བླ་མ་གསང་བ་འདུས་པའི་ལས་བྱང་སྙིང་པོ་རབ་གསལ་གྱི་འགྲེལ་བཤད་ནོར་བུའི་ཕྲེང་བ། ཨོ་རྒྱན་བསྟན་འཛིན་རྡོ་རྗེ།
བླ་མ་གསང་བ་འདུས་པའི་ལས་བྱང་སྙིང་པོ་རབ་གསལ་གྱི་འགྲེལ་བཤད་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ༀ་སྭ་སྟི། དུས་གསུམ་ཀུན་མཁྱེན་པདྨ་འབྱུང་། །གང་དང་གཉིས་མེད་བླ་མ་ལ། །བཏུད་ནས་དེ་སྒྲུབ་གསང་འདུས་ཀྱི། །འགྲེལ་བཤད་མཆོད་སྤྲིན་འདིར་སྤྲོ་བྱ། །དེ་ཡང་ཇི་སྐད་དུ། རྡོ་རྗེའི་གསུང་བཀའ་རྩིས་དགྱེས་དབྱངས་ལས། བླ་མའི་སྒྲུབ་ཐབས་དགོས་དགུ་ཆོས་མང་གིཿརང་དང་དབྱེར་མེད་སྒྲུབ་པ་འདི་ན་མཆིསཿདེ་གང་ཞེ་ན་བླ་མ་གསང་འདུས་སྐོརཿམཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངསཿཞེས་དང་། ང་བསྒྲུབ་སངས་རྒྱས་ཐམས་ཅད་འགྲུབཿང་མཐོང་སངས་རྒྱས་ཐམས་ཅད་མཐོངཿང་ནི་བདེ་གཤེགས་འདུས་པ་ཡིན། །ཞེས་གསུངས་པ་ལྟར་གུ་རུ་རིན་པོ་ཆེ་ཉིད་སྒྲུབ་ཅིང་མཆོད་པས་རྒྱལ་བ་ཐམས་ཅད་སྒྲུབ་ཅིང་མཆོད་པའི་བསོད་ནམས་ཐོབ་པར་འགྱུར་ལ། དེ་ཉིད་མཆོད་པའི་དུས་ཀྱི་ཁྱད་པར་ནི་ཚེས་བཅུ་ཁོ་ན་ཡིན་ཏེ། སྤྱིར་བདེ་མཆོག་སོགས་རྣལ་འབྱོར་མ་རྒྱུད་རྣམས་ནས་སྡིག་སྒྲིབ་སྦྱོང་བ་དང་དངོས་གྲུབ་སྒྲུབ་པའི་དུས་ཁྱད་པར་ཅན་དུ་གསུངས་པའང་འདི་ཁོ་ན་ཡིན་པར་ངེས་ཏེ། བདེ་མཆོག་རྩ་བའི་རྒྱུད་ལས། རང་འདོད་ལས་ལ་རྣལ་འབྱོར་པས། །ཆོ་ག་ཇི་བཞིན་སྦྱིན་པ་བྱ། །ཡར་གྱི་ངོ་ཡི་ཚེས་བཅུ་དང་། །ཟླ་བ་མར་ངོ་གང་གྱུར་ལ། །མྱུར་དུ་འབད་པས་མཆོད་བྱ་སྟེ། །ཞེས་གསུངས་པ་དང་། །དེ་ཡང་ཐོག་མར་རྩོམ་གཞི་དགུན་ཟླ་འབྲིང་པོའི་ཚེས་བཅུ་ཞིག་ནས་མགོ་རྩོམ་དགོས་པའང་ཡིན་ཏེ། རྣལ་འབྱོར་མ་ཀུན་སྤྱོད་ལས། དགུན་འབྲིང་ལ་སོགས་ཟླ་བ་ཡི། །ཟླ་བཅུ་ལ་ནི་རབ་ཏུ་མཆོད། །ཅེས་པའི་དགུན་འབྲིང་གི་རྒྱལ་གྱི་ཟླ་བ་སྟེ། རྒྱལ་གྱི་ཟླ་བ་ནས་བརྩམ་པའི། །བཅུ་པ་ལ་ནི་སྒྲུབ་
པས་མཆོད། །ཅེས་པའང་དུས་དེ་ཉིད་ལོའི་ཐོག་མར་བཞག་པའི་དབང་གིས་ཏེ། མཁའ་འགྲོ་རྒྱ་མཚོར། མ་རིག་ཆུ་སྲིན་རོ་ཧི་ཏ། ཞེས་ཆུ་སྲིན་གྱི་ཁྱིམ་ནས་རྟེན་འབྲེལ་བཅུ་གཉིས་ཀྱི་དང་པོར་བརྩི་བའི་ཕྱིར་རོ། །དེས་ན་དུས་ཀྱི་ཐོག་མ་དེ་ཉིད་ནས་སོགས་ཁོངས་ཀྱི་འདྲེན་ཚིག་གིས་ཟླ་བ་གཞན་ཐམས་ཅད་ལ་ཡང་མཆོད་པར་གསུངས་པ་ཡིན་ཏེ། རྡོ་རྗེའི་གསུང་ལས། དུས་ཀྱི་རྒྱལ་པོ་ཚེས་བཅུ་ཐམས་ཅད་ལ། །དབང་བསྐུར་མཆོད་བསྟོད་ལ་སོགས་དགེ་བའི་ལས། །བྱས་ན་བརྒྱ་སྟོང་ཁྲི་དང་འབུམ་འགྱུར་འབྱུང་། །པདྨ་ང་ཉིད་འབྱོན་པའི་ཚེས་གྲངས་ཡིན། །ཞེས་དང་། ཀུན་མཁྱེན་ཆོས་རྗེས་ཀྱང་། ཚེས་བཅུ་ཡར་ངོའི་ཉིན་དང་མར་ངོའི་མཚན། བསྙེན་སྒྲུབ་ཚོགས་མཆོད་བསྐང་བཤགས་འབད་བར་བྱ། ཞེས་གསུངས་པས་དུས་དེ་དག་ཏུ་ཕྱིའི་གནས་ཡུལ་དུ་མ་མོ་མཁའ་འགྲོ་རྣམས་རྒྱུ་ཞིང་། ནང་དུ་རྩ་རླུང་ཁྱད་པར་ཅན་རྣམས་འདུ་བས་ཉེ་བའི་འདུ་བ་ཞེས་བྱ་བ་ཡིན་ལ། དེ་ཡང་ཡར་ངོའི་ཉིན་མོ་དང་མར་ངོའི་མཚན་མོ་ཁྱད་པར་དུ་ཡང་དངོས་གྲུབ་མྱུར་བས་དུས་དེར་བསྙེན་སྒྲུབ་བསྐང་བཤགས་སོགས་ལ་འབད་པར་བྱ་ཞིང་མཆོད་ཚུལ་ཡང་། ཀུན་སྤྱོད་ལས། དམ་པའི་སྐྱེ་བོ་ཀུན་འདུས་ལ། །དངོས་པོ་དམ་པ་ཐམས་ཅད་དབུལ། །ཞེས་སོགས་རྒྱ་ཆེར་གསུངས་པར་མ་ཟད། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ་དེ་ཉིད་ཀྱིས་ཞིང་འདིར་ངོ་མཚར་མཛད་པའི་གཙོ་བོ་རགས་པ་རྣམས་བསྟན་པའི་དུས་ཆེན་ཀྱང་འདི་རྣམས་ཡིན་ལ། ཚེས་བཅུའི་མཆོད་པ་བཟུང་བའི་ཕན་ཡོན་དང་བསོད་ནམས་ཀྱང་ཚད་ལས་འདས་པ་སྟེ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་པདྨ་གླིང་པ་དང་། རྒོད་ཚང་སྣ་ཚོགས་རང་གྲོལ་གྱི་གསུང་ལས། དེ་ཡང་ལོ་གཅིག་ལ་ཟླ་བ་བཅུ་གཉིས་ལས། རྒྱལ་གྱི་ཉ་བའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་ལ། གུ་རུ་རིན་པོ་ཆེ་ཉིད་ཨོ་རྒྱན་གྱི་རྒྱལ་པོ་ཨིནྟྲ་བོ་དྷིའི་སྲས་སུ་མངའ་གསོལ་རྒྱལ་སྲིད་ཆོས་བཞིན་དུ་བསྐྱང་བའི་དུས་ཆེན་འདི་ཉིད་ཀྱི་མཆོད་པ་བཟུང་ན། ཞི་བའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་པར་འགྱུར་ལ། མཆུའི་ཉ་བ་ཧོར་ཟླ་དང་པོའི་ཚེས་བཅུ་ལ། རྒྱལ་སྲིད་ཐབས་ཀྱི་སྤངས་ནས་དུར་ཁྲོད་བསིལ་བ་ཚལ་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་གཤེགས་
ནས་ཤནྟ་རཀྵི་ཏར་མཚན་གསོལ་བའི་དུས་ཆེན་ཉིད་མཆོད་པ་བཟུང་ན། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག་ནས། རྡོ་རྗེའི་སྐུའི་དངོས་གྲུབ་ཐོབ་པར་འགྱུར་ལ། དབོས་ཉ་བ་ཧོར་ཟླ་གཉིས་པའི་ཚེས་བཅུ་ལ། ཟ་ཧོར་གྱི་ཡུལ་དུ་སློབ་དཔོན་པྲ་བྷ་ཧསྟིའི་སྤྱན་སྔར་བསྟན་པའི་སྒོར་ཞུགས་ཏེ་རྣལ་འབྱོར་ཡོ་གའི་ཆོས་ལ་སྦྱངས་པ་མཛད་པའི་དུས་ཆེན་འདིའི་མཆོད་པ་བཟུང་ན། ཚེ་ལ་དབང་བའི་རིག་འཛིན་གྱི་ས་མཆོག་ཐོབ་པར་འགྱུར་ལ། ནག་པས་ཉ་བའི་ཧོར་ཟླ་གསུམ་པའི་ཚེས་བཅུ་ལ། ཟ་ཧོར་རྒྱལ་ཁམས་འདུལ་དུ་གཤེགས་པའི་ཚེ་ན་ཆོས་རྒྱལ་གཙུག་ལག་འཛིན་གྱི་གསོན་བསྲེགས་བྱས་པས་མ་ཚིག་པར་ཡ་མཚན་རྨད་དུ་བྱུང་བའི་རྫུ་འཕྲུལ་བསྟན་པའི་དུས་ཆེན་འདིའི་མཆོད་པ་བཟུང་ན། ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་རྒྱས་པའི་དངོས་གྲུབ་འབད་མེད་དུ་ཐོབ་པར་འགྱུར་ལ་ས་གས་ཉ་བའི་ཧོར་ཟླ་བཞི་པའི་ཚེས་བཅུ་ལ། ཨཽ་ཌི་ཡ་ནའི་ཡུལ་གདུལ་བྱའི་ཞིང་དུ་གཟིགས་ནས་གུ་རུ་ཡབ་ཡུམ་བསོད་སྙོམས་ལ་བྱོན་པ་ན་ཨོ་རྒྱན་གྱི་རྒྱལ་པོས་ཡབ་ཡུམ་ལྷན་ཅིག་ཏུ་ཞུགས་ཀྱི་ཕུང་པོར་སྦར་བས་གནོད་པ་མེད་པར་པདྨའི་སྦུབས་ནས་ཟུང་འཇུག་བདེ་བ་ཆེན་པོའི་སྐུ་བསྟན་པའི་དུས་ཆེན་འདིའི་མཆོད་པ་བཟུང་ན། ངག་གི་སྒྲིབ་པ་མཐའ་དག་བྱང་ནས་ཚངས་པའི་གསུང་གི་དངོས་གྲུབ་ཐོབ་པར་འགྱུར་ལ། སྣྲོན་གྱིས་ཉ་བའི་ཧོར་ཟླ་ལྔ་བའི་ཚེས་བཅུ་ནི། རྒྱ་གར་ལྷོ་ཕྱོགས་མཐའ་སྐྱེས་ཀྱི་གྲོང་ཁྱེར་དུ་མུ་སྟེགས་སྟོན་པ་ལྔ་བརྒྱ་དུས་གཅིག་ཏུ་བཏུལ་ཅིང་བདུད་འདུལ་མཁའ་འགྲོའི་བྱིན་རླབས་ཀྱི་ནུས་པས་ངན་སྔགས་ཀྱི་བདག་པོ་མཐུ་ཆེན་རྣམས་ཐོག་གིས་བསྒྲལ་བའི་དུས་ཆེན་འདིའི་མཆོད་པ་བཟུང་ན། ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་ས་མཆོག་ཐོབ་པར་འགྱུར་ལ། ཆུ་སྟོད་ཀྱིས་ཉ་བ་ཧོར་ཟླ་དྲུག་པའི་ཚེས་བཅུ་ནི། གུ་རུ་ཉིད་ཨོ་རྒྱན་དྷ་ན་ཀོ་ཤའི་མཚོ་གླིང་དུ་རང་བྱུང་པདྨའི་སྦུབས་ལས་བརྫུས་ཏེ་སྐུ་འཁྲུངས་པའི་དུས་ཆེན་འདིའི་མཆོད་པ་བཟུང་ན། ཁམས་གསུམ་དབང་དུ་སྡུད་པའི་དབང་གི་ཕྲིན་ལས་འགྲུབ་པའི་དངོས་གྲུབ་ཐོབ་པར་འགྱུར་ལ། གྲོ་ཞུན་གྱིས་ཉ་བའི་ཧོར་ཟླ་བདུན་པའི་ཚེས་བཅུ་ནི། ཟངས་གླིང་གི་ཡུལ་དུ་མུ་སྟེགས་ཀྱི་
རྒྱལ་པོས་གུ་རུ་ཉིད་ཟངས་ཁ་སྦྱོར་དུ་བཅུག་ནས་ཆུ་ཀླུང་ཆེན་པོར་བསྐུར་བས་རྫུ་འཕྲུལ་གྱིས་སློབ་དཔོན་ཉིད་མཁའ་ལ་གཤེགས་ཤིང་ཆུ་བོ་གྱེན་དུ་འཁྱིལ་ནས་རྒྱལ་པོའི་ཕོ་བྲང་འཇིགས་པར་ཉེ་བའི་ཚེ། བཟོད་པར་གསོལ་ནས་སྐྱབས་ཞུས་ཏེ་ནང་པའི་བསྟན་པ་ལ་འཇུག་པར་མཛད་པའི་དུས་ཆེན་འདིའི་མཆོད་པ་བཟུང་ན་ཡིད་ཀྱི་སྒྲིབ་པ་མཐའ་དག་བྱང་ནས་མི་འགྱུར་ཐུགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ལ། ཁྲུམས་ཀྱིས་ཉ་བའི་ཧོར་ཟླ་བརྒྱད་པའི་ཚེས་བཅུ་ནི། མུ་སྟེགས་རྣམས་ཀྱིས་ཟས་དུག་ཅན་དང་། མཐོང་རེག་གི་རྩི་དུག་སོགས་དུག་སྦྱོར་སྣ་ཚོགས་པས་གུ་རུའི་སྐུ་བཤིགས་པར་འདོད་ཀྱང་། འཆི་མེད་རྡོ་རྗེའི་སྐུ་ལ་མི་གནོད་པར་མ་ཟད་སྔར་ལས་ཆེས་ཆེར་གཟི་མདངས་རྒྱས་པར་བསྟན་པའི་དུས་ཆེན་འདིའི་མཆོད་པ་བཟུང་ན་རྣམ་པར་སྨིན་པའི་རིག་འཛིན་གྱི་ས་མཆོག་ཐོབ་པར་འགྱུར་ལ། ཐ་སྐར་གྱིས་ཉ་བའི་ཧོར་ཟླ་དགུ་པའི་ཚེས་བཅུ་ནི། བལ་ཡུལ་ཡང་ལེ་ཤོད་དུ་བདེ་ཆེན་མཆོག་གི་དངོས་གྲུབ་སྒྲུབ་པའི་ཚེ་ན་བོད་ཀྱི་ལྷ་སྲིན་ཀུན་ཀྱིས་བར་གཅོད་རྩོམ་པ་ལ། རྡོ་རྗེ་ཕུར་པའི་སྒོ་ནས་དམ་ལ་བཏགས་ཤིང་བཀའ་སྲུང་དུ་བསྐོས་པའི་དུས་ཆེན་འདིའི་མཆོད་པ་བཟུང་ན། ལོག་པར་འདྲེན་པའི་དགྲ་བགེགས་འབྱུང་པོ་ཐམས་ཅད་དབང་མེད་དུ་ཚར་གཅོད་པའི་ཕྲིན་ལས་མཐར་ཕྱིན་པར་འགྱུར་ལ། སྨིན་དྲུག་གིས་ཉ་བའི་ཧོར་ཟླ་བཅུ་པའི་ཚེས་བཅུ་ནི། གུ་རུ་ཉིད་བོད་ཡུལ་ཕྱོགས་སུ་ཞལ་གཟིགས་ཏེ་ཐོན་པའི་ཚེ། བོད་ཁམས་ཀྱི་ལྷ་སྲིན་གདུག་པ་ཅན་ཐམས་ཅད་འཁྲུགས་ཏེ་ཐོ་འཚམས་པ་ན་སྣང་སྲིད་ཟིལ་གནོན་གྱི་དགོངས་པས་ཐོག་མར་དམ་ལ་བཞག་པའི་དུས་ཆེན་འདིའི་མཆོད་པ་བཟུང་བས་ཉོན་མོངས་པ་དང་ཤེས་བྱའི་སྡིག་པ་མཐའ་དག་བྱང་ནས་ཡོན་ཏན་ཕྲིན་ལས་ཟད་མི་ཤེས་པའི་དངོས་གྲུབ་ཐོབ་པར་འགྱུར་ལ། མགོས་ཉ་བའི་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་ནི། བསམ་ཡས་མཆིམས་ཕུར་ཡོན་མཆོད་བཀའ་བགྲོས་ནས་གངས་ཅན་བོད་ཀྱི་ཡུལ་འདིའི་མཐའ་དབུས་ཐམས་ཅད་མ་འོངས་པའི་རྗེས་འཇུག་རྣམས་ཀྱི་དོན་དུ་ཟབ་གཏེར་བྱེ་བ་ཕྲག་བརྒྱས་ཡོངས་སུ་གཏམས་པའི་དགོངས་པ་དང་སྟ་གོན་མཛད་པའི་དུས་ཆེན་འདིའི་མཆོད་པ་བཟུང་ན།
ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་ས་མཆོག་ཐོབ་པར་འགྱུར་ལ། དེའི་ནང་ནས་ཀྱང་ཁྱད་པར་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝས་ཞིང་འདིར་ངོ་མཚར་མཛད་པའི་གཙོ་བོ་རྣམས་བསྟན་པ་དང་རྗེས་འཇུག་གི་གདུལ་བྱ་རྣམས་ལ་ཐུགས་རྗེའི་གཟིགས་པ་ཁྱད་པར་དུ་འཇུག་པར་ཞལ་གྱིས་བཞེས་པའི་དུས་ཆེན་ཁྱད་པར་དུ་གྱུར་པ་ནི་སྤྲེའུ་ཟླ་བའི་ཚེས་བཅུ་འདི་ཁོ་ནས་ཡིན་ཏེ། ཇི་སྐད་དུ། དབང་ཆེན་སྤྲེལ་ཟླའི་ཚེས་བཅུ་དང་། དུས་ཀྱི་ཚེས་བཅུ་ཐམས་ཅད་ལ༔སྤྲུལ་པ་འཛམ་གླིང་ཁྱབ་པར་འགྱེད༔མཆོག་ཐུན་དངོས་གྲུབ་ང་ཡིས་སྟེར༔མི་ཚེ་བླ་མ་སྒྲུབ་པ་ལ༔བསྐྱལ་ན་ཚེ་ཡི་དུས་བྱས་ཚེ༔ཨོ་རྒྱན་ང་ཡི་ཐུགས་ཀར་ཐིམ༔ཞེས་དང་། སྒྲུབ་ཐབས་གང་བྱེད་བསྐྱེད་རིམ་ནི༔གསལ་བར་སྒོམ་པའི་དུས་ན་ཡང༔ང་ཉིད་དེ་ཡི་དྲུང་ན་གནས༔མཎྜལ་མཆོད་རྫས་གཏོར་མ་ཡི༔བཅའ་གཞི་བཤོམ་པའི་དུས་ནའང༔ང་ཉིད་ཐེ་ཚོམ་མེད་པར་བྱོན༔ཞེས་དང་། ཤ་མེད་འོད་ཀྱི་གཟུགས་ཅན་ནི༔པདྨ་འབྱུང་གནས་སྐུ་རུ་སྒོམ༔དེ་དུས་ཆེ་བའི་ང་རྒྱལ་བསྐྱེད༔སྲོག་གི་སྙིང་པོ་ཐོད་ཕྲེང་རྩལ༔བྲག་ཁ་དག་ནས་ཆུ་འབབ་བཞིན༔དྲག་པོར་བར་མཚམས་མེད་པར་དྲོངས༔ང་ཉིད་རང་དབང་མེད་པར་བྱོན༔ཞེས་དང་༔ཨོ་རྒྱན་པདྨ་བདག་ཉིད་ལ༔མོས་གུས་གདུང་ཤུགས་དྲག་པོ་ཡིས༔གསོལ་བ་དྲག་ཏུ་བཏབ་པའི་ཚེ༔ང་ཉིད་དེ་ཡི་དྲུང་དུ་འབྱོན༔ཞེས་དང་། ལེགས་ཉེས་སྐྱིད་སྡུག་མཐོ་དམན་དང་༔གཤིན་གསོན་ཚེ་འདི་ཕྱི་མ་སོགས༔གནས་སྐབས་མཐར་ཐུག་ཐམས་ཅད་དུ༔སྐྱིད་སྡུག་རེ་ལྟོས་ཁྱོད་ཤེས་པས༔བདག་ལ་རེ་ས་གཞན་ན་མེད༔ཨོ་རྒྱན་མཁྱེན་ནོ་སྙམ་པ་ཡི༔བློ་ནི་ཡང་ཡང་གཏད་པར་བྱ༔ཞེས་སོགས་རྒྱ་ཆེར་གསུངས་པ་མ་ཟད་ལྷག་པར་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ནི་གུ་རུ་ཉིད་སྐུ་འཁྲུངས་པ་དང་། མང་ཡུལ་གུང་ཐང་ལ་ཐོག་ནས་ལྷོ་ནུབ་སྲིན་པོའི་ཁ་གནོན་དུ་ཐེག་པའི་དུས་ཆེན་གཙོ་ཆེ་བ་ཡང་ཡིན་པ་དང་། སྤྱིར་ཚེས་བཅུ་བྱུང་ངོ་ཅོག་ལ་དུས་མཆོད་ཚེས་བཅུ་བྱེད་པ་ཀུན་གྱི་བར་གུ་རུ་རིན་པོ་ཆེ་ཉིད་ངེས་པར་འབྱོན་པར་ཐེ་ཚོམ་མེད་དོ། །ཞལ་གདམས་ལས། ནང་རེ་དགོང་རེ་བོད་ཀྱི་དོན་ལ་སོགས་དངོས་སུ་བྱོན༔ ཞེས་ཞལ་ཀྱིས་འཆེས་པའི་དུས་བཟང་ཚེས་བཅུའི་
མཆོད་པ་ལ་བརྩོན་པར་བྱེད་པ་ནི་འདི་ཕྱིའི་ཕན་བདེ་ཐམས་ཅད་ཀྱི་རྩ་བའམ་གཞིར་གྱུར་པ་སྟེ། ཉིད་ཀྱི་རྡོ་རྗེའི་གསུང་ལས། ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན༔ པདྨ་ང་ཉིད་མཆོད་དང་སུས་བསྒྲུབ་པ༔ཇི་ལྟར་ཡིད་བཞིན་ནོར་བུ་རིན་ཆེན་ལས། དགོས་འདོད་ཐམས་ཅད་ངང་གིས་འབྱུང་བ་བཞིན༔རྒྱལ་བ་རྒྱལ་མཚོ་བྱིན་རློབས་བུ་བཞིན་བསྲུང༔དམ་ཅན་མཁའ་འགྲོ་དངོས་གྲུབ་ཆར་ལྟར་འབེབས༔སྣང་སྲིད་དྲེགས་པས་ཅི་བཅོལ་ལས་རྣམས་བསྒྲུབ༔ཕྲིན་ལས་ལྷུན་གྲུབ་མཐའ་ཡས་སེམས་ཅན་སྒྲོལ༔དེ་ལྟར་ཐམས་ཅད་བདག་ཉིད་བརྟེན་ལས་འབྱུང༔ཞེས་གསུངས་པའི་ཕན་ཡོན་ཁྱད་པར་ཅན་དང་ལྡན་པའི་དུས་ཆེན་ཚེས་བཅུ་ཆེན་མོའི་སྐབས་འདིར། དེ་ཡང་སློབ་དཔོན་དཔའ་བོས། དམ་པ་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་ལ་དགའ་བ་བསྐྱེད། ཅེས་དང་། དམ་པ་རྣམས་ནི་ལེགས་བཤད་སྐྱེས་ཀྱིས་མཆོད། །བླུན་རྣམས་ཟང་ཟང་དངོས་པོས་མགུ་བ་བསྐྱེད། །ཅེས་གསུངས་པ་ལྟར། ཡ་རབས་མཁས་པ་རྣམས་དགྱེས་པ་བསྐྱེད་པར་བྱེད་པའི་མཆོད་པའི་མཆོག་ནི་ལེགས་པར་བཤད་པ་ཁོ་ན་ཡིན་ཏེ། ཇི་སྐད་དུ། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་སྟེ། །བླུན་པོ་རྣམས་ཀྱིས་མི་ཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། ཐབས་ཚུལ་མན་ངག་སྟོན་པ་གྲོགས་ཀྱི་མཆོག །ཅེས་གསུངས་པ་ལྟར། འདིར་སྟོན་པ་ཐུབ་པའི་དབང་པོའི་རྒྱལ་ཚབ་བསྟན་པ་དམ་པའི་ཆོས་ཀྱི་འབྱུང་གནས། བསྟན་འཛིན་དགེ་འདུན་མ་ལུས་པའི་གཙུག་གི་རྒྱན་གཅིག །རིག་པའི་གནས་ལྔ་སྨྲ་བ་ལ་གངས་རིའི་ཁྲོད་འདིར་འགྲན་ཟླ་དང་བྲལ་བའི་རྗེ་བདག་ཉིད་ཆེན་པོ་ཁྲི་རིན་པོ་ཆེ་དང་། ཡོངས་ཀྱི་བཤེས་གཉེན་མཁན་རིན་པོ་ཆེའི་ཞལ་སྔ་ནས་འདུས་པ་ཐམས་ཅད་ཀྱི་གདན་ཀྱི་གཙོ་བོར་བཞུགས་ཤིང་གང་གི་སྙན་པའི་དྲི་བསུང་གྲགས་པའི་དྲི་གཞོན་གྱིས་བསྐུལ་བ་ལ་བརྟེན་ནས་ཆོས་གྲྭ་ཆེན་པོ་འདིར་འདུས་པ་དག་ལ་བཤད་པ་ལེགས་བཤད་ཉི་མའི་འོད་ཟེར་གྱིས་མ་རིག་རྨོངས་པའི་མུན་པ་ཕ་མཐར་བྱས་ཏེ་བློ་གྲོས་པདྨོའི་འདབ་བརྒྱ་རྣམ་པར་བཞད་པ་ལ་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་ཡོངས་སུ་རྫོགས་པའི་
ཀེ་ས་རའི་དྲི་བསུང་མངར་པོས་ཡོངས་སུ་གཏམས་པར་མཛད་ལ། རྩོམ་པ་ལུང་རིགས་རྡོ་རྗེའི་ཕ་ལམ་རྩེ་བརྒྱ་པས་རྒོལ་ངན་ལོག་ལྟ་ལྷ་མིན་གྱི་དཔུང་ཚོགས་ཕྱེ་མར་འཐག་ཅིང་། རྩོད་པ་སྙན་ངག་བཻཌཱུཪྱའི་རྒྱུད་མངས་དབྱངས་ཅན་སྒེག་མོའི་འཕང་འགྲོ་འཁྲོལ་བས་བློ་གསལ་གཞོན་ནུའི་ཡིད་དབང་འཕྲོག་པའི་རྩེ་དགའི་རོལ་རྩེད་ཀྱི་དགའ་སྟོན་བསྐྱེད་པར་མཛད་པའི་སློབ་དཔོན་དང་ལས་ཆེན་པ་སོགས་ལུང་རིགས་སྨྲ་བའི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་དབུ་མཛད། འཕགས་པའི་དགེ་འདུན་ཚུལ་ཁྲིམས་རྣམ་པར་དག་པའི་གེ་སར་ངུར་སྨིག་གི་འདབ་སྟོང་རྣམ་པར་གྲོལ་བའི་འདུལ་བའི་དྭངས་ཚུགས་ཀྱིས་མཛེས་ཤིང་། ཐེག་པ་ཆེན་པོའི་སྒོར་བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པའི་ཡོངས་འདུའི་ལྗོན་པ་མཆོག་ཏུ་བརྟན་པའི་བྱང་སེམས་ཆེན་པོ་མདོའི་ཆ་འཛིན་དང་། དེ་ལས་ཀྱང་རྡོ་རྗེ་ཐེག་པ་གསང་སྔགས་བླ་ན་མེད་པའི་དཀྱིལ་འཁོར་ཆེན་པོར་ཞུགས་ཏེ་ཟབ་ལམ་མན་ངག་རྒྱ་མཚོས་ཐུགས་རྒྱུད་ཡོངས་སུ་སྨིན་པའི་འདོད་དགུའི་འབྲས་བཟང་གཡུར་དུ་ཟ་བས་སྔགས་ཀྱི་ཆ་འཛིན་དུའང་བཞུགས་པའི་རིག་འཛིན་འདུས་པའི་ཚོགས་ཏེ་ཡུལ་དམ་པ་རྣམས་གདན་མངོན་པར་འཛོམ་པའི་མདུན་སར་ལེགས་བཤད་ཀྱི་མཆོད་པ་ཅུང་ཟད་ཅིག་འབུལ་བར་བྱ་བ་སྐབས་སུ་བབས་པ་ལགས་ཤིང་། དེ་ལའང་སྤྱིར་རྙེད་པར་དཀའ་བའི་དལ་འབྱོར་ཀྱི་མི་ལུས་རིན་པོ་ཆེ་གྲུ་གཟིངས་ལྟ་བུ་ཐོབ་པའི་དུས་འདིར། དགེ་བའི་བཤེས་གཉེན་ཀྱི་དེད་དཔོན་ལ་བརྟེན་ནས། འཁོར་བའི་རྒྱ་མཚོའི་ཕ་མཐར་བསྒྲལ་ཏེ་རྣམ་གྲོལ་ཡིད་བཞིན་གྱི་ནོར་བུ་ལེན་པ་ལ་འབད་པར་རིགས་ཞེས་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་ལས་བྱུང་ཞིང་། ཚུལ་དེ་ལ་བདག་ཅག་ཀྱང་ངེས་ཤེས་བརྟན་པོ་ཐོབ་སྟེ། བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ནས་ཐོས་བསམ་སྒོམ་གསུམ་ལ་སློབ་འདོད་ཀྱི་འདུན་ཤུགས་ཅུང་ཟད་ཅིག་སྐྱེས་ཤིང་། དེ་ལ་ཡང་ཐོས་བྱུང་གི་ཤེས་རབ་རྣམ་པར་དག་པ་ཞིག་སྐྱེ་བ་ལ། བདག་རྐྱེན་སློབ་དཔོན་མཁས་པ། དམིགས་རྐྱེན་གཞུང་ལུགས་དག་པ། སྐྱེས་སྟོབས་ཤེས་རབ་ཆེ་བས་སྦྱོར་བྱུང་ནན་ཏན་ལ་བརྩོན་པ་ཞིག་དགོས་པར་གསུངས་ནའང་། བདག་དེ་རྣམས་ཀྱི་ནང་ནས་བཤེས་གཉེན་མཁས་པའི་ལམ་
མཁན་གྱིས་གཞུང་ལུགས་བདེ་བའི་ལམ་ལ་ཁྲིད་པར་མཛད་ཀྱང་། བདག་རང་སྐྱེས་སྟོབས་ཤེས་རབ་ཀྱི་མིག་མ་རིག་ལིང་ཏོག་གིས་བསྒྲིབས་ཤིང་། སྦྱོར་བྱུང་བརྩོན་པའི་ཡན་ལག་སྙོམས་ལས་དང་ལེ་ལོའི་ལྕགས་སྒྲོག་གིས་བཅིངས་པར་གྱུར་པས་འཆད་བྱེད་ཚད་ལྡན་གྱིས་སར་ཕྱིན་པར་མ་གྱུར་ཀྱང་། གསེར་གྱི་རི་ལ་གནས་པ་ཡི། །འདབ་ཆགས་རྣམས་ཀྱང་གསེར་དུ་སྣང་། །ཞེས་པ་ལྟར་ཡོངས་འཛིན་དམ་པ་བཀའ་དྲིན་མཚུངས་མེད་གང་གི་ཞལ་ལུང་བདུད་རྩིའི་རྒྱུན་བཟང་བདག་བློའི་ཡོལ་གོར་རྟག་ཏུ་འཁྱིལ་བའི་དམ་པའི་ཆོས་ཀྱི་ཚིག་དོན་ཅི་རིགས་བློ་ཡུལ་དུ་བཟུང་བ་རྣམས་ལ་བརྟེན་ནས། མགོན་པོ་ཀླུ་སྒྲུབ་ཀྱིས། ཐུབ་པ་ཆེན་པོའི་བཀའ་ནི་སྙན་དགུ་ཞིག །ཁྱོད་ཀྱི་ཐུགས་སུ་ལྟ་ཡང་ཆུད་མོད་ཀྱི། །རྡོ་ཐལ་ལས་བགྱིས་དགུང་ཟླའི་འོད་ཀྱིས་ནི། །ཆེས་དཀར་ཉིད་དུ་ཅི་སྟེ་མི་བགྱིད་ལགས། ཞེས་གསུངས་པ་ལྟར་འདིར་བླ་སྒྲུབ་ཀུན་གྱི་སྙིང་པོ་བླ་མ་གསང་བ་འདུས་པའི་ལས་བྱང་སྙིང་པོ་རབ་གསལ་འདི་ཉིད་ལ་འབྲུ་འགྲེལ་གྱིས་བཤད་པའི་རྣམ་གྲངས་ཅུང་ཟད་ཅིག་སྨྲ་བའི་བརྟུལ་ཞུགས་བཟུང་ནས་མགྲིན་པ་འདེགས་པར་འདོད་པའི་རྨོངས་པ་བདག་ལྟ་བུ་ཅུང་ཞིག་འོས་སུ་གྱུར་པ་མིན་ནའང་། སློབ་དཔོན་ཙནྡྲ་གོ་མིས། སེམས་དགེ་བ་ལ་ཉེས་པ་མེད། །གསུངས་པ་ལྟར་མངོན་པའི་ང་རྒྱལ་སྤངས་ཏེ། རང་ཉིད་ཀྱི་བསོད་ནམས་མངོན་པར་འདུ་བྱ་བའི་ཕྱིར་དུ་མཁས་མང་འདུས་པའི་ཚོགས་ལ་ཐོས་པའི་སྐྱེས་འབུལ་འདོད་ཀྱི་དད་པ་དང་མོས་པའི་དབང་གིས་ཚིག་དོན་ཅུང་ཟད་བརྗོད་པ་ནི། ཇི་སྐད་དུ། སྤྲིན་ཆེན་འབྲུག་སྒྲས་གང་ན་ཡང་། །ཆར་སྡོད་བྱེའུ་ཅ་ཅོ་སྒྲོགས། མཛངས་པའི་ཚིག་ནི་མི་ཤེས་ཀྱང་། །བྱིས་པ་མ་ཡི་གམ་ན་སྨྲ། །ཞེས་པ་ལྟར། མཁས་པའི་དབང་པོ་གཞན་དག་གི་གོ་བཀག་སྟེ་བདག་ལྟ་བུས་སྨྲས་པ་ལ་ཉེས་པར་མི་འགྱུར་རམ་སྙམ་ན། དེ་ནི་མ་ཡིན་ཏེ། ཇི་ལྟར་ཙན་དན་ཤིང་ལ་འཁྲི་ཤིང་ལྟར། །དམ་པ་བརྟེན་པས་རང་ཉིད་དམ་པར་འགྱུར། །ཞེས་པ་ལྟར་ཙན་དན་ལྗོན་པའི་ཤིང་གི་དྲི་བསུང་ཞིམ་པོ་དག །དེ་དང་ཉེ་བའི་ལྗོན་ཤིང་རྒྱུ་ངན་པ་དག་ལའང་འགོ་བ་བཞིན་དུ། ཀློག་པ་ཐོས་བསམ་གྱི་ཆོས་གྲྭར་ཞུགས་པ་ཙམ་གྱིས་ལེགས་པའི་ཡོན་ཏན་རང་བཞིན་གྱི་རྒྱུད་ལ་ཕྱུག་
པར་འགྱུར་བ་ཡིན་མོད། །འོན་ཀྱང་བློ་དམན་བདག་ལྟ་བུ་རྣམ་དཔྱོད་དང་མི་ལྡན་བཞིན་དུ་བཤད་པའི་ཁུར་ཆེན་ཁྱེར་བ་ཅི་ཞེ་ན། ངང་པའི་རྒྱལ་པོ་གྲགས་ལྡན་རྣམས། །ཆུ་མཚོར་མགྲིན་པའི་རྫ་རྔ་བརྡུང་། འོན་ཀྱང་ཆུ་སྐྱར་གཞོན་ནུ་རྣམས། །གླུ་དབྱངས་སིལ་སིལ་ཁྲོལ་བར་བྱེད། །ཅེས་པ་ལྟར་བློ་གྲོས་ཆུང་ངུས་ཇི་ལྟར་རྟོགས་པའི་དོན་རང་ནུས་ཀྱིས་གང་སྤོབས་མཆོད་སྤྲིན་དུ་སྤྲོ་བར་གཞན་གྱི་ཀླན་ཀ་མི་འཇུག་གམ་སྙམ་དུ་དད་པ་ཆེན་པོས་ཀུན་ནས་བསླངས་ཏེ་དམ་པ་གོང་མ་རྣམས་ཀྱི་གསུང་རབས་ཀྱི་ལུགས་སྲོལ་དང་མཐུན་པར་འབུལ་བར་བྱེད་པ་ཡིན་ལ། དེ་ཡང་མདོ་ལས། རྣམ་དཀར་ལས་རྣམས་གང་བྱེད་ཀྱང་། །དེ་ཡི་སྔོན་དུ་རྒྱལ་བ་མཆོད། །ཅེས་གསུང་པ་ལྟར། ཡུལ་ཁྱད་པར་ཅན་ལ་མཆོད་པར་བརྗོད་པ་ཅུང་ཟད་ཅིག་བགྱིད་ན། དེ་ཡང་ཇི་སྐད་དུ། རབ་འབྱམས་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །ཕུལ་བྱུང་མཁྱེན་བརྩེ་ནུས་པའི་སྤྱི་གཟུགས་མཆོག །སྣང་སྲིད་ཟིལ་གནོན་མཚོ་སྐྱེས་རྡོ་རྗེ་དང་། །དབྱེར་མེད་གཏེར་ཆེན་བླ་མ་སྤྱི་བོས་མཆོད། །ཅེས་སྨོས་ཏེ། སྔོན་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་མི་འགྱུར་རྡོ་རྗེའི་དམ་བཅའ་སྟོབས་སུ་གྱུར་པའི་སྙིགས་དུས་འགྲོ་བའི་བླ་མ། བཀའ་གཏེར་བསྟན་པའི་བདག་པོ། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག །ཟབ་མོ་གཏེར་གྱི་བཀའ་བབས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ་དང་དབྱེར་མ་མཆིས་པ་འགྲོ་འདུལ་རིག་པ་འཛིན་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པའམ། མཚན་གཞན་པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་ཞེས་སྙན་པའི་བ་དན་སྲིད་རྩེར་བསྒྲེང་བ་གང་གི་ཞབས་ཀྱི་པདྨོ་དྲི་མ་མེད་པའི་ཕྲེང་བ་ལ་བླུན་པོ་བདག་ལུས་ངག་ཡིད་གསུམ་གུས་པས་འདུད་དོ། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་ནས་ལེགས་པར་བཤད་པའི་རྣམ་དཔྱོད་བློ་གྲོས་ཀྱི་སྤོབས་པ་བདག་ལ་སྩལ་ཏུ་གསོལ། དེའི་འོག་ཏུ་བརྒྱུད་པའི་བླ་མ་རྣམས་ལ་མཆོད་བརྗོད་བྱ་བ་ནི། སྣང་བ་མཐའ་ཡས་ཐུགས་རྗེ་ཆེན་པོ་པདྨ་འབྱུང་གནས་མཚོ་རྒྱལ་ཡུམ། །མངའ་བདག་ཁྲི་སྲོང་ཆོས་ཀྱི་དབང་ཕྱུག་མི་བསྐྱོད་རྡོ་རྗེ་ནས་བཟུང་སྟེ། །ཕྲིན་ལས་ལྷུན་གྲུབ་འགྱུར་མེད་
རྡོ་རྗེ་རིན་ཆེན་ཕྱོགས་ལས་རྣམ་པར་རྒྱལ། །ཡབ་སྲས་བར་དུ་རིམ་བྱོན་བརྒྱུད་པའི་བླ་མ་རྣམས་ལ་གུས་པས་འདུད། ཅེས་སྨོས་ཏེ། བླ་སྒྲུབ་ཐམས་ཅད་ཀྱི་ཡང་གསང་སྙིང་པོའི་ཐིག་ལེ་ཟབ་པ་ལས་ཆེས་ཟབ་པའི་གདམས་པ་བླ་མ་གསང་བ་འདུས་པའི་དབང་ལུང་མན་ངག་གསུམ་གྱི་བརྒྱུད་པའི་བཀའ་སྲོལ་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པར་དགོངས་བརྡ་སྙན་དུ་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་ཞབས་ཀྱི་པདྨོ་དྲི་མ་མེད་པའི་ཕྲེང་བ་ལ། བླུན་པོ་བདག༴སོགས། དེའི་འོག་ཏུ་རང་ཉིད་ལ་བཀའ་དྲིན་ཆེ་བ་རྣམས་ལའང་མཆོད་པར་བརྗོད་པ་རིགས་ཏེ། དེ་ཡང་། བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་རློབས་པའི། །ཡོངས་འཛིན་དམ་པ་ཉི་ཟླ་ཟུང་འབྲེལ་དང་། །འཕགས་ཆེན་རིག་འཛིན་འདུས་པ་རྒྱ་མཚོར་བཅས། །བདེ་ཆེན་འཁོར་ལོའི་རྒྱན་དུ་གུས་པས་མཆོད། །ཅེས་སྨོས་ཏེ། དེ་ཡང་སྔོན་བསགས་བསོད་ནམས་ཀྱི་མཐུ་ལས་ཞལ་གྱི་དཀྱིལ་འཁོར་མཐོང་ཞིང་གསུང་གི་བདུད་རྩི་མྱོང་བའི་དྲིན་ཅན་བླ་མ་དམ་པ་རྣམས་དང་། ཐོས་བསམ་སྒོམ་པའི་ལམ་བཟང་ལ་ཁྲིད་པར་མཛད་པའི་སུམ་ལྡན་འདུས་པའི་ཚོགས་ཀྱི་ཞབས་ཀྱི་པདྨོ་དྲི་མ་མེད་པའི་ཕྲེང་བ་ལ། བླུན་པོ་བདག་ལུས་ངག་ཡིད་གསུམ་གུས་པས་འདུད་དོ་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ནས་ལེགས་བཤད་འཆད་པའི་རྣམ་དཔྱོད་བློ་གྲོས་ཀྱི་སྤོབ་པ་བདག་ལ་སྩལ་ཏུ་གསོལ། །དེ་ལྟར་འདོད་པའི་དོན་ལ་གསོལ་བ་གདབ་པའི་རིམ་པ་དེ་ཙམ་ཞིག་ཞུས་ནས། འདིར་ལས་སུ་བྱ་བ་རྩ་བའི་གཞུང་དོན་ཉིད་འཆད་པར་བྱེད་པ་ལ། དེ་ཡང་གསང་སྔགས་རྡོ་རྗེ་ཐེག་པ་ལ་བཀའ་གཏེར་གྱི་བབས་སོ་གཉིས་སུ་བཞུགས་པ་ལ། འདིར་བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ་ཁྱད་པར་གྱི་བརྒྱུད་པ་གསུམ་ལྡན་ཟབ་མོ་གཏེར་གྱི་ཕྱོགས་སུ་གཏོགས་པ་བླ་མ་གསང་བ་འདུས་པའི་ལས་བྱང་སྙིང་པོ་རབ་གསལ་ཞེས་བྱ་བ་འདི་ཉིད་འཆད་པར་བྱ་བ་སྐབས་སུ་བབས་པ་ཡིན་ཞིང་། དེ་ཡང་བཀའ་མ་རྣམས་སུ་༼ཆད་༽དབང་གིས་རིམ་པར་ནུབ་ཅིང་འཆལ་བའི་ཚེ། ལས་འཕྲོ་སད་པའི་སྐལ་ལྡན་གྱི་གདུལ་བྱ་རྣམས་གཏེར་ཆོས་ཀྱིས་འདུལ་བ་ལ་དགོངས་ནས། རྒྱུད་ལུང་མན་ངག་གི་བཅུད་ཐམས་ཅད་གངས་
རིའི་ཕྲེང་བས་བསྐོར་བའི་ལྗོངས་བོད་ཡུལ་གྱི་རི་བྲག་མཚོ་གསུམ་གཙུག་ལག་ཁང་སོགས་སུ་མི་འཇིགས་པའི་ཕྱག་རྒྱས་བཏབ་ནས་གཏེར་དུ་སྦ་བར་མཛད་པའི་དགོངས་པ་ནི། ཞལ་གདམས་གསལ་སྒྲོན་ལས། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམསཿསྤྱིར་ཡང་བོད་རྣམས་གསར་ངས་ཆེ་བ་དངཿསྙིགས་མའི་འགྲོ་ལ་ལྷག་པར་སྙིང་བརྩེ་བསཿམཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞགཿལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབཿགདམས་པ་སྣ་རེས་གང་ཟག་གྲོལ་བར་ངེསཿདེ་བས་མ་༼ཟད་༽སྐལ་ལྡན་སྦྱངས་བ་ཅནཿའཆི་བ་དྲན་ན་གཏེར་ཆོས་ཉམས་སུ་ལོངསཿཚེ་གཅིག་ཐར་ལམ་ཐོབ་བོ་རྗེས་འཇུག་རྣམསཿཞེས་གསུངས་པ་ལྟར། བོད་དང་བོད་ཆེན་པོའི་ཡུལ་འདིར་རྒྱུ་བའི་སྐྱེ་དགུ་རྣམས་ཀྱི་ཕན་བདེའི་རྩ་ལག་དུས་བབས་ཀྱི་ཟབ་གཏེར་ལ་རགས་ལས་པ་ཡིན་ལ། དེ་ཉིད་སྤྱན་འདྲེན་པ་པོ་ཡང་སྔོན་གྱི་ལོ་པཎ་དང་རྒྱལ་བློན་ས་ཆེན་པོ་ལ་བཞུགས་པའི་འཕགས་ཆེན་རྣམས་གང་འདུལ་གྱི་སྤྲུལ་པའི་སྣང་བརྙན་གཏེར་སྟོན་དུ་བསྟན་ནས་འབྱོན་པ་ཐང་ཡིག་ཏུ་སངས་རྒྱས་བླ་མ་ནས་བདེ་ཆེན་གླིང་པའི་བར་སོ་སོའི་དུས་རྟགས་དང་བཅས་ལུང་བསྟན་པ་ལས། འདི་ནི་སྤྲུལ་པའི་གཏེར་སྟོན་ཆེན་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་ལྷོ་བྲག་གནམ་སྐས་བྲག་ནས་སྤྱན་དྲངས་པ་སྟེ། ཇི་སྐད་དུ། ཐུགས་གཏེར་གཅིག་ནི་ལྷོ་བྲག་གནམ་སྐས་ཅན་ལ་སྦོས༔ཁྱད་པར་འཕགས་པ་བླ་མའི་སྒྲུབ་སྐོར་ཡིན༔མངའ་བདག་གསུང་གི་སྤྲུལ་པས་འདོན་པར་འགྱུར༔ཞེས་གསུངས་པ་ལྟར། སྤྱིར་བླ་སྒྲུབ་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་འདི་ཉིད་ཡིན་ཏེ༔བཀའ་ཆེམ་ལས། བླ་མའི་སྒྲུབ་ཐབས་མོས་གུས་ཆོས་མང་གིས༔རང་དང་དབྱེར་མེད་སྒྲུབ་པ་འདི་ན་མཆིས༔དེ་གང་ཞེ་ན་བླ་མ་གསང་འདུས་སྐོར༔མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངསཿཞེས་གསུངས་པ་ལྟར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ་ཞེས་བྱ་བ་དེ་ཉིད་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་ཀུན་བཟང་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་སངས་རྒྱས་ནས་ལོངས་སྤྱོད་རྫོགས་སྐུ་སྣང་བ་མཐའ་
ཡས་ལ་སོགས་པའི་རྣམ་པར་བཞུགས་པ་ལས་ཞིང་འདིའི་གདུལ་བྱའི་འགྲོ་བ་རྣམས་ཀྱི་དོན་དུ་སྤྲུལ་པའི་སྒྱུ་འཕྲུལ་མཐའ་ཡས་པར་སྣང་བར་མཛད་ཅིང་། ཁྱད་པར་རྒྱ་གར་དང་ཨོ་རྒྱན་བོད་ཡུལ་ལ་སོགས་པར་ཐུབ་པའི་དབང་པོའི་བསྟན་པ་ལ་སྟོན་པ་ཉིད་དང་རྣམ་དབྱེར་མེད་པའི་འཕྲིན་ལས་རྣམ་པ་བཞིའི་རྫུ་འཕྲུལ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པས་འཁོར་བ་ཇི་སྲིད་བར་བཞུགས་ནས་ཡིད་བཞིན་ཀྱི་ནོར་བུ་རིན་པོ་ཆེ་ལྟ་བུས་དོན་ལྷུན་གྲུབ་ཏུ་མཛད་པ་ཡིན་ཏེ། བཀའ་ཐང་ལས། དུས་གསུམ་མཁྱེན་པའི་སློབ་དཔོན་པདྨ་འབྱུང༔ཕྱི་རྒྱུད་དག་པས་སྤྲུལ་སྐུའི་བསྟན་པ་འཛིན༔ནང་རྒྱུད་དག་པས་ལོངས་སྐུའི་བསྟན་པ་སྐྱོངས༔གསང་རྒྱུད་དག་པས་བསྐྱེད་རྫོགས་ངང་ལ་བཞུགས༔འགྲན་གྱི་དོ་མེད་སངས་རྒྱས་འདི་ཡིན་པས༔དུས་གསུམ་འཇིག་རྟེན་ཁམས་འདིར་མཚུངས་མེད་རྗེ༔རྒྱལ་བའི་བཀའ་ལས་རྩོད་མེད་སྤྲུལ་སྐུར་གྲགས༔སྐྱོན་སྤང་ཡོན་ཏན་ཡིད་བཞིན་ནོར་བུ་འདྲ༔ཞེས་གསུངས་པ་དེ་ལྟ་བུའི་གུ་རུ་རིན་པོ་ཆེ་ཉིད་སྒྲུབ་ཅིང་མཆོད་པས་རྒྱལ་བ་ཐམས་ཅད་སྒྲུབ་ཅིང་མཆོད་པའི་བསོད་ནམས་ཐོབ་པར་འགྱུར་ལ། དེ་ཉིད་སྒྲུབ་པའི་ཚུལ་ནི། གསང་འདུས་རྩ་བའི་སྒྲུབ་གཞུང་ལས། གུ་རུ་པདྨ་འབྱུང་གནས་ཀྱི༔ཐུགས་སྒྲུབ་གསང་བ་འདུས་པ་བསྟན༔དེ་ལ་སྤྱི་སྡོམ་རྣམ་པ་བཞི༔སྦྱོར་བ་དངོས་གཞི་མཇུག་དོན་དང༔སྒྲུབ་པའི་མན་ངག་ལྷན་ཐབས་སོ༔ཞེས་པ་ལྟར་སྦྱོར་བ་དངོས་གཞི། མཇུག་དོན་ལྷན་ཐབས་དང་བཞི་ལས་དང་པོ་སྦྱོར་བའི་ཆོས་དྲུག་གི་རྣམ་བཞག་དེ་འཆད་པར་བྱེད་པ་ནི། རྟེན་མཆོད་བཤམས་ཤིང་མཚམས་ཀྱང་བཅད༔སྡིག་པ་བཤགས་ཤིང་བླ་མ་མཆོད༔གསོལ་བ་གདབ་ཅིང་དབང་བསྐུར་ཞུ༔ཞེས་པའི་གཞུང་འདི་བྱུང་། དེའི་དོན་བཤད་པ་ལ་དོན་ཚན་དྲུག་ཡོད་པའི། དང་པོ་རྟེན་མཆོད་བཤམས་པ་ནི། དུར་ཁྲོད་གཡའ་རི་གངས་བྲག་སོགས༔ཉམས་དགའ་དབེན་པའི་ས་ཕྱོགས་སུ༔ཞེས་པ་ལྟར་གྱི་གནས་ཁང་མཚན་ཉིད་དང་ལྡན་པ་རྒྱལ་མཚན་འཕན་གདུགས་བླ་བྲེ་ལ་སོགས་པ་མཛེས་པར་བརྒྱན་པའི་དབུས་སུ་རབ་གནས་དང་ལྡན་པའི་སྐུ་རྟེན་དགྲམ་པ་སྟེ། མདུན་དུ་པདྨ་ང་ཡི་སྐུཿརབ་གནས་ལྡན་པ་བཞུགས་སུ་གསོལཿ ཞེས་གསུངས་
པ་ལྟར། རྟེན་རྫས་དཀྱིལ་འཁོར་གྱི་དབུས་སུ་བུམ་པ་བཅུད་ལྡན་དེའི་སྟེང་དུ་ཐོད་པ་དུམ་གཅིག་འབྲུའི་བཀང་བ་ལ་དམ་ཚིག་བྲིས་སྐུ་བཀོད། དེའི་མདུན་དུ་གཏོར་མ་རིན་ཆེན་འབར་བ་བཟའ་བཅས་བརྒྱན་པའི་གཡས་གཡོན་དུ་སྨན་དང་རཀྟ། གཞན་ཡང་ཕྱི་ནང་གསང་བའི་མཆོད་པའི་སྤྲིན་ཚོགས་བཟང་ཞིང་བཀོད་ལེགས་པ་མ་ཚང་བ་མེད་པར་བཤམས་ནས་ཆོ་ག་དངོས་ལ་འཇུག་པ་སྟེ། གཉིས་པ་མཚམས་བཅད་པ་ནི། རང་ཉིད་སྐད་ཅིག་གིས་གཉུག་མའི་ཧེ་རུ་ག་དཔའ་བོ་རྟ་མགྲིན་ཡུམ་དང་བཅས་པའི་སྐུར་གསལ་བས། གཏོར་སྣོད་བྷྲུཾ་ལས་རིན་པོ་ཆེའི་སྣོད་དུ་གཏོར་རྫས་འདོད་ཡོན་སྣ་ལྔའི་བཅུད་ཀྱིས་ཁེངས་པར་བསམ་ནས་འབྲུ་གསུམ་སྔགས་རྒྱ་དང་བཅས་པས་ཟག་མེད་ཀྱི་བདུད་རྩིར་གྱུར་པ་བགེགས་ལ་ཚིམ་པར་བསྔོས་ནས་བཀའ་བསྒོ་བ་ནི། བླ་མ་རྣམས་ཀྱི་བྱིན་རླབས་དང༔སོགས་ཀྱིས་རྩ་བ་གསུམ་གྱི་མཐུ་རྩལ་ནུས་པའི་གཟི་བྱིན་གྱིས་དངོས་གྲུབ་སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་དང་། གསང་སྔགས་ཟབ་མོའི་ལྟ་སྤྱོད་ལ་ལོག་པར་འདྲེན་པའི་བདུད་རིགས་རྣམས་འདིར་མ་གནས་པར་གཞན་དུ་དེངས་ཤིག་ཅེས་བདེན་པའི་ཚིག་གིས་བསྐྲད་ནས་མཚམས་གཅོད་པ་དངོས་ནི། ཧཱུྃང་ནི་ཡེ་ནས་ངང་གིས་ཁྲོཿསོགས་ཏེ་དེ་ཡང་ཧཱུྃ་ནི་རྡོ་རྗེ་རྩེ་མོ་ལས། ཡི་གེ་ཧཱུྃ་ནི་ཅི་ཞིག་བརྗོད། །སྡུག་བསྔལ་འཆོས་ཤིང་འཇོམས་བྱེད་དང་། །སྲིད་པའི་འཇིགས་པ་འཇོམས་པར་བྱེད། །གདུག་པ་དངངས་ཤིང་གསོད་བྱེད་པ། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། །ཞེས་པས་གདུག་པ་ཅན་རྣམས་དངངས་ཤིང་སྐྲག་པར་བྱེད་པའི་ཡི་གེའི་མགོ་དྲང་བ་ཡིན་ལ། ང་ནི་ཡེ་ནས་ངང་གིས་ཁྲོ་བ་སྟེ། མ་རིག་ལོག་རྟོག་འཇོམས་པའི་གཉེན་པོ་སེམས་ཡེ་ནས་རང་བྱུང་གི་ཡེ་ཤེས་ངང་གིས་ཁྲོ་བ་སྟེ། ཐབས་ཞགས་ལས། མཉམ་ཉིད་ངང་གིས་ཁྲོ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འདུ་ཁྲོ་མཛད་ལ་ཕྱག་འཚལ་ལོ། །ཁྲོ་བས་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར། གདུལ་བྱ་གདུགས་ཅན་རྣམས་ཀྱི་ངོར་ཡེ་ཤེས་རང་སྣང་གི་ཁྲོ་བོ་འཆོལ་བའི་ཚོགས་ཀྱིས་ནམ་མཁའ་ཁེངས་པས་གདོན་བགེགས་ལོག་འདྲེན་ཐམས་ཅད་ཚར་བཅད་དེ་རྡོ་རྗེ་ཁྲོ་བོའི་རོལ་མཚམས་ཀྱི་ གུར་ཁང ་ལ་སུ་ཡང་འདའ་བར་མི་ནུས་པར་རྒྱས་འདེབས་པ་ཡིན་ལ། གསུམ་པ་བཤགས་པ་འབུལ་བ་ནི། ཕོ་བྲང་དབུས་ཀྱི་རྟེན་དེ་
ཉིད༔ སོགས་ཀྱིས་ཚོགས་རྟེན་གསལ་གདབ་པ་སྟེ། དེ་ཡང་ཡེ་ཤེས་རང་སྣང་ལས་གྲུབ་པའི་བདེ་བ་ཆེན་པོའི་ཕོ་བྲང་གི་དབུས་སུ་སྒྲུབ་རྟེན་ཉིད་ངོ་བོ་དཀོན་མཆོག་ཀུན་འདུས་དྲིན་ཆེན་རྩ་བའི་བླ་མ་ལ་རྣམ་པ་བླ་མ་རྡོ་རྗེ་སེམས་དཔའ་གསང་འདུས་རྒྱལ་པའི་དཀྱིལ་འཁོར་གྱི་འཁོར་ལོ་གྱུར་པར་བསམ་ལ། རང་གཞན་སེམས་ཅན་ཐམས་ཅད་དུས་དེང་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས། ན་མོ། །བླ་མ་བདེ་གཤེགས་འདུས་པའི་སྐུཿསོགས་ཀྱིས་སྐྱབས་འགྲོ་དང་། མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པའི་དོན་དུ་བླ་མ་སངས་རྒྱས་སྒྲུབ་པའི་སེམས་བསྐྱེད་རྒྱ་ཆེན་པོས། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔སོགས་ཀྱིས་སེམས་བསྐྱེད་སྔོན་དུ་འགྲོ་བས། བཤགས་པ་དངོས་ནི། སྔར་བྱས་ཀྱི་སྡིག་པ་ལ་གནོང་འགྱོད་དང་ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བགྱིད་སྙམ་པའི་ངང་ནས་ཉམས་ཆགས་སྒྲིབ་པའི་ཚོགས་ལ་མཐོལ་བཤགས་འབུལ་བ་ནི། བླ་མ་ཡི་དམ་མཁའ་འགྲོ་དགོངསཿསོགས་ཀྱིས་ཏེ། ཧེ་རུ་ཀ་གལ་པོ་ལས། མི་དགེ་སྡིག་པའི་བག་ཆགས་རྣམས། །གདུང་བའི་གླུ་དང་བཅས་པས་བཤགས། །ཞེས་གསུངས་པ་ལྟར་རོ། །བཞི་པ་མཆོད་པ་ནི། མཎྜལ་གྱི་མཆོད་པ་བཤམ་ལ། སྣོད་བཅུད་ཀྱི་བཀོད་པར་དམིགས་ནས་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་རྒྱ་མཚོ་དང་བཅས་པའི་མཆོད་སྤྲིན་ཀུན་ཏུ་བཟང་པོའི་རྣམ་རོལ་ཏུ་སྤེལ་ནས་མཆོད་པ་ནི། བདག་གི་ལུས་དང་ལོངས་སྤྱོད་དང་། །སོགས་ཀྱིས་འཁོར་གསུམ་མི་རྟོག་པའི་དབྱིངས་སུ་མཆོད་པར་བྱའོ། །ལྔ་པ་གསོལ་བ་གདབ་པ་ནི། བླ་མ་ལ་ཡིད་ཁྱེད་ཤེས་ཀྱི་མོས་གུས་གདུང་ཤུགས་དྲག་པོས། ཀྱེ་ཀྱེ་བླ་མ་རིན་པོ་ཆེཿསོགས་ཀྱིས་རེ་ལྟོས་ལིང་སྐྱུར་གྱིས་གསོལ་བ་འདེབས་པ་སྟེ། ཇི་སྐད་དུ། ལེགས་ཉེས་སྐྱིད་སྡུག་མཐོ་དམན་དང་། གཤིན་གསོན་ཚེ་འདི་ཕྱི་མ་སོགསཿགནས་སྐབས་མཐར་ཐུག་ཐམས་ཅད་དུཿསྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པསཿབདག་ལ་རེ་ས་གཞན་ན་མེདཿཨོ་རྒྱན་མཁྱེན་ནོ་སྙམ་པ་ཡིཿབློ་ནི་ཡང་ཡང་གཏད་པར་བྱཿཞེས་པ་ལྟར་རོ། །དྲུག་པ་དབང་བླང་བ་ནི། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞིའི་སྒོ་ནས་དབང་བཞི་ཡོངས་རྫོགས་ཐོབ་པའི་འོད་ཟེར་སྤྲོ་བསྡུའི་དམིགས་གཏད་དང་སྦྱར་ཏེ་སྙིང་པོའི་ཛཔ྄་སྔགས་བཟླ་བས་ཐུགས་རྒྱུད་བསྐུལ་ནས། སླར་ཡང་། བླ་མ་ཡབ་ཡུམ་
སྐུ་ཡི་གནས་བཞི་ནསཿསོགས་ཀྱིས་དབང་བཞི་ཅིག་ཆར་དུ་ཐོབ་ནས་རྒྱུད་བྱིན་གྱིས་བརླབས་པར་བསམ་པའོ། །དེ་ལྟར་སྔོན་འགྲོ་འཇུག་ལྡོག་གི་སྦྱོར་བ་རྣམས་ཀྱིས་སྦྱང་བྱ་འཁོར་བའི་དུས་སུ་ཇི་ལྟར་འདོད་པའི་སྲིད་པར་འཇུག་པ་ལ་སྐྱེ་གནས་ཀྱི་སྐྱོན་དང་ཕྱི་མའི་གནས་ལུས་ལོངས་སྤྱོད་ཀྱི་འགལ་རྐྱེན་རྣམས་བསྲུང་ཞིང་སྦྱོང་བ་དང་། མཐུན་རྐྱེན་བསོད་ནམས་ཆ་མཐུན་གྱིས་ལས་གསོག་པ་རྣམས་སྦྱོང་བར་བྱེད་ཅིང་། སྦྱང་འབྲས་དངོས་གཞི་སངས་རྒྱས་ཀྱི་མཛད་པ་ལ་བར་དུ་གཅོད་པས་བདུད་བཞི་བཅོམ་པ་དང་ཚོགས་གཉིས་གསོག་ཅིང་། འོད་ཟེར་ཆེན་པོའི་དབང་བསྐུར་བ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཏིང་ངེ་འཛིན་མངོན་དུ་བྱེད་པ་ལ་སོགས་པ་དང་མཐུན་པར་འབྲས་བུ་རྫོགས་པར་བྱེད་ཅིང་། སྦྱོང་བྱེད་སྔོན་འགྲོ་འདི་དག་གིས་རྩ་རླུང་ཐིག་ལེའི་གེགས་དང་གོལ་ས་ཆོད་ཅིང་ཉམས་རྟོགས་ཀྱི་རྩལ་ཁ་བསྐྱེད་པའི་ཐབས་སུ་འགྱུར་བས་རྫོགས་རིམ་ཀྱི་སྨིན་བྱེད་དུའང་འགྲོ་བ་ཡིན་ནོ་ཞེས་འཆད་པར་བྱེད་པ་ནི། རྟེན་མཆོད་བཤམས་ཤིང་མཚམས་ཀྱང་གཅདཿསྡིག་པ་བཤགས་ཤིང་བླ་མ་མཆོདཿགསོལ་བ་གདབ་ཅིང་དབང་བསྐུར་ཞུཿཞེས་པའི་གཞུང་འདི་འབྱུང་། དེས་སྔོན་དུ་འགྲོ་བའི་ཆོས་དྲུག་བཤད་པ་དེ་སོང་ནས། གཉིས་པ་དངོས་གཞིའི་ཆོས་དྲུག་གི་རྣམ་བཞག་དེ་ཉིད་འཆད་པར་བྱེད་པ་ནི། སྐུ་བསྐྱེད་སྒྲུབ་པའི་སྙིང་པོ་བཟླཿཕྲིན་ལས་སྒྲུབ་ཅིང་དགོངས་པ་བསྐྱངཿརྟགས་བྱུང་དངོས་གྲུབ་བླང་བའོཿཞེས་པའི་གཞུང་འདི་བྱུང་། དེའི་དོན་བཤད་པ་ནི། དང་པོ་སྐུ་བསྐྱེད་པ་དངོས་དང་། དེའི་རྗེས་འབྲེལ་གཉིས་ལས། དང་པོ་སྐུ་བསྐྱེད་པ་ལ་ཏིང་ངེ་འཛིན་གསུམ་གྱི་ཁོག་ཕུབ་བས་འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི། ༀ། ཆོས་སྐུ་མི་འགྱུར་རྡོ་རྗེ་སེམསཿཔདྨ་རྒྱལ་པོ་འདི་སྐད་སྨྲཿཞེས་སོགས་ཏེ། འདི་ལྟར་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ཤེས་ཆོས་སྐུ་འགྱུར་བ་མེད་པ་རིག་པ་རང་བྱུང་རྡོ་རྗེའི་སེམས་སུ་རྣམ་པར་དག་པའོ་ཞེས་པདྨ་རྒྱལ་པོ་ང་ཉིད་སྨྲའོ་ཞེས་པའི་དོན་ནི། སྒྱུ་འཕྲུལ་རྒྱས་པ་ལས། ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཤད། །ཅེས་དང་། བརྟན་གཉིས་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་
བའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། ཅེས་དང་། གསང་བ་སྙིང་པོ་ལས། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་འཚོལ་ཅིག །ཅེས་གསུངས་པ་ལྟར། ཆོས་ཐམས་ཅད་དམིགས་མེད་བསམ་བརྗོད་ལས་འདས་པའི་སྟོང་ཉིད་སྤྲོས་བྲལ་གྱི་ངང་ལ་འཇོག་པའི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སྒོམ་པ། བློ་བྲལ་ཆོས་སྐུ་དེ་བཞིན་ཉིད་མ་རྟོགས་པའི་སེམས་ཅན་ཀུན་ལ་དམིགས་མེད་ཀྱི་བརྩེ་བའི་སྙིང་རྗེ་ཆེན་པོ་སྒོམ་པ་ནི་སྣང་བའི་ཏིང་ངེ་འཛིན། སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ངང་ལས་འགྲོ་དོན་དཔག་ཏུ་མེད་པ་བྱེད་པའི་སླད་དུ་རང་རིག་གསེར་གྱི་རྡོ་རྗེར་འགྱུར་པ་རྒྱུའི་ཏིང་ངེ་འཛིན་ཏེ། དེ་ལས་འོད་འབར་བས་པདྨ་རིན་ཆེན་འབར་བའི་གཞལ་ཡས་ཁང་འཇའ་ཚོན་འོད་ལྔ་འཁྲིགས་པའི་དབུས་སུ་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་བདུད་བཞི་བཅོམ་པའི་བརྡར་རུ་ཏྲ་ཕོ་མོ་བསྣོལ་བའི་གདན་ལ་རྒྱུའི་རྡོ་རྗེ་འོད་དུ་ཞུ་བ་ཡོངས་སུ་གྱུར་པ་ལས། བདག་ཉིད་ཆུ་ལས་ཆུ་བུར་རྡོལ་བ་བཞིན་སྐད་ཅིག་དྲན་རྫོགས་སུ་དབང་ཆེན་རྟ་མགྲིན་སྐུ་མདོག་དམར་པོ་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་འབུམ་གྱི་གཟི་བྱིན་འབར་བ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ་དབུ་གཙུག་ན་རྟ་མགོ་ལྗང་ཞུར་ཁམས་གསུམ་ཟིལ་གནོན་གྱི་རྟ་སྐད་ཕྱོགས་བཅུར་སྒྲོགས་པ། ཕྱག་གཡས་དྲེགས་པ་ཅན་རྣམས་དབང་སྡུད་ཀྱི་གྲི་གུག་འཕྱར་བ། ཕྱག་གཡོན་བདུད་བཞིའི་ཁྲག་གིས་བཀང་བའི་ཐོད་པ་ཞལ་དུ་གསོལ་བ། རུས་པའི་ཕྱག་རྒྱ་དྲུག་སོགས་དཔལ་གྱི་ཆས་གོས་རྣམས་ཀྱིས་བརྒྱན་པ། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་གིས་འགྱིང་སྟབས་སུ་བརྗིད་ཅིང་དཔའ་བས་བདུད་བཞི་བརྫིས་པ། དེའི་གཡོན་ཕྱོགས་ན་ཡུམ་རྡོ་རྗེ་ཕག་མོ་ཆ་ལུགས་ཡབ་དང་འདྲ་བ་དགྱེས་པའི་ཉམས་དང་ལྡན་པས་མགུལ་ནས་འཁྱུད་པ་སྤྱི་གཙུག་ནས་ཕག་ཞལ་མཐིང་ནག་སྟོང་ཉིད་ཀྱི་ངུར་སྒྲ་སྒྲོགས་པ། གཞོན་ནུའི་ཚུལ་གྱི་ནུ་མ་དང་བྷ་ག་རྒྱས་པ་བདེ་སྟོང་ཟུང་འཇུག་གིས་བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའི་སྐུ་ལས་འོད་ཟེར་རྡོ་རྗེའི་མེའི་ཚྭ་ཚྭ་འཕྲོ་བ། དེ་ཉིད་ཀྱི་སྤྱི་གཙུག་ཏུ་ཉི་ཟླའི་
དཀྱིལ་འཁོར་གྱི་སྟེང་ན་པདྨ་གེ་སར་རྒྱས་པའི་སྙིང་པོ་ལ་རང་གི་རིག་པ་ཡེ་ནས་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་ངོ་བོར་གནས་པ་རྣམ་པ་རྡོ་རྗེ་སེམས་དཔའི་ཆ་ལུགས་ཅན་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་སྐུ་གཅེར་བུ་བདེ་བའི་རྣམ་པ་དང་ལྡན་པ་སྤྱན་གསུམ་པ་རུས་པའི་ཕྱག་རྒྱ་དྲུག་གིས་མཛེས་ཤིང་། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུ་ལ་བརྟེན་པ་ཡུམ་ལ་འཁྱུད་པའི་ཚུལ་ཀྱིས་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། དེའི་འཕང་བ་གཡོན་དུ་རང་སྣང་གི་རིག་མ་ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ་གཅེར་བུ་བཅུ་དྲུག་ལོན་པའི་གཞོན་ཚུལ་དང་ལྡན་པ་ཤིན་ཏུ་ཆགས་པའི་ཉམས་ཀྱི་རྣམ་འགྱུར་པདྨའི་མདོག་ཅན་ནུ་འབུར་དང་བྷ་ག་མཆོག་ཏུ་རྒྱས་པས། རིན་ཆེན་རུས་རྒྱན་དང་དར་གྱི་ཅོད་པན་བཅིང་པས། ཕྱག་གཡས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། ཕྱག་གཡོན་ཐོད་པའི་བདུད་རྩི་སྟོབས་པའི་ཚུལ་དུ་འཛིན་པ། ཞབས་གཉིས་པདྨའི་སྐྱིལ་ཀྲུང་གིས་ཡབ་ཀྱི་སྐེད་ལ་འཁྲིལ་བ། སྐུ་མདོག་དཀར་ལ་དམར་པ་ཤིན་ཏུ་འཛུམ་པའི་མདངས་དང་ལྡན་པ། དབུ་སྐྲ་སིལ་བུར་རྒྱབ་ཏུ་གྲོལ་ཞིང་བདེ་སྟོང་གཉིས་སུ་མེད་པའི་ངོ་བོ་འོད་ལྔ་འབར་བའི་ཀློང་ན་བཞུགས་པ། དེའི་ཕྱོགས་བཞིར་རྡོ་རྗེ་རིན་ཆེན་པདྨ་ལས་ཏེ་རིགས་བཞིའི་ཐོད་ཕྲེང་རྩལ། སྐུ་མདོག་དཀར་སེར་དམར་ལྗང་མདངས་དང་ལྡན་པའི་མདོག་ཅན་དུ་ཞི་རྒྱས་དབང་དྲག་གི་ཕྲིན་ལས་བཞི་ཐོགས་མེད་དུ་འགྲུབ་ཕྱིར་མངོན་སུམ་ལྟ་བུར་བཞུགས་པའི་མོས་པ་བསྐྱེད་ལ། ཁོར་ཡུག་ཐམས་ཅད་འཇའ་འོད་སྣ་ལྔའི་དྲྭ་བས་ཁྱབ་པར་གྱུར་པའི་ཕྱོགས་མཚམས་རིན་ཆེན་ཟུར་བརྒྱད་འཛོམ། སྟེང་གི་བར་སྣང་འཇའ་ཚོན་འཁྲིགས་པའི་ཀློང་ན་སྤྲུལ་པའི་གུ་རུ་མཚན་བརྒྱད་དྭངས་མའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་གསལ་བར་བསྒོམ་ཞིང་། ཕོ་བྲང་གི་ཕྱོགས་བཞིར་པདྨའི་འདབ་མ་ལས་བཞིའི་མདངས་ཅན་གྱི་རིན་ཆེན་ཟེའུ་འབྲུ་ཚར་དུ་དངར་བའི་ནང་ཁོངས་ཞིང་ཆེན་གྱི་གདན་ལ། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། ལས་ཀྱི་མཁའ་འགྲོ་རྣམས་སྐུ་མདོག་སོ་སོའི་རིགས་ཀྱི་ཁ་དོག་ཅན་ལ་ཕན་ཚུན་འཁྲིལ་སྦྱོར་རྒྱན་དང་ཆ་ལུགས་ཐམས་
ཅད་གཙོ་བོ་རྟ་ཕག་ཡབ་ཡུམ་གཉིས་ཇི་ལྟ་བར་བཞུགས་པའི་ཕྱི་རོལ་སྣ་ཚོགས་པདྨའི་ཕྲེང་བ་ལ་བདག་ཅག་སྒྲུབ་པ་པོ་རྣམས་བསྲུང་ཞིང་སྐྱོབས་པའི་ལྷ་དང་། རིག་འཛིན་དང་། རིགས་འདུས་མཁའ་འགྲོ་དང་། དམ་ཅན་ཆོས་སྐྱོང་སྲུང་མ་རྣམས་དངོས་གྲུབ་སྟེར་ཞིང་བར་ཆད་སེལ་བའི་ཚུལ་དུ་གསལ་བར་བསྒོམས་པའི་བར་མཚམས་ཐམས་ཅད་གླུ་དབྱངས་སྙན་པར་ལེན་ཅིང་འཇོ་སྒེག་གི་རྣམ་འགྱུར་ཆགས་པའི་ལུས་ཀྱི་གར་སྟབས་བསྒྱུར་ཞིང་རོལ་མོ་སྣ་ཚོགས་འཁྲོལ་བ་དང་ལྷན་ཅིག་འདོད་ཡོན་སྣ་ལྔའི་མཆོད་སྤྲིན་སྟོབས་པའི་ལྷ་དང་ལྷ་མོ་བསམ་གྱིས་མི་ཁྱབ་པས་ཆར་སྤྲིན་གཏིབ་པ་ལྟ་བུར་གང་བར་བསྐྱེད་ཅིང་དུ་མར་སྣང་བ་དེ་ཀུན་ཀྱང་རང་གི་རིག་པའི་རང་རྩལ་དུ་རོ་གཅིག་པར་བསམ་པ་ནི་སྐུ་བསྐྱེད་པ་ཡིན་ལ། དེའི་རྗེས་འབྲེལ་ནི། ལྷན་ཐབས་ལས་བྱང་ལེའུ་བརྒྱད་མའི་ལེའུ་གསུམ་པ་དང་བཞི་པ་སྦྱོར་བའི་དང་པོ་ལ་གསུམ་གྱི་སྤྱན་དྲང་བ་ནི། རྒྱ་གར་རྡོ་རྗེ་གདན་གྱི་ལྷོ་ནུབ། རྔ་ཡབ་གླིང་ཕྲན་སྲིན་པོའི་རྒྱལ་ཁམས་ཟངས་མདོག་དཔལ་ཀྱི་རི་བོ་ངེས་པ་ལྔ་ལྡན་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ་ནས་ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་འཁོར་དུ་སྤྲུལ་པའི་གུ་རུ་མཚན་བརྒྱད། གྲུབ་པའི་རིག་འཛིན་མང་པོ། །ཡི་དམ་རྟ་ཕག་ཡབ་ཡུམ། མཁའ་འགྲོ་རིགས་ལྔ། དཔའ་བོ་གིང་བཞི། གནས་གསུམ་གྱི་དམ་ཅན་སྲུང་མའི་ཚོགས་ཀྱིས་བསྐོར་བ་སྤྲིན་གྱི་ཕུང་པོ་གཏིབ་པའམ། ཁ་ཆར་དང་བུ་ཡུག་འཚུབ་པ་བཞིན་དུ་ཁྲ་ཕུང་ངེ་བྱིན་ཐིབས་ཀྱིས་བྱོན་པར་བསམ་ལ། ཧཱུྃཿསྔོན་གྱི་བསྐལ་པ་དང་པོ་ལཿསོགས་ཀྱིས་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཡེ་ཤེས་རང་སྣང་གི་ཕོ་བྲང་ཡིད་དུ་འོང་ཞིང་ཉམས་དགའ་བའི་གནས་མཆོག་དམ་པར་བཞུགས་སུ་གསོལ་བ་ནི། ཧཱུྃཿརིན་ཆེན་ཕོ་བྲང་ཉམས་རེ་དགའཿསོགས་ཀྱིས་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་འཛིན་པའི་རྟོགས་པ་བྲལ་ཏེ་དབྱེར་མེད་དུ་ཐིམ་པར་བསམ་ནས་དོན་དམ་ལྟ་བ་མཇལ་བའི་ཕྱག་གནས་ལུགས་རང་རིག་དོན་གྱི་ལྷ་ལ་ཕྱག་འཚལ་བ་ནི། ཨེ་མ་ཧོཿསྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགསཿ སོགས་ཀྱིས་ཕྱག་བྱ་བ་རྣམས་ནི་དོན་ཚན་དང་པོ་གསུམ་ཡིན་ལ།
གཉིས་པ་མཆོད་པ་བྱིན་གྱིས་རློབས་པ་དང་ཕུལ་བ་གཉིས་ལས། དང་པོ་བྱིན་གྱིས་རློབས་པ་ནི། སྭ་བྷ་ཝའི་སྔགས་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ང་རྒྱལ་བཟུང་ལ། མཆོད་རྫས་རྣམས་ཀྱི་མཚན་འཛིན་ཀྱི་རྟོག་པ་ཐམས་ཅད་མི་དམིགས་པར་སྦྱོང་བ་དང་འབྲུ་གསུམ་གྱིས་སྦྱང་རྟོགས་སྦར་གསུམ་བགྱིས་ནས་མཁའ་ཁྱབ་ཏུ་སྤེལ་ཏེ། བདུད་རྩི་རིགས་ལྔ་ཡབ་ཡུམ་གྱི་བྱང་སེམས་དང་། གཏོར་མ་འདོད་ཡོན་དྲུག་ལྡན་གྱི་ཕུང་པོ་དང་། རཀྟ་ཁམས་གསུམ་བདེ་བ་ཆེན་པོར་བྱིན་གྱིས་རློབས་པ་དང་། མཆོད་སྔགས་རྣམས་ཀྱིས་ཕྱི་ནང་གསང་བའི་མཆོད་སྤྲིན་ཀུན་ཏུ་བཟང་པོའི་རྣམ་རོལ་ནམ་མཁའི་མཐའ་ཀླས་པར་གང་བར་དམིགས་ནས་འབུལ་བ་ལ། སྤྱི་དང་བྱེ་བྲག་ཁྱད་པར་འབུལ་ཚུལ་གསུམ་གྱི། དང་པོ་ལ་ཕྱི་ཡི་མཆོད་པ་ནི། ཧྲཱིཿབླ་མ་ཡི་དམ་མཁའ་འགྲོ་ལཿལྷ་རྫས་ཕྱི་མཆོད་སོགས་ཀྱིས་ཏེ། རང་གི་ཐུགས་ཀ་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཛེས་པའི་མེ་ཏོག །དྲི་ཞིམ་བདུག་སྤོས། སྣང་གསལ་མར་མེ། རེག་བདེའི་དྲི་ཆབ། རོ་བརྒྱའི་ཞལ་ཟས། སྙན་པའི་རོལ་མོ་རྣམས་སྤྱན་ཤངས་ཐུགས་ཀ་སྐུ་ལུས་ཞལ་དང་སྙན་གྱི་གནས་སོ་སོར་ཚིམ་པར་སྟོབས་པའོ། །ནང་མཆོད་ནི། རང་བྱུང་ནང་མཆོད་སོགས་ཀྱིས། དབང་པོའི་མེ་ཏོག །གསུར་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་སྣང་གསལ། དྲི་ཆུའི་བྱུག་པ། དྲི་ཆེན་གྱི་ཞལ་ཟས། རྐང་གླིང་དང་ཐོད་པའི་རྔ་ཆེན་རྣམས་ཀྱིས་མཚོན་བྱེད་དུ་བྱས་ནས་དུག་གསུམ་སྐུ་གསུང་ཐུགས་དང་། དུག་ལྔ་ཡེ་ཤེས་ལྔར་རྒྱས་འདེབས་པའི་མཆོད་སྤྲིན་སྣང་སྲིད་ཕྱག་རྒྱ་བཞི་རྫོགས་སུ་གསལ་བའི་ངང་ནས་མཆོད་པ་སྟེ། གསལ་བཀྲ་ལས། དམ་ཚིག་ལས་དང་ཆོས་དང་ནི། སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། ཞེས་སོ། །གསང་མཆོད་ནི། གཉིས་མེད་གསང་མཆོད་སོགས་ཀྱིས། ལྷ་ཡབ་ཡུམ་རྗེས་ཆགས་ཀྱི་སྦྱོར་བས་སྙོམས་པར་ཞུགས་པའི་བྱང་སེམས་ལུགས་འབྱུང་ལུགས་ལྡོག་གིས་དགའ་བཞིའི་རོ་ཉམས་བདེ་སྟོང་གི་ངོ་བོར་མཆོད་པའོ། །གཉིས་པ་ལ། སྨན་མཆོད་ནི། དུག་ལྔ་སེལ་ཕྱིར་ཡེ་ཤེས་ལྔ་རྫོགས་རྫསཿདམ་རྫས་བདུད་རྩི་སོགས་ཀྱིས་ཏེ། དེ་ཡང་བདུད་རྩིའི་གཞི་མ་ནི། ཛ་གད་དཔའ་བོ་ཞེས་ཆང་རྣམ་པ་ལྔ་ཡིན་
ཏེ། ནས་འབྲས་གྲོ་དང་རྒུན་ཆང་དང་། །མེ་ཏོག་ཆང་སྟེ་རྣམ་པ་ལྔ། །ཞེས་པ་ལྟར་ཡིན་ལ། དེ་ལ་བསྲེ་བའི་རྫས་ནི་བདུད་རྩི་ཨ་མྲྀ་ཏ་སྟེ། སྤྱིར་བདུད་རྩི་ལ། ཆོས་བདུད་རྩི། དོན་བདུད་རྩི། སྔགས་བདུད་རྩི། དམ་རྫས་བདུད་རྩི། སྨན་བདུད་རྩི་དང་ལྔ་ལས། འདིར་ཕྱི་མ་གཉིས་ཏེ་དེ་ལ་དམ་རྫས་བདུད་རྩི་ནི། རང་བྱུང་ལུས་ཀྱི་བདུད་རྩི་ཆེ་ཆུང་གཉིས། བྱང་སེམས་ཐབས་ཤེས་གཉིས། ཤ་ཆེན་གྱི་དྭངས་མ་སྟེ། དེ་ལྔ་ནི་རྩ་བའི་བདུད་རྩི་ལྔ་ཡིན་ལ། དེའི་སྐྱོབས་དང་འཕྲད་དུ་གྱུར་པ་རྣམས་ལ་ནི་སྨན་བདུད་རྩི་ཞེས་གསུངས་ཏེ། དེ་ནི་སྔོན་དཔལ་ཆེན་པོས་རུ་ཏྲ་བརྟུལ་བའི་ཚེ་ཟག་པ་རྒྱ་མཚོར་ལྷུང་བ་བདུད་རྩིའི་ཤིང་དུ་སྐྱེས་པ་ནི། རྩ་བ་མཱུ་ལ་བྷ་དྲ། སྡོང་པོ་ཙན་དན་སྨུག་པོ། ཡལ་ག་ལི་ཤི། ལོ་མ་གྷནྡྷ་བྷ་དྲ། མེ་ཏོག་གུར་གུམ། འབྲས་བུ་ཛ་ཏི། སྙིང་པོ་ག་བུར། ཤུན་པ་ཤིང་ཚ་སྟེ་བརྒྱད་ཡིན་ལ། དེ་ལྟར་རྩ་བརྒྱད་དང་ཡན་ལག་སྟོང་སྦྱར་ཚོགས་པར་སྦྱར་བ་ནི་རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏར་འབོད་པ་སྟེ། དེ་ཡང་རྩ་བ་བརྒྱད་ནི། ཉང་གཏེར་འགྲོ་འདུལ་ལས། མངོན་པ་ཕྱི་ཡི་རྩ་བ་བཞིཿསྦས་པ་ནང་གི་རྩ་བ་བཞིཿཞེས་སོགས་གསུངས་པ་ལྟར་ཕྱིའི་རྩ་བ་བརྒྱད། ནང་གི་རྩ་བ་བརྒྱད། གསང་བའི་རྩ་བ་བརྒྱད། དེ་ཁོ་ན་ཉིད་ཀྱི་རྩ་བ་བརྒྱད། ཟུག་པ་རྩ་བའི་བདུད་རྩི་བརྒྱད། འདྲིལ་བ་སྡོང་པོའི་བདུད་རྩི་བརྒྱད། གྱེས་པ་ལོ་འདབ་ཀྱི་བདུད་རྩི་བརྒྱད། སྨིན་པ་འབྲས་བུའི་བདུད་རྩི་བརྒྱད་དོ། །ཡན་ལག་སྟོང་དུ་ཚང་བ་ཚུལ་བཞིན་དུ་སྦྱར་ནས་བསྒྲུབ་པ་དེ་ལ་སརྦ་པཉྩ་ཨ་མྲྀ་ཏ་ཞེས་བོད་སྐད་དུ་འཆི་བ་མེད་པའི་བདུད་རྩི་ཞེས་བྱ་སྟེ། དེ་ལ་ནུས་པའི་ཡོན་ཏན་ཡང་སློབ་དཔོན་ཆེན་པོས། བླ་མ་མཆོད་ན་བྱིན་རླབས་འབྱུངཿཡི་དམ་མཆོད་ན་དངོས་གྲུབ་སྟེརཿམཁའ་འགྲོ་མཆོད་ན་ལུང་ཡང་སྟོནཿསྒྲུབ་པ་པོའམ་སུས་བརྟེན་ཀྱངཿཕྱི་ཡི་ནད་གདོན་སྡིག་སྒྲིབ་སེལཿནང་གི་བསྐྱེད་རིམ་ཏིང་འཛིན་གསལཿགསང་བ་རང་རིག་ཆོས་སྐུར་རྟོགསཿདམ་ཚིག་ཉམས་ཆགས་ཐམས་ཅད་སྐོངཿབཅིང་པས་དུས་མིན་འཆི་བ་བཟློགཿགདུག་པའི་དུག་ཀྱང་འཇིལ་བར་ནུསཿབསྲེགས་པས་གདོན་བགེགས་ཐམས་ཅད་སྐྲོདཿབྱུག་པས་ནད་གདོན་མ་ལུས་འཇོམསཿཞེས་གསུངས་པ་ལྟར་ཕན་ཡོན་བསམ་གྱིས་མི་ཁྱབ་པའི་བདུད་རྩི་སྨན་གྱི་མཆོད་པ་དེ་ཉིད། བླ་མ་བརྒྱུད་པ། ཡི་དམ་
ཞི་ཁྲོ། མཁའ་འགྲོ་དམ་ཅན། ཆོས་སྐྱོང་སྲུང་མ་སོགས་མཆོད་འོས་ཐམས་ཅད་ལ། ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རམ་ཁཱ་ཧིཿསོགས་ཀྱིས་རྐང་ཐོན་དུ་འབུལ་བ་ཡིན་ལ། རཀྟའི་མཆོད་པ་ནི། བདེ་མཆོག་བདེ་བྱེད། སོགས་ཀྱིས་ཏེ། དེ་ཡང་འདོད་ཆགས་ནི་མའི་མངལ་ཁྲག་སྟེ་དེ་འཁོར་བའི་ས་བོན་བྱས་ནས་ཁམས་གསུམ་དུ་ཞེན་ཅིང་ཆགས་པའི་རྒྱུ་བྱེད་ལ། དེ་གནས་སུ་དག་པ་ཤེས་རབ་རང་བྱུང་པདྨའི་རཀྟ་ཞེན་ཆགས་རྟོག་པ་ཐམས་ཅད་རྣམ་པར་བསྡུས་ནས་ཆགས་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་རིགས་དྲུག་ཏུ་འཁོར་བའི་རྒྱུད་དྲུག་གི་རྩ་བ་དབྱིངས་སུ་བསྒྲལ་བའི་དགོངས་པས་དུག་གསུམ་སྐུ་གསུམ་གྱི་རིགས་སུ་དག་པར་བྱས་པ་སྟེ། དེ་ལ་སྤྱི་ཙམ་དུ་ངོ་བོ། ངེས་ཚིག །དབྱེ་བ་གསུམ་དུ་ཕྱེ་ན། རཀྟའི་ངོ་བོ་ལ་ལྔ་སྟེ། སྲིད་པ་གཞིའི་རཀྟ། སྣང་བ་བརྡའི་རཀྟ། འགྱུར་མེད་དོན་གྱི་རཀྟ། འཁོར་བ་རྒྱུའི་རཀྟ། འབྲས་བུ་ཆེན་པོའི་རཀྟ་རྣམས་སུ་བཤད་ལ། ངེས་ཚིག་ནི། ཁ་དོག་དམར་པོ། བྱེད་ལས་ཆགས་པ། དངོས་པོ་ཁྲག་རྣམས་ཀྱི་དོན་ལ་འཇུག་ཅིང་། དབྱེ་ན་རྩ་བ་བརྒྱད་དང་། ཡན་ལག་སུམ་ཅུ་རྩ་ལྔ་སྟེ། དེ་ལ་རྩ་བ་བརྒྱད་ནི། ཡབ་ཀྱི་སྣ་གཡས་པའི་ཁྲག །ཡུམ་གྱི་པདྨའི་རཀྟ། སྲིད་པ་ཆགས་པའི་ལྟེ་ཁྲག །གཡུལ་དུ་བསད་པའི་དཔའ་བོའི་སྙིང་ཁྲག་སྟེ་ནང་གི་བཞི་དང་། སྟག་གཟིག་སོགས་གཅན་གཟན་གྱི་ཁྲག །བྱ་རྒོད་སོགས་འདབ་ཆགས་ཀྱི་ཁྲག །རྟ་བོང་སོགས་རྨིག་ཟླུམ་གྱི་ཁྲག །གཡག་སོགས་རྨིག་པ་ཁ་བྲག་གི་ཁྲག་སྟེ་ཕྱིའི་རྩ་བ་བཞི་རྣམས་བསྡོམས་པར་རཀྟ་རྩ་བ་བརྒྱད་དོ། །ཡན་ལག་སུམ་ཅུ་རྩ་ལྔ་ནི། སའི་རཀྟ་ལྔ། ཤིང་གི་རཀྟ་ལྔ། རྡོ་རྗེའི་རཀྟ་ལྔ། མེ་ཏོག་གི་རཀྟ་ལྔ། འབྲས་བུའི་རཀྟ་ལྔ། རྩིའི་རཀྟ་ལྔ། རྩ་བའི་རཀྟ་ལྔ་རྣམས་སོ། །སྐབས་འདིར་ནི། མ་ཧཱ་རཀྟ། མཱུ་ལ་རཀྟ། གུ་ཧྱ་རཀྟ་གསུམ་ལ་བཤད་ཅིང་། དང་པོ་གདུག་པ་བསྒྲལ་བའི་ཁྲག་ཆེན། གཉིས་པ་ནི་སྣོད་བཅུད་ཆགས་པའི་རྒྱུའི་རྩ་བ་ལ་འཇུག་པའི་ཕྱིར་གོང་དུ་བཤད་པའི་སྨན་རྫས་རྣམས་ཆུ་གཙང་མ་ལ་བཏབ་ནས་བྱིན་གྱིས་རློབས་ཅིང་སྒྲུབ་པ་དང་། གསུམ་པ་ནི་མཚན་ལྡན་མ་གྲོང་བའི་ཆོས་ཀྱིས་མ་གོས་པའི་པདྨའི་བཅུད་ལ་བཤད་པ་སྟེ། དེ་ལྟར་མ་ཧཱ་རཀྟ་དགྲ་བགེགས་
བསྒྲལ་བའི་ཁྲག །མཱུ་ལ་རཀྟ་རང་བྱུང་པདྨའི་ཁྲག །ཆུ་དང་མ་འདྲེས་དྭངས་མའི་ཁྲག་གི་མཚོ། །ཞེས་གསུངས་པ་ལྟར་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་སྙིགས་མ་ལས་འདོད་ཡོན་གྱི་ལྷ་མོའི་སྤྲིན་ཕུང་མཁའ་ཁྱབ་ཏུ་འཕྲོ་བས་མཆོད་པའོ། །གཏོར་མའི་མཆོད་པ་ནི། སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུཿསོགས་ཀྱིས་ཏེ། འདི་ལ་ཕྱི་ནང་གསང་གསུམ་ལས། ཕྱི་ལྟར་ན། སྣོད་ཀྱི་འཇིག་རྟེན་ཡངས་པའི་གཏོར་གཞོང་དང་བཅུད་ཀྱི་སེམས་ཅན་ཐམས་ཅད་གཏོར་མ། དེའི་ཡོན་ཏན་ཉི་ཟླ་སོགས་གཏོར་རྒྱན་དུ་བྱས་པ་རི་རྒྱལ་བས་དཔང་མཐོ་བ། གླིང་བཞི་གླིང་ཕྲན་བས་ཡང་ཤིང་རྒྱ་ཆེ་ཞིང་བཀོད་ལེགས་པའི་གཏོར་མའི་ལྟེ་བ་རི་རབ། ལོགས་ཀྱི་པད་འདབ་རྣམས་སུམ་ཅུ་རྩ་གསུམ་སོགས་འདོད་ལྷའི་ཁམས། སྟེང་གི་ནོར་བུ་རྣམ་པར་རྒྱལ་བའི་ཁང་བཟང་དང་བཅས་པ་མཚོན་བྱེད་ཡིན་ལ། ནང་ལྟར་ན། རྩ་བའི་པད་འདབ་རྔ་ཡབ་གླིང་ཕྲན། གཏོར་མའི་སྙིང་པོ་ཟངས་མདོག་དཔལ་གྱི་རི་བོའོ། །སྟེང་གི་ནོར་བུ་གུ་རུ་པདྨ་འབྱུང་གནས་ལོགས་རྒྱན་རྣམས་རིག་འཛིན་མཁའ་འགྲོ་རྒྱ་མཚོ་སོགས་པདྨ་འོད་ཀྱི་ཞིང་ཁམས་མཚོན་པའི་རང་བཞིན་དུ་གནས་པ་ཡིན་ལ། གསང་བ་ལྟར་ན། གཏོར་མའི་སྙིང་པོ་དུར་ཁྲོད་འབར་བའི་གཞལ་ཡས་ཁང་དང་། རྩ་བའི་པད་འདབ་རྣམས་དམ་ཅན་ཆོས་སྐྱོང་སྲུང་མ། ལོགས་རྒྱན་རྣམས་སྒྲུབ་པ་སྡེ་བརྒྱད་ཀྱི་ལྷ་ཚོགས། སྟེང་གི་ནོར་བུ་རྡོ་རྗེ་ཐོད་ཕྲེང་རྩལ་ལ་གུ་རུ་མཚན་བརྒྱད་ཀྱིས་བསྐོར་བའི་རྣམ་པར་གནས་པ་དེ་ཉིད་དོན་ལ་དབྱིངས་རང་བཞིན་གྱིས་དག་པའི་གཏོར་གཞོང་དུ་རང་བྱུང་ཆོས་སྐུའི་དཔལ་བཤོས་ལ། ཡེ་ཤེས་ལྔའི་ཐེབ་ཀྱུ། སྐུ་གསུམ་ཀྱི་བདུད་རྩི། མཉམ་ཉིད་ཀྱི་རཀྟ། གསལ་སྟོང་འཛིན་མེད་ཀྱི་དཀར་རྒྱན། སྐྱེ་འགག་འགྱུར་མེད་ཀྱི་དམར་རྒྱན་རྣམས་ཀྱིས་སྤྲས་པའི་ཏིང་འཛིན་ཟབ་མོའི་དགོངས་ཀློང་དག་པས་བྱིན་གྱིས་བརླབས་པ་བདུད་རྩིར་གྱུར་པའི་གཏོར་མ་འདོད་ཡོན་ལྔ་ལྡན་གྱི་མཆོད་སྤྲིན་ཆེན་པོ་དེས། རྡོ་རྗེ་སློབ་དཔོན་ཐུགས་དམ་སྐོངས་གྱུར་ཅིགཿསོགས་ཀྱིས་རྐང་ཐོན་དུ་འབུལ་བ་ཡིན་ནོ། །གསུམ་པ་ཁྱད་པར་གྱི་མཆོད་པ་ཚོགས་འཁོར་ནི། སྤྱིར་ཚོགས་ལ། སྐལ་ལྡན་མི། དགྱེས་
ལྡན་ལྷ། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་རྣམས་སུ་གསུངས་པས་ལས། འདིར་བཟའ་བཏུང་ཤ་ཆང་ལ་སོགས་པའི་ཐབས་ཤེས་ཀྱི་རྫས་ཁྱད་པར་ཅན་མ་ཚང་བ་མེད་པའི་ཡོ་བྱད་རྣམས་འདུ་བྱས་ལ། རང་ཉིད་ལྷ་ཡི་ཐུགས་ཀ་ནསཿསོགས་ཀྱིས་སྦྱང་རྟོགས་སྦར་གསུམ་བགྱིས་ནས་ཟག་མེད་བདུད་རྩིའི་རང་བཞིན་ཚོགས་ཀྱི་འཁོར་ལོའི་མཆོད་པས་སྐལ་ལྡན་མི་དང་། དགྱེས་ལྡན་ལྷའི་ཚོགས་ཚིམ་ཞིང་མཉེས་པར་བྱས་པས་བདག་གཞན་གྱི་ཚོགས་གཉིས་རྫོགས་པར་བྱེད་པ་སྟེ། དེ་ལ་ཐོག་མར་ལས་ཀྱི་རྡོ་རྗེས་ཚོགས་རྫས་རྣམས་སློབ་དཔོན་ལ་ཕྱོགས་པས་བཟུང་ནས། གཟིགས་ཤིག་མཚན་ལྡན་སོགས་ཀྱིས་གཙང་དམེ་མེད་པར་རོ་གཅིག་པར་གསོལ་བ་ལ། རིན་ཐང་མེད་ལས་སོགས་ཀྱིས་ངོ་མཚར་དུ་འཛིན་ཅིང་དང་དུ་བླང་བ་རྣམས་སྔོན་དུ་འགྲོ་བ། ཚོགས་ཕུད་ཆ་གསུམ་དུ་བྱས་ལ། དང་པོ་མཆོད་པ་ནི། བདེ་བར་གཤེགས་སོ་བཅོམ་ལྡན་འདསཿསོགས་ཀྱིས་འདོད་ཡོན་སྣ་ལྔའི་མཆོད་སྤྲིན་མཁའ་རུ་དམིགས་ནས་འབུལ་བའོ། །བར་པ་བཤགས་པ་ནི། སྔོན་བྱུང་དུས་ནས་ད་ལྟའི་བརཿསོགས་ཀྱིས་ཟག་པ་མེད་པའི་དམ་རྫས་རྒྱ་ཆེན་པོས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་ཀྱི་ཚོགས་ལ་བཤགས་པ་འབུལ་བའོ། །ཐ་མ་བསྒྲལ་བསྟབ་བྱ་བ་ནི། ཚོགས་ཟན་ནམ་གཟུགས་བརྙན་ལ་དམིགས་བྱ་བསྟིམ་ནས། ཆེ་མཆོག་པདྨ་ཐོད་ཕྲེང་རྩལཿསོགས་ཀྱིས་གསལ་བ་གསུམ་དང་ལྡན་པའི་ངང་ནས་ཚེ་ཁྲུས་ཀྱི་དགོངས་པས་བསྒྲལ་བྱའི་གཟུགས་ཕུང་རྟེན་དང་བརྟེན་པ་ཐམས་ཅད་ཆོས་དབྱིངས་སུ་བསྒྲལ་ཏེ་དུག་གསུམ་ཤ་ཁྲག་རུས་པ་བདུད་རྩི་ཆེན་པོར་བྱིན་གྱིས་བརླབས་པར་འབུལ་བ་རྣམས་དངོས་གཞིའི་དོན་ཚན་དང་པོ་སྐུ་བསྐྱེད་པ་ཡིན་ལ། དོན་ཚན་གཉིས་པ་བསྒྲུབ་པའི་སྙིང་པོ་ཛབ་བཟླ་བ་ལ་དངོས་དང་དེའི་རྗེས་འབྲེལ་གཉིས་ལས། དང་པོ་ནི། སྣང་སྲིད་གཞལ་ཡས་བླ་མ་ལྷཿསོགས་ཀྱིས་སྣོད་ཀྱི་འཇིག་རྟེན་པདྨ་འོད་ཀྱི་གཞལ་ཡས་ཁང་དང་། བཅུད་ཀྱི་སེམས་ཅན་ཐམས་ཅད་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྐུ་སྣང་སྟོང་གི་བདེ་བ་ཆེན་པོར་ཆུ་ཟླའམ་འཇའ་ཚོན་བཞིན་ཡམ་ཡམ་ཤིག་ཤིག་ཏུ་གསལ་བཏབ་ནས། ཐོག་མར་སྤྱི་བོའི་བླ་མ་ཡབ་ཡུམ་ལ་གསོལ་འདེབས་དང་དབང་བཞི་བླང་བའི་དམིགས་གནང་
དང་སྦྱར་ཏེ་བཛྲ་གུ་རུའི་ཛབ྄་དང་། བླ་མ་རང་ལ་བསྟིམ་ནས་རང་ཉིད་ཐོད་ཕྲེང་རྩལ་གྱི་སྐུའི་གསལ་སྣང་དང་ང་རྒྱལ་བརྟན་པོས་སྒྲུབ་སྔགས་ཀྱི་ཛབ྄་བཟླ་བ་སྟེ། ཤ་མེད་འོད་ཀྱི་གཟུགས་ཅན་ནིཿཔདྨ་འབྱུང་གནས་སྐུ་རུ་བསྒོམ། ཞེས་པ་ལྟར། དེ་ནས་རང་ཉིད་ཀྱི་ཐུགས་ཀའི་འོད་ཀྱིས་ཐོད་ཕྲེང་རིགས་བཞི་བསྐུལ་བས་དེ་ལས་རང་འདྲའི་སྤྲུལ་པ་མཁའ་ཁྱབ་ཏུ་སྤྲོས་པས་ཕྲིན་ལས་རྣམ་པ་བཞི་སྒྲུབ་པར་བསམ་ལ། ཧྲི་མ་ཧ་རི་ནི་ས་སོགས་ཀྱིས་ལས་སྦྱོར་གྱི་བཟླས་པ་བྱ་བ་རྣམས་ནི་སྒྲུབ་པའི་སྙིང་པོ་བཟླ་བའི་ཚུལ། དེའི་རྗེས་འབྲེལ་ཐུགས་དམ་བསྐང་བ་ལ་གསུམ་ལས། དང་པོ་ཕྱིའི་ཉེར་སྤྱོད་ལྔ་དང་། ནང་སྨན་རཀ་གཏོར་མ། གསང་བ་བདེ་ཆེན་དགའ་བཞིའི་མཆོད་པ་རྣམས་དང་། ཁྱད་པར་མར་མེ་བདུད་རྩི། ཐོད་རྔ་སོགས་ལག་ཏུ་ཐོགས་ཏེ་དཀྱིལ་འཁོར་ལ་བསྐོར་ཞིང་མཆོད་པ་ནི་སྐུ་ལ་བསྐང་བ། ཤིན་ཏུ་སྙན་པའི་གདུང་དབྱངས་ཀྱིས། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིརཿསོགས་ཀྱིས་གསུང་ལ་བསྐང་བ། ལྟ་བ་གནས་ལུགས་དེ་བཞིན་ཉིད། མ་བཅོས་གཉུག་མའི་ངང་ལ་མཉམ་པར་བཞག་ནས། ཀུན་གཞི་མ་བཅོས་ཀློང་ཡངས་ལསཿསོགས་ཀྱིས་ཐུགས་དམ་བསྐང་བ་རྣམས་བྱས་རྗེས། འདི་ལྟར་ཀུན་རྫོབ་མཚན་མར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་དོན་དམ་ཆོས་ཉིད་ལྷ་དང་གཞལ་ཡས་ཁང་དུ་ཡེ་ནས་རྫོགས་པའི་གནས་ལུགས་ཇི་བཞིན་པ་ཉིད་ཀྱི་རང་ངོ་ལ་བློ་བཞག་ནས་དགོངས་པ་བསྐྱང་བ་དང་། དེས་རྟགས་ཚད་ཀྱི་དྲོད་མཐར་ཕྱིན་པ་ན་མཆོག་ཐུན་ཀྱི་དངོས་གྲུབ་བླང་བ་འོག་ནས་འབྱུང་བ་ལྟར་གྱིས་དངོས་གྲུབ་ལེན་པ་རྣམས་ནི་དངོས་གཞིའི་ཆོ་གའི་རིམ་པ་སྟེ། དེ་རྣམས་ཀྱིས་སྦྱང་བྱ་འཆི་བར་སྐྱེ་གསུམ་གྱི་བག་ཆགས་སྦྱོང་ཞིང་། སྦྱོང་བྱེད་ཏིང་ངེ་འཛིན་གསུམ་དེ་རྣམས་ཀྱིས་ལྷ་སྐུའི་རྩལ་སྣང་གོང་འཕེལ་དུ་བྱེད་པ་དང་རྫོགས་རིམ་རྡོ་རྗེ་གསུམ་གྱི་གཞི་གདིང་བའི་སྨིན་བྱེད་དུའང་འགྲོ་ཞིང་། སྦྱངས་འབྲས་སྐུ་གསུམ་གྱི་མཛད་པ་ཕྲིན་ལས་དང་བཅས་པའི་རིགས་ཀྱི་ནུས་པ་གསོས་འདེབས་པས་འབྲས་བུ་རྫོགས་པར་བྱེད་པ་ཡིན་ནོ། །ཞེས་འཆད་པར་བྱེད་པ་ནི། སྐུ་བསྐྱེད་སྒྲུབ་པའི་སྙིང་པོ་བཟླཿཞེས་སོགས་ཀྱིས་གཞུང་འདི་འབྱུང་། དེ་རྣམས་ཀྱིས་དངོས་གཞིའི་དོན་ཚན་དྲུག་བཤད་པ་དེ་སོང་ནས།
གསུམ་པ་རྗེས་ཀྱི་ཆོས་དྲུག་གི་རྣམ་བཞག་དེ་འཆད་པར་བྱེད་པ་ནི། དག་སྣང་བསྐྱེད་ཅིང་བསྟོད་པ་འབུལཿཉམས་ཆགས་བསྐང་ཞིང་ལས་ཚོགས་སྒྲུབཿགྲུབ་མཐའ་བཟུང་ཞིང་སྨོན་ལམ་གདབཿཅེས་པའི་གཞུང་འདི་བྱུང་། དེའི་དོན་བཤད་པ་ལས། དང་པོས་དག་སྣང་བསྐྱེད་པ་ནི། སྤྱི་བོའི་བླ་མ་ཉིད་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་ཅན་དུ་བཞུགས་པ་ལ་བཟོད་མེད་མོས་གུས་ཀྱི་གདུང་ཤུགས་དྲག་པོ་བསྐྱེད་པ་ཡིན་ལ། གཉིས་པ་བསྟོད་པ་འབུལ་བ་ལ། སྔོན་དུ་མཆོད་པ་དང་། བསྟོད་བསྐུལ་དངོས། མཐའ་རྒྱས་གཞན་སྦྱར་བ་དང་གསུམ་ལས། སྔོན་དུ་མཆོད་པ་ནི། ཁྱད་པར་ནང་གི་མཆོད་རྫས་དྲག་པོའི་ཉེར་སྤྱོད་དང་སྨན་གཏོར་རཀྟ་སོགས་མ་དང་མཁའ་འགྲོ་མཉེས་ཕྱིར་རྐང་ཐོན་དུ་འབུལ་བ་ནི། ཧཱུྃཿདམ་རྫས་གཏོར་ཆེན་བཤམས་པ་ཡངཿསོགས་དང་། དེར་མ་ཟད་མདོར་ན་དམ་ཚིག་གི་རྫས་སུ་སྤྱད་བྱར་འོས་པའི་མཆོད་སྤྲིན་ནམ་མཁའ་མཛོད་དུ་སྤེལ་བ་མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཐམས་ཅད་རོ་མཉམ་པའི་ངང་དུ་ཕུལ་བ་བླང་དོར་མེད་པའི་ཚུལ་གྱིས་བཞེས་ནས། འདོད་ཡོན་གྱི་ལྷ་མོ་རྣམས་ཀྱང་གནས་སོ་སོར་ཐིམ་པའི་ཚུལ་གྱིས་དགྱེས་པ་ཆེན་པོར་རོལ་ཅིག །དམ་རྫས་མཆོད་པ་འདི་དག་ཀུནཿསོགས་ཀྱིས་མཆོད་ལ། བསྟོད་བསྐུལ་དངོས་ལ་བཞི་སྟེ། ཆོས་སྐུ་གནས་ལུགས་དོན་གྱི་བསྟོད་པ། ལོངས་སྐུ་འགག་མེད་ཡོན་ཏན་གྱི་བསྟོད་པ། སྤྲུལ་སྐུ་བརྡ་དོན་རྟགས་ཀྱི་བསྟོད་པ། ཕྲིན་ལས་སྣ་ཚོགས་འགྲོ་འདུལ་གྱི་བསྟོད་པ་དང་བཞི་ལས། དང་པོ་ནི། མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུཿསོགས་ཚིགས་བཅད་གཅིག་སྟེ། དེ་ཡང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་འདི་ཉིད་སྐུ་གསུམ་གྱི་བདག་ཉིད་དུ་བཞུགས་པའི་དོན་དུ། ཆོས་ཐམས་ཅད་ཀྱི་གནས་ལུགས་མ་བཅོས་སྤྲོས་པ་དང་བྲལ་བའི་རང་བཞིན་རང་བྱུང་གི་ཡེ་ཤེས་མི་འགྱུར་ལྷུན་གྱིས་གྲུབ་པའི་བདག་ཉིད་ཆེན་པོ་ནི་ཆོས་ཀྱི་སྐུ་སྟེ། དེའི་ངོ་བོ་ལས་མི་གཡོ་བར་བཞུགས་པ་ནས། བླ་མ་ཆོས་ཀྱི་སྐུ་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་སྐུ་ལས་མ་གཡོས་བཞིན་དུ་འགག་མེད་རང་བྱུང་གི་རིག་པ་གསལ་སྟོང་བདེ་བ་ཆེན་པོའི་ཀློང་དུ་ཆོས་ཀུན་མ་འདྲེས་ཡོངས་རྫོགས་སུ་ལོངས་སྤྱོད་པའི་ཆེ་བའི་ཡོན་ཏན་ལ་མངའ་བརྙེས་པ་ལོངས་སྤྱོད་རྫོགས་པའོ། །དེའི་ངང་ལས་གང་འདུལ་ཐུགས་རྗེའི་རོལ་པ་ཞིང་ཁམས་བསམ་
གྱིས་མི་ཁྱབ་པར་སྣང་བར་མཛད་པ་ལས། ཁྱད་པར་མཐའ་འཁོབ་བོད་ཡུལ་མུན་པའི་གླིང་འདིའི་གདུལ་བྱ་ལ་དགོངས་ཏེ་དཔལ་ཧེ་རུ་ཀའི་གནས་བཅུའི་དབུས། དུར་ཁྲོད་ཆེན་པོ་བརྒྱད་ཀྱི་གཙོ་བོ། རིག་པ་འཛིན་པའི་གསང་མཛོད། དཔལ་ཨོ་རྒྱན་གྱི་ཡུལ། དྷ་ན་ཀོ་ཤའི་མཚོ་གླིང་ལས། ཕོ་བྲང་ཐོར་ཅོག་ཅན་ཞེས་བྱ་བར། རང་བཞིན་དང་ཀུན་སྤྱོད་གཉིས་ཀྱིས་མ་རྨད་པའི་རྒྱལ་རིགས། ཨིནྟྲ་སྟེ་དབང་པོའི་བརྒྱུད་ལས་སྟོབས་ཀྱི་འཁོར་ལོ་བསྒྱུར་བའི་རྒྱལ་པོ། བཀའ་ཁྲིམས་ཀྱི་ལེགས་པར་གཟེངས་བསྟོད་པའི་ཡབ་རྒྱལ་པོ་གོ་ཤ་ཞེས་བྱ་བའི་བསོད་ནམས་གྱི་མཐུ་ལ། མངལ་གྱི་དྲིས་མ་གོས་པར་མེ་ཏོག་པདྨ་ལས་བརྫུས་ཏེ་སྐྱེས་པ་སྟེ། དེ་ཡང་ཕོ་བྲང་ཐོར་ཅོག་ཅན་ནས་ལྷོ་ཕྱོགས་ཀྱི་རྒྱུད་ཧ་ཅང་མི་རིང་བ་ཞིག་ན་མཚོ་མདངས་ལྡན་དྲི་མ་མེད་པ་ཞེས་བྱ་བ་ཞིག་ཡོད་པ་དེར། དུས་ནམ་ཞིག་གི་ཚེ་ན་རྒྱལ་པོ་ཉིད་ཀྱི་ཕྱི་འཁོར་རྣམས་ཀྱིས་མཚོ་དེའི་དབུས་པདྨའི་སྡོང་བུ་ལས་ཁྱེའུ་ཡིད་དུ་འོང་བ་ཞིག་གདའོ། །ཞེས་རྒྱལ་པོའི་སྙན་དུ་གསོལ་བ་ལས་ཕོ་བྲང་དུ་སྤྱན་དྲངས་ཏེ་སྲས་སུ་མངའ་གསོལ་ནས་ཤིན་ཏུ་གཅེས་པས་ཕྱི་རོལ་ཏུ་རྩེད་འཇོ་ལའང་གཏོང་མི་ཕོད་པར་ཡོད་པའི་ཚེ་ན། ཕྱག་ཁ་ཊྭཱཾ་ག་དང་ཌཱ་མ་རུ་གཏད་དེ་ཕོ་བྲང་སོ་ཕག་མཁར་རྩེར་ཡང་དུ་གནས་པའི་གཅིག་ནས་གཅིག་ཏུ་མཆོང་ཞིང་རྩེ་བའི་བར་དུ། ཇི་ཞིག་ན་ཁ་ཊྭཾ་ཀ་ཤོར་བའི་རྫུ་མཛད་དེ་རྒྱལ་པོའི་ནང་བློན་དབང་པོ་ཆེའི་བུའི་མགོར་ཕོག་ནས་ཚེའི་དུས་བྱས་པས། བློན་པོ་རྣམས་ཀྱིས་བཀའ་ཁྲིམས་དང་མཐུན་པའི་ཆད་པ་གཅོད་དགོས་པར་གླེང་ཞིང་བགྲོ་བ་ན། རྒྱལ་པོའི་སྲས་ཡིན་པས་གསལ་ཤིང་ལ་མ་སྐྱོན་པར་ས་མཐའ་ལ་སྤྱུག་པར་གྲོས་མཐུན་ཏེ། ཡབ་རྒྱལ་པོའི་སྙན་དུ་གསོལ་བ་ན། རྒྱལ་བུ་ལ་ཐུགས་བརྩེ་ཡང་བཀའ་ཁྲིམས་གཉན་པས་སྤྱན་ཆབ་ཕྱུང་ནས་རྒྱལ་བུའི་ལག་ནས་བཟུང་སྟེ་འདི་སྐད་ཅེས་གསོལ་བ། རིན་ཆེན་མཚོ་གླིང་པདྨའི་སྡོང་པོ་ལས། །སྲས་ཀྱིས་ཕོང་ནས་རྒྱལ་བུ་ཁྱོད་བཙལ་ནའང་། །ལས་ཀྱི་དབང་གིས་གྲོགས་པོ་སྤྱུག་པར་སོང་། །བློན་པོ་རྣམས་ཀྱིས་བཀའ་ཁྲིམས་དང་སྦྱར་ནས། །སྡོད་པའི་དབང་མེད་ཁྱེད་རང་གང་བདེར་སོང་། །ཞེས་གསུངས་པས་རྒྱལ་བུས་ཀྱང་། འཇིག་རྟེན་འདི་ན་ཕ་དང་མ་དཀོན་ཀྱང་། །ལྔ་ཕུང་ཙམ་གྱིས་བསྡུས་པའི་ཕུང་པོ་འདི། །ཐང་ཅིག་ཙམ་ཞིག་རྒྱལ་སྲིད་བཟུང་སྙམ་པས། །
སྡོད་པའི་དབང་མེད་ད་ནི་གང་བདེར་འགྲོ། །ཞེས་གསུངས་ཏེ། ཡབ་ཀྱི་ཞབས་སྤྱི་བོར་བླངས་ཏེ་ཕྱག་བཙལ་ནས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ནས་ཕྱིར་བྱུང་པའི་ལྷོ་ཕྱོགས་ཀྱི་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཞེས་བྱ་བ་དེར་གཤེགས་ནས་ཡུལ་དེའི་མི་ཤི་བའི་གོས་རས་ཡུག་རེས་དྲིལ་ཏེ་རོ་ཟས་འབྲས་ཁལ་རེ་དང་ལྷན་ཅིག་དུར་ཁྲོད་དུ་སྐྱེལ་བའི་ལུགས་སྲོལ་ཡོད་པ་དེ་རྣམས་ལ་ཟས་གོས་མཛད་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས་པས་མཚན་ཤནྟ་རཀྵིཏ་ཞེས་བྱ་བར་གྲགས། དེ་ནས་རྒྱ་གར་ཤར་ཕྱོགས་ཀྱི་རུང་དུ་བྱོན་ནས་བྲག་དམར་བྱ་ཁྱུང་ཅན་ཞེས་བྱ་བ་ན་སློབ་དཔོན་པྲ་བྷ་ཧསྟི་རྩལ་བཞུགས་པ་ལ་ལུས་ཀྱི་འཁོར་གསུམ་ཕུལ་ཏེ་རབ་ཏུ་བྱུང་། ཡོངས་སུ་རྫོགས་པའི་དགེ་སློང་དུ་གྱུར་ནས་མཚན་ཤཱཀྱ་སེང་གེ་ཞེས་བྱ་བར་གྲགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རིན་ཆེན་མང་གི་སྤྲུལ་པ་སློབ་དཔོན་ཀུ་ཀུ་ར་ཛཱའི་དྲུང་དུ་བྱོན་ཏེ་གདམས་པ་ཞུས་པས་ངས་འདུལ་བའི་དུས་ལ་མ་བབས་ཀྱིས་འདི་ནས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ན་དགེ་སློང་མ་ཀུན་དགའ་མོ་ཞེས་བྱ་བ་ཞིག་ཡོད་དེ། དེར་སོང་ཞིག་པར་ལུང་བསྟན་པ་ལྟར་བྱོན་པས། དགེ་སློང་མ་ཀུན་དགའ་མོས་མཁྱེན་ནས་མདུན་བསུས་ཏེ་སློབ་དཔོན་ཉིད་ཡི་གེ་ཧཱུྃ་གཅིག་ཏུ་བསྒྱུར་ནས་ཞལ་དུ་གསོལ་ཞིང་འཁོར་ལོ་བཞི་རིམ་པར་བརྒྱུད་པའི་མཐར། གསང་བའི་པདྨ་ནས་ཕྱུངས་ཤིང་ནང་དང་གསང་བའི་དབང་ཡོངས་སུ་རྫོགས་པ་དུས་གཅིག་ཏུ་ཐོབ་པར་མཛད་ནས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྒྱུད་གདམས་ངག་དང་བཅས་པ་མ་ལུས་པ་གནང་ངོ་། །གཞན་ཡང་དུས་མ་ངེས་པར་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་འཇམ་དཔལ་སྐུའི་རྒྱུད། ངག་གི་དབང་ཕྱུག་ལ་པདྨ་གསུང་གི་རྒྱུད། ཧཱུྃ་ཀཱ་ར་ལ་ཡང་དག་ཐུགས་ཀྱི་རྒྱུད། དྷ་ན་སཾ་སྐྲྀ་ཏ་ལ་ཕུར་པ་ཕྲིན་ལས་ཀྱི་རྒྱུད། རོཾ་བུ་གུ་ཧྱ་ཙན་ཏྲ་ལ་སྲིད་པ་མ་མོའི་རྒྱུད། ཤྲི་སེང་ཧ་ལ་མན་ངག་རྫོགས་པ་ཆེན་པོ་ཐམས་ཅད་ཞུས་ཤིང་། གང་གསན་པ་མཐའ་དག་ཚེགས་མེད་པར་མཁྱེན་པར་གྱུར་ནས་མཚན་བློ་ལྡན་མཆོག་སྲེད་དུ་གྲགས་ཤིང་། དེ་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་སྨད་དུ་མུ་སྟེགས་སྟོན་པ་དྲུག་ཚར་བཅད་ཅིང་ནང་པའི་བསྟན་པ་ལ་བཙུད་པས་འཕགས་པ་སེང་གེ་སྒྲ་སྒྲོགས་སུ་སྙན་པར་གྲགས་སོ། །དེ་ནས་མ་ར་ཏི་ཀའི་དབེན་གནས་སུ་འཆི་མེད་ཀྱི་རིག་
འཛིན་སྒྲུབ་པར་དགོངས་ཏེ་སྒྲུབ་པའི་གྲོགས་མཚན་ཉིད་དང་ལྡན་པ་ཞིག་བཙལ་བར་ཟ་ཧོར་གྱི་རྒྱལ་པོ་དཔལ་འཛིན་གྱི་བུ་མོ་མེ་ཏོག་མནྡ་ར་བ་ཞེས་བྱ་བ་པདྨ་ཅན་གྱི་རིགས་ཀྱི་མཚན་ཉིད་དང་ལྡན་པ་ཞིག་རྙེད་དེ། བྲག་ཕུག་མ་ར་ཏི་ཞེས་བྱ་བར་དུས་གསུམ་དུ་མེ་ཏོག་གི་ཆར་འབབ་ཅིང་རིགས་གསུམ་མགོན་པོས་བྱིན་གྱིས་བརླབ་པའི་གནས་དེར་ཡོ་བྱད་ལྔ་ལ་བརྟེན་ནས་བསྒྲུབ་པས། ཆོས་ཉིད་ཀྱི་བདེན་པ་གཟིགས་ཤིང་ཚེ་ལ་དབང་བའི་རིག་འཛིན་གྲུབ་སྟེ་སྐུ་སྐྱེ་ཤི་མེད་པ་རྡོ་རྗེའི་ལྟ་བུའི་སྐུ་བརྙེས་ནས་ཟ་ཧོར་གྱི་རྒྱལ་པོས་བུ་མོའི་གཏམ་དེ་ཐོས་པས་མཐའ་མི་ངན་པས་ངའི་བུ་མོ་བསླད་ཅིང་ཆུད་གསོན་པར་བྱས་པས་ཆད་པ་ཆོད་ཅིག་ཅེས་བསྒོ་བ་ན། ཡུལ་མི་རྣམས་ཀྱིས་ཙན་དན་གྱི་ཤིང་འགལ་པ་ཁུར་རེ་དང་ཏིལ་མར་ཕུལ་རེ་བསྡུས་ཏེ་ལུང་པའི་མདོར་ཤིང་ཁུར་ལྔ་བརྒྱའི་དབུས་སུ་བཅུག་ནས་མེ་ལ་བསྲེགས་པས། དུས་གཞན་གྱི་ཚེ་ཞག་གསུམ་ན་དུ་བ་ཆད་པ་ཡིན་ལ། དུས་དེའི་ཚེ་ན་ཞག་དགུའི་བར་དུ་དུ་བ་ཆད་པར་མ་གྱུར་པ་ལ་རྒྱལ་པོ་ཉིད་ཡ་མཚན་སྐྱེས་ཏེ་གཟིགས་སུ་བྱོན་པ་ན། གུ་རུ་ཉིད་ནི་ཞུགས་ཀྱི་ཕུང་པོ་རྒྱ་མཚོ་ཆེན་པོར་བསྒྱུར་ཞིང་དེའི་དབུས་སུ་པདྨའི་སྡོང་པོ་ལས་སྐུའི་ལྟེ་བ་ཡན་ཆད་ཐོན་ཏེ་ཕྲེང་བ་སྐུ་ལ་མ་རེག་ཙམ་དུ་ག་ཤལ་མཛད་ནས་ཕྱག་མཚན་པདྨའི་ལོ་མ་ལ་རྩེ་ཞིང་གཟི་བྱིན་མཚུངས་པ་མེད་པར་བཞུགས་པར་མཐོང་ནས་རྒྱལ་བློན་འབངས་འཁོར་ཐམས་ཅད་ངོ་མཚར་དུ་གྱུར་ནས་ཡི་རང་སྟེ་བསྟོད་པ་རྣམས་སྔོན་བྱུང་འགྲོ་བ་འདུལ་བའི་ལོ་རྒྱུས་ཀྱི་སྒོ་ནས་བརྗོད་པ་ནི་སྤྲུལ་པའི་སྐུའི་མཛད་པ་སྟེ། དེ་ལྟར་སྐུ་གསུམ་གྱི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་གི་ངོ་བོར་བཞུགས་པ་ལ་སྒོ་གསུམ་གུས་པས་བསྟོད་པ་ཡིན་ནོ། །སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུཿསོགས་ཀྱིས་སྐུ་གསུམ་སོ་སོ་ལ་བསྟོད་པ་ནི། དེ་ལྟ་བུའི་སྤྲུལ་པའི་སྐུ་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་དེ་ཉིད་ཐུན་མོང་གདུལ་བྱའི་སྣང་ངོར་མཛད་པ་སྣ་ཚོགས་སུ་སྟོན་པ་ལ་དོན་ལ་རྡོ་རྗེའི་སྐུ་ནི་འཕོ་འགྱུར་བྲི་གང་མེད་པར་ཞིང་ཁམས་ཀུན་ཏུ་བཟང་པོའི་བཀོད་པར་བཞུགས་ནས་མ་འགགས་རང་བྱུང་རིག་པའི་གསུང་དབྱངས་ཐེག་པ་གསུམ་གྱི་ཆོས་སྤྲོས་མེད་མཉམ་ཉིད་ཁྱབ་བརྡལ་ཆེན་པོར་རང་སྣང་བས་འགྲོ་བ་མཐའ་དག་གི་དོན་མཛད་ཅིང་། ཐུགས་བདེ་སྟོང་གི་ངོ་བོ་ལས་མི་གཡོ་ཞིང་
དེའི་རང་བཞིན་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པ་སྟེ། དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མཛད་པ་ལ་སྐྱོན་གྱིས་མ་གོས་པས་པདྨ་ལྟ་བུ་དང་། སྣང་སྲིད་དབང་དུ་སྡུད་པའི་མཐུ་སྟོབས་དང་ལྡན་པར་རྒྱལ་པོ་སྟེ། དེ་ཉིད་ལ་དྭངས་བའི་བློས་བསྟོད་པ་ཡིན་ལ། དེ་ནས་འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེདཿསོགས་ཀྱིས་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་ལ་སྒོས་གྱིས་བསྟོད་པ་ནི། དེ་ཡང་འགྲོ་བ་འདུལ་བའི་དོན་དུ་སངས་རྒྱས་སྣང་བ་མཐའ་ཡས་པདྨ་རིགས་ཀྱི་ཁྱབ་བདག་འོད་དཔག་ཏུ་མེད་པ་ཉིད་ཀྱི་ཐུགས་རྗེའི་སྐུ་ལ་བཀྲ་ཤིས་པའི་ཡོན་ཏན་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ་སྟེ། མངོན་རྟོག་རྒྱན་ལས། དཔལ་གྱི་བེའུ་བཀྲ་ཤིས་ནི། གཡུང་དྲུང་འཁྱིལ་བས་བརྒྱན་པ་སྟེ། སངས་རྒྱས་དཔེ་བྱད་བཟང་པོར་བཞེད། ཅེས་གསུངས་པ་ལྟར་ཐུགས་ཀ་དཔལ་གྱི་བེའུ་ནས་བཀྲ་ཤིས་པའི་ཡོན་ཏན་དུ་མ་མངའ་བའི་རྟགས་ཀྱིས་བརྒྱན་པའི་གུ་རུ་པདྨ་འབྱུང་གནས་ཞེས་མི་མཇེད་འཇིག་རྟེན་གྱི་ཁམས་འདིའི་ཨོ་རྒྱན་གྱི་རྒྱལ་ཁམས་ལ་མངའ་དབང་བསྒྱུར་བའི་པདྨའི་རིགས་ཀྱི་རྒྱལ་པོའི་སྲས་སུ་མཛད་ནས་རྒྱལ་སྲིད་ཀྱིས་བྱ་བ་སྤངས་ཏེ་བརྟུལ་ཞུགས་ཀྱི་སྤྱོད་པས་རྒྱལ་ཁམས་ཐམས་ཅད་བརྟུལ་ཏེ་འཁོར་བའི་གཡུལ་ལས་རྣམ་པར་རྒྱལ་བའི་དཔའ་རྟགས་སུ་ཐོད་པའི་ཕྲེང་བ་རྒྱན་དུ་མཛད་པས་རྡོ་རྗེ་ཐོད་ཕྲེང་རྩལ་ཞེས་གྲགས་པ་དེ་ལ་ཡོངས་སུ་བསྟོད་པ་ཡིན་ཏེ། འཇམ་དཔལ་སྒྱུ་དྲྭ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིགས་སྔགས་རྒྱལ། །ཞེས་སོ། །གཉིས་པ་ལོངས་སྐུ་འགགས་མེད་ཡོན་ཏན་གྱིས་བསྟོད་པ་ནི། ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལཿསོགས་ཀྱིས་ཡེ་ཤེས་ལྔའི་རང་མདངས་རིགས་ལྔ་ཐོད་ཕྲེང་རྩལ་དུ་རང་སྣང་བ་ལ་བསྟོད་པ་སྟེ། ནད་གདོན་བགེགས་དང་བར་ཆད་ཞི་བའི་ལས་མཛད་པའི་རྡོ་རྗེ་ཐོད་ཕྲེང་རྩལ་སྐུ་མདོག་དཀར་པོ་དང་། ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་རྒྱས་པར་མཛད་པའི་རིན་ཆེན་ཐོད་ཕྲེང་རྩལ་སྐུ་མདོག་སེར་པོ་དང་། ཁམས་གསུམ་དང་སྲིད་པ་གསུམ་གྱི་འགྲོ་བ་ཐམས་ཅད་དབང་དུ་སྡུད་པར་མཛད་པའི་པདྨ་ཐོད་ཕྲེང་རྩལ་སྐུ་མདོག་དམར་པོ་དང་། ལོག་པར་ལྟ་བའི་དགྲ་བགེགས་
གདུག་པ་རྣམས་དྲག་པོའི་སྒོ་ནས་ཚར་གཅོད་པར་མཛད་པའི་ཀརྨ་ཐོད་ཕྲེང་རྩལ་སྐུ་མདོག་ལྗང་གུ་དང་། ཕྲིན་ལས་རྣམ་པ་བཞི་ཐམས་ཅད་གཅིག་ཏུ་ལྷུན་གྱིས་གྲུབ་པའི་མཛད་པའི་བུདྡྷ་ཐོད་ཕྲེང་རྩལ་སྐུ་མདོག་སྨུག་པོ་སྟེ་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་སངས་རྒྱས་ཀྱི་བདག་ཉིད་དུ་བཞུགས་པ་ལ་བསྟོད་པའོ། །གསུམ་པ་སྤྲུལ་སྐུ་བརྡའ་དོན་རྟགས་ཀྱི་བསྟོད་པ་ནི། ཕྲིན་ལས་རྫོགས་པའི་རྗེ་ལ་ཕྱག་འཚལ་བསྟོདཿཅེས་པ་དེ་ཡང་ཆོས་སྐུ་སྐྱེ་བ་མེད་པའི་ཀློང་ནས་ལོངས་སྐུ་རིགས་ལྔའི་སངས་རྒྱས་སུ་སྣང་ཞིང་། རྒྱ་བོད་ཀུན་ཏུ་གང་འདུལ་མོས་ངོར་འཆར་བའི་སྤྲུལ་པའི་སྒྱུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ཞིང་ཁམས་སོ་སོར་བསྟན་ཀྱང་། རགས་པ་གཙོ་ཆེ་བའི་དབང་དུ་བྱས་ན། བསྟན་པའི་རྒྱལ་མཚན་འཛིན་པའི་ཆེད་དུ་ཕྱི་ལྟར་རབ་བྱུང་པཎྜི་ཏའི་ཆ་ལུགས། གསང་བ་སྔགས་ཀྱི་བརྟུལ་ཞུགས་མཐར་ཕྱིན་པའི་ཚུལ་དུ་ནང་ལྟར་རྣལ་འབྱོར་ཧེ་རུ་ཀའི་ཆ་ལུགས། གསང་བ་བསྐྱེད་རྫོགས་ཟབ་མོའི་ལམ་གྱིས་སྐུ་གསུམ་གྱི་དགོངས་པ་མཐར་སོན་པའི་རྟགས་སུ་སྣང་སྟོང་སྒྱུ་མའི་སྐུར་སྟོན་པ་སྟེ། པདྨ་བཀའ་ཐང་ལས། ཕྱི་རྒྱུད་དག་པས་སྤྲུལ་སྐུའི་བསྟན་པ་འཛིནཿནང་རྒྱུད་དག་པས་ལོངས་སྐུའི་བསྟན་པ་སྐྱོངཿགསང་རྒྱུད་དག་པས་བསྐྱེད་རྫོགས་ངང་ལ་བཞུགསཿཞེས་གསུངས་པ་ལྟར་རོ། གདུལ་བྱ་འདུལ་བའི་ཕྲིན་ལས་ཡོངས་སུ་རྫོགས་པའི་རྗེ་བཙུན་བླ་མ་དམ་པར་བསྟོད་པ་ཡིན་ལ། བཞི་པ་ཕྲིན་ལས་སྣ་ཚོགས་མཛད་པའི་མཚན་བརྒྱད་ལ་བསྟོད་པ་ནི། མ་ཆགས་སྐྱོན་གྱིས་མ་གོས་པའི༔སོགས་ཀྱིས་ཏེ། དེ་ཡང་འཁོར་བར་མ་ཆགས་ཤིང་འཁོར་བའི་སྐྱོན་གྱིས་མ་གོས་པའི་གུ་རུ་པདྨ་འབྱུང་གནས་དང་། སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་རབ་ཏུ་རྫོགས་པའི་གུ་རུ་པདྨ་སཾ་བྷ་ཝ་དང་། ཇི་ལྟ་བ་ཇི་སྙེད་པའི་ཤེས་བྱའི་ཆོས་ཐམས་ཅད་ལ་མ་རྨོངས་པའི་གུ་རུ་བློ་ལྡན་མཆོག་སྲེད། ཁམས་གསུམ་དང་སྲིད་པ་གསུམ་གྱི་ཡོན་ཏན་ཐམས་ཅད་དབང་དུ་སྡུད་པའི་གུ་རུ་པདྨ་རྒྱལ་པོ་དང་། འགྲོ་བ་རྣམས་ལོག་རྟོག་གིས་ཉོན་མོངས་པའི་མ་རིག་རྨོངས་པའི་མུན་པ་ཐམས་ཅད་སེལ་བའི་གུ་རུ་ཉི་མ་འོད་ཟེར་དང་། ལོག་པར་འདྲེན་པའི་བདུད་བཞི་མ་ལུས་པ་འདུལ་བར་མཛད་པའི་གུ་རུ་ཤཱཀྱ་སེང་གེ་དང་། ལྟ་བ་ཕྱིན་ཅི་ལོག་པའི་གཟུགས་ཅན་མུ་སྟེགས་ཀྱི་ཚོགས་དང་། བར་གཅོད་དམ་སྲི་འབྱུང་པོ་གཟུགས་
མེད་ཡིད་ཀྱི་ལུས་ཅན་རྣམས་བརླག་པར་མཛད་པའི་གུ་རུ་སེང་གེ་སྒྲ་སྒྲོགས་དང་། འཇིག་རྟེན་གསུམ་གྱི་རིགས་དྲེགས་པ་ཅན་དགྲ་བགེགས་གདུག་པ་ཅན་མཐའ་དག་ཚར་གཅོད་པའི་མཐུ་སྟོབས་ཅན་གུ་རུ་རྡོ་རྗེ་གྲོ་ལོད་ཏེ། གྲུབ་པའི་གནས་བརྒྱད་དུ་དངོས་གྲུབ་བརྙེས་ཤིང་། ཆེ་བའི་ཡོན་ཏན་མཐའ་ཡས་པར་མངའ་བས་འགྲོ་བ་འདུལ་བའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་སྤྲུལ་པའི་མཚན་བརྒྱད་ལ་བསྟོད་པ་སྟེ། དེ་ལྟར་ཡང་། གར་དབང་ཐུགས་རྗེའི་སྒྱུ་འཕྲུལ་པདྨ་འབྱུང་། །གཅིག་ལས་དུ་མར་ཤར་བའི་མཚན་བརྒྱད་སྐུ། །མཐོང་ཐོས་དྲན་རེག་དོན་ལྡན་ལ་སྦྱོར་བ། །སྐལ་བཟང་སྙིང་ལ་དགའ་བདེ་བསྐྱེད་པའི་དཔལ། །ཞེས་སོ། །དེ་དང་རྗེས་འབྲེལ་དུ་དཔའ་བོ་མཁའ་འགྲོའི་ཚོགས་ལ་བསྟོད་པ་ནི། ཧྲཱིཿསྣང་བ་མ་འགགས་ཐུགས་རྗེ་ཆེན་པོའི་སྐུ༔སོགས་ཀྱིས་ཏེ། རང་རིག་རང་བྱུང་རང་གསལ་གྱི་རྩལ་སྣང་མ་འགག་པའི་ཡེ་ཤེས་ཀྱི་རང་མདངས་ཐུགས་རྗེ་ཆེན་པོའི་སྒྱུ་འཕྲུལ་པདྨ་ཧེ་རུ་ཀའི་སྐུར་ཤར་བ་རྟ་མགྲིན་དབང་ཆེན་རྒྱལ་པོ་དང་། ཆོས་སྐུ་སྐྱེ་བ་མེད་པའི་ཀློང་རྣམ་པར་དག་པའི་ཆོས་དབྱིངས་བདེ་བ་ཆེན་པོའི་ཡུམ་རྡོ་རྗེ་ཕག་མོ་དང་། ཆོས་དབྱིངས་སྐྱེ་བ་མེད་པ་དང་། རོལ་པ་འགག་པ་མེད་པར་གཉིས་སུ་དབྱེར་མེད་པའི་མཁའ་དབྱིངས་ལས་ཐུགས་རྗེའི་རང་རྩལ་སྣང་བ་མ་འགག་པར་སྣང་བའི་དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་ལ་བསྟོད་པ་རྣམས་སོ། །དེ་ནས་འགྲོ་བའི་དོན་དུ་ཐུགས་རྗེའི་དམ་ཚིག་རྗེས་སུ་བསྐུལ་བ་ནི། ཧཱུྃཿམ་གཡེལ་མ་གཡེལ་རིག་འཛིན་ཚོགས༔སོགས་ཀྱིས་ཏེ། དེ་ཡང་མ་གཡེལ་མ་གཡེལ་ཞེས་ལན་གཉིས་ཟློས་ཏེ་བརྗོད་པ་ནི་ཆོས་སྐུ་མཉམ་པ་ཆེན་པོའི་ངང་ལས་མ་གཡེལ་བར་གཟུགས་སྐུ་གང་འདུལ་གྱི་ཕྲིན་ལས་དུས་ལས་མི་གཡེལ་བར་མཛོད་ཅིག་པའོ། །ཁྱད་པར་ལྷ་སོ་སོའི་རྐང་ཐོན་གྱི་མཚན་ནས་སྨོས་ཏེ། བླ་མས་བྱིན་གྱིས་རློབས། ཡི་དམ་གྱིས་དངོས་གྲུབ་སྩོལ། དཔའ་བོ་མཁའ་འགྲོས་བར་ཆད་སོལ། དམ་ཅན་རྣམས་ཀྱིས་ཕྲིན་ལས་སྒྲུབ་པའི་སྡོང་གྲོགས་མཛད་ནས་ལུས་ལ་སྐུ་ཡིས་བྱིན་གྱིས་རློབས། ངག་ལ་གསུང་གིས་བྱིན་གྱིས་རློབས། སེམས་ལ་ཐུགས་ཀྱིས་བྱིན་གྱིས་རློབས་པའི་ཕྲིན་ལས་འདོད་དོན་དུ་གསོལ་ནས། ཁྱད་པར་དུའང་། ཧཱུྃ་ཧཱུྃ། ལྷོ་ནུབ་རྔ་ཡབ་གླིང་ཕྲན་ན༔སོགས་ཀྱིས་བོད་ཡུལ་
དབུས་ཀྱི་རྡོ་རྗེ་གདན་གཉིས་པ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་འདི་ནས་བརྩིས་པའི་ལྷོ་ནུབ་རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ཁང་གནས་མཆོག་ཉམས་དགའ་བའི་ཕོ་བྲང་ཆེན་པོར་རྗེ་བཙུན་པདྨ་ཐོད་ཕྲེང་རྩལ་ཡབ་ཡུམ་སྐྱེ་འཆི་མེད་པ་བདེ་བ་ཆེན་པོའི་སྐུར་བཞེངས་ནས་གདུལ་དཀའི་སེམས་ཅན་སྲིན་པོ་གདོང་དམར་རྣམས་ཐབས་ཀྱིས་འདུལ་ཞིང་། མཐའ་སྐོར་དུ་མཁའ་འགྲོ་སྡེ་ལྔའི་འཁོར་ཚོགས་སྤྲིན་ཕུང་ལྟ་བུར་འཁྲིགས་པ་དང་། གིང་ཆེན་སྡེ་བཞིའི་ཕོ་ཉ་གློག་འཁྱུགས་པ་ལྟར་བྲན་དུ་བཀོལ་ཞིང་ལྷ་སྲིན་སྡེ་བརྒྱད་ཀྱི་ཆོ་འཕྲུལ་འབྲུག་ལྟར་ལྡིར་བའི་གཙོ་འཁོར་དེ་ཐམས་ཅད་ཀྱང་། སྐུ་ལ་རིན་ཆེན་དང་རུས་པའི་རྒྱན་ཆ་མང་པོས་སྤྲས་པའི་ཉམས་འགྱུར་གླུ་གར་གྱི་རྩེད་འཇོ་ཡིད་དུ་འོང་བས་སིལ་སྙན་དང་རོལ་མོའི་བྱེ་བྲག་མང་པོ་རང་སྒྲ་དིར་དིར་ཁྲོལ་བས་བར་སྣང་ཐམས་ཅད་ཁེངས་བར་བསམ་ལ། དེ་རྣམས་ལ་མོས་གུས་གདུང་བའི་ཤུགས་ཀྱིས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རྣམ་པ་བཞི་ཐོགས་མེད་དུ་འགྲུབ་པ་དང་། ལྷ་འདྲེ་མི་གསུམ་དབང་དུ་འདུ་བ། ལུས་ལ་འབྱུང་བཞི་འཁྲུགས་པའི་ནད་གདོན་བར་ཆད་ཀྱིས་མི་ཚུགས་པ། སེམས་རྒྱུད་ལ་ཉོན་མོངས་པ་དུག་ལྔའི་རྣམ་པར་རྟོག་པ་ཆགས་སྡང་རྨོངས་པ་སོགས་རྟོག་ཚོགས་ཐམས་ཅད་མི་རྟོག་པའི་དབྱིངས་སུ་ཞི་བའི་དངོས་གྲུབ་སྩོལ་བར་མཛོད་ཅིག་པར་བསྐུལ་བ་ཡིན། དེ་ནས་ལྷག་མ་གཏོང་བ་ནི། དཀྱིལ་འཁོར་གྱི་ཤར་ལྷོར་མཁའ་འགྲོ་རང་བཞིན་གྱིས་འདུ་བས་གནས་དེར་ཞིང་ལྤགས་ཀྱི་མཎྜ་ལའི་སྟེང་དུ་དྲི་དང་རཀྟའི་ཆག་ཆག་བཏབ་ལ་ཐལ་ཆེན་གྱི་ཚོམ་བུ་བཀོད་པའི་ཁར་སྣོད་བྷནྡྷ་ལྕང་ལོ་ཅན་གྱི་ནང་དུ་ལྷག་མ་ཕུད་དང་བཅས་པ་སྨན་རག་གི་གསོས་ལ་བཞག་པ་དེ་ཉིད་རྡོ་རྗེ་སློབ་དཔོན་གྱིས་རང་གི་ལྕེ་རྟ་མགྲིན་ཡབ་ཡུམ་དུ་བསྐྱེད་པའི་སྦྱོར་མཚམས་ནས་བྱང་སེམས་བབས་པར་མོས་ལ་བདུད་རྩིའི་ཁ་ཕྲུས་བཏབ་སྟེ་ལྷག་མའི་ཕུང་པོ་དེ་ཉིད་འབྲུ་གསུམ་གྱིས་སྦྱང་རྟོགས་སྦར་གསུམ་བགྱིས་ནས་འདོད་ཡོན་ལོངས་སྤྱོད་ཀྱི་གཏེར་དུ་བྱིན་གྱིས་རླབས་པ་ནི་དམ་ཚིག་སྟེ། བླ་མ་དགོངས་འདུས་ལས། དབུས་སུ་མཆིས་སྐལ་མི་ལྡན་གྱིས༔དཀྱིལ་འཁོར་མུ་རན་མཐའ་ལ་ཞོག༔ཕུད་ལ་འཚལ་སྐལ་མི་ལྡན་གྱིས༔ལྷག་མ་ཞལ་ཆབ་ངེད་ལ་ཞུ༔ཞེས་
གསུངས་པ་ལྟར་ཐ་ཚིག་དེ་དང་ལྡན་པའི་མཁའ་འགྲོ་རྣམས་ལ་བསྔོ་བ་ནི། དང་པོ་ཕུད་ཀྱིས་མི་མཆོད་དུ༔སོགས་ཀྱིས་སྔོན་གྱི་ཐུགས་དམ་རྗེས་སུ་བསྐུལ་བའི་ཕྲིན་ལས་གཉེར་དུ་གཏད་པས་དཔལ་ཆེན་པོ་པདྨ་ཧེ་རུ་ཀའི་སྤྱན་སྔར་ཞལ་གྱིས་བཞེས་པའི་དམ་བཅའ་དྲན་པའི་སྒོ་ནས་ཅི་འདོད་པའི་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པ་ཡིན་ཏེ། གསང་བ་སྙིང་པོ་ལས། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར། །མིང་ཙམ་འཛིན་པར་བྱེད་པ་ཡང་། །གཙུག་གི་ནོར་བུ་འབར་བ་ལྟར། །གཡོ་སྒྱུ་མེད་ཅིང་གུས་ལྡན་པ། །སེམས་ཀྱིས་བླངས་ནས་སྤྱི་བོ་ཡི། །གཙུག་ཏུ་བཞག་སྟེ་བཀུར་བར་བགྱི། །ཞེས་གསུངས་པའི་ཕྱིར་རོ། །དེ་ནས་ཆད་ཐོ་བྱ་བ་ནི། སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔སོགས་ཀྱིས་ཏེ། དེ་ཡང་འོག་མིན་ཆེན་པོའི་གནས་མཆོག་བདེ་བ་ཆེན་པོའི་ཕོ་བྲང་དུ་བཅོམ་ལྡན་འདས་དཔལ་ཆེན་པོ་པདྨ་ཧེ་རུ་ཀས་ཆོས་ཉིད་ཀྱི་རང་སྒྲ་རྟ་སྐད་དྲག་པོ་ཐེངས་གསུམ་གྱིས་སྣང་སྲིད་ཀྱི་མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་བསྡུས་ནས་སྐུ་གསུང་ཐུགས་ཀྱི་དམ་ལས་མི་འདའ་བའི་ཐ་ཚིག་གསུམ་གྱིས་ཁས་བླངས་མནའ་བོར་བ་དང་། དེའི་འོག་ཏུ་བར་གྱི་བསྐལ་པ་དབུས་མ་ལ་བྲག་དམར་བསམ་ཡས་ཨཪྱ་པ་ལོའི་གླིང་དུ་གུ་རུ་ཡབ་ཡུམ་གྱིས་དབང་ཆེན་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་བའི་ཚེ་ན། གདོད་ནས་གྲུབ་པའི་དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་མཁའ་འགྲོ་སྡེ་ལྔ་དང་། དྲེགས་པ་ལྷ་སྲིན་སྡེ་བརྒྱད་མ་མོ་བརྟན་མ་བཅུ་གཉིས་རྣམས་དབང་དུ་བསྡུས་ཏེ་དམ་ལ་བཏགས་པ་དང་། དེ་འོག་ཏུ་བསྐལ་པ་ཐ་མའི་དུས་ཀྱི་ཚེ་ལྷོ་ནུབ་རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་གྱི་རི་བོའི་རྩེ་མོར་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་དང་། རིག་འཛིན་ཆོས་དབང་། ལང་ཀའི་ཚོགས་ཀྱི་འཁོར་དང་བཅས་པས་གསང་བ་ཡོངས་རྫོགས་ཀྱི་སྒྲུབ་པ་ཆེན་པོའི་དཀྱིལ་འཁོར་ཞལ་ཕྱེ་བའི་ཚེ་ན། བསེ་ལང་མཁའ་འགྲོ་བཀའ་སྡོད་སྒྲོལ་གིང་དམ་ཅན་ཆོས་སྲུང་དང་བཅས་པ་རྣམས་ཀྱིས་རང་རྟགས་སྲོག་གི་སྙིང་པོ་ཕུལ་ནས་དམ་ལ་བཞག་པའི་ཐོག་མཐའ་བར་གསུམ་གྱི་སྲུང་མ་རྣམས་ལ་དམར་གྱི་གཏོར་མ་བདུད་རྩིའི་གཡོས་སུ་སྦྱར་བ་ཡོངས་སུ་ཚིམ་པར་བསྔོས་ན་སྔོན་གྱི་ཐུགས་དམ་རྗེས་སུ་དྲན་པའི་ཕྲིན་ལས་མཛོད་ཅིག་པར་བསྐུལ་བ་ཡིན་ལ། དེའི་འོག་ཏུ་བརྟན་མ་བསྐྱང་བ་ནི།
བརྟན་མ་སྐྱོང་མཛད་མ་དང་སྲིང༔སོགས་ཀྱིས་གངས་ཅན་བོད་ཀྱི་ཡུལ་བདག་ཆེན་མོ་བརྟན་མ་བཅུ་གཉིས་སོ་སོའི་མཚན་ནས་བོས་ཏེ་གཏོར་མ་ཟག་མེད་ཀྱི་བདུད་རྩིར་སྤར་ནས་ཕུལ་ཏེ་འགལ་རྐྱེན་མི་མཐུན་གནོད་པའི་ཕྱོགས་ཐམས་ཅད་ཕྱིར་ཟློག་པའི་ཕྲིན་ལས་གསོལ་བ་ཡིན་ལ། དེ་ནས་རྟ་བྲོ་བརྡུང་བ་ནི། རྟ་ཡི་བརྟུལ་ཞུགས་ཆེན་པོ་ནི༔སོགས་ཀྱིས་གཏོར་གཞོང་ཁ་སྦུབ་པ་རི་རབ་ཏུ་གསལ་བའི་འོག་ཏུ་དགྲ་བགེགས་དམ་སྲི་བཀུག་པར་བསམས་ལ། བདག་ཉིད་དབང་ཆེན་འབར་བའི་ཏིང་ངེ་འཛིན་བརྟན་པོས། སྐུ་སྲིད་གསུམ་གང་བ་ཙམ་གྱི་དཔའ་གདེངས་བསྐྱེད་ནས་མཆེད་རྣམས་རྐང་པ་སྟངས་སྟབས་དང་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་བའི་དྲག་པོའི་ལས་ཀྱི་བྲོ་ར་བཅའ་བ་ནི། གཅན་གཟན་གྱི་འགྱིང་འགྲོས་སམ་ཁྱུང་ཆེན་གྱི་ལྡིང་འགྲོས་ཀྱིས་བྲོ་ར་གྲུ་གསུམ་དུ་བྱས་པ། སྣོད་ཀྱི་འཇིག་རྟེན་ཨེ་དབྱིངས་མཐིང་ནག་འབར་བའི་གཞལ་ཡས་ཁང་དུ་གྱུར་པ་ལ། བཅུད་ཀྱི་སེམས་ཅན་ཐམས་ཅད་དཔལ་ཆེན་པོ་པདྨ་ཧེ་རུ་ཀའི་ལྷ་ཚོགས་གཏུམ་ཆེན་རྔམས་སྒྲ་སྒྲོགས་པའི་ངོ་བོར་གསལ་ཞིང་དྲག་པོའི་བྲོ་གར་བསྐྱོད་པའི་འདུ་འཕྲོ་ནི། གླིང་བཞི་པའི་ས་གཞིའི་ཁྱོན་ཙམ་ཞབས་ཡ་གཅིག་གི་མཐིལ་གྱིས་ནོན་པར་མཛད་ཅིང་། ཞབས་བཏེགས་པའི་སྟངས་སྟབས་ཀྱི་མཐེ་བོང་གི་རྩེ་མོས་ཀྱང་ཚངས་པའི་ཡུལ་ས་སྟེ་སྲིད་པའི་རྩེ་མོ་ནས་གནོན་པར་མཛད་པ་ནི། འཇམ་དཔལ་སྒྱུ་དྲྭ་ལས། ནམ་མཁའ་ཁྱབ་པར་གར་བྱེད་ཅིང་། །ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །རྐང་འཐེབ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ནས་གནོན། ཞེས་གསུངས་པ་དང་མཐུན་པའི་དྲག་པོའི་གར་སྟབས་དེ་ཉིད་གང་ལ་བྱ་བའི་ཡུལ་ནི། ཞིང་བཅུ་བསྒྲལ་བའི་ཕུང་པོ་ལ༔ཞེས་པས། བསྒྲལ་བའི་ཞིང་བཅུ་ཚང་བའི་དགྲ་བགེགས་དམ་སྲིའི་ཚོགས་ཀྱི་རྣམ་ཤེས་མི་དམིགས་པ་ཆོས་ཀྱི་དབྱིངས་སུ་སྤར་ནས་གཟུགས་ཕུང་འཁོར་བའི་བག་ཆགས་ཀྱི་དངོས་འཛིན་དང་ཞེན་པ་སྦྱོང་བའི་ཕྱིར་ཁོག་པ་ལ་བྲོ་བརྡུང་བ་སྟེ། གསང་བ་འདུས་པའི་རྒྱུད་ལས། དགྲ་བགེགས་དམ་སྲིའི་ཕུང་པོ་ལ། །ཁྲག་འཐུང་དཔལ་གྱི་བྲོ་ར་བྱ། །འགྱུར་བ་མེད་པའི་དབྱིངས་སུ་མནན། །སྟོང་ཉིད་ལྟ་བའི་རྒྱ་ཡིས་གདབ། །ཅེས་གསུངས་ལྟར། ལས་ཇི་ལྟར་བྱ་བའི་ཚུལ་ནི། གཏུམ་ཆེན་རྔམས་
པའི་སྒྲ་སྒྲོག་ཅིང༔སོགས་ཀྱིས་ལོག་པར་འདྲེན་པའི་གདུག་པ་ཅན་རྣམས་ལ་ཐུགས་ཆེས་ཆེར་ཁྲོས་པའི་གཏུམ་ཆེན་རྔམས་པའི་རང་སྒྲ་དཔལ་གྱི་རྟ་སྐད་ཐེངས་གསུམ་འཚེར་བ་སྟེ། དང་པོས་སྣང་སྲིད་ཟིལ་གྱིས་མནན། གཉིས་པས་མ་མོ་དང་མཁའ་འགྲོ་དབང་དུ་སྡུད། གསུམ་པ་ཕོ་ཉ་དམ་ཅན་རྣམས་ལས་ལ་བཀོལ་ཞིང་ཁྲོ་ཚོགས་ནམ་མཁའ་གང་བའི་སྐུའི་གར་སྟབས་ཀྱིས་བྲོ་འུར་འུར་དུ་བརྡུང་བ། གསུང་དབྱངས་དཔལ་གྱི་རྟ་སྐད་འབྲུག་ལྟར་ལྡིར་བ། ཐུགས་བདེ་བ་ཆེན་པོར་རོལ་པའི་རྟ་བྲོ་ཆེམས་ཆེམས་ཀྱིས་ཞིང་ཁམས་ཐམས་ཅད་ལ་ཁྱབ་པ། གསང་བའི་བཤུག་པ་འཐོར་བྱེད་རླུང་གི་སྒྲ་གདངས་ཀྱུ་རུ་རུ་ལེན་པ། སྐུའི་གཟི་བྱིན་བསྐལ་པའི་མེ་འོད་ལྟ་བུ་གློག་དམར་བཞིན་འཁྱུག་པའི་ཀློང་ནས་རྡོ་རྗེའི་མཚོན་ཆ་འབར་བའི་ཐོག་ཆེན་ལམ་ལམ་འབེབ་པས། ཤངས་ཀྱི་ཧཱུྃ་སྒྲས་ཁམས་གསུམ་ཡོངས་ལ་དབང་བསྒྱུར་བ། ཕཊ་ཀྱི་རྐན་སྒྲས་འཇིག་རྟེན་ཁྱབ་པའི་སྤྲུལ་པ་འབྱེད་ཅིང་། རཾ་ལས་འབར་བའི་མེ་དཔུང་རབ་ཏུ་འཕྲོ་བས་ལོག་འདྲེན་ཐམས་ཅད་བསྲེག་པ། གཞན་ཡང་མངག་ཞུགས་ཀྱི་ཕོ་ཉ་གདོང་པ་ཅན་སྤྲིན་ལྟར་འཐིབས་པ་དང་གཤོག་པ་ཅན་མང་པོ་སྐར་ལྟར་འཁྲུག་པའི་དབང་ཆེན་འབར་བའི་ལྷ་ཚོགས་རྣམས་ཀྱིས་ཞབས་ཀྱི་བྲོ་གར་དང་ཞལ་གྱི་གླུ་ཚིག་གིས་གདུལ་བྱ་གདུག་པ་ཅན་རྣམས་འདུལ་བའི་སྔོན་གྱི་ཐུགས་དམ་ལས་བཞེངས་ནས། གནས་ལུགས་ཀུན་ཏུ་བཟང་པོའི་མཁའ་དབྱིངས་སུ་ཁམས་གསུམ་མ་ལུས་པ་ཡོངས་སུ་སྒྲོལ་བར་མཛད་པ་སྟེ། སྙིང་པོ་ལས། སེང་གདོང་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་པོས་ནི། །ཐམས་ཅད་ཀུན་ལ་ཟ་བར་བྱེད། །རྡུལ་ཆ་ཙམ་ཡང་མེད་པར་བྱེད། །བཞད་གདོང་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་པོས་ནི། །ཐམས་ཅད་མ་ལུས་འབྱིན་པར་བྱེད། །ཅེས་སོ། །དེ་ནས་སྤང་བྱ་མི་མཐུན་པའི་ཕྱོགས་རེ་རེའི་གཉེན་པོར་གཙོ་འཁོར་སོ་སོའི་བྲོ་གར་མཛད་པའི་ཚུལ་ནི། ཟ་བྱེད་ཆེན་པོའི་དཀྱིལ་འཁོར་དུ༔སོགས་ཀྱིས་ཁམས་གསུམ་ཟ་བར་བྱེད་པའི་དཀྱིལ་འཁོར་ཆེན་པོར་ཉོན་མོངས་དུག་ལྔ་འདུས་པའི་ཕུང་པོ་ལ། ཕོ་ཉ་གདོང་ཅན་རྣམས་ཀྱིས་བྲོ་བརྡུངས་པས་བདག་དང་གཞན་དུ་བལྟ་བའི་ཞེ་སྡང་བཅོམ། མ་ཧཱ་ཧེ་རུ་ཀའི་དཀྱིལ་འཁོར་ཆེན་པོར་འདོད་ཆགས་རཀྟའི་རྒྱ་མཚོ་འཁྱིལ་བ་ལ། མ་ཚོགས་མཁའ་འགྲོ་རྣམས་
ཀྱིས་བྲོ་བརྡུངས་པ་འཁོར་བའི་ཆོས་ལ་ཀུན་ཏུ་ཞེན་པའི་རྟོག་པ་བཅོམ། དྲག་པོའི་ལས་ལ་རྔམས་ཤིང་དཔལ་ཆེན་པོ་རྣམས་ཐུགས་འཁྲུགས་པའི་དཀྱིལ་འཁོར་དུ་གཏི་མུག་ཤ་ཆེན་རི་ལྟར་སྤུངས་པའི་ཕུང་པོ་ལ་ཕོ་ཉ་མཆུ་སྡེར་ཅན་རྣམས་ཀྱིས་བྲོ་བརྡུངས་པས་མི་ཤེས་རྨོངས་ཤིང་འཁྲུལ་བའི་ངོ་བོ་བཅོམ། ཁྲོ་བོ་གཏུམ་ཆེན་རྣམས་ཆེས་ཆེར་ཁྲོས་པའི་དཀྱིལ་འཁོར་དུ་དབང་པོ་སྒོ་ལྔ་དང་ཡན་ལག་ལྔ་རྫོགས་པ་ལ་ཕོ་ཉ་རྡོ་རྗེའི་གཤོག་པ་ཅན་རྣམས་ཀྱིས་བྲོ་བརྡུངས་པས་གནས་ལུགས་ཀྱི་དོན་ལ་བལྟ་བར་བློ་རྨོངས་པར་བྱེད་པའི་ཕྲག་དོག་བཅོམ། རང་ལུས་དབང་ཆེན་འཇིགས་བྱེད་ཆེན་པོའི་སྐུར་གྱུར་པའི་ཙིཏྟ་སྙིང་གི་དཀྱིལ་འཁོར་ཆེན་པོའི་དབུས་ན་ཨ་བ་དྷུ་ཏིའི་ཁྲི་རྐང་ཟླུམ་པོར་གནས་པའི་ཀློང་དུ་རིག་པའི་ཡེ་ཤེས་ཀྱི་ཐིག་ལེ་ཆོས་སྐུ་ཉག་གཅིག་བཞུགས་པ་དེ་ཉིད་ཁ་ནང་དུ་ཕྱོགས་ནས་རིག་སྟོང་སྤྲོས་བྲལ་གྱི་གནས་ལུགས་དེ་བཞིན་ཉིད་དུ་གསལ་འདེབས་པའི་རྡོ་རྗེ་ལྕེ་མཆུས་བྲོ་བརྡུང་ཞིང་གླུ་བླངས་པས་གཉིས་སུ་འཛིན་པའི་རྟོག་པ་ང་རྒྱལ་གྱི་རྩ་བ་བདག་འཛིན་བཅོམ་པ་སྟེ། བརྟག་གཉིས་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་པདྨ་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་རྣལ་འབྱོར་བ་རྣམས་ཀྱིས་དུག་གསུམ་འཇོམས་པའི་རྟ་བྲོ་བརྡུང་བའི་ལས་བྱས་པས་དཔལ་ཆེན་པོ་རྣམས་མཉེས་ཏེ་སྔོན་གྱི་ཐུགས་དམ་རྗེས་སུ་སྙོགས་པ་དང་། མ་མོའི་ཚོགས་དང་ཌཱ་ཀི་སྡེ་ལྔའི་དཀྱིལ་འཁོར་དུ་ཏ་ན་སྦྱོར་བ་དང་ག་ཎ་སྒྲོལ་བའི་མཆོད་སྤྲིན་སྤྲོ་བའི་སྤྲུལ་པ་མང་པོ་འགྱེད་པའི་ལས་བྱས་པས། རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆགས་སྐོངས་བའི་ཆོ་ག་རྫོགས་པ་དང་། དབང་ཆེན་ཁྲོ་བོའི་ཟློས་གར་གྱིས་དཀྱིལ་འཁོར་དུ་རྣལ་འབྱོར་པ་ལ་བར་དུ་གཅོད་པའི་བདུད་བཞི་འཇོམས་པའི་ལས་བྱས་པས་ཁམས་གསུམ་སྐུ་གསུམ་དུ་བསྒྲལ་པའི་ཆོ་ག་རྫོགས་པ་དང་། བཀའ་སྡོད་ཕྱག་བརྙན་ཆེན་པོའི་དཀྱིལ་འཁོར་དུ་བཀའ་ལས་འདའ་བྱེད་སྡིག་ཅན་དམ་སྲི་འབྱུང་པོ་སྐྱེ་མེད་ཆོས་སྐུའི་ཀློང་དུ་ཐལ་བའི་རྡུལ་བཞིན་བརླག་པར་བསྒྲལ་བའི་ལས་བྱས་པས་རུ་ཏྲ་མནན་པའི་ཆོ་ག་ཡོངས་སུ་རྫོགས་པ་ཞེས་བྱ་བ་ཡིན་ལ། དེ་ལྟར་བྲོ་བརྡུང་གི་རིམ་པ་དེ་རྣམས་ཅུང་ཟད་སྤྲོས་ཏེ་
བཤད་པ་ནི་དཔལ་རྟ་མགྲིན་ཧེ་རུ་ཀའི་དྲག་པོའི་ལས་ཀྱི་གཙོ་བོ་རྟ་བྲོ་བརྡུང་བའི་ལས་ཁོ་ན་ཡིན་ལ། དེ་ལ་བརྟེན་ནས་པདྨ་གསུང་གི་དངོས་གྲུབ་ཐམས་ཅད་མྱུར་བ་ཉིད་དུ་ཐོབ་པར་རྟ་མཆོག་རོལ་པའི་རྒྱུད་སོགས་ནས་རྒྱས་པར་གསུངས་པའི་ཕྱིར་རོ། །དེ་ནས་དངོས་གྲུབ་བླང་བ་ནི། གཏོར་མ་ལྷར་གསལ་བ་ལ་མཆོད་ཅིང་བསྟོད་ནས། ཛཔ྄་ཀྱིས་ཐུགས་དམ་བསྐུལ་ཏེ་བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས༔སོགས་ཀྱིས་བདེ་ཆེན་མཆོག་གི་དངོས་གྲུབ་བརྙེས་པས་ཐམས་ཅད་བདེ་བ་ཆེན་པོའི་ངང་ལ་ལོངས་སུ་སྤྱོད་པར་མཛད་པའི་ཐུགས་རྗེ་ཆེན་པོ་ནམ་མཁའི་དཀྱིལ་ལྟར་ཡངས་པའི་ངང་ནས། རྒྱལ་བའི་དཀྱིལ་འཁོར་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་བདག་ཉིད་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་མཉམ་པར་སྦྱོར་བའི་དངོས་གྲུབ་འདོད་འཇོའི་བུམ་པ་བཟང་པོ་དཔག་བསམ་གྱི་འཁྲི་ཤིང་། ཡིད་བཞིན་ནོར་བུ་ལྟ་བུའི་ཆོ་འཕྲུལ་དུ་ད་ལྟ་ཉིད་དུ་བདག་ལ་སྩལ་ཏུ་གསོལ་ཞིང་ཁྱད་པར་དུའང་། འགྱུར་མེད་སྐུ། འགག་མེད་གསུང་། འཁྲུལ་མེད་ཐུགས། ཡོན་ཏན་རེ་སྐོང་། ཕྲིན་ལས་འགྲོ་འདུལ། འཆི་མེད་ཚེ། འཛད་མེད་ནོར། ཐུན་མོང་ཡིད་བཞིན་ལྷུན་གྲུབ། བླ་མེད་མཆོག་གི་དངོས་གྲུབ་དཀའ་བ་མེད་པར་མྱུར་དུ་སྩལ་ཏུ་གསོལ། ཞེས་སྒྲུབ་གཏོར་གནས་བཞིར་གཏུག་ཅིང་། དེའི་ཚིག་གཏོར་མའི་ལྷའི་གནས་བཞིའི་ༀ་ཨཱཿཧཱུྃ་ཧྲཱིཿལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་དེ་འདྲ་བའི་ཡིག་འབྲུ་བཞི་འཕྲོས་པ་རང་གི་སྤྱི་མགྲིན་སྙིང་ལྟེའི་གནས་བཞིར་གསལ་བར་ཆགས་པར་བསམ་ཞིང་། ཚེ་རིལ་གཡས་སྐོར་དང་། ཚེ་ཆང་གཡོན་སྐོར་དུ་རོལ། སྤྲོ་ན་གནད་ཀྱི་ཤོག་གཅིག་མའི་དབང་བཀའ་བཞིན་བསྐུར་ནའང་ལེགས་པར་འགྱུར་རོ། །གསུམ་པ་ཉམས་ཆགས་སྐོང་བ་ནི། སྤྱི་བོའི་བླ་མ་ཉིད་རྡོ་རྗེ་སེམས་དཔའི་ངོ་བོར་བལྟས་ལ་ཡི་གེ་བརྒྱ་པ་ཅི་ནུས་བཟླས་པས་ནོངས་པར་གྱུར་པ་རྣམས་ལ་མཐོལ་བཤགས་འབུལ་ཞིང་། དཀྱིལ་འཁོར་བསྡུ་བ་ནི། བླ་མ་རྡོ་རྗེ་སེམས་དཔའ་ཉིད༔དགྱེས་པ་ཆེན་པོས་རང་ལ་ཐིམ༔སོགས་ཀྱིས། རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་སྣང་ཆ་ཐམས་ཅད་འོད་དུ་ཞུ་ནས་སྤྱི་བོའི་
བླ་མ་ལ་འདུས་ཤིང་དེ་ཉིད་རང་ལ་བསྟིམས་ནས་གཉིས་མེད་སྤྲོས་བྲལ་བདེ་བ་ཆེན་པོ་བློ་འདས་ཀྱི་དགོངས་པ་བསྐྱང་ཞིང་། སླར་ཡང་ཆུ་ལས་ཉ་ལྡང་བའི་ཚུལ་དུ་དྲན་རིག་མ་ཧཱ་གུ་རུའི་སྐུར་ལངས་ནས་སྣང་གྲགས་འགྱུ་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པར་རྒྱས་གདབ་བོ། །འདི་རྣམས་ཀྱིས་སྤྱི་ཙམ་དུ་སྦྱར་བྱ་འདུ་བྱེད་ཀྱི་བྱ་བ་འཇིག་ཅིང་ལྡང་བ་དང་། དཀྱིལ་འཁོར་གྱི་འཁོར་ལོ་འོད་གསལ་གཉིས་མེད་ཀྱི་བར་དུ་སྡུད་རིམ་གྱིས་འཁོར་བར་སྐྱེ་བ་ལས་སླར་ཡང་འཆི་དང་དེ་ལས་བར་སྲིད་དུ་སྐྱེ་བ་བཟུང་བ་རྣམས་སྦྱོང་། སྦྱང་འབྲས་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་ཞིང་སླར་ཡང་རྒྱུན་མི་ཆད་དུ་སྤྲུལ་པའི་སྐུར་འཆར་བའི་རྟེན་འབྲེལ་བསྒྲིག །རྫོགས་རིམ་གྱི་དུས། དོན་གྱི་འོད་གསལ་བསྒྲུབས་ནས་ཟུང་འཇུག་གི་ལྷ་སྐུར་ལྡང་བའི་གཞི་གདིང་ཞིང་སྨིན་བྱེད་དུའང་འགྲོའོ། །བཞི་པ་ལས་ཚོགས་སྒྲུབ་པ་ནི། མཚན་བརྒྱད་སྒྲུབ་པའི་མན་ངག་གུད་དུ་སྦས་པའི་བཀོལ་བྱང་ལས་ཤེས་པར་བྱའོ། །ལྔ་པ་གྲུབ་མཐའ་བཟུང་བ་ནི། ལམ་འདི་ཁོ་ན་དངོས་གྲུབ་ཐམས་ཅད་ཀྱི་རྩ་བར་ངེས་པའི་གདེངས་ཚད་བཅའ་བ་ཉིད་ཡིན་ལ། དྲུག་པ་སྨོན་ལམ་གདབ་པ་ནི། ཨེ་མ་ཧོ༔བདག་གིས་འགྲོ་བ་ཀུན་དོན་དུ༔སོགས་ཀྱིས་ཏེ། བདག་གིས་ལྷག་པའི་བསམ་པ་རྣམ་པར་དག་པས་མཐའ་ཡས་པའི་འགྲོ་བ་ཀུན་གྱི་དོན་དུ་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ཚུན་ཆད་ནས། ཐ་མ་ད་ལྟ་ལ་ཐུག་གི་བར་དུ་ལུས་ངག་ཡིད་གསུམ་གྱི་སྒོ་ནས། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་མཁའ་འགྲོའི་ཚོགས་དང་བཅས་པ་བསྒོམས་ཤིང་བསྒྲུབ་པ་དང་། མཆོད་ཅིང་བསྟོད་པ་དང་། སྐུའི་རྟེན་བྲིས་ཤིང་གསུང་རྟེན་བཀླག་པ་དང་། དེའི་ཚིག་དོན་རྣམས་བློ་ལ་བྱང་ཞིང་ཆུབ་པར་བགྱིས་ཏེ། ལྟ་བས་ཐག་བཅད་སྒོམ་པས་རྩལ་བཏོན་པ་སོགས་ཀྱིས་དགེ་བའི་ལས་ལམ་ལ་ཡོངས་སུ་སྤྱོད་པའི་འབྲས་བུ་ཉིད་དུ་སྨིན་པར་གྱུར་ནས་ཆོས་ཀུན་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་ས་མཆོག་ཐོབ་པར་ཤོག་ཅིག་པ་དང་། གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི་རྗེ་བཙུན་བླ་མ་དམ་པ་ཐམས་ཅད་ཀྱི་ཐུགས་དགོངས་རབ་ཏུ་རྫོགས་ཤིང་འདས་མ་འོངས་ད་ལྟར་ཕ་མས་སྣ་དྲངས་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་
མ་ལུས་ཤིང་ལུས་པ་མེད་པ། བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་རྗེས་སུ་བཟུང་ནས། ཡང་དག་རྡོ་རྗེ་སྙིང་པོའི་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པར་ཤོག་ཅེས་སྨོན་ལམ་དུ་གདབ་ཅིང་། དེ་དང་རྗེས་འབྲེལ་དུ་ཤིས་པ་བརྗོད་པ་ནི། ཤེས་བྱའི་དོན་ལ་མ་རྨོངས་པའི༔སོགས་ཀྱིས་ཏེ། དེ་ཡང་ཤེས་བྱའི་ཆོས་ཀུན་གྱི་ཟབ་མོའི་དོན་གཟིགས་པ་ལ་མ་རྨོངས་པའི་བླ་མ་དམ་པ་རྣམས་དང་། གང་ལ་བསམ་པའི་དོན་མ་ལུས་པ་འབད་མེད་དུ་འགྲུབ་པའི་དོན་ཀུན་འགྲུབ་པ་དང་སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་བྷ་ག་ནས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་བཀྲ་ཤིས་པར་ཤོག་ཅེས་བདེ་ལེགས་ཀྱི་ཚིགས་སུ་བཅད་པས་མཐའ་བརྒྱན་པ་ཡིན་ཞེས་འཆད་པར་བྱེད་པ་ནི། དག་སྣང་བསྐྱེད་ཅིང་བསྟོད་པ་འབུལ༔ཉམས་ཆགས་བསྐང་ཞིང་ལས་ཚོགས་སྒྲུབ༔གྲུབ་མཐའ་བཟུང་ཞིང་སྨོན་ལམ་གདབ༔ཅེས་པའི་གཞུང་འདི་བྱུང་། དེས་ནི་བླ་མ་གསང་བ་འདུས་པའི་ལས་གཞུང་སྙིང་པོ་རབ་གསལ་ལ་རང་ནུས་དང་སྦྱར་བའི་འགྲེལ་བ་ནོར་བུའི་ཕྲེང་བ་མཆོད་རྫས་སུ་དམིགས་ནས་ཡུལ་དམ་པ་རྣམས་ཀྱི་སྤྱན་སྔར་ཚིག་དོན་ཕུན་སུམ་ཚོགས་པའི་གླུ་དབྱངས་སྤྲིན་པའི་རྫ་རྔ་འཁྲོལ་བའི་གཡར་ཁྲལ་ཙམ་ཕུལ་ཟིན་པ་ལགས་པས། ཞེས་སོ། །ཡང་ཡོངས་རྫོགས་མ་སོང་ན་ཚིག་སྒྲ་ལེགས་པ་ཞིག་ཏུ་བཞག་པའི། དེ་ལྟར་བཤད་པའི་རིམ་པ་དེ་ཙམ་ཞིག་ཞུས་ནས། ཞེས་བསྒྱུར། གང་ལྟར་ཡང་མཇུག་ཏུ། དེ་ལྟར་ལྷག་པའི་བསམ་པ་རྣམ་པར་དག་པས་གཞི་བཟུང་། ཐོས་པ་དང་བསམ་པ་ལ་རབ་ཏུ་གོམས་པའི་སྙིང་སྟོབས་ཆེན་པོས་ཟུར་བརྒྱན། སྦྱོར་བརྩོན་མ་སྨད་པའི་བྱ་བ་ལས་ཀྱི་འཁོར་ལོ་དུས་ལས་མི་གཡེལ་བའི་སྒོ་ནས་ལེགས་བཤད་སྨྲ་བའི་དགེ་བའི་རྩ་བ་རྒྱ་ཆེན་པོ་བདག་གིར་བགྱིས་པ་འདི་ཉིད་མཚོན་བྱེད་དུ་བྱས་ཏེ་དུས་གསུམ་དུ་བསགས་པའི་དགེ་ཚོགས་རྒྱ་མཚོ་དང་འདྲེས་ནས་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་འདུན་པས་བསྔོ་སྨོན་མཚོན་བྱེད་ཙམ་ཞིག་ཞུ་ན། བསོད་ནམས་འདི་ཡིས༴ཞེས་དང་། གཞན་ཡང་། དབང་གིས་སྨིན་ཅིང༴ཕུན་ཚོགས་མཐའ་དག་བར། རྒྱལ་བ་བདེན་པའི་ཚིག་གིས་གང་གསུངས་པ། །འགྲོ་ཀུན་དེ་ལྟར་བསོད་ནམས་ཡེ་ཤེས་ཀྱི། །ཚོགས་གཉིས་མཐར་ཕྱིན་རྔ་ཡབ་དཔལ་གྱི་རིར། །ཨོ་རྒྱན་བླ་མའི་
གོ་འཕང་མྱུར་ཐོབ་ཤོག །ཅེས་བསྔོ་སྨོན་མདོར་བསྡུས་ཙམ་ཞིག་སོང་ནས། དེའི་འོག་ཏུ་བཀྲ་ཤིས་ནི། དེ་ལྟར་རྒྱལ་བའི་ཕྲིན་ལས་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་བདེན་པ་མི་བསླུ་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུ་དང་ནུས་པ་བསམ་གྱིས་མི་ཁྱབ་པའི་རྒྱུ་ལས་ཐུབ་བསྟན་རིན་པོ་ཆེ་གསལ་བའི་ཉི་མ་ཡོངས་འཛིན་དམ་པ་དགེ་བའི་བཤེས་གཉེན། འགྲོ་བའི་དཔལ་མགོན་དུ་གྱུར་པའི་བླ་མ་དམ་པ་ཐམས་ཅད་ཞབས་པད་བཀྲ་ཤིས་ཀྱི་འཁོར་ལོ་མི་ཤིགས་གཡུང་དྲུང་གི་རང་བཞིན་དུ་བརྟན་ཅིང་། ཀློག་པ་ཐོས་བསམ་དང་སྒྲུབ་པ་བསམ་གཏན་ལ་སྙིང་པོར་མཛད་ཅིང་བཤད་སྒྲུབ་ཕྲིན་ལས་ཀྱི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་བར་མཛད་པའི་བསྟན་འཛིན་དགེ་འདུན་བྱང་སེམས་སྐྱེས་བུ་ཆེན་པོའི་ཚོགས་ཀྱིས་ས་སྟེང་ཡོངས་ལ་མ་ལུས་པར་ཁྱབ་ཅིང་། བསྟན་པ་བླ་ནས་བླར་མཆོད་པར་མཛད་པའི་བསྟན་པའི་སྦྱིན་བདག་ཆེན་པོ་གཏོང་བ་དང་དེས་པ་ལ་རབ་ཏུ་གོམ་པ་རྣམས་ཀྱང་སྐུ་ཚེ་དང་མངའ་ཐང་ཆབ་སྲིད་འཕོ་འགྱུར་མེད་པར་བརྟན་ཅིང་། མཐའ་བཞིའི་ལས་སྒོ་འདུ་བའི་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་དབྱར་གྱི་ཆུ་བོ་བཞིན་རྒྱས་པ་རྣམས་ཀྱི་མཐུ་ལ་བརྟེན་ནས། ཕན་བདེའི་འབྱུང་གནས་རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་རིན་ཆེན་འདི་ཉིད་ལྷ་མིའི་བསོད་ནམས་ཀྱི་མཆོད་སྡོང་དུ་མི་ནུབ་པའི་ཉི་མ། མི་འགྲིབ་པའི་ཟླ་བ་ལྟར་ཡུན་རིང་བསྐལ་པའི་མཐའ་ལ་ཐུག་གི་བར་དུ་ལྷམ་མེར་གནས་ཤིང་རྟག་བརྟན་རྡོ་རྗེ་ཕ་ལམ་གྱི་ངོ་བོར་གསལ་བའི་གཟི་འོད་བཀྲ་ཤིས་ཀྱི་གཡང་དུ་འཁྱིལ་བའི་བདེ་སྐྱིད་རྫོགས་ལྡན་གསར་པའི་དགའ་སྟོན་གྱི་པདྨོ་ཚར་དུ་བཞད་པ་ལ་མཐའ་ཀླས་པའི་སྐྱེ་རྒུ་མཐའ་དག་བག་ཡངས་སུ་སྤྱོད་པའི་བསྐལ་པ་བཟང་པོས་དུས་འདའ་བ་དང་། དེ་ལྟ་བུའི་དགེ་མཚན་མངོན་པར་འཛོམ་པའི་དུས་ཆེན་འདི་ཡང་། ཡང་ནས་ཡང་དུ་འབྱུང་བ་དང་ལེགས་བཤད་ཀྱི་མཆོད་པའི་མགྲིན་དབྱངས་རྒྱུན་མི་ཆད་དུ་ཞུ་ཆོག་པའི་སྭ་སྟིའི་སྒྲ་ལས་བདེ་ལེགས་ཀྱི་ཉི་མ་དགུང་ནས་འཆར་བས་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར་ཅིག་ཅེས་ཤིས་པ་བརྗོད་པའི་མཚོན་བྱེད་ཙམ་ཞིག་ཞུ་ན། བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུའི་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་
བདག་མངའ་ཐང་འབྱོར་པ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཅེས་བརྗོད་དོ། །དེ་ལྟར་བླ་མ་གསང་བ་འདུས་པའི་ལས་བྱང་སྙིང་པོ་རབ་གསལ་གྱི་བཤད་སྦྱར་འདི་ནི་སྔ་དུས་ཚེས་བཅུའི་དུས་ཆེན་ལ་འགྲིག་པའི་རབ་འབྱམས་ཨོ་རྒྱན་ཆོས་གྲགས་ནས་མཛད་པའི་བཤད་པ་ལྡེལ་ཁོངས་བསྟོད་པ་ཡན་ཙམ་ཡོད་པ་ཞིག་འདུག་རུང་། དུས་ཕྱིས་ཚེས་བཅུ་ཞག་གྲངས་འཕར་བ་དང་། ཞལ་སྐྱེམས་ཀྱི་ལོངས་སྤྱོད་ཀྱང་འཕེལ་ཆེ་བ་བཅས་ལ་འཕྲལ་འཕྲལ་བཀའ་དྲིན་ཅན་གྱི་དགེ་རྒན་ལགས་མངྒ་ལའི་མཚན་ཅན་ནས་ཟིན་བྲིས་ཁ་སྐོང་སྐབས་སྦྱར་གསར་བཟོ་རེ་གནང་བས་ལོ་ལོ་བཞིན་འགྲིགས་པར་མཛད་མོད། འོན་ཀྱང་ཁྱོད་ནས་གཏན་ཆགས་ཀྱི་བཤད་སྦྱར་ཞིག་ཡི་གེའི་ལམ་དུ་སྤེལ་ཐུབ་ན་ནམ་ཕུགས་སུ་བློ་གསར་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོར་འགྱུར་ཞེས་བཀའ་གནང་དང་དུ་བླངས་ཏེ་བླ་མ་གོང་མ་རྣམས་ཀྱི་གསུང་རྒྱུན་དང་ཟིན་བྲིས་སོགས་གཞིར་བཟུང་ཚེས་བཅུའི་ཕན་ཡོན་རྣམས་ཀྱང་ཕྱོགས་གཅིག་ཏུ་བསྡུས་ནས་ཟུར་རྒྱན་བྱས་ཏེ་ལེགས་བཤད་ཀྱི་མཆོད་སྤྲིན་སྤྲོ་བ་ལ་སྨྲ་བའི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་འགྲེལ་བཤད་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི་ནི་རྨོངས་པའི་མཐར་ཐུག་མྱོས་བཙུན་ཨོ་ཌི་ཡཱ་ནས་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོའི་གཟིམས་ཆུང་ངོ་མཚར་ཀུན་གཟིགས་སུ་ཉིན་ཕུལ་གྱིས་ལག་བྲིས་སུ་བཏབ་པ་འདི་ལ་ནོངས་པ་མཆིས་ན་མཁས་པ་རྣམས་ཀྱི་བཟོད་པར་མཛད་དུ་གསོལ་ལོ། །འདིས་ཀྱང་རྗེ་བཙུན་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བསྟན་པ་རིན་པོ་ཆེ་མཛེས་པའི་རྒྱན་དུ་གྱུར་ཅིག །མངྒ་ལ།ཾ།