གླེང་གཞིའི་སྤྱིའི་དོན།
དེ་ཡང་འོ་སྐོལ་གྱི་སྟོན་པ་འདི་ངེས་དོན་ཡིན་ལུགས་ཀྱི་དབང་དུ་བྱས་ན། ཐོག་མ་མེད་པའི་དུས་ནས་མངོན་པར་རྫོགས་པ་སངས་རྒྱས་ཏེ་ཆོས་ཉིད་འོད་གསལ་བའི་ཞིང་ཁམས་སུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་དགོངས་པ་རོ་གཅིག་ཏུ་བཞུགས་པ་ལས་མ་གཡོས་བཞིན་དུ་ སེམས་ཅན་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པའི་རྣམ་པར ་རོལ་པ་བསམ་གྱིས་མི་ཁྱབ་པར་སྣང་བས་གདུལ་བྱ་རྣམས་སོ་སོའི་སྐལ་བ་དང་འཚམས་པར་འདུལ་བར་མཛད་པ་སྟེ། དམ་ཆོས་པད་དཀར་ལས། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པར། །དེ་ཡི་ཚད་ནི་ནམ་ཡང་མེད་པས་ན། །བྱང་ཆུབ་མཆོག་རབ་དེ་ནི་ངས་ཐོབ་སྟེ། །ང་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཞེས་གསུངས་ལྟར་རོ། །དེ་ཡང་ཐ་སྙད་རྣམ་འཇོག་གི་དབང་དུ་བྱས་ཏེ་ཐེག་པ་ཐུན་མོང་པ་ལྟར་ན། བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འདི་ཉིད། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པ་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་མ་ལུས་པར་བསྐོར་བར་མཛད་ཡིན་ཏེ། མདོ་སྡེ་ཡོན་ཏན་བཀོད་པའི་རྒྱལ་པོ་ལས། ངས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བཟུང་སྟེ། བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་དུ་བརྩོན་པ་ཆེན་པོས་ཚོགས་བསགས་ཤིང་། ཚེ་ལོ་བརྒྱ་པའི་སེམས་ཅན་ལོང་བ་འདྲེན་པ་མེད་པ་རྣམས་ལ་གཟིགས་ཏེ། འཛམ་བུའི་གླིང་འདི་ཉིད་དུ་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བསྐོར་ཏེ། ཞེས་གསུངས་པ་ལྟར། སྟོན་པ་འདི་སྔོན་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་ཐུགས་བསྐྱེད་པར་བཤད་པ་དང་། མདོ་བསྐལ་བཟང་ལས་ཀྱང་། ང་ནི་སྔོན་ཚེ་དམན་པར་གྱུར་པ་ན། །དེ་བཞིན་གཤེགས་པ་
ཤཱཀྱ་ཐུབ་ཆེན་ལ། །འཇམ་གང་ཞིག་ནི་རབ་ཏུ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས། དེ་ནས་ཚོགས་བསགས་ཚུལ་ཡང་ཐེག་པ་ཆུང་ངུའི་ལུགས་ལྟར་ན། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཀུན་ལ་ཐམས་ཅད་སྙིང་རྗེ་ཡིས། །སྦྱིན་པར་བྱེད་པས་སྦྱིན་པ་རྫོགས། །ཆགས་བཅས་ཡན་ལག་བཅད་ཀྱང་ནི། །མི་འཁྲུག་བཟོད་དང་ཚུལ་ཁྲིམས་ཀྱི། །སྐར་རྒྱལ་བསྟོད་པས་བརྩོན་འགྲུས་ཀྱི། །དེ་མ་ཐག་ལ་ཏིང་འཛིན་སྔོ། །ཞེས་གསུངས་ཏེ། བསྐལ་པ་གྲངས་མེད་གསུམ་ལ་རིམ་པར། སངས་རྒྱས་བདུན་ཁྲི་ལྔ་སྟོང་དང་། བདུན་ཁྲི་དྲུག་སྟོང་དང་། བདུན་ཁྲི་བདུན་སྟོང་གི་བར་མཉེས་པར་མཛད་ཅེས་འབྱུང་། ཐེག་ཆེན་ལྟར་ན། ལམ་ལྔ་དང་ས་བཅུ་ཡོངས་སུ་རྫོགས་པར་བགྲོད་དགོས་པ་ཡིན་པས། འཕགས་པའི་ས་བརྙེས་ནས་སྐད་ཅིག་རེ་རེར་ཡང་། ཕྱོགས་བཅུ་རབ་འབྱམས་མུ་མེད་པའི་སངས་རྒྱས་གྲངས་མེད་ཚད་མེད་པ་དག་ཡོངས་སུ་བརྙེས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་ཡས་པ་བསགས་ཤིང་རྫོགས་པ་དང་། སེམས་ཅན་གྲངས་མེད་པ་ཡོངས་སུ་སྨིན་པ་དང་ཞིང་ཁམས་ཚད་མེད་པ་ཡོངས་སུ་སྦྱངས་ཤིང་། ས་བཅུ་རིམ་གྱིས་བགྲོད་པའི་མཐར་འོག །མིན་གྱི་ཞིང་ཁམས་སུ་སངས་རྒྱས་ཀྱི་གོ་འཕངས་བརྙེས་ཤིང་། དེ་ལས་མ་གཡོས་བཞིན་དུ། གཙང་མའི་སྟེང་དབང་ཕྱུག་ཆེན་པོའི་འོག་མིན་དང་། གཟུགས་ཁམས་ཀྱི་འོག་མིན་དང་། དགའ་ལྡན་དང་། འཛམ་བུའི་གླིང་རྣམས་སུ་སྤྲུལ་པའི་སྐུ་སྟོན་པར་མཛད་པ་ཡིན་ཏེ། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདའ་བར་གཤེགས་མཛད་རྣམས། །ཡོངས་སུ་མ་
དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས། ཆོས་འཁོར་ཇི་ལྟར་བསྐོར་བའི་ཚུལ་ནི། བྱེ་བྲག་ཏུ་སྨྲ་བ་རྣམས་བདེན་པ་བཞིའི་ཆོས་འཁོར་ཁོ་ན་བཟླས་པ་རྣམ་པ་བཅུ་གཉིས་སུ་འདོད་ཅིང་། མདོ་སྡེ་པ་རྣམས་ཆོས་འཁོར་དང་པོའི་སྟེང་དུ་བར་ཐ་གཉིས་ཀྱང་ཁས་ལེན། ཐེག་ཆེན་ལུགས་ལ། རྟོགས་པའི་ཆོས་འཁོར་རྣམ་བྱང་གི་ངོ་བོར་གྱུར་པའི་བདེན་བཞི། རྣམ་ཐར་སྒོ་གསུམ་ངོ་བོ་ཉིད་མེད་པ་གསུམ་པོ་རྟོགས་པའི་རྟོགས་པ་འབྲས་བུ་དང་བཅས་པའི་འཁོར་ལོ་རིམ་པ་གསུམ་དང་། ལུང་གི་ཆོས་འཁོར་ནི། བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར། བར་པ་མཚན་ཉིད་མེད་པའི་ཆོས་འཁོར། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཏེ་འཁོར་ལོ་རིམ་པ་གསུམ་དང་། མཐར་ཐུག་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་རྣམས་ཀྱང་གསུངས་པར་བཞེད་དོ། །དེ་ལས་འདིར་སྐབས་སུ་བབས་པ་ནི་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ཉིད་ཡིན་ལ། དེ་ཉིད་གསུངས་པའི་དུས་ནི། མཁས་པ་ཁ་ཅིག །དེ་བཞིན་གཤེགས་པའི་སྙིང་པོའི་མདོའི་གླེང་གཞི་ལས། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་བཅུ་བཞེས་པ་དང་ཤིན་ཏུ་ཚ་བའི་དུས་ཀྱི་ཚེ་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ། ཞེས་པར་བརྟེན་སྟོན་པ་དགུང་ལོ་ཞེ་ལྔ་བའི་དུས་གསུངས་པར་འདོད་པ་དང་། ཆགས་ལོ། འབྲུག་པ་པད་དཀར་སོགས་ང་གཅིག་པར་གསུངས་པར་འདོད། གཞན་ཡང་ལྷ་བབས་དང་ཆོ་འཕྲུལ་གྱི་སྔོན་དུ་བཤད་པ་སོགས་དུ་མ་མཆིས་ནའང་ལྷ་བབས་ཀྱི་ཉིན་འདུལ་བ་ལས། དེའི་ཚེ་རབ་འབྱོར་ཤིང་དྲུང་གཅིག་ན་འདུག་པས་དེ་རྣམས་མཐོང་སྟེ། ལྷ་རྣམས་ཀྱང་སྟོན་པ་བོར་ནས་རང་གི་གནས་སུ་འགྲོ། མི་འདི་དག་ཀྱང་ལོ་བརྒྱ་ནས་འཆི། སྟོན་པ་ཡང་མྱ་ངན་ལས་འདའ་བས་ཆོས་འདི་དག་ཐམས་ཅད་ནི་མི་རྟག་གོ་སྙམ་པས་དོན་དེ་བསྒོམས་པས་མི་རྟག་པར་བཤད་པ་དང་། ཤེར་ཕྱིན་གསུང་སྐབས། ཀུན་དགའ་བོ་མ་གཏོགས་པ་ཐམས་ཅད་ཀྱང་དགྲ་བཅོམ་པ་ཉོན་མོངས་པ་མེད་པ། ཟག་པ་ཟད་པ། ཞེས་གླེང་གཞིར་བྱུང་བ་དང་། འཇམ་དཔལ་རྩ་བའི་རྒྱུད་ཀྱི་གླེང་གཞིར། རབ་འབྱོར་དང་། རབ་འབྱོར་ཆེན་པོ་དང་། ཞེས་སྣང་བས་ཆེ་ཆུང་གིས་ཁྱད་
པར་ཡོད་ན་ལས། གཞན་འདི་ནས་བཤད་པའི་རབ་འབྱོར་ཤེར་ཕྱིན་ཞུ་བ་པོའི་གྲས་སུ་ཡོད་པ་དེ་ཡིན་པར་བྱས་ན། ངེས་པར་ལྷ་བབས་ཀྱི་རྗེས་སུ་དགོས་པ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོའི་གླེང་གཞིར་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སོགས་པ་དགེ་སློང་འབུམ་དུ་ཚང་བ། ཞེས་པས་ཀུན་དགའ་བོ་འདུལ་བ་དང་མངོན་བྱུང་མཐུན་པར། གཞོན་ནུས་བླ་ན་མེད་པའི་ཡེ་ཤེས་བརྙེས་སོ། །དེ་ཐོས་པ་དང་ཉི་མ་དེ་ཉིད་ལ་གྲགས་འཛིན་མ་ལ་ཁྱེའུ་ཞིག་བཙས་སོ། །བདུད་རྩི་ཟས་ལའང་ཁྱེའུ་ཞིག་བཙས་སོ། །དེ་ཉིད་ཀྱི་ཉིན་མོ་ཟླ་བ་ཡང་སྒྲ་གཅན་གྱིས་ཟིན་ཏོ། །ཞེས་དང་། བདུད་རྩི་ཟས་ཀྱིས་དེ་བཞིན་དུ་སྦྱིན་པ་དག་ཀྱང་བཏང་། བསོད་ནམས་དག་ཀྱང་བྱས་ནས་ཁྱེའུའི་མིང་ཅིར་གདགས་ཞེས་དྲིས་པས་ཉེ་དུ་དག་གིས་གང་གི་ཚེ་འདི་བཙས་པ་དང་གྲོང་ཁྱེར་ཐམས་ཅད་དགའ་བར་གྱུར་པས་དེའི་ཕྱིར་ཁྱེའུའི་མིང་ཀུན་དགའ་བོར་བཏགས་སོ། །ཞེས་སྟོན་པ་མངོན་པར་རྫོགས་པ་སངས་རྒྱས་པ་དང་ཀུན་དགའ་བོ་བཙས་པ་དུས་མཉམ། འདུལ་བ་ལུང་ལས། བསྙེན་པར་རྫོགས་པ་ལ་ལོ་ཉི་ཤུ་ལོན་དགོས་པས་སྟོན་པ་སངས་རྒྱས་ནས་ལོ་ཉི་ཤུ་རྩ་གྲངས་སོང་ཟིན་པ་ངེས་ཅན་དུ་དགོས་པར་གྲུབ་པ་སོགས་ནས། དུས་དགུང་ལོ་ང་བརྒྱད་པ་མེ་སྦྲུལ་དུ་གསུངས་པ་མཁས་པ་ཕལ་ཆེར་བཞེད་པས་འདིར་ཡང་རེ་ཞིག་དེ་བཟུང་ངོ་། །གང་དུ་གསུངས་པའི་གནས་ནི། རྡོར་གཅོད་མཉན་ཡོད་དུ་གསུངས་པས་མཚོན་གཅིག་ཏུ་མ་ངེས་ཀྱང་གཙོ་བོ་འདུལ་བ་མེ་ཏོག་ཕྲེང་རྒྱུད་ལས། མཉན་ཡོད་གནས་བཅས་ཙམ་པ་ཀ། ཝཱ་རཱ་ཎ་སཱི་ཡངས་པ་ཅན། །རྒྱལ་པོའི་ཁབ་དང་དྲུག་པོ་སྟེ། །འདི་དག་གྲོང་ཁྱེར་ཆེན་པོར་གྲགས། །ཞེས་གྲོང་ཆེན་པོ་དྲུག་གི་ནང་ཚན་རྒྱལ་པོའི་ཁབ་ཀྱི་ཆའི་སའི་ཆ། དེ་ཡང་སློབ་དཔོན་ཛྙཱ་ན་མི་ཏྲས། རྒྱལ་པོའི་ཁབ་བྱ་རྒོད་ཀྱི་ཕུང་པོའི་རི་ལ། ཞེས་བྱ་བ་ནི་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཡོན་ཏན་ལ་གྲགས་པ་སྟེ། ཡུལ་ལྗོངས་ཀྱི་གྲོང་ཁྱེར་སྤྱིའི་མིང་དུ་བཏགས་པའོ། །བྱ་རྒོད་ཕུང་པོའི་རི་ཞེས་བྱ་བ་ནི། ཡུལ་ལྗོངས་དེ་རྒྱ་ཆེ་བས་བྱ་རྒོད་ཕུང་པོའི་རི་དེ་མཐོ་ལ་བྱ་མང་པོ་འདུ་བའི་ཕྱིར་མིང་དུ་བཏགས་པའོ། །ཞེས་རྒྱལ་པོའི་ཁབ་དང་བྱ་རྒོད་ཕུང་པོའི་རི་འོད་མའི་
ཚལ་རྣམས་ཁྱོན་གཅིག་ཏུ་ཡོད་པར་བཤད་ཅིང་། རི་དེའི་དབྱིབས་བྱ་རྒོད་ཀྱི་མགོ་བོ་འདྲ་བ་ཡོད་པས་བྱ་རྒོད་ཕུང་པོར་གྲགས་པའམ། དེར་སྟོན་པ་གཤེགས་པ་ན་བདུད་ཀྱིས་བྱ་རྒོད་ཀྱི་གཟུགས་སུ་སྤྲུལ་ནས་བཅོམ་ལྡན་འདས་ཀྱི་སྐུ་ཆོས་ཁྱེར་བ་སྟོན་པའི་མཐུས་དེ་ཉིད་དུ་བོར་བ་རྡོར་གྱུར་ནས་བཞི་རིམ་བྱས་ཏེ་ཆོས་གོས་ལྟ་བུར་འདུག་པས་བྱ་རྒོད་ཕུང་པོར་སླར་ཡང་གྲགས་པ། ནང་དོན་དང་སྦྱར་ན། གསེར་འོད་དམ་པ་ལས། བྱ་རྒོད་ཕུང་པོ་ཆོས་ཀྱི་དབྱིངས། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་ན། །དེ་བཞིན་གཤེགས་པ་བཞུགས་ནས་ནི། །དག་ཅིང་རྡུལ་རྣམས་མེད་པ་ཡི། །བྱང་ཆུབ་སེམས་དཔའ་མཆོག་རྣམས་ལ། །མདོ་སྡེའི་དབང་པོ་འདི་བཤད་དོ། །ཞེས་ངེས་པའི་དོན་དུ་ཆོས་དབྱིངས་ལ་བྱ་རྒོད་ཕུང་པོའི་རིའི་ཐ་སྙད་མཛད་ནས་དེར་ཐེག་པ་ཆེན་པོའི་ཆོས་རྒྱུན་མི་ཆད་པར་སྟོན་པར་གསུངས་པ་དང་། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་དང་ཉི་ཁྲི་གཉིས་མཚུངས་པར། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་རི་ཞེས་པ་ནས། གདན་སེང་གེའི་ཁྲི་ལ་སྐུ་དྲང་པོར་བསྲངས། དགོངས་པ་མངོན་དུ་བཞག །སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་ཞེས་པ་ཙམ་ལས་མི་འབྱུང་ཞིང་། རི་དེའི་བཤད་ཚུལ་ཞིབ་པར་ནི། དཀོན་བརྩེགས་འདུས་པ་དང་པོ་སྡོམ་པ་གསུམ་བསྟན་པའི་གླེང་གཞི་ལས། རིའི་རྒྱལ་པོ་བྱ་རྒོད་ཕུང་པོའི་རི་དེ་ནི། མཐོ་བ། ཟླུམ་པ། གནམ་འཕངས་དང་། རྒྱར་ཡངས་པ། ལོ་ཏོག་ཐམས་ཅད་ཀྱི་ས་འཛིན་པ། མེ་ཏོག་དང་། ཕྲེང་བ་དང་། སྤོས་རྣམ་པ་སྣ་ཚོགས་དང་ལྡན་པ། ཞེས་སོགས་དང་། འདུས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས། སྤྲིན་ཆེན་མོའི་མདོ་འབུམ་པ་ལས་ལུང་བསྟན་པའི་རྒྱུད་ལོགས་སུ་ཕྱུངས་པ་ལས། རྒྱལ་པོའི་ཁབ་ནི་རི་དང་བཅས། །དེ་རིང་ཁྱོད་ཀྱིས་སྣང་བར་མཛད། །དེ་རིང་གདན་མཆོག་མཛེས་གྱུར་ཏེ། །ནོར་བུ་རིན་ཆེན་བྱེ་མང་སྤྲས། །ཡོན་ཏན་མཐའ་ཡས་བརྒྱན་པ་ཡི། །ས་གཞི་ལྷ་ཡི་གོས་ཀྱིས་བཀང་། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། རྗེ་ས་པཎ་གྱི་སྡོམ་གསུམ་རབ་དབྱེར། དེ་ལ་ཁ་ཅིག་འདི་སྐད་དུ། །བྱ་རྒོད་ཕུང་པོའི་རི་ལ་ཡང་། །དཀོན་བརྩེགས་བཞིན་དུ་ད་ལྟ་མེད། །དུས་ཀྱི་སྟོབས་ཀྱིས་ཡུལ་ཀུན་ཡང་། །རྣམ་པ་འགྱུར་བར་
སྣང་ཞེས་ཟེར། །འདི་ཡང་ཕྱེ་སྟེ་བཤད་ཀྱིས་ཉོན། །དངོས་པོའི་གནས་ལུགས་འཆད་པ་དང་། །སྐྱོན་ཡོན་བསྔགས་པ་རྣམ་གཉིས་ཡོད། །སྐྱོན་དང་ཡོན་ཏན་སྒྲོག་པ་ན། །སྙན་དངགས་མཁན་གྱི་ལུགས་བཞིན་དུ། །བྱ་རྒོད་ཕུང་པོའི་རི་ལ་ཡང་། །མཐོ་བ་ཟླུམ་པ་ལ་སོགས་བཤད། །ཅེས་བོད་ཡུལ་ན་ཐང་ཅུང་ཟད་ཡངས་པ་ལ་ཐང་ཆེན་པོའི་མིང་འདོགས་པ་བཞིན་དུ། མ་གྷ་དྷའི་ཡུལ་གྱི་ཡང་རི་ཆེན་པོ་ཡིན་པས་བྱ་རྒོད་ཕུང་པོའི་རི་ཞེས་ཟེར་ཞིང་། དེ་ལ་སྙན་ངག་མཁན་པོས་མཐོ་བ་ཟླུམ་པ་སོགས་ཀྱི་རྒྱན་སྦྱར་བར་བཞེད་པ་ལྟར་ན། དཀོན་བརྩེགས་ནས་བཤད་པའི་བཀོད་པ་དེ་དག་ཡོན་ཏན་གྱི་སྒྲོ་བཏགས་ནས་བརྗོད་པ་དང་། སྤྲིན་ཆེན་ལས་འབྱུང་བ་རྣམས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ས་ཕྱོགས་དེ་བཀོད་པ་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབས་པ་ལས་འཁོར་ཐམས་ཅད་ཀྱིས་དེ་བཞིན་དུ་མཐོང་བ་ལས། དངོས་པོའི་མཚན་ཉིད་གཏན་ལ་ཕབ་པའི་དོན་དུ་གནས་པ་ལྟ་བུ་ནི་མིན་ནམ་སྙམ་ལ། གང་ལྟར་རི་བོ་དེ་ཉིད་གཞན་ལས་ཁྱད་པར་དུ་འཕགས་ཚུལ་གཞན་ཡང་ཡོད་དེ། ཏིང་འཛིན་རྒྱལ་པོའི་མདོའི་ལེའུ་གཉིས་པ་ལས། སངས་རྒྱས་དག་ནི་བྱེ་བ་ཕྲག་སྟོང་དང་། །དེ་ལས་ལྷག་པ་གངྒའི་བྱེ་མ་སྙེད། །གང་དག་བྱ་རྒོད་ཕུང་པོ་འདིར་བཞུགས་ནས། །ཏིང་འཛིན་ཞི་མཆོག་འདི་སྟོན་ངས་དྲན་ཏེ། །དེ་ཀུན་མཚན་ཡང་ཤཱཀྱ་ཁྱུ་མཆོག་ཡིན། །ཀུན་གྱི་སྲས་ཀྱང་སྒྲ་གཅན་འཛིན་ཞེས་བྱ། །ཞམ་རིང་པ་ཡི་མིང་ཡང་ཀུན་དགའ་བོ། །སེར་སྐྱའི་གྲོང་ནས་ཐམས་ཅད་རབ་ཏུ་བྱུང་། །ཕྲུགས་མཆོག་ཤཱ་རི་བུ་དང་པང་ནས་སྐྱེས། །སྐྱོབ་པ་ཀུན་ཀྱང་མཚན་ནི་མཐུན་པར་གྱུར། །དེ་ཚེ་འཇིག་རྟེན་ཁམས་ཀྱང་མི་འདྲ་སྟེ། །ཐམས་ཅད་ཀྱང་ནི་སྙིགས་མའི་དུས་སུ་འབྱུང་། །བྱང་ཆུབ་སྤྱད་པ་དེ་ནི་སྤྱོད་པའི་ཚེ། །མི་དབང་དེ་ཀུན་ང་ཡི་བཀུར་བསྟི་བྱས། །ཞེས་དང་། དཀོན་བརྩེགས་འདུས་པ་བཅུ་གཉིས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ལེའུ་བཞི་པ་ལས་ཤཱ་རིའི་བུ་ཉི་མ་བདུན་འཇིག་རྟེན་དུ་བྱུང་བར་གྱུར་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་འབར། ཀུན་ཏུ་འབར། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། འབར་བ་གཅིག་ཏུ་གྱུར་པར་འགྱུར་རོ། །འཇིག་རྟེན་
གྱི་ཁམས་འབར་བ་གཅིག་ཏུ་གྱུར་པ་དེའི་ས་ཕྱོགས་གང་ན་དེ་བཞིན་གཤེགས་པ་འཆག་གམ། བཞེངས་སམ། བཞུགས་སམ། མནལ་བའི་ས་ཕྱོགས་དེ་ལག་མཐིལ་ལྟར་མཉམ་པར་འགྱུར་བ་དང་། གྱོ་མོ་མེད་ཅིང་མཐོ་བའི་གཟུགས་སུ་འགྱུར་བ་དང་། ཡངས་ཤིང་མཉམ་པར་འགྱུར་བ་དང་། རྩྭ་ཕུན་སུམ་ཚོགས་པ་སྐྱེ་བར་འགྱུར་བ་དང་། ཆུ་ཡན་ལག་བརྒྱད་ལྡན་འབྱུང་བ་དང་། རབ་ཏུ་བསིལ་བའི་རླུང་ལྡང་བ་དང་། ཆུ་ལས་མེ་ཏོག་སྣ་ཚོགས་སྐྱེ་བ་དང་། སྲ་ཞིང་མི་ཤིགས་པའི་ས་གཞི་རྡོ་རྗེར་འགྱུར་བ་དང་། འཇིག་རྟེན་ཐམས་ཅད་ཀྱི་མཆོད་རྟེན་དུ་འགྱུར་ཏེ། ཤཱ་རིའི་བུ་ས་ཕྱོགས་དེ་ངོ་མཚར་རྨད་ཀྱི་ཆོས་བཅུ་པོ་འདི་དང་ལྡན་པར་འགྱུར་རོ། །ཞེས་འབྱུང་བས་རིའི་རྒྱལ་པོ་འདི་མེ་ཆུ་རླུང་གསུམ་གྱིས་བསྐལ་པ་འཇིགས་པའི་ཚེ་ཡང་བར་སྣང་ལ་ཟོ་བ་དཔྱངས་པ་བཞིན་མི་ཤིགས་པར་ངོ་མཚར་རྨད་དུ་བྱུང་བའི་ཆོས་བཅུ་དང་ལྡན་པའི་གནས་ཕུན་སུམ་ཚོགས་པ་དེར། འཁོར་ནི་དཀོན་བརྩེགས་ལྟར་ན། མཆོག་ཟུང་དང་ལྔ་སྡེ་ལ་སོགས་པ་དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱད་སྟོང་། ཀུན་ཏུ་བཟང་པོ་དང་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་། སྐྱེ་དགུའི་བདག་མོ་ལ་སོགས་པ་དགེ་སློང་མ་ལྔ་བརྒྱ། གཟི་བརྗིད་བཟང་པོ་ལ་སོགས་པ་དགེ་བསྙེན་ལྔ་བརྒྱ། འོད་ཆེན་མ་ལ་སོགས་པ་དགེ་བསྙེན་མ་ལྔ་བརྒྱ། དེ་བཞིན་དུ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་འཁོར་དཔག་ཏུ་མེད་པ། ཞེས་དང་། འདུས་པ་མདོ་ལས་ཕྱུངས་པའི་སྤྲིན་ཆེན་ལྟར་ན། གནས་བརྟན་འོད་སྲུང་ལ་སོགས་པ་དགེ་སློང་ས་ཡ་དགུ་དང་བརྒྱད་འབུམ། སྐྱེ་དགུའི་བདག་མོ་གཽ་ཏ་མི་ལ་སོགས་པ་དགེ་སློང་མ་ས་ཡ་ཕྲག་དྲུག་དང་ལྔ་འབུམ། སྤྲིན་ཆེན་སྙིང་པོ་ལ་སོགས་པ་བྱང་སེམས་ས་ཡ་ཕྲག་དྲུག་དང་བརྒྱད་འབུམ། སེང་གེ་སྒྲོན་མ་ལ་སོགས་པ་ལི་ཙ་བྱི་གཞོན་ནུ་ས་ཡ་ཕྲག་ལྔ་དང་བརྒྱད་འབུམ། མཐོང་ན་དགའ་བ་ལ་སོགས་པ་ལྷའི་བུ་ས་ཡ་ཕྲག་བཞི་དང་བཞི་འབུམ། པདྨ་དང་འཇོག་པོ་ལ་སོགས་ཀླུའི་རྒྱལ་པོ་ས་ཡ་ཕྲག་གཉིས་དང་བརྒྱད་འབུམ། རྣམ་ཐོས་ཀྱི་བུ་ལ་སོགས་པ་གནོད་
སྦྱིན་གྱི་རྒྱལ་པོ་ས་ཡ་ཕྲག་གསུམ་དང་དྲུག་འབུམ། སྤོས་ཀྱི་གླང་པོའི་སྟོབས་དང་མཉམ་པའི་ཤུགས་ཅན་ལ་སོགས་པ་ནམ་མཁའ་ལྡིང་གི་རྒྱལ་པོ་ས་ཡ་ཕྲག་བཞི་དང་དགུ་འབུམ། དགའ་བའི་སྙིང་པོ་ལ་སོགས་པ་དྲི་ཟའི་རྒྱལ་པོ་ས་ཡ་ཕྲག་དྲུག་དང་བརྒྱད་འབུམ། ལེགས་མཐོང་ཡིད་འཕྲོག་ལ་སོགས་པ་མིའམ་ཅིའི་རྒྱལ་པོ་ས་ཡ་ཕྲག་དགུ་དང་བརྒྱད་འབུམ། འཇིགས་སུ་རུང་བ་ལ་སོགས་པ་སྲིན་པོའི་རྒྱལ་པོ་ས་ཡ་ཕྲག་དགུ་དང་བརྒྱད་འབུམ། གླང་པོ་ཆེའི་བ་ཅན་ལ་སོགས་པ་གྲུལ་བུམ་གྱི་རྒྱལ་པོ་ས་ཡ་ཕྲག་བདུན་དང་བརྒྱད་འབུམ། གླང་པོ་ཆེའི་གདོང་ཅན་ལ་སོགས་པ་འབྱུང་པོའི་རྒྱལ་པོ་ས་ཡ་ཕྲག་གསུམ་དང་བརྒྱད་འབུམ། སྣ་ཚོགས་སྔོ་བཙུན་ལ་སོགས་པ་གཅོད་བྱེད་ཀྱི་བུའི་རྒྱལ་པོ་ས་ཡ་ཕྲག་བརྒྱད། ཐག་བཟང་རིས་ལ་སོགས་པ་ལྷ་མ་ཡིན་གྱི་རྒྱལ་པོ་བྱེ་བ་ཕྲག་བརྒྱད་དང་བརྒྱད་འབུམ། རིན་ཆེན་འཆང་ལ་སོགས་པ་རིག་སྔགས་འཆང་བ་ས་ཡ་ཕྲག་དྲུག་དང་ལྔ་འབུམ། མེས་བྱིན་གྱི་བུ་ལ་སོགས་པ་དྲང་སྲོང་མངོན་པར་ཤེས་པ་ལྔ་ཐོབ་པ་ས་ཡ་ཕྲག་དགུ་དང་དགུ་འབུམ། ལྷ་དབང་བརྒྱ་བྱིན་དང་འཇིག་རྟེན་སྐྱོང་བ་བཞི་ལྷའི་བུ་འབུམ་ཕྲག་དུ་མས་བསྐོར་བ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཡན་ལག་བཞིའི་དཔུང་དང་བཅས་པ། རབ་སྦྱིན་ལ་སོགས་པ་ཁྱིམ་བདག་འབུམ། རྒྱལ་ཕྲན་ཟླ་བ་སྐྱོང་གྲོང་དཔོན་སྟོང་གིས་བསྐོར་བ། ཕྲེང་ལྡན་མ་སོགས་བཙུན་མོ་ཁྲི་དྲུག་སྟོང་། ས་ག་ལ་སོགས་པ་དགེ་བསྙེན་མ་འབུམ། ལྷའི་བུ་དབང་ཕྱུག་ཆེན་པོ་འཁོར་འབུམ་དང་བཅས་པ། རིན་ཆེན་ཕྲེང་བ་ལ་སོགས་པ་ཚངས་པ་གཞོན་ནུ་འབུམ་ཕྲག་དུ་མས་ཁོར་ཡུག་ཁེབས་པའི་མེ་ཏོག་གི་ཆར་ཕབ། སིལ་སྙན་བརྡུངས། ཙནྡན་གྱི་ཕྱེ་མས་བྱུགས། དར་གྱི་ཡོལ་བ་དང་བླ་བྲེ་བྲེས། སེང་གེའི་ཁྲི་འབུམ་ཕྲག་བཤམས། གཞན་ཡང་མངོན་པར་སྡུད་མ་ལ་སོགས་པ་བདུད་ཀྱི་རིགས་ཀྱི་ལྷ་མོ་འབུམ། ཆུ་ཤིང་ལྟ་བུ་ལ་སོགས་པ་ལྷའི་བུ་མོ་འབུམ། འཐོར་རླུང་ལ་སོགས་པ་རླུང་གི་རྒྱལ་པོ་ཆེན་པོ་བཞི། ངང་པའི་རྒྱལ་པོ་སེང་གེ་ལྟར་དཔའ་བ་དང་། རྨ་བྱའི་རྒྱལ་པོ་ལྟ་ན་འོད་ཆགས། ཁུ་བྱུག་གི་རྒྱལ་པོ་སྡེ་བདག །ཀ་ལ་པིང་ཀའི་རྒྱལ་པོ་པདྨའི་འདབ་འདྲ། བྱའི་རྒྱལ་པོ་ཤང་ཤང་ཏེའུ་རྣམས་
རང་རང་གི་འཁོར་འབུམ་དང་བཅས་པ། བཏང་བཟུང་དང་བཏང་བཟུང་ཆེན་པོའི་ལྷ་འབུམ། གངས་རི་ལ་གནས་པའི་སྨན་གྱི་ལྷ་མོ་དུ་མ། སེང་གེའི་རྒྱལ་པོ་རིན་ཆེན་པདྨ་དང་། སྤོས་ཀྱི་གླང་པོའི་རྒྱལ་པོ་རི་བོ་རང་གི་འཁོར་འབུམ་དང་བཅས་པ་སྟེ་མདོར་ན་སྲོག་ཆགས་གང་ཇི་སྙེད་ཡོད་པ་འདུས་པའི་དབུས་སུ། སྐུ་ཡང་མང་ཞིང་གཟུགས་མང་བའི། །དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ། །སྟན་རྣམས་ཀུན་ལ་བཞུགས་ནས་ཀྱང་། །ཁྱོད་ནི་ཆོས་འདི་སྟོན་པར་མཛད། །ཅེས་པ་ལྟར་ཚངས་པས་བཤམས་པའི་ཁྲི་འབུམ་ལ་སྐུ་རེ་རེ་སྣང་བར་མཛད་ནས། ཞེས་ཆོས་ཐམས་ཅད་སྟོན་པར་བཤད་པ་སོགས་དུ་མ་མཆིས་ཀྱང་། ཤེར་ཕྱིན་རང་སྐད་འབུམ་དང་ཉི་ཁྲི་མཐུན་པར། དགེ་སློང་ལྔ་སྟོང་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དུ་གྱུར་པ། སེམས་ཤིན་ཏུ་རྣམ་པར ་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། ཁུར་བོར་བ། རང་གི་དོན་རབ་ཏུ་ཐོབ་པ། སེམས་ཀྱི་དབང་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པ་ཤ་སྟག་སྟེ། གང་ཟག་གཅིག་མ་གཏོགས་པ་ནི། འདི་ལྟར་སློབ་པ་རྒྱུན་ཏུ་ཞུགས་པ་ཚེ་དང་ལྡན་པ་དགའ་བོའོ། །དགེ་སློང་མ་གྲགས་འཛིན་དང་། སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་པ་ལྔ་བརྒྱ་དང་། དགེ་བསྙེན་ཕ་དང་། དགེ་བསྙེན་མ་ཤིན་ཏུ་མང་བ་ཀུན་ཀྱང་ཆོས་མཐོང་བ་ཤ་སྟག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད་པ་ཐམས་ཅད་ཀྱང་། གཟུངས་རབ་ཏུ་ཐོབ་པ། ཏིང་ངེ་འཛིན་རབ་ཏུ་ཐོབ་པ། སྟོང་པ་ཉིད་ཀྱི་རྣམ་པར་སྤྱོད་པ། མཚན་མ་མེད་པའི་སྤྱོད་ཡུལ་ཅན། རྟོག་པ་མེད་པའི་སྨོན་ལམ་དང་ལྡན་པ། ཞེས་སོགས་ནས། ཡོན་ཏན་བརྗོད་པ་བསྐལ་པ་མཐའ་ཡས་ པར་མི་ཟད་པ་དང་ལྡན་པ་ཤ་སྟག་དང་ཐབས་ཅིག་སྟེ། འདི་ལྟར་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་
པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། གཞན་ཡང་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ལ་ཆོ་འཕྲུལ་རྣམ་པ་གསུམ་གྱིས་ཐོག་མ་དང་བར་དང་ཐ་མར་དགེ་བ་ལ་སོགས་པ་དང་ལྡན་པ་ཕར་ཕྱིན་དྲུག་གི་ཆོས་སྔོན་གྱི་མཁས་པ་བུ་སྟོན་ལྟར་ན། ཤིན་ཏུ་རྒྱས་པའི་རྒྱས་པ་ཤོ་ལོ་ཀ་བྱེ་བ་ཕྲག་བརྒྱ་པ། རྒྱས་པའི་འབྲིང་འབུམ་ཕྲག་བརྒྱ་པ། རྒྱས་པའི་བསྡུས་པ་སྟོང་ཕྲག་བརྒྱ་པ་རྣམས་རིམ་པ་ལྟར་དྲི་ཟའི་རྒྱལ་པོ་རྣམ་པར་རྒྱལ་བ་དང་། ལྷའི་དབང་པོ། ཀླུའི་ཡུལ་རྣམས་སུ་བཞུགས། འབྲིང་གི་རྒྱས་པ་ཉི་ཁྲི་ལྔ་སྟོང་པ། འབྲིང་གི་འབྲིང་ཁྲི་བརྒྱད་སྟོང་པ། འབྲིང་གི་བསྡུས་པ་ཤེས་རབ་ཁྲི་པ། བསྡུས་པའི་རྒྱས་པ་བརྒྱད་སྟོང་པ། བསྡུས་པའི་འབྲིང་ཡུམ་ཆེན་བམ་པོ་བཅོ་བརྒྱད་པ། བསྡུས་པའི་བསྡུས་པ་ཡོན་ཏན་རིན་ཆེན་སྡུད་པ་སྟེ་རྒྱས་འབྲིང་བསྡུས་གསུམ་གྱི་དབྱེ་བ་དང་། ཕྱིས་ཀྱི་མཁས་པ་དག་ཚིག་ལྷུར་ལེན་པ་རྒྱས་པ་ལ་དགའ་བའི་སེམས་ཅན་རྗེས་སུ་བཟུང་བའི་དོན་དུ་འཕགས་པ་སྟོང་ཕྲག་བརྒྱ་པ། སྤྲོས་ཏེ་གོ་བ་བར་མ་ལ་དགའ་བ་རྣམས་ལ་དོན་ཐམས་ཅད་བསྡུས་ནས་སྟོང་ཕྲག་ཉི་ཤུ་ལྔ་པ་དང་། ཁྲི་བརྒྱད་སྟོང་པ། ཤེས་རབ་ཁྲི་པ། མགོ་སྨོས་པས་གོ་བ་བསྡུས་པ་ལ་དགའ་བ་ལ་དེའི་དོན་ཐམས་ཅད་བསྡུས་པ་བརྒྱད་སྟོང་པ། ཚིགས་སུ་བཅད་པ་ལ་ཞེན་པ་རྣམས་ཀྱི་དོན་དུ་འབུམ་གྱི་དོན་ཐམས་ཅད་བསྡུས་ནས་ཡོན་ཏན་རིན་ཆེན་སྡུད་པ་རྣམས་གསུངས་པར་བཞེད་པ་དང་། ཡང་སྟོན་པ་མྱ་ངན་ལས་འདས་པ་དང་། ཤེར་ཕྱིན་སུས་བདག་བྱེད་བགྲོས་པར་མ་དན་པར་ཐོབ་ཤ་བྱས་པས་ཀླུའི་སྐལ་བར་འབུམ། ལྷའི་སྐལ་བར་ཁྲི་བརྒྱད་སྟོང་པ། མིའི་སྐལ་བར་ཉི་ཁྲི། ལྷ་མ་ཡིན་གྱི་ཤེས་རབ་ཁྲི་པ་སོགས་སོ་སོའི་ཐོབ་སྐལ་དུ་བྱུང་བ་ལས། བྱེ་བ་ཕྲག་བརྒྱ་པ་དང་འབུམ་ཕྲག་བརྒྱ་པ་ཡོད་པར་མི་འདོད་པར་ཡང་སྣང་ལ། བརྒྱད་སྟོང་པ་ལེའུ་ཉེར་བརྒྱད་པ་ལས། ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡུམ་དེ་བསྐྱེད་པ་འབྱིན་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་
པར་བྱེད་པ་ཡིན་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་སོ། །ཞེས་པའི་ཡུམ་དེ་ལ་བརྗོད་བྱ་མངོན་རྟོགས་བརྒྱད་དུ་ཕྱེ་མ་ཕྱེ་མཁས་པ་སྔ་མ་རྣམས་སྲས་ཡུམ་བཅུ་བདུན་དུ་མཛད་པས་འབུམ། ཉི་ཁྲི། ཁྲི་བརྒྱད་སྟོང་པ། ཤེས་རབ་ཁྲི་པ། བརྒྱད་སྟོང་པ། སྡུད་པ་རྣམས་ཡུམ་དུ་བགྲངས་པའི་ཡུམ་དྲུག །ཤེར་ཕྱིན་བདུན་བརྒྱ་པ། ལྔ་བརྒྱ་པ། སུམ་བརྒྱ་པ། ཚུལ་བརྒྱ་ལྔ་བཅུ་པ། རབ་རྩལ་རྣམ་གནོན་གྱིས་ཞུས་པ། ཀཽ་ཤི་ཀས་ཞུས་པ། ཡི་གེ་གཅིག་མ། ཡི་གེ་ཉུང་ངུ་། ཤེས་རབ་སྙིང་པོ་སྟེ་བཅུ་གཅིག་སྲས་སུ་བཞེད་ནའང་། སྡུད་པ་དང་ཁྲི་བརྒྱད་སྟོང་པ་གཉིས་སོ་སོར་བགྲང་བ་ནི་ཞིབ་ཏུ་མ་བརྟགས་པ་གླེགས་བམ་ཡང་མ་མཐོང་བའི་སྐྱོན་ཏེ། ཅིའི་ཕྱིར་ན་ཁྲི་བརྒྱད་སྟོང་པ་ལ་ལེའུ་གྱ་བདུན་ཡོད་པའི་གྱ་བཞི་པ་སྡུད་པ་ཡིན་པ་དང་། དེའི་དབང་འབྲིང་བསྡུས་ཀྱི་དབྱེ་བའང་ནོར་བ་དང་། གཞན་ཡང་ཉི་མའི་སྙིང་པོ། ཟླ་བའི་སྙིང་པོ། ལག་ན་རྡོ་རྗེ། ཀུན་ཏུ་བཟང་པོ། རྡོ་རྗེ་རྒྱལ་མཚན་རྣམས་ཀྱང་ཤེར་ཕྱིན་དུ་བཞེད་པའི་སྲས་ཡུམ་དོན་གྲངས་ནོར་ཞེས་བརྗོད་པ། སྡུད་པ་ཁྲི་བརྒྱད་སྟོང་པའི་མཇུག་ཆ་ལས་བྱུང་བ་ཡིན་ནའང་། དཀོན་མཆོག་ཏ་ལ་དང་། ཕལ་ཆེན་བཟང་པོའི་དཔལ་གྱི་ལེའུ་གཅིག་པ། ཕལ་ཆེན་གྱི་སའི་ལེའུ་དང་མདོ་སྡེ་ས་བཅུ་པ་རྣམས་ཀྱང་གཅིག་པ་དང་། བཟང་སྤྱོད་དང་འཕགས་པ་ཚིག་གཅིག་པ། རྟེན་འབྲེལ་སྙིང་པོ། ཤེར་ཕྱིན་རང་བརྒྱ་ལྔ་བཅུ་པ་སྒོ་ཉེར་ལྔ་པ་སོགས་དང་། དེར་མ་ཟད་རྒྱུད་འབུམ་པ་ནས་བརྟག་གཉིས་ཕྱུངས་པ། སྒྱུ་དྲྭ་ལས་མཚན་བརྗོད་སོགས་དང་། ཤེར་སྙིང་ལྟ་བུའང་མདོ་དང་སྔགས་གཉིས་ཀ་ནས་འབྱུང་བ་སོགས་རྒྱལ་བའི་བཀའ་ལ་སྔར་གསུངས་ཟིན་དང་གཞན་དང་གཞན་དུ་གསུངས་པ་དང་། མང་ཉུང་དང་ཟློས་བུ་སོགས་གང་འདུལ་གྱི་རྣམ་པར་གསུང་གི་ཕྲིན་ལས་འཇུག་སྒོ་༼དུ་༽མ་མཆིས་པ་དང་། ཁྲི་བརྒྱད་སྟོང་པ་ཡེ་ཤེས་སྡེའི་འགྱུར། སྡུད་པ་དཔལ་བརྩེགས་ཀྱི་འགྱུར་ཏེ་འགྱུར་ཡང་མི་འདྲ་བས་རང་རྐང་སོ་སོར་བགྲངས་ཀྱང་མི་འགལ་ལམ་སྙམ་མོ། །གང་ལྟར་ཡང་དེ་དག་ཀུན་གྱི་ཕྱི་མོར་གྱུར་བ་སྟོང་ཕྲག་བརྒྱ་པ་ས་འོག་ཀླུའི་མཆོད་ཡུལ་
དུ་བཞུགས་པ་དེ་སྤྱན་འདྲེན་པ་པོ་འཇམ་དཔལ་རྩ་རྒྱུད་རབ་འབྱམས་སོ་དྲུག་པ་ལས། དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །ཅེས་དང་། འཕགས་པ་སྤྲིན་ཆེན་པོ་སྟོང་ཕྲག་བཅུ་གཉིས་པ་ལས་ཀྱང་ཀུན་དགའ་བོ་ལི་ཙ་བྱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི་ནི་ང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས། ངའི་བསྟན་པ་རྒྱས་པར་རབ་ཏུ་བསྟན་ཏེ་མཐར་གྱིས་དང་བའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་རོ། །ཞེས་གསུངས་པ་ལྟར། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ཀླུའི་ཡུལ་ནས་སྤྱན་དྲངས། འོན་ཀྱང་བྱམས་ཞུས། ཆོས་འཕགས། རྟག་ཏུ་ངུ་། ཡོངས་གཏད་དེ་ལེའུ་བཞི་ཁོ་རང་རྣམས་ཀྱིས་མཆོད་གནས་སུ་བཟུང་། ཚུལ་གང་ལྟར་ཡང་གདན་མ་འདྲོངས། སློབ་དཔོན་དེ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཐུགས་སུ་ཆུད་དེ་བཀའ་འཁོར་ལོ་དང་པོའི་དོན་འགྲེལ་དུ་གཏམ་གྱི་ཚོགས། འཁོར་ལོ་གཉིས་པའི་དོན་འགྲེལ་དུ་རིགས་པའི་ཚོགས། འཁོར་ལོ་གསུམ་པའི་དོན་འགྲེལ་དུ་བསྟོད་ཚོགས་རྣམས་མཛད། དེ་ཡང་ལྟ་བ་གཙོ་བོར་སྟོན་པ་མཐའ་བྲལ་གྱི་དབུ་མ། ལུང་གིས་སྟོན་པ་དབུ་མའི་བསྟོད་སྐོར། རིགས་པས་སྟོན་པ་རིགས་པའི་ཚོགས། སྤྱོད་པ་གཙོ་བོར་སྟོན་པ་ལ་ལུང་གིས་སྟོན་པ་མདོ་ཀུན་ལས་བཏུས། རིགས་པས་སྟོན་པ་ཐེག་ཆེན་བློ་སྦྱོང་། ཉན་ཐོས་རིགས་སད་པར་བྱེད་པ་རྨི་ལམ་ཡིད་བཞིན་ནོར་བུ་སོགས་བསྟན་བཅོས་ཀྱང་མཐའ་ཡས་ཤིང་། རྒྱལ་བའི་བསྟན་པ་ལ་བྱ་བ་བྱེད་པར་ལུང་བསྟན་པ་ནི། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་བམ་པོ་ཉིས་བརྒྱ་ལྔ་པ་ལས། ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་འདས་ནས་ལྷོ་ཕྱོགས་ཀྱི་རྒྱུད་དུ་སྤྱོད་པར་འགྱུར། ལྷོ་ཕྱོགས་ཀྱི་རྒྱུད་ནས་ཡུལ་བར་ཏ་བི་ནར་སྤྱོད་པར་འགྱུར། ཡུལ་བར་ཏ་བི་ནས་བྱང་ཕྱོགས་ཀྱི་རྒྱུད་དུ་སྤྱོད་པར་འགྱུར། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལྷོ་ཕྱོགས་ཀྱི་རྒྱུད་དང་བྱང་ཕྱོགས་ཀྱི་རྒྱུད་ན་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་ཐ་མ་ན་སངས་རྒྱས་ཀྱི་བྱ་བ་བྱེད་པར་འགྱུར་རོ། །ཞེས་གསུངས་པ་ལྟར་རྒྱུ་ཕ་རོལ་ཏུ་ཕྱིན་པ་མདོའི་ཕྱོགས་ཀྱི་ལམ་མཐར་ཐུག་པ་ཕར་ཕྱིན་དྲུག་གི་ནང་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དང་། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཉིས་སུ་ཡོད་པ་ལས། སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྗེ་བཙུན་བྱམས་མགོན་གྱིས་གསུངས་ཚུལ་ནི། འཇམ་དཔལ་རྩ་བའི་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ཡི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །ཅེས་ལུང་བསྟན་པ་ལྟར་འཕགས་པ་ཐོགས་མེད་ཉིད་ཀྱིས་རྗེ་བཙུན་བྱམས་མགོན་ལོ་བཅུ་གཉིས་ཀྱི་བར་དུ་བསྒྲུབས་པས་བྱམས་པས་ཞལ་བསྟན་ཏེ་དགའ་ལྡན་དུ་བྱོན། མི་ལོ་ལྔ་བཅུ་བཞུགས་ཏེ་ཡུམ་གྱི་མདོ་རྣམས་དང་། རྣལ་འབྱོར་སྤྱོད་པའི་ས་ཆེན་པོ་དང་། ཐེག་ཆེན་གྱི་མདོ་སྡེ་མང་པོ་དང་། བྱམས་པའི་ཆོས་ལྔ་རྣམས་གསན། དོན་ཚན་རེ་རེ་ལ་ཏིང་ངེ་འཛིན་གྱི་སྒོ་མི་འདྲ་བ་རེ་ཐོབ། སླར་ཡང་མི་ཡུལ་དུ་བྱོན། མངོན་ཤེས་ཐོགས་མེད་མངའ་ཞིང་དགུང་ལོ་དགུ་བཅུ་ཟིན་པའི་སྐབས་ཀྱང་གཞོན་ནུའི་དུས་ཀྱི་ལང་ཚོ་ལས་རྒུད་པ་མེད་ཅིང་། སྐུ་ལ་མཚན་སོ་གཉིས་རྗེས་མཐུན་དུ་མངའ་བ་སོགས་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་ཞིང་། མ་གྷ་དྷའི་ཡུལ་གྱི་བྱེ་བྲག་སི་ལུ་བ་ན་ཞེས་པའི་ནགས་སུ་གཙུག་ལག་ཁང་བརྩིགས། མྱུ་གུའི་དགོན་པར་གྲགས་པ་དེར་བྱམས་ཆོས་ལྔ་པོ་ཡི་གེར་བཀོད། ཐེག་ཆེན་གྱི་སྡེ་སྣོད་གསུམ་གཏན་ལ་འབེབས་པའི་བསྟན་བཅོས་མངོན་པ་ཀུན་ལས་བཏུས། ཐེག་བསྡུས། ས་སྡེ་ལྔ། མངོན་རྟོགས་རྒྱན་གྱི་རྣམ་བཤད་ལ་སོགས་པ་ཟབ་ལ་རྒྱ་ཆེ་བའི་བསྟན་བཅོས་འཁྲུལ་བ་དང་བྲལ་བ་དུ་མ་མཛད་དེ་ཐེག་པ་ཆེན་པོ་སྤྱི་དང་། ཁྱད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་དོན་ཕྱིན་ཅི་མ་ལོག་པ་འགྲོ་བ་རྣམས་ལ་འདོམས་པའི་རྣམ་པར་དཀར་བའི་ཕྲིན་ལས་རྒྱ་མཚོའི་མཐའ་ཁྱབ་ཏུ་གྱུར་ཏེ་འཕགས་བོད་ཀུན་ཏུ་ཤེར་ཕྱིན་གྱི་བསྟན་པ་རྒྱས་པའི་རྩ་ལག་ཏུ་གྱུར་པ་ལགས།
གངས་ཅན་བོད་ཀྱི་ཡུལ་འདིར་སྐད་གཉིས་སྨྲ་བའི་དབང་པོ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའམ་འབུམ་ཇི་ལྟར་བསྒྱུར་བའི་ཚུལ་ལ། སྔོན་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་རྒྱ་གར་གྱི་སློབ་དཔོན་ཀུ་ས་ར། བྲམ་ཟེ་ཤང་ཀ་ར། ཁ་ཆེ་ཏ་ནུ། བལ་པོ་ཤཱི་ལ་མཉྫུ། རྒྱ་ནག་ཧ་ཤང་མ་ཧཱ་དེ་བ་རྣམས་བོད་དུ་བྱོན། ལོ་ཙཱ་བ་ཐུ་མི་སཾ་བྷོ་ཊ་དང་། དེའི་མཆན་བུ་དྷརྨ་ཀོ་ཥ་དང་ལྷ་ལུང་རྡོ་རྗེ་དཔལ་སོགས་ཀྱིས་ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉི་ཤུ་རྩ་གཅིག་ཏོག །ཟླ་བ་སྒྲོན་མ། དཀོན་མཆོག་སྤྲིན། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་རྣམས་བསྒྱུར་བ་དང་། ལོ་རྒྱུས་ཁ་ཅིག་ལས། བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་རྦ་རཏྣས་ཤེར་རབ་འབུམ་ཐོག་མར་སྒྱུར་བའི་ཚེ། རྨི་ལམ་དུ་བོད་ཁམས་སུ་འབུམ་སྡེ་རྒྱས་པར་འགྱུར་ཞེས་ལུང་བསྟན་པར་བཤད་པ་སོགས་ཀྱང་ཡོད་ལ། ཡོངས་གྲགས་སུ་མངའ་བདག་ཚངས་པ་ལྷའི་མེ་ཏོག་གི་དུས། རླངས་ཁམས་པ་གོ་ཆ་ཞེས་མི་བརྗེད་པའི་གཟུངས་ཐོབ་པ་དེས་རྒྱ་གར་ནས་འབུམ་ཐུགས་སུ་བཟུང་ལྟོ་རྒྱབ་གཉིས་ལ་གླེགས་ཤིང་སྦྱར་ནས་བྱོན་པར། རྒྱལ་པོས་ཆོས་གང་ན་མཆིས་ཞེས་བཀའ་བཀྱོན་པ་བཞིན་མཛད་པས། དྷརྨ་ནི་བདག་རང་ལགས་སོ་ཞེས་བློ་ནས་བཏོན་ཏེ་ཡི་གེར་བྲིས། འོན་ཀྱང་ཡིད་མ་ཆེས་པར་ཕྱིས་བཻ་རོས་རྒྱ་གར་ནས་བསྒྱུར་བ་དང་ཞུས་དག་བྱས་པའི་ཚེ་ཡི་གེ་མ་གཅིག་ཁོ་ན་ཆད་པ་ལས་གཞན་འབྲུ་གཅིག་ཀྱང་མ་ཉམས་པར་བྱུང་བས། དེ་ཀླད་ཀོར་གྱིས་གོ་བཅད་པས་མའི་ཚབ་ཀླད་སྐོར་གྱིས་བྱེད་པ་དེ་ནས་དར་བ་དང་། དེ་ལ་རླངས་ཀྱི་ཐུགས་འགྱུར་དུ་གྲགས། ཇོ་མོ་ལྔ་པའི་ལམ་དུ་གྱུར་པའི་དགེ་བར་དམིགས་ཏེ་དེའི་ཁྲག་དང་རྗེ་མངའ་བདག་རང་གི་མཚལ་ཁྲག་བསྲེས་པ་ར་དཀར་འོ་མར་སྦྱར་ནས་བྲིས་པའི་རེག་ཟིག་དམར་པོ། སྦས་མཉྫུ་ཤྲཱི་དང་ཉང་ཨིནྡྲ་ཝ་རོ་གཉིས་ཀྱིས་རྒྱ་དཔེའི་སྟེང་ནས་ཡོ་བྱད་རྣམས་མངའ་འབངས་ལ་དཔྱ་ཁྲལ་བསྡུས་ནས་བསྒྱུར་བའི་དཔྱ་འབུམ། རྗེའི་དབུ་སྐྲའི་གཞོབ་རམས་དང་བསྲེས་ཏེ་ར་དཀར་འོ་མ་དང་སྦྱར་ནས་བྲིས་པའི་རེག་ཟིག་སྔོན་པོ་ལ་སོགས་པ་མཐའ་ཡས། སྤྱིར་ཡང་འབུམ་ལ་རེག་ཟིག་སྔོན་པོའི་ཐུགས་འགྱུར། ཨིནྡྲ་ཨ་རོ། སྦས་མཉྫུ་ཤྲཱིའི་འགྱུར། སྐ་ཅོག་གཉིས་
ཀྱི་འགྱུར། སྔོན་པོའི་འགྱུར་ཏེ་འགྱུར་ཆེན་ལྔའམ། ལ་ལར་བཻ་རོ་ཙ་ན། སྐ་ཅོག །འབྲོམ། རྔོག །རིན་ཆེན་བཟང་པོ། ཁུ་སྟེ་འགྱུར་དྲུག་ཏུ་བཞེད་པའང་འདུག །གང་ལྟར་ཡང་ཡུམ་གྱི་ལུས་ཡོངས་སུ་རྫོགས་པ་དངོས་བརྒྱད་དོན་བདུན་ཅུར་བསྒྲིལ་ནས་གདུལ་བྱའི་རྒྱུད་ལ་མངོན་པར་རྟོགས་པ་སྐྱེ་བའི་རིམ་པ་རྣམས་རྒྱན་གྱིས་བཀྲལ་ཏེ་རྣལ་འབྱོར་པ་རྣམས་ཉམས་སུ་ལེན་པའི་རིམ་པ་དང་སྦྱར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འདི་འཆད་པ་ལ།