བྱ་དང་། དགོས་པའི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ། ཐེག་པ་ཆེ་ཆུང་གི་གདམས་ངག་གཉིས། དང་པོའི་མཚན་ཉིད། རྫོགས་པའི་བྱང་ཆུབ་སྒྲུབ་པའི་ཐབས་གཙོ་བོར་སྟོན་པའི་ལུང་གི་ཆོས། གཉིས་པའི་མཚན་ཉིད། ཐེག་དམན་གྱི་བྱང་ཆུབ་སྒྲུབ་པའི་ཐབས་གཙོ་བོར་སྟོན་པའི་ལུང་གི་ཆོས་སོ། །གཉིས་པ་ལ། གདམས་པའི་གདམས་ངག་དང་། རྗེས་བསྟན་གྱི་གདམས་ངག་གཉིས། དང་པོའི་མཚན་ཉིད། སྔར་མ་ཐོབ་པའི་ཡོན་ཏན་འགའ་ཞིག་ཐོབ་ཕྱིར་དུ་གཙོ་བོར་འདོམས་པའི་གདམས་ངག །གཉིས་པའི་མཚན་ཉིད། ཐོབ་ཟིན་གྱི་ཡོན་ཏན་མི་ཉམས་ཤིང་འཕེལ་བར་འདོམས་པའི་གདམས་ངག་གོ །གསུམ་པ་གོ་རིམ་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གང་ཟག་གིས། དེ་བཞིན་གཤེགས་པ་ལ་ཐེག་ཆེན་གྱི་གདམས་ངག་ཉན་ནས་ཐབས་ཁྱད་པར་ཅན་གྱིས་སྒྲུབ་པའི་དམིགས་ཡུལ་བདེན་པ་བཞི་ལ་དམིགས། རྟེན་དཀོན་མཆོག་གསུམ་ལ་བརྟེན་ཏེ། བརྩོན་འགྲུས་རྣམ་པ་གསུམ་གྱིས། བྱ་བ་ངན་པ་ལ་ཞེན་པ། སྒྱིད་ལུག་པ། སེམས་ཞུམ་པའི་ལེ་ལོ་གསུམ་བཅོམ་ནས་གནས་སྐབས་ཀྱི་འབྲས་བུ་ཁྱད་པར་ཅན་སྤྱན་དང་མངོན་ཤེས་མངོན་དུ་བྱས་ཏེ། མཐར་ཐུག་གི་འབྲས་བུ་མཐོང་སྒོམ་གྱི་སྒྲིབ་པ་མཐའ་དག་ལས་གྲོལ་བའི་རྣམ་མཁྱེན་མངོན་དུ་བྱེད་པ་ནི་འདིར་བསྟན་གདམས་ངག་བཅུ་ཉམས་སུ་ལེན་པའི་རིམ་པ་ཡིན་ནོ། །

གཉིས་པ་ལ། སྒྲུབ་པ་རང་གི་ངོ་བོ། དམིགས་ཡུལ་བདེན་པ་བཞི། རྟེན་དཀོན་མཆོག་གསུམ། དེའི་ཡོན་ཏན་སྤྱན་དང་མངོན་ཤེས་བཤད་པ་དང་བཞི། དང་པོ་ལ། སྒྲུབ་དང་བདེན་པ་རྣམས་དང་ནི། །ཞེས་སོགས་ཀྱི་སྐབས་སུ་ཡུལ་ཅན་སྒྲུབ་པ་རང་གི་ངོ་བོ་བཤད་པ་དང་། ཡུལ་བདེན་གཉིས་བཤད་པའོ། །དང་པོ་ལ། མཚན་ཉིད་དང་དབྱེ་བ་གཉིས། དང་པོ་ནི། སྒྲུབ་པ་རང་གི་ངོ་བོ་ཕྱིན་ཅི་མ་ལོག་པར་སྟོན་པའི་ལུང་གི་ཆོས། གཉིས་པ་ལ། ཐེག་པ་ཆེ་ཆུང་གི་སྒྲུབ་པ་གཉིས། མཚན་ཉིད་རིམ་བཞིན། ཡུལ་བདེན་གཉིས་ལས་མི་འདའ་བར་ཡུལ་ཅན་ཐབས་ཤེས་ཟུང་འབྲེལ་གྱི་སྒོ་ནས་ཐེག་ཆེན་གྱི་སྒྲུབ་པ་ཉམས་སུ་ལེན་ཚུལ་སྟོན་པའི་ཐེག་ཆེན་གྱི་ལུང་གི་དམ་ཆོས། ཐེག་དམན་རང་ལུགས་ཀྱི་ཐབས་ཤེས་གཉིས་དང་ལྡན་པའི་སྒོ་ནས་ཐེག་དམན་གྱི་སྒྲུབ་པ་ཉམས་སུ་ལེན་ཚུལ་སྟོན་པའི་ཐེག་དམན་གྱི་ལུང་གི་དམ་ཆོས་སོ། །གཉིས་པ་ལ། ཀུན་རྫོབ་བདེན་པ་དང་། དོན་དམ་བདེན་པ་གཉིས། མཚན་ཉིད་རིམ་བཞིན། ཐ་སྙད་པའི་ཚད་མའི་ཡུལ་གྱི་གཙོ་བོར་གྱུར་པའི་སྣང་ཙམ་གྱི་ཆོས། རིག་ཤེས་ཚད་མའི་ཡུལ་གྱི་གཙོ་བོར་གྱུར་པའི་དེ་ཁོ་ན་ཉིད། བདེན་གཉིས་ཀྱི་མཚན་ཉིད་དུ་འཐད་དེ། དབུ་མ་བདེན་གཉིས་ལས། ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་ཅིག་ཤོས་ཡིན། །ཞེས་སོ། །དབྱེ་ན། ཀུན་རྫོབ་བདེན་པའི་སྒྲ་བཤད་པ་དང་། དོན་དམ་བདེན་པའི་སྒྲ་བཤད་པ་གཉིས། དང་པོ་ནི། ཀུན་རྫོབ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པས་བསྡུས་པའི་བདེན་འཛིན་ཡིན་ལ། དེས་བདེན་པར་བཟུང་བའི་དོན་གྱིས་ན་དེ་སྐད་ཅེས་བྱ་སྟེ། འཇུག་པར། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དོན་དམ་བདེན་པ་ནི། ཆོས་ཉིད་དེ་བཞིན་ཉིད་དེ་དོན་དམ་པ་དང་བདེན་པའི་གཞི་མཐུན་དུ་སྣང་བས་སམ། ཡང་ན་ཆོས་ཉིད་དེ་བཞིན་ཉིད་དེ་དོན་དམ་མ་བཅོས་པའི་གནས་ལུགས་ཡིན་པས་དེར་འཇོག་སྟེ། དབུ་མ་ཚིག་གསལ་ལས། དོན་ཡང་དེ་ཡིན་ལ། དམ་པ་ཡང་དེ་ཡིན་པས་ན་དོན་དམ་པ་ཞེས་བྱའོ། །དེ་ཉིད་བདེན་པ་ཡིན་པས་ན་དོན་དམ་པའི་བདེན་པ་ཞེས་བྱའོ། །ཞེས་སོ། །གནས་ཚུལ་སེམས་དཔའི་རིག་ངོའམ། དོན་དམ་གནས་ལུགས་ཀྱི་ངོས་ནས་གཞལ་ན། བདེན་གཉིས་ངོ་བོ་གཅིག་དང་ཐ་དད་སོགས་དང་བྲལ་བར་འདོད་དེ། དེ་གཉིས་གང་རུང་དུ་ཁས་བླངས་པ་ལ་སྐྱོན་བཞི་བཞི་ཡོད་པར་དགོངས་འགྲེལ་དུ་བཤད་པའི་ཕྱིར་ཏེ། དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་དེ། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་ཅན། །གཅིག་དང་ཐ་དད་ཉིད་དུ་གང་སེམས་པ། །དེ་དག་ཚུལ་མིན་ཡིད་བྱེད་ཞུགས་པ་ཡིན། །ཞེས་གསུངས་པས། དོན་དམ་བློའི་ཡུལ་མ་ཡིན་པ་དེ་བློའི་ཡུལ་དུ་བྱས་པས་ཚུལ་མིན་ཡིད་བྱེད་དུ་སོང་བའི་སྐྱོན་ཏེ། ཞི་བ་ལྷས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་བརྗོད། །ཅེས་གསུངས་པའི་ཕྱིར། དེ་དག་ནི་ལུང་རིགས་རྒྱ་མཚོའི་དགོངས་པ་ཡིན་ལ། གཞན་དག་འདི་ལ་བཞེད་ཚུལ་མི་འདྲ་བ་དུ་མ་ཞིག་སྣང་སྟེ། རྣལ་འབྱོར་སྤྱོད་པའི་དབུ་མ་པ་དག་ནི། སྟོང་ཉིད་དེའི་ངོ་བོ་ཤེས་པར་ཁས་ལེན་ཞིང་། འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པ་དག་གིས་ནི་དེའི་ངོ་བོ་མེད་དགག་ནམ་མཁའ་ལྟ་བུར་ཁས་ལེན། ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ་པ་ལ། དོན་དམ་དུ་ཐ་དད་མེད་ཀྱང་ཀུན་རྫོབ་ཏུ་གྲུབ་པ་སྒྱུ་མ་ལྟ་བུ་ཞེས་རང་རྒྱུད་ཀྱི་དམ་བཅའ་འགོད་པ་སྟེ་ཇི་སྐད་དུ། འདི་ལྟར་སྣང་ཙམ་དགག་མིན་ཏེ། །བདེན་པར་རྟོག་པ་ལྡོག་ཆ་ཉིད། །ཅེས་སོ། །ཐལ་འགྱུར་བ་ནི། ཐལ་འགྱུར་ཁོ་ན་འཕེན་པས་ཁས་ལེན་པའི་ཀུན་རྫོབ་ཙམ་ཡང་འགོག་པར་བྱེད་པ་སྟེ། རྩོད་བཟློག་ལས། ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་སོ། །དེ་གཉིས་ནི་ཆོས་ཐམས་ཅད་ཇི་ལྟར་སྣང་བ་འདི་དག་སྣང་ཙམ་ཉིད་ནས་རང་རང་གི་ངོ་བོས་སྟོང་པས་མེད་དགག་གི་སྟོང་ཉིད་དོན་དམ་པར་བཞེད་པའི་ཕྱིར་རོ། །རྣམ་རིག་སྨྲ་བའི་དབུ་མ་པ་ནི། འཁོར་ལོ་ཐ་མའི་དགོངས་དོན་སེམས་ཀྱི་ཆོས་ཉིད་དོན་དམ་པའི་དབྱིངས་འདིའི་ངོ་བོ་ལ་དོར་བྱའི་དྲི་མ་སྤང་རྒྱུ་དང་། སྔར་མེད་ཀྱི་ཡོན་ཏན་གསར་དུ་སྒྲུབ་ཏུ་མེད་དེ། ཡེ་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ཡོན་ཏན་ལྷུན་གྲུབ་ཡིན་པའི་ཕྱིར་ཏེ། འདི་ཉིད་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་བཞེད་དོ། །

ད་ནི་རང་གི་ཞེ་འདོད་ཅུང་ཟད་བརྗོད་ན། ཡུམ་གྱི་དགོངས་པ་ནི་མཚན་ཉིད་མེད་པའི་འཁོར་ལོ་བར་པའི་དགོངས་པ་ཡིན་པས། དེར་ནི་ཆོས་ཐམས་ཅད་རང་སྟོང་དུ་གཏན་ལ་འབེབས་ཚུལ་ཕྱིན་ཅི་མ་ལོག་པར་བཤད་དེ། དེ་གཏན་ལ་འབེབས་བྱེད་ཀྱི་རིགས་པ་ལ་གཏན་ཚིགས་ཆེན་པོ་ལྔ་སྟེ། ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ་གྱི་གཏན་ཚིགས། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེག་མའི་གཏན་ཚིགས། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས། རྒྱུ་འབྲས་གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག་གི་གཏན་ཚིགས་ཆེན་པོ་བཞི་ནི་ཡོད་པ་སྒྲོ་འདོགས་ཀྱི་མཐའ་སེལ་བའི་རིགས་པ་དང་། ངོ་བོ་ཉིད་ཀྱིས་མ་གྲུབ་པས་ཐ་སྙད་དུ་མེད་པ་མ་ཡིན་པས་ཡོད་མེད་གཉིས་ཀའི་སྤྲོས་པ་གཅོད་པ་རྟེན་འབྲེལ་གྱི་རིགས་པ་སྟེ། དེ་ལྟར་གཏན་ཚིགས་ཆེན་པོ་ལྔས་ཆོས་ཐམས་ཅད་མཐའ་བྲལ་དབུ་མར་གཏན་ལ་འབེབས་པ་ཡིན་ནོ། །དེ་ཡང་སྤྲོས་པ་གཅོད་ལུགས་ལ་རང་སྟོང་དང་གཞན་སྟོང་གཉིས་ལས། འདིར་རང་སྟོང་དུ་འདོད་དེ། དེ་གང་ཞེ་ན། བློས་བྱས་ཀྱི་འཛིན་པ་དོར་ནས་ཅི་ཡང་མི་སྒོམ་པ་ལ་ཟབ་མོ་སྟོང་པ་ཉིད་སྒོམ་པ་དང་། ཅི་ཡང་མ་མཐོང་བ་ལ་དེ་ཁོ་ན་ཉིད་རྟོགས་པར་འདོད་དེ། སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་དང་། བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་སོ། །དེ་ལྟར་ལྟ་བ་གཏན་ལ་འབེབས་ཚུལ་དེ་ལྟར་ཡིན་ཡང་། ལམ་ལ་བསླབ་པའི་དུས་བདེན་གཉིས་ཟུང་འཇུག་ཏུ་བལྟས་ནས་བསླབ་དགོས་ཏེ། དབུ་མ་བདེན་གཉིས་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་པས་འཁོར་བར་སྣང་བ་འདི་ཀུན་ནི་འཁྲུལ་ཤེས་རྫུན་པ་ཡིན་ལ། འཁྲུལ་གཞི་སྣང་བ་ཡིན་པས་སྣང་ལ་རང་བཞིན་མ་གྲུབ་པའི་སྒྱུ་མ་ལྟ་བུའི་ཚུལ་དུ་བསླབ་དགོས་ཏེ། ཀུན་རྫོབ་ཀྱི་ངོ་བོ་ལས་ཐ་དད་པའི་དོན་དམ་བདེན་པ་མི་རྙེད་པའི་ཕྱིར་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཀུན་རྫོབ་ལས་ནི་ཐ་དད་པར། །དོན་དམ་དམིགས་པ་མ་ཡིན་ཏེ། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་ཡིན། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་ཇི་བཞིན་ནོ། །ཞེས་སོ། །དེ་ལྟར་གཏན་ལ་ཕབ་སྟེ་དོན་ཉམས་སུ་བླངས་ན་རྒྱུའི་དུས་སུ་བདེན་གཉིས་ཟུང་འཇུག །ལམ་གྱི་དུས་སུ་ཚོགས་གཉིས་ཟུང་འཇུག །འབྲས་བུའི་དུས་སུ་སྐུ་གཉིས་ཟུང་འཇུག་ཏུ་འགྱུར་བ་ཡིན་ནོ། །

གཉིས་པ་དམིགས་ཡུལ་བདེན་པ་བཞི་ནི། དེ་ཡང་བདེན་པ་ནི་མི་བསླུ་བའི་དོན་ཡིན་ཏེ། རྒྱུ་ལས་ཉོན་གྱི་རྟེན་འབྲེལ་ལས་འབྲས་བུ་ཁམས་གསུམ་དུ་སྣང་བ་ཡང་རྒྱུ་འབྲས་བསླུ་བ་མེད་པའི་མཐུ་ལས་བྱུང་བ་སྟེ་བདེན་པ་དང་པོ་གཉིས་སོ། །རྒྱུ་བྱང་ཆུབ་ཀྱི་ཕྱོགས་ལ་འབད་པས་འབྲས་བུ་རྣམ་པར་གྲོལ་བའི་གནས་ཐོབ་པ་ཡང་མི་བསླུ་བ་ཉིད་ཀྱི་བདེན་པ་ནི་འཕགས་པའི་བདེན་པ་སྟེ་ཕྱི་མ་གཉིས་སོ། །དེ་ལས་དང་པོ་སྡུག་བསྔལ་བདེན་པའི་མཚན་ཉིད་ནི། སྡུག་ཀུན་གཉིས་ཀྱི་ནང་ཚན་གང་ཞིག །རང་རྒྱུ་ལས་ཉོན་གྱི་འབྲས་བུར་གྱུར་པའོ། །དེ་ཡང་རྒྱུ་ཀུན་འབྱུང་སྟེ། ཉོན་མོངས་པ་དུག་གསུམ་དང་དུག་ལྔ་ལས་འབྲས་བུ་ཁམས་གསུམ་འཁོར་བའི་གནས་སུ་འཁྱམས་ཏེ་འགྲོ་བ་རིགས་དྲུག་གི་ལས་དང་སྡུག་བསྔལ་ལ་བར་མེད་དུ་སྤྱོད་པའོ། །དེ་ལྟར་ཡང་རྒྱ་ཆེར་རོལ་པ་ལས། སྲེད་སྲིད་མ་རིག་དབང་གིས་འགྲོ་བ་རྣམས། །མི་དང་ལྷ་དང་ངན་སོང་རྣམས་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་བསྐོར་བ་བཞིན། །ཞེས་སོ། །སྡུག་བསྔལ་བདེན་པའི་བདེན་ཆུང་བཞི་ནི། ཕུང་པོ་རྟག་པར་མ་ཡིན་པ་མི་རྟག་པའི་རྣམ་པ། དེ་ཡང་ཆད་པར་མ་ཡིན་པ་ང་ཡིར་འཛིན་པ་སྡུག་བསྔལ་གྱི་རྣམ་པ། དེ་ཡང་ཚད་མར་མ་གྲུབ་པ་སྟོང་པའི་རྣམ་པ། དེ་ཡང་བདག་ཏུ་མ་གྲུབ་པས་བདག་མེད་ཀྱི་རྣམ་པ་རྣམས་སོ། །ཀུན་འབྱུང་བདེན་པའི་མཚན་ཉིད་ནི། སྡུག་ཀུན་གཉིས་ཀྱི་ནང་ཚན་གང་ཞིག །ཟག་བཅས་ཀྱི་ལས་དང་ཉོན་མོངས་གང་རུང་གིས་བསྡུས་པའོ། །དེ་ཡང་གཞིའི་གནས་ལུགས་སྨྲ་བསམ་བརྗོད་མེད་སྟོང་པ་ཉིད་དུ་གནས་པ་དེ་ཉིད་ལྷན་ཅིག་སྐྱེས་པའི་མ་རིག་པས་ངོ་མ་ཤེས། ཀུན་བཏགས་ཀྱི་མ་རིག་པས་རིས་སུ་བཅད་ནས་ཕུང་པོ་ལ་བདག་ཏུ་བཟུང་བས་འཁྲུལ་ཏེ། ཡུལ་མཐུན་པ་ལ་བརྟེན་ནས་འདོད་ཆགས། མི་མཐུན་པ་ལ་བརྟེན་ནས་ཞེ་སྡང་། བར་མ་ལ་བརྟེན་ནས་གཏི་མུག །དེ་གསུམ་ལ་བརྟེན་ནས་དུག་ལྔ་སོགས་ཀུན་ནས་ཉོན་མོངས་པའི་རྟེན་ཅན་གྱི་རྟོག་པ་དབྱར་གྱི་ས་གཞི་ལྟར་ལས་ཐམས་ཅད་སྐྱེ་ཞིང་འགྲུབ་པར་བྱེད་དོ། །ལས་ལ་རྣམ་གྲངས་མང་ཡང་འཁོར་བར་འཕེན་བྱེད་ཀྱི་ལས་ནི་གསུམ་དུ་འདུས་ཏེ། བསོད་ནམས་མ་ཡིན་པའི་ལས། བསོད་ནམས་ཀྱི་ལས། མི་གཡོ་བའི་ལས་སོ། །དེ་གསུམ་གྱི་དང་པོས་ངན་འགྲོར་འཕེན། གཉིས་པས་འདོད་པའི་བདེ་འགྲོ་དང་། གསུམ་པས་ཁམས་གོང་མ་གཉིས་སུ་འཕེན་པར་བྱེད་དོ། །དེ་ལྟར་ཡང་རྒྱུད་བླ་ལས། ཚུལ་བཞིན་མ་ཡིན་ཡིད་བྱེད་ཀྱིས། །ལས་དང་ཉོན་མོངས་རབ་ཏུ་སྐྱེ། །ལས་དང་ཉོན་མོངས་ཚུལ་ལས་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་འབྱུང་། །ཞེས་དང་། རིན་ཆེན་ཕྲེང་བ་ལས། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །རྣམ་པ་ཀུན་ཏུ་བདེ་བ་དག །ཅེས་སོ། །ཀུན་འབྱུང་བདེན་པའི་བདེན་ཆུང་བཞི་ནི། ཡང་སྲིད་ཕྱི་མའི་བག་ཆགས་འཇོག་པའི་བྱེད་རྒྱུ་ཡིན་པས་རྒྱུ་དང་། བཞག་པ་དང་མཐུན་པར་སྡུག་བསྔལ་བསྐྱེད་པའི་རྒྱུ་ཡིན་པས་ཀུན་འབྱུང་དང་། སྡུག་བསྔལ་བྱེ་བྲག་ཏུ་ངེས་པར་བྱེད་པས་རབ་སྐྱེ་དང་། སྡུག་བསྔལ་སྔ་མ་ལེན་ཅིང་ཕྱི་མ་འདོར་བར་བྱེད་པས་རྐྱེན་ནོ། །གསུམ་པ་ལམ་བདེན་གྱི་མཚན་ཉིད་ནི། བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་ཟག་མེད་རྣམ་བྱང་གི་བདེན་པ་སྟེ། མངོན་པ་ཀུན་ལས་བཏུས་ལས། ལམ་གང་གིས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་སྤོང་བ་དང་། འགོག་པ་མངོན་དུ་བྱེད་པ་དང་། ལམ་སྒོམ་པ་སྟེ་འདི་ནི་ལམ་གྱི་མཚན་ཉིད་མདོར་བསྡུས་པའོ། །ཞེས་གསུངས་པ་ལྟར། ལམ་ལ་བསླབས་ནས་ཐོབ་པའི་འཕགས་རྒྱུད་ཀྱི་ཟག་མེད་རྣམ་བྱང་གི་བདེན་པའོ། །ལམ་བདེན་གྱི་བདེན་ཆུང་བཞི་ནི། དེ་ཁོ་ན་ཉིད་ཀྱི་ལམ་འཚོལ་བས་ལམ་དང་། མི་རིགས་པ་ཉོན་མོངས་པ་དང་རྣམ་རྟོག་གི་གཉེན་པོ་བྱེད་པས་རིགས་པ་དང་། འདོད་དོན་ཕྱིན་ཅི་མ་ལོག་པར་སྒྲུབ་པས་སྒྲུབ་པ་དང་། ངེས་འབྱུང་གི་གནས་སུ་བགྲོད་པར་བྱེད་པས་ན་ངེས་འབྱིན་ནོ། །བཞི་པ་འགོག་བདེན་གྱི་མཚན་ཉིད་ནི། དགག་གཞི་སྟོང་ཉིད་ཀྱི་སྟེང་དུ་འགོག་བྱེད་བར་ཆད་མེད་ལམ་གྱིས་རང་གི་ངོ་སྐལ་གྱི་སྤང་བྱའི་ས་བོན་བཀག་པའི་སྟོབས་ཀྱིས་ཐོབ་པའི་སོ་སོར་བརྟགས་འགོག་སྟེ། སྟོང་ཉིད་དེ་ཉིད་རྟོགས་བྱེད་ཀྱི་ལམ་ཉམས་སུ་བླངས་པས་རྒྱུ་ཀུན་འབྱུང་གི་བདེན་པ་དུག་གསུམ་དང་དུག་ལྔ། དེས་ཀུན་ནས་བླངས་པའི་ལམ་ངན་པ་རྣམས་འགོག །འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་དང་། དེ་ལ་བརྟེན་པའི་སྡུག་བསྔལ་རྣམས་འགོག་པ་སྟེ། མདོར་ན་རང་གི་རིག་པའི་སྟེང་གི་ཉོན་མོངས་པ་ས་བོན་དང་བཅས་པ་རྣམས་དབྱིངས་ཡལ་དབྱིངས་ནུབ་ཏུ་སྤངས་པ་ནི་འགོག་བདེན་ནོ། །དེའི་བདེན་ཆུང་བཞི་ནི་རྒྱུ་ལས་ཉོན་མེད་པས་འགོག་པ། འབྲས་བུ་སྡུག་བསྔལ་མེད་པས་ཞི་བ་དང་། དེ་གཉིས་ཀྱི་རྒྱུས་རིམ་བཞིན་དུ་གཙང་བ་དང་བདེ་བའི་དངོས་པོ་ཐོབ་པས་གྱ་ནོམ་པ་དང་། སྤངས་པ་སླར་མི་ལྡོག་པས་ངེས་འབྱུང་གི་རྣམ་པའོ། །ཞར་བྱུང་དོགས་སྤོང་ནི། སྡུག་ཀུན་གཉིས་ཀྱི་ནང་ཚན་གང་ཞིག །རང་རྒྱུ་ལས་ཉོན་གྱི་འབྲས་བུར་གྱུར་པ་དེ། སྡུག་བསྔལ་བདེན་པའི་མཚན་ཉིད་དུ་བཞག་པ་ལ། དགེ་མི་དགེ་གཉིས་ཀའི་ལས་ཆེན་པོ་བསགས་པའི་དབང་གིས་དང་པོའི་དགེ་འབྲས་ཀྱིས་ཁམས་གོང་མར་སྐྱེས་ཏེ་མཐར་ངན་སོང་དུ་སྐྱེ་ཁ་མའི་རྒྱུད་ཀྱི་སྡུག་བསྔལ་བདེན་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེ་ཡིན་པར་ཐལ། དེ་ཡོད་པ་གང་ཞིག །དེ་འདྲ་དེ་སྡུག་བདེན་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེ་ཡོད་པར་ཐལ། བཤེས་སྤྲིང་ལས། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་ཡང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་ཆད་པ་བསྟེན་འཚལ་ལོ། །ཞེས་བཤད་པའི་ཕྱིར། གཉིས་པ་མ་གྲུབ་ན། དེ་སྡུག་བདེན་ཡིན་པར་ཐལ། མངོན་པ་ཀུན་བཏུས་ལས། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་གྱི་འཇིག་རྟེན་གང་ཡིན་པ་དང་། སྣོད་ཀྱི་འཇིག་རྟེན་གང་ཡིན་པ། ལས་དང་ཉོན་མོངས་པས་བསྐྱེད་པ། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་འདི་མཐའ་དག་ནི་སྡུག་བསྔལ་གྱི་བདེན་པའོ། །ཞེས་གསུངས་པའི་ཕྱིར་རོ། །རྩ་བར་འདོད་ན། དེ་ལས་ཉོན་གྱི་འབྲས་བུ་མ་ཡིན་པར་ཐལ། དེ་ལྷར་སྐྱེས་པ་དེ་ལས་ཀྱི་འབྲས་བུ་ཡིན་ཡང་། དམྱལ་བར་སྐྱེ་དགོས་ཀྱི་སྡུག་བསྔལ་དེ་ཕྱི་འབྱུང་གི་རྒྱུ་ཡིན་པའི་ཕྱིར་རོ། །

གསུམ་པ་རྟེན་དཀོན་མཆོག་གསུམ་ལ། དེའི་རང་བཞིན་དང་། རྟོགས་དཀའ་བ་དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། ཞེས་སོགས་ཀྱི་སྐབས་སུ་སྐྱབས་འགྲོའི་ཡུལ་དཀོན་མཆོག་གསུམ་ལ། ཐེག་པ་དམན་པའི་ལུགས། ཐེག་པ་ཐུན་མོང་གི་ལུགས། ཐེག་པ་ཆེན་པོའི་ལུགས་སོ། །དང་པོ་ནི། སྐྱབས་འགྲོའི་ཡུལ་དཀོན་མཆོག་གསུམ་འགོག་ལམ་ཁོ་ནའི་སྟེང་ནས་འཇོག་སྟེ། རང་རྒྱུད་ལྡན་གྱི་གང་ཟག་གདུལ་བྱ་གཞན་ངོར་སངས་རྒྱས་སུ་མཚོན་པར་བྱེད་པའི་ཐེག་ཆེན་མི་སློབ་པའི་ལམ་བདེན་སངས་རྒྱས་དཀོན་མཆོག །རང་རྒྱུད་ལྡན་གྱི་གང་ཟག་གདུལ་བྱ་གཞན་ངོར་དགེ་འདུན་དུ་མཚོན་པར་བྱེད་པའི་ཐེག་ཆེན་སློབ་པའི་ལམ་བདེན་དང་ཐེག་དམན་མི་སློབ་པའི་ལམ་བདེན་དགེ་འདུན་དཀོན་མཆོག །མྱང་འདས་ཀྱིས་བསྡུས་པའི་འགོག་བདེན་ཆོས་དཀོན་མཆོག་ཏུ་འདོད་པའི་ཕྱིར་ཏེ། མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་སྟེ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་སོ། །དེས་ན་སྐྱབས་འགྲོའི་ཡུལ་དུ་གྱུར་པའི་སངས་རྒྱས་དཀོན་མཆོག་དང་། སངས་རྒྱས་དོན་མི་གཅིག་སྟེ། སངས་རྒྱས་ལ་གཟུགས་སྐུ་དང་ཆོས་སྐུ་གཉིས་སུ་ཡོད་པའི་ཕྱིར་ཏེ། མཛོད་ལས། སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི་སྐུ་གསུམ་མྱང་འདས་རྒྱུ་འབྲས། སྐྱེས་བུ་ཟུང་བཞི། གང་ཟག་ཡ་བརྒྱད། སྐྱབས་ཡུལ་དཀོན་མཆོག་གསུམ་དུ་བཞེད་དེ། སྐྱབས་གསུམ་བདུན་ཅུ་པ་ལས། སངས་རྒྱས་དེའི་ཆོས་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་དང་། ཐུབ་དབང་གི་ནི་སྐུ་གསུམ་དང་། །མྱ་ངན་འདས་དང་གང་ཟག་བརྒྱད། །ཅེས་སོ། །བྱང་སེམས་འཕགས་པ་ནི་སངས་རྒྱས་དཀོན་མཆོག་གི་ཁོངས་སུ་གཏོགས་པར་བཞེད་དེ། ཤར་རི་སྡེ་པའི་ལུང་ལས། ཐེག་དམན་དགྲ་བཅོམ་པས་དེ་ལ་ཕྱག་བྱས་པར་བཤད་པའི་ཕྱིར་ཞེས་བཞེད་དེ། དེ་ལས། ཤར་རིའི་ལུང་ལས་དགྲ་བཅོམ་པས། །བྱང་ཆུབ་སེམས་དཔར་ཕྱག་བྱས་ཉིད། །འདི་དག་དཀོན་མཆོག་གསུམ་གཞན་མིན། །སངས་རྒྱས་ཁོངས་སུ་གཏོགས་པར་འདོད། །ཅེས་སོ། །

གསུམ་པ་ལ་སོ་སོའི་རང་བཞིན། གནས་སྐབས་སྐྱབས་གསུམ་དུ་བཞག་ཚུལ། མཐར་ཐུག་སྐྱབས་གཅིག་ཏུ་སྒྲུབ་པ། དཀོན་མཆོག་གི་སྒྲ་དོན་དང་བཞི། དང་པོ་ལ་གསུམ་ལས། སངས་རྒྱས་དཀོན་མཆོག་ནི། ཡོན་ཏན་དྲུག་དང་ལྡན་པའི་མཐར་ཐུག་གི་སྐྱབས་གནས། མཚན་གཞི་ནི། རང་དོན་ཆོས་སྐུ་དང་གཞན་དོན་གཟུགས་སྐུ་གཉིས་སོ། །ཡོན་ཏན་དྲུག་ནི། རྒྱུད་བླར། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་སོ། །གཉིས་པ་ཆོས་དཀོན་མཆོག་གི་མཚན་ཉིད་ནི། འགོག་བདེན་དང་ལམ་བདེན་གང་རུང་དུ་གྱུར་པའི་ཟག་མེད་རྣམ་བྱང་གི་བདེན་པ། དབྱེ་ན། ཐེག་དམན་དང་། ཐེག་ཆེན་གྱི་ཆོས་དཀོན་མཆོག་གཉིས། དང་པོའི་མཚན་ཉིད། ཐེག་དམན་གྱི་རྒྱུད་ཀྱི་འགོག་བདེན་དང་ལམ་བདེན་གང་རུང་དུ་གྱུར་པའི་ཟག་མེད་རྣམ་བྱང་གི་བདེན་པ། གཉིས་པའི་མཚན་ཉིད། ཐེག་ཆེན་འཕགས་པའི་རྒྱུད་ཀྱི་ཡོན་ཏན་དྲུག་དང་ལྡན་པའི་ཟག་མེད་རྣམ་བྱང་གི་བདེན་པ། ཡོན་ཏན་དྲུག་ནི། རྒྱུད་བླར། བསམ་མེད་གཉིས་མེད་རྟོག་མིན་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱི། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །གོ་རིམ་ཇི་བཞིན་དེ་དག་ཀྱང་། །ཡོན་ཏན་གསུམ་གསུམ་གྱིས་རིག་བྱ། །ཞེས་སོ། །གསུམ་པ་དགེ་འདུན་དཀོན་མཆོག་ལ་མཚན་ཉིད་ནི། ཆོས་དཀོན་མཆོག་རྒྱུད་ལ་ལྡན་པའི་སྐྱེས་བུ། དབྱེ་ན་ཐེག་པ་ཆེ་ཆུང་གི་དགེ་འདུན་དཀོན་མཆོག་གཉིས། དང་པོའི་མཚན་ཉིད། ཆོས་དཀོན་མཆོག་རྒྱུད་ལ་ལྡན་པའི་ཐེག་ཆེན་གྱི་སྐྱེས་བུ། མཚན་གཞི་ཐེག་ཆེན་འཕགས་པ་མཐའ་དག་གོ །རིག་གྲོལ་གྱི་ཡོན་ཏན་དྲུག་དང་ལྡན་པའི་རྒྱལ་སྲས་འཕགས་པ། སྐབས་འདིར་བསྟན་གྱི་དགེ་འདུན་དཀོན་མཆོག་གི་མཚན་ཉིད། ཡོན་ཏན་དྲུག་ནི། རིག་པའི་ཡོན་ཏན་གསུམ་དང་། གྲོལ་བའི་ཡོན་ཏན་གསུམ་སྟེ། རྒྱུད་བླར། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །ཞེས་སོ། །གཉིས་པ་ནི། རྒྱུད་བླར། སྟོན་པ་བསྟན་པ་སློབ་དོན་གྱིས། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། རྒྱུད་བླར། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིག་དང་བཅས་པའི་ཕྱིར། །ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་གནས་མ་ཡིན་ནོ། །ཞེས་སོ། །དེས་ན་མཐར་ཐུག་གི་སྐྱབས་གནས་ནི། སངས་རྒྱས་དཀོན་མཆོག་ཏུ་ངེས་ཏེ། རྒྱུད་བླར། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་པ་ལྟར་རོ། །དེ་དག་གི་བསླབ་བྱ་ལ་དགག་སྒྲུབ་གཉིས་ལས། དང་པོ་ནི། མྱང་འདས་ཆེན་པོ་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་སོང་ནས། །འཚེ་ཞིང་གསོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་སོང་ནས། །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། སཱཙྪའི་ཆག་དུམ་ཙམ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད། ཡི་གེ་འབྲུ་གཅིག་ཡན་ཆད་ལ་དམ་པའི་ཆོས་དངོས་ཀྱི་འདུ་ཤེས་བསྐྱེད། རབ་ཏུ་བྱུང་བའི་རྟགས་ཙམ་འཛིན་པ་ལའང་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བསྐྱེད་ནས་གུས་པར་བྱ་བའོ། །དོགས་སྤོང་ནི། ལུང་གི་དམ་ཆོས་ཡིན་ན། མཐར་ཐུག་གི་སྐྱབས་མ་ཡིན་པས་ཁྱབ་སྟེ། ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་གནས་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན། སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་ལུང་གི་དམ་ཆོས་ཆོས་ཅན། དེ་ཐལ། དེའི་ཕྱིར། དེ་འདྲ་མེད་ཟེར་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་རྒྱུ་མཐུན་གྱི་ཆོས་སྐུ་དེ་ལུང་གི་དམ་ཆོས་དང་རྣམ་མཁྱེན་གྱི་གཞི་མཐུན་དུ་ཁས་ལེན་དགོས་ཏེ། སངས་རྒྱས་ཀྱི་ས་ན་དེ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་ཡོད་པའི་ཕྱིར་རོ། །

གཉིས་པ་རྟོགས་དཀའ་བ་དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ་ལ། མཁས་པ་སྔ་མའི་ལུགས་བརྗོད་པ་དང་། འཐད་ཕྱོགས་ངོས་བཟུང་བ་གཉིས། དང་པོ་ལ། འཕགས་སེང་གཉིས་ཀྱི་དགོངས་པ་སྤྱིར་བཤད་པ་དང་། སློབ་དཔོན་གྱི་དགོངས་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། ཉི་སྣང་གི་དགོངས་པ་དང་། འགྲེལ་པ་དོན་གསལ་གྱི་ལུགས་སོ། །དང་པོ་ནི། འོག་མིན་འགྲོ་ནི་འཕར་གསུམ་གྱི་དབྱེ་གཞི་ཡིན་པས་ལོགས་སུ་མི་བགྲང་བར་དགྲ་བཅོམ་ཞུགས་པས་ཁ་འགང་། གཞན་རྣམས་ནི་རྩ་བའི་ཚིག་ཟིན་ལ་ཇི་ལྟར་ཡོད་པ་བཞིན་བགྲང་། དབང་པོ་རྟུལ་དང་རྣོན་པོ་དག །ཅེས་པ་ནི་ཉི་ཤུའི་གྲངས་སུ་གཉིས་ཁོ་ནར་བགྲང་བ་ཡིན་ཡང་། མདོ་དང་སྦྱར་བའི་ཚེ་རྒྱུན་ཞུགས་ཞུགས་པ་དང་། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་དང་། དེའི་ཕྱིར་མི་འོང་ཞུགས་པ་གསུམ་པོ་རེ་རེ་ལ་རྗེས་འབྲངས་གཉིས་གཉིས་སུ་ཕྱེ་བས་དྲུག་ཏུ་འགྱུར་རོ་གསུངས། གཉིས་པ་ལ། ཉི་ཤུའི་གྲངས་དང་། སོ་སོའི་ངོས་འཛིན་གཉིས་ལས། དང་པོ་ནི། རྒྱུན་ཞུགས་ཀྱི་སྐོར་ལ་ལྔ་བཤད་པ་ལས། འབྲས་གནས་ཙམ་པོ་བས་ཁ་བཀང་བ་ལྟ་བུར་སྣང་ཡང་དད་ཐོབ་ཀྱི་ནང་དུ་འདུས་སོ། །ཕྱིར་འོང་སྐོར་གསུམ་ལ་ཞུགས་པ་ནི་ཆགས་བྲལ་སྔོན་དུ་མ་སོང་བའི་དབང་དུ་བྱས་ན་རྒྱུན་ཞུགས་ཁྱད་པར་ཅན་དང་དོན་གཅིག་པས། རྩ་བར་དད་ཐོབ་ཀྱི་མིང་གིས་བསྟན་ལ། དེ་སོང་བའི་དབང་དུ་བྱས་ན་རྩ་བར་དབང་པོ་རྣོ་རྟུལ་གྱི་མིང་གི་བཏགས་པ་དེ་ཉིད་དོ། །འབྲས་གནས་ཙམ་པོ་བ་ཁ་བཀང་བ་ལྟ་བུར་སྣང་ཡང་། རྩ་བར་དད་ཐོབ་ཀྱིས་མིང་གིས་བཏགས་པ་དེ་ཉིད་དོ། །ཕྱིར་མི་འོང་སྐོར་བཅུ་ལ། ཞུགས་པའི་བསྟན་ཚུལ་སྔ་མ་དང་འདྲ་ཞིང་ཙམ་པོ་བ་ལོགས་སུ་མི་བགྲང་བར་ཁྱད་པར་ཅན་རྣམ་པ་དགུ་དང་། དགྲ་བཅོམ་ཞུགས་པ། རང་སངས་རྒྱས་ཏེ་ཉི་ཤུར་བཤད་དོ། །གཉིས་པ་ནི། དབྱེ་གཞི་ནི་སྤྱིར་བྱང་འཕགས་ཙམ་ཡིན་ལ། བྱེ་བྲག་ཏུ་ཞུགས་གནས་དང་པོ་གསུམ་གྱི་དབྱེ་གཞི་ནི་ཐེག་ཆེན་གྱི་མཐོང་ལམ་དང་། དེའི་རྗེས་ཐོབ་ལ་གནས་པ་གང་རུང་ཁོ་ནར་ངེས་པ་ཡིན་གྱི། ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་དང་པོ་ལ་གནས་པ་ཡན་ཆད་ནི། འདིར་གཟུང་བྱ་མ་ཡིན་ཏེ། ཉི་སྣང་དུ། མཐོང་ཆོས་ཞི་དང་། ལུས་མངོན་བྱེད་ཡན་ཆད་ཀྱི་དབྱེ་གཞི་སྐབས་གཉིས་པ་ནས་འཆད་པའི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་ལ་བརྟེན་པར་བཤད་ཀྱི། སྒོམ་སྤང་སྤོང་ཚུལ་གྱི་ཆ་ནས་བཞག་པ་མེད་པའི་ཕྱིར་རོ། །དགྲ་བཅོམ་ཞུགས་པ་ནི་ས་བཅུ་པ་ལ་གནས་པའི་བྱང་སེམས། དེའི་འབྲས་གནས་ནི་སངས་རྒྱས་ཀྱི་ས་ཁོ་ནར་འཇོག་པའོ། །བདག་ཉིད་ཆེན་པོ་རྔོག་ལོ་ནི། བྱང་ཆུབ་སེམས་དཔའི་ཞུགས་གནས་བརྒྱད་པོ་ནི། ཉན་ཐོས་ལྟར་སྤངས་པ་དང་། སྐྱེ་བ་ལེན་པའི་ཚུལ་གྱི་སྒོ་ནས་འཆད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། འཇིག་རྟེན་ལས་འདས་པའི་སེམས་དང་པོ་བསྐྱེད་པ་དང་། སྤྱོད་པ་ལ་ཞུགས་པ་དང་། ཕྱིར་མི་ལྡོག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་རྒྱུན་ཞུགས་ཞུགས་གནས་ལ་སོགས་པའི་བརྡའ་སྦྱར་ནས། དེའི་ནང་ཚན་སོ་སོའི་དབྱེ་བ་ཉི་ཤུར་འགྱུར་རོ། །ཞེས་བཞེད་དོ། །

གཉིས་པ་འཐད་ཕྱོགས་ངོས་བཟུང་བ་ལ། མཚོན་བྱེད་དཔེའི་དགེ་འདུན། མཚོན་བྱ་དོན་གྱི་དགེ་འདུན། དེ་དག་གི་རྣམ་བཞག་ལ་དཔྱད་པ་དང་གསུམ། དང་པོ་ལ། ཆགས་བྲལ་སྔོན་དུ་སོང་མ་སོང་གཉིས་ལས། དང་པོ་ནི། མཐོང་ལམ་སྐད་ཅིག་བཅོ་ལྔ་ལ་གནས་པ་དབང་རྟུལ་དད་པ་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲངས་གཉིས་པོས་སྒོམ་སྤང་ཡེ་མ་སྤངས་ཤིང་། གལ་ཏེ་འཇིག་རྟེན་པའི་ལམ་གྱིས་སྒོམ་སྤང་ལྔ་ཡན་ཆད་སྤངས་ན་ཡང་ཆགས་བྲལ་སྔོན་སོང་མ་ཡིན་ནོ། །དྲུག་པ་ནས་བརྒྱད་ཀྱི་བར་སྤངས་ན་འབྲས་བུ་གཉིས་ལ་ཞུགས་པའོ། །འདོད་པ་ལ་འདོད་ཆགས་དང་བྲལ་བའམ་དེར་མ་ཟད་གོང་མ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལས་འདོད་ཆགས་དང་བྲལ་ན་འབྲས་བུ་གསུམ་པ་ལ་ཞུགས་པའོ། །དེ་རྣམས་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་སྐྱེས་པ་ན་སྔར་འབྲས་བུ་གང་ལ་ཞུགས་པ་དེའི་འབྲས་གནས་སུ་འགྱུར་ལ། དགྲ་བཅོམ་པར་འགྱུར་བ་མི་སྲིད་དེ། མཐོང་ལམ་གྱིས་སྒོམ་སྤང་སྤོང་མི་སྲིད་ལ། དེའི་སྔོན་དུ་སྲིད་རྩེ་ལས་འདོད་ཆགས་དང་བྲལ་བ་མི་སྲིད་པའི་ཕྱིར་རོ། །འོ་ན་འདོད་པའི་སྒོམ་སྤང་ལྔ་སྤངས་པ་བཅུ་དྲུག་པ་ལ་གནས་པ་དེ་ལན་ཅིག་ཕྱིར་འོང་གི་འབྲས་བུ་ལ་ཞུགས་པར་མི་འགྱུར་རམ་ཞེ་ན། འབྲས་བུ་ཐོབ་ཀྱང་ཁྱད་པར་ཅན་གྱི་ལམ་མ་ཐོབ་པས་དེ་ཐོབ་ཕྱིར་དུ་མི་བརྩོན་པ་དེ་སྲིད་དུ་ཞུགས་པ་མ་ཡིན་ནོ། །མཛོད་དུ། དབང་པོ་རྣོ་རྟུལ་དེ་དག་ཏུ། །དད་དང་ཆོས་ཀྱི་རྗེས་འབྲང་བ། །སྒོམ་པས་སྤང་བྱ་མ་སྤངས་ན། །འབྲས་བུ་དང་པོ་ལ་ཞུགས་པ། །རྣམ་ལྔའི་བར་བཅོམ་གཉིས་པ་ལ། །དགུ་པ་ཚུན་ཆད་ཟད་པ་ཡིན། །འདོད་པའམ་ཡང་ན་གོང་མ་ལས། །ཆགས་བྲལ་གསུམ་པ་ལ་ཞུགས་པ། །གང་ཞིག་གང་ལ་ཞུགས་པ་ནི། །བཅུ་དྲུག་པ་ལ་དེ་འབྲས་གནས། །དེ་ཚེ་དབང་པོ་རྣོ་རྟུལ་དག །དད་པས་མོས་དང་མཐོང་བས་ཐོབ། །འབྲས་ཐོབ་འབྲས་བུའི་ཁྱད་པར་གྱིས། །ལམ་ཐོབ་མེད་པ་དེ་ཡི་ཕྱིར། །འབྲས་གནས་ཁྱད་པར་བྱ་བའི་ཕྱིར། །མི་བརྩོན་པ་ནི་ཞུགས་མ་ཡིན། །ཞེས་སོ། །གཉིས་པ་ལ། ཅིག་ཅར་བ་དང་། རིམ་གྱིས་པ་གཉིས་ལས། དང་པོ་ནི། དེ་ནི་རང་རྒྱལ་ཏེ་སྨོན་ལམ་གྱི་དབང་གིས་ཅིག་ཅར་དུ་བྱེད་པའོ། །གཉིས་པ་རིམ་གྱིས་པ་ལ་བཞི་སྟེ། རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་པའོ། །དང་པོ་ལ། འབྲས་བུ་ལ་ཞུགས་པ་ནི་བཤད་ཟིན་ལ། གནས་པ་གཉིས་ཏེ། སྲིད་པ་ལན་བདུན་པ་དང་། རིགས་ནས་རིགས་སྐྱེའོ། །དང་པོ་ནི། འབྲས་གནས་དེ་ཚེ་དེ་ལ་སྒོམ་སྤང་གཅིག་ཀྱང་མ་སྤངས་ན་ཚེ་བདུན་གྱི་བར་སྐྱེ་ལ། མཐར་མཐོང་ལམ་སྐྱེས་དེ་ནས་དགྲ་བཅོམ་པ་ཐོབ་པའོ། །ཐམས་ཅད་ཚེ་བདུན་པ་ནི་མ་ཡིན་གྱི། བུལ་ཤོས་རེ་ལྟར་ཐོགས་ན་ལན་བདུན་པའོ། །དེ་ལྟར་ཡང་མཛོད་ལས། འབྲས་གནས་སྒོམ་སྤང་བྱ་མ་ཟད། །རེ་ལྟར་ཐོགས་ན་ལན་བདུན་པ། །ཞེས་སོ། །བྱེ་སྨྲ་ནི་ལྷ་དང་མིའི་སྲིད་པ་ལན་བདུན་དང་བར་དོ་ལན་བདུན་ཏེ་ཉི་ཤུ་རྩ་བརྒྱད་ཀྱི་བར་དུ་ལེན་ཡང་བདུན་ཚན་གཅིག་ཏུ་འགྲོ་བའི་ཕྱིར་ལན་བདུན་པ་སྟེ། ཤིང་འདབ་མ་བདུན་པ་བཞིན་ནོ། །ཞེས་བཞེད། གཉིས་པ་ནི། སྤངས་པ་མཐོང་ལམ་གྱི་ཚེ་དེ་ལ་འདོད་ཁམས་ཀྱི་སྒོམ་སྤང་ཆེན་པོ་གསུམ་མམ་འབྲིང་གི་ཆེན་པོ་སྤངས་པ། རྟོགས་པ་སྒོམ་ལམ་ཟག་མེད་ཀྱི་དབང་པོ་ཆུང་ངུ་གསུམ་འབྲིང་གི་ཆུང་ངུ་ཐོབ་པ་སྐྱེ་བ། ཉོན་མོངས་གསུམ་སྤངས་ན་གསུམ། བཞི་སྤངས་ན་གཉིས་ལེན་པའོ། །དེ་ལ་གཉིས་ལས། ལྷའི་རིགས་ནས་རིགས་སྐྱེ་ནི་མཐོང་ལམ་འདོད་ལྷའི་རྟེན་ལ་ཐོབ་ན་འདོད་ལྷའི་ནང་དུ་ལན་གཉིས་སམ་གསུམ་དུ་སྐྱེ་བའོ། །གཉིས་པ་མིའི་རིགས་ནས་རིགས་སྐྱེ་ནི་མིའི་རྟེན་ལ་མཐོང་ལམ་ཐོབ་ན་མིར་ལན་གཉིས་སམ་གསུམ་དུ་སྐྱེས་ནས་གླིང་དེའམ་གཞན་དུ་མྱ་ངན་ལས་འདའ་བ་སྟེ། མཛོད་ལས། རྣམ་གསུམ་རྣམ་བཞི་ལས་གྲོལ་བ། །ཚེ་གཉིས་གསུམ་དུ་རིགས་ནས་རིགས། །ཞེས་སོ། །དེ་དག་ཁམས་གོང་མར་སྐྱེ་བ་མི་སྲིད་དེ་འདོད་ཁམས་སུ་ཚེ་ཡོངས་སུ་གྱུར་པའི་ཉན་ཐོས་འཕགས་པ་ཡིན་པའི་ཕྱིར། དེ་དག་ཁམས་གོང་མར་སྐྱེས་པ་ལ་འབྲས་བུ་ཐོབ་པ་ལས་ཉམས་པ་དང་དབང་པོ་རྟུལ་པོ་ལས་རྣོན་པོར་འཕོ་བ་མེད་དེ། མཛོད་ལས། འདོད་པར་ཚེ་ཡོངས་གྱུར་པའི་འཕགས། །ཁམས་གཞན་དུ་ནི་འགྲོ་བ་མེད། །དེ་དང་གོང་མར་སྐྱེས་པ་ནི། །ཡོངས་ཉམས་དབང་པོ་འཕོ་མིན་བརྟེན། །ཞེས་སོ། །གཉིས་པ་ཕྱིར་མི་འོང་ལ་ཞུགས་གནས་གཉིས་ལས། དང་པོ་ནི། འདོད་པའི་སྒོམ་སྤང་ལྔ་ཕན་ཆད་སྤངས་པ་དྲུག་པ་སྤོང་བ་ལ་ཕྱོགས་པ་སྟེ། མཛོད་ལས། རྣམ་པ་ལྔ་ཡི་བར་བཅོམ་པ། །གཉིས་པ་ལ་ནི་ཞུགས་པ་ཡིན། །ཞེས་སོ། །གཉིས་པ་ནི། དྲུག་པ་ནས་བརྒྱད་པའི་བར་ཏེ། དེ་ལ་འབྲས་གནས་ཙམ་དང་ཁྱད་པར་ཅན་བར་ཆད་གཅིག་པ་གཉིས་སོ། །དང་པོ་ནི། རྟེན་དེ་ལ་ཉོན་མོངས་པ་དྲུག་སྤངས་པ་ལྷར་ལན་གཅིག་སྐྱེས་ནས་མིར་ལན་གཅིག་འོང་བ་སྟེ་རིགས་འདྲ་གཅིག་ལས་མེད་པས་ལན་ཅིག་ཕྱིར་འོང་ངོ་། །དེ་ལྟར་ཡང་མཛོད་ལས། རྣམ་པ་དྲུག་པ་ཟད་གྱུར་པས། །དེ་ནི་ལན་ཅིག་ཕྱིར་འོང་བ། །ཞེས་སོ། །གཉིས་པ་ནི། འབྲས་བུ་གཉིས་པ་ལ་གནས་པ་དེ་ཉིད་སྤངས་པ་ཚེ་དེ་ལ་ཉོན་མོངས་བདུན་ནམ་བརྒྱད་སྤངས་པ་རྟོགས་པ་ཟག་མེད་ཀྱི་དབང་པོ་བདུན་ནམ་བརྒྱད་ཐོབ་པ། སྐྱེ་བ་གཅིག་བླངས་ནས་མྱང་འདས་སམ་ཕྱིར་མི་འོང་ཐོབ་པ་སྟེ། མྱང་འདས་ལ་ཚེ་གཅིག་གིས་བར་ཆོད་པའོ། །ཕྱིར་མི་འོང་གི་འབྲས་བུ་ལ་ཉོན་མོངས་པ་གཅིག་གིས་བར་ཆོད་པས་ན་བར་ཆད་གཅིག་པ་ཡིན་ཏེ། མཛོད་ལས། ཉེས་ཆ་བརྒྱད་དང་བདུན་སྤངས་པ། །ཚེ་གཅིག་བར་ཆད་གཅིག་པ་དང་། །གསུམ་པ་ལ་ནི་ཞུགས་པའང་ཡིན། །ཞེས་སོ། །གསུམ་པ་ལ་ཞུགས་གནས་གཉིས་ལས། དང་པོ་ནི། འདོད་པའི་ཉོན་མོངས་བདུན་ནམ་བརྒྱད་སྤངས་པ་དགུ་པ་སྤོང་བ་ལ་སྦྱོར་བའོ། །གཉིས་པ་ནི་འདོད་པའི་ཉོན་མོངས་དགུ་པ་ཟད་པ་ནས་བརྩམས་ཏེ་སྲིད་རྩེའི་ཉོན་མོངས་བརྒྱད་ཟད་པའི་བར་ཐམས་ཅད་ཡིན་ལ། དེ་ལ་བཞི་སྟེ། ཕྱིར་མི་འོང་ཐོབ་པའི་ཚེ་དེ་ལ་གཟུགས་ཀྱི་ཉོན་མོངས་མ་སྤངས་པ་གཟུགས་སུ་ཉེར་འགྲོ་སྟེ། དེ་སྤངས་ཀྱང་གཟུགས་མེད་ཀྱི་ཉོན་མོངས་མ་སྤངས་པས་གཟུགས་མེད་དུ་ཉེར་འགྲོ། ཟག་པ་ཐམས་ཅད་ཟད་པར་བྱེད་པ་མཐོང་བའི་ཆོས་དེ་ཚེ་འདིར་ཞི་བ་ཐོབ་པ། འགོག་པ་ལུས་ཀྱིས་མངོན་དུ་བྱེད་པའོ། །དང་པོ་ལ་གསུམ་སྟེ། མངོན་པར་འགྲུབ་པ་ཙམ་གྱི་ལས་ཅན་དང་། སྐྱེས་ནས་མྱོང་འགྱུར་གྱི་ལས་ཅན་དང་། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཅན་ནོ། །དང་པོ་ནི། གཟུགས་ཀྱི་ཉོན་མོངས་མ་སྤངས་པའི་ཕྱིར་མི་འོང་གཞིར་བྱས་ལ། དབང་པོ་རྣོན་པོ་ཉོན་མོངས་པ་ཆུང་ངུ་གཟུགས་སུ་སྐྱེ་བའི་ཀུན་སྦྱོར་སྤངས་པ་མངོན་པར་འགྲུབ་པའི་ཀུན་སྦྱོར་༼མ་༽སྤངས་པ་དེ་ཉིད་གཟུགས་ཀྱི་བར་དོ་མངོན་པར་གྲུབ་ནས་ཟག་མེད་ཀྱི་ལམ་བསྒོམས་ཏེ་དགྲ་བཅོམ་པ་ཐོབ་པར་བྱེད་པ་སྟེ་དེའང་དབང་པོ་སོགས་ཆེ་འབྲིང་ཆུང་གསུམ་གྱིས་བར་དོའི་ཚེ་སྟོད་དང་ཚེ་དཀྱིལ་དང་ཚེ་མཇུག་ཏུ་འདའ་བ་དཔེ་གསུམ་གྱིས་མྱུར་བ་དང་མྱུར་བ་མ་ཡིན་པ་དང་ཡུན་རིང་མོ་ཞིག་ནས་འདའ་བ་གསུམ་མོ། །གཉིས་པ་ནི། དབང་པོ་ལས་ཉོན་མོངས་པ་ཐམས་ཅད་འབྲིང་དུ་གྱུར་པ་གཟུགས་ཁམས་སུ་སྐྱེ་བ་གཅིག་བླངས་ནས་འདའ་བ་ལ་འབྲིང་གསུམ་གྱིས་གཟུགས་སུ་སྐྱེས་མ་ཐག་ལྷག་བཅས་སུ་འདའ་བ་དང་ཚེ་དཀྱིལ་ལ་འབད་རྩོལ་ལ་བརྟེན་ནས་ཐོབ་པ་མངོན་པར་འདུ་བྱེད་དང་བཅས་ཏེ་འདའ་བ་དང་། ཚེ་མཇུག་ཏུ་འབད་མི་དགོས་པར་ཐོབ་པ་འདུ་བྱེད་མེད་པར་འདའ་བ་གསུམ་མོ། །གསུམ་པ་ནི། དབང་རྟུལ་ལས་དང་ཉོན་མོངས་པ་ཆེ་བ་སྐྱེ་བ་གོང་དུ་བརྒྱུད་ནས་འདའ་བ་སྟེ། འདི་ལ་ལྷག་མཐོང་ཤས་ཆེར་སྤྱོད་པ་འོག་མིན་གྱི་བར་ཞི་གནས་ཤས་ཆེར་སྤྱོད་པ་སྲིད་རྩེའི་མཐར་ཐུག་པར་འགྲོ་བ་གཉིས་སོ། །དང་པོ་ནི། འདོད་པའི་རྟེན་ལ་ཕྱིར་མི་འོང་ཐོབ་པས་བསམ་གཏན་བཞི་པའི་སེམས་ལ་བརྟེན་ནས་བཞག་སྟེ། བདེན་པའི་རྣམ་པ་ཅན་གཅིག་སྤེལ་བ་ཆུང་ངུ་། །གསུམ་སྤེལ་བཞི་གཉིས་སྤེལ་བ་འབྲིང་པོ་དྲུག་སྤེལ། དྲུག་པ་གསུམ་སྤེལ་བ་ཆེན་པོ་དགུ་སྤེལ། བརྒྱད་པ་བཞི་སྤེལ་བ་ཤིན་ཏུ་ཆེ་བ་བཅུ་གཉིས་སྤེལ། བཅུ་ལ་ལྔ་སྤེལ་བ་ཆེས་ཆེར་ཆེ་བ། བཅོ་ལྔ་སྤེལ་ལས་ཉམས་ན་གཙང་མ་རིགས་ཀྱི་ལྷ་ལྔར་རིམ་པ་བཞིན་དུ་སྐྱེ་མོད། ཉམས་ནས་བསམ་གཏན་དང་པོའི་བར་དུ་འོངས་ཏེ་ཤི་ནས་བསམ་གཏན་དང་པོར་སྐྱེ་ཞིང་དེ་ནས་རིམ་གྱིས་འོག་མིན་དུ་འདའ་བ་ལ་རྟུལ་པོའི་རྣོ་འབྲིང་རྟུལ་གསུམ་གྱིས་འཕར་བ་ཕྱེད་འཕར་བ་གནས་ཐམས་ཅད་དུ་འཆི་འཕོ་བའོ། །དང་པོ་ནི། འདོད་པ་ནས་ཚངས་རིས་སུ་སྐྱེས་དེར་བཅོ་ལྔ་སྤེལ་བསྒོམས་ནས་འོག་མིན་དུ་སྐྱེས་ཏེ་དགྲ་བཅོམ་པ་ཐོབ་པའོ། །གཉིས་པ་ནི་འདོད་པ་ནས་ཚངས་རིས་དེ་ནས་གནས་གཙང་མའི་གནས་གཅིག་གམ་གཉིས་སུ་སྐྱེས་ནས་འོག་མིན་དུ་དགྲ་བཅོམ་པ་ཐོབ་པའོ། །གཉིས་པ་ནི་འདོད་པ་ནས་ཚངས་རིས། ཚངས་པ་མདུན་ན་འདོན། ཚངས་ཆེན་གསུམ་ལས་ཚངས་ཆེན་ནི་ལྟ་བའི་གནས་ཡིན་པའི་ཕྱིར་དང་གཙོ་བོ་གཅིག་ཏུ་ཟད་པས་འཕགས་པ་རྣམས་མི་སྐྱེའོ། །བསམ་གཏན་གཉིས་པའི་འོད་ཆུང་། ཚད་མེད་འོད། འོད་གསལ་གསུམ། གསུམ་པའི་དགེ་ཆུང་། ཚད་མེད་དགེ །དགེ་རྒྱས་དང་གསུམ། བཞི་པ་སོ་སོའི་སྐྱེ་བོའི་གནས་ཀྱི་ཡན་ལག་སྤྲིན་མེད། བསོད་ནམས་སྐྱེས། འབྲས་བུ་ཆེ་བ་གསུམ། འཕགས་པའི་གནས་ཀྱི་ཡན་ལག་མི་ཆེ་བ། མི་གདུང་བ། གྱ་ནོམ་སྣང་བ། ཤིན་ཏུ་མཐོང་བ། འོག་མིན་ཏེ་གཙང་མ་རིགས་ཀྱི་ལྷ་ལྔ་སྟེ། དེ་:ཐོབ་༼དག་༽ཏུ་སྐྱེ་ཞིང་འོག་མིན་དུ་དགྲ་བཅོམ་པ་ཐོབ་པའོ། །གཉིས་པ་ནི། གོང་དུ་འཕོ་བ་བསམ་གཏན་མ་སྤེལ་བར་ཞི་གནས་ཤས་ཆེར་བསྒོམས་ཤིང་སྙོམས་འཇུག་གི་རོ་མྱངས་པས་ཚངས་རིས་ནས་འབྲས་བུ་ཆེ་བའི་བར་དུ་སོང་ནས་གནས་གཙང་མ་བོར་ཏེ་གཟུགས་མེད་བཞིར་རིམ་གྱིས་སོང་སྟེ་མཐར་དགྲ་བཅོམ་པ་སྲིད་རྩེར་ཐོབ་པའོ། །གོང་དུ་འཕོ་བ་དེ་དག་བར་སྐབས་སུ་ཡང་མྱ་ངན་ལས་འདར་རུང་ངོ་། །དེ་ལྟར་ཡང་མཛོད་དུ། དེ་དགུ་ཟད་པར་ཕྱིར་མི་འོང་། །དེ་ནི་བར་སྐྱེས་འདུ་བྱེད་དང་། །འདུ་བྱེད་མེད་ཡོངས་མྱ་ངན་འདའ། །གོང་དུ་འཕོ་བ་རྣམས་དེ་ནི། །བསམ་གཏན་སྤེལ་ནས་འོག་མིན་འགྲོ། །དེ་འཕར་ཕྱེད་འཕར་ཐམས་ཅད་དུ། །འཆི་འཕོ་གཞན་སྲིད་རྩེ་མོར་འགྲོ། །ཞེས་སོ། །གཉིས་པ་ནི། ཕྱིར་མི་འོང་ཐོབ་པ་རྟེན་དེ་ལ་གཟུགས་ལ་འདོད་ཆགས་དང་བྲལ་ཡང་གཟུགས་མེད་ལ་མ་བྲལ་བས་གཟུགས་མེད་དུ་སྐྱེས་ནས་དགྲ་བཅོམ་པ་ཐོབ་པར་བྱེད་པ་ལ་སྐྱེས་ནས་འདའ་བ། འདུ་བྱེད་དང་བཅས་ནས་འདའ་བ། འདུ་བྱེད་པ་མེད་པར་འདའ་བ། གོང་དུ་འཕོ་བ་དང་བཞིའོ། །བར་དོར་འདའ་བ་མེད་དེ་གཟུགས་མེད་ཀྱི་བར་དོ་མེད་པའི་ཕྱིར་ཏེ། མཛོད་ལས། གཞན་ནི་གཟུགས་མེད་འགྲོ་རྣམས་བཞི། །ཞེས་སོ། །དེ་དག་མཐོང་ལམ་ཐོབ་པའི་རྟེན་དེ་ཉིད་ཀྱིས་ཕྱིར་མི་འོང་ཐོབ་པའི་དབྱེ་བ་ཡིན་ནོ། །གསུམ་པ་ནི། མཐོང་ལམ་གྱི་རྟེན་ལ་ཕྱིར་མི་འོང་ཐོབ་ཅིང་ཁམས་གོང་མའི་ཉོན་མོངས་ཐམས་ཅད་ཀྱི་གཉེན་པོ་ཡང་ཚེ་དེ་ལ་རྫོགས་ཏེ་ལྷག་བཅས་དང་ལྷག་མེད་ཀྱི་མྱང་འདས་ཐོབ་པ་སྟེ། མཛོད་ལས། གཞན་ནི་འདི་ལ་མྱ་ངན་འདའ། །ཞེས་སོ། །བཞི་པ་ནི། མིའི་རྟེན་ལ་ཕྱིར་མི་འོང་ཐོབ་ནས་བསམ་གཏན་དང་པོ་ནས་སྲིད་རྩེའི་བར་རྫོགས་པར་བྱས་ནས་དེ་ནས་འགོག་པའི་སྙོམས་འཇུག་ཐོབ་པར་བྱས་ཏེ་འདའ་བ་ལ་འདོད་པར་ཚེ་ཡོངས་གྱུར་པའི་འཕགས་པ་ཡིན་ན་ཚེ་དེ་ཉིད་ལ་འདའ་སྟེ་ཁམས་གོང་དུ་མི་འགྲོ་ལ་འདོད་པར་ཡང་མི་སྐྱེ་བའི་ཕྱིར་རོ། །ཚེ་ཡོངས་སུ་མ་གྱུར་པའི་དབང་པོ་རྟུལ་ན་ཉམས་སྲིད་པས་ཕྱི་མ་ལ་གཟུགས་ཁམས་སུ་སྐྱེས་ཏེ་འགོག་པ་ལ་སྙོམས་པར་ཞུགས་པས་མྱ་ངན་ལས་འདས་པ་དང་འདྲ་བའི་ཆོས་ལུས་ཀྱིས་མངོན་དུ་བྱེད་དོ། །ཅིའི་ཕྱིར་ལུས་ཀྱིས་མངོན་དུ་བྱེད་ཅེ་ན། དེའི་ཚེ་སེམས་མེད་པས་ལུས་ལ་བརྟེན་ཏེ་སྐྱེ་བའི་ཕྱིར་ཏེ། དེ་ལས་ལངས་ནས་འགོག་པའི་སྙོམས་འཇུག་ནི་མྱ་ངན་ལས་འདའ་བ་དང་འདྲ་བར་ཞི་བ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་བ་རྣམ་ཤེས་དང་བའི་ལུས་ཉོན་མོངས་པ་ཞི་བ་སྔོན་མ་ཐོབ་པ་ཐོབ་པར་འགྱུར་རོ། །དེ་ལྟར་ཡང་མཛོད་ལས། འགོག་པ་ཐོབ་པ་ཕྱིར་མི་འོང་། །ལུས་ཀྱིས་མངོན་དུ་བྱེད་པར་འདོད། །ཅེས་སོ། །བཞི་པ་ལ། ཞུགས་གནས་གཉིས་ལས་དང་པོ་ནི་ཕྱིར་མི་འོང་དེ་ཉིད་བསམ་གཏན་དང་པོའི་ཉོན་མོངས་གཅིག་སྤངས་ནས་སྲིད་རྩེའི་ཉོན་མོངས་པ་སྤངས་པའི་བར་དང་། དེར་མ་ཟད་དགུ་པ་སྤོང་བའི་བར་ཆད་མེད་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པའང་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་སྟེ་མཛོད་ལས། སྲིད་རྩེའི་བར་ཆད་བརྒྱད་ཟད་པ། །དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན། །དགུ་པའི་བར་ཆད་མེད་ལམ་ཡང་། །དེ་ནི་རྡོ་རྗེ་ལྟ་བུ་ཡིན། །ཞེས་སོ། །གཉིས་པ་ནི། ཉོན་མོངས་དགུ་པ་དེ་ཟད་པ་ཐོབ་པ་དང་ལྷན་ཅིག་ཏུ་ཟད་པ་ཤེས་པ་རྣམ་གྲོལ་གྱི་ལམ་དེ་ཐོབ་པ་ན་བསླབ་པར་བྱ་བ་མེད་པས་མི་སློབ་པ་ཉོན་མོངས་པའི་དགྲ་བཅོམ་པས་དེའི་མིང་གིས་བཏགས་པ་སྟེ། མཛོད་ལས། དེ་ཟད་ཐོབ་དང་ཟད་པ་ཤེས། །དེ་ཚེ་དེ་མི་སློབ་དགྲ་བཅོམ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་མཚོན་བྱ་དོན་གྱི་དགེ་འདུན་ལ། གྲངས་དང་། སོ་སོའི་མཚན་ཉིད་དང་། དབྱེ་བ་བཤད་པའོ། །དང་པོ་ནི། མཚོན་བྱ་དོན་གྱི་སྐྱེས་བུ་ཆེན་པོ་བདུན། རང་སངས་རྒྱས་ཏེ་རྩ་བའི་དབྱེ་བ་བརྒྱད། ཡན་ལག་གི་དབྱེ་བ་ཉི་ཤུའོ། །དེ་ཡང་འབྲས་བུ་ལ་ཞུགས་པ་ལྔ། གནས་པ་བཅུ་བཞི། རང་རྒྱལ་ཏེ་ཉི་ཤུའོ། །དང་པོ་འབྲས་ཞུགས་ལ་ལྔ་ལས། དབང་རྟུལ་དད་པའི་རྗེས་སུ་འབྲང་བ་ནི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་གི་ལམ་ལ་དད་པས་དེའི་རྗེས་སུ་འབྲང་བའོ། །གཉིས་པ་དབང་རྣོན་ཆོས་ཀྱི་རྗེས་འབྲང་ནི། མཐོང་ལམ་སྐད་ཅིག་མ་བཅུ་དྲུག་གི་ལམ་ལ་ཤེས་རབ་ཀྱིས་ལམ་དེའི་རྗེས་སུ་འབྲང་བའོ། །གསུམ་པ་སྔར་གྱི་དབང་རྟུལ་དེ་ཉིད་འབྲས་བུ་བར་པ་གཉིས་ལ་ཞུགས་པ་ན་དད་པས་མོས་པ་སྟེ་དད་པ་ལྷག་པ་ཉིད་ཀྱིས་རབ་ཏུ་ཕྱེ་བའོ། །བཞི་པ་སྔར་གྱི་དབང་རྣོན་དེ་ཉིད་འབྲས་བུ་བར་པ་གཉིས་ལ་ཞུགས་པ་ན་མཐོང་ལམ་ཐོབ་སྟེ་ཤེས་རབ་ལྷག་པ་ཉིད་ཀྱིས་རང་གིས་མཐོང་བའི་ཤེས་རབ་ཀྱིས་རབ་ཏུ་ཕྱེ་བའོ། །གཉིས་པ་གནས་པ་བཅུ་བཞི་ནི། དང་པོ་རྒྱུན་ཞུགས་མིའི་རིགས་སྐྱེ་ནི། སྐྱེ་བ་གསུམ་མམ་གཉིས་སུ་མིར་སྐྱེ་བ། རྒྱུན་ཞུགས་གཉིས་པ་ལྷའི་རིགས་ནས་རིགས་སྐྱེ་ནི། སྔར་བཞིན་ལས་འདོད་ལྷ་དྲུག་ཏུ་སྐྱེ་བའོ། །གསུམ་པ་ལན་ཅིག་ཕྱིར་འོང་འབྲས་གནས་ནི། འཇིག་རྟེན་འདིར་ལན་གཅིག་འོང་ནས་གཞན་དུ་འདའ་བ་སྟེ། དེ་ཉིད་བར་ཆད་གཅིག་པ་ཡིན་པ་ནི། འདོད་པའི་ཉོན་མོངས་པ་བདུན་བརྒྱད་སྤངས་པའི་གཉེན་པོ་ཐོབ་པ་ལ་སྐྱེ་བའི་ལྷག་མ་གཅིག་ལུས་པའོ། །བཞི་པ་ཕྱིར་མི་འོང་འབྲས་གནས་ལ་འདའ་བ་གསུམ་ལས། བར་དོར་འདའ་བ་ནི་སྐྱེ་བ་གཉིས་པ་སྒྲུབ་པར་མི་བྱེད་པར་ཁམས་གསུམ་གྱི་བར་གྱིས་ལྷའི་རིགས་གང་རུང་དུ་སངས་རྒྱས་ནས་འདིར་བྱང་ཆུབ་ཀྱི་ལམ་སྟོན་པའོ། །ལྔ་པ་སྐྱེས་ནས་འདའ་བ་ནི། བྱང་ཆུབ་ཀྱི་ཤིང་དྲུང་དུ་སེམས་དང་པོ་བསྐྱེད་པ་དེ་སྐྱེས་ནས་མྱ་ངན་ལས་འདའ་བའོ། །དྲུག་པ་འདུ་བྱེད་དང་བཅས་པས་འདའ་བ་ནི། སེམས་ཅན་གྱི་དོན་ལ་བརྩོན་པས་ལམ་ལ་འཇུག་པའོ། །བདུན་པ་འདུ་བྱེད་པ་མ་ཡིན་པས་འདའ་བ་ནི། རིགས་ཀྱི་ཁྱད་པར་གྱིས་མྱུར་དུ་རྩོལ་བ་ཆུང་ངུས་བྱང་ཆུབ་པར་བྱེད་པའོ། །གོང་དུ་འཕོ་བ་ནི། གང་དུ་སྐྱེས་པ་དེར་འདའ་བ་མ་ཡིན་པ་སྟེ། དེ་ལ་འོག་མིན་འགྲོ་དང་། སྲིད་རྩེ་འགྲོ་གཉིས་ལས། འོག་མིན་འགྲོ་ནི་འཕར་བ་གསུམ་སྟེ། བསམ་གཏན་གསུམ་ལས་ཉམས་པ་བསམ་གཏན་དང་པོ་བསྒྲུབས་པས་ཚངས་རིས་སུ་སྐྱེས། དེར་བཞི་པ་བསྒོམས་པས་བར་རྣམས་དོར་ཏེ་འོག་མིན་དུ་སྐྱེས་པ་ནི་བརྒྱད་པ། ཕྱེད་དུ་འཕར་བ་ནི་ཚངས་རིས་ནས་ཤི་འཕོས་ནས་གནས་གཙང་མར་སྐྱེས་ཏེ་བར་གྱི་གནས་གཅིག་ལས་ཀྱང་བརྒལ་ཏེ་འོག་མིན་དུ་སྐྱེ་བ་དགུ་པ། གནས་ཐམས་ཅད་དུ་འཆི་འཕོ་བ་ནི། གཟུགས་ཀྱི་གནས་གཞན་ཐམས་ཅད་དུ་བརྒྱུད་ནས་འོག་མིན་དུ་སྐྱེ་བ་བཅུ་པའོ། །བཅུ་གཅིག་པ་གོང་འཕོ་གཉིས་པ་སྲིད་རྩེར་འགྲོ་ནི། སྙོམས་འཇུག་གཞན་རྣམས་བསྒྲུབས་ཤིང་གནས་གཞན་ཐམས་ཅད་དུ་སྐྱེས་ནས་གནས་གཙང་མར་མ་ཞུགས་པར་གཟུགས་མེད་དུ་སྐྱེས་ཤིང་སྲིད་རྩེར་སོང་ནས་ཞིང་སྣ་ཚོགས་སུ་སངས་རྒྱ་བའོ། །བཅུ་གཉིས་པ་གཟུགས་ཀྱི་འདོད་ཆགས་བཅོམ་པ་ནི། འདི་ནས་ཤི་འཕོས་ནས་གཟུགས་མེད་དུ་སྐྱེས་ཏེ་ཞིང་སྣ་ཚོགས་སུ་སངས་རྒྱ་བའོ། །བཅུ་གསུམ་པ་མཐོང་བའི་ཆོས་ལ་ཞི་བ་ཐོབ་པ་ནི། གང་ཞིག་གང་གིས་མཐོང་བ་དེས་ཞི་བ་ཐོབ་པར་བྱེད་ཅིང་ཕྱིས་འདི་ཉིད་དུ་སངས་རྒྱ་བའོ། །བཅུ་བཞི་པ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ནི། འགོག་པའི་སྙོམས་འཇུག་ཐོབ་པས་མྱང་འདས་དང་འདྲ་བའི་ཆོས་ལུས་ཀྱིས་མངོན་སུམ་དུ་བྱེད་པའོ། །ཞུགས་པ་ལྔ་པ་དགྲ་བཅོམ་འབྲས་ཞུགས་ནི། ཕྱིར་མི་འོང་དེ་ཉིད་སྲིད་རྩེའི་ཉོན་མོངས་པ་བརྒྱད་སྤངས་པའོ། །བསེ་རུ་རང་རྒྱལ་གྱི་བྱང་སེམས་ནི། སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་དུ་སངས་རྒྱས་ནས་སངས་རྒྱས་ཀྱི་ཆོས་སྣང་བར་བྱེད་པའོ། །གཉིས་པ་ལ། དང་པོ་རྒྱུན་ཞུགས་ཞུགས་པའི་མཚན་ཉིད་ནི། བདེན་པ་མངོན་རྟོགས་ཀྱི་ལམ་ལ་གནས་ཤིང་མཚོན་བྱ་དོན་གྱི་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པར་གནས་པའོ། །དབྱེ་ན། རྗེས་འབྲང་གཉིས། མཚན་གཞི་ནི། ཤེས་བཟོད་དང་པོ་བཅོ་ལྔ་གང་རུང་ལ་གནས་པའོ། །རྒྱུན་ཞུགས་འབྲས་གནས་ཀྱི་མཚན་ཉིད་ནི། ཁམས་གསུམ་ཀའི་ཉོན་མོངས་པའི་སྟེང་གི་ཡང་སྲིད་འཕེན་བྱེད་ཀྱི་ནུས་པ་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་གནས་གང་ཞིག །ཕྱིར་མི་འོང་གི་ངོ་སྐལ་གྱི་སྤང་བྱའི་གཙོ་བོ་མ་སྤངས་པའོ། །དབྱེ་ན། ཙམ་པོ་བ་དང་། ཁྱད་པར་ཅན་གཉིས་སོ། །དང་པོའི་མཚན་ཉིད་དེ་གང་ཞིག །འདོད་པའི་ཁམས་སུ་སྐྱེ་བ་འགྲུབ་བྱེད་ཀྱི་ནུས་པ་ཆེན་པོའི་ཆེན་པོ་ཙམ་ཡང་མ་སྤངས་པའོ། །གཉིས་པའི་མཚན་ཉིད། དེ་གང་ཞིག །དེ་ཙམ་ཞིག་སྤངས་པའོ། །དབྱེ་ན། ལྷ་དང་མིའི་རིགས་སྐྱེ་གཉིས་སོ། །ཕྱིར་མི་འོང་ཞུགས་པའི་མཚན་ཉིད་ནི། ཕྱིར་མི་འོང་གི་ཞུགས་ལམ་ལ་གནས་པའོ། །དེའི་ཞུགས་ལམ་ལ་གཉིས་ལས་ཆགས་བྲལ་སྔོན་སོང་དང་། མ་སོང་བའོ། །དང་པོ་ནི། འདོད་ཉོན་དྲུག་པའི་བག་ལ་ཉལ་ཆགས་བྲལ་སྔོན་དུ་བཏང་ནས་ཐེག་ཆེན་གྱི་མཐོང་ལམ་སྐད་ཅིག་དང་པོ་བཅོ་ལྔ་གང་རུང་ལ་གནས་པའོ། །གཉིས་པ་ནི། མཐོང་ལམ་གྱི་རྗེས་སུ་འདོད་ཉོན་དྲུག་པའི་བག་ལ་ཉལ་སྤོང་བ་ལ་བརྩོན་པའོ། །སྔོན་སོང་གི་ཞུགས་པ་ལ་རྗེས་འབྲངས་གཉིས་དང་། དེ་མ་སོང་བའི་ཞུགས་པ་ལ་དད་ཐོབ་གཉིས་སོ། །དེའི་འབྲས་གནས་ཀྱི་མཚན་ཉིད་ནི། འདོད་ཉོན་དྲུག་པའི་ཡང་སྲིད་འགྲུབ་བྱེད་ཀྱི་བག་ལ་ཉལ་ཙམ་ཞིག་སྤངས་ཤིང་། བཅུ་དྲུག་པའི་རྟོག་པ་མངོན་དུ་བྱས་པའི་བྱང་སེམས་སོ། །དབྱེ་ན། ཆགས་བྲལ་སྔོན་སོང་མ་སོང་གི་དབྱེ་བས་གཉིས་དང་། དེ་རེ་རེ་ལའང་ཙམ་པོ་བ་དང་ཁྱད་པར་ཅན་གཉིས་སོ། །གཉིས་པའི་མཚན་ཉིད། དོན་གྱི་ཕྱིར་མི་འོང་གང་ཞིག །འདོད་པའི་འདོད་ཆགས་བདུན་པའི་ཡང་སྲིད་འགྲུབ་བྱེད་ཀྱི་བག་ལ་ཉལ་སྤངས་པའོ། །དོན་གྱི་ཕྱིར་མི་འོང་ཞུགས་པའི་མཚན་ཉིད་ནི། བྱང་སེམས་ཀྱི་ཕྱིར་མི་འོང་གི་ཞུགས་ལམ་ལ་གནས་པའོ། །དེའི་ངོས་འཛིན་དང་དབྱེ་བ་སྔ་མའི་རིགས་པས་ཤེས་པར་བྱའོ། །དོན་གྱི་ཕྱིར་མི་འོང་འབྲས་གནས་ཀྱི་མཚན་ཉིད་ནི། འདོད་ཉོན་དགུ་པའི་ཡང་སྲིད་འགྲུབ་བྱེད་ཀྱི་བག་ལ་ཉལ་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ལ་གནས་པའི་བྱང་སེམས། དབྱེ་ན། ཆགས་བྲལ་སྔོན་དུ་སོང་མ་སོང་གཉིས་དང་། དེ་རེ་རེ་ལའང་ཙམ་ཁྱད་ཅན་གཉིས་དང་། ཕྱི་མ་ལའང་འདའ་བ་དང་། གོང་འཕོ་བ་གཉིས་དང་། དང་པོ་ལའང་བར་འདའ་བ་སོགས་བཞིའོ། །སོ་སོའི་མཚན་ཉིད་ནི། དོན་གྱི་ཕྱིར་མི་འོང་གང་ཞིག །གཟུགས་ཁམས་ཀྱི་བར་དོའི་རྟེན་ལ་སངས་རྒྱ་བའི་བྱང་སེམས། ཞེས་སོགས་འགྲེའོ། །གོང་འཕོའི་མཚན་ཉིད་ནི། དེ་གང་ཞིག་ཁམས་གོང་དུ་སྐྱེ་བ་གཉིས་ལ་སོགས་པ་བླངས་ནས་སངས་རྒྱ་བའི་ཚུལ་སྟོན་པའོ། །དབྱེ་ན། འོག་མིན་འགྲོ་དང་། སྲིད་རྩེ་འགྲོ་གཉིས་ལས། དང་པོ་ནི། དེ་གང་ཞིག །གནས་གཙང་མའི་འོག་མིན་གྱི་རྟེན་ལ་སངས་རྒྱ་ཚུལ་སྟོན་པའོ། །དབྱེ་ན། འཕར་བ་སོགས་གསུམ་མོ། །དེ་དག་གི་མཚན་ཉིད་ནི། བསམ་གཏན་བཞི་པའི་དངོས་གཞི་ཐོབ་པའི་ཕྱིར་མི་འོང་གང་ཞིག །བསམ་གཏན་གོང་མ་གསུམ་ལས་ཉམས་ཚུལ་བསྟན་ནས། ཕྱི་མ་ཚངས་རིས་སུ་སྐྱེས་ནས་དེའི་ཕྱི་མ་ཁོ་ན་ལ་འོག་མིན་དུ་སངས་རྒྱ་ཚུལ་སྟོན་པའོ། །སྔ་མ་ལྟར་སྦྱར་ནས་ཚངས་རིས་ནས་གནས་གཙང་མའི་འོག་མ་གསུམ་པོ་གང་རུང་དུ་སྐྱེས་ནས། དེའི་ཕྱི་མ་ཁོ་ན་ལ་འོག་མིན་གྱི་རྟེན་ལ་སངས་རྒྱ་ཚུལ་སྟོན་པ་དང་། ཡང་སྔ་མ་ལྟར་སྦྱར་ནས་ཚངས་རིས་ནས་འོག་མིན་གྱི་བར་ཐམས་ཅད་དུ་རིམ་གྱིས་སྐྱེས་ཏེ་རྟེན་དེ་ལ་སངས་རྒྱ་ཚུལ་སྟོན་པའོ། །སྲིད་རྩེའི་མཐར་ཐུག་འགྲོ་ནི། བསམ་གཏན་གྱི་དངོས་གཞི་ཐོབ་པའི་ཕྱིར་མི་འོང་གང་ཞིག །གཟུགས་ཁམས་དང་གཟུགས་མེད་བར་རིམ་གྱིས་སྐྱེས་ནས་ཞིང་སྣ་ཚོགས་སུ་སངས་རྒྱ་ཚུལ་སྟོན་པའོ། །གཟུགས་ཀྱི་ཆགས་བཅོམ་གྱི་མཚན་ཉིད་ནི། དེ་གང་ཞིག །གཟུགས་སུ་སྐྱེ་བ་མི་ལེན་པར་གཟུགས་མེད་དུ་སྐྱེ་ཚུལ་བསྟན་ནས་ཞིང་སྣ་ཚོགས་སུ་སངས་རྒྱ་ཚུལ་སྟོན་པའོ། །གཉིས་པོ་འདི་མཚོན་བྱ་དོན་གྱི་ཚེ་འགལ་བ་མ་ཡིན་ཏེ། དེའི་སྲིད་རྩེ་འགྲོ་ཡིན་ན། གཟུགས་ལ་ཆགས་བྲལ་བྱས་པས་ཁྱབ་པའི་ཕྱིར། གཉིས་པོ་ལ་དབྱེ་ན། མཐོང་ཆོས་དང་། ལུས་མངོན་བྱེད་དོ། །གཉིས་པའི་མཚན་ཉིད་ནི། མཚོན་བྱ་དོན་གྱི་ཕྱིར་མི་འོང་གང་ཞིག །ལུས་རྟེན་དེ་ཉིད་ལ་སངས་རྒྱ་ཚུལ་སྟོན་པ་དང་། དེ་གང་ཞིག །མཐར་གནས་ཀྱི་སྙོམས་འཇུག་དགུ་ཇི་ལྟར་འདོད་པ་བཞིན་སྙོམས་པར་འཇུག་པའོ། །དགྲ་བཅོམ་ཞུགས་པའི་མཚན་ཉིད་ནི། མཚོན་བྱ་དོན་གྱི་དགྲ་བཅོམ་པའི་ཞུགས་༼ལམ་༽ལ་གནས་པའོ། །དེ་ཡང་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་མི་འོང་གི་ས་ཐོབ་པའི་དགྲ་བཅོམ་ཞུགས་པ་ཡིན་ན་ནི། སྲིད་རྩེའི་ཉོན་མོངས་དགུ་པའི་བག་ལ་ཉལ་སྤོང་བ་དེའི་ཚེ་དེར་འཇོག་ལ། དེ་སྔོན་དུ་མ་སོང་བ་ཡིན་ན་ནི། བར་ཆད་མེད་པའི་རྩེ་སྦྱོར་ལ་གནས་པ་དེའི་ཚེའོ། །མཚོན་བྱ་དོན་གྱི་རང་རྒྱལ་གྱི་མཚན་ཉིད་ནི། སངས་རྒྱས་དང་ཉན་ཐོས་མི་བཞུགས་པའི་ཞིང་དུ་རང་བྱང་ཆུབ་པའི་ཚུལ་སྟོན་པའོ། །གསུམ་པ་དོགས་སྤོང་ནི། ཁ་ཅིག །བྱང་སེམས་གཟུགས་མེད་ཁམས་སུ་སྐྱེ་ཚུལ་སྟོན་པ་མི་འཐད་དེ། སྡུད་པ་ལས། བྱང་ཆུབ་ཡོན་ཏན་ཕ་རོལ་ཕྱིན་ཉམས་འགྱུར་འོང་ཞེས། །གཟུགས་མེད་ཁམས་སུ་སྐྱེ་བ་དོན་དུ་གཉེར་མི་བྱེད། །ཅེས་བཤད་པའི་ཕྱིར་ཞེ་ན། ཚུལ་བསྟན་ཡིན་པས་སྐྱོན་མེད་དམ་སྙམ་སྟེ། བྱང་སེམས་ཀྱིས་གཟུགས་མེད་ཀྱི་ཏིང་འཛིན་ལ་སྤྱོད་པས་དེར་འགྲོ་བའི་ནུས་པ་ཡོད་པའི་ཕྱིར་དང་། དེར་སོང་ནས་གཞན་དོན་སྤྱོད་པ་དང་། དེས་གཟུགས་མེད་ཀྱི་སེམས་ཅན་གྱི་དོན་བྱེད་པར་བཤད་པའི་ཕྱིར་ཏེ། མདོ་ལས། བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པ་དེ་དག་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་སྲིད་རྩེའི་བར་དུ་སྐྱེ་བར་འགྱུར་ཞིང་། ཞེས་དང་། རྒྱུད་བླར་ཡང་། ཡང་དག་ཇི་བཞིན་མཐོང་བའི་ཕྱིར། །སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང་། །སྙིང་རྗེའི་བདག་ཉིད་སྐྱེ་བ་དང་། །རྒ་དང་ན་དང་འཆི་བ་སྟོན། །ཅེས་སོ། །གཞན་ཡང་བྱང་སེམས་དེ་དག་རྒྱུན་ཞུགས་ལ་སོགས་པ་མཚན་ཉིད་པ་ཡིན་ནམ་བཏགས་པ་བ་གང་ཡིན་སྙམ་ན། ཁ་ཅིག་མཚན་ཉིད་པ་ཡིན་ཏེ། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས་ཐེག་ཆེན་ལུགས་ཀྱི་རྒྱུན་ཞུགས་སོགས་མཚན་ཉིད་པར་བཤད་པའི་ཕྱིར་ཟེར་ན། དེ་ནི་མ་ཡིན་ཏེ། གང་ལ་དགོངས་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་བཤད་དུ་གསོལ་ཞེས་དགོངས་པ་ཅན་དུ་བཤད་པས་སོ། །བཏགས་པ་བ་ཡིན་ཏེ། དེར་འདོགས་པའི་དགོས་པ་ནི། ཐེག་ཆེན་གྱི་ལམ་དུ་ཞུགས་གནས་ལ་སོགས་པ་བཤད་པས་ཐེག་དམན་དེ་ལ་དང་བས་འཇུག་པས་ཁ་དྲང་བའི་ཐབས་སུ་བཤད་པའོ། །

བཞི་པ་ལ། སྤྱན་དང་མངོན་ཤེས་གཉིས་ལས། དང་པོ་སྤྱན་ལྔ་ལ་འདོམས་པ་ནི། མདོ་ལས་མིག་ལྔ་ཐོབ་པར་འདོད་པ་དང་སྦྱང་བར་འདོད་པས། ཞེས་སོགས་ཀྱི་སྐབས་སུ་སྤྱན་ལྔ་ལ། རྒྱུ། ངོ་བོ། འབྲས་བུ་དང་གསུམ། དང་པོ་ལ། ཐུན་མོང་དང་། སོ་སོའི་རྒྱུ་གཉིས། དང་པོ་ལ། སྤྱིར་སྤྱན་ཙམ་གྱི་རྒྱུ་དང་། ཐེག་ཆེན་གྱི་སྤྱན་གྱི་རྒྱུ་གཉིས། དང་པོ་ནི། བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་དགོས་ཏེ། མངོན་ཤེས་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་པར་བཤད་ཅིང་། དེ་ཐོབ་པའི་གང་ཟག་གིས་སྤྱན་ལྔ་བསྒྲུབ་དགོས་པའི་ཕྱིར། གཉིས་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྟེན་དགོས་ཏེ། མདོ་ལས། མིག་ལྔ་ཐོབ་པར་འདོད་པ་དང་སྦྱང་བར་འདོད་པས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱའོ། །ཞེས་སོ། །གཉིས་པ་ནི། སྤྱན་ལྔའི་རྒྱུ་གོ་རིམ་བཞིན་བསམ་གཏན་གྱིས་སྦྱངས་པའི་དབང་པོ་གཟུགས་ཅན་པ་སྐྱེ་བ་སྔ་མར་མར་མེ་སོགས་ཕུལ་བའི་ལས་ཀྱི་རྣམ་སྨིན་དང་། བསམ་གཏན་གཉིས་ཀའི་སྟོབས་ལས་བྱུང་བའི་དབང་པོ་གཟུགས་ཅན་པ་ལམ་ཞུགས་སོ་སྐྱེས་མཉམ་བཞག་ཏུ་ཇི་ལྟ་བ་རྩེ་གཅིག་ཏུ་སྒོམ་པ་དང་། དེས་རྗེས་ཐོབ་ཏུ་ཇི་སྙེད་པ་ཐོས་བསམ་གྱིས་གཏན་ལ་འབེབས་པ་དང་། སློབ་ལམ་དུ་ཚོགས་གཉིས་རྒྱ་ཆེན་པོ་གསོག་པའོ། །གཉིས་པ་ལ། མཚན་ཉིད། དབྱེ་བ། སོ་སོའི་རང་བཞིན། གྲངས་ངེས། ས་མཚམས་དང་ལྔ། དང་པོ་ནི། རང་ཉིད་སྤྱན་དུ་འགྲུབ་བྱེད་ཀྱི་རྒྱུ་ཕུན་ཚོགས་ལ་བརྟེན་ནས་རང་ཡུལ་གྱི་གཙོ་བོ་མངོན་སུམ་དུ་རིག་པའི་ཡུལ་ཅན། དབྱེ་ན། ཤའི་སྤྱན། ལྷའི་སྤྱན། ཤེས་རབ་ཀྱི་སྤྱན། ཆོས་ཀྱི་སྤྱན། སངས་རྒྱས་ཀྱི་སྤྱན་ནོ། །མཚན་ཉིད་རིམ་བཞིན། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བསམ་གཏན་གྱིས་སྦྱངས་པའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་དཔག་ཚད་བརྒྱ་ལ་སོགས་པའི་དངོས་པོ་སོ་སོར་རིག་པའི་ཡུལ་ཅན། དབྱེ་ན། ཐེག་དམན་དང་། ཐེག་ཆེན་གྱི་ཤའི་སྤྱན་གཉིས། སྤྱན་ལྔའི་ནང་ཚན་གང་ཞིག །རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་སྔོན་གྱི་དགེ་བའི་ལས་ཀྱི་རྣམ་སྨིན་ལས་བྱུང་བའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས། སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་མངོན་སུམ་དུ་རིག་པའི་ཡུལ་ཅན། དབྱེ་ན་ཐེག་པ་ཆེ་ཆུང་གི་ལྷའི་སྤྱན་གཉིས། དེ་གང་ཞིག །བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས། དབྱེ་ན། བསམ་གཏན་གྱི་དངོས་གཞི་ཐོབ་པའི་ཐེག་པ་ཆེ་ཆུང་གི་ཤེས་རབ་ཀྱི་སྤྱན་གཉིས། དེ་གང་ཞིག །བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་རང་དང་རྒྱུད་ཚོད་མཉམ་པ་མན་ཆད་ཀྱི་དབང་པོའི་དབྱེ་བ་མངོན་སུམ་དུ་རིག་པའི་ཡུལ་ཅན། དབྱེ་ན། ཐེག་དམན་འཕགས་པའི་རྗེས་ཐོབ་ཀྱི་ངོ་བོར་གྱུར་པའི་ཆོས་ཀྱི་སྤྱན་དང་། ཐེག་ཆེན་གྱི་ཆོས་ཀྱི་སྤྱན་གཉིས། མིང་ཙམ་མཐུན་པའི་སྒོ་ནས་དབྱེ་ན། གསུང་རབ་དཔག་མེད་ཀྱི་ཚིག་དོན་འཛིན་པར་ནུས་པའི་ཚིག་གཟུངས་དང་དོན་གཟུངས་ལྟ་བུ་ལུང་གི་ཆོས་ཀྱི་སྤྱན་དང་། འཕགས་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་ལྟ་བུ་རྟོགས་པའི་ཆོས་ཀྱི་སྤྱན་གཉིས། ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་ཡེ་ཤེས། དབྱེ་ན། སངས་རྒྱས་ཀྱི་སྤྱན་རྗེས་མཐུན་པ་དང་། མཚན་ཉིད་པ་གཉིས་སོ། །བཞི་པ་ནི། ཡུལ་རྟོགས་ཚུལ་གྱི་སྒོ་ནས་སྤྱན་ལ་ལྔར་བཞག་པ་ཡིན་ཏེ། དེ་ལ་ཆོས་ཐམས་ཅད་ཀྱི་ཡུལ་ཅན་དང་། དེ་ལས་གཞན་པའི་ཡུལ་ཅན་གཉིས་སུ་ངེས་ལ། དང་པོའི་དབང་དུ་བྱས་ནས་སངས་རྒྱས་ཀྱི་སྤྱན། གཉིས་པ་ལ། ཇི་ལྟ་བ་དང་། ཇི་སྙེད་པ་གཉིས་སུ་ངེས། དང་པོའི་དབང་དུ་བྱས་ནས་ཤེས་རབ་ཀྱི་སྤྱན། གཉིས་པ་ལ། རྟེན་སྣོད་ཀྱི་འཇིག་རྟེན་འཇལ་བའི་དབང་དུ་བྱས་ནས་ཤའི་སྤྱན། བརྟེན་པ་སེམས་ཅན་གྱི་ཁྱད་ཆོས་འཇལ་བའི་དབང་དུ་བྱས་ནས་ལྷའི་སྤྱན། གཞན་རྒྱུད་ཀྱི་དབང་པོའི་རབ་དབྱེ་འཇལ་བའི་དབང་དུ་བྱས་ནས་ཆོས་ཀྱི་སྤྱན་བཞག་པའི་ཕྱིར། ངོ་བོའི་སྒོ་ནས་བསྡུ་ན། དབང་ཤེས་ཀྱི་ངོ་བོར་གྱུར་པའི་སྤྱན་དང་། ཡིད་ཤེས་ཀྱི་ངོ་བོར་གྱུར་པའི་སྤྱན་གཉིས་སུ་འདུས། དེ་ཡང་དང་པོ་གཉིས་མཐའ་གཅིག་ཏུ་དབང་ཤེས། སློབ་པའི་རྒྱུད་ཀྱི་བར་པ་གཉིས་ཡིད་ཤེས། སངས་རྒྱས་ཀྱི་སྤྱན་ལ་གཉིས་ཀ་ཡོད། དེས་ན་སྤྱན་དང་པོ་གཉིས་མི་འགལ་ཏེ། བདག་རྐྱེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་པའི་བྱང་སེམས་སྦྱོར་ལམ་པའི་མིག་གི་རྣམ་པར་ཤེས་པ་གཅིག་ཉིད་དཔག་ཚད་བརྒྱ་ལ་སོགས་པའི་སྣོད་ཀྱི་འཇིག་རྟེན་རིག་པའི་ཆ་ནས་སྤྱན་དང་པོ་དང་། དེར་གནས་པའི་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་མངོན་སུམ་དུ་རིག་པའི་ཆ་ནས་གཉིས་པ་བཞག་པའི་ཕྱིར། བར་པ་གཉིས་མི་འགལ་ཏེ། བྱང་འཕགས་ཀྱི་མཁྱེན་པ་འདི་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཆ་ནས་ཤེས་རབ་ཀྱི་སྤྱན་དང་། གཞན་རྒྱུད་ཀྱི་དབང་པོའི་དབྱེ་བ་མངོན་སུམ་དུ་རིག་པའི་ཆ་ནས་ཆོས་ཀྱི་སྤྱན་དུ་བཞག་པའི་ཕྱིར། སློབ་ལམ་དུ་དང་པོ་གཉིས་དང་བར་པ་གཉིས་འགལ་ཏེ། དང་པོ་གཉིས་དབང་ཤེས་དང་། ཕྱི་མ་གཉིས་ཡིད་ཤེས་སུ་བཞག་པའི་ཕྱིར། སངས་རྒྱས་ཀྱི་སར་ལྔ་ཀ་མི་འགལ་ཏེ། སངས་འཕགས་ཀྱི་མིག་ཤེས་ལ་སྤྱན་ལྔ་ཀའི་མཚན་ཉིད་ཚང་བའི་ཕྱིར་རོ། །དེ་ལྟར་ཡང་འབུམ་ཊིཀ་ལས། གཟུགས་ཐམས་ཅད་ལ་འཇུག་པ་ཤེས་པ་ནི་ཤའི་སྤྱན། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ཤེས་པ་ནི་ལྷའི་སྤྱན། ཐམས་ཅད་ཤེས་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་སྤྱན་ནོ། །ཞེས་སོ། །ལྔ་པ་ལ། གཙོ་ཆེ་བའི་ས་མཚམས་དང་། ཐོབ་པའི་ས་མཚམས་གཉིས། དང་པོ་རིམ་བཞིན། ཚོགས་ལམ། སྦྱོར་ལམ། འཕགས་རྒྱུད་ཀྱི་མཉམ་བཞག །དེའི་རྗེས་ཐོབ། སངས་རྒྱས་ཀྱི་ས་ནའོ། །གཉིས་པ་ནི། དང་པོ་གཉིས་བསམ་གཏན་གྱི་དངོས་གཞི་ཐོབ་པའི་ཚོགས་ལམ་ནས་ཡོད། བར་པ་གཉིས་བསམ་གཏན་གྱི་དངོས་གཞི་ཐོབ་པའི་འཕགས་པ་མཐའ་དག་གི་རྒྱུད་ལ་ཡོད། སངས་རྒྱས་ཀྱི་སྤྱན་རྗེས་མཐུན་པ་ས་བདུན་པ་ནས་ཡོད་དེ། ས་བདུན་པའི་ཡོངས་སྦྱོང་གི་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐོགས་པ་མེད་པའི་ཡེ་ཤེས་གང་ཞེ་ན། སངས་རྒྱས་ཀྱི་སྤྱན་ནོ། །ཞེས་གསུངས་པའི་ཕྱིར། མཚན་ཉིད་པ་ནི་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་དོ། །གསུམ་པ་ལ། གནས་སྐབས་དང་། མཐར་ཐུག་གི་འབྲས་བུ་གཉིས། དང་པོ་ནི། སྤྱན་ལྔའི་སྒོ་ནས་གཞན་དོན་བྱེད་ཚུལ་ཕྱིན་ཅི་མ་ལོག་པར་ཤེས་ཏེ་གདམས་ངག་སྟོན་པ་ལ་གཞན་གྱི་དྲིང་མི་འཇོག་པའོ། །གཉིས་པ་ནི་བླ་ན་མེད་པའི་འབྲས་བུ་འགྲུབ་པར་བྱེད་དེ། མདོ་ལས། མིག་ལྔ་པོ་འདི་དག་ལ་བསླབས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པ་འཚང་རྒྱའོ། །ཞེས་སོ། །

གཉིས་པ་སྒྲུབ་པ་ནང་ནས་བསྐུལ་ཏེ་འབྲས་བུ་མྱུར་དུ་རྫོགས་པའི་རྒྱུ་མངོན་ཤེས་ཀྱི་ཡོན་ཏན་དྲུག་ལ་འདོམས་པ་ནི། མདོ་ལས། མངོན་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་སྟེ། རྫུ་འཕྲུལ་གྱི་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་དོ། །ཞེས་གསུངས་པས་མངོན་ཤེས་དྲུག་ལ། རྒྱུ། ངོ་བོ། འབྲས་བུ་དང་གསུམ། དང་པོ་ལ། ལུས་རྟེན། སེམས་རྟེན། རྣམ་སྨིན་གྱི་རྒྱུ་དང་གསུམ། དང་པོ་ལ། ཁམས་གང་དུ་ཐོབ་པ་དང་། གང་ཟག་གང་གིས་ཐོབ་པ་གཉིས། དང་པོ་ལ། སྔར་མེད་གསར་དུ་སྒྲུབ་པ་དང་། ཐོབ་ཟིན་གནས་པའི་དབང་དུ་བྱས་པ་གཉིས། དང་པོ་ནི། འདོད་པའི་རྟེན་ལ་སྒྲུབ་དགོས་ཏེ། གཙོ་བོར་ལུང་གི་མཐུ་ལ་བརྟེན་ནས་སྐྱེ་དགོས་པའི་ཕྱིར། ཟག་ཟད་ཀྱི་མངོན་ཤེས་ནི། གཟུགས་ཀྱི་རྟེན་ལ་ཡང་དངོས་སུ་སྐྱེ་བ་ཡོད། གཉིས་པ་ནི། དང་པོ་ལྔ་འདོད་གཟུགས་གཉིས་ཀའི་རྟེན་ལ་སྐྱེ་བ་ཡོད་ལ། དྲུག་པ་གཟུགས་མེད་ཁམས་ནའང་ཡོད། ཞིབ་ཏུ་ཕྱེ་ན། གཞན་སེམས་ཤེས་པའི་མངོན་ཤེས་དང་། སྔོན་གནས་རྗེས་དྲན་གྱི་མངོན་ཤེས་གཟུགས་མེད་ཀྱི་རྟེན་ལ་ཡང་ཡོད་སྲིད་དེ། གཟུགས་མེད་ཀྱི་རྟེན་ཅན་གྱི་ཉན་ཐོས་འཕགས་པའི་མཁྱེན་པས་གང་ཟག་གཞན་རྒྱུད་ཀྱི་དབང་པོའི་དབྱེ་བ་དང་། རང་གཞན་གྱི་ཚེ་རབས་སྔ་ཕྱི་མངོན་སུམ་དུ་ཤེས་པ་ཡོད་པའི་ཕྱིར། གཉིས་པ་ནི། བསམ་གཏན་གྱི་དངོས་གཞི་ཐོབ་པའི་ཕྱི་རོལ་པ་དང་། ལམ་མ་ཞུགས་མཐའ་དག་གི་རྒྱུད་ལ་དངོས་སུ་སྐྱེ་རུང་སྟེ། དེ་ལྟར་དུ་ཀུན་བཏུས་སུ་བཤད་པའི་ཕྱིར། གཉིས་པ་ལ། སྤྱིར་བསྟན་པ་དང་། ཐེག་ཆེན་གྱི་མངོན་ཤེས་ཀྱི་རྟེན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། མངོན་ཤེས་དང་པོ་ལྔ་བསམ་གཏན་གྱི་དངོས་གཞི་ཙམ་དང་། དྲུག་པ་བསམ་གཏན་བཞི་པ་ལ་བརྟེན་པར་བཤད་དེ། ཀུན་བཏུས་སུ་ཡོན་ཏན་འདི་རྣམས་ཇི་ལྟར་མངོན་པར་སྒྲུབ་ཅེ་ན། ཕྱི་རོལ་པའམ། ཉན་ཐོས་སམ། བྱང་ཆུབ་སེམས་དཔའ་ཡང་རུང་སྟེ། དག་པའི་བསམ་གཏན་བཞི་ལ་བརྟེན་ནས། ཚད་མེད་པ་རྣམས་མངོན་པར་སྒྲུབ་བོ། །ཚད་མེད་པ་ཇི་ལྟ་བར་མངོན་པར་ཤེས་པ་ལྔ་ཡང་དེ་བཞིན་ནོ། །ཡོན་ཏན་ལྷག་མ་རྣམས་ནི་ཉན་ཐོས་སམ། བྱང་ཆུབ་སེམས་དཔའམ་དེ་བཞིན་གཤེགས་པ་ཡང་རུང་སྟེ། རབ་ཀྱིས་མཐར་ཕྱིན་པའི་བསམ་གཏན་བཞི་པ་ལ་བརྟེན་ནས་མངོན་པར་སྒྲུབ་བོ། །ཞེས་སོ། །གཉིས་པ་ནི། བདག་རྐྱེན་བསམ་གཏན་བཞི་པ། གྲོགས་སྟོང་ཉིད་རྟོགས་པའི་ཤེས་རབ། མངོན་ཤེས་ཀྱི་དམིགས་རྣམ་ཇི་ལྟ་བ་བཞིན་ཡིད་ལ་བྱེད་པའི་ཁྱད་པར་གསུམ་ལ་བརྟེན་པར་བཞེད་དེ། རྒྱན་ལས། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས། །མི་རྟོག་ཡེ་ཤེས་ཡོངས་སུ་བཟུང་བ་དང་། །ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ལས། །མཐུ་གྲུབ་པ་ཡི་དམ་པ་ཐོབ་པར་འགྱུར། །ཞེས་སོ། །གསུམ་པ་ནི། ལྷམ་དང་བཞོན་པ་སོགས་གཞན་ལ་སྦྱིན་པ། ཡུལ་ཁྱད་པར་ཅན་ལ་རོལ་མོའི་བྱེ་བྲག་འབུལ་བ། གཞན་གྱི་སྐྱོན་མི་བརྗོད་པར་སེམས་སྲུང་བ། ཆོས་ཀྱི་སྦྱིན་པ་སྟེར་བ། མར་མེའི་ཕྲེང་བ་སོགས་འབུལ་བ། བདག་མེད་ཐོས་བསམ་གྱིས་གཏན་ལ་འབེབས་པ་རྣམས་རིམ་བཞིན་མངོན་ཤེས་དྲུག་གི་རྒྱུ་ཡིན་ནོ། །གཉིས་པ་ལ། མཚན་ཉིད། དབྱེ་བ། སོ་སོའི་རང་བཞིན། ཁྱད་ཆོས་དང་བཞི། དང་པོ་ནི། རང་ཉིད་མངོན་ཤེས་སུ་འགྲུབ་པར་བྱེད་པའི་རྒྱུ་ཕུན་ཚོགས་ལ་བརྟེན་ནས་རང་ཡུལ་གྱི་གཙོ་བོ་མངོན་སུམ་དུ་རིག་པའི་ཡུལ་ཅན། དབྱེ་ན། རྫུ་འཕྲུལ་དང་ལྷའི་རྣ་བ། གཞན་སེམས་ཤེས་པ། སྔོན་གནས་དྲན་པ། ལྷའི་མིག །ཟག་ཟད་ཀྱི་མངོན་ཤེས་སོ། །དང་པོའི་མཚན་ཉིད། མངོན་ཤེས་དྲུག་གི་ནང་ཚན་གང་ཞིག །རང་གི་བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས། ས་གཡོ་བ་ལ་སོགས་པ་རྫུ་འཕྲུལ་སྣ་ཚོགས་མངོན་སུམ་དུ་སྟོན་པར་ནུས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ། དབྱེ་ན། རྫུ་འཕྲུལ་ཙམ་གྱི་དབྱེ་བ་དང་། མངོན་ཤེས་ཀྱི་དབྱེ་བ་གཉིས། དང་པོ་ནི། འདོད་གཟུགས་ཀྱི་ལྷའི་རྫུ་འཕྲུལ་ལྟ་བུ་སྐྱེས་སྟོབས་ཀྱི་རྫུ་འཕྲུལ། བར་སྲིད་ཀྱི་རྫུ་འཕྲུལ་ལྟ་བུ་ལས་ལས་སྐྱེས་པའི་རྫུ་འཕྲུལ། རིག་སྔགས་ཀྱི་འཕྲུལ་གྱིས་བསྒྲུབས་པ་སྔགས་ལ་བརྟེན་པའི་རྫུ་འཕྲུལ། སྨན་གྱིས་བསྒྲུབས་པ་སྨན་ལ་བརྟེན་པའི་རྫུ་འཕྲུལ། བསམ་གཏན་གྱི་དངོས་གཞི་ལ་བརྟེན་པ་ཏིང་ངེ་འཛིན་ལ་བརྟེན་པའི་རྫུ་འཕྲུལ་དང་ལྔ། དེ་ཡང་དང་པོ་བཞི་རྫུ་འཕྲུལ་ཙམ་དང་། ཕྱི་མ་མངོན་ཤེས་ཀྱང་ཡིན་ནོ། །གཉིས་པ་ནི། ཕྱི་རོལ་པའི་མངོན་ཤེས་ལྟ་བུ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་མ་ཟིན་པ་དང་། ལམ་ཞུགས་སྐྱེས་བུའི་མངོན་ཤེས་ལྟ་བུ་དེས་ཟིན་པའི་མངོན་ཤེས་གཉིས། དབྱེ་བ་འདི་བར་པ་བཞི་ལའང་རིགས་འགྲེ། གཉིས་པའི་མཚན་ཉིད། དེ་གང་ཞིག །རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བསམ་གཏན་གྱིས་སྦྱངས་པའི་རྣ་དབང་གཟུགས་ཅན་ལ་བརྟེན་ནས་འཇིག་རྟེན་གྱི་ཁམས་ཀྱི་སྒྲ་ཕྲ་རགས་ཐོས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ། དབྱེ་ན། ལྷའི་རྣ་བའི་མངོན་ཤེས་དང་། མངོན་ཤེས་ཀྱི་དབྱེ་བ་གཉིས། དང་པོ་ནི། འདོད་གཟུགས་ཀྱི་ལྷའི་རྣ་དབང་ལྟ་བུ་སྐྱེས་ཐོབ་ཀྱི་མངོན་ཤེས། འཁོར་ལོས་སྒྱུར་རྒྱལ་གྱི་རྣ་དབང་ལྟ་བུ་ལས་ལ་སྐྱེས་པའི་མངོན་ཤེས། བསམ་གཏན་གྱི་དངོས་གཞི་ཐོབ་པའི་རྣ་དབང་ལྟ་བུ་ཏིང་ངེ་འཛིན་ལ་བརྟེན་པའི་མངོན་ཤེས་སོ། །གསུམ་པའི་མཚན་ཉིད། དེ་གང་ཞིག །རང་གི་བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་གཞན་རྒྱུད་ཀྱི་སེམས་འདོད་ཆགས་དང་བཅས་པ་ལ་སོགས་པ་མངོན་སུམ་དུ་རིག་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། དབྱེ་ན། གཞན་སེམས་ཤེས་པ་ཙམ་དང་། མངོན་ཤེས་ཀྱི་དབྱེ་བ་གཉིས། ལྷ་ཀླུས་གཞན་རྒྱུད་ཤེས་པ་ལྟ་བུ་སྐྱེས་སྟོབས་ཀྱི། ལུས་ངག་གི་རིག་བྱེད་ལས་ཤེས་པ་ལྟ་བུ་རྟོག་གེའི། སྔགས་བཟླས་པས་ཤེས་པ་ལྟ་བུ་སྔགས་ལ་བརྟེན་པའི། བསམ་གཏན་གྱི་དངོས་གཞི་ལ་བརྟེན་པ་ཏིང་ངེ་འཛིན་ལ་བརྟེན་པའི་གཞན་སེམས་ཤེས་པའི་མངོན་ཤེས་སོ། །ཕྱི་མ་ནི་མངོན་ཤེས་མཚན་ཉིད་པའང་ཡིན་ནོ། །བཞི་པའི་མཚན་ཉིད། དེ་གང་ཞིག །རང་གི་བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་རང་གཞན་གྱི་ཚེ་རབས་སྔ་མ་དུ་མ་མངོན་སུམ་དུ་དྲན་པར་ནུས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ། དབྱེ་ན། འདོད་གཟུགས་ཀྱི་ལྷའི་ལྟ་བུ་སྐྱེས་སྟོབས་ཀྱི། ད་ལྟར་གྱི་མི་འགས་རང་གི་སྐྱེ་བ་སྔ་མ་དྲན་པ་ལྟ་བུ་ལས་ལ་སྐྱེས་པའི། བསམ་གཏན་དངོས་གཞི་ལ་བརྟེན་པ་ཏིང་ངེ་འཛིན་ལ་བརྟེན་པའི་གཞན་སེམས་ཤེས་པའི་མངོན་ཤེས་སོ། །ལྔ་པའི་མཚན་ཉིད། དེ་གང་ཞིག །རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བསམ་གཏན་གྱིས་སྦྱངས་པའི་མིག་དབང་གཟུགས་ཅན་ལ་བརྟེན་ནས་འཇིག་རྟེན་ཁམས་ཀྱི་གཟུགས་ཕྲ་རགས་མངོན་སུམ་དུ་མཐོང་བའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ། དབྱེ་ན། ལྷའི་རྣ་བའི་སྐབས་སུ་བཤད་པ་ལྟར་རོ། །དེ་ཡང་ལྷའི་རྣ་བ་དང་མིག་དབང་གི་མངོན་ཤེས་འདི་དག་ལ་ཁྱད་ཆོས་བཞི་ལྡན་ཏེ། མཛོད་ལས། ལྷ་ཡི་མིག་དང་རྣ་བ་ཡི། །བསམ་གཏན་ས་པའི་གཟུགས་དྭངས་པ། །རྟག་ཏུ་རྟེན་བཅས་མ་ཚང་མེད། །ཐག་རིང་ཕྲ་སོགས་སྤྱོད་ཡུལ་ཅན། །ཞེས་སོ། །དྲུག་པའི་མཚན་ཉིད། དེ་གང་ཞིག །བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་ཟག་པ་ཟད་པ་དང་། ཟག་པ་ཟད་པའི་ཐབས་གང་རུང་མངོན་སུམ་དུ་ཤེས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ། དབྱེ་ན། ཟག་ཟད་རང་གི་ངོ་བོ་ཤེས་པའི་དང་། དེའི་ཐབས་ཤེས་པའི་མངོན་ཤེས་གཉིས། དང་པོ་ནི། བསམ་གཏན་གྱི་དངོས་གཞི་ཐོབ་པའི་ཉན་ཐོས་དགྲ་བཅོམ་པའི་མཁྱེན་པ་ལྟ་བུ་ཉོན་སྒྲིབ་ཀྱི་དང་། རྣམ་མཁྱེན་ལྟ་བུ་ཤེས་སྒྲིབ་ཀྱིའོ། །གཉིས་པ་ནི། བསམ་གཏན་གྱི་དངོས་གཞི་ཐོབ་པའི་ཉན་ཐོས་སློབ་པ་འཕགས་པའི་མཁྱེན་པ་ལྟ་བུ་ཉོན་སྒྲིབ་ཀྱི་དང་། ཐེག་ཆེན་སློབ་པ་འཕགས་པའི་མཁྱེན་པ་ལྟ་བུ་ཤེས་སྒྲིབ་ཀྱིའོ། །བཞི་པ་ལ། བསྡུ་བ། གྲངས་ངེས། ས་མཚམས་དང་གསུམ། དང་པོ་ལ། འཇིག་རྟེན་ལས་འདས་པའི་མངོན་ཤེས་དང་། འཇིག་རྟེན་པའི་མངོན་ཤེས་གཉིས། དང་པོའི་དབང་དུ་བྱས་ནས་དྲུག་པ་བཞག །གཉིས་པ་ལ། དབང་ཤེས་ཀྱི་ངོ་བོར་གྱུར་པའི་མངོན་ཤེས་ལྷའི་མིག་དང་རྣ་བའི་མངོན་ཤེས། ཡིད་ཤེས་ཀྱི་ངོ་བོར་གྱུར་པའི་དབང་དུ་ལྷག་མ་གསུམ་བཞག །དེ་ལྟར་ཡང་མཛོད་ལས། མིག་དང་རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན་ལྷག་རྣམས་དགེ །ཞེས་སོ། །དེ་ཡང་དང་པོ་གཉིས་ལུང་མ་བསྟན་གཙོ་ཆེ་བ་ཡིན་གྱི་མཐའ་གཅིག་ཏུ་མ་ངེས། ཕྱི་མ་གསུམ་ཡིད་ཤེས་སུ་བཤད་པའང་སློབ་པའི་གནས་སྐབས་ལ་དགོངས་སོ། །གཉིས་པ་ནི། གཞན་དོན་ཕུན་ཚོགས་གཙོ་བོར་སྒྲུབ་པའི་དབང་དུ་མངོན་ཤེས་དྲུག་ཏུ་བཞག་སྟེ། རྒྱན་ལས། གཤེགས་ནས་སྤྱོད་པ་མཁྱེན་མཛད་དེ། །དེ་དག་སྐད་ཀྱིས་སེམས་ཅན་གྱི། །འོང་དང་འགྲོ་དང་ངེས་འབྱུང་ལ། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །གསུམ་པ་ནི། དང་པོ་ལྔ་ལམ་མ་ཞུགས་ན་ཡོད་དེ། བསམ་གཏན་གྱི་དངོས་གཞི་ཐོབ་པའི་ཕྱི་རོལ་པ་སོགས་ཀྱི་རྒྱུད་ལའང་ཡོད་པའི་ཕྱིར། དྲུག་པ་བསམ་གཏན་གྱི་དངོས་གཞི་ཐོབ་པའི་འཕགས་པ་མཐའ་དག་གི་རྒྱུད་ལ་ཡོད་དོ། །གསུམ་པ་ནི། འཕགས་པའི་གནས་པ་རྣམ་ཐར་སྒོ་གསུམ། ལྷའི་གནས་པ་བསམ་གཏན་གཟུགས་མེད་ཀྱི་སྙོམས་འཇུག །ཚངས་པའི་གནས་པ་ཚད་མེད་བཞི་མངོན་དུ་བྱས་ཏེ། གནས་སྐབས་སུ་སངས་རྒྱས་ཡོད་པའི་ཕྱོགས་སུ་སོང་ནས་མཆོད་པར་བྱེད། སེམས་ཅན་ཡོད་པའི་ཕྱོགས་སུ་སོང་ནས་དེའི་དོན་བྱས་ཏེ་མཐར་ཐུག་རྣམ་མཁྱེན་ཐོབ་པར་བྱེད་དོ། །

དགུ་པ་དང་བཅུ་པ་མཐོང་ལམ་དང་སྒོམ་ལམ་ལ་འདོམས་པའི་དོན་ནི། སྤང་བྱའི་ས་བོན་སེལ་བ་ལ་གདམས་པ་སྟེ། སྤང་བྱ་ཀུན་བཏགས་དང་། ལྷན་སྐྱེས་གཉིས་ལས། དེ་གཉིས་ཀྱི་དངོས་གཉེན་བྱེད་པའོ། །དེ་ལ་མཐོང་སྤང་བཤད་པ་དང་། སྒོམ་སྤང་བཤད་པའོ། །དང་པོ་ནི། འདོད་ཁམས་ན་བདེན་པ་བཞི་ལ་བཅུ་བཅུ་སྟེ་བཞི་བཅུ། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མེད་དེ་རྒྱུད་ཞི་གནས་དང་ལྡན་པའི་ཕྱིར་འདིས་བདག་ལ་གནོད་པ་བྱས་སོ་བྱེད་དོ་བྱེད་པར་འགྱུར་རོ་བར་གསུམ། བདག་གི་གཉེན་ལ་དེ་ལྟ་བུ་གསུམ། བདག་གི་དགྲ་ལ་ཕན་བཏགས་སོ་འདོགས་སོ་འདོགས་པར་འགྱུར་བ་གསུམ་སྟེ་ཀུན་ནས་མནར་སེམས་པའི་དངོས་པོ་དགུ་མེད་པའི་ཕྱིར་རོ། །དེས་ན་བདེན་པ་བཞི་ལ་དགུ་དགུ་སྟེ་སོ་དྲུག་པ་གཉིས་སོ། །དེའང་ལོག་པར་ཞུགས་ཚུལ་གྱིས་ཕྱེ་ན་སྡུག་ཀུན་ལ་དངོས་སུ་དང་། ལོག་པ་ལ་དང་། དབང་གིས་ལོག་ཞུགས་དང་གསུམ་མོ། །འགོག་ལམ་ལ་དངོས་སུ་དང་། ལོག་པ་ལ་ལོག་ཞུགས་གཉིས་སོ། །དངོས་སུ་ལོག་ཞུགས་ནི་བདེན་པ་བཞི་ལ་འཇིག་ལྟས་གང་ཟག་དང་ཆོས་ཀྱི་བདག་དང་བདག་གིར་བལྟས། མཐར་འཛིན་གྱིས་རྟག་པའམ་ཆད་པར་བཟུང་། ལོག་ལྟས་དེ་དག་གི་རྣམ་པ་མི་སྲིད་པར་སྐུར་བ་བཏབ། མ་རིག་པས་ཡུལ་དང་ལྟ་བ་ཐམས་ཅད་ལ་རྨོངས། ཐེ་ཚོམ་གྱིས་གཉེན་པོ་ལ་སོམ་ཉི་ཟོས་ཏེ་ལྔས་སྡུག་ཀུན་ལ་དངོས་སུ་ལོག་པར་ཞུགས་ཏེ་འགོག་ལམ་ལ་དེའི་སྟེང་དུ་བདག་མེད་ལ་སྐྲག་སྟེ་མནར་སེམས་པའི་ཁོང་ཁྲོ་དང་དྲུག་གིས་དངོས་སུ་ལོག་པར་ཞུགས་སོ། །དེའང་འགོག་ལམ་དང་ས་གོང་མ་རྣམས་ལ་ཉོན་མོངས་ཀྱིས་དངོས་སུ་དམིགས་མི་ནུས་ཀྱང་བློས་དེ་དག་ཏུ་བཏགས་པ་ལ་དངོས་སུ་དམིགས་པས་དངོས་སུ་ལོག་ཞུགས་སུ་གཏོགས་སོ། །ལོག་པ་ལ་ལོག་ཞུགས་ནི། ལྟ་བ་ལ་མཆོག་འཛིན་གྱིས་ལྟ་བ་དང་པོ་གསུམ་ལ་བཟང་པོར་བལྟས། ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་མཆོག་ཏུ་འཛིན་པས་ལྟ་ངན་དང་འབྲེལ་བའི་སྤྱོད་ངན་ལ་འདག་གྲོལ་ངེས་འབྱིན་གྱི་ལམ་དུ་བལྟས། འདོད་ཆགས་དང་ང་རྒྱལ་གཉིས་ཡུལ་ལ་དམིགས་པ་སྒོམ་སྤང་ཡིན་ཡང་ལྟ་ངན་གསུམ་པོ་ལ་ཞེན་པའི་འདོད་ཆགས་དང་། གསུམ་པོས་སེམས་ཁེངས་པའི་ང་རྒྱལ་རྣམས་བདེན་བཞི་ལ་དམིགས་ནས་ལྟ་བ་དང་པོ་གསུམ་དུ་འཁྲུལ་ལ་དེ་ལ་དམིགས་ནས་འཁྲུལ་བའི་ཕྱིར་ལོག་པ་ལ་ལོག་ཞུགས་སོ། །ཁོང་ཁྲོས་བདེན་པ་རྣམས་ལ་བདག་ལྟའི་དབང་གིས་དེ་དང་མི་མཐུན་པའི་ལྟ་བའམ་གྲུབ་མཐའ་ལ་མནར་སེམས་པ་སྟེ་དབང་གིས་ལོག་ཞུགས་སོ། །དེ་ལྟར་ཉོན་མོངས་པ་བརྒྱད་ཅུ་རྩ་གཉིས་བཅུ་ཚན་བཞི། དེ་ཁོ་ན་༼ཉིད་༽གསར་དུ་མཐོང་བས་སྤང་བར་བྱ་བས་མཐོང་སྤང་ངོ་། །གཉིས་པ་ལ། ཉན་ཐོས་ལྟར་ན་འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ་བཞི། ཐེག་ཆེན་ལྟར་ན། དེའི་སྟེང་དུ་འཇིག་ལྟ་དང་མཐར་འཛིན་གཉིས་ཏེ་དྲུག་གོ །དེ་ཉིད་འདོད་ཁམས་སུ་དྲུག་དང་གཟུགས་ཁམས་དང་གཟུགས་མེད་དུ་ཁོང་ཁྲོ་མ་གཏོགས་པ་ལྔ་སྟེ་བཅུ་དྲུག་གོ །དེ་ལ་འདོད་ཁམས་ས་གཅིག་དང་གཟུགས་ཁམས་བསམ་གཏན་བཞི་ས་བཞི། གཟུགས་མེད་སྐྱེ་མཆེད་བཞི་ས་བཞི་སྟེ་ས་དགུ་ལ་འདོད་ཆགས་དགུ་དགུ་གྱ་གཅིག །དེ་བཞིན་དུ་ང་རྒྱལ་མ་རིག་པ་འཇིག་ལྟ་མཐར་འཛིན་རྣམས་གྱ་གཅིག་རེ་འདོད་པའི་ཁོང་ཁྲོ་དགུ་སྟེ། བཞི་བརྒྱ་དང་བཅུ་བཞི་ཚན་བཞི་སྒོམ་སྤང་དུ་མཚོན་པའོ། །

གསུམ་པ་གདམས་ངག་ཐོབ་པའི་དོན་སྒོམ་བྱུང་སྐྱེས་པའི་ཐོག་མའི་ལམ་ངེས་འབྱེད་ཡན་ལག་ནི། དམིགས་པ་དང་ནི་རྣམ་པ་དང་། །ཞེས་སོགས་ཚིགས་བཅད་བདུན་ཏེ། དེ་ལ་མཚན་ཉིད། དབྱེ་བ། ཁྱད་ཆོས་བཤད་པ་དང་གསུམ། དང་པོ་ནི། ཐེག་ཆེན་གྱི་ཚོགས་ལམ་རྫོགས་རྗེས་སུ་བྱུང་ཞིང་ཐེག་ཆེན་གྱི་མཐོང་ལམ་མ་སྐྱེས་གོང་གི་དོན་མངོན་རྟོགས།

དབྱེ་ན། དྲོད། རྩེ་མོ། བཟོད་པ། ཆོས་མཆོག་དང་བཞི། དེ་ལས་ཀྱང་དབྱེ་བ་རེ་རེ་ལའང་ཆུང་འབྲིང་ཆེན་པོ་རེ་དབྱེ་བའོ། །

གསུམ་པ་ཁྱད་ཆོས་བཤད་པ་ནི། ཐེག་ཆེན་གྱི་སྦྱོར་ལམ་དེ་ཐེག་དམན་གྱི་སྦྱོར་ལམ་ལས་ཁྱད་ཆོས་ལྔའི་སྒོ་ནས་འཕགས་ཏེ། དམིགས་པ་དམིགས་ཚུལ། རྣམ་པ་རྟོགས་ཚུལ། རྒྱུ་བྱེད་ཚུལ། ཡོངས་སུ་འཛིན་ཚུལ། སྤང་བྱ་སྤོང་ཚུལ་ཏེ་ཁྱད་ཆོས་ལྔས་ཁྱད་པར་འཕགས་པའི་ཕྱིར་ཏེ། དམིགས་རྣམ་གྱི་ཁྱད་པར་ནི། བདེན་བཞི་མི་རྟག་སོགས་བཅུ་དྲུག་ལ་དམིགས་ནས་ཆོས་ཀྱི་བདག་མེད་རྟོགས་པའི་རྣམ་པ་ཅན་དུ་ཤེས་པའི་ཕྱིར། གསུམ་པ་རྒྱུའི་ཁྱད་པར་ནི། དེས་ཐེག་པ་གསུམ་གྱི་རྟོགས་རིགས་ཚང་བའི་ཐེག་ཆེན་མཐོང་ལམ་གྱི་རྒྱུ་ལམ་གཞན་གྱིས་བར་མ་ཆོད་པར་བྱེད་པའི་ཕྱིར། བཞི་པ་ཡོངས་སུ་འཛིན་ཚུལ་གྱི་ཁྱད་པར་ནི། སེམས་མི་འགོང་བ་ཉིད་ལ་སོགས། །དེ་ཡི་མི་མཐུན་ཕྱོགས་བོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་པས་ནང་གི་ཡོངས་འཛིན་ཐབས་མཁས་དང་། ཕྱིའི་ཡོངས་འཛིན་དགེ་བཤེས་ཏེ། དེ་གཉིས་ཀྱི་མི་མཐུན་ཕྱོགས་སྤྲོས་བྲལ་སྟོང་ཉིད་ལ་སེམས་མི་འགོང་པ་ནི་དེའི་དོན་ལ་འཇིགས་སྐྲག་མེད་པ་དང་ཆོས་དང་ཟང་ཟིང་ལ་སེར་སྣ་དང་བྲལ་བས་ཆོས་སྟོན་པའི་བཤེས་གཉེན་གྱིས་ཡོངས་སུ་འཛིན་པའོ། །ལྔ་པ་རྟོག་པ་སྤོང་ཚུལ་གྱི་ཁྱད་པར་ནི་དེས་གཟུང་འཛིན་རང་བཞིན་མེད་པའི་དོན་ལ་གསལ་སྣང་གཙོ་བོར་ཐོབ་པའི་སྟོབས་ཀྱིས་འདིར་བསྟན་རྟོག་པ་མངོན་འགྱུར་དངོས་སུ་སྤོང་ཞིང་། ས་བོན་མགོ་གནོན་པའི་ཕྱིར་རོ། །དེ་ལ་འདིར། བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི། །དྲོད་སོགས་བདག་ཉིད་ཇི་བཞིན་དུ། །རྣམ་རྟོག་བཞི་པོ་ལྡན་བརྟེན་པ། །ཞེས་པས་རྟོག་པ་བཞིའི་ལྡན་ཚུལ་འཆད་པ་ལ་གཉིས་ཏེ། རྟོག་པ་སྤྱི་དང་། སོ་སོའི་ངོ་བོ། བཞི་པོ་ཐེག་ཆེན་གྱི་ངེས་ཆ་ལ་ཇི་ལྟར་ལྡན་པའི་ཚུལ་ལོ། །དང་པོ་ནི། སྤྱིར་རྟོག་པའི་བཤད་ཚུལ་གསུམ་ལས། འདིར་ནི་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དེ་ཡིན་ལ། དེ་ལའང་ཉོན་མོངས་པ་ཅན་ཡིན་མིན་གཉིས་ལས་འདིར་ཉོན་མོངས་པ་ཅན་མ་ཡིན་པའི་རྟོག་པ་དེ་ཡིན་ལ། དེའི་མཚན་ཉིད་ནི། རང་ཡུལ་མཚན་མར་འཛིན་པའི་བློ་གང་ཞིག །ཤེས་བྱ་ཡོངས་སུ་དཔྱོད་པའི་གེགས་སུ་གྱུར་པའོ། །དབྱེ་ན། ཇི་ལྟ་བ་དང་། ཇི་སྙེད་པ་ཡོངས་སུ་དཔྱོད་པའི་གེགས་སུ་གྱུར་པ་གཉིས། དང་པོ་ནི། དེ་ཁོ་ན་ཉིད་སྒྲིབ་བྱེད་ཀྱི་རྟོག་པ། གཉིས་པ་ནི། ལས་འབྲས་ལ་སྒྲིབ་བྱེད་ཀྱི་རྟོག་པའོ། །འདིར་ནི་དང་པོ་འཆད་པ་སྐབས་སུ་བབས་པ་ཡིན་ཏེ། སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་མཐོང་སྒོམ་གྱི་འགལ་ཟླ་འཆད་པའི་སྐབས་ཡིན་པའི་ཕྱིར། དེ་ལའང་གཉིས་ཏེ། རྫས་འཛིན་རྟོག་པ་དང་། བཏགས་འཛིན་རྟོག་པའོ། །དང་པོ་ནི། བདེན་འཛིན་དང་དོན་གཅིག་སྟེ། དེ་ལའང་གཉིས་ལས། གཟུང་བ་ལ་རྫས་འཛིན་རྟོག་པ་དང་། འཛིན་པ་ལ་རྫས་འཛིན་རྟོག་པའོ། །དང་པོ་ལའང་གཉིས་ཏེ། ཀུན་ནས་ཉོན་མོངས་ཀྱི་ཆོས་ལ་དང་། རྣམ་བྱང་གི་ཆོས་ལའོ། །དེ་ལའང་ཐེག་ཆེན་གྱི་དང་། ཐེག་དམན་གྱི་རྣམ་བྱང་གཉིས་ལས། གོ་རིམ་བཞིན་དུ་དེ་དག་ལ་དམིགས་ནས་བདེན་པར་འཛིན་པའི་བློ་ལ་ནི་ཀུན་ནས་ཉོན་མོངས་ཀྱི་དང་། རྣམ་བྱང་གི་དང་། འཇུག་པའི་དང་། ལྡོག་པའི་ཕྱོགས་ཀྱི་གཟུང་རྟོག་ཅེས་བྱའོ། །འཛིན་རྟོག་ལའང་གཉིས་ཏེ། ཆོས་དང་གང་ཟག་གོ །དང་པོ་ནི། སེམས་དང་སེམས་ལས་བྱུང་བ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་རྣམས་ལ་བྱ་ལ། གཉིས་པ་ནི། གདགས་གཞི་དེ་དང་དེ་ལ་གང་ཟག་ཏུ་སྒྲོ་བཏགས་པའོ། །དེ་ཡང་སྐྱེ་འཕགས་གཉིས་ལ་གང་ཟག་ཏུ་སྒྲོ་འདོགས་པའོ། །དེ་ཡང་གང་ཟག་འཛིན་སྟངས་ཀྱི་ཡུལ་དུ་བྱས་པ་དང་། དམིགས་པའི་ཡུལ་དུ་བྱས་པ་གཉིས་ལས། འདི་ནི་ཕྱི་མའི་དབང་དུ་བྱས་པ་སྟེ། སྔ་མ་ནི་ཉོན་སྒྲིབ་ཀྱི་དབང་དུ་བྱས་པར་འཆད་དགོས་པའི་ཕྱིར། སྤྱིར་གཟུང་འཛིན་གྱི་རྟོག་པའི་འཇོག་ཚུལ་དེ་ལྟར་ཡིན་ཡང་འདིར་བསྟན་གྱི་གཟུང་འཛིན་གྱི་རྟོག་པར་འཇོག་པ་ནི། ཡུལ་གཟུང་འཛིན་ལ་དམིགས་ནས་བདེན་པར་ཞེན་པ་ཙམ་གྱིས་ཆོག་པ་མ་ཡིན་ཏེ། འཛིན་སྟངས་ཀྱི་གཟུང་བྱ་ལའང་གཟུང་བར་རྟོག་པ་དང་། འཛིན་པར་རྟོག་པ་དག་དགོས་པར་བཤད་པའི་ཕྱིར། བཏགས་འཛིན་རྟོག་པ་ནི་བདེན་འཛིན་གྱི་སྒྲོ་འདོགས་ཆོད་པའི་དོན་ལ་བཏགས་པ་ཙམ་དུ་ཞེན་པའི་བློ་ཞིག་ཡིན་ལ། དེ་ལའང་ཡུལ་གྱི་དབྱེ་བས་གཉིས་ཏེ། ཡུལ་གཟུང་བ་ལ་དང་། འཛིན་པ་ལ་བཏགས་པ་ཙམ་དུ་ཞེན་པའོ། །དང་པོ་ལའང་ཀུན་བྱང་གི་དབྱེ་བས་གཉིས་དང་། རྣམ་བྱང་ལའང་ཐེག་པ་ཆེ་ཆུང་གི་དབྱེ་བས་གཉིས་སོ། །འཛིན་པ་ལ་དམིགས་པའི་བཏགས་འཛིན་ལའང་གཉིས་ཏེ། ཆོས་དང་གང་ཟག་ལའོ། །གཉིས་པ་ལྡན་ཚུལ་ལ་གཉིས་ལས། སྤྱིར་གང་ཟག་གང་ལ་ལྡན་ཚུལ་དང་། བྱེ་བྲག་ཏུ་ངེས་ཆ་བཞི་དང་ཇི་ལྟར་ལྡན་པའི་ཚུལ་ལོ། །དང་པོ་ནི། རྫས་འཛིན་རྟོག་པ་ཇི་སྙེད་པ་ནི་སོ་སོ་སྐྱེ་བོ་དང་། ཉན་རང་འཕགས་པའི་རྗེས་ཐོབ་ན་ཡོད་པ་ཡིན་ལ། ཐེག་ཆེན་འཕགས་པའི་རྗེས་ཐོབ་ཏུ་ནི་མི་འབྱུང་ངོ་། །བཏགས་འཛིན་གྱི་རྟོག་པ་ལ་མོས་པ་ཡིད་བྱེད་དང་། དེ་ཁོ་ན་ཉིད་ཡིད་བྱེད་གཉིས་ལས། དང་པོ་ནི། ཐེག་ཆེན་གྱི་སྦྱོར་ལམ་མཉམ་བཞག་དང་། རྗེས་ཐོབ་གཉིས་ཀ་ན་མངོན་འགྱུར་དུ་ཡོད་ལ། ཕྱི་མ་ནི་མ་དག་ས་བདུན་གྱི་རྗེས་ཐོབ་ཏུ་མངོན་དུ་འགྱུར་ཞིང་། དག་པའི་སར་ནི་སྒྲ་དོན་འཛིན་པའི་རྟོག་པ་འབྱུང་མི་སྲིད་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། ཚོགས་ལམ་དུ་ཐོས་བསམ་གྱིས་གཏན་ལ་འབེབས་པའི་ཚུལ། སྦྱོར་ལམ་དུ་སྒོམ་བྱུང་གིས་ཡིད་ལ་བྱེད་པའི་རིམ་པ། མཐོང་ལམ་དུ་མཚན་འཛིན་གྱི་རྟོག་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བའི་ཚུལ་ལོ། །དང་པོ་ནི། ཐོག་མར་རྫས་འཛིན་འགོག་བྱེད་ཀྱི་རིགས་པ་འཆད་དགོས་པ་ཡིན་ཏེ། ཐོག་མར་ལྷན་ཅིག་སྐྱེས་པའི་འཛིན་སྟངས་སུན་འབྱིན་དགོས་པའི་ཕྱིར། དེའི་འོག་དུ་བཏགས་འཛིན་རྟོག་པ་འགོག་བྱེད་ཀྱི་རིགས་པ་འཆད་དགོས་ཏེ། དེ་ནས་རྣལ་འབྱོར་པའི་རྟོག་པའི་འཛིན་སྟངས་སུན་འབྱིན་དགོས་པའི་ཕྱིར། རྫས་འཛིན་ལའང་གཟུང་འཛིན་གྱི་དབྱེ་བས་གཉིས་ལས། ཐོག་མར་གཟུང་བ་བདེན་གྲུབ་འགོག་བྱེད་ཀྱི་རིགས་པ་འཆད་དགོས་ཏེ། གཟུང་བ་བདེན་གྲུབ་མ་བཀག་པར་འཛིན་པ་བདེན་གྲུབ་མི་ཁེགས་པའི་ཕྱིར། གཟུང་བ་ལའང་ཀུན་བྱང་གི་དབྱེ་བས་གཉིས་ལས། ཐོག་མར་ཀུན་བྱང་ཉོན་མོངས་ཀྱི་གཟུང་བ་བདེན་གྲུབ་འགོག་དགོས་ཏེ། ཐོག་མར་ཀུན་རྫོབ་ཀྱི་ཆོས་བདེན་གྲུབ་མ་བཀག་ན། དོན་དམ་རྣམ་བྱང་གི་ཆོས་བདེན་པར་གྲུབ་པ་མི་ཁེགས་པའི་ཕྱིར། གཉིས་པ་ནི། ཚོགས་ལམ་དུ་ཇི་ལྟར་གཏན་ལ་ཕབ་པའི་རིམ་པ་བཞིན་དུ་སྦྱོར་ལམ་དུའང་རིམ་གྱིས་ཉམས་སུ་ལེན་པར་བྱེད་དགོས་པ་ཡིན་ཏེ། ཐོས་བསམ་གྱིས་གཏན་ལ་ཕབ་པའི་གོ་རིམ་དང་མཐུན་པར། མོས་པས་སྤྱོད་པར་རིམ་གྱིས་གོམས་པར་མ་བྱས་ན། མཐོང་བའི་ལམ་དུ་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བ་མི་འཇུག་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། དྲོད་ཀྱིས་མཉམ་བཞག་ཏུ་ཀུན་ནས་ཉོན་མོངས་ཀྱི་གཟུང་བ་རང་བཞིན་མེད་པ་དང་། རྩེ་མོས་མཉམ་བཞག་ཏུ་རྣམ་བྱང་གི་གཟུང་བ་རང་བཞིན་མེད་པ་དང་། བཟོད་པས་མཉམ་བཞག་ཏུ་གང་ཟག་གིས་མཚོན་པའི་འཛིན་པའི་ཆོས་ཇི་སྙེད་པ་རང་བཞིན་མེད་པའི་དོན་ལ་གསལ་སྣང་མཆེད་པའི་ཚུལ་གྱིས་གོམས་པར་བྱེད་དོ། །དེ་ལྟར་གཟུང་འཛིན་གཉིས་ཀ་བདེན་མེད་དུ་གོམས་པར་བྱས་ནས། དེའི་དོན་ལ་གསལ་སྣང་མཆེད་ཀྱང་། བདེན་མེད་དུ་ཞེན་པའི་རྟོག་པ་དང་མཚུངས་པར་ལྡན་པའི་དེ་སྤོང་བའི་ཆེད་དུ་ཆོས་མཆོག་གི་མཉམ་བཞག་ཏུ་དགག་བྱ་བདེན་གྲུབ་མེད་པའི་རྟགས་ཀྱིས་དེ་བཀག་པའི་བདེན་མེད་ཀྱང་མེད་པའི་དོན་ལ་གསལ་སྣང་མཆེད་པའི་ཚུལ་དུ་གོམས་པར་བྱེད་དོ། །དེ་ལྟར་ན་ཐེག་ཆེན་གྱི་ངེས་འབྱེད་ཆ་བཞིའི་མཉམ་བཞག་དང་པོ་གསུམ་ནི་སྒྲུབ་པའི་རྣམ་པ་ཅན་གྱི་རྟོག་པ་བཞི་སྤང་བྱར་འབྲེལ་ཞིང་། དགག་པའི་རྣམ་པ་ཅན་གྱི་རྟོག་པ་གསུམ་དང་མཚུངས་པར་ལྡན་ནོ། །ཆོས་མཆོག་ཏུ་ནི་སྔ་མ་གསུམ་དང་མཚུངས་པར་ལྡན་པའི་དགག་པའི་རྣམ་པ་ཅན་གྱི་རྟོག་པ་དེ་སྤང་བྱར་འབྲེལ་ཞིང་། དེ་ཡང་བཀག་པའི་སྤྲོས་བྲལ་གྱི་རྣམ་པ་ཅན་གྱི་རྟོག་པ་དང་མཚུངས་པར་ལྡན་ནོ། །མཉམ་བཞག་དེ་དང་དེ་དག་རྟོག་པ་དེ་དག་དང་མཚུངས་པར་ལྡན་ཡང་། རྟོག་པ་དེ་དང་དེ་དག་གི་ངོ་བོར་ཁས་བླངས་ན་ཤེས་སྒྲིབ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ན། སྒྲུབ་རྟོག་སྤང་བྱར་ལྡན་པ་ཞེས་བྱ་བ་འདི་ཁས་ལེན་ཡང་། དགག་རྟོག་ངོ་བོར་ལྡན་པ་ཞེས་བྱ་བ་དེ་ནི་རིགས་པ་མ་ཡིན་ནོ། །གསུམ་པ་ནི། མོས་སྤྱོད་ཀྱི་སར་དེ་ཁོ་ན་ཉིད་ཆོས་ཅན་གཟུང་འཛིན་སོ་སོའི་དབྱེ་བས་རིམ་གྱིས་གོམས་པར་བྱེད་ཀྱང་། མཐོང་བའི་ལམ་དུ་ནི། ཇི་ལྟར་གོམས་པའི་རིམ་པ་དང་མཐུན་པར་རིམ་གྱིས་མཐོང་དགོས་པ་ནི་མ་ཡིན་ཏེ། དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བའི་ཆོས་ཅན་གྱི་སྒོ་ནས་མི་འདྲ་བའི་དབྱེ་བ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་བདེན་གཉིས་ལས། དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །ཅེས་གསུངས་པའི་ཕྱིར་རོ། །

བཞི་པ་གདམས་ངག་གི་དོན་ཇི་ལྟར་སྒྲུབ་པའི་སྒྲུབ་པ་བཤད་པ་ལ། སྒྲུབ་པའི་རྟེན་རིགས། དེའི་དམིགས་པ། དེའི་ཆེད་དུ་བྱ་བ། སྒྲུབ་པ་རང་གི་ངོ་བོ་དང་བཞི། དང་པོ་ནི། རྟོགས་པ་ཡི་ནི་ཆོས་དྲུག་དང་། ཞེས་སོགས་ཀྱི་སྐབས་སུ་རྟེན་རིགས་ལ་གོ་དོན། མཚན་ཉིད། དབྱེ་བ། མཐའ་དཔྱད་པ་དང་བཞི། དང་པོ་ནི། སྤྱིར་རིགས་ཞེས་པའི་དོན་རྒྱུའི་དོན་ཡིན་ཏེ། མདོ་ལས། ཐོག་མ་མེད་པ་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །འདི་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པ་ཡིན། །ཞེས་སོ། །སྙིང་པོ་དེ་ལ་རྟེན་དང་བརྟེན་པའི་སྒོ་ནས་དབྱེ་ན། མདོ་སྡེ་རྒྱན་ལས། རང་བཞིན་དང་ནི་རྒྱས་པ་དག །དེ་ནི་རྟེན་དང་བརྟེན་པ་དང་། །ཡོད་མེད་ཉིད་དང་ཡོན་ཏན་ནི། །སྒྲོལ་བའི་དོན་དུ་རིགས་ཞེས་བྱ། །ཞེས་པས་དབྱིངས་སྟོང་པ་ཉིད་ཀྱི་ཆ་ནི་ཆོས་སྐུ་ངོ་བོ་ཉིད་ཀྱི་བྲལ་རྒྱུ་སྟེ། རིན་པོ་ཆེའི་གཏེར་དགོས་འདོད་འབྱུང་བའི་གཞིར་གྱུར་པ་ལྟ་བུར་སྐུ་དང་ཡེ་ཤེས་འཆར་བའི་གོ་འབྱེད་པས་ན་རང་བཞིན་གནས་རིགས་དང་། དེ་ལས་ཤར་བའི་ཡེ་ཤེས་ཀྱི་སྣང་བའི་ཆ་ནི་གཟུགས་སྐུ་གཉིས་ཀྱི་བྲལ་རྒྱུ་སྟེ་འབྲས་བུ་ཅན་གྱི་ལྗོན་ཤིང་གོང་འཕེལ་ལྟར་རྐྱེན་སྒྲིབ་པ་བྲལ་སྟོབས་ཀྱིས་རང་ལ་ཡོད་པའི་ཡོན་ཏན་མངོན་དུ་འགྱུར་ངེས་པས་རྒྱས་འགྱུར་གྱི་རིགས་ཏེ། རྒྱུད་བླར། གཏེར་དང་འབྲས་བུའི་ཤིང་བཞིནདུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང་། །ཡང་དག་བླངས་པ་མཆོག་ཉིད་དོ། །རིགས་འདི་ཉིད་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་ཡིན། །དང་པོས་སྐུ་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཞེས་སོ། །

གཉིས་པ་ནི། སངས་རྒྱས་ཀྱི་རིགས་གང་ཞིག །དྲི་མ་དང་བྲལ་བ་མཐར་ཐུག་པ་ན་སངས་རྒྱས་སུ་སྣང་བའི་རིགས་གནས།

གསུམ་པ་ལ། མཚན་གཞིའི་སྒོ་ནས་དབྱེ་བ། རིགས་ཀྱི་ཁྱད་ཆོས་བཤད་པ། བདེ་གཤེགས་སྙིང་པོའི་དབྱེ་བ་བྱེ་བྲག་ཏུ་བཤད་པ་དང་གསུམ། དང་པོ་ལ། རང་བཞིན་གནས་རིགས་དང་། རྒྱས་འགྱུར་གྱི་རིགས་གཉིས། དང་པོའི་མཚན་ཉིད། སངས་རྒྱས་ཀྱི་རིགས་གང་ཞིག །དྲི་མ་དང་བྲལ་བ་མཐར་ཐུག་པ་ན་ངོ་བོ་ཉིད་སྐུར་སྣང་བའི་རིགས་གནས། དབྱེ་ན། སྒྲུབ་པའི་རྟེན་བྱེད་པ་དང་། མི་བྱེད་པའི་རང་བཞིན་གནས་རིགས་གཉིས་ལས། དང་པོའི་མཚན་ཉིད། རང་གི་བརྟེན་ཆོས་སྒྲུབ་པའི་རྟེན་གཞི་བྱེད་པ། དབྱེ་ན། ཐེག་དམན་དང་། ཐེག་ཆེན་གྱི་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་གཉིས། མཚན་གཞི་དེ་དག་སོ་སོའི་སློབ་པའི་རྒྱུད་ཀྱི་སེམས་ཀྱི་ཆོས་ཉིད་ལྟ་བུའོ། །འདིར་བསྟན་སྒྲུབ་པ་བཅུ་གསུམ་གྱི་རྟེན་བྱེད་པའི་རང་བཞིན་གནས་རིགས་བཅུ་གསུམ་གྱི་གྲངས་ནི། སྦྱོར་ལམ་བཞི་དང་། མཐོང་ལམ་སྒོམ་ལམ་ཙམ་པོ་བ་གཉིས་ཏེ་རྟོགས་པའི་ཆོས་དྲུག་དང་། བར་ཆད་མེད་ལམ་སྐྱེ་བའི་གཉེན་པོ་དང་། དེའི་མི་མཐུན་ཕྱོགས་སྤོང་བའི་གཉེན་པོ་དང་། དེ་ལས་གྲོལ་བའི་རྣམ་གྲོལ་ལམ་གྱི་རྟེན་ཆོས་ཉིད་དང་། སྲིད་ཞིའི་མཐའ་གཙོ་བོར་འགོག་པའི་ཆོས་ཉིད་དང་། ས་བརྒྱད་པའི་ཡེ་ཤེས་ཀྱི་ཆོས་ཉིད་དང་། ས་དགུ་པ་དང་། བཅུ་པ་ལ་གནས་པའི་བྱང་སེམས་ཀྱི་ཆོས་ཉིད་དེ་སྤངས་རྟོགས་ཀྱི་ཁྱད་པར་ལས་:ཆེ་༼ཕྱེ་༽བ་རྣམས་སོ། །གཉིས་པ་ནི། ལམ་མ་ཞུགས་ཀྱི་དྲི་བཅས་ཀྱི་ཆོས་ཉིད་ལྟ་བུའོ། །གཉིས་པ་རྒྱས་འགྱུར་གྱི་རིགས་ཀྱི་མཚན་ཉིད། སངས་རྒྱས་ཀྱི་རིགས་གང་ཞིག །དྲི་མ་དང་བྲལ་བ་མཐར་ཐུག་པ་ན་རྟོགས་ཡེ་ཆོས་སྐུར་སྣང་བའི་རིགས་གནས། དབྱེ་ན། ལམ་གྱི་ངོ་བོར་གྱུར་པའི་རྒྱས་འགྱུར་གྱི་རིགས་དང་། དེ་ལས་གཞན་པའི་རྒྱས་འགྱུར་གྱི་རིགས་གཉིས། དང་པོ་ནི། ཐེག་པ་ཆེ་ཆུང་གི་སློབ་པའི་རྒྱུད་ཀྱི་མཁྱེན་པ་ལྟ་བུའོ། །གཉིས་པ་ནི། བྱང་ཆུབ་དོན་གཉེར་གྱི་བསམ་པས་ཟིན་པའི་ལམ་མ་ཞུགས་ཀྱི་དགེ་རྩ་ལྟ་བུའོ། །གཉིས་པ་ལ། རིགས་སད་ཚུལ་དང་། རིགས་སུ་འགྱུར་ཚུལ་གཉིས། དང་པོ་ལ། རིགས་སད་པའི་རྟགས་དང་། དེའི་ཕན་ཡོན་གཉིས། དང་པོ་ནི། ལམ་ལ་སྦྱོར་བའི་སྔོན་དུ་བསམ་པའི་ཡོན་ཏན་རང་བཞིན་གྱིས་སྙིང་རྗེ་ཆེ་བ། ཐེག་ཆེན་གྱི་ཆོས་ལ་མོས་པ། སྦྱོར་བའི་ཡོན་ཏན་ཆོས་སྒྲུབ་པའི་དཀའ་སྤྱད་ལ་བསྲན་བཟོད་པ། སྦྱིན་སོགས་ཀྱི་དགེ་བ་ལ་ཡང་དག་པར་སྤྱོད་པ་སྟེ། རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །ཅེས་སོ། །གཉིས་པ་ནི། ཐེག་ཆེན་གྱི་རིགས་ནི་ཤིང་གི་རྩ་བ་བཟང་པོ་ལྟ་བུ་ཡིན་ཏེ། རྒྱན་ལས། ཡོན་ཏན་ཤིན་ཏུ་རྒྱ་ཆེ་བྱང་ཆུབ་ཤིང་བསྐྱེད་ཕྱིར། །བདེ་དང་སྡུག་བསྔལ་ཆེན་པོ་ཞི་བ་ཐོབ་བྱའི་ཕྱིར། །བདག་དང་གཞན་ལ་ཕན་པ་བྱེད་པ་འབྲས་བུའི་ཕྱིར། །རིགས་མཆོག་འདི་ནི་རྩ་བ་བཟང་པོ་ལྟ་བུ་ཡིན། །ཞེས་སོ། །གཉིས་པ་ནི། རྟེན་གྱི་སྒོ་ནས་རིགས་སུ་འགྱུར་ཚུལ་དང་། དམིགས་པའི་སྒོ་ནས་རིགས་སུ་འགྱུར་ཚུལ་གཉིས། དང་པོ་ནི། དྲི་མ་དང་བཅས་པའི་ཤེས་པའི་ཆོས་ཉིད་རྟེན་གྱི་སྒོ་ནས་རིགས་སུ་འགྱུར་ཏེ། རྩ་བར། འཇུག་པའི་རྟེན་ལ་རིགས་ཤེས་བྱ། །ཞེས་དང་། འགྲེལ་བར། སྒྲུབ་པའི་ཆོས་ཀྱི་གནས་སྐབས་ཐ་དད་པའི་བྱེ་བྲག་གིས་བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་གསུམ་པོ་ཇི་སྐད་བཤད་པའི་ཆོས་ཀྱི་གཞིར་གྱུར་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཁོ་ན་ལ་རིགས་ཞེས་བསྟན་ཏོ། །ཞེས་སོ། །གཉིས་པ་ནི། དམིགས་པའི་སྒོ་ནས་རིགས་སུ་འགྱུར་ཏེ། ཐེག་ཆེན་གྱི་སྒྲུབ་པས་ཆོས་དབྱིངས་ལ་དམིགས་ཤིང་གོམས་པར་བྱས་པ་ལ་བརྟེན་ནས་དྲི་མ་རྣམས་རིམ་གྱིས་སྦྱངས་ནས་ཆོས་ཐམས་ཅད་རྟོགས་པ་མཐར་ཐུག་པར་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། མིང་ཙམ་མཐུན་པའི་སྒོ་ནས་དབྱེ་བ་དང་། མཚོན་བྱེད་དཔེའི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ། གཞི་དུས་ཀྱི་བདེ་གཤེགས་སྙིང་པོ། ལམ་དུས་ཀྱི་བདེ་གཤེགས་སྙིང་པོ། འབྲས་དུས་ཀྱི་བདེ་གཤེགས་སྙིང་པོ་དང་གསུམ། དང་པོ་ནི། བརྟན་གཡོ་ཀུན་ལ་ཁྱབ་པའི་སྣང་སྟོང་ཟུང་འཇུག་གི་ཆོས་དབྱིངས། གཉིས་པ་ནི། ལམ་ཞུགས་སེམས་ཅན་གྱི་རྒྱུད་ཀྱི་གསལ་སྟོང་ཟུང་འཇུག་གི་ཆོས་དབྱིངས། གསུམ་པ་ནི། དག་པ་གཉིས་ལྡན་གྱི་ཆོས་དབྱིངས་མཐར་ཐུག་དེའོ། །གཉིས་པ་ནི། རྩ་བའི་སྒོ་ནས་ཆོས་སྐུ། དེ་བཞིན་ཉིད། རིགས་གསུམ་སྟེ། རྒྱུད་བླར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་སོ། །ཡན་ལག་གི་སྒོ་ནས་དང་པོ་ལ། ཆོས་དབྱིངས་ཤིན་ཏུ་དྲི་མ་མེད་པའི་སྐུ། ཟབ་པའི་སྐུ། རྒྱ་ཆེ་བའི་སྐུ་དང་གསུམ། གསུམ་པ་ལ། ངོ་བོའི་སྒོ་ནས་རིགས་གཉིས། ནུས་པའི་སྒོ་ནས་སྐུ་གསུམ་སྟེ་ལྔ་ཡོད་དེ། རྒྱུད་བླར། འདི་ཡི་རང་བཞིན་ཆོས་སྐུ་དང་། །དེ་བཞིན་ཉིད་དང་རིགས་ཀྱང་སྟེ། །དེ་ནི་དཔེ་གསུམ་གཅིག་དང་ནི། །ལྔ་རྣམས་ཀྱིས་ནི་ཤེས་པར་བྱ། །ཞེས་དང་། ཆོས་སྐུའི་རྒྱས་བཤད་དུ། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང་། །དེ་ཡི་རྒྱུ་མཐུན་ཟབ་པ་དང་། །སྣ་ཚོགས་ཚུལ་ནི་སྟོན་པ་པོ། །ཞེས་དང་། རིགས་ཀྱི་རྒྱས་བཤད་དུ། །གཏེར་དང་འབྲས་བུའི་ཤིང་བཞིན་དུ། །ཞེས་སོགས་གསུངས་པའི་ཕྱིར། དེ་དག་མཚོན་པར་བྱེད་པའི་དཔེ་དེ་ལ་ཡང་དགུ་ཡོད་ཅིང་། དང་པོ་གསུམ་མཚོན་པའི་དཔེ་ནི། པདྨའི་ནང་ན་ཡོད་པའི་སངས་རྒྱས། སྦྲང་མ་ལ་ཡོད་པའི་སྦྲང་རྩི། སྦུན་པ་ལ་ཡོད་པའི་སྙིང་པོ། མི་གཙང་བའི་ནང་ན་ཡོད་པའི་གསེར་ནི། དེ་བཞིན་ཉིད་ཀྱི་དཔེ། ཕྱི་མ་ལྔའི་དཔེ་ནི། ས་འོག་གི་གཏེར་དང་ལྗོན་ཤིང་བསྐྱེད་པའི་འབྲས་བུ་ནི་རིགས་གཉིས་ཀྱི་དཔེ། གོས་ཧྲུལ་གྱི་ནང་ན་ཡོད་པའི་སྐུ་གཟུགས། བུད་མེད་ངན་མའི་ལྟོ་བ་ན་ཡོད་པའི་འཁོར་ལོས་སྒྱུར་རྒྱལ། ས་འདམ་གྱི་ནང་ན་ཡོད་པའི་སྐུ་གཟུགས་ཏེ། སྐུ་གསུམ་གྱི་དཔེ་ཡིན་ཏེ། རྒྱུད་བླར། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་ཡོད་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཆུང་དང་། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང་། །ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་གསུངས་སོ། །

ཞར་བྱུང་དྲང་ངེས་ཀྱི་རྣམ་བཞག་ལ་དཔྱད་པ་ནི། སྤྱིར་བཤད་པ། དགོངས་ལྡེམ་དགོངས་བྱེ་བྲག་ཏུ་བཤད་པ། གདུལ་བྱ་བསྟན་པ་ལ་འཇུག་པའི་རིམ་པ་བཤད་པ་དང་གསུམ། དང་པོ་ལ། དྲང་ངེས་ངོས་བཟུང་བ། དེའི་མཚན་ཉིད། དབྱེ་བ་དང་གསུམ། དང་པོ་ནི། དཀོན་བརྩེགས་ལས། མདོ་གང་དག་ཀུན་རྫོབ་སྒྲུབ་པར་£ûབྱེད་པར་£ýབྱེད་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་གང་དག་དོན་དམ་སྟོན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །ཞེས་སོ། །གཉིས་པ་ནི། དྲང་ངེས་ཀྱི་ནང་ཚན་གང་ཞིག །ཀུན་རྫོབ་བརྗོད་བྱའི་གཙོ་བོར་སྟོན་པའི་རིགས་སུ་གནས་པའི་མདོ་དང་། དེ་གང་ཞིག །དོན་དམ་གནས་ལུགས་ཀྱི་དོན་གཙོ་བོར་སྟོན་པའི་རིགས་སུ་གནས་པའི་མདོ། གསུམ་པ་ནི། དྲང་ངེས་སོ་སོ་ལའང་དྲང་ངེས་ཀྱི་མདོ་གཉིས་གཉིས་སོ། །གཉིས་པ་ལ། དགོངས་པ་ཅན་གྱི་མདོ། ལྡེམ་པོར་དགོངས་པའི་མདོ། དེ་གཉིས་ཀའི་ཁྱད་པར་བཤད་པ་དང་གསུམ། དང་པོ་ལ། མཉམ་པ་ཉིད་ལ་དགོངས་པའི་མདོ། དོན་གཞན་ལ་དགོངས་པའི་མདོ། དུས་གཞན་ལ་དགོངས་པའི་མདོ། གང་ཟག་གི་བསམ་པ་ལ་དགོངས་པའི་མདོ་དང་བཞི། དང་པོ་ནི། སངས་རྒྱས་ལ་བརྙས་པའི་གཉེན་པོར་མཉམ་པ་ཉིད་གསུམ་ལ་དགོངས་ནས་ང་ཉིད་སངས་རྒྱས་རྣམ་གཟིགས་སོ། །ཞེས་གསུངས་པའི་མདོ་ལྟ་བུ། མཉམ་པ་ཉིད་གསུམ་ནི། རྒྱུ་ཚོགས་གཉིས་མཉམ་པ། འབྲས་བུ་ཆོས་སྐུ་མཉམ་པ། གཞན་དོན་ཕྲིན་ལས་མཉམ་པའོ། །གཉིས་པ་ནི། ཆོས་ལ་བརྙས་པའི་གཉེན་པོར་དོན་གཞན་ལ་དགོངས་ནས། ཕ་དང་མ་ནི་གསད་བྱ་ཞིང་། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །ཡུལ་འཁོར་འཁོར་དང་བཅས་བཅོམ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟ་བུ། གསུམ་པ་ནི། ལེ་ལོ་ཅན་འགའ་ཞིག་རྗེས་སུ་བཟུང་བའི་ཕྱིར་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ཚིག་གཅིག་གིས་དེར་སྐྱེ་བར་གསུངས་པའི་མདོ་ལྟ་བུ། བཞི་པ་ནི། མཆོག་འཛིན་བཟློག་པའི་ཕྱིར་དུ་སྦྱིན་པ་ལ་སྨད་ནས་ཚུལ་ཁྲིམས་ཀྱི་བསྔགས་པ་བརྗོད་པའི་མདོ་ལྟ་བུ་སྟེ། རྒྱན་ལས། མཉམ་པ་ཉིད་དང་དོན་གཞན་དང་། །དེ་བཞིན་དུ་ནི་དུས་གཞན་དང་། །གང་ཟག་གི་ནི་བསམ་པ་ལ། །དགོངས་པ་རྣམ་པ་བཞིར་ཤེས་བྱ། །སངས་རྒྱས་ཆོས་ལ་བརྙས་པ་དང་། །ལེ་ལོ་ཅུང་ཟད་མཆོག་འཛིན་དང་། །ང་རྒྱལ་འདོད་ཆགས་སྤྱོད་པ་དང་། །འགྱོད་དང་མ་ངེས་བཟློག་པ་ནི། །སེམས་ཅན་རྣམས་ཀྱི་སྒྲིབ་པ་སྟེ། །དེ་ཡི་གཉེན་པོར་ཐེག་མཆོག་གསུངས། །ཞེས་སོ། །གཉིས་པ་ལ། གཞུག་པ། མཚན་ཉིད། གཉེན་པོ། བསྒྱུར་བ་ལྡེམ་པོར་དགོངས་པའི་མདོ་དང་བཞི། དང་པོ་ནི། ཉན་ཐོས་ཐེག་ཆེན་ལ་ཁ་དྲང་བའི་ཕྱིར་དུ་གཟུགས་སོགས་ཕྱིའི་སྐྱེ་མཆེད་རང་བཞིན་གྱིས་ཡོད་པར་གསུངས་པ་ལྟ་བུ། གཉིས་པ་ནི། སེམས་ཙམ་པ་དབུ་མའི་ལྟ་བ་ལ་ཁ་དྲང་བའི་ཕྱིར་དུ་རིགས་ཆད་ཡོད་པར་གསུངས་པ་ལྟ་བུ། གསུམ་པ་ནི། གོང་དུ་བཤད་པའི་མདོ་བཞི་ལྟ་བུ། བཞི་པ་ནི། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ལེགས་པར་གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟ་བུ། དེ་ལྟར་ཡང་རྒྱན་ལས། གཞུག་པ་ལྡེམ་པོར་དགོངས་པ་དང་། །མཚན་ཉིད་ལྡེམ་པོར་དགོངས་པ་དང་། །བསྒྱུར་བ་ལྡེམ་པོར་དགོངས་པ་སྟེ། །ཉན་ཐོས་དང་ནི་ངོ་བོ་ཉིད། །དེ་བཞིན་གཤེགས་པ་འདུལ་བ་དང་། །བརྗོད་པ་ཟབ་པ་ཉིད་དང་ནི། །ལྡེམ་པོར་དགོངས་པ་འདི་རྣམས་བཞི། །ཞེས་སོ། །གསུམ་པ་ནི། དགོངས་གཞི་དོན་གཞན་ལ་དགོངས་ནས་གཙོ་བོར་གསུངས་པའི་དྲང་དོན་གྱི་མདོ་ནི་དགོངས་པ་ཅན་གྱི་མདོ་ཡིན་ལ། དགོས་པ་ཁྱད་པར་ཅན་འགའ་ཞིག་གི་ཆེད་དུ་གཙོ་བོར་གསུངས་པའི་དྲང་དོན་གྱི་མདོ་ནི་ལྡེམ་དགོངས་ཀྱི་མདོ་ཡིན་ཞིང་། དེ་གཉིས་འགལ་བ་མ་ཡིན་ཏེ། དགོངས་པ་ཅན་གྱི་མདོ་བཞི་ཀ་ཡང་གཉེན་པོ་ལྡེམ་དགོངས་ཀྱི་ཁོངས་སུ་འདུས་པའི་ཕྱིར། མདོ་ཐམས་ཅད་བརྒྱད་པོ་འདིས་བསྡུས་པའང་མ་ཡིན་ཏེ། འདི་དག་དྲང་དོན་གྱི་མདོའི་དབང་དུ་བྱས་ནས་གསུངས་པའི་ཕྱིར། གསུམ་པ་ནི། རྟོན་པ་བཞིའི་སྒོ་ནས་བསྟན་པ་ལ་འཇུག་པར་བྱེད་དེ། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཚིག་ལ་མི་རྟོན་དོན་ལ་རྟོན། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པའི་ཚུལ་གྱིས་འཇུག་པར་བྱེད་དོ། །

གཉིས་པ་ཐེག་ཆེན་སྒྲུབ་པའི་དམིགས་པ་ནི། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །དེ་ཡང་དགེ་ལ་སོགས་པ་ཡིན། །ཞེས་པས། དེ་ལ་མཚན་ཉིད། དབྱེ་བ། སོ་སོའི་རང་བཞིན། གོ་རིམ་དང་བཞི། དང་པོ་ནི། ཐེག་ཆེན་སྒྲུབ་པས་སྒྲོ་འདོགས་གཅད་པར་བྱ་བའི་གཞིར་གྱུར་པའོ། །

གཉིས་པ་ནི། དགེ་མི་དགེ་ལུང་མ་བསྟན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས། ཟག་བཅས་དང་ཟག་མེད། འདུས་བྱས་དང་འདུས་མ་བྱས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་ཏེ་བཅུ་གཅིག །

གསུམ་པ་ལ། སྤྱིར་བསྟན་གསུམ་དང་། བྱེ་བྲག་ཏུ་བཤད་པ་བརྒྱད་དོ། །དང་པོ་ལ། དགེ་བ། མི་དགེ་བ། ལུང་མ་བསྟན་དང་གསུམ་ལས། དང་པོའི་མཚན་ཉིད། ལུང་དུ་བསྟན་པ་གང་ཞིག །རང་གི་རྣམ་སྨིན་གྱི་འབྲས་བུ་ཡིད་དུ་འོང་བ་འབྱིན་པའི་རིགས་གནས། དབྱེ་བ་ལ། མིང་ཙམ་མཐུན་པའི་སྒོ་ནས་དབྱེ་ན། ངོ་བོ་ཉིད་ཀྱི་དགེ་བ། མཚུངས་ལྡན་གྱི་དགེ་བ། ཀུན་སློང་གི་དགེ་བ། དོན་དམ་པའི་དགེ་བ་དང་བཞི། དང་པོ་ནི། དད་སོགས་དགེ་བ་བཅུ་གཅིག་ལྟ་བུ་ཡིན་ཏེ། རང་གི་ངང་གིས་དགེ་བའི་རང་བཞིན་དུ་གནས་པའི་ཕྱིར། གཉིས་པ་ནི། དད་པ་དང་མཚུངས་ལྡན་གྱི་གཙོ་སེམས་དང་། ཀུན་འགྲོ་ལྔ་ལྟ་བུ་སྟེ། མཚུངས་ལྡན་གྲོགས་ཀྱི་སྟོབས་ཀྱིས་དགེ་བའི་ངོ་བོར་སྐྱེས་པའི་ཕྱིར་རོ། །གསུམ་པ་ནི། དེ་དག་གི་ཀུན་ནས་བསླངས་པའི་ལུས་ངག་གི་རིག་བྱེད་ལྟ་བུ། བཞི་པ་ནི། ཆོས་ཉིད་དེ་བཞིན་ཉིད་ལྟ་བུ། སྒོ་གསུམ་གྱི་སྒོ་ནས་དབྱེ་ན། མི་དགེ་བ་བཅུའི་འགལ་ཟླར་གྱུར་པའི་དགེ་བའི་ལས་ལམ་བཅུ། གཉིས་པ་མི་དགེ་བའི་མཚན་ཉིད། ལུང་དུ་བསྟན་པ་གང་ཞིག །རང་གི་རྣམ་སྨིན་གྱི་འབྲས་བུ་ཡིད་དུ་མི་འོང་བ་འབྱིན་པའི་རིགས་གནས། དབྱེ་བ་ལ། མིང་ཙམ་མཐུན་པའི་སྒོ་ནས་དབྱེ་ན། ངོ་བོ་ཉིད་ཀྱི་མི་དགེ་བ། མཚུངས་ལྡན་གྱི་མི་དགེ་བ། ཀུན་སློང་གི་མི་དགེ་བ། དོན་དམ་ལྟར་བཏགས་པའི་མི་དགེ་བ་དང་བཞི། དང་པོ་གསུམ་གོང་གིས་འགྲེ། བཞི་པ་ནི། འཁོར་བ་ལྟ་བུ། སྒོ་གསུམ་གྱི་སྒོ་ནས་དབྱེ་ན། སྲོག་གཅོད་སོགས་མི་དགེ་བ་བཅུ། གསུམ་པ་ལུང་མ་བསྟན་གྱི་མཚན་ཉིད་ནི། དགེ་མི་དགེ་གང་རུང་དུ་ལུང་དུ་བསྟན་དུ་མེད་པའི་ཆོས། དབྱེ་ན་བཞི་ལས། དང་པོ་ནི། ཀུན་གཞི་དང་ཉོན་ཡིད་ལྟ་བུ། གཉིས་པ་ནི། དེ་དག་དང་མཚུངས་པར་ལྡན་པའི་སེམས་བྱུང་ལྟ་བུ། གསུམ་པ་ནི། དེས་ཀུན་ནས་བསླངས་པའི་ལུས་ངག་གི་རིག་བྱེད་ལྟ་བུ། བཞི་པ་ནི། ནམ་མཁའ་དང་སོ་སོར་བརྟགས་མིན་གྱི་འགོག་པ་ལྟ་བུ། གཉིས་པ་ནི། གཞན་རྣམས་གོ་སླ་ཞིང་། ཟག་བཅས་ཀྱི་མཚན་ཉིད། ཟག་པའི་སྒོ་དྲུག་གང་རུང་གིས་བསྡུས་པ། མཚན་གཞི་འཁོར་བ་ལྟ་བུ། ཟག་མེད་ཀྱི་མཚན་ཉིད། དེས་མ་བསྡུས་པ། མཚན་གཞི། འགོག་བདེན་དང་། ལམ་བདེན། འདུས་མ་བྱས་མཐའ་དག་གོ །སྒོ་དྲུག་ནི། ཟག་པའི་བདག་ཉིད། ཟག་པས་བཅིངས་པ། ཟག་པ་དང་འབྲེལ་བ། ཟག་པ་དང་རྗེས་སུ་འབྲེལ་བ། ཟག་པ་དང་རྗེས་སུ་མཐུན་པ། ཟག་པའི་རྒྱུ་ལས་བྱུང་བའོ། །

བཞི་པ་ནི། ཐེག་ཆེན་དུ་རིགས་སད་པའི་གང་ཟག་གིས་ཉམས་ལེན་གྱི་གོ་རིམ་དུ་འདི་ལྟར་བསྟན་པ་ཡིན་ཏེ། དེ་ཡང་དགེ་སོགས་གསུམ་འཆད་པའི་རྒྱུ་མཚན་ཡོད་དེ། དེས་ཉམས་ལེན་གྱི་གཙོ་བོ་བླང་བྱ། དོར་བྱ། བཏང་སྙོམས་སུ་བཞག་བྱ་གསུམ་དུ་ངེས་པའི་ཕྱིར།  དེའིའོགཏུ next hit་འཇིག་རྟེན་ལས་འདས་མ་འདས་གཉིས་བཤད་དེ། དགེ་བ་བླང་བྱར་ཤེས་པའི་ཆེད་དུའོ། །previous hit དེའིའོགཏུ next hit་ཟག་པ་དང་བཅས་མ་བཅས་གཉིས་བཤད་དེ། འདས་ལམ་གྱི་སྤང་བྱ་དང་ངོ་བོ་ཤེས་པའི་ཆེད་ཡོད་པའི་ཕྱིར། previous hit དེའིའོགཏུ next hit་འདུས་བྱས་དང་འདུས་མ་བྱས་གཉིས་བཤད་དེ། མཉམ་རྗེས་གཉིས་ཀྱིས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་རྟོགས་པའི་ཆེད་ཡིན་པའི་ཕྱིར། previous hit དེའིའོགཏུ next hit་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་གཉིས་བཤད་དེ། བདེན་གཉིས་རྟོགས་པ་ལ་བརྟེན་ནས་ཡོན་ཏན་དེ་དག་འབྱུང་བའི་ཕྱིར་རོ། །

གསུམ་པ་ནི། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །ཞེས་སོགས་ཀྱི་སྐབས་སུ་ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་ལ། མཚན་ཉིད། དབྱེ་བ། སོ་སོའི་རང་བཞིན། གྲངས་ངེས་དང་བཞི། དང་པོ་ནི། ཐེག་ཆེན་སྒྲུབ་པའི་ཐོབ་བྱ་མཐར་ཐུག་ཏུ་གྱུར་པའི་བླ་ན་མེད་པའི་བྱང་ཆུབ།

དབྱེ་ན། གནས་སྐབས་དང་། མཐར་ཐུག་གི་ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་གཉིས། ༼གསུམ་པ། ༽དང་པོའི་མཚན་ཉིད། ཐེག་ཆེན་སྒྲུབ་པའི་གནས་སྐབས་ཀྱི་ཐོབ་བྱར་གྱུར་པའི་ཡོན་ཏན། མཚན་གཞི། ཐེག་ཆེན་གྱི་ཚོགས་ལམ་སྐད་ཅིག་གཉིས་པ་ནས་རྒྱུན་མཐའི་བར་གྱི་སྤངས་རྟོགས་ཀྱི་ཡོན་ཏན་ལྟ་བུ། གཉིས་པ་མཐར་ཐུག་ལ། རང་དོན་ཆོས་སྐུ་དང་། གཞན་དོན་གཟུགས་སྐུ་གཉིས། དང་པོ་ལ། སེམས་ཆེན་པོ། སྤོང་བ་ཆེན་པོ། རྟོགས་པ་ཆེན་པོ་དང་གསུམ། དང་པོའི་མཚན་ཉིད། རང་རྒྱུད་ལྡན་གྱི་གང་ཟག་སེམས་ཅན་ཀུན་གྱི་ནང་ནས་མཆོག་ཉིད་དུ་བྱེད་པའི་སངས་རྒྱས་སའི་སེམས་བསྐྱེད། མིང་ཙམ་མཐུན་པའི་སྒོ་ནས་དབྱེ་ན། གནས་སྐབས་དང་མཐར་ཐུག་གི་སེམས་ཆེན་པོ་གཉིས། དང་པོ་ནི། ཐེག་ཆེན་སློབ་པའི་སེམས་བསྐྱེད། གཉིས་པ་ནི། སངས་རྒྱས་སའི་སེམས་བསྐྱེད་མཐའ་དག་གོ །དེ་ལ་དབྱེ་ན་མདོ་ལས། རྡོ་རྗེ་ལྟ་བུའི་སེམས། རླབས་པོ་ཆེའི་སེམས། མི་སྒུལ་བའི་སེམས། ཕན་བདེའི་སེམས། དམིགས་པ་མེད་པའི་སེམས་དང་ལྔ་བཤད། གཉིས་པའི་མཚན་ཉིད། རང་རྒྱུད་ལྡན་གྱི་གང་ཟག་སེམས་ཅན་ཀུན་གྱི་ནང་ནས་མཆོག་ཉིད་དུ་བྱེད་པའི་སངས་རྒྱས་སའི་སྤངས་པ། དབྱེ་ན་གོང་ལྟར་གཉིས། མཚན་གཞི་རིམ་བཞིན། བྱང་འཕགས་དང་། སངས་རྒྱས་སའི་འགོག་བདེན་ལྟ་བུ། གསུམ་པའི་མཚན་ཉིད། རང་རྒྱུད་ལྡན་གྱི་གང་ཟག་སེམས་ཅན་ཀུན་གྱི་ནང་ནས་མཆོག་ཉིད་དུ་བྱེད་པའི་རྟོགས་པ། དབྱེ་ན་གོང་ལྟར་གཉིས། མཚན་གཞི་རིམ་བཞིན། བྱང་འཕགས་དང་སངས་རྒྱས་སའི་མཁྱེན་པ་ལྟ་བུ་དེ་ཡང་བརྒྱད་སྟོང་པ་ལས། བྱང་ཆུབ་ཀྱི་སེམས། ཐམས་ཅད་མཁྱེན་པའི་སེམས། ཟག་པ་མེད་པའི་སེམས། མཉམ་པ་མེད་པའི་སེམས། མི་མཉམ་པ་དང་མཉམ་པའི་སེམས། ཉན་རང་དང་ཐུན་མོང་མ་ཡིན་པའི་སེམས་དང་དྲུག་བཤད།

བཞི་པ་ནི། ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་ལ་སེམས་ཆེན་པོ་ལ་སོགས་པ་གསུམ་དུ་གྲངས་ངེས་པ་མ་ཡིན་ཏེ། གཞན་དོན་གཟུགས་སྐུ་གཉིས་ཀྱང་དེ་ཡིན་པའི་ཕྱིར། འོན་ཀྱང་འདིར་དངོས་བསྟན་ལ་གསུམ་དུ་འསྔོག་པའི་རྒྱུ་མཚན་ཡོད་དེ། དེ་ལ་གཞན་འགྲན་མེད་པར་མཆོག་ཉིད་དུ་བྱེད་པ། སྤང་བྱ་མི་མཐུན་ཕྱོགས་མ་ལུས་པར་བཅོམ་པ། ཐོབ་བྱ་ཡོན་ཏན་རྫོགས་པར་ཐོབ་པ་གསུམ་དུ་ངེས་པའི་ཕྱིར་ཏེ། འགྲེལ་ཆེན་ལས། དེ་ནི་མ་ཕམ་མགོན་པོས་བསྟན་པ་དང་མཐུན་པར་བྱང་ཆུབ་སེམས་དཔའི་སྒྲུབ་པའི་ཆེད་དུ་བྱ་བ་རྣམ་པ་གསུམ་བསྟན་པ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །

བཞི་པ་ཐེག་ཆེན་སྒྲུབ་པ་ལ། མཚན་ཉིད། དབྱེ་བ། སོ་སོའི་རང་བཞིན། གྲངས་ངེས། གོ་རིམ་ངེས་པ། ས་མཚམས་དང་དྲུག །དང་པོ་ནི། ཁྱད་པར་བཞི་ལྡན་གྱི་བྱང་སེམས་ཀྱི་ཉམས་ལེན། ཁྱད་པར་བཞི་ནི། རྐྱེན་ཐེག་པ་ཆེན་པོར་རིགས་སད་པ། ཐེག་ཆེན་སེམས་བསྐྱེད་ལ་གནས་པ། རང་གཞན་གྱི་དོན་སྒྲུབ་པ་ལ་བརྩོན་པ། འབྲས་བུ་བྱང་ཆུབ་ཆེན་པོ་འབྱིན་པར་བྱེད་པ་སྟེ། རྒྱན་ལས། གནས་རྩོམ་འབྲས་བུ་འབྱུང་བ་ཆེ་བདག་ཉིད། །རྒྱལ་སྲས་རྣམས་ཀྱི་སྒྲུབ་པ་ཡིན་པར་འདོད། །རྟག་ཏུ་ལེན་པ་ཆེ་དང་བཟོད་པ་སྟེ། །དོན་ཆེན་ཡང་དག་སྒྲུབ་པའི་བྱ་བ་བྱེད། །ཅེས་སོ། །

གཉིས་པ་ལ། ཡུལ་དང་ངོ་བོའི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ། ཡུལ་མཁྱེན་གསུམ་གྱི་སྒྲུབ་པ་དང་། ཡུལ་ཅན་སྦྱོར་བཞིའི་སྒྲུབ་པ་གཉིས། དང་པོའི་མཚན་ཉིད། མཁྱེན་གསུམ་ཐོབ་བྱ་ཐོབ་བྱེད་བླང་དོར་བྱ་བའི་ཡན་ལག་ཏུ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་དེ་ཉམས་སུ་ལེན་པའི་སེམས་དཔའི་རྣལ་འབྱོར། དབྱེ་ན། རྣམ་མཁྱེན་ཐོབ་བྱའི་འབྲས་བུར་ཉམས་སུ་ལེན་པའི་སྒྲུབ་པ། ལམ་ཤེས་ཐོབ་བྱེད་ཀྱི་རྒྱུར་ཉམས་སུ་ལེན་པའི་སྒྲུབ་པ། གཞི་ཤེས་བླང་དོར་བྱ་བའི་ཡན་ལག་ཏུ་ཉམས་སུ་ལེན་པའི་སྒྲུབ་པ་དང་གསུམ། གཉིས་པའི་མཚན་ཉིད། སྦྱོར་བཞི་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་སེམས་དཔའི་རྣལ་འབྱོར། དབྱེ་ན། རྣམ་ཀུན་གྱི་སྦྱོར་བ་ཉམས་སུ་ལེན་པའི་སྒྲུབ་པ་སོགས་བཞི། གཉིས་པ་ལ། གོ་ཆའི་སྒྲུབ་པ། འཇུག་པའི་སྒྲུབ་པ། ཚོགས་ཀྱི་སྒྲུབ་པ། ངེས་འབྱུང་སྒྲུབ་པ་དང་བཞི།

གསུམ་པ་ལ་བཞི་ལས། དང་པོ་གོ་སྒྲུབ་ཀྱི་མཚན་ཉིད། ཕར་ཕྱིན་རེ་རེ་ཡང་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་སེམས་དཔའི་རྣལ་འབྱོར། དབྱེ་ན། ཕར་ཕྱིན་སོ་སོའི་གོ་སྒྲུབ་དྲུག །དང་པོའི་མཚན་ཉིད། སྦྱིན་པའི་ཕར་ཕྱིན་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་སེམས་དཔའི་རྣལ་འབྱོར། དབྱེ་ན། སྦྱིན་པའི་ཕར་ཕྱིན་གྱི་སྦྱིན་པའི་གོ་སྒྲུབ་སོགས་དྲུག །དང་པོའི་མཚན་ཉིད། སྦྱིན་པའི་གོ་སྒྲུབ་གང་ཞིག །སྦྱིན་པ་ལ་སྤྱོད་པའི་གནས་སྐབས་སུ་སྦྱིན་པ་ཉིད་ཆོས་གསུམ་ལྡན་དུ་ཉམས་སུ་ལེན་པའི་སེམས་དཔའི་རྣལ་འབྱོར། གཉིས་པའི་མཚན་ཉིད། དེ་གང་ཞིག །སྦྱིན་པ་ལ་སྤྱོད་པའི་གནས་སྐབས་སུ། ཚུལ་ཁྲིམས་ཆོས་གསུམ་ལྡན་དུ་ཉམས་སུ་ལེན་པའི་སེམས་དཔའི་རྣལ་འབྱོར། ཆོས་གསུམ་ནི། སྦྱོར་བ་རྣམ་མཁྱེན་ཡིད་བྱེད་དང་ལྡན་པ། དངོས་གཞི་འཁོར་གསུམ་དུ་མི་དམིགས་པ། རྗེས་དགེ་རྩ་བླ་མེད་བྱང་ཆུབ་ཏུ་བསྔོ་བའོ། །དེས་ལྷག་མ་རྣམས་ལ་འགྲེ།

གཉིས་པ་འཇུག་སྒྲུབ་ལ། མཚན་ཉིད་དང་དབྱེ་བ་གཉིས། དང་པོ་ནི། རང་གི་འཇུག་ཡུལ་དུ་གྱུར་པའི་ཐེག་ཆེན་གཙོ་བོར་ཉམས་སུ་ལེན་པའི་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཡན་ཆོད་ཀྱིས་བསྡུས་པའི་སེམས་དཔའི་རྣལ་འབྱོར། མཚན་གཞི། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནས་རྒྱུན་མཐའི་བར་གྱི་མཁྱེན་པ་རྣམས་སོ། །གཉིས་པ་ལ། བསམ་གཏན་གཟུགས་མེད་ལ་འཇུག་པའི་སྒྲུབ་པ། སྦྱིན་སོགས་ལ་འཇུག་པའི་སྒྲུབ་པ། ལམ་ལ་འཇུག་པའི་སྒྲུབ་པ། བྱམས་སོགས་ཚད་མེད་ལ་འཇུག་པའི་སྒྲུབ་པ། དམིགས་པ་མེད་པའི་ཐེག་ཆེན་ལ་འཇུག་པའི་སྒྲུབ་པ། འཁོར་གསུམ་རྣམ་དག་གི་ཐེག་ཆེན་ལ་འཇུག་པའི་སྒྲུབ་པ། ཆེད་དུ་བྱ་བ་ལ་འཇུག་པའི་སྒྲུབ་པ། མངོན་པར་ཤེས་པ་ལ་འཇུག་པའི་སྒྲུབ་པ། རྣམ་ཀུན་མཁྱེན་ཉིད་ལ་འཇུག་པའི་སྒྲུབ་པ་དང་དགུའོ། །དང་པོའི་མཚན་ཉིད། འཇུག་སྒྲུབ་གང་ཞིག །བསམ་གཏན་གཟུགས་མེད་ཀྱིས་བསྡུས་པའི་ཐེག་ཆེན་སྦྱོར་བའི་བརྩོན་འགྲུས་དང་ལྡན་པའི་སྒོ་ནས་ཉམས་སུ་ལེན་པའི་སེམས་དཔའི་རྣལ་འབྱོར། ལྷག་མ་རྣམས་ལ་འགྲེ། དེ་ཡང་བསྡུ་ན་འབྲས་བུའི་ཐེག་ཆེན་ཉམས་སུ་ལེན་པའི་སྒྲུབ་པ་དང་། རྒྱུའི་ཐེག་ཆེན་ཉམས་སུ་ལེན་པའི་སྒྲུབ་པ་གཉིས་སུ་འདུས། དང་པོ་ནི། ཆེད་དུ་བྱ་བ་ལ་འཇུག་པའི་སྒྲུབ་པ་དང་། རྣམ་མཁྱེན་ལ་འཇུག་པའི་སྒྲུབ་པ་ལྟ་བུའོ། །གཉིས་པ་ནི། ལྷག་མ་རྣམས་སོ། །

གསུམ་པ་ཚོགས་སྒྲུབ་ལ། མཚན་ཉིད་དང་དབྱེ་བ་གཉིས། དང་པོ་ནི། ཟབ་པ་དང་རྒྱ་ཆེ་བ་ལ་སྤྲོ་བའི་སྒོ་ནས་ཚོགས་གཉིས་ཀྱི་དཔུང་རྒྱ་ཆེན་པོ་གསོག་པར་བྱེད་ཅིང་། རང་གི་དངོས་འབྲས་སུ་གྱུར་པའི་ཐེག་ཆེན་གྱི་འཕགས་ལམ་དངོས་སུ་འབྱིན་པའི་སེམས་དཔའི་རྣལ་འབྱོར། མཚན་གཞི། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་སྐད་ཅིག་ཐ་མ་ནས་རྒྱུན་མཐའི་བར་གྱི་མཁྱེན་པ་ལྟ་བུ། གཉིས་པ། སྙིང་རྗེ་ཆེན་པོའི་ཚོགས་སྒྲུབ། སྦྱིན་པ་ནས་ཤེས་རབ་ཀྱི་བར་དྲུག །ཞི་གནས་ཀྱི་ཚོགས་སྒྲུབ། ལྷག་མཐོང་གི་ཚོགས་སྒྲུབ། ཞི་ལྷག་ཟུང་འབྲེལ་གྱི་ཚོགས་སྒྲུབ། ཐབས་ལ་མཁས་པའི་ཚོགས་སྒྲུབ། ཡེ་ཤེས་ཀྱི་ཚོགས་སྒྲུབ། བསོད་ནམས་ཀྱི་ཚོགས་སྒྲུབ། ལམ་གྱི་ཚོགས་སྒྲུབ། གཟུངས་ཀྱི་ཚོགས་སྒྲུབ། སའི་ཚོགས་སྒྲུབ། གཉེན་པོའི་ཚོགས་སྒྲུབ་དང་བཅུ་བདུན། བསྡུ་ན། འདས་ལམ་གྱི་ངོ་བོར་གྱུར་པའི་ཚོགས་སྒྲུབ་དང་། འཇིག་རྟེན་པ་དང་ཐུན་མོང་པའི་ཚོགས་སྒྲུབ་གཉིས་སུ་འདུས། དང་པོ་ནི། ས་དང་གཉེན་པོའི་ཚོགས་སྒྲུབ་ལྟ་བུ། གཉིས་པ་ནི་དང་པོ་བཅོ་ལྔ་ལྟ་བུའོ། །

བཞི་པ་ངེས་བྱུང་སྒྲུབ་པ་ལ། མཚན་ཉིད་དང་དབྱེ་བ་གཉིས། དང་པོ་ནི། རང་གི་ངེས་པར་འབྱུང་ས་བརྒྱད་པོ་གང་རུང་དུ་ུགདོན་མི་ཟ་བར་འབྱིན་པར་བྱེད་པའི་དག་སའི་རྣལ་འབྱོར། མཚན་གཞི་དག་པ་ས་གསུམ་ལྟ་བུ། གཉིས་པ་ལ། ཆེད་དུ་བྱ་བའི་ངེས་འབྱུང་སྒྲུབ་པ། མཉམ་པ་ཉིད་ཀྱི་ངེས་འབྱུང་སྒྲུབ་པ། སེམས་ཅན་དོན་བྱེད་ཀྱི་ངེས་འབྱུང་སྒྲུབ་པ། འབད་མེད་ལྷུན་གྲུབ་ཀྱི་ངེས་འབྱུང་སྒྲུབ་པ། མཐའ་གཉིས་ལས་འདས་པའི་ངེས་འབྱུང་སྒྲུབ་པ། ཐེག་པ་གསུམ་གྱི་དོན་ཐོབ་པའི་ངེས་འབྱུང་སྒྲུབ་པ། རྣམ་ཀུན་མཁྱེན་ཉིད་ཀྱི་ངེས་འབྱུང་སྒྲུབ་པ། ལམ་གྱི་ཡུལ་ཅན་གྱི་ངེས་འབྱུང་སྒྲུབ་པ་དང་བརྒྱད་དོ། །དེ་ཡང་བསྡུ་ན། གནས་གང་དུ་ངེས་པར་འབྱུང་བ་དང་། ཚུལ་ཇི་ལྟར་དུ་ངེས་པར་འབྱུང་བ་གཉིས་སུ་འདུས། དང་པོ་ལ། མི་སློབ་ལམ་མཐར་ཐུག་ཏུ་ངེས་པར་འབྱུང་བའི་དབང་དུ་བྱས་ནས་རྣམ་ཀུན་མཁྱེན་ཉིད་ཀྱི་ངེས་འབྱུང་སྒྲུབ་པ། སློབ་ལམ་མཐར་ཐུག་ཏུ་ངེས་པར་འབྱུང་བའི་དབང་དུ་བྱས་ནས་ལམ་གྱི་ཡུལ་ཅན་གྱི་ངེས་འབྱུང་སྒྲུབ་པ་བཞག །གཉིས་པའི་དབང་དུ་བྱས་ནས་ལྷག་མ་དྲུག་བཞག་པ་ཡིན་ནོ། །དེས་ན། རྣམ་མཁྱེན་ལྟ་བུ་ངེས་པར་འབྱུང་ས་ཡིན་པའི་མུ། ས་བརྒྱད་པ་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་གྱི་མཁྱེན་པ་ལྟ་བུ་ངེས་འབྱུང་སྒྲུབ་པ་ཡིན་པའི་མུ། རྒྱུན་མཐའི་ཡེ་ཤེས་ལྟ་བུ་གཉིས་ཀ་ཡིན་པའི་མུ། མ་དག་ས་བདུན་ལྟ་བུ་གཉིས་ཀ་མ་ཡིན་པའི་མུ་དང་བཞིའོ། །

བཞི་པ་ལ། སྤང་བྱ་སྤོང་བའི་དབང་དུ་བྱས་པའི་གྲངས་ངེས་དང་། ཐོབ་བྱ་ཐོབ་པའི་དབང་དུ་བྱས་པའི་གྲངས་ངེས་གཉིས། དང་པོ་ནི། ཐེག་ཆེན་སྒྲུབ་པ་ལ་བཞིར་འཇོག་པའི་རྒྱུ་མཚན་ཡོད་དེ། བྱང་ཆུབ་སེམས་དཔས་སྒྲིབ་གཉིས་སྤོང་བའི་ཕྱིར་དུ་བསམ་པས་གོ་ཆ་གྱོན། སྦྱོར་བས་གཡུལ་དུ་འཇུག །ཚོགས་གཉིས་ཀྱི་དཔུང་བསགས་ཏེ། སྒྲིབ་པ་ཀུན་ལས་རྒྱལ་བའི་ཡོན་ཏན་ལ་དབང་འབྱོར་བར་བྱེད་པའི་ཕྱིར། གཉིས་པ་ནི། ཐེག་ཆེན་སྒྲུབ་པ་ལ་བཞིར་འཇོག་པའི་རྒྱུ་མཚན་ཡོད་དེ། བྱང་ཆུབ་སེམས་དཔས་འབྲས་བུ་ཐོབ་པའི་ཕྱིར་དུ་བསམ་པས་གོ་ཆ་གྱོན། ལམ་ཉམས་ལེན་ལ་འཇུག །ཚོགས་གཉིས་རྒྱ་ཆེན་པོ་བསགས་ཏེ། འབྲས་བུ་མངོན་དུ་བྱེད་པའི་ཕྱིར།

ལྔ་པ་ནི། རྒྱུ་འབྲས་དོན་གྱི་གོ་རིམ་ཡིན་ཏེ། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་འབྱུང་བའི་ཕྱིར།

དྲུག་པ་ནི། སྦྱོར་བ་དང་ཞེས་པའི་སྐབས་ནས་བསྟན་པའི་སྦྱོར་བ་ལ། མཐོང་ལམ་ལ་བརྒྱུད་ནས་སྦྱོར་བ་དང་། ཉེ་བར་སྦྱོར་བ། མངོན་སུམ་དུ་སྦྱོར་བ་གསུམ་ཡོད་ལ། དང་པོ་ཚོགས་ལམ་ན་གོ་སྒྲུབ་ཡོད། གཉིས་པ་སྦྱོར་ལམ་དྲོད་ནས་འཇུག་སྒྲུབ་ཡོད། གསུམ་པ་ཆོས་མཆོག་ཆེན་པོ་ན་ཚོགས་སྒྲུབ་དང་པོ་བཅོ་ལྔ་ཡོད། ཕྱི་མ་གཉིས་མཐོང་སྒོམ་གྱིས་བསྡུས། ངེས་འབྱུང་སྒྲུབ་པ་དག་པ་ས་གསུམ་ན་ཡོད་དོ། །

གཉིས་པ་ལ། གོ་སྒྲུབ། འཇུག་སྒྲུབ། ཚོགས་སྒྲུབ་ལས་འཕྲོས་པའི་དོན་དང་གསུམ། དང་པོ་ནི། དེ་དག་སོ་སོར་སྦྱིན་ལ་སོགས། །ཞེས་པས། ཡུལ་ཅན་གོ་སྒྲུབ་དང་། ཡུལ་ཕ་རོལ་ཏུ་ཕྱིན་པའི་གོ་སྒྲུབ་གཉིས་ལས་དང་པོ་གོང་དུ་བཤད་ཟིན། གཉིས་པ་ལ། ངོ་བོ། དབྱེ་བ། སྒྲ་དོན། འབྲས་བུ་དང་བཞི། དང་པོ་ལ་རྒྱན་ལས་བཤད་ཚུལ་དང་། སློབ་དཔོན་གྱི་དགོངས་པ་གཉིས། དང་པོ་ནི། ཁྱད་ཆོས་བཞི་ལྡན་གྱི་གཏོང་བའི་སེམས་པ་མཚུངས་ལྡན་དང་བཅས་པ་ནས་རིམ་བཞིན། དེ་ལྡན་གྱི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་མཚུངས་ལྡན་དང་བཅས་པ། ཁྱད་ཆོས་བཞི་ནི། རྒྱན་ལས། སྦྱིན་པའི་མི་མཐུན་ཕྱོགས་ཉམས་དང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཞེས་པས་མཚོན་ནོ། །གཉིས་པ་ནི། དྲུག་ཀ་སངས་རྒྱས་ཀྱི་ས་ཁོ་ནར་བཞག་སྟེ། མཚན་ཉིད་རིམ་བཞིན། སྲིད་ཞིའི་ཕ་རོལ་ཏུ་སོན་པ་མཐར་ཐུག་པའི་ཞེས་པ་དྲུག་ཀའི་མགོ་བོར་སྦྱར་ཏེ། གཏོང་བའི་སེམས་པ་མཚུངས་ལྡན་དང་བཅས་པ། སྤོང་བའི་སེམས་པ་མཚུངས་ལྡན་དང་བཅས་པ། མི་འཁྲུགས་པའི་སེམས་པ་མཚུངས་ལྡན་དང་བཅས་པ། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་མཚུངས་ལྡན་དང་བཅས་པ། དམིགས་པ་ལ་སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་མཚུངས་ལྡན་དང་བཅས་པ། གཉིས་པ་ལ། སྦྱིན་པ་ལ་ཟང་ཟིང་གི་སྦྱིན་པ། ཆོས་ཀྱི་སྦྱིན་པ། མི་འཇིགས་པའི་སྦྱིན་པ། བྱམས་པའི་སྦྱིན་པ་དང་བཞི། དེ་བཞིན་དུ། ཚུལ་ཁྲིམས་ལ། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་གསུམ། བཟོད་པ་ལ། སྡུག་བསྔལ་དང་ལེན་གྱི་བཟོད་པ། གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ། ཆོས་ལ་ངེས་རྟོགས་ཀྱི་བཟོད་པ་གསུམ། བརྩོན་འགྲུས་ལ། གོ་ཆའི་བརྩོན་འགྲུས། སྦྱོར་བའི་བརྩོན་འགྲུས། མི་ལྡོག་པའི་བརྩོན་འགྲུས་དང་གསུམ། བསམ་གཏན་ལ། མཐོང་ཆོས་ལ་བདེར་གནས་ཀྱི་བསམ་གཏན། ཡོན་ཏན་ཁྱད་པར་ཅན་སྒྲུབ་པའི་བསམ་གཏན། སེམས་ཅན་དོན་བྱེད་ཀྱི་བསམ་གཏན་དང་གསུམ། ཤེས་རབ་ལ། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་གསུམ་མོ། །དེ་ལ་སྦྱིན་པ་ནི། མདོ་སྡེ་རྒྱན་ལས། དེ་ཡང་སེར་སྣ་མེད་ལྡན་དང་། །ཆོས་དང་མི་འཇིགས་ཟང་ཟིང་གཏོང་། །སྦྱིན་པ་དེ་འདྲར་ཡོངས་ཤེས་ནས། །མཁས་པས་ཡང་དག་སྒྲུབ་པར་བྱེད། །ཅེས་སོ། །ཁྱད་པར་དུ་ཡང་ཆོས་ཀྱི་སྦྱིན་པ་ནི་མཆོག་ཏུ་བཤད་དེ། འོད་སྲུང་གི་མདོ་ལས། དག་ཅིང་ཟང་ཟིང་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་སྦྱིན་བྱེད་རྒྱལ་བས་མཆོག་ཏུ་བསྔགས། །ཞེས་སོ། །ཚུལ་ཁྲིམས་ནི། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་སོ། །བཟོད་པ་ནི། སྤྱོད་འཇུག་ལས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཞེས་སོ། །བརྩོན་འགྲུས་ནི། མདོ་ལས། བརྩོན་ལ་བྱང་ཆུབ་འདི་གནས་ཏེ། །མི་བརྩོན་པ་ལ་གནས་མ་ཡིན། །བརྩོན་པས་དགེ་བ་ཐམས་ཅད་སྡུད། །བརྩོན་པས་ཡོན་ཏན་རྣམ་པར་འཕེལ། །ཞེས་སོ། །བསམ་གཏན་ནི། ལང་ཀར་གཤེགས་པ་ལས། །བྱིས་པ་ཉེར་སྤྱོད་བསམ་གཏན་དང་། །དོན་རབ་འབྱེད་པའི་བསམ་གཏན་དང་། །དེ་བཞིན་གཤེགས་པའི་བསམ་གཏན་ཏེ། །ཞེས་སོ། །ཤེས་རབ་ནི། རྒྱན་ལས། ཤེས་རབ་མཆོག་ཡིན་དེའི་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག །ཅེས་སོ། །གསུམ་པ་ནི། རྒྱན་ལས། དབུལ་བ་འདོར་བར་བྱེད་པ་དང་། །བསིལ་བ་ཐོབ་དང་ཁྲོ་བཟོད་དང་། །མཆོག་སྦྱོར་བ་དང་ཡིད་འཛིན་དང་། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་སོ། །བཞི་པ་ནི། རྒྱན་ལས། ཡེ་ཤེས་བསམ་གྱིས་མི་ཁྱབ་ཡུལ། །རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ། །ཅེས་གསུངས་སོ། །

གཉིས་པ་འཇུག་སྒྲུབ་ལས་འཕྲོས་པའི་དོན་ལ། ཚད་མེད་པ་བཞི་དང་། ཞེས་པའི་སྐབས་སུ་ཚད་མེད་པའི་ཏིང་ངེ་འཛིན་ལ། རྒྱུ། ངོ་བོ། སྒོམ་ཚུལ། སྒོམ་པའི་འབྲས་བུ་དང་བཞི། དང་པོ་ལ། ལུས་རྟེན་དང་། བསམ་རྟེན་གཉིས། དང་པོ་ལ། གང་ཟག་གང་གིས་བསྐྱེད་པ་དང་། ཁམས་གང་དུ་བསྐྱེད་པ་གཉིས། དང་པོ་ནི། བསམ་གཏན་གྱི་དངོས་གཞི་ཐོབ་པའི་ལམ་མ་ཞུགས་དང་། ལམ་ཞུགས་གཉིས་ཀའི་རྟེན་ལ་དངོས་སུ་སྐྱེར་རུང་སྟེ། ཀུན་བཏུས་སུ། འདིའི་ལུས་རྟེན་ལ་ཕྱི་རོལ་པ་དང་། ཉན་ཐོས་དང་། བྱང་སེམས་གསུམ་ཀ་ཡོད་པར་བཤད་པའི་ཕྱིར། །གཉིས་པ་ནི། སྔར་མེད་གསར་དུ་སྐྱེ་བ་འདོད་པའི་རྟེན་ལ་སྐྱེ་དགོས་ཏེ། དང་པོར་ཕ་རོལ་སྡུག་བསྔལ་གྱིས་མནར་བ་ལ་སོགས་མཐོང་ནས་དེ་དང་བྲལ་འདོད་ཀྱི་སྒོ་ནས་སྐྱེ་དགོས་པའི་ཕྱིར། ཐོབ་ཟིན་གནས་པ་གཟུགས་ཀྱི་རྟེན་ལའང་ཡོད་ལ། གཟུགས་མེད་ཁམས་ན་མེད་དེ། དེར་ཕ་རོལ་དམིགས་ཡུལ་དུ་བྱས་ནས་སྡུག་བསྔལ་བསལ་འདོད་ཀྱི་བློ་དངོས་སུ་སྐྱེ་མི་ནུས་པའི་ཕྱིར། གཉིས་པ་ནི། བསམ་གཏན་གྱི་དངོས་གཞི་གང་རུང་ལ་བརྟེན་དགོས་ཏེ། དེ་ལྟར་དུ་ཀུན་བཏུས་སུ་བཤད་པའི་ཕྱིར། གཉིས་པ་ལ། མཚན་ཉིད། སྒྲ་དོན། དབྱེ་བ། གྲངས་ངེས། ས་མཚམས་དང་ལྔ། དང་པོ་ནི། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་སེམས་ཅན་ཚད་མེད་པ་ལ་བརྩེ་བའི་བསམ་པ་ཕུན་ཚོགས། གཉིས་པ་ནི། དམིགས་ཡུལ་སེམས་ཅན་ཚད་མེད་པ་ལ་དམིགས་ནས་འབྲས་བུ་ཚོགས་གཉིས་ཚད་མེད་པ་གསོག་པས་ན་ཚད་མེད་པ་ཞེས་བྱའོ། །གསུམ་པ་ལ། བྱམས་པ། སྙིང་རྗེ། དགའ་བ། བཏང་སྙོམས་ཚད་མེད་པའི་ཏིང་ངེ་འཛིན་དང་བཞི། མཚན་ཉིད་རིམ་བཞིན། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་སེམས་ཅན་ཚད་མེད་པ། ཞེས་པ་བཞི་ཀའི་མགོར་སྦྱར་ཏེ། བདེ་བ་དང་འཕྲད་པར་འདོད་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། དེ་བཞིན་དུ། སྡུག་བསྔལ་དང་བྲལ་བར་འདོད་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། བདེ་བ་དང་མི་འབྲལ་བར་འདོད་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། ཆགས་སྡང་ཉེ་རིང་དང་བྲལ་བར་འདོད་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་སྟེ། རྒྱན་ལས། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བདེ་བའི་དགོངས་པ་ཅན། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །རྣམ་པའི་སྒོ་ནས་དེ་རེ་རེ་ལའང་སེམས་ཅན་ལ་དམིགས་པའི་བྱམས་པ་ཚད་མེད། ཆོས་ལ་དམིགས་པའི་བྱམས་པ་ཚད་མེད། དམིགས་པ་མེད་པ་ལ་དམིགས་པའི་བྱམས་པ་ཚད་མེད་སོགས་གསུམ་གསུམ་ཡོད། འདི་དག་གི་མཚན་ཉིད། བྱམས་པ་ཚད་མེད་ཀྱི་ཏིང་ངེ་འཛིན་གང་ཞིག །བདེ་བ་དོན་གཉེར་གྱི་སེམས་ཅན་ལ་དམིགས་ནས་བདེ་བ་དང་འཕྲད་པར་འདོད་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། དེ་གང་ཞིག །གང་ཟག་གི་བདག་མེད་རྟོགས་པའི་སྒོ་ནས་སེམས་ཅན་ལ་དམིགས་པའི། དེ་གང་ཞིག །བདེན་མེད་རྟོགས་པའི་སྒོ་ནས་སེམས་ཅན་ལ་དམིགས་པའི། དེ་བཞིན་དུ་ཚད་མེད་གཞན་གསུམ་ལའང་། དབྱེ་གཞི་གང་ཞིག །སྡུག་བསྔལ་གྱིས་ཉམ་ཐག་པའི་སེམས་ཅན་ལ་དམིགས་ནས་དེ་དང་བྲལ་བར་འདོད་པའི། བདེ་བ་དང་ལྡན་པའི་སེམས་ཅན་ལ་དམིགས་ནས་དེ་དང་མི་འབྲལ་བར་འདོད་པའི་ཆགས་སྡང་དང་ལྡན་པའི་སེམས་ཅན་ལ་དམིགས་ནས་དེ་དང་བྲལ་བར་འདོད་པའི། དེས་རིགས་འགྲེའོ། །བཞི་པ་ནི། ཚད་མེད་པའི་ཏིང་ངེ་འཛིན་བཞིར་འཇོག་པའི་རྒྱུ་མཚན་ཡོད་དེ། དེའི་མི་མཐུན་ཕྱོགས་ལ་གནོད་སེམས། རྣམ་འཚེ། ཡིད་མི་བདེ། ཆགས་སྡང་མངོན་འགྱུར་བ་དང་བཞི་ཡོད་ལ། དེ་དག་གི་གཉེན་པོའི་དབང་དུ་བྱས་ནས་ཚད་མེད་པ་བཞི་རིམ་གྱིས་བཞག་པའི་ཕྱིར་ཏེ། མཛོད་ལས། ཚད་མེད་པ་ནི་བཞི་ཡིན་ཏེ། །གནོད་སེམས་ལ་སོགས་གཉེན་པོའི་ཕྱིར། །ཞེས་སོ། །ལྔ་པ་ནི། སེམས་ཅན་ལ་དམིགས་པའི་ཚད་མེད་བཞི་ལམ་མ་ཞུགས་ནས་ཡོད། ཆོས་ལ་དམིགས་པ་ལམ་མ་ཞུགས་ནས་ཡོད། དམིགས་པ་མེད་པ་ལ་དམིགས་པ་ཐེག་ཆེན་གྱི་ཚོགས་ལམ་ནས་ཡོད་དོ། །བཞི་པ་ནི། མ་དྲོས་པས་ཞུས་པའི་མདོ་ལས། སེམས་ཅན་རྣམས་ལ་བྱམས་པའི་སེམས་མཉམ་པ། །རྟག་ཏུ་ཐམས་ཅད་མཁྱེན་པའི་སེམས་འཛིན་ཅིང་། །སྙིང་རྗེས་སེམས་ཅན་རྣམས་ནི་མི་གཏོང་དང་། །དགའ་བས་འཁོར་བ་ན་ནི་སྐྱོ་བ་མེད། །བཏང་སྙོམས་ཆེན་པོས་སྐྱོན་རྣམས་སྤངས་པ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །

ཞར་བྱུང་བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་བཤད་པ་ནི། དེ་ལ་བསམ་གཏན་བཞིའི་ངོ་བོ་བཤད་པ། གཟུགས་མེད་བཞིའི་ངོ་བོ་བཤད་པ། དེ་ལས་འཕྲོས་པ་ཡན་ལག་དང་། སྙོམས་འཇུག་དང་། ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ཚད་བཤད་པ་དང་དྲུག་གོ །དང་པོ་ལ། བསམ་གཏན་དང་པོ་ནི། འདོད་པའི་ཉོན་མོངས་པ་དང་མི་ལྡན་ཞིང་འདོད་པའི་དངོས་པོ་ལ་མི་དམིགས་པས་འདོད་པས་དབེན་པ་མི་དགེ་བའི་ཆོས་མཐའ་དག་གིས་དབེན་པ། འདོད་པའི་གཉེན་པོ་རྟོག་དཔྱོད་ལས་སྐྱེས་པ་དབེན་པ་ལས་སྐྱེས་པ་ལུས་སེམས་ཤིན་ཏུ་སྦྱངས་པའི་དགའ་བདེ་དང་ལྡན་པའོ། །བསམ་གཏན་གཉིས་པ་ནི། རྟོག་དཔྱོད་སེམས་འཁྲུགས་བྱེད་ཀྱི་སྐྱོན་དུ་མཐོང་ནས་དེ་ལས་བཟློག་སྟེ། གཡེང་བའི་དམིགས་པ་དང་བྲལ་ནས་རྩེ་གཅིག་ཏུ་སྤྱོད་པའི་དམིགས་པ་དང་ལྡན་པས་ཞི་བ། ནང་རབ་ཏུ་དང་བ་རྟོག་དཔྱོད་དང་བྲལ་ཞིང་དེས་གླགས་མི་རྙེད་པས་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པའོ། །བསམ་གཏན་གསུམ་པ་ནི། དགའ་བ་ཡང་རགས་པ་ཉིད་ཀྱིས་བཏང་སྙོམས་སུ་བྱེད་པའི་ཕྱིར་དྲན་ཤེས་བཞིན་དང་ལྡན་པའི་གཟུགས་དང་ཡིད་ཀྱི་ལུས་ཀྱི་བདེ་བ་དང་ཤིན་ཏུ་སྦྱངས་པའི་བདེ་བ་དང་ལྡན་པའོ། །བསམ་གཏན་བཞི་པ་ནི། བདེ་སྡུག་ཡིད་མི་བདེ་དང་བྲལ་བ་དྲན་པ་བཏང་སྙོམས་སུ་དག་པ་དང་ལྡན་པ་ཚོར་བ་བཏང་སྙོམས་དང་ལྡན་པའོ། །

གཉིས་པ་གཟུགས་མེད་ནམ་མཁའ་མཐའ་ཡས་ནི། སྐྱེད་མོས་ཚལ་དང་ཁང་བཟང་དང་སྒྲིབ་པ་སོགས་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ལ་འདོད་ཆགས་དང་བྲལ་བས་དེ་རྣམས་སྣང་བ་མེད་པས་ནམ་མཁའ་མཐའ་ཡས་སོ་ཞེས་དམིགས་ཤིང་མོས་པའོ། །རྣམ་ཤེས་མཐའ་ཡས་ནི། ཤེས་པ་གང་གིས་ནམ་མཁའ་མཐའ་ཡས་སོ་སྙམ་པའི་ཤེས་པ་དེ་ཁོ་ན་མཐའ་ཡས་སོ་ཞེས་མོས་ཏེ་ཐམས་ཅད་དུ་ནམ་མཁའི་འདུ་ཤེས་བཟློག་སྟེ་བསྒོམ་པའོ། །ཅི་ཡང་མེད་པ་ནི། རྣམ་ཤེས་མཐའ་ཡས་ལས་གོང་དུ་བསྐྱོད་པས་གཟུགས་ཅན་གཟུགས་མེད་ཀྱི་དམིགས་པ་ཅི་ཡང་མ་རྙེད་ནས་ཅི་ཡང་མེད་དོ་ཞེས་དམིགས་ཏེ་བསྒོམ་པའོ། །སྲིད་རྩེ་ནི། ཅི་ཡང་མེད་དོ་སྙམ་པའི་འདུ་ཤེས་རགས་པར་མཐོང་ནས་བཟློག་ཅིང་ཅི་ཡང་གི་འདུ་ཤེས་སྔར་བཟློག་ཟིན་པས་འདུ་ཤེས་མེད་འདུ་ཤེས་ཕྲ་བ་མ་སྤངས་པར་ཡོད་པའོ། །

གཉིས་པ་ཡན་ལག་ལ། བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་ལ་ཡན་ལག་ལྔ་ལྡན་ཏེ། གཉེན་པོའི་ཡན་ལག་རྟོག་དཔྱོད་གཉིས། ཕན་ཡོན་གྱི་ཡན་ལག་དགའ་བདེ་གཉིས། གནས་ཀྱི་ཡན་ལག་ཏིང་ངེ་འཛིན་དང་ལྔ་ལྡན་པའི་ཕྱིར། བསམ་གཏན་གཉིས་པ་ལ། གཉེན་པོའི་ཡན་ལག་ནང་རབ་ཏུ་དང་བ། ཕན་ཡོན་གྱི་ཡན་ལག་དགའ་བདེ་གཉིས། གནས་ཀྱི་ཡན་ལག་སེམས་རྩེ་གཅིག་པ་དང་བཞི་ལྡན་པའི་ཕྱིར། བསམ་གཏན་གསུམ་པ་ལ། གཉེན་པོའི་ཡན་ལག་དྲན་པ་ཤེས་བཞིན། བཏང་སྙོམས་གསུམ་དང་། ཕན་ཡོན་གྱི་ཡན་ལག་སེམས་བདེ། གནས་ཀྱི་ཡན་ལག་ཏིང་ངེ་འཛིན་དང་ལྔ་ལྡན་པའི་ཕྱིར། བསམ་གཏན་བཞི་པ་ལ། གཉེན་པོའི་ཡན་ལག་དྲན་པ་ཡོངས་དག་དང་། བཏང་སྙོམས་ཡོངས་དག་གཉིས། ཕན་ཡོན་གྱི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་བཏང་སྙོམས། གནས་ཀྱི་ཡན་ལག་ཏིང་ངེ་འཛིན་དང་བཞི་ལྡན་པའི་ཕྱིར་རོ། །

གཟུགས་མེད་རྣམས་ཡན་ལག་འདྲ་བས་འདའ་བ་མ་ཡིན་ཏེ་ཐམས་ཅད་ཀྱི་ཡན་ལག་བཏང་སྙོམས་དང་རྩེ་གཅིག་པར་མཚུངས་པས་སོ། །དེ་ཡང་དམིགས་པ་ལས། ཡང་དག་པར་འདའ་བ་མ་ཡིན་ལ། ཞི་རགས་ཀྱི་ཁྱད་པར་ཡོད་དེ་རས་ཡུག་ཆུ་ཞེང་མཉམ་ཡང་ཕྲ་སྦོམ་གྱི་ཁྱད་པར་ཡོད་པ་བཞིན་ནོ། །གསུམ་པ་ནི། ཡིད་ལ་བྱེད་པ་བདུན་གྱིས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་སྟེ། མཚན་ཉིད་རབ་ཏུ་རིག་པ་མོས་པ་ལས་བྱུང་བ་དང་། རབ་ཏུ་དབེན་པ་དང་། དགའ་བ་སྡུད་པ་དང་། དཔྱོད་པ་དང་སྦྱོར་བའི་མཐའ་དང་། སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པའོ། །དང་པོ་ནི། མཉམ་པར་བཞག་པའི་ས་པའི་ཡིད་ལ་བྱེད་པས་ཉོན་མོངས་པ་དང་སྡུག་བསྔལ་གྱི་ཉེས་དམིགས་ཤས་ཆེ་ཞིང་རགས་པ་འདོད་པའི་ཕྱིར་དང་། དེ་ཆུང་ཞིིང་ཞི་བ་བསམ་གཏན་དང་པོའི་མཚན་ཉིད་དུ་ཐོས་བསམ་གྱི་རིམ་པའོ། །གཉིས་པ་ནི། དེ་ནས་གཅིག་ཏུ་སྒོམ་པའི་རྣམ་པས་ཞི་རགས་ཀྱི་མཚན་མ་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་སྒོམ་ཞིང་རྟོག་དཔྱོད་ཀྱིས་ཞི་རགས་སུ་མོས་པའོ། །གསུམ་པ་ནི། དེ་གོམས་པས་ཉོན་མོངས་པ་ཆེན་པོ་གསུམ་སྤོང་བའི་ལམ་མོ། །བཞི་པ་ནི། སྤོང་བ་ལ་དགའ་བས་ཉོན་མོངས་པ་འབྲིང་སྤངས་ཏེ་དབེན་པའི་དགའ་བདེ་ཆུང་ངུས་རེག་ལ། དུས་དུས་སུ་དད་པས་རྨུགས་པ་དང་གཉིད་དང་འགྱོད་དང་རྒོད་དང་བྲལ་བར་བྱ་བའི་ཕྱིར་རབ་ཏུ་དགའ་བར་བྱེད་པའོ། །ལྔ་པ་ནི། འདོད་པའི་ཉོན་མོངས་སྤངས་སམ་མ་སྤངས་ཤེས་པའི་དོན་དུ་སྡུག་པའི་མཚན་མ་ཡིད་ལ་བྱེད་པ་སོགས་སྐྱེ་མི་སྐྱེ་རྟོག་པའོ། །དྲུག་པ་ནི། དེ་ནས་ཉོན་མོངས་པ་ཆུང་ངུ་གསུམ་སྤང་བར་བྱ་བའི་ཕྱིར་དང་པོའི་དངོས་གཞི་ལ་ཐུག་པའི་བར་དུ་གཉེན་པོ་སྒོམ་པ་སྟེ་དྲུག་པོ་ཉེར་བསྡོགས་ཡིན་ལ། དེ་ལ་བརྟེན་ནས་ཉོན་མོངས་པ་སྤོང་མི་ནུས་པ་མེད་པས་ན་མི་ལྕོགས་པ་མེད་པའོ། །བདུན་པ་ནི། དང་པོའི་དངོས་གཞིའོ། །དེ་བཞིན་དུ་འོག་མ་རྣམས་སུ་དུཿཁ་ཆེ་ཞིང་ཚེ་ཐུང་། གོང་མ་རྣམས་དེ་ལས་ལྡོག་པས་རགས་པ་དང་ཞི་བས་སྤང་བྱ་དང་བླང་བྱར་ཤེས་ནས་དེའི་སེམས་འཇོག་པ་དང་པོའོ། །previous hit དེའིའོགཏུ next hit་ཡང་དག་པའི་སྦྱོར་བ་རྩོམ་པ་གཉིས་པའོ། །འོག་མའི་ཉོན་མོངས་པ་ཆེན་པོ་སྤོང་བ་གསུམ་པ། འབྲིང་སྤོང་བ་བཞི་པ། ཐོབ་པ་མངོན་པའི་ང་རྒྱལ་སྤོང་བ་ལྔ་པ། ཆུང་ངུ་སྤོང་བ་དྲུག་པ། དེ་ལྟར་སྒོམ་པའི་འབྲས་བུས་དངོས་གཞི་ཉམས་སུ་མྱོང་བ་བདུན་པ་སྟེ་སྲིད་རྩེའི་བར་དུ་སྙོམས་པར་འཇུག་པའོ། །བཞི་པ་ནི། སྲེད་པ་ལྟ་བ་ང་རྒྱལ་མ་རིག་པ་ཉོན་མོངས་ཅན་དུ་གྱུར་པས་བསྒྲིབས་ལ་ལུང་དུ་མ་བསྟན་པར་འགྱུར་རོ། །ལྔ་པ་ནི། དག་སའི་བསམ་གཏན་གཟུགས་མེད་ནི་དགེ་བའི་ཕྱིར་ཀུན་ནས་དཀྲིས་པའི་དྲི་མ་དང་བྲལ་བས་རྣམ་བྱང་ཞེས་བྱ་ལ། རབ་ཀྱི་མཐའི་ཆ་ལས་བྱུང་བའི་བསམ་གཏན་གཟུགས་མེད་ནི་ཡོན་ཏན་ཁྱད་པར་ཅན་མངོན་པར་བསྒྲུབ་པའི་ཕྱིར་འདོད་པ་བཞིན་དུ་ལས་སུ་རུང་བས་མཆོག་ཏུ་འགྲོ་བར་བྱེད་པས་རྣམ་པར་དག་པ་ཞེས་བྱའོ། །དྲུག་པ་ནི། ཡིད་ལ་བྱེད་པ་དེ་དག་ལ་ཆུང་འབྲིང་ཆེན་པོར་བསྒོམས་པས་བསམ་གཏན་བཞིའི་སྐྱེ་བ་གསུམ་གསུམ་འགྲུབ་བོ། །གཟུགས་མེད་༼ན་༽གཞལ་མེད་ཁང་གི་གནས་གཞན་མེད་པས་སྐྱེ་བའི་བྱེ་བྲག་མེད་ཀྱང་ཆུང་ངུ་ལ་སོགས་པར་བསྒོམས་པས་ཚེ་རིང་ཐུང་གིས་མཐོ་དམའ་དང་ཉོན་མོངས་མང་ཉུང་གིས་བཟང་ངན་གྱི་ཁྱད་པར་ཡོད་དོ། །དེ་ཡང་མདོ་ལས། རྟོག་དཔྱོད་གཉིས་ཀ་དང་བཅས་པའི་ཏིང་ངེ་འཛིན། རྟོག་པ་མེད་ལ་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན། དེ་གཉིས་ཀ་མེད་པའི་ཏིང་ངེ་འཛིན་གསུམ་གསུངས་པ་གང་ལ་བྱེད་ཅེ་ན། དང་པོ་ནི་བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་བ། གཉིས་པ་ནི་དེའི་དངོས་གཞི་ཁྱད་པར་ཅན། གསུམ་པ་ནི་བསམ་གཏན་གཉིས་པ་ཡན་ཆད་ཀྱི་དངོས་གཞི་ལ་བཤད་དོ། །ཞེས་སོ། །བསམ་གཏན་དང་པོའི་དངོས་གཞི་ལ་ཙམ་ཁྱད་གཉིས་ལས་དང་པོ་ནི་རྟོག་དཔྱོད་ལ་སོགས་པའི་སྐྱོན་ཐམས་ཅད་ལྡན་པ་ལ་བྱེད་ཅིང་། ཁྱད་པར་བ་ནི་རྟོག་པ་སྤངས་པའི་ཆ་ལས་སོ། །དག་པ་བ་ལ་གཉིས་ཏེ། འཇིག་རྟེན་པའི་དགེ་རྩའི་ངོ་བོར་གྱུར་པའི་སྙོམས་འཇུག་དང་། འཇིག་རྟེན་ལས་འདས་པའི་ངོ་བོར་གྱུར་པའི་སྙོམས་འཇུག་གོ །བསམ་གཏན་བཞི་པ་ལ་མི་གཡོ་བ་ཞེས་བྱ་སྟེ། བསམ་གཏན་གྱི་སྐྱོན་བརྒྱད་ལས་གྲོལ་བའི་ཕྱིར། སྐྱོན་བརྒྱད་ནི། རྟོག་པ། དཔྱོད་པ། དབུགས་འབྱུང་བ་དང་། རྔུབ་པ་དང་། བདེ་བ་དང་། སྡུག་བསྔལ་དང་། ཡིད་བདེ་དང་། ཡིད་མི་བདེ་རྣམས་སོ། །དངོས་གཞིའི་སྙོམས་འཇུག་གི་རྫས་རྣམ་པ་བརྒྱད་ནི། བསམ་གཏན་བཞི་དང་། གཟུགས་མེད་བཞིའི་སྙོམས་འཇུག་བཞི་སྟེ་བརྒྱད་དོ། །དང་པོ་བདུན་ལ་རེ་རེ་ལའང་རྣམ་པ་གསུམ་གསུམ་ཡོད་དེ། རོ་མྱང་ལྡན་པ། ཉོན་མོངས་ཅན། དག་པ་བ། ཟག་མེད་དང་གསུམ་གསུམ་ཡོད་པའི་ཕྱིར། བརྒྱད་པ་ལ་རྣམ་པ་གཉིས་ཏེ། དག་པ་བ་དང་ཉོན་མོངས་ཅན་གཉིས་ཡོད་པའི་ཕྱིར། དེ་ཡང་རོ་མྱང་ལྡན་ནི། སྲིད་པ་དང་བཅས་པའི་དོན་ནོ། །དག་པ་བ་ནི། འཇིག་རྟེན་པའ་ིདགེ་རྩའི་ངོ་བོར་གྱུར་པའི་སྙོམས་འཇུག །ཟག་མེད་ནི་འདས་ལམ་གྱི་ངོ་བོར་གྱུར་པའི་སྙོམས་འཇུག་གོ །ཉོན་མོངས་ཅན་ལ་བསམ་གཏན་གྱི་ཡན་ལག་དེ་དག་ཚང་བར་མི་ལྡན་དེ། བསམ་གཏན་བཞིའི་ཉོན་མོངས་ཅན་ལ་དང་པོའི་དགའ་བདེ། གཉིས་པའི་ནང་རབ་ཏུ་དང་བ། གསུམ་པའི་དྲན་ཤེས་བཞིན། བཞི་པའི་བཏང་སྙོམས་ཡོངས་དག་དང་དྲན་པ་ཡོངས་དག་ལྡན་པ་མེད་དོ། །ཁ་ཆེ་འདུས་བཟང་སོགས་ཁ་ཅིག་ཤིན་སྦྱངས་དང་བཏང་སྙོམས་ཀྱང་མི་ལྡན་ཏེ། དེ་དག་དགེ་བའི་ས་པ་ཡིན་པའི་ཕྱིར་གསུངས་སོ། །དེ་ལྟར་ཡང་མཛོད་ལས། དེ་ལྟར་སྙོམས་འཇུག་དངོས་གཞིའི་རྫས། །རྣམ་པ་བརྒྱད་བདུན་རྣམ་པ་གསུམ། །རོ་མྱང་ལྡན་དང་དག་པ་དང་། །ཟག་མེད་བརྒྱད་པ་རྣམ་པ་གཉིས། །རོ་མྱང་མཚུངས་ལྡན་སྲིད་བཅས་སོ། །འཇིག་རྟེན་པ་ཡི་དགེ་བ་ནི། །དག་པ་དེ་ནི་དེས་མྱང་བྱས། །ཟག་མེད་འཇིག་རྟེན་འདས་པའོ། །དང་པོ་ལ་ལྔ་རྟོག་དཔྱོད་དང་། །དགའ་དང་བདེ་དང་ཏིང་འཛིན་རྣམས། །གཉིས་པ་ལ་ནི་ཡན་ལག་བཞི། །རབ་དང་དང་ནི་དགའ་ལ་སོགས། །གསུམ་པ་ལ་ལྔ་བཏང་སྙོམས་དང་། །དྲན་དང་ཤེས་བཞིན་བདེ་དང་གནས། །མཐའ་ན་བཞི་དྲན་བཏང་སྙོམས་དང་། །བདེ་མིན་སྡུག་མིན་ཏིང་འཛིན་རྣམས། །རྫས་སུ་བཅུ་གཅིག་དང་པོ་ན། །ཤིན་ཏུ་སྦྱངས་པ་བདེ་བ་ཡིན། །རབ་ཏུ་དང་བ་དང་བ་ཡིན། །ལུང་རྣམ་གཉིས་ཕྱིར་དགའ་ཡིད་བདེ། །ཉོན་མོངས་ཅན་ལ་དགའ་བདེ་དང་། །རབ་དང་ཤེས་བཞིན་དྲན་པ་དང་། །བཏང་སྙོམས་དྲན་པ་དག་པ་མེད། །ཁ་ཅིག་ཤིན་ཏུ་སྦྱངས་བཏང་སྙོམས། །སྐྱོན་བརྒྱད་ལས་ནི་གྲོལ་བའི་ཕྱིར། །བཞི་པ་གཡོ་བ་མེད་པ་ཡིན། །ཞེས་གསུངས་སོ། །ཁ་ཅིག་ན་རེ། བསམ་གཏན་གཉིས་པ་ཡན་ཆད་ཀྱི་གང་ཟག་གི་ལུས་ཀྱིས་རེག་བྱ་རེག་པ་དང་། མིག་གིས་གཟུགས་མཐོང་བ་དང་། རྣ་བས་སྒྲ་ཐོས་པ་མི་སྲིད་པར་ཐལ། གཉིས་པ་ཡན་ཆད་ཀྱི་སས་བསྡུས་ཀྱི་དབང་ཤེས་མེད་པའི་ཕྱིར་དང་། གཉིས་པ་ཡན་ཆད་ཀྱི་གང་ཟག་སྨྲ་བརྗོད་བྱེད་པ་མེད་པར་ཐལ། དེ་ཡན་ཆད་ཀྱི་ངག་སྨྲ་བརྗོད་ཀྱི་ཀུན་སློང་རྟོག་དཔྱོད་མེད་པའི་ཕྱིར་ཏེ། གཉིས་པ་ཡན་ཆོད་ཀྱི་སས་བསྡུས་ཀྱི་རྟོག་དཔྱོད་མེད་པའི་ཕྱིར་ཟེར་ན། སྐྱོན་མེད་དེ། གཉིས་པ་ལ་སོགས་པའི་གང་ཟག་གི་ལུས་མིག་རྣ་བའི་རྣམ་ཤེས་གསུམ་དང་། རྣམ་པར་རིག་བྱེད་ཀྱི་ཀུན་སློང་རྟོག་དཔྱོད་གང་ཡིན་པ་དེ་ནི་བསམ་གཏན་དང་པོར་གཏོགས་པའི་ཕྱིར་ཏེ། མཛོད་ལས། གཉིས་པ་སོགས་ན་ལུས་མིག་དང་། །རྣ་བའི་རྣམ་ཤེས་རྣམ་རིག་སློང་། །གང་ཡིན་དེ་ནི་དང་པོར་གཏོགས། །ཞེས་སོ། །དེ་ཡན་ཆད་ཀྱི་དབང་ཤེས་རྣམས་ཀྱང་མ་བསྒྲིབས་ལུང་མ་བསྟན་ཡིན་གྱི། ཉོན་མོངས་ཅན་དང་དགེ་བ་ཡང་མ་ཡིན་ཏེ། མཛོད་ལས། དེ་ལུང་མ་བསྟན་ཉོན་མོངས་མིན། །དེ་དང་མི་ལྡན་འདོད་ཆགས་བྲལ། །ཞེས་གསུངས་སོ། །

གསུམ་པ་ཚོགས་སྒྲུབ་ལས་འཕྲོས་པ་ནི། གཟུངས་ཀྱི་ཚོགས། ཡེ་ཤེས་ཀྱི་ཚོགས། སའི་ཚོགས་དང་གསུམ། དང་པོ་ནི། ཚིག་ལ་སོགས་པའི་གཟུངས་དང་། ཞེས་བཤད་པས། གཟུངས་ལ། རྒྱུ། ངོ་བོ། ཇི་ལྟར་སྒྲུབ་པའི་ཚུལ་དང་གསུམ། དང་པོ་ནི། བདག་རྐྱེན་བསམ་གཏན་གྱི་དངོས་གཞི་ཡིན་ལ་སྔོན་དགེ་བ་རྒྱ་ཆེན་པོ་གོམས་པ། ཚེ་འདིར་གསུང་རབ་མང་དུ་ཐོས་པ། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཏིང་ངེ་འཛིན་རྣམ་པར་དག་པ་ནི་ཉེ་བའི་རྒྱུ་ཡིན་ནོ། །གཉིས་པ་ལ། མཚན་ཉིད། སྒྲ་དོན། སོ་སོའི་རང་བཞིན། བྱེད་ལས། གྲངས་ངེས། ས་མཚམས་དང་དྲུག །དང་པོ་ནི། རང་ཉིད་གཟུངས་སུ་འགྲུབ་པར་བྱེད་པའི་རྒྱུ་ཕུན་སུམ་ཚོགས་པ་ལ་བརྟེན་ནས། གསུང་རབ་དཔག་ཏུ་མེད་པའི་ཚིག་དོན་ཅི་རིགས་པ་འཛིན་པར་ནུས་པའི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པ། གཉིས་པ་ནི། ཆོས་རྣམས་ཀྱི་ཚིག་དོན་དང་ལེགས་པའི་ལམ་འཛིན་པས་ན་གཟུངས་ཞེས་བྱ་སྟེ། གསུམ་པ་ལ། ཚིག་གི་གཟུངས། དོན་གྱི་གཟུངས། བཟོད་པའི་གཟུངས། གསང་སྔགས་ཀྱི་གཟུངས་དང་བཞི། མཚན་ཉིད་སོགས་རིམ་བཞིན། གཟུངས་བཞིའི་ནང་ཚན་གང་ཞིགགསུང་རབ་དཔག་ཏུ་མེད་པའི་ཚ ིག་མི་བརྗེད་པར་འཛིན་ནུས་པའི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པ། དེ་གང་ཞིག །གསུང་རབ་དཔག་ཏུ་མེད་པའི་དོན་འཛིན་པར་ནུས་པའི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པ། དེ་དག་ལ་ལུང་གི་ཆོས་ཀྱི་སྤྱན་དང་། ཆོས་རྒྱུན་གྱི་ཏིང་ངེ་འཛིན་དུ་ཡང་འཇོག་པ་ཡིན་ནོ། །དབྱེ་བ། དགེ་བའི་ལས་ཀྱི་རྣམ་སྨིན་ལ་བརྟེན་པ། གསུང་རབ་མང་དུ་ཐོས་པ་ལ་བརྟེན་པ། བདེན་མེད་རྟོགས་པའི་ཏིང་ངེ་འཛིན་ལ་བརྟེན་པ་དང་གསུམ། དེ་ཡང་དང་པོ་གཉིས་ལམ་མ་ཞུགས་ན་ཡོད་པས་ཆུང་ངུ་ཞེས་བྱ། ཕྱི་མ་ལམ་ཞུགས་ཁོ་ན་ལ་ཡོད་པས་ཆེན་པོའོ། །དེའང་རྒྱན་ལས། ཆེན་པོ་དེ་ཡང་རྣམ་པ་གསུམ། བློ་ལྡན་མ་ཞུགས་ཞུགས་པ་དང་། །མ་དག་ས་པ་རྣམས་ཀྱི་ནི། །ཆུང་ངུ་དང་ནི་འབྲིང་པོ་སྟེ། །དག་པའི་ས་པའི་གཟུངས་ཆེན་ཡིན། །ཞེས་གསུམ་དུ་བཤད་དོ། །དེ་གང་ཞིག །སྟོང་ཉིད་ལ་མི་སྐྲག་པའི་དྲན་པ་སོགས། དབྱེ་ན། སྟོང་ཉིད་ལ་མོས་སྤྱོད་དང་། དེ་མངོན་སུམ་དུ་རྟོགས་པ་གཉིས། དེ་གང་ཞིག །བདེན་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་རང་འབྲས་སུ་གྱུར་པའི་སྔགས་ཀྱི་ཚིག་རྣམས་འབྲས་བུ་འབྱིན་ནུས་སུ་བྱིན་གྱིས་བརླབ་པར་ནུས་པའི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པ། དབྱེ་ན། བདེན་མེད་དོན་སྤྱི་དང་མངོན་སུམ་དུ་རྟོགས་པ་གཉིས། བཞི་པ་ནི། རྒྱན་ལས། བྱང་ཆུབ་སེམས་དཔའ་ཡང་དང་ཡང་། །དེ་ལ་ཡང་དག་བརྟེན་ནས་ནི། །རྟག་ཏུ་དམ་པའི་ཆོས་དག་ཀྱང་། །རབ་ཏུ་སྟོན་ཅིང་འཛིན་པར་བྱེད། །ཅེས་སོ། །ལྔ་པ་ནི། གཟུངས་ཀྱི་ཡུལ་ལ་ཚིག །དོན། ཡུལ་ཅན་ཡེ་ཤེས་དང་གསུམ་དུ་ཡོད་ལ། དང་པོ་གཉིས་འཛིན་པའི་དབང་དུ་ཚིག་གཟུངས་དང་དོན་གཟུངས། གསུམ་པ་ལ་རང་གཞན་གྱི་དོན་སོ་སོ་གཙོ་བོར་སྒྲུབ་པའི་དབང་དུ་ཕྱི་མ་གཉིས་བཞག་གོ །དྲུག་པ་ནི། དང་པོ་གཉིས་ལམ་མ་ཞུགས་ནས་ཀྱང་ཡོད་ལ། ཕྱི་མ་གཉིས་ཐེག་ཆེན་གྱི་ཚོགས་ལམ་ནས་ཡོད་དོ། །གསུམ་པ་ནི། དང་པོར་ཡི་གེ་ཨ་ལྟ་བུ་ལ་དམིགས་ནས་མཐར་གྱིས་ཆོས་ཐམས་ཅད་བདེན་མེད་སྤྲོས་བྲལ་དུ་གཏན་ལ་འབེབས་པའོ། །

གཉིས་པ་ཡེ་ཤེས་ཀྱི་ཚོགས་ལ། མཚན་ཉིད། དབྱེ་བ། ས་མཚམས་དང་གསུམ། དང་པོ་ནི། བདག་མེད་རྟོགས་པའི་ཡེ་ཤེས། བྱེ་བྲག་ཏུ་ཐེག་དམན་གྱི་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད། ཐེག་དམན་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་ཡེ་ཤེས། མཚན་གཞི། ཐེག་དམན་གྱི་ལམ་ལྔ་ལྟ་བུ། ཐེག་ཆེན་གྱི་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད། ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས། མཚན་གཞི་ཐེག་ཆེན་གྱི་ལམ་ལྔ་ལྟ་བུ། རང་འབྲས་སུ་གྱུར་པའི་ཐེག་ཆེན་འཕགས་ལམ་གྱི་དངོས་རྒྱུ་བྱེད་པའི་སྟོང་ཉིད་རྟོགས་པའི་སྒོམ་བྱུང་གི་སྒོ་ནས་གཙོ་བོར་རྟོགས་པའི་ཡེ་ཤེས། སྐབས་འདིར་དངོས་བསྟན་གྱི་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད། དེ་དང་ཡེ་ཤེས་ཀྱི་ཚོགས་སྒྲུབ་དོན་གཅིག །གཉིས་པ་ལ། ས་མཚམས་དང་ཡུལ་གྱི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ། སྟོང་ཉིད་ཐོས་བསམ་གྱི་སྒོ་ནས་རྟོགས་པའི་ཡེ་ཤེས་ཀྱི་ཚོགས། སྒོམ་བྱུང་གིས་དོན་:བྱེད་༼སྤྱིའི་༽ཚུལ་དུ་རྟོགས་པའི་ཡེ་ཤེས་ཀྱི་ཚོགས། སྒོམ་བྱུང་གིས་མངོན་སུམ་དུ་གསར་དུ་རྟོགས་པའི་ཡེ་ཤེས་ཀྱི་ཚོགས། མངོན་སུམ་དུ་རྟོགས་ཟིན་སྒོམ་པར་བྱེད་པའི་ཡེ་ཤེས་ཀྱི་ཚོགས། མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་ཡེ་ཤེས་ཀྱི་ཚོགས་དང་ལྔ། གཉིས་པ་ལ། ནང་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་ཀྱི་ཚོགས། ཕྱི་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་ཀྱི་ཚོགས། གཉིས་ཀ་སྟོང་པ་ཉིད་རྟོགས་པའི། སྟོང་པ་ཉིད་སྟོང་པ་ཉིད་རྟོགས་པའི། དོན་དམ་པ་སྟོང་པ་ཉིད་རྟོགས་པའི། འདུས་མ་བྱས་སྟོང་པ་ཉིད་རྟོགས་པའི། མཐའ་ལས་འདས་པ་སྟོང་པ་ཉིད་རྟོགས་པའི། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་རྟོགས་པའི། དོར་བ་མེད་པ་སྟོང་པ་ཉིད་རྟོགས་པའི། རང་བཞིན་སྟོང་པ་ཉིད་རྟོགས་པའི། ཆོས་ཐམས་ཅད་སྟོང་པ་ཉིད་རྟོགས་པའི། རང་གི་མཚན་ཉིད་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས། མི་དམིགས་པ་སྟོང་པ་ཉིད་རྟོགས་པའི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྟོགས་པའི། དངོས་པོ་སྟོང་པ་ཉིད་རྟོགས་པའི། དངོས་པོ་མེད་པ་སྟོང་པ་ཉིད་རྟོགས་པའི། རང་གི་ངོ་བོ་སྟོང་པ་ཉིད་རྟོགས་པའི། གཞན་གྱི་ངོ་བོ་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་ཀྱི་ཚོགས་དང་ཉི་ཤུའོ། །གསུམ་པ་ནི། སྟོང་ཉིད་དེ་དང་དེ་ལ་ལོག་ཕྱོགས་སུ་འཛིན་པའི་སྒྲོ་འདོགས་ཆོད་ནས་ངེས་པ་རྙེད་པའི་ས་མཚམས་གཙོ་ཆེ་བའི་དབང་དུ་དང་པོ་གསུམ་མོས་སྤྱོད། བཞི་པ་སྦྱོར་ལམ། ཆེན་པོ་སྟོང་པ་ཉིད་ནས་དོར་བ་མེད་པ་སྟོང་པ་ཉིད་ཀྱི་བར་མ་དག་ས་བདུན། རང་བཞིན་དང་ཆོས་ཐམས་ཅད་སྟོང་པ་ཉིད་ས་བརྒྱད་པ། དེ་ནས་གཉིས་ས་དགུ་པ། དེ་ནས་གཉིས་ས་བཅུ་པ། ཐ་མ་གསུམ་སངས་རྒྱས་ཀྱི་ས་ན་ཡོད་ཅིང་། སྟོང་ཉིད་ཉི་ཤུ་པོ་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་ཚོགས་ཙམ་ས་དང་པོ་ནས་ཀྱང་ཡོད་དོ། །

སའི་ཚོགས་ལ་ས་གང་གིས། ཞེས་པས་ས་ཡི་རྣམ་བཞག་སྤྱིར་བཤད་པ་དང་། འདིར་བསྟན་གྱི་ས་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། འབྱུང་བས་བསྡུས་པའི་ས། སྤང་བྱས་བསྡུས་པའི་ས། ལམ་གྱིས་བསྡུས་པའི་ས་དང་གསུམ། དང་པོ་ནི། སྲ་ཞིང་འཐས་པའི་ས་ལྟ་བུ། གཉིས་པ་ནི། འཁོར་བ་ལྟ་བུ། གསུམ་པ་ལ། ཐེག་པ་ཆེ་ཆུང་གི་ས་གཉིས་ལས། དང་པོ་ཐེག་དམན་གྱི་ས་ནི། ཐེག་དམན་རང་ལུགས་ཀྱི་ཡོན་ཏན་ཁྱད་པར་ཅན་གྱི་རྟེན་བྱེད་པའི་ཐེག་དམན་གྱི་མཁྱེན་པ་ལྟ་བུ། དེ་ལ་དབྱེ་ན། མདོ་ལས། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། སྲབ་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། ཞེས་གསུངས་པའི་དོན་རིམ་བཞིན། ཉན་ཐོས་ཀྱི་བྱང་ཆུབ་ཀྱི་རིགས་དང་ལྡན་པས་རིགས་ཀྱི་ས། འབྲས་བུ་དང་པོ་རྒྱུན་ཞུགས་འབྲས་གནས་ལ་ཞུགས་པ་ནི། དགྲ་བཅོམ་འབྲས་གནས་ནས་བགྲངས་ན་བརྒྱད་པ་ལ་འབབ་པས་ན་བརྒྱད་པའི་ས་དང་། རྒྱུན་ཞུགས་འབྲས་གནས་ནི། ཉན་ཐོས་ཀྱི་བྱང་ཆུབ་ཀྱི་དོན་མཐོང་བས་ན་མཐོང་བའི་ས་དང་ལན་ཅིག་ཕྱིར་འོང་འབྲས་གནས་ནི། འདོད་པའི་འདོད་ཆགས་ལ་སོགས་དྲུག་སྤངས་ཏེ་སྲབ་མོར་བྱས་པས་ན་སྲབ་པའི་ས་དང་། ཕྱིར་མི་འོང་འབྲས་གནས་ནི་འདོད་པའི་འདོད་ཆགས་དང་གནོད་སེམས་སྤངས་པས་འདོད་ཆགས་དང་བྲལ་བའི་ས་དང་། དགྲ་བཅོམ་པ་ནི་ལམ་གྱི་བྱ་བ་བྱས་པར་རྟོགས་པས་ན་བྱས་པ་རྟོགས་པའི་སའོ། །ཐེག་པ་གསུམ་གསལ་བར་རྣམ་པར་བཞག་པར་དགོངས་པས་འབྲས་བུ་ལྷག་མ་གསུམ་ལ་ཞུགས་པ་གསུམ་གཅིག་ཏུ་བསྡུས་པ་ནི་ཁྱད་པར་གྱི་ཚིག་མེད་པས་ན་ཉན་ཐོས་ཀྱི་ས་ཞེས་བྱའོ། །གཉིས་པ་ལ། མོས་སྤྱོད་ཀྱི་ས། བྱང་སེམས་ཀྱི་ས། སངས་རྒྱས་ས་དང་གསུམ། མཚན་གཞི་རིམ་བཞིན། ཐེག་ཆེན་ཚོགས་སྦྱོར་བའི་མངོན་རྟོགས། བྱང་འཕགས་ཀྱི་མངོན་རྟོགས། སངས་རྒྱས་ཀྱི་མངོན་རྟོགས་ལྟ་བུའོ། །གཉིས་པ་ལ། མཚན་ཉིད། སྒྲ་དོན། དབྱེ་བ། སོ་སོའི་རང་བཞིན། ཁྱད་ཆོས་དང་ལྔ། དང་པོ་ནི། སྤྱན་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་གྱི་རྟེན་བྱེད་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་སློབ་པའི་མངོན་རྟོགས། གཉིས་པ་ནི། རྒྱན་ལས། འབྱུང་པོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱི་ཕྱིར་གོང་དུ་འགྲོ་ལྡན་ཕྱིར། །དེ་དག་ཉིད་ནི་སར་འདོད་དོ། །ཞེས་སོ། །གསུམ་པ་ནི། རབ་ཏུ་དགའ་བ་ལ་སོགས་ས་བཅུའོ། །བཞི་པ་ལ། ས་དང་པོའི་མཚན་ཉིད། ཐེག་ཆེན་གྱི་སྦྱོར་ལམ་རྫོགས་རྗེས་སུ་བྱུང་ཞིང་། ས་གཉིས་པའི་ཡེ་ཤེས་མ་སྐྱེས་གོང་གི་མངོན་རྟོགས། དབྱེ་ན། ས་དང་པོའི་བར་ཆད་མེད་ལམ་དང་། རྣམ་གྲོལ་ལམ། ཁྱད་པར་གྱི་ལམ་དང་གསུམ། དང་པོའི་མཚན་ཉིད། མཐོང་སྤང་ཤེས་སྒྲིབ་དངོས་སུ་སྤོང་བར་བྱེད་བཞིན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས། མཚན་གཞི། མཐོང་ལམ་པ་དབང་རྟུལ་གྱི་རྒྱུད་ཀྱི་བཟོད་པ་བརྒྱད་ལྟ་བུ། གཉིས་པའི་མཚན་ཉིད། རང་རྒྱུ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་མཐོང་སྤང་ཤེས་སྒྲིབ་ལས་གྲོལ་བའི་རྟེན་གཉེན་པོས་བསྡུས་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས། མཚན་གཞི། གོང་གི་ཤེས་པ་བརྒྱད་ལྟ་བུ། གསུམ་པའི་མཚན་ཉིད། ཐེག་ཆེན་གྱི་ལམ་རྗེས་ཤེས་རྫོགས་རྗེས་སུ་བྱུང་ཞིང་། མཐོང་ལམ་གྱི་རྟོགས་རིགས་གོང་འཕེལ་དུ་གྱུར་པའི་མཁྱེན་པ། དབྱེ་ན། ས་དང་པོའི་རྗེས་ཐོབ་དང་། མཉམ་བཞག་སེང་གེ་རྣམ་བསྒྱིངས་ལྟ་བུ་རང་སས་བསྡུས་པ་དང་། ས་གཉིས་པ་ཡན་ཆད་ཀྱི་མཁྱེན་པ་ལྟ་བུ་ས་གོང་མས་བསྡུས་པ་གཉིས། དབྱེ་བ་འདི་གཉིས་ས་གཉིས་པ་སོགས་ལའང་ཤེས་པར་བྱའོ། །ས་དང་པོའི་སྒྲ་དོན་ནི། དེ་ལ་རབ་ཏུ་དགའ་བ་ཞེས་བྱ་སྟེ། བླ་ན་མེད་པའི་བྱང་ཆུབ་ལ་རྒྱུའི་ནུས་པ་ཉེ་བ་དང་། སེམས་ཅན་མང་པོའི་དོན་སྒྲུབ་ནུས་པ་མཐོང་ནས་དགའ་སྤྲོ་རྒྱ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །

ས་གཉིས་པའི་མཚན་ཉིད་ནི། ས་དང་པོ་རྫོགས་རྗེས་སུ་བྱུང་ཞིང་། ས་གསུམ་པ་མ་སྐྱེས་གོང་གི་མངོན་རྟོགས། དབྱེ་ན་གསུམ། དང་པོའི་མཚན་ཉིད། རང་གི་ངོ་སྐལ་གྱི་འདོད་པའི་སས་བསྡུས་ཀྱི་སྒོམ་སྤང་ཤེས་སྒྲིབ་ཆེན་པོའི་ས་བོན་དངོས་སུ་སྤོང་བར་བྱེད་བཞིན་པའི་ཐེག་ཆེན་རྗེས་ལ་མངོན་རྟོགས། དབྱེ་ན། འདོད་པའི་སས་བསྡུས་ཀྱི་སྒོམ་སྤང་ཤེས་སྒྲིབ་ཆེན་པོའི་ཆེན་པོ། དེའི་འབྲིང་། དེའི་ཆུང་ངུ་དངོས་སུ་སྤོང་བར་བྱེད་པའི་བར་ཆད་མེད་ལམ་དང་གསུམ། གཉིས་པ་ནི། རང་རྒྱུ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱིས་འདོད་པའི་སས་བསྡུས་ཀྱི་སྒོམ་སྤང་ཤེས་སྒྲིབ་ཆེན་པོ་ལས་གྲོལ་བའི་རྟེན་གཉེན་པོས་བསྡུས་པའི་རྗེས་ལ་མངོན་རྟོགས། དབྱེ་ན། གོང་གི་སྒོམ་སྤང་སྐོར་གསུམ་ལས་གྲོལ་བའི་རྣམ་གྲོལ་ལམ་གསུམ་མོ། །གསུམ་པའི་མཚན་ཉིད་དང་དབྱེ་བ་སྔར་ལྟར་རོ། །སྒྲ་དོན་ནི། དྲི་མ་མེད་པ་ཞེས་བྱ་སྟེ། འཆལ་བའི་ཚུལ་གྱི་རྒྱུ་ཉོན་མོངས་པའི་དྲི་མ་དང་བྲལ་བའི་ཕྱིར། ས་ལྷག་མ་རྣམས་ཀྱི་མཚན་ཉིད་དང་དབྱེ་བ་སྔར་ལས་དཔགས་ཏེ་ཤེས་པར་བྱའོ། །སོ་སོའི་སྒྲ་དོན་ནི། ཡེ་ཤེས་ཀྱི་སྣང་བ་རྒྱ་ཆེན་པོ་དང་ལྡན་པས་འོད་བྱེད་པ། བྱང་ཆུབ་ཕྱོགས་མཐུན་རྟོགས་པའི་ཤེས་རབ་ཀྱིས་སྒྲིབ་གཉིས་བསྲེགས་པས་འོད་འཕྲོ་བ། སེམས་ཅན་སྨིན་པ་དང་རང་གི་སེམས་བསྲུང་བའི་ཡོན་ཏན་གཉིས་དང་ལྡན་པས་ན་སྦྱང་དཀའ་བ། གནས་ལུགས་མངོན་སུམ་དུ་རྟོགས་པའི་ཤེས་རབ་མངོན་གྱུར་དུ་ལྡན་པས་མངོན་དུ་གྱུར་བ། ས་བརྒྱད་པ་དང་དངོས་རྒྱུ་དངོས་འབྲས་སུ་འབྲེལ་བས་མཚན་འཛིན་ལས་རིང་བའི་ཕྱིར་རིང་དུ་སོང་བ། མཚན་འཛིན་དང་རང་དོན་ཡིད་བྱེད་ཀྱི་བསྐྱོད་མི་ནུས་པས་མི་གཡོ་བ། སོ་སོ་ཡང་དག་པ་རིག་པ་བཞི་རྗེས་མཐུན་བརྙེས་པས་བློ་གྲོས་ཐོགས་པ་མེད་པའི་ཕྱིར་ལེགས་པའི་བློ་གྲོས་སོ། །གཟུངས་དང་ཏིང་ངེ་འཛིན་གྱིས་སེམས་ལ་ཁྱབ་པས་ཆོས་ཀྱི་སྤྲིན་ཞེས་བྱའོ། །ལྔ་པ་ལ། བསྡུ་བ། གྲངས་ངེས། ཤེས་བྱ་མཁྱེན་ཚུལ། ཡོན་ཏན་གྱི་ཁྱད་པར། རྣམ་སྨིན་གྱི་ལུས་འཛིན་ཚུལ་དང་ལྔ་ལས། དང་པོ་ནི། ས་བདུན་པ་མན་ཆད་འབད་རྩོལ་གྱི་མཚན་མས་མ་དག་པས་མ་དག་པ་དང་། ས་བརྒྱད་པ་ནས་དེས་དག་པས་དག་པ་ས་གསུམ་དུ་འདུས་ཤིང་། དང་པོ་དགུ་རྒྱུའི་ས་དང་། བཅུ་པ་འབྲས་བུའི་སར་ཡང་བཤད་དེ། མདོ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་ས་བཅུ་ལ་གནས་པ་ནི་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་དོ། །ཞེས་སོ། །གཉིས་པ་ལ་བསླབ་པའི་དབང་དུ་བྱས་པའི་གྲངས་ངེས་དང་། ཉམས་སུ་བླང་བྱའི་དབང་དུ་བྱས་པའི་གྲངས་ངེས་དང་། སྤང་བྱའི་དབང་དུ་བྱས་པའི་གྲངས་ངེས་དང་གསུམ། དང་པོ་ནི། བསླབ་པ་གསུམ་གྱི་རྒྱུའི་དབང་དུ་བྱས་ནས་ས་དང་པོ། ངོ་བོའི་དབང་དུ་བྱས་ནས་ས་གཉིས་པ་ནས་དྲུག་པའི་བར། འབྲས་བུའི་དབང་དུ་བྱས་ནས་ལྷག་མ་བཞི་བཞག་གོ །གཉིས་པ་ནི། ཕར་ཕྱིན་བཅུ་པོ་རེ་རེ་ལ་གཙོ་བོར་སྤྱོད་པའི་དབང་དུ་བྱས་ནས་ས་བཅུར་བཞག་སྟེ། དབུས་མཐའ་ལས། སྦྱིན་པ་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་དང་ནི་ཤེས་རབ་ཐབས། །སྨོན་ལམ་སྟོབས་དང་ཡེ་ཤེས་དང་། །འདི་དག་ཕ་རོལ་ཕྱིན་བཅུའོ། །ཞེས་སོ། །གསུམ་པ་ནི། སྒྲིབ་པ་བཅུའི་གཉེན་པོར་ས་བཅུ་བཞག་སྟེ། སྔ་མ་ལས། ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་པ་བཅུ། །ས་བཅུའི་མི་མཐུན་ཕྱོགས་རྣམས་ཀྱི། །གཉེན་པོ་དག་ནི་སར་འདོད་དོ། །ཞེས་སོ། །གསུམ་པ་ལ། ཤེས་བྱ་རྟོགས་པའི་རིམ་པ་དང་། ཇི་ལྟར་རྟོགས་ཚུལ་གཉིས། དང་པོ་ལ། རང་བཞིན་རྣམ་དག་དང་། གློ་བུར་རྣམ་དག་གི་རྟོགས་ཚུལ་གྱི་ལྡོག་ཆ་གཉིས། དང་པོ་ནི། ས་བཅུའི་མཉམ་བཞག་གི་གནས་སྐབས་སུ་རང་བཞིན་རྣམ་དག་གི་ཆོས་ཉིད་མཐོང་ཚུལ་ལ་ཁྱད་པར་མེད་དེ། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱིས་སྡུག་བསྔལ་བདེན་པའི་རང་བཞིན་རྣམ་དག་གི་ཆོས་ཉིད་མངོན་སུམ་དུ་མཐོང་བའི་དུས་སུ། ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་དག་གི་ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཕྱིར་ཏེ། དེ་ཆོས་ཉིད་ལ་སྒྲུབ་པས་འཇུག་པའི་མངོན་སུམ་གང་ཞིག །རང་བཞིན་རྣམ་དག་གི་ཆོས་ཉིད་ལ་རིགས་མི་འདྲ་བའི་དབྱེ་བ་མེད་པའི་ཕྱིར་ཏེ། འཕགས་པ་ལྷས། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། །ཞེས་སོ། །འོན་ཀྱང་ཆོས་ཅན་སོ་སོ་དང་འབྲེལ་བའི་ཆོས་ཉིད་ལ་ངེས་པ་མི་འདྲ་བ་འདྲེན་ཚུལ་གྱི་ཁྱད་པར་ཡོད་པའི་ཕྱིར་ཏེ། དབུས་མཐའ་ལས། ཀུན་ཏུ་འགྲོ་དོན་མཆོག་གི་དོན། །རྒྱུ་མཐུན་དོན་གྱི་མཆོག་ཉིད་དང་། །ཡོངས་སུ་འཛིན་པ་མེད་དོན་དང་། །རྒྱུད་རྣམས་ཐ་དད་མེད་དོན་དང་། །ཉོན་མོངས་རྣམ་དག་མེད་དོན་དང་། །ཐ་དད་མེད་པའི་དོན་ཉིད་དང་། །འགྲིབ་མེད་འཕེལ་བ་མེད་དོན་དང་། །དབང་ནི་རྣམ་པ་བཞི་ཡི་གནས། །ཞེས་སོ། །གཉིས་པ་ནི། ས་བཅུའི་མཉམ་བཞག་གི་གནས་སྐབས་སུ་གློ་བུར་རྣམ་དག་གི་ཆོས་ཉིད་མཐོང་ཚུལ་ལ་ཁྱད་པར་ཡོད་དེ། ས་དང་པོར་མཐོང་སྤང་དང་བྲལ་བའི་ཆོས་ཉིད་མངོན་སུམ་དུ་གྱུར་པ་ནས་སངས་རྒྱས་ཀྱི་སར་སྒྲིབ་པ་མ་ལུས་པ་དང་བྲལ་བའི་ཆོས་དབྱིངས་མངོན་དུ་གྱུར་པའི་བར་དུ་ཡོད་པའི་ཕྱིར། མདོ་ལས། སྤྲིན་མཐོང་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་རྣམས་ཀྱིས་ཀྱང་ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་གང་དག་བློ་གྲོས་མཐའ་ཡས་པ། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང་། །ཞེས་སོ། །གཉིས་པ་ནི། ས་བཅུའི་མཉམ་བཞག་གིས་བདེན་གཉིས་ཟུང་འཇུག་གི་ཚུལ་གྱིས་འཇལ་ཏེ། ལྟ་བས་སྣང་བའི་སྟེང་དུ་སྤྲོས་པ་གཅོད་ཅིང་། སྒོམ་པས་ཀྱང་སྣང་བ་ལ་དམིགས་ནས་རང་བཞིན་མེད་པར་སྒོམ་པའི་ཕྱིར། རྗེས་ཐོབ་ཀྱིས་ཀྱང་བདེན་གཉིས་ཟུང་འཇུག་ཏུ་འཇལ་ཏེ། འདུས་བྱས་ཀྱི་ཆོས་འདི་དག་སྣང་ལ་རང་བཞིན་མེད་པར་སྒྱུ་མ་ལྟ་བུར་འཇལ་བའི་ཕྱིར་ཏེ། ཡུམ་བར་མ་ལས། མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ། མྱ་ངན་ལས་འདས་པ་ལས་ཆེས་ལྷག་པའི་ཆོས་ཤིག་ཡོད་ན་དེ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །ཞེས་སོ། །འོན་ཀྱང་འཇལ་ཚུལ་ལ་ཁྱད་པར་ཡོད་དེ། མཉམ་བཞག་ཏུ་དོན་དམ་འཛིན་སྟངས་ཀྱི་ཡུལ་དུ་བྱེད་ཅིང་། ཀུན་རྫོབ་དམིགས་ཡུལ་ཙམ་དུ་བྱེད། རྗེས་ཐོབ་ཏུ་ཀུན་རྫོབ་འཛིན་སྟངས་ཀྱི་ཡུལ་དུ་བྱེད་ཅིང་། དོན་དམ་དམིགས་ཡུལ་དུ་བྱེད་པའི་སྒོ་ནས་འཇལ་བའི་ཕྱིར། བཞི་པ་ལ། ས་དང་པོ་ལ་ལྡན་པའི་ཡོན་ཏན་ཞིབ་ཏུ་བཤད་པ་དང་། དེས་ལྷག་མ་རྣམས་ལ་མཚོན་ཚུལ་གཉིས། དང་པོ་ནི། ས་བཅུ་པའི་མདོ་ལས་གསུངས་པའི་དོན་འཇུག་པར་ཚིགས་སུ་བཅད་པ། དེ་ཚེ་འདི་ཡིས་སངས་རྒྱས་བརྒྱ་མཐོང་ཞིང་། །དེ་དག་བྱིན་གྱིས་བརླབས་ཀྱང་འདི་ཡིས་རྟོགས། །དེ་ཉིད་ཚེ་ནི་བསྐལ་པ་བརྒྱར་གནས་ཤིང་། །སྔོན་དང་ཕྱི་མའི་མཐར་ཡང་ཡང་དག་འཇུག །བློ་ལྡན་ཏིང་འཛིན་བརྒྱ་ཕྲག་སྙོམས་པར་འཇུག་ཅིང་གཏོང་བྱེད་ཅིང་། །འཇིག་རྟེན་ཁམས་བརྒྱ་འདི་ཡིས་ཀུན་ནས་གཡོ་ཞིང་སྣང་བར་ནུས། །དེ་བཞིན་རྫུ་འཕྲུལ་གྱིས་དེ་སེམས་ཅན་བརྒྱ་ཕྲག་སྨིན་བྱེད་ཅིང་། །བརྒྱ་ཕྲག་གྲངས་དང་རྗེས་སུ་འབྲེལ་ཞིང་དེ་དག་ཏུའང་འགྲོ་བར་འགྱུར། །དེས་ནི་ཆོས་ཀྱི་སྒོ་རྣམས་ཡང་དག་འབྱེད་བྱེད་ཐུབ་དབང་སྲས། །རང་གི་ལུས་ལ་ལུས་རྣམས་ཀུན་ནས་སྟོན་པར་བྱེད་པའང་ཡིན། །རང་གི་འཁོར་དང་ལྡན་པས་མཛེས་འབྱོར་ལུས་ནི་རེ་རེ་བཞིན། །རྒྱལ་བའི་སྲས་པོ་བརྒྱ་ཕྲག་དག་དང་རྗེས་སུ་འབྲེལ་བའང་སྟོན། །ཅེས་སྐད་ཅིག་མ་རེ་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སྟོན་ནུས་པར་གསུངས་སོ། །

གཉིས་པ་ནི། ས་དང་པོའི་ཡོན་ཏན་དེ་དག་གཉིས་པར་སྟོང་འགྱུར། གསུམ་པར་འབུམ་འགྱུར། བཞི་པར་བྱེ་བ་བརྒྱ་ཕྲག །ལྔ་བར་བྱེ་བ་ཕྲག་སྟོང་། དྲུག་པར་བྱེ་བ་བརྒྱ་སྟོང་། བདུན་པར་བྱེ་བ་ཕྲག་ཁྲིག་བརྒྱ། བརྒྱད་པར་སྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་སྙེད། དགུ་པར་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་སྙེད། བཅུ་པར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་སྙེད་ཀྱི་ཡོན་ཏན་ཐོབ་པར་གསུངས་སོ། །ལྔ་པ་ནི། གཙོ་ཆེ་བའི་དབང་དུ། ས་བཅུ་པོར་རིམ་བཞིན་འཛམ་གླིང་གི་རྒྱལ་པོ། གླིང་བཞིའི་རྒྱལ་པོ། བརྒྱ་བྱིན། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་ཀྱི་རྒྱལ་པོ། སྟོང་གི་བདག་པོ་ཚངས་པ། སྟོང་གསུམ་གྱི་བདག་པོ་ཚངས་ཆེན། འོག་མིན་མན་ཆད་ལ་དབང་བའི་ལྷའི་བུ་དབང་ཕྱུག་ཆེན་པོའི་ཚུལ་བཟུང་ནས་དོན་མཛད་དོ། །ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ཞེས་སོགས་ཀྱི་གཞུང་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། སའི་ཡོངས་སྦྱོངས་ཀྱི་རབ་དབྱེ་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། མངོན་རྟོགས་རྒྱན་གྱི་འགྲེལ་བཤད་ཉུང་ངུ་རྣམ་གསལ་ལས། རྣམ་མཁྱེན་བཤད་པའི་སྐབས་ཏེ་དང་པོའོ།། །།


previousརྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ།next