མི་དབང་ཆེན་པོའི་དྲི་ལན་དུ་གསོལ་བ།
༈ མི་དབང་ཆེན་པོའི་དྲི་ལན་དུ་གསོལ་བ། ཐེག་ཆེན་གྱི་ལུགས་ལ་མཐོང་ལམ་རྣམ་པར་མི་རྟོག་
པའི་ཡེ་ཤེས་སྐྱེས་པའི་ བྱང་འཕགས་ལ་ལས་ཀྱི་མྱོང་བ་སྨིན་དུ་མེད་པར་མགོན་པོ ་བྱམས་པས། འཕགས་པས་འཆི་དང་ན་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་གསུངས་པས་གསལ་བར་བསྟན་མོད། འོན་ཀྱང་སྒྲིབ་པ་ཅུང་ཟད་ཡོད་པ་ནད་ལྟ་བུའི་སྡུག་བསྔལ་གྱི་རྣམ་པ་ཕྲ་མོས་བྱང་འགྲོ་བར་བཤད་པ་སོགས་ཀྱི་དགོངས་གཞི་ཐེག་ཆེན་གྱི་རིགས་ཅན་ལས་འབྲས་ཀྱི་ངེས་པ་ལ་ཁ་དྲང་བའི་ཕྱིར་ཚུལ་བསྟན་དུ་གསུངས་པ་ལྟར་རམ། ཡང་། ཐེག་ཆེན་རང་ལུགས་ཀྱི་ཆོས་སྐད་ཀྱི་དབང་དུ་བཞེད་པ་ལྟར་ན། རྣམ་སྣང་མངོན་བྱང་ལས། ཚོགས་ལམ་ཆེན་པོའི་སྐབས་སུ་ས་བཅུ་རྗེས་མཐུན་པ་ཞིག་གསུངས་པ་ལྟར་མདོར་བྱས་སུ། དང་པོའི་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །ཞེས་བསྐྱེད་རིམ་གྱིས་ས་བརྒྱད་དང་སྣང་གསུམ་གྱིས་དག་པ་ས་གསུམ་ཐོབ་པར་བཤད་པ་ཡང་དོན་འདི་ལ་དགོངས་པར་འགོས་ལོ་གཞོན་ནུ་དཔལ་ཡབ་སྲས་བཞེད་པར་སྣང་བས་སྤྱི་སྐད་ཀྱི་བྱང་འཕགས་ཁོ་ན་དང་སྦྱོར་བའི་ས་བཅུ་ཕྲུག་གཅིག་པོ་འདི་ལ་མཐོང་ལམ་ཐོབ་ནས་ལས་ཀྱི་སྡུག་བསྔལ་སྨིན་པ་མི་རུང་། མོས་སྤྱོད་ཀྱི་སར་ཡང་ས་བཅུ་ཕྲུགས་གཅིག་ཁས་བླངས་པ། དེ་ལྟར་ན་དགོངས་གཞི་དེ་འདྲ་བའི་དོན་ལ་དགོངས་པའང་ཡིན་པ་སྲིད་ཅིང་། གཞན་དུ་སྔ་འགྱུར་གྱི་རང་སྐད་ལྟར་ན། ཟག་མེད་འཕགས་པའི་སློབ་ལམ་ས་བཅུ་པོ་རིག་འཛིན་རྣམ་པ་བཞིར་འདུ་ཞིང་། དེའི་ནང་གི་མཐོང་ལམ་ས་གཉིས་སུ་ཕྱེ་བའི་བློ་རབ་ཆོས་ཉིད་རང་མཚན་མཐོང་བའི་སྟོབས་ཀྱིས་སྙིགས་མའི་ལུས་ཡེ་ཤེས་ཀྱི་མེས་སྦྱངས་ཏེ་རྡོ་རྗེའི་ལུས་སམ། འབྱུང་བའི་དྭངས་མའི་ལུས་འཕོ་འཇིག་མེད་པ་ཐོབ་ཅིང་ཟག་པ་ཀུན་དང་བྲལ་བ་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་རིག་འཛིན་ཏེ། ཨོ་རྒྱན་ཆེན་པོས་མ་ར་ཏི་ཀའི་བྲག་ཕུག་ཏུ་ཚོགས་ཀྱི་ཉེ་རྒྱུ་ལ་བརྟེན་ནས་བསྒྲུབས་པ་ལྟ་བུ་ཡིན་ལ། དེ་ཉིད་བློ་ནུས་ཆེ་ཆུང་གིས་སྒོམ་ལམ་ཕྱག་ཆེན་ལ་སྦྱོར་བའམ། མཐར་ལམ་ས་བཅུ་པ་ལྷུན་གྲུབ་རིག་འཛིན་ལ་ཐོད་རྒལ་གྱི་ཚུལ་དུ་སྦྱོར་ནུས་པ་ཡང་ཡོད་པས་དེ་འདྲ་བའི་མཐོང་ལམ་བརྙེས་པའི་འཕགས་པ་དེ་ལ་ཁམས་བདེ་མི་བདེ་སོགས་མི་སྲིད་ཀྱང་། བློ་ཆུང་བ་འགའ་ཞིག་ཆོས་ཉིད་ཀྱི་བདེན་པ་མཐོང་བས་ཟག་
མེད་ཀྱི་འཕགས་ལམ་ས་དང་པོ་བརྙེས་པར་གྱུར་ཀྱང་སྙིགས་མའི་ལུས་ཡེ་ཤེས་ཀྱི་མེས་སྦྱོང་བར་མ་ནུས་པས་ལྷག་མ་དང་བཅས་པའི་ཕྱིར། འཁོར་བའི་རྒྱུའི་གཙོ་བོ་ཉོན་མོངས་པའི་འཛིན་པ་སྤངས་ཟིན་ཀྱང་གླ་རྩིའི་སྣོད་ཤུལ་གྱི་དྲི་ལྟར། རང་དོན་དུ་སྲིད་པ་ཕྱི་མ་མི་ལེན་ནའང་རེ་ཞིག་ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་གསུམ་ཡོད་པ་ལྟར་སྣང་བས་བདེ་སྡུག་གི་སྣང་ཆ་ཕྲ་མོ་ཙམ་སྲིད་པ་རྣམ་སྨིན་གྱི་ལུས་རྒྱ་འདི་དང་བྲལ་མ་ཐག་མཐོང་ལམ་གསར་ཐོབ་མི་དགོས་པར་སྒོམ་ལམ་རིག་འཛིན་ཕྱག་ཆེན་ལ་སྦྱོར་ངེས་པ་ཅན་དེ་རྣམ་སྨིན་རིག་འཛིན་དུ་གྲགས་པ་འདི་འདྲ་བ་བཤད་པ་ལྟར་ན་འཕགས་པ་ལ་ན་བ་སོགས་ཀྱི་སྒྲིབ་པའི་ལྷག་མ་ཅུང་ཟད་སྦྱོང་རྒྱུ་ཡོད་པ་ལྟར་གསུངས་པ་ལའང་སྐྱོན་མེད་དམ་སྙམ་ལགས་ཤིང་། ཁྱད་པར་བཞེད་པ་གང་ལྟར་ཁས་བླངས་ཀྱང་སླ་ཡི། དོན་ལ་ཟག་མེད་ཀྱི་ལམ་ལ་གནས་པའི་འཕགས་པ་རྣམས་གནས་སྐབས་སུ་སྐུ་བསྙུན་པར་སྟོན་པ་ལ་སོགས་པ་ནི་དོན་ལ་མཆོག་གི་སྤྲུལ་སྐུ་ཐུབ་པའི་དབང་པོས་ཀྱང་དེ་ལྟ་བུའི་ཚུལ་བསྟན་པ་ལྟར་གདུལ་བྱའི་སྣང་ཚུལ་ཁོ་ནར་སེམས་པ་ལགས། ཐུགས་དམ་ལ་བཞུགས་པ་ཞེས་པའི་ཐ་སྙད་ནི། འོད་གསལ་ལ་འཇུག་ཅིང་དེ་ལས་ལྡང་བ་ལ་སོགས་པ་འདི་དག་ཚེ་འདིའམ། བར་དོར་འཚང་རྒྱ་བ་གང་ཡིན་ཡང་རུང་སྟེ་གཞི་ལམ་གྱི་འོད་གསལ་མ་བུ་རོ་མཉམ་དུ་གྱུར་པས་སྟོང་པ་གཞིའི་ཏིང་ངེ་འཛིན་ལ་བརྟེན་ནས་ལམ་སྦྱང་དགོས་པ་གསང་སྔགས་གསར་རྙིང་ཐམས་ཅད་དགོངས་པ་མཐུན་ལ། དེ་ཡང་གཞིའི་འོད་གསལ་ནི་བི་མ་ལའི་གསང་ཐིགས་སུ། གང་ལ་ཡོད་པ་རྣམ་པ་བརྒྱད་དུ་ཤེས། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར། ལུས་ཅན་རྣམས་ཀྱི་སྙིང་དབུས་ན་དྭངས་མ་ལྔ་འདུས་ཀྱི་སྙིང་པོ་མི་ཤིགས་པའི་ཐིག་ལེ་གདོད་ནས་སྒྲིབ་བྲལ་གཉུག་མའི་སེམས་ཉིད་འོད་གསལ་ཆོས་སྐུ་བྱང་ཆུབ་ཀྱི་སེམས་ཏེ། མིང་གཞན་རྒྱུད་སྡེ་རྣམས་སུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། འོད་གསལ་ཕྱག་རྒྱ་ཆེན་པོ་དང་། དབྱིངས་ཡེ་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་དང་། རང་གནས་ཀྱི་ཡེ་ཤེས་དང་། ཐོག་མཐའ་མེད་པའི་སེམས་དཔའ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་དང་། དང་པོའི་སངས་རྒྱས་སོགས་ཀྱིས་བསྙད་ཅིང་། མདོ་སྡེ་རྣམས་
ལས་བདེ་བར་གཤེགས་པའི་སྙིང་པོ་དང་། གཞི་དོན་གྱི་ཀུན་གཞི་ལ་སོགས་སུ་བསྙད་ནས་གསུངས་པ་སྟེ། བརྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་དང་། དོ་ཧར། མཁས་པ་ཐམས་ཅད་བསྟན་བཅོས་འཆད་པ་ཡི། །ལུས་ལ་ཡེ་ཤེས་ཡོད་པར་མ་རྟོགས་སོ། །ཞེས་དང་། ཨ་ནུ་ཡོ་གའི་སྤྱི་མདོ་དགོངས་འདུས་ལས། ཡེ་ནས་ངང་གིས་མ་སྐྱེས་པ། །མ་བཅོས་ཡོངས་ཀྱི་འོད་གསལ་བ། །ཞེས་དང་། སྒྱུ་འཕྲུལ་བཤད་རྒྱུད་རྡོ་རྗེ་མེ་ལོང་ལས། །ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་དང་། རྒྱུད་བླ་མར། རྫོགས་སངས་རྒྱས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་སེམས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་དང་། ཀླུ་སྒྲུབ་ཀྱིས། ཇི་ལྟར་རང་ལུས་བུམ་པ་ཉིད། །དེ་ཉིད་མར་མེ་ལྟ་བུ་སྟེ། །བླ་མའི་ཞལ་གྱིས་ལེགས་བཅག་ན། །སངས་རྒྱས་ཡེ་ཤེས་གསལ་བར་འགྱུར། །ཞེས་གསུངས་པའི་དོན་ནོ། །དེ་ལྟར་རང་གནས་ཀྱི་གཞིའི་འོད་གསལ་དེ་ཉིད་ལམ་གྱི་འོད་གསལ་གྱིས་གོམས་པར་བྱས་པ་ལ་བརྟེན་ཏེ། རིན་ཆེན་རྒྱ་མཚོ་ལས། འོད་གསལ་བ་ནི་རྣམ་པ་བཞི། །རྫོགས་ནས་ཡེ་ཤེས་ཆེན་པོའི་ས། །སྣང་བ་རྣམ་པར་མི་རྟོག་པ། །མཆེད་པ་ཡེ་ཤེས་སྒྱུ་མ་སྟེ། །ཐོབ་པ་དམ་པ་འཕགས་པའི་ལམ། །ཉེ་བར་ཐོབ་པ་རྫོགས་པའོ། །ཞེས་པ་ལྟར། བཞག་ཐབས་ཀྱི་མན་ངག་གང་ལ་བརྟེན་ཀྱང་རུང་སྟེ། དེའི་མཐུས་སེམས་གཉུག་མའི་ངང་དུ་གནས་པའི་ཚེ་སྣང་བའི་ཡེ་ཤེས་རྟོག་བྲལ་གསལ་དྭངས་མི་གཡོ་བའི་འོད་གསལ་དང་པོར་སྐྱེས་པས་ཐར་པའི་ལམ་སྣ་ཟིན། དེ་ཉིད་ཆེས་ཆེར་གོམས་པས་མཆེད་པའི་ཡེ་ཤེས་ཆོས་ཀུན་དུ་མ་རོ་གཅིག་ཏུ་རྟོགས་པ་ནམ་མཁའ་ལྟ་བུར་མཐོང་བས་སྦྱོར་ལམ་ཐོབ། དེ་ཉིད་ཆེས་ཆེར་གོམས་པས་ཐོབ་པའི་ཡེ་ཤེས་སེམས་ཉིད་འོད་གསལ་ཟག་མེད་ཀྱི་ཡེ་ཤེས་དང་པོར་མཐོང་བས་མདོ་ལྟར་ན་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དང་། སྔགས་ལྟར་ན་ནང་གི་ཁམས་ལ་ཡེ་ལྡན་གྱི་ཞིང་ཁམས་སྣང་བས་མཐོང་སྤང་ལས་གྲོལ་བ་ས་དང་པོ་བརྙེས། དེའི་རྒྱུན་གོམས་པར་བྱས་
པས་ཉེར་ཐོབ་ཅེས་བྱ་བ་སྒོམ་ལམ་ཡེ་ཤེས་ཏེ་ལྷན་སྐྱེས་ས་དགུའི་དྲི་མ་རྣམས་སྦྱངས་ནས། འཕགས་ལམ་རྫོགས་པར་བྱེད་ཚུལ་དེ་བཞིན་དུ་འཆི་ཀའི་སྐད་ཅིག་མ་བཞི་ལ་སྦྱར་ནས་གྲོལ་ཚུལ་ཡང་ནང་དུ་ས་ཆུ་ལ་ཐིམ་པ་ནས་རླུང་རྣམ་ཤེས་ལ་ཐིམ་པའི་བར་དང་། དེ་དག་གི་ཚེ་ཕྱི་རོལ་གྱི་གཟུགས་སྒྲ་ལ་ཐིམ་པ་ནས་རོ་རེག་གི་བར་ཐིམ་པའི་དུས་ན་དབུགས་ཀྱི་འགྱུ་བ་ཆད་ཅིང་རོ་རྐྱང་གི་དྭངས་མ་ཡས་མས་ཀྱི་རྩེར་འདུས། དེ་ནས་རེག་ཆོས་ལ་ཐིམ་དུས་ནང་དུ་རྣམ་ཤེས་འོད་གསལ་ལ་འཇུག་སྟེ་ཡས་མས་ཀྱི་དྭངས་མ་གཉིས་པོ་ཧཾ་ལ་ཐིམ་པ་སྙིང་གི་དྭངས་མ་ལྔ་འདུས་ཀྱི་ཐིག་ལེར་འདུས་པ་ཕྲ་རགས་ཀྱི་རྟོག་པ་འགགས་ནས་སྟོང་པའི་འོད་གསལ་སྣང་མཆེད་ཐོབ་པ་ཉེར་ཐོབ་བཞི་རིམ་པར་ཤར་བས་ཕྱི་རྟགས་སུ་དཀར་དམར་ལ་སོགས་པའི་སྣང་བ་དང་། ནང་རྟགས་སུ་བདེ་གསལ་མི་རྟོག་པའི་ཡེ་ཤེས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་བོགས་ཕྱིན་པའི་ཚུལ་དུ་ཤར་བས་འོད་གསལ་དང་པོ་གསུམ་གྱིས་རང་བཞིན་བརྒྱད་ཅུའི་རྟོག་པ་རིམ་གྱིས་འགགས་པར་བྱས་ནས་སྒྲིབ་པ་རགས་པ་རྣམས་དབྱིངས་སུ་ཐིམ། བཞི་པའི་དུས་སུ་སྒྲིབ་པ་ཕྲ་བ་རྣམས་ཀྱང་ཐིམ་པས་སྒྲིབ་པ་མཐའ་དག་དང་བྲལ་བའི་ལྷན་སྐྱེས་ཀྱི་འོད་གསལ་སྐབས་དེར་འཆར་ཞིང་། སྐད་ཅིག་བཞི་པའི་རྗེས་དེ་ཉིད་ནས་སྣང་བའི་འོད་གསལ་ཡེ་ཤེས་ལྔའི་ཞིང་སྣང་རིགས་ལྔ་གཙོ་འཁོར་གྱི་ཚོམ་བུའི་དཀྱིལ་འཁོར་གྱི་རྣམ་པར་འཆར་བར་བཤད་དོ། །སྙིང་གི་དྭངས་མ་ལྔའི་གནད་ཀྱིས་ཡིན་ལ། དེའི་དང་པོ་ཆོས་སྐུའི་འོད་གསལ་དང་། གཉིས་པ་ལྷུན་གྲུབ་གཟུགས་སྐུའི་འོད་གསལ་ཞེས་བྱ་ཞིང་། དེ་ངོ་འཕྲོད་ན་རྫོགས་ཆེན་པ་རྣམས་ཡེ་ཐོག་ཏུ་གྲོལ་བ་ཞེས་བྱ་བའི་ཐ་སྙད་བྱེད་ཅིང་། དེར་གྲོལ་བར་མ་ནུས་པའི་རྣལ་འབྱོར་པ་དག་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་ཚུལ་སོགས་རྒྱས་པར་བཤད། འདི་དག་གསང་འདུས་པ་སོགས་འཆི་ཀའི་མན་ངག་གི་སྟོབས་ཀྱིས་སྣང་གསུམ་འོད་གསལ་དང་བཅས་པ་ལུགས་འབྱུང་གི་སྟོང་པ་བཞིས་འཆི་ཀའི་འོད་གསལ་མངོན་དུ་བྱས་ཏེ། དེའི་ངང་ལས་ལུགས་ལྡོག་གི་སྣང་བ་གསུམ་སྒྱུ་མ་ལྟ་བུའི་ལྷ་སྐུར་ལངས་ཏེ། དེ་དང་འོད་གསལ་ངོ་བོ་གཅིག་ཏུ་གྱུར་ནས་ཟུང་འཇུག་ཐོབ་པའམ། འཆི་ཁར་
སེམས་དབེན་མཐར་ཐུག་གི་འོད་གསལ་སྐྱེས་ནས་བར་དོར་སྒྱུ་ལུས་མངོན་དུ་བྱས་ཏེ། སླར་སྐྱེ་བ་སྤྲུལ་སྐུ་སྒྱུ་ལུས་ཀྱི་ལམ་རིག་པ་འཛིན་པའི་རྟེན་ཁྱད་པར་ཅན་གྱི་ལུས་བརྒྱུད་དེ་གྲོལ་བར་བཤད་པ་སོགས་དང་ཡང་དགོངས་པ་འབྱོར་བ་ལགས། དེས་ན་ཐུགས་དམ་བཞུགས་ཟེར་བ་ཡང་གཞི་དུས་ལྷན་སྐྱེས་ཀྱི་འོད་གསལ་ཤར་བ་དེ་ལམ་དུས་འོད་གསལ་དང་སྦྱར་ནས་སྙོམ་པར་འཇོག་པ་སྟེ། དེ་ཡང་གོ་འཕང་མཐོ་བའི་རྣལ་འབྱོར་པས་དུས་དེར་ཀ་དག་དེ་བཞིན་ཉིད་ཀྱི་གནས་ལུགས་ངོ་འཕྲོད་དེ་གྲོལ་ཞིང་། དགོངས་པ་དམའ་བ་དག་ལ་ནི་སྟོང་པའི་འོད་གསལ་གྱི་ཆ་ཕྲ་རགས་རྟོག་པ་ནུབ་པའི་ཞི་གནས་ལ་སེམས་ཟིན་པ་ཙམ་ལས་ངོ་འཕྲོད་པར་མ་གྱུར་པས་དེ་ལས་ལངས་པའི་སྣང་ཆ་ཡང་བར་དོའི་སྣང་བར་ཤར་ནས་དེར་གདམས་པ་དྲན་པས་ཕྱི་མ་ལ་ལམ་གྱི་འཕྲོ་མཐུད་ནས་གྲོལ་བར་འགྱུར་རོ། །གང་ལྟར་ཡང་འཆི་བ་གཞིའི་འོད་གསལ་ལ་ཆོས་སྐུའི་བར་དོ་དང་། དེ་ལས་ལངས་པའི་བར་དོའི་སྣང་ཆ་ལོངས་སྐུ་དང་། དེ་ནས་སྐྱེ་བ་སྤྲུལ་སྐུ་དང་སྦྱར་ནས་གསུངས་པ་ནི་གསར་རྙིང་ཐམས་ཅད་དགོངས་པ་སྤྱི་ཙམ་དུ་མཐུན་པའི་ཕྱིར་མཁས་གྲུབ་རྗེས་བཤད་པ་རྣམས་ཀྱང་། རྗེ་དེ་རྩལ་བཤད་མང་ཚུལ་ལྟར་ན་བཤད་སྒྲོས་ཟུར་ཁྱད་མི་འདྲ་བ་ཡོད་པ་སྲིད། སྤྱི་ལྡོག་ནས་མི་འདྲ་བ་མེད་དམ་སྙམ་པ་དང་། གསང་སྔགས་རྙིང་མ་ལས་ཀྱང་དེ་དག་དང་མཐུན་པར་འབྱུང་བ་ནི། སྒྱུ་འཕྲུལ་བཤད་རྒྱུད་ཐལ་བ་ལས། འགྲོ་བ་མ་ལུས་ཐམས་ཅད་དག །གནས་པའི་སྟོབས་ནི་ཟད་པ་ན། །འདུས་པ་ལྔ་ཡི་རིམ་པ་ཡི། །བག་ཆགས་སྙིགས་མ་རང་ཟད་ནས། །འོད་གསལ་སྟོང་པར་སྣང་བ་ལ། །རེ་དོགས་མེད་པ་ནམ་མཁའ་བཞིན། །བར་མར་སྒྱུ་མའི་ལུས་ཐོབ་པས། །མ་སྤངས་ལོངས་སྤྱོད་རྫོགས་པར་བཤད། །ཉི་ཟླ་འདྲེས་ཤིང་ཟུང་འཇུག་པས། །སྤྲུལ་པ་གཟུགས་ཀྱི་སྐུ་འགྱུར་རོ། །ཞེས་དང་། སངས་རྒྱས་གསང་བའི་སྒྱུ་འཕྲུལ་ལམ་རིམ་དུ། ཤི་བ་དོན་དམ་བདེན་པ་སྟེ། །སྐྱེ་བ་བར་མ་ཀུན་རྫོབ་ཡིན། །སྐྱེ་བས་རིམ་གསུམ་གཉིས་མེད་དོན། །ཞེས་གསུངས། རྫོགས་ཆེན་ལས། རྣམ་ཤེས་ནམ་མཁའ་ལ་ཐིམ་པ་ཡན་འཆི་ཀའི་བར་དོ་དང་། ནམ་མཁའ་འོད་གསལ་ལ་ཐིམ་དུས་ཆོས་ཉིད་བར་དོ་ཞེས་
བཏགས་ཏེ་ཆོས་སྐུའི་བར་དོ་དང་གནད་གཅིག །དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པ་ནས་སྲིད་པའི་བར་དོ་མ་ཤར་གྱི་བར་ལྷུན་གྲུབ་ཀྱི་བར་དོར་བཞག་སྟེ། ཐལ་འགྱུར་ལས། ནམ་མཁའ་འོད་གསལ་ལ་ཐིམ་དུས། ཕྲ་རགས་སྣང་བ་ཀུན་འགགས་ཏེ། ཞེས་དང་། འཇུག་ཅིང་སྨིན་པའི་རླུང་ལའང་། །ཕྱོགས་བཞི་མཚམས་དང་སྟེང་འོག་ཏུ། །དེ་ལ་ཕྱོགས་ཀྱི་འོད་འདུས་པས། །རིགས་ལྔའི་སྐུ་ཡང་མངོན་པར་སྣང་། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ནང་དུ་འོད་གསལ་གྱི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་པ་དེའི་ཚེ་དཀྱིལ་འཁོར་གྱི་ལྷའི་ངོ་བོ་བཞུགས་པ་ཉིད་མཚོན་པར་བྱེད་པའི་བཀུར་སྟི་དང་། གུར་ལས་ཀྱང་། སློབ་དཔོན་མཐར་བྱེད་དུས་སུ་ནི། ཞེས་སོགས་ཀྱིས། གཏན་ལ་ཕབ་ནས་དེ་ཡི་དུས། །རྡོ་རྗེ་དྲིལ་བུ་ལག་པར་སྦྱིན། །མགོ་བོར་དབུ་རྒྱན་བཀོན་པར་བྱ། །ཞེས་གསུངས་པ་བཞིན་དང་། དེ་ལྟ་བུའི་ཆས་འཇུག་འོས་པའི་རྟེན་དེ་ཆོ་ག་ལ་སོགས་པས་མཆོད་པའི་དུས་སུ་དཀྱིལ་འཁོར་གྱི་ལྷའི་ངོ་བོར་བསྒོམ་ཞིང་མཆོད་པ་སོགས་ཀྱིས་བསོད་ནམས་འདུ་བྱེད་པའི་ཕན་ཡོན་ནི། གསང་འདུས་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་དཀྱིལ་འཁོར་རིམ་བཞིན་གནས། །ཞེས་དང་། གསང་བ་རབ་འབྱམས་ལས། དཀྱིལ་འཁོར་དབང་ཕྱུག་ཧེ་རུ་ཀ །བླ་མ་མཆོག་ཡིན་དངོས་གྲུབ་ཆེ། །ཞེས་དང་། དེ་ལྟ་བུའི་ངེས་ཤེས་ཀྱིས་དྲངས་ཏེ་བཀུར་སྟི་བྱས་པས་བསོད་ནམས་རྨད་དུ་བྱུང་བ་ཐོབ་པའང་། ཡེ་ཤེས་དམ་པའི་རྒྱུད་ལས། །བསྐལ་པའི་སངས་རྒྱས་མཆོད་པ་བས། །བླ་མའི་བ་སྤུ་ཉག་གཅིག་ལ། །འབྲུ་མར་ཐིགས་པ་གཅིག་བྱུགས་ན། །བསོད་ནམས་ཕུང་པོ་ཁྱད་པར་འཕགས། །ཞེས་གསུངས། གལ་ཏེ་བླ་མ་དམ་པ་ཡིན་ཡང་སྔར་ལས་སྤངས་རྟོགས་ཅུང་ཟད་དམའ་བའི་རིགས་ལ་དབང་གི་དུས་ཁོ་རང་གིས་བདག་འཇུག་བཞེས་ཚུལ་དུ་བསྐུར་བ་དང་། གཞན་ཡང་ས་ལམ་གྱི་བར་ཆད་དུ་གྱུར་པའི་སྒྲིབ་པའི་གཉེན་པོར་སྒྲིབ་སྦྱོང་སོགས་ཇི་ལྟར་རིགས་པ་བྱས་ཀྱང་མི་འགལ་ལོ། །བླ་མ་ཡོངས་བཟུང་གི་རྒྱུད་ལས། བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་དག །ངེས་པ་བཟུང་སྟེ་མཆོད་པ་བྱས་གྱུར་ན། །བསྐལ་པ་བྱེ་བར་བསགས་པའི་སྡིག་བཅོམ་སྟེ། །ཤིན་ཏུ་མི་ཟད་གཤིན་རྗེའི་གྲོང་ལས་ཐར། །ཞེས་གསུངས་སོ། །