རྒྱུད་རྒྱལ་གསང་བ་སྙིང་པོའི་གཞུང་འགྲེལ་གསང་བདག་དགོངས་རྒྱན་གྱི་སྤྱི་དོན་ཡན་གྱི་བཤད་པའི་ཟིན་བྲིས་ལེགས་པར་བཤད་པ་བུང་བའི་དབྱངས་སྙན་མཐོང་བས་དོན་རྟོགས། སྔགས་བཙུན་འགྱུར་མེད་ནོར་བུ།
རྒྱུད་རྒྱལ་གསང་བ་སྙིང་པོའི་གཞུང་འགྲེལ་གསང་བདག་དགོངས་རྒྱན་གྱི་སྤྱི་དོན་ཡན་གྱི་བཤད་པའི་ཟིན་བྲིས་ལེགས་པར་བཤད་པ་བུང་བའི་དབྱངས་སྙན་མཐོང་བས་དོན་རྟོགས་ཅེས་བྱ་བ་བཞུགས་སོ།། སྔགས་བཙུན་འགྱུར་མེད་ནོར་བུ།
རྒྱུད་རྒྱལ་གསང་བ་སྙིང་པོའི་གཞུང་འགྲེལ་གསང་བདག་དགོངས་རྒྱན་གྱི་སྤྱི་དོན་ཡན་གྱི་བཤད་པའི་ཟིན་བྲིས་ལེགས་པར་བཤད་པ་བུང་བའི་དབྱངས་སྙན་མཐོང་བས་དོན་རྟོགས་ཅེས་བྱ་བ་བཞུགས་སོ།། ལྷར་བཅས་འགྲོ་བའི་མཆོད་སྡོང་ཆེ། ཨོ་ཌཱི་ཡ་ནའི་རྒྱལ་ཚབ་མཆོག མཚུངས་མེད་ཟབ་གཏེར་བསྟན་པའི་བདག གཏེར་ཆེན་བླ་མ་སྤྱི་བོས་མཆོད། རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་སྤྱི་གཟུགས་མཆོག །གཅིག་འདུས་བསྟན་འགྲོའི་དོན་ལ་ཡངས་པའི་སྤྱན། །རིང་དུ་སྐྱོང་ལ་མཁས་ཤིང་གྲུབ་བརྙེས་མཆོག །འཕགས་བོད་ལོ་པཎ་རྣམས་ལའང་ཕྱག་གིས་འདུད། །གངས་ལྗོངས་སྙིགས་མའི་མུན་སྟུག་འཁྲིགས་པ་ལ། །སྒྱུ་འཕྲུལ་བཤད་སྲོལ་ཉིན་མོར་བྱེད་པའི་དཔལ། །ཤར་བས་མོས་བློའི་འདབ་བརྒྱ་མུ་མེད་དུ༑ ༑བཞད་མཛད་ཟུར་རིགས་མེས་དབོན་རྣམ་གསུམ་རྒྱལ། །ངག་དབང་ལྷ་ཡིས་རྗེས་གཟུང་གཡུ་སྒྲའི་གར། །ཇི་ལྟ་ཇི་སྙེད་ཆོས་ཀུན་སྨྲ་བའི་དཔལ། །ཡོངས་རྫོགས་མཚུངས་མེད་རྒྱ་མཚོའི་གོས་ཅན་གཞིར། །འགྲན་པའི་གོ་སྐབས་བྲལ་དེར་སྙིང་ནས་འདུད། །ལེགས་པར་བཤད་པའི་བཀའ་སྲོལ་བདུད་རྩིའི་རྒྱུན། །མ་ཉམས་མོས་བློའི་བུམ་པར་ངལ་མེད་དུ༑ ༑འཇོ་བའི་དམ་པ་སྤྱི་དང་ཁྱད་པར་དུ། །བདག་གི་ཡོངས་འཛིན་སརྦའི་མཚན་དེར་གུས། །ཆོས་ཀུན་ཡོངས་རྫོགས་ཐུགས་རྗེའི་འོད་རྣོན་གྱིས། །དཔལ་ལྡན་བློ་གྲོས་པདྨོ་བཞད་པའི་གཟིས། །རྒྱ་ཆེའི་གཞུང་ལུགས་མྱང་བའི་བྷྲ་མ་ར། །མཚོ་ལ་ངང་པའི་རིས་སུ་བྱས་མིན་ནམ། །མཐའ་དྲུག་ཚུལ་བཞིས་ངེས་གསང་རྒྱུད་ཀྱི་དོན། །ཇི་བཞིན་འདོམས་པའི་མན་ངག་བཤད་སྲོལ་གྱིས། །འཆད་རྩོད་རྩོམ་ལ་དགྱེས་པའི་འཛུམ་དཀར་པོས། །དབུགས་
དབྱུང་མཛད་པོའི་བཀའ་དྲིན་སྙིང་ནས་དྲན། །བདག་ཀྱང་གསང་ཆེན་རྒྱུད་དོན་ནམ་མཁའི་མཐའ། །རྫོགས་པའི་སྐྱེས་ཐོབ་བློ་གྲོས་མཐུ་དབེན་ཡང་། །དམ་པའི་བཀའ་དྲིན་ལེགས་བཤད་སྙིང་གི་ནོར། །མན་ངག་བདུད་རྩིར་སྤྱོད་པའི་ཞལ་བཟང་ཐོབ། །དེས་ན་ཡོངས་འཛིན་དམ་པའི་གསུང་བཤད་གང་། བརྗེད་པར་ཕངས་ནས་ཟིན་ཐོར་འགོད་པ་ལས། །བླུན་པོས་རང་བཟོའི་གཟུ་ལུམ་དང་བྲལ་ཏེ། །གུས་པ་ཁོ་ནས་བརྗོད་ལ་ཀླན་ཀ་ཅི། །མཁས་འདོད་སྙེམས་པའི་སྤོབས་སྒྲོམ་ཨཱ་དམ་ཀི །གྲགས་འདོད་ད བྱུག་གུས་བསྣུན་པའི་ཚུལ་མིན་པར། །ཐོས་འདོད་བློ་གསལ་རང་དང་རང་འདྲ་ལ། །ཕན་འདོད་སེམས་ཀྱིས་ཟིན་བྲིས་འདི་སྤེལ་ལོ། །འགྲིག་འགྲིག་ཐ་སྙད་ཚིག་སྦྱོར་རྣམ་དབྱེ་སོགས། །ལེགས་ལེགས་སྙན་པའི་གདངས་དང་ལྡན་མིན་ཡང་། །ངེས་ངེས་རྒྱུད་དོན་འབྱེད་པའི་ཚིག་གི་ཕྲེང་། །གསལ་གསལ་དངས་པའི་མཚོ་ལ་གཟའ་སྐར་བཞིན། །སྐལ་བཟང་བློ་གྲོས་པདྨོ་བཞད་པ་ཡི། །སྐལ་བཟང་ལས་ལྡན་ཚོགས་པའི་མདུན་ས་རུ། །སྐལ་བཟང་ལེགས་བཤད་བུང་བའི་དབྱངས་སྙན་མོ། །སྐལ་བཟང་གཅིག་ཏུ་ལེན་པ་འདི་ཡང་འཚེངས། ཞེས་ཚིགས་སུ་བཅད་པའི་ཕྲེང་བ་འགའ་ཞིག་གིས་ལམ་ཡངས་པར་བྱས་ནས། འདིར་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་དགོངས་དོན་མ་ནོར་བར་གཏན་ལ་འབེབས་པར་བྱེད་པའི་མན་ངག་གི་བཤད་སྲོལ་དྲི་མ་མེད་པ་འདི་ཉིད་བདག་གི་ཡོངས་འཛིན་དགེ་བའི་བཤེས་གཉེན་བཀའ་དྲིན་མཚུངས་ཟླ་བྲལ་བ་དགེ་སློང་ས་མནྟ་ཝ་ཏིའི་ཞལ་སྔ་ནས་ཇི་ལྟར་ཐོས་པ་ཉིད། རང་བཟོས་བཅོས་བསླད་དང་སྒྲོ་སྐུར་མེད་པར་དཀྱུས་གཅིག་ཏུ་ཟིན་ཐོར་འགོད་པ་ལ། དེ་ཡང་འདི་ལྟར་གསུངས་ཏེ། ཐོག་མར་སློབ་བུའི་རྒྱུད་ཀྱི་སྡིག་སྒྲིབ་སྦྱོང་བའི་ཕྱིར་དུ་སོ་སོ་རང་རང་གི་དབུ་གཙུག་ཏུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ངོ་བོ་དྲིན་ཅན་རྩ་བའི་བླ་མ་རྣམ་པ་དཔལ་རྡོ་རྗེ་སེམས་དཔའ། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་བརྒྱ་པའི་སྔགས་ཕྲེང་གསལ་བཏབ་སྟེ། ཡིག་བརྒྱ་གསོལ་འདེབས་ཀྱི་ཚུལ་དུ་བཟླས་
པས་ཐུགས་ཀའི་སྔགས་ཕྲེང་དང་སྐུ་ཡི་ཆ་ཐམས་ཅད་ལས་བདུད་རྩི་དཀར་པོའི་རྒྱུན་སྐྱ་ཆིལ་ཆིལ་བབས་པས་ནད་གདོན་སྡིག་སྒྲིབ་སང་གིས་དག སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དབང་བཞི་ཡོངས་རྫོགས་སུ་ཐོབ་པའི་ཐུགས་མོས་གནང་བར་ཞུ་གསུང་སྟེ། ལྷན་གཅིག་ཏུ་ཡིག་བརྒྱ་ཚར་བདུན་རེ་སོང་བ་དང་སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་སྟེ་སོ་སོ་རང་རང་ལ་ཐིམ་པར་གྱུར་གསུངས། དེ་ནས་སློབ་མ་རིན་འབྱུང་ཡབ་ཡུམ་གྱི་ངོ་བོར་བསྐྱེད་བསྟིམ་འོད་ཞུས་ཉན་དབང་དང་། སློབ་དཔོན་རང་ཉིད་སྣང་བ་མཐའ་ཡས་ཀྱི་ངོ་བོར་བསྐྱེད་བསྟིམ་འོད་ཞུས་འཆད་པའི་དབང་བཞེས་ཏེ། སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་ངོ་བོར་བཞེངས་ནས། གང་དག་རབ་འབྱམས་ཕྱོགས་བཅུའི་འཇིག་རྟེན་ན། བདེ་གཤེགས༴ དེང་འདིར༴ ཉན་པར༴ ཅེས་གསུངས། དེ་ནས་ལས་ཀྱི་སློབ་དཔོན་གྱིས་མཎྜལ་ཕུལ་ནས། དེ་ཡང་རྣ་རྒྱུད་ལུང་གི་ཕྲེང་བ་ལས། རྒྱལ་བ་རྣམས་ནི་འཇིག་རྟེན་འབྱོན་པའི་ཚེ། །དེ་ཡིས་གསུངས་པའི་ལུང་ཆེན་རྣམས་ལ་ནི། །ཕྱི་རོལ་རྒོལ་བ་ངན་པ་འབྱུང་སྲིད་ཀྱི། །དང་པོར་སྲིད་པ་ཆོས་ཀྱི་ལོ་རྒྱུས་སྨོས། ཞེས་གསུངས་པ་ལྟར། གསང་སྔགས་རྡོ་རྗེའི་ཐེག་པ་སྤྱི་དང་བྱེ་བྲག་ནང་རྒྱུད་སྡེ་གསུམ་གྱི་ནང་ཚན། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཀྱི་ལོ་རྒྱུས་ཅུང་ཟད་ཅིག་བརྗོད་པའི་དབང་དུ་བྱས་ན། དང་པོ་སྟོན་པས་གསུངས་ཚུལ་དང་། དེ་ལས་ཇི་ལྟར་བསྡུས་ནས་བཤད་ཚུལ་གཉིས་ལས། དང་པོ་སྟོན་པས་ཇི་ལྟར་གསུངས་ཚུལ་ནི། འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འདི་ཉིད་ནི། གཞི་གདོད་མའི་དབྱིངས་སུ་རིག་པའི་ཡེ་ཤེས་གྲོལ་བས་མངོན་པར་བྱང་ཆུབ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་ལ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་དང་དགོངས་པ་རོ་གཅིག་ཏུ་བཞུགས་པ་ལས། རང་སྣང་ཤིན་ཏུ་རྣམ་པར་དག་པ་རྡོ་རྗེའི་ཞིང་ཁམས་འོག་མིན་ཆེན་པོར་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེན་པོ་ཉིད་རྒྱལ་ཚབ་ཞི་ཁྲོ་རིགས་ལྔའི་རྣམ་པ་དང་བཅས་པར་སྣང་བས། ཉིད་ལས་མི་གཞན་པའི་རང་སྣང་གི་འཁོར་རྒྱལ་བ་ཞི་ཁྲོའི་དཀྱིལ་
འཁོར་ཚད་མེད་པས་ཡོངས་སུ་བསྐོར་བའི་དབུས་ན་ཆོས་ཡེ་ཤེས་འོད་གསལ་བའི་དགོངས་པ་བརྗོད་དུ་མེད་པ་ཉིད། དུས་གཞི་རྫོགས་འཕོ་འགྱུར་མེད་པའི་དབྱིངས་སུ་རང་ཤར་བའི་ཚུལ་གྱིས་གནང་བར་གྱུར་ཏོ། །དེ་ཉིད་གྱི་ངང་ལས་མ་གཡོས་ཀྱང་ས་བཅུ་རྒྱུན་མཐའ་ལ་སྣང་བའི་གཞན་སྣང་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་ཁྱད་པར་ཅན་གྱིས་འོག་མིན་དུ་སྟོན་པ་རིགས་དྲུག་པའི་རྣམ་པས་འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་རིག་པ་འཛིན་པ་མཆོག་རྣམས་ལ། གསང་སྔགས་ཀྱི་རྒྱུད་དཔག་ཏུ་མེད་པའི་དགོངས་པ་བརྡའི་གསུང་གིས་འགྲོ་སྒྲོལ་གྱི་བར་དུ་རྒྱུན་མི་ཆད་པར་སྟོན་ཏེ། སྒྱུ་འཕྲུལ་གསང་བ་སྙིང་པོ་ལས། འོག་མིན་བླ་མེད་གནས༴ སྐུ་ནི་རྣམ་པར་སྣང༴ བྱང་ཆུབ༴ དེ་བཞིན་གསུང༴ སྐུ་ཡིས་ཆོས༴ ཅེས་སོ། །དེ་བཞིན་དུ་བྱང་སེམས་ས་དགུ་པ་ལ་སྣང་བའི་འོག་མིན་ཙམ་པོ་དང་། ས་བརྒྱད་པ་ལ་སྣང་བའི་བཏགས་པའི་འོག་མིན་རྣམས་སུའང་ཚུལ་དེ་དང་ཆ་འདྲ་བའི་རྒྱུད་གསུངས། དེ་དག་གི་ཚེ་དྲག་པོ་འཇིགས་བྱེད་གདུལ་བྱ་གདུག་པ་ཅན་རྣམས་ཀྱི་ངོ་ན་དཔལ་ཧེ་རུ་ཀའི་རྣམ་པར་སྣང་བས་ཁྲོ་བོའི་དཀྱིལ་འཁོར་སྤྲུལ་བཤད་ཀྱིས་དོན་མཛད་པ་དང་། ཞིང་ཁམས་དེ་རྣམས་སུ་བསྒྲོད་པར་མི་ནུས་པའི་གདུལ་བྱ་དག་པ་རྣམས་ལ་བདེ་བ་ཅན་སོགས་རང་བཞིན་སྤྲུལ་པའི་དག་ཞིང་རང་དབང་ཅན་རྣམས་དང་། གདུལ་བྱ་དག་མ་དག་སྣ་ཚོགས་པའི་ངོར་འགྲོ་འདུལ་སྤྲུལ་པའི་ཞིང་རྣམས་སུ་དུས་གསུམ་དུ་གཤེགས་བཞུགས་འབྱོན་པའི་རྡོ་རྗེ་འཆང་གང་འདུལ་ཞི་ཁྲོའི་རོལ་རྩལ་མ་འགགས་པར་སྣང་བའི་དུས་དང་ཚད་མ་ངེས་པར་གསུངས་པ་ནི་དཔག་ཏུ་མེད་པ་ཡིན་ཏེ། དེ་ལས། དེ་ཚེ་མི་མཐུན་སྣ༴ སོ་སོ་སྣ་འདྲ༴ དེ་བཞིན༴ ལས་འཕྲོ༴ ཞེས་དང་། འཇམ་དཔལ་སྒྱུ་དྲྭ་ལས། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུངས་པ་གང་། ཅེས་སོ། །དེ་ལྟར་ཐོག་མ་མེད་པའི་དུས་ནས་འོག་མིན་ལ་སོགས་པར་བསྟན་པའི་རྒྱུད་རྣམས་སུ་ཕྱིས་བཟླས་ཏེ་གསུངས་པའང་མང་སྟེ། འདི་ལྟར་དུས་འཁོར་བ་རྣམས་ནི། སྟོན་པ་ཤཱཀྱ་ཐུབ་པ་ཞིང་འདིར་སངས་རྒྱས་
ཚུལ་བསྟན་ནས་ཐེག་པ་གསུམ་བསྟན་པའི་རྗེས་སུ་དཔྱིད་འབྲིང་ནག་པའི་ཉ་ལ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་འོག་ཏུ་ཆོས་དབྱིངས་གསུང་དབང་དང་། སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སྤྲུལ་ཏེ་འདུས་པའི་འཁོར་ལ་དབང་བསྐུར་ནས་རྣལ་འབྱོར་མའི་རྒྱུད་སྡེ་མཐའ་དག་བསྟན་པར་བཞེད་དེ། དམ་པ་དང་པོའི་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །མཆོད་རྟེན་དཔལ་ལྡན་འབྲས་སྤུ ངས་སུ༑ ༑དེ་བཞིན་གསང་སྔགས་ཚུལ་རབ་གསུངས། ཞེས་སོ། །བྱེ་བྲག་ཏུ་རྒྱུད་གཞུང་འདི་ཉིད་གྱི་འགྲེ ལ་བ་མཛད་པ་པོ། །ཉི་འོད་སེང་གེའི་བཞེད་པ་དང་། སྒེག་རྡོར་གྱི་བཞེད་པ་གཉིས་ལས། དང་པོ་ནི། འོག་མིན་དུ་ལོངས་སྤྱོད་རྫོགས་པའི་སྐུས་གསང་སྔགས་རྡོ་རྗེའི་ཐེག་པ་སྟོན་པའི་ཚེ། དེ་དང་དུས་མཚུངས་པར་མིའི་ཡུལ་དུ་མཆོག་གི་སྤྲུལ་པའི་སྐུས་རྡོ་རྗེའི་གདན་དུ་འཚང་རྒྱ་ཚུལ་མ་བསྟན་པའི་གོང་རོལ་དུ་བཞེད་དེ། རྒྱ་ཆེར་འགྲེལ་ལས། ཆུ་བོ་ནེ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་མཛད་པ་ལ་རིགས་བཞི་སངས་རྒྱས་ཀྱིས་བསྐུལ་ནས་ཞུས་པས། བཏགས་པའི་ལུས་དེར་བཞག་ནས་ཡེ་ཤེས་ཀྱི་ལུས་འོག་མིན་དུ་གཤེགས་ནས། དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའི་བྱ་བ་རྫོགས་པའི་སྐད་ཅིག་མར་གནས་པ་རྣམས། རང་གི་ལུས་ལས་འོད་ཀྱི་སྐུ་འཕྲུལ་གྱིས་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པར་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་གཅིག་ཏུ་འདུས་ནས་ཕྱོགས་བཞིའི་རིགས་ཀྱི་སངས་རྒྱས་རྣམས་ཀྱིས་མངོན་པར་བྱང་ཆུབ་པ་ལྔས་བྱིན་གྱིས་རླབས་པས་མངོན་པར་རྫོགས་པར་སངས་རྒྱས་སོ། །གལ་ཏེ་དེ་ལྟར་མ་ཡིན་ཏུ་ཟིན་ན་སློབ་དཔོན་མེད་པར་ཡེ་ཤེས་ནི་མི་འཐད་པ་ཉིད་ཀྱི་ཕྱིར་རོ། །མཚན་ཡང་རྡོ་རྗེ་དབྱིངས་ཆེན་པོར་གསོལ་ལོ། །དེ་ནས་ཤུགས་བཞིན་དུ་ཡེ་ཤེས་ཀྱི་དབང་གིས་བབས་ནས་རི་རབ་རིའི་རྩེ་མོར་རྡོ་རྗེ་དང་ནོར་བུ་བརྩེགས་པའི་ཁང་པར་བྱོན་ནས། དེ་ཁོ་ན་ཉིད་འདུས་པའི་སྡེ་ལ་སོགས་ཏེ་ཡོ་གའི་ཐེག་པ་ཆེན་པོ་རྣམས་བཀའ་སྩལ་ཏོ། །དེ་ནས་ཕྱག་ན་རྡོ་རྗེས་ཞུས་པས། རྒྱ་མཚོའི་འགྲམ་དུ་བྱོན་ནས་
རྡོ་རྗེ་དབྱིངས་ཀྱི་ཁང་བཟང་ཆེན་པོར་ཡང་ཡོ་གའི་ཐེག་པ་རྣམས་བཀའ་སྩལ་ཏོ། དེ་ནས་ཨོ་རྒྱན་དང་ཟ་ཧོར་གྱི་ཡུལ་དུ་གཤེགས་ནས་རྒྱལ་པོ་ཨིནྟྲ་བྷོ་དྷི་ལ་སོགས་པ་ལ་གསང་བའི་རྒྱུད་སྡེ་ཐམས་ཅད་བཀའ་སྩལ་ཏོ། །དེ་ནས་སླར་དཀའ་ཐུབ་མཛད་པའི་སར་གཤེགས་ནས་བཏགས་པའི་ལུས་ལ་ཡེ་ཤེས་སླར་ཞུགས་ནས། དེ་ལས་བཞེངས་ནས་བསོད་སྙོམས་མཛད་པ་དང་། རྡོ་རྗེ་གདན་མནན་ནས་སངས་རྒྱས་ཏེ། བདུད་བཏུལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཆོ་འཕྲུལ་བསྟན་པ་དང་། མཐར་མྱ་ངན་ལས་འདས་པའི་མཛད་པ་མཐར་དབྱུང་ངོ་། །འོ་ན་འདི་ལྟར་མི་ཡུལ་དུ་བཀའ་སྩལ་བ་ལགས་ན་རྒྱུད་དངོས་ལ། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ཞེས་འབྱུང་བས་ཆོས་ཀྱི་ཕྱིར་མི་ཡུལ་དུ་བཀའ་སྩལ་བ་མི་སྨོས་ཞེ་ན། །ལན་དུ་འདི་ལྟར་ལགས་ཏེ། རྣམ་པ་གཅིག་ཏུ་ཁུངས་གསང་དགོས་པ་དང་། གཉིས་སུ་གང་གི་ཚེ། གང་གི་དུས་ན་འོག་མིན་ལྷའི་རྒྱལ་པོའི་གནས་ན་ལོངས་སྤྱོད་རྫོགས་པའི་སྐུས། གསང་སྔགས་རྡོ་རྗེ་ཐེག་པ་སྟོན་པ་དེའི་ཚེ་དེའི་དུས་ན། སྤྲུལ་པའི་སྐུས་ཀྱང་དེའི་དབང་གིས་མི་ཡུལ་དུའང་། གསང་སྔགས་རྡོ་རྗེ་ཐེག་པ་འཆད་པར་འགྱུར་རོ། །ཞེས་ཏ་ཐ་ཨ་བ་ཉི་ཏ་ཀ་ར་ལས་གསུངས་སོ། །དེ་ནས་མཇུག་ཏུ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན་ངའི་ཆོས་འདི་དག་ཕྱུངས་ལ། ཁུངས་ལྷ་ཡུལ་ནས་བབ་པར་སྙོད་ལ་བཀའ་ཡང་དག་འདི་དོན་དང་མི་འགལ་བའི་ཕྱིར་ཕྱག་ན་རྡོ་རྗེའི་མཐུས་བསྟན་ཏོ་བར་སྒྲོགས་ཤིང་། དེ་ཅིའི་ཕྱིར་ཞེ་ན་བསྡུས་པ་པོ་ཡིན་པའི་ཕྱིར་ཏེ། གཞུང་འདི་ཉིད་ནས་ཀྱང་རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་སྒེག་རྡོར་གྱི་བཞེད་པ་ནི། མཆོག་གི་སྤྲུལ་སྐུས་མི་ཡུལ་དུ་ལམ་ཐུན་མོང་པ་བཤད་པ་དང་དུས་མཚུངས་པར་སྟོན་པས་འོག་མིན་ཏུ་གསུངས་པར་བཞེད་དེ། སྤར་ཁབ་ལས། དྲུག་པའི་སྟོན་པ་ལྷུན་གྱིས་གྲུབ་པའི་ཐབས་དང་། སྨོན་ལམ་གྱི་སྒོ་ཕྱེ་ནས། ལེའུ་དང་པོར་རྒྱུད་སྣང་བར་མཛད། གཉིས་པར་རྐྱེན་སྦྱར། གསུམ་པར་ཐུན་མོང་བཅའ་གཞིའི་སྟོན་པ་དྲུག་སྣང་བར་མཛད་དེ་དུས་མཚུངས་པར་ཐ་དད་པའི་རྒྱུད་རྣམས་བྱུང་བའོ། །ཞེས་
པ་ལྟར། རྒྱ་བོད་གྱི་བླ་མ་ཕལ་ཆེར་འདི་དང་མཐུན་པར་འོག་མིན་དུ་གསུངས་པར་བཞེད་དེ༑ དེ་ལྟར་ཡང་། སྤྱན་འགྲེལ་ལས། གསང་བའི་འོག་མིན་དང་། གྲགས་པའི་འོག་མིན། བཏགས་པའི་འོག་མིན་དང་། དོན་གྱི་འོག་མིན་དང་། འོག་མིན་ཆེན་པོ་ལས། གདུལ་བྱའི་སྣང་བ་ལ་མ་མཐའ་ཉིད་དུའོ། །ཞེས་དང་། སྒྱུ་འཕྲུལ་རྡོ་རྗེ་ལས། གཙང་མའི་རིགས་དག་རྣམ་སྤངས་པས། །འོག་མིན་ཆེན་པོའི་གནས་མཆོག་ནས། །ཞེས་སོགས་འོག་མིན་ཆེན་པོར་གྲགས་པ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་གསུངས་པའི་ཕྱིར་དག་མ་དག་གི་ཞིང་གི་ཆས་ཕྱེ་བའི་གནས་ཕྱོགས་རེ་བ་ཞིག་སྒྲུབ་ཏུ་མེད་དེ། བླ་མའི་འགྲེལ་བ་མུན་སེལ་ལས། འོག་མིན་ཆེན་པོ་དབྱིངས་ཀྱི་གཟུགས་ཅན་སྣང་བའི་གནས་སུ། ཞེས་དང་། ཐུགས་ཐིག་ལས། ཆོས་དབྱིངས་འོག་མིན་གསང་བ་ན། །ལྷན་ཅིག་འདུས་པའི་རིན་ཆེན་ཁང་། །ཞེས་དང་། འགྲེལ་ཆུང་ལས། མཐའ་དབུས་མེད་པར་ཆོས་ཀྱི་དབྱིངས། །དེ་ནི་གནས་ཀྱི་བླ་མར་འདོད། ཞེས་དང་། རྒྱུད་ལས་ཀྱང་། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ། ཞེས་གསུངས་པ་ལྟར། འོག་མིན་ཆེན་པོའི་གནས་སུ། སྟོན་པ་རིགས་དྲུག་པ་ཀུན་ཏུ་བཟང་པོས། འཁོར་དགོངས་པ་དབྱིངས་སུ་མེད་པ་དང་། རིག་པ་ཁྱད་པར་ཅན་གྱི་འཁོར་རྣམས་ལ་བསྟན་པ་སྟེ། རྒྱུད་ཀྱི་གླེ ང་གཞི་སྒྲ་ཇི་བཞིན་པ་ལྟར་བཞེད་པ་ཡིན་ནོ། །དེ་ལྟར་བཞེད་ལུགས་གཉིས་ལས། ཁོ་བོ་ནི། གང་ལྟར་བཤད་ཀྱང་མི་འགལ་བར་མངོན་ཏེ། མཆོག་གི་སྤྲུལ་སྐུ་ཐུབ་པའི་དབང་པོ་ཡང་སྟོན་པ་རིགས་དྲུག་པ་ལས་རྒྱུད་གཞན་དུ་མ་གྱུར་པའི་ཕྱིར་དང་། མཁའ་ཟླ་དང་། ཆུ་སྣོད་ལྟར་གདུལ་བྱའི་བློ་སྣང་ལ་སོ་སོར་གསུངས་པ་དང་མི་འགལ་བའི་ཕྱིར་དང་། ལུགས་དེ་ཉིད་ཀྱང་སྔ་མས་འོག་མིན་དུ་ལོངས་སྐུའི་བསྟན་པ་དང་དུས་མཚུངས་པར་སྤྲུལ་སྐུས་མི་ཡུལ་དུ་གསུངས་པའི་ཕྱོགས་བཟུང་ཞིང་། དེ་ཡང་ཁུངས་ལྷ་ཡུལ་ནས་བྱུང་བར་བསྙད་ནས་ཕྱག་རྡོར་གྱིས་སྟོན་ཅིག་པར་སྟོན་པས་བཀའ་གནང་བར་ཡང་བཤད་ལ། ཕྱི་མས་དེའི་ཕྱོགས་བཟུང་ནས་ལོངས་སྐུའི་གླེ ང་གཞི་དང་སྦྱར་ཏེ་གསུངས་པས་གཉིས་པོ་འགལ་མེད་དུ་འཆད་ཐུབ་ཅིང་། དེར་མ་ཟད་རྒྱུད་གཞུང་གཅིག་ལ་གླེང་གཞི་
བཤད་ཚུལ་ཐ་དད་པ་གཞན་ལས་ཀྱང་འབྱུང་སྟེ། འཇམ་དཔལ་སྒྱུ་དྲྭའི་བཤད་རྒྱུད་ལས། གླེང་གཞི་རྣམ་པ་གསུམ་ཡིན་ཏེ། །འོག་མིན་གནས་དང་རི་རབ་རྩེར། །འཛམ་བུའི་གླིང་འདིར་གྲགས་པ་ཡིན། །བྱང་ཆུབ་སེམས་དང་ལྷ་རྣམས་དང་། །མི་རྣམས་ཀྱི་ནི་དོན་དུ་གསུངས། །སྟོན་པ་ཡང་ནི་རྣམ་གསུམ་སྟེ། །སངས་རྒྱས་རྡོ་རྗེ་འཆང་ཆེན་དང་། །སྤྲུལ་སྐུ་འཁོར་ལོས་སྒྱུར་བ་དང་། །ཤཱཀྱ་ཐུབ་པ་ཉིད་ཀྱིས་གསུངས། །དུས་ནི་གདུལ་བྱ་འདུལ་བའི་ཚེ༑ ༑འཁོར་རྣམས་འདུས་པའི་དུས་དེར་གསུངས། ཞེས་གསུངས་པའི་ཕྱིར། དེ་ལྟར་ལུགས་གཉིས་འགལ་མེད་དུ་བསྒྲུབས་ནས། རང་ལུགས་ནི་བརྒྱུད་པའི་བཀའ་སྲོལ་ཕྱི་མ་ཉིད་ཡིན་པས། རེ་ཞིག་འདིར་ཡང་སྤར་ཁབ་ཀྱི་ལུགས་ལྟར་བཟུང་ངོ་། །སྔགས་པ་ཁ་ཅིག་མི་ཡུལ་དུ་སྤྲུལ་སྐུས་ལམ་སྟེགས་ཀྱི་ཐེག་པ་ཙམ་ལས། མ་ཧཱ་ཡོ་གའི་རྒྱུད་མ་གསུངས་པར་འདོད་པ་ནི་ཤིན་ཏུ་མི་རིགས་ཏེ། རྩ་རྒྱུད་དུ་སྤྲུལ་སྐུའི་བསྟན་པ་འདུལ་བ་རྣམ་པ་བཞི་ལས། གསུང་གིས་འདུལ་བའི་སྐབས་སུ་བླ་མ་མེད་པའི་ཐེག་པ་དང་། ཞེས་པ་དང་། བཤད་རྒྱུད་ཀྱི། བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་པས་འཆད་དགོས་པའི་ཕྱིར། དེ་ཡང་འདིའི་ལམ་སྟེགས་ཀྱི་རྒྱུད་སྡེ་འོག་མ་རྣམས་ལ་དགོངས་སོ་ཞེ་ན། མ་ཡིན་ཏེ། དེའི་སྤྱན་འགྲེལ་ལས། ཐབས་ཀྱི་རྒྱུད་དུ་ལམ་ཐུན་མོང་བ་རྣམས་འདུས་པ་སྟེ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། བསྟན་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །ཡང་དགོངས་འདུས་ལས། ངེས་པའི་ཐེག་པ་ཡོངས་མ་གསུངས། །ཞེས་མི་ཡུལ་དུ་ཐུབ་པས་གསང་སྔགས་མ་གསུངས་པ་དང་། ང་ནི་འདི་ནས་མི་སྣང་ནས། ཞེས་སོགས་གསང་སྔགས་ཕྱིས་འབྱུང་བར་ལུང་བསྟན་པ་དང་འགལ་ལོ་ཞེས་པའི་ལན་དུ། བླ་མ་སྔ་རབས་པ་དག གསང་སྔགས་གྱི་སྣོད་དུ་མ་གྱུར་པའི་གདུལ་བྱ་ཕལ་ལ་མ་བཤད་པས། ཕྱིས་འབྱུང་བར་ལུང་བསྟན་པ་དང་མི་འགལ་ཞིང་སྣོད་ལྡན་ལ་བཤད་པས། འདིར་བླ་ན་མེད་པའི་ཐེག་པ། ཞེས་གསུངས་པ་དང་མི་འགལ་ལོ་གསུངས་ནའང་། གསང་སྔགས་གྱི་སྣོད་དུ་མ་གྱུར་པའི་སྐལ་མེད་ལ། ཕྱིས་འབྱུང་བར་ལུང་བསྟན་པ་ལ་དོན་
མེད་ཅིང་། སྐལ་ལྡན་ལ་ཕྱིས་འབྱུང་བར་ལུང་བསྟན་ན། དེ་ལྟར་གསུངས་པ་དང་ཡང་འགལ་བར་མ་ངེས་སོ། །རོག་གི་ཞལ་ནས་རྒྱུའི་ཐེག་པའི་སྡེ་སྣོད་གསུམ་སྟོན་པས་དངོས་སུ་ཞལ་ནས་གསུངས་པའི་བཀའ་དང་། འབྲས་བུའི་ཐེག་པ་རིག་པ་འཛིན་པའི་སྡེ་སྣོད་རྗེས་སུ་གནང་བའི་བཀའ་འོ། །ཞེས་གསུངས་པ་ཡང་། དང་པོ་ལ། ཤེས་རབ་སྙིང་པོའི་མདོ་ལྟ་བུས་མ་ངེས། ཕྱི་མ་ལ། མཚན་བརྗོད་དུ། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །སོགས་ཀྱིས་མ་ངེས། རང་ལུགས་གདུལ་བྱ་དབང་རྣོན་སྐལ་བ་མཆོག་ཏུ་གྱུར་པ་རྣམས་ལ། ཐུབ་པའི་དབང་པོས་མིའི་འཇིག་རྟེན་དུའང་རྒྱུད་མང་དུ་གསུངས་མོད། དེ་ལྟ་ནའང་འདིར་མ་གསུངས་པ་ལྟར་བཤད་པ་ནི། རེ་ཞིག་གསང་སྔགས་ཀྱི་སྒྲ་མིའི་འཇིག་རྟེན་དུ་ཕལ་ལ་མ་གྲགས་པའི་དབང་དུའ ང་མཛད་ཅིང་། ཕྱིས་འབྱུང་བར་ལུང་བསྟན་པ་ནི། ཡོངས་སུ་གྲགས་པ་ལ་དགོངས་པའི་ཕྱིར་སྐྱོ ན་མེད་དོ། །གཉིས་པ་དེ་ལས་བཤད་སྒྲུབ་ཀྱིས་ཇི་ལྟར་བསྡུས་ནས་བཟུང་ཚུལ་ནི། བཤད་རྒྱུད་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཞེས་པ་དང་གསུམ་སྟེ། རྒྱལ་བ་དགོངས་བ རྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བ རྒྱུད་དོ། །དང་པོ་རྒྱལ་བ་དགོངས་བརྒྱུད་ནི། རྒྱལ་བ་ཀུན་ཏུ་བཟང་པོས་རྒྱལ་ཚབ་རིགས་ལྔ་ལ་བརྒྱུད། རིགས་ལྔས་རྒྱལ་སྲས་སེམས་དཔའ་སོགས་ལྷན་ཅིག་པའི་འཁོར་ལ་བརྒྱུད་དོ། །གཉིས་པ་རིག་འཛིན་རིག་པའམ་བརྡ་བརྒྱུད་བཤད་པ་དེ་ལ། མི་མ་ཡིན་ལ་བརྒྱུད་པ་དང་། མི་དང་མི་མ་ཡིན་པ་གཉིས་ཀ་ལ་བརྒྱུད་པ་གཉིས་ལས། དང་པོ་ནི། རྒྱལ་སྲས་སེམས་དཔའི་འཁོར་རྣམས་ཀྱི་ནང་ནས་རིགས་གསུམ་གྱི་གདུལ་བྱ་རང་རང་གི་བསམ་པ་དང་མཐུན་པར་བསྟན་ཅིང་དར་བར་མཛད་དེ་འཇམ་དཔལ་གྱིས་ལྷའི་གནས་སུ་ལྷ་གྲགས་ལྡན་ཕྱོགས་སྐྱོང་ལ་བཤད། དེས་ལྷའི་རིག་འཛིན་རྣམས་ལ་བརྒྱུད་ཅིང་དར་བར་བྱས། སྤྱན་རས་གཟིགས་ཀྱིས་ཀླུའི་གནས་སུ་ཀླུ་རྒྱལ་མགྲིན་པ་ནག་པོ་ལ་བཤད་དེ་རིམ་པར་དར་
བར་བྱས། ཕྱག་ན་རྡོ་རྗེས་གནོད་སྦྱིན་གྱི་གནས་སུ་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བཤད་དེ་རིམ་པར་བརྒྱུད་ཅིང་དར་རོ། །གཉིས་པ་མི་དང་མི་མ་ཡིན་པ་གཉིས་ཀ་ལ་བརྒྱུད་པ་ནི། ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་འདས་པ་ན། ལྷ་གྲགས་ལྡན་ཕྱོགས་སྐྱོང་། ཀླུ་རྒྱལ་འཇོག་པོ༑ གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། མིའི་རིག་འཛིན་ལི་ཙ་བཱི་དྲི་མེད་གྲགས་པ་སྟེ། དམ་པའི་རིགས་ཅན་ལྔ་པོ་རང་རང་གི་མངོན་པར་ཤེས་པས་ལངྒའི་ཡུལ་གྱི་གྲོང་རྡལ་གྱི་མཚོ་གླིང་རི་མ་ལ་གནམ་ལྕགས་ཡོད་པའི་རྩེར་རྫུ་འཕྲུལ་གྱི་བྱ་བས་འདུས་ཏེ་གདུང་ཚིག་བཏོན་པས། ཕྱག་ན་རྡོ་རྗེ་མངོན་སུམ་དུ་བྱོན་ནས་དེར་རིགས་ཅན་ལྔ་ལ་བཤད་ཅིང་བརྒྱུད་དོ། །གསུམ་པ་གང་ཟག་སྙན་བརྒྱུད་བཤད་པ་དེ་ལ། མི་ཡུལ་དུ་བབ་ཚུལ་དང་། དེ་ལས་བརྒྱུད་ཚུལ་གཉིས་ལས། དང་པོ་ནི། དུས་གང་གི་ཚེ་དང་། གནས་གང་དུ། གང་ཟག་གང་ལ༑ ཚུལ་ཇི་ལྟར་བབས་པ། དེ་ལ་རྩོད་པ་སྤང་བ་དང་ལྔ་ལས། དང་པོ་ནི། ལམ་རིམ་ལས། གསང་བའི་བདག་པོས་མངོན་གཤེགས་པས། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། །མི་ལས་སྐལ་ལྡན་འདུས་པ་ལས། །དང་པོས་ཇི་ལྟར་ལུང་བསྟན་དུས། །རྒྱལ་བུ་རིགས་ཅན་ལྟས་ཤར་ནས། །ཞེས་པས་རི་མ་ལ་ཡའི་རྩེར་རིགས་ཅན་ལྔ་ལ་གསང་བའི་བདག་པོས་ཆོས་འཁོར་བསྐོར་བའི་ཚེ་དེའི་བྱིན་རླབས་ཀྱིས་རྒྱལ་པོ་ཛཿལ་རྨི་ལྟས་བདུན་ཤར་ཞིང་དེའི་རྗེས་ཐོགས་སུ༑ སྔོན་ཐུབ་པའི་དབང་པོས་ལུང་བསྟན་པ་བཞིན་དུ་གསང་སྔགས་བབས་པར་བཤད་དོ༑ ༑དེའང་ལུང་ཇི་ལྟར་བསྟན་སྙམ་ན། འགྱུར་ཁྱད་ཙམ་མ་གཏོགས། སྤྱི་མདོ་ལས་གསུངས་པ་དང་ཚིག་དོན་མཐུན་པར། སྡོམ་འབྱུང་གི་རྒྱུད་ཕྱི་མ་ལས། །ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །རྒྱལ་པོ་ཛཿཞེས་བྱ་བ་ལ། །བསོད་ནམས་ཆེན་པོའི་མཐུས་སྣང་བའི། །གསང་བའི་བདག་པོས་སྣང་བར་འགྱུར། །ཞེས་སོ། །
འོ་ན་གོང་དུ་ཐུབ་དབང་གཤེགས་ནས་ལོ་ཉེར་བརྒྱད་ནས་བབས་པར་བཤད་པ་མི་རིགས་ཏེ་འདིར་ལོ་བརྒྱད་དང་བཅུ་གཉིས་ན་བབས་པ་བཤད་པའི་ཕྱིར་ཟེར་ན། སྐྱོན་མེད་དེ། ལུང་འདིར་བསྟན་གྱི་ལོ་བཅུ་གཉིས་ནི་བཅུ་ཚན་གཉིས་ལ་དགོངས་པས་དོན་ལ་ཉི་ཤུ་སྟེ། ཨ་ཏི་ཟབ་དོན་སྙིང་པོའི་ལོ་རྒྱུས་ལས། ལོ་ནི་བརྒྱད་དང་ཉི་ཤུའི་ཚེ། །ཞེས་གསུངས་པ་དང་མཐུན་པའི་ཕྱིར། བརྒྱད་དང་ཉི་ཤུ་ཡང་གྲངས་ཀྱི་གནས་གཞན་འགོད་པའི་རིགས་པས་དོན་ལ་ཉི་ཤུ་རྩ་བརྒྱད་དེ། འགྲེལ་བ་ཉི་སེང་མར། མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ནས། ཞེས་དང་། ཨ་ཏི་ཟབ་དོན་སྙིང་པོར། སྟོན་པ་གཤེགས་ནས་ལོ་ཉི་ཤུ་རྩ་བརྒྱད་ན་རྒྱལ་པོ་ཛཿལ་རྨི་ལྟས་བདུན་བྱུང་སྟེ། ཞེས་སོགས་གསུངས་པའི་ཕྱིར་རོ། །གཉིས་པ་གནས་གང་དུ་བབས་པ་ནི། རྒྱ་གར་ཤར་ཕྱོགས་ཟ་ཧོར་གྱི་ཡུལ་དང་ཉེ་བ་ལངྒའི་ཡུལ་གྱི་རི་མ་ལ་ཡའི་ཤར་ལྷོའི་ངོས་ན་ཨ་སུ་རའི་བྲག་ཕུག་བྱ་བ་ཡོད། དེར་རྒྱལ་པོ་ཛཿསྒྲུབ་པ་མཛད་ཅིང་བཞུགས་པའི་ཡང་ཐོག་ཏུ་བབ་པར་བླ་མ་གོང་མ་རྣམས་བཞེད་མོད་ཀྱི་ཤེར་ཕྱིན་ཚུལ་ལྔ་བཅུ་པའི་འགྲེལ་བར་ཟ་ཧོར་གྱི་ཡུལ་ཉིད་དུ་བབས་པར་གསུངས་སོ༑ ༑འོ་ན་ལངྒའི་ཡུལ་དེ་ཟ་ཧོར་གྱི་ཉེ་འཁོར་ན་ཡོད་པ་གང་གིས་ཤེས་ཅེ་ན། དེ་ནི་མདོའི་འགྲེལ་བ་ལྕགས་འགྲོལ་ལས། ཟ་ཧོར་ཡུལ་གྱི་ཉེ་འཁོར་ན། །མཐུ་སྟོབས་ཞབས་བཅགས་མ་ལ་ཡ། །གནམ་ལྕགས་འབར་བའི་རི་རྩེ་ནས། །ཞེས་སོ། །དེ་ལ་ཁ་ཅིག་ལངྒ་ཟ་ཧོར་གྱི་ཉེ་འཁོར་ན་ཡོད་པ་མི་རིགས་ཏེ། ལངྒའི་ཡུལ་ནི་རྡོ་རྗེ་གདན་གྱི་ལྷོ་ནུབ་ན་ཡོད་པས། ཟ་ཧོར་ནི་ཤར་ན་ཡོད་པའི་ཕྱིར་ཟེར། ལན་དུ། སོ་སྟོན་ཆེན་པོ་ནི། དེ་གཉིས་གྱི་བར་ན་རྒྱང་ཤིན་ཏུ་རིང་བ་ཡོད་པ་བདེན་མོད། འོན་ཀྱང་ལངྒ་དང་ཟ་ཧོར་གཉིས་རྒྱ་མཚོའི་དོ་ལ་གྲོང་ཁྱེར་ཟམ་མ་ཆད་པར་འབྲེལ་ནས་ཡོད་པ་ལ་དགོངས་ནས་ཟ་ཧོར་གྱི་ཉེ་འཁོར་ཞིག་གསུངས་ཏེ༑ ཐུགས་སྒྲུབ་རིན་ཆེན་འབར་བ་ལས། ཟ་ཧོར་ཡུལ་ཞེས་བྱ་བ་སྟེ། རྒྱ་མཚོ་གླིང་གི་མ་ཧཱ་དོ། །གནས་པ་འཛམ་གླིང་ཤར་ན་གནས། །རྒྱ་མཚོའི་གླིང་ལ་བརྒྱུད་མ་རུ། །སྲིན་པོ་ལངྒ་མགྲིན་བཅུའི་ཡུལ། །ལངྒ་པུ་ར་དག་དང་འབྲེལ། །སྲིན་པོ་སྲིན་མོ་ཤ་ཟ་རྣམས། །ཀུན་ལ་
དབང་སྒྱུར་ལོངས་སྤྱོད་ཆེ། ཞེས་འབྱུང་བའི་ཕྱིར་གསུངས་པ་ཡང་། མི་རིགས་ཏེ། ཕ་རོལ་པོའི་གེགས་མ་སེལ་བའི་སྟེང་། དེ་ཉིད་རྒྱ་མཚོའི་དོ་ལ་གྲོང་ཁྱེར་ཟམ་མ་ཆད་པར་འབྲེལ་བའང་མི་སྲིད་པའི་ཕྱིར་དང་སྲིད་ནའང་ཉེ་འཁོར་དུ་མི་རིགས་པའི་ཕྱིར་ཏེ། ལུང་དེའི་དོན་ཀྱང་དེ་ལྟར་མ་ཡིན་པར་འཆད་འགྱུར་ལས་ཤེས་པའི་ཕྱིར་རོ། །ཁོ་བོ་ནི་འདི་སྙམ་སྟེ་ལངྒའི་ཡུལ་ཡིན་ན་ལྷོ་ནུབ་ན་ཡོད་དགོས་པའི་དོགས་པ་ནི། བརྒལ་བ་པོ་ཁྱོད་མཐོང་རྒྱ་ཆུང་བའི་རྣམ་དཔྱོད་རྩིངས་པ་སྟེ། འདིར་བསྟན་གྱི་ལངྒའི་ཡུལ་ཏེ་རྔ་ཡབ་ཀྱི་ལངྒ་མ་ཡིན་པའི་ཕྱིར། འོ་ན་གང་ཞེ་ན། འདི་ནི་སྔོན་བཅོམ་ལྡན་འདས་ལངྒའི་བདག་པོ་སྒྲ་སྒྲོགས་ཀྱི་བུ་མགྲིན་བཅུས་སྤྱན་དྲངས་ནས་བློ་གྲོས་ཆེན་པོས་ཞུས་པ་ལས། ལངྒར་གཤེགས་པའི་མདོ་གསུངས་པའི་གནས་འཛམ་གླིང་གི་ཤར་ལྷོའི་མཚམས་ན་ཡོད་པ་དེ་ཡིན་ཅིང་། ཡུལ་དེ་ལ་སྔོན་སྲིན་པོས་བཟུང་བས་ལངྐའི་ཡུལ་དང་། ཕྱིས་དེད་དཔོན་སེང་གེས་བཟུང་བས། དེ་ཡང་སིངྒྷ་ལའི་གླིང་ཞེེས་གྲགས་པ་དེ་ཡིན་ཏེ། པཎ་ཆེན་ཝ་རཏྣའི་ཞལ་ནས་སིང་གྷ་ལའི་གླིང་དེ་ནི་གསུང་རབས་ལས་ནི་ལངྐའི་གླིང་དུ་གྲགས་པ་དེ་ཡིན་དེ། རྭ་མ་ཎས་འཛམ་བུའི་གླིང་དང་ལངྐའི་གླིང་གི་བར་དུ་རྡོའི་ཟམ་པ་བཙུགས་པ་རྣམས་ཀྱང་རྒྱ་མཚོའི་ནང་རྡོའི་ཕུང་པོ་འདུག་པ་དངོས་སུ་སྣང་ཞིང་སྐབས་འགར་རྡོའི་ཕུང་པོར་གཟིངས་ཐོགས་འོང་བས་བྱོལ་ནས་འགྲོ་དགོས་པ་དང་། གླིང་དེ་ན་སྲིན་པོ་ལངྐ་མགྲིན་བཅུ་བསད་པའི་ཁྲག་གིས་སྦགས་པ་ཡིན་ཟེར་བའི་རྡོ་དམར་པོ་སྔ་དྲོ་ཙམ་གྱི་སའི་ཆ་ཁྱབ་པར་ཡོད་པ་དང་། གླིང་དེ་ན་སུ་ན་མ་ཀཱུ་ཊ་ཟེར་བའི་རི་བོ་སུམ་ཅིག་ཡན་ཆད་བྲག་རིའི་ཟེ་བས་བསྐོར་བས་སྐྱེ་བོ་ཕལ་གྱིས་འགྲོ་མི་ནུས་པ་དེར། པཎ་ཆེན་འཁོར་བཅས་ཀྱིས་འབྱོན་ཐུབ་པ་སོགས་ཀྱི་གཏམ་རྒྱུད་གསུངས་ཞེས་རྣམ་ཐར་ལས་འབྱུང་ཞིང་། པཎ་ཆེན་གྱིས་གླིང་དེར་ལོ་དྲུག་བཞུགས་པར་གྲགས་པས་གཏམ་ཁུངས་བཙུན་པར་མ་ཟད། སྐྱེས་བུ་དེ་ནི་ཀུན་གྱིས་རྩོད་མེད་དུ་བཀུར་བའི་མཁས་གྲུབ་ཡིན་པའི་ཕྱིར། འོ་ན་ལྷོ་ནུབ་རྔ་ཡབ་གླིང་ནའང་རི་བོ་མ་ལ་ཡ་སོགས་ཡོད་པར་གསུངས་པས་མི་འགལ་ལམ་ཞེ་ན། གནས་ཀྱི་མིང་དང་མཚན་ཉིད་དེ་འདྲ་བ་ཅི་རིགས་གཞན་ན་མེད་
པས་མ་ཁྱབ་སྟེ། འདིར་བསྟན་གྱི་ཨ་སུ་ར་དང་མིང་གཅིག་པ་རྒྱ་བལ་གྱི་མཚམས་ནའང་ཡོད་ལ། ཞི་བྱེད་ཀྱི་རྒྱུད་ཆུ་ཀླུང་ཆེན་མོ་ལས་གསུངས་པའི་གནས་སིང་གྷ་ལའི་གླིང་དེའང་འདིར་བསྟན་དང་དོན་མི་གཅིག་པར་རྒྱུད་དེ་ལས་གསལ་བའི་ཕྱིར། འདི་ལྟར་འཐད་པའི་རྒྱུ་མཚན་གཞན་ཡང་ཡོད་དེ། ཨ་ནུའི་རྒྱུད་རྣམས་ལང་ཀའི་ཡུལ་དུ་བབས་པར་ཀུན་ལ་གྲགས་པ་ལྟར་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་ཐབས་ཀྱི་ལམ་མཆོག་འདུས་པའི་རྒྱུད་ཀྱི་ལེའུ་ལྔ་པར་མ་ཧཱ་ཡོ་གའི་རྒྱུད་རྣམས་ནི་རྒྱལ་པོ་ཛཿའི་ཁང་སྟེང་དུ་བབས་པར་འགྱུར་ལ། ཨ་ནུ་ཡོ་གའི་རྒྱུད་རྣམས་ནི་སིདྒྷ་ལའི་ནགས་ཚལ་དུ་འབྱུང་བར་འགྱུར་ཏེ། ཞེས་ལུང་བསྟན་པའི་ཕྱིར། དེས་ན་གླིང་དེ་ཁ་སྐད་དུ་གྲགས་པ་སུ་མ་ན་ཀཱུ་ཊ་ཞེས་གྲགས་པའི་རི་བོ་ཡོད་པར་གསུངས་པའང་། འདིར་བཤད་པའི་དྲག་ཤུལ་ཅན་གྱི་རིའམ་རི་བོ་མ་ལ་ཡར་གྲགས་པ་དེ་ཡིན་སྙམ་དུ་སེམས་ཏེ་བགྲོད་དཀའ་བ་སོགས་མཚན་ཉིད་ཆ་འདྲ་བ་ཡོད་པར་སྣང་བའི་ཕྱིར། འོ་ན་རི་མ་ལ་ཡི་མཚན་ཉིད་ཀྱང་གང་ཞེ་ན། སྨན་པ་ལྕགས་འགྲོ ལ་ལས། རྩེ་ན་སམ་གྱི་རྒྱལ་པོ་གནས། །ངོས་ན་བྲག་དཀར་ཁྱི་ཚུགས་པ། །སེང་གེ་གནམ་དུ་མཆོང་འདྲས་བརྒྱན། །རྩི་སྨན་རྩ་བརྒྱད་ཚང་བར་འཁྲུངས། །འདུ་བའི་ནད་ཀྱིས་ཡོངས་མི་ཚུགས། །སྤྱི་བོར་ཀ་ལནྟ་ཀ་ནི། །མི་གཉིས་གཅིག་པུར་གནས་པ་ཡི། །མཛོད་ལྡན་དེ་ཡི་ཚང་བཅས་པ། །སྐལ་ལྡན་རྣམས་ཀྱི་བགྲོད་པར་སླ། །སྐལ་མེད་རྣམས་ཀྱིས་ཡོངས་མི་ཐར། ཞེས་སོ། །གསུམ་པ་གང་ཟག་གང་ལ་བབས་པ་ནི། ཟ་ཧོར་གྱི་རྒྱལ་པོ་ཨུ་ཏ་ཛྙཱ་ནའི་སྲས་རྒྱལ་པོ་ཛཿལའོ། །བཞི་པ་ཚུལ་ཇི་ལྟར་བབས་པ་ནི། རྒྱལ་པོ་ཉིད་གསང་སྔགས་ཕྱི་རྒྱུད་ལ་སྒྲུབ་པ་མཛད་ཅིང་བཞུགས་པ་ན་རྨི་ལྟས་བདུན་ཤར་ཅིང་། དངོས་སུ་པོ་ཏི་དང་གླེགས་བམ་གྱི་ཆར་བབས་སོ། །དེ་ཡང་རྨི་ལྟས་བདུན་ནི། རི་མ་ལ་ཡ་དེའི་ཤར་ལྷོ་ན། ཏྲི་ཤམ་ཨ་སུ་རའི་བྲག་ཕུག་ཅེས་བྱ་བ་ཕུག་རིན་པོ་ཆེ་ཟུར་བརྒྱད་ཡོད་པ། སྒོ་རིན་ཆེན་ཟླ་གམ་དུ་ཡོད་པ། ལོག་ལ་བྲག་སེང་གེ་དཀར་མོ་ཁྱི་ཚུགས་ལྟ་བུ་ཡོད་པ། མཁར་ཡང་དོག་གསུམ་རིམ་དང་
བཅས་པ། སྟེང་ན་བྱ་ཀ་ལནྟ་ཀའི་ཚང་བཅས་ནས་ཆོས་ཐམས་ཅད་ཐིག་ལེ་ཉག་གཅིག་ཏུ་སྒྲོག་པ་ཡོད་པ། རྩ་བ་ན་བདུད་རྩིའི་ཆུ་མིག་རང་རྡོ ལ་དུ་ཡོད་པ། མདུན་ན་མེ་ཏོག་གི་སྣམ་བུ་ཡོད་པ། ཤིང་ཡལ་ག་ཕྱོགས་བཞིིར་གྱེས་པས་དུས་བཞིའི་དགྲ་ལས་སྐྱབས་པ་ལྟར་དུ་ཡོད་པ། ཤིང་དེའི་མེ་ཏོག་དང་འབྲས་བུ་སྨན་དུ་གྱུར་ཏེ་ཟོས་པས་ནད་སྣ་ཚོགས་སེལ་བ། དེ་ལྟ་བུའི་ཉམས་དགའ་བའི་གནས་ཁང་དེར། ལས་དང་སྐལ་བར་ལྡན་པ་རྣམས་ཀྱིས་བགྲོད་ན་ཐར་ལ། ལས་དང་སྐལ་བ་མི་ལྡན་པ་རྣམས་ཀྱིས་ནི་མི་ཐར་བའི་བར་ཁང་ན་སྐལ་ལྡན་རྒྱལ་པོ་ཛཿས་གསང་སྔགས་ཕྱི་རྒྱུད་ལ་སྒྲུབ་པ་མཛད་གྱིན་བཞུགས་པ་ལ། རྨི་ལྟས་བདུན་ཞག་རེ་རེ་ལ་རྨི་ཡང་སྐད། ཞག་གཅིག་ལ་རྨི་ཡང་སྐད་དེ་རྨི་ལྟས་དང་པོ་ལ། གསང་བདག་ཕྱག་ན་རྡོ་རྗེ་མདུན་གྱི་ནམ་མཁར་བྱོན་ཏེ་སྐུའི་གནས་ནས་འོད་ཟེར་འཕྲོས་ཏེ་གདུལ་བྱ་ཐམས་ཅད་ཀྱི་རྟོག་སྒྲིབ་སྦྱངས། གསུང་གི་གནས་ནས་བསྟན་པ་དང་ཐེག་པའི་སྒྲ་བསྒྲགས་པས་གདུལ་བྱ་ཐམས་ཅད་ཀྱིས་གོ་བར་མཛད། ཐུགས་ཀྱི་གནས་ནས་རྡོ་རྗེ་འབར་བ་བྱུང་ནས་རྒྱལ་པོའི་ཐུགས་ཀར་ཐིམ། སྤྱི་བོའི་གཙུག་ནས་ཉི་མ་བྱུང་ནས་རྒྱལ་པོའི་སྤྱི་གཙུག་ཏུ་ཐི མ་པར་རྨིས་སོ། །དེ་ཡང་དགོངས་འདུས་ཀྱི་འགྲེ ལ་བ་ལུང་བསྟན་རྡོ་རྗེ་ལས། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །ཞེས་པའི་དོན་ནོ། །གཉིས་པའི་དོན་ནི། དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཉི་མ་དང་ཟླ་བ་ལ་ཆིབས། ཕྱག་ན་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་བསྣམས་ནས་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་རྨིས་པ་ནི༑ ཆོས་ཀྱིས་བགྲོ་བར་མཛད་པ་དང་། །ཞེས་པའི་དོན་ནོ། །རྨི་ལྟས་གསུམ་པ་ནི། ནམ་མཁའ་ལ་སྤྲིན་གསེར་གྱི་ཁ་དོག་ཅན་ནི་ཆགས། སྣང་སྲིད་གསལ་བའི་གློག་ནི་འཁྱུག ཆོ་འཕྲུལ་གྱི་འབྲུག་སྒྲ་དམ་པ་ཆོས་ཀྱི་སྒྲ་ཏི་རི་རི་སྒྲོགས་པ་རྨིས་པ་ནི། ཆོས་སྒྲ་ཆེན་པོ་སྒྲོགས་པ་དང་། །ཞེས་པའི་དོན་ནོ། །རྨི་ལྟས་བཞི་པར་ནམ་མཁའི་སྤྲིན་གསེབ་ནས་བདུད་རྩིའི་ཆུ་རྒྱུན་བབ་ཏེ་ས་ཕྱོགས་ཐམས་ཅད་ཆག་ཆག་གིས་བཏབ། གདུལ་བྱ་ཐམས་ཅད་ཀྱི་རྟོག་སྒྲིབ་སྦྱངས་ནས། ཀུན་ཀྱང་རྡོ་རྗེ་རྣལ་འབྱོར་ཞེས་གསང་སྔགས་ཀྱི་སྒྲ་ཏི་རི་རི་སྒྲོགས་པ་
ཞིག་རྨིས་པ་ནི། བདུད་རྩིའི་ཆར་དུ་བབས་པ་དང་། །ཞེས་པའི་དོན་ནོ། །རྨི་ལྟས་ལྔ་པ་ལ་ནམ་མཁའི་སྤྲིན་གསེབ་ནས་རིན་པོ་ཆེའི་སྒྲོམ་གྱི་ནང་ན། རིན་པོ་ཆེ་མཐིང་གི་ཤོག་བུ་ལ་གསེར་གྱི་རྒྱ་རང་ནན་དུ་བྲིས་པའི་པོ་ཏི་དང་གླེགས་བམ་སྐར་མདའ་ཐང་ལ་བབ་པ་ཙམ་དུ་ལྟུང་བར་རྨིས་པ་ནི། རིན་ཆེན་ཆར་དུ་བབས་པ་དང་། །ཞེས་པའི་དོན་ནོ། །དྲུག་པར་པོ་ཏི་དང་གླེགས་བམ་དེ་རྣམས་ལ་རིག་འཛིན་དང་བྱང་ཆུབ་སེམས་དཔའ་རྣམས། ལ་ལ་ནི་མཆོད་པ་འབུལ། ལ་ལ་ནི་བསྐོར་བར་བྱེད། ལ་ལ་ནི་བསྟོད་པ་བྱེད་པའི་སྒྲ་སྒྲོགས་པ་ཞིག་རྨིས་པ་ནི། པཱུ་ཛ་རྒྱ་ཆེན་བྱས་པ་དང་། །ཞེས་པའི་དོན་ནོ། །རྨི་ལྟས་བདུན་པ་ནི། ནམ་མཁའི་མཐོངས་ནས་གཟུགས་སུ་མ་གྲུབ་པའི་ལུང་སྟོན་པའི་སྒྲ། ལས་དང་སྐལ་བར་རབ་ལྡན་ཞིང་། །བསོད་ནམས་ཆེན་པོའི་དྲ་མ་ཁྱོད། །སྤྲུལ་པས་ཇི་ལྟར་ལུང་བསྟན་བཞིན། །རྒྱལ་བ་འབྱུང་བར་ལུང་བསྟན་པའི། །བསྟན་པའི་སྙིང་པོ་དམ་པ་ཞིག །སྐལ་ལྡན་ཁྱོད་ལ་སྒྲོགས་པར་བྱའོ། །ཞེས་པ་ལྟར་རོ། །འགའ་ཞིག་རྨི་ལྟས་གཉིས་པ་དང་གསུམ་པ་གཉིས་གོ་བརྗེས་ནས་འཆད་དོ། །མདོ་འགྲེལ་ཡེ་ཤེས་སྣང་བ་རྒྱན་གྱི་ལུགས་སུ་བཞེད། དེ་ནས་རྨི་ལྟས་དང་མཐུན་པར་དངོས་སུ་རང་གི་ཁང་ཐོག་ཏུ་གསང་སྔགས་རྒྱུད་སྡེའི་གླེགས་བམ་དང་། ཕྱག་ན་རྡོ་རྗེའི་སྐུ་གྲུ་གང་པ་ཞིག་བབ་སྟེ། གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའི་ཞལ་མཐོང་གི་ལེའུ་རྟོགས་ནས་དེ་དང་ཕྱག་རྡོར་གྱི་སྐུ་ལ་བརྟེན་ཏེ་ཟླ་བ་དྲུག་ཏུ་སྒྲུབས་པས་རྡོ་རྗེ་སེམས་དཔའི་ཞལ་མཇལ་ཞིང་བྱིན་གྱིས་རླབས་པའི་མཐུས་གླེགས་བམ་གྱི་དོན་མ་ལུས་པར་མཁྱེན་ནོ། །ཞེས་རྗེ་བླ་མའི་གཏེར་བྱོན་གྱི་ཨ་ཏིའི་ལོ་རྒྱུས་ལས་གསུངས། སྔ་རབས་ཀྱི་བླ་མ་ཕལ་ཆེར་རྨི་ལྟས་བདུན་བྱུང་བ་སད་ནས་ཡང་ཐོག་ཏུ་བྱོན་པས་ཕྱག་ན་རྡོ་རྗེའི་སྐུ་རྒྱུ་རིན་པོ་ཆེ་སྨུག་པོ་ལས་གྲུབ་པ་གྲུ་གང་པ་ཞིག་བཞུགས་པ་ལ་གཟིགས་ནས་དེ་ལ་ཕྱག་དང་བསྐོར་བ་ལན་གསུམ་བྱས། ཞབས་སྤྱི་བོའི་གཙུག་ཏུ་བླངས་ཏེ། ཨེ་མ་ངོ་མཚར་མཆོག་གི་སྐུ། །འདྲེན་པ་མཆོག་གི་དཔལ་ལགས་གང་། །མོས་པའི་ཡིད་ཀྱི་ལྷ་མཆོག་ཁྱོད། །སྔོན་ཚེ་གོང་ནས་གྲུབ་པ་ཡིས། །ལས་ཀྱིས་འབྲེལ་བའི་ལྷ་མཆོག་ཁྱོད། །བསྐལ་པ་བརྒྱར་
ཡང་མི་གཏོང་ངོ་། །གསུངས་ཏེ་ཡི་དམ་གྱི་ལྷར་བཟུང་ནས་ཟླ་བ་བདུན་དུ་བསྒྲུབས་པས་གླེགས་བམ་རྣམས་དངོས་སུ་བབས་པ་ལ་བརྟགས་ན་རྟོགས་པར་འདུག་ཀྱང་གདུལ་བྱ་ལ་རང་དགར་འཇུག་པ་དགག་པའི་ཕྱིར་མ་རྟོགས་པ་ལྟར་བསྟན་ནས། གླེགས་བམ་རྣམས་ཤིང་རྟ་ལ་སྤྱན་དྲངས་ཏེ་ཨུ་པ་རཱ་ཛ་ལ་བསྟན་པས་བརྡ་མ་མཇལ། དེ་ནས་དགེ་སློང་ཀུ་ཀུ་རཱ་ཛ་ལ་བསྟན་པས། དེས་རྡོ་རྗེ་སེམས་དཔའི་ཞལ་མཐོང་གི་ལེའུ་རྟོགས་ཏེ། བསྒྲུབ་པས་ཞལ་མཇལ་ནས་ཕྱག་རྡོར་གྱིས་སྟོན་པར་འགྱུར་རོ་ཞེས་ལུང་བསྟན། ད་དུང་བསྒྲུབས་པས་ཕྱག་རྡོར་བྱོན་ནས། །སྤོང་ལེན་བརྟུལ་ཞུགས་སྤྱོད་པའི་དབང་། །དགེ་བར་བསྐུར་ན་སྡིག་པ་མེད། །ཞེས་དོན་གྱིས་བསྟན་པ་དང་། ཐེག་པ་ཐམས་ཅད་རྫོགས་པའི་དབང་བསྐུར། ཚིག་གི་བསྟན་པ་ལིི་ཙ་བཱི་དྲི་མེད་ལ་ཞུས་ཤིག་པར་ལུང་བསྟན་པ་ལྟར། ཀུ་ཀུ་རཱ་ཛས་གསང་བདག་གི་བཀའ་བཞིན་དུ་སྒྲུབ་སྟེ། ཏནྟྲ་སྡེ་བཅོ་བརྒྱད་ཕྱེ་ནས་རྒྱལ་པོ་ཛཿལ་བསྟན་པར་བཞེད་ཅིང་། ཚུལ་བརྒྱ་ལྔ་བཅུ་པ། མཉམ་སྦྱོར་བའི་འགྲེལ་པར་ཡང་དེ་ལྟར་དུ་འབྱུང་ངོ་། །ལུགས་དེ་གཉིས་ཀ་འགལ་བ་མེད་དེ། རྒྱལ་པོ་ཉིད་ཀྱིས་རྟོགས་ཀྱང་གཞན་གྱིས་གཟུ་ལུམ་དང་རས་གཅོད་དགག་པའི་ཕྱིར། ཀུ་ཀུ་རཱ་ཛ་ལ་བསྟན་པ་ལྟར་མཛད་པའི་ཕྱིར། འོན་ཀྱང་འདིར་ནི་རྒྱལ་པོ་རང་གིས་རྟོགས་པའི་ཕྱོགས་ལེགས་ཏེ། རྒྱལ་པོ་ཉིད་ཀྱིས་མཛད་པའི་ལམ་རྣམ་བཀོད་ལས། རྒྱ་ལུང་རྡོ་རྗེ་བརྩེགས་པ་རུ། །རིགས་ཅན་ཨིནྟྲ་བྷོ་དྷི་ངས། །གསང་བའི་བདག་པོས་མངོན་བསྟན་པའི། །སྒྱུ་འཕྲུལ་དྲྭ་བའི་སྒྲུབ་པ་ཡང་། །ཚོམ་བུ་ལྔ་བཅུ་སྐོར་དང་བཅས། །ཕྱག་ན་རྡོ་རྗེ་མངོན་གྲུབ་སྟེ། །སྤོང་ལེན་བརྟུལ་ཞུགས་སྤྱོད་པའི་དབང་། །དགེ་བར་བསྐུར་ན་སྡིག་པ་མེད། །དེ་ནས་ས་ལ་རེག་པར་བྱས། །ཞེས་དང་། སངས་རྒྱས་གསང་བའི་ལམ་རིམ་གྱི་ལུང་སྔ་མའི་འཕྲོས་སུ། འགྲེལ་བས་སྣང་ལ་མངོན་བརྟགས་པས། །ཐུགས་ཀྱི་སྒྲུབ་པ་མངོན་རྟོགས་ཏེ། །དེ་སྙེད་སྒོ་ནས་དེ་ཉིད་སྒྲུབ། །བརྟན་པའི་དངོས་གྲུབ་དེ་ནས་ཐོབ། །དེ་བཞིན་བཅུད་ཀྱིས་དེ་ནས་རྒྱ། །འདོད་པའི་བསམ་པ་དེ་རུ་འགྲུབ། །ལྷག་པའི་ལྷ་དང་དེ་རུ་མཇལ། །ཞེས་རང་གིས་རྟོགས་པར་བཤད་ཀྱིས། གཞན་ལ་བརྟེན་པར་
མ་བཤད་པའི་ཕྱིར་རོ། །ལྔ་པ་རྩོད་པ་སྤང་བ་ནི། མཁས་པ་དག་གླེགས་བམ་བལྟས་ནས་སྒྲུབ་པས་འགྲུབ་ན། གསང་སྔགས་རང་ཉིད་ལེན་པ་ནི། །ལུས་ཅན་དམྱལ་བ་འབའ་ཞིག་རྒྱུ། །ཞེས་བཤད་པ་དང་འགལ་ལ། བླ་མ་མེད་པར་མི་འགྲུབ་པར་བཤད་པ་དང་འགལ་ལོ། །གཞན་ཡང་ཤར་ལྷོའི་ཕྱོགས་མཚམས་ཞེས་ཟེར་བ་དེ་ཨོ་རྒྱན་ཡིན་ཞེས་པའང་འཇིག་རྟེན་གྱི་གྲགས་པ་དང་མངོན་སུམ་དུ་འགལ་ལོ་ཟེར་བ་མི་འཐད་དེ་སྐལ་མེད་ལ་དེ་ལྟར་འགལ་ཡང་སྐལ་ལྡན་ལ་ངེས་པ་མེད་པའི་ཕྱིར་མཐའ་གཅིག་ཏུ་དགག་པ་མི་རིགས་སོ། །རྒྱུ་མཚན་དགྱེས་རྡོར་དང་གདན་བཞི་སོགས་ཀླུ་སྒྲུབ་ཀྱིས་ལྐུག་པར་བརྫུས་ནས་ཨོ་རྒྱན་ནས་བརྐུས་ཏེ་བྲོས་པས། མཁའ་འགྲོ་རྣམས་ཀྱིས་བདས་ཀྱང་མ་ཟིན་ཏེ། སྐལ་ལྡན་ལ་བྱིན་ཅིག་ཅེས་རྗེས་གནང་མཛད་པ་ལ་བརྟེན་ནས་སློབ་དཔོན་གྱི་དར་བར་མཛད་དོ་ཞེས་གྲགས་པའི་ཕྱིར་དང་། བི་རུ་པ་ལ་གསང་སྔགས་རང་ཉིད་ལེན་པའི་སྐྱོན་མེད་དེ། །བདག་མེད་མས་ལུས་བསྟན་པའི་ཕྱིར་དང་། དེ་འདོད་ན་ཕྱག་རྡོར་གྱིས་རྒྱལ་པོ་ཛཿསོགས་ལ་བསྟན་པའང་མཚུངས་པའི་ཕྱིར་དང་། གང་དུ་བབས་པའི་གནས་སྔར་དཔྱད་པ་ལྟར་ཡིན་པས་ཁྱེད་ཀྱི་སྐྱོན་འདི་འཇུག་པའི་གནས་མེད་པའི་ཕྱིར་དང་། དེར་མ་ཟད་ཤར་ལྷོ་མཚམས་ཀྱི་ཡུལ་དེ་ལ་ཨོ་རྒྱན་དུ་འབོད་པ༑ ཁོ་བོ་ཅག་གི་གཞུང་ལ་གང་དུའང་བྲིས་པ་མེད་པས་སུ་ཞིག་གིས་སྨྲས། ཁྱེད་ཅག་ལའང་ཆ་མེད་པའི་ཕྱིར་དང་། གསང་སྔགས་བབས་ཚུལ་འདི་ལ་ཐུན་མོང་དུ་གྲགས་པའི་ལུང་གི་དཔ ང་པོའང་ཡོད་དེ། ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་བ་ལས། གསུང་རབ་འདི་ཡི་ལོ་རྒྱུས་བཤད་ན། སྔོན་སངས་རྒྱས་མི་ཡུལ་དུ་ལོ་བརྒྱད་ཅུ་ལོན་པའི་ཚེ་ན། སརྦ་བྷུདྡྷ་ས་མ་ཡ་ཡོ་ག་དང་། གུ་ཧྱ་ས་མ་ཡ་ལ་སོགས་པས་འདུལ་ཞིང་། དེ་ནས་ཐེག་པ་དེ་དག་གི་སྣོད་དུ་གྱུར་པ་འཛམ་བུའི་གླིང་གི་མི་ཡུལ་ན་མེད་པས་རྒྱལ་ཆེན་རིགས་བཞི་ལ་སོགས་པའི་གནས་ན་ལྷ་རྣམས་དང་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ལ་སོགས་སྣོད་དུ་གྱུར་ནས། དེའི་ཚེ་མདོ་སྡེ་དེ་ན་བཞུགས་སོ། །སླད་ཀྱི་སངས་རྒྱས་མྱ་ངན་ལས་འདས་
པའི་འོག་ཏུ་ཟ་ཧོར་གྱི་རྒྱལ་པོ་འཁོར་དང་བཅས་པ་ངོ་མཚར་དུ་གྱུར་ཏེ། ཆོས་ལ་དད་པ་ཞིག་འདུག་པ་ཐེག་པ་དེའི་འདུལ་སྐལ་དུ་གྱུར་ཅིང་སྣོད་དུ་གྱུར་ནས། སརྦ་བྷུདྡྷ་ས་མ་ཡ་ཡོ་ག་ལ་སོགས་པ་མདོ་སྡེ་ཆེན་པོ་བཅོ་བརྒྱད་ཕྱག་ན་རྡོ་རྗེའི་བྱིན་རླབས་གྱིས་ཟ་ཧོར་གྱི་ཡུལ་དུ་གཤེགས་པ་དང་། ཟ་ཧོར་གྱི་རྒྱལ་པོ་ཨིནྟྲ་བྷོ་དྷིས་མདོ་སྡེ་བལྟས་པས་བརྡའ་མ་འཕྲོད་ནས་གང་གི་ཤེས་མངོན་ཤེས་ཀྱིས་བལྟས་པ་ན། ཡུལ་དབུས་སུ་དགེ་སློང་ཀུ་ཀུ་རཱ་ཛ་ཉིན་རེ་བཞིན་ཁྱི་སྟོང་ལ་ཆོས་འཆད། མཚན་རེ་བཞིན་ཁྱི་དེ་དག་ལ་དམ་ཚིག་གི་ལོངས་སྤྱོད་མཛད་པ་ཞིག་བཞུགས་པ་དེ་ཐེག་པའི་སྣོད་དུ་གྱུར་ལ། བདག་ཉིད་འདུལ་སྐབས་སུ་གྱུར་པ་དང་འདྲ་ནས། རྒྱལ་པོས་ཕོ་ཉ་བཏང་སྟེ་སློབ་དཔོན་སྤྱན་དྲངས་པ་དང་། སློབ་དཔོན་གྱིས་མངོན་ཤེས་ཀྱིས་བརྟགས་པས་བདག་འདུལ་སྐལ་དུའང་བབས། བདག་ཀྱང་མདོ་སྡེའི་སྣོད་དུ་འགྱུར་བ་ཤེས་མོད་ཀྱི། འོན་ཀྱང་མདོ་སྡེ་དེ་དག་སྔར་མ་བལྟས་ན་བརྒྱ་ལ་རྒྱལ་པོའི་ཐེ་ཚོམ་དག་མ་སེལ་བར་གྱུར་ན་མི་རུང་སྙམ་ནས། མདོ་སྡེ་ཚུར་བླངས་ཏེ་བལྟས་པ་ན། མགོ་འཇུག་གར་ཡང་བལྟ་བའི་ཆ་མ་མཆིས་ནས། དེ་ཉིད་དུ་ལུས་བརྡབ་སྟེ། མགོན་མེད་དོ་ཞེས་བོས་པ་དང་། དཔལ་རྡོ་རྗེ་སེམས་དཔའ་མངོན་པར་གཤེགས་ཏེ། ཁྱོད་ཅི་འདོད་ཅེས་དྲིས་པས། བདག་མདོ་སྡེ་ཟབ་མོ་འདི་བལྟས་པ་ཙམ་གྱིས་ཤེས་པར་འདོད་ཅེས་གསོལ་བ་དང་། དེ་བཞིན་གནང་ངོ་། །དེ་ནས་སརྦ་བུདྡྷ་ས་མ་ཡོ་ག་ལ་སོགས་པའི་གླེགས་བམ་རྣམས་མ་ཕྱེ་བར་དེ་དག་གི་དོན་ཡིད་ལ་མངོན་སུམ་ཏུ་གསལ་བར་གྱུར་ཏོ། །དེ་ནས་སློབ་དཔོན་དེ་ཟ་ཧོར་གྱི་ཡུལ་དུ་གཤེགས་ནས་རྒྱལ་པོ་འཁོར་དང་བཅས་པ་ལ་ཆོས་དེ་དག་བཤད་དོ། །དཔལ་རྡོ་རྗེ་སེམས་དཔས་ལུང་བསྟན་ནས། རྒྱལ་པོ་འཁོར་དང་བཅས་པ་རྡོ་རྗེ་དབྱིངས་གྱི་དཀྱིལ་འཁོར་ལྟར་བཀོད་ནས་སྒོ་དུ་མ་ནས་སྒོམ་དུ་བཅུག་པས་རིམ་པ་ལྟར་རྒྱལ་པོ་འཁོར་དང་བཅས་པ་དང་། དེའི་སྲས་འཁོར་དང་བཅས་པ་དང་། སྲས་མོ་འཁོར་དང་བཅས་པ་རྣམས་ས་ལ་གནས་པའི་རིག་འཛིན་དུ་གྲུབ་པོ། །དེ་ནས་སྲས་མོ་དེས་རྒྱལ་བུ་ལ་ལུང་མན་ངག་བཞག་པ་ལས་འཕེལ་བ་ནི་དེང་སང་གི་འདི་ལགས་ཏེ་ཞེས་དང་། མཉམ་
སྦྱོར་གྱི་འགྲེལ་པ་བརྒྱ་སྦྱིན་སྡོང་པོས་མཛད་པར་ཡང་། སྤྲུལ་པའི་སྐུ་འདས་ཕྱི་མའི་དུས་ཤིག་ཚེ། །རྒྱལ་བའི་བཀའ་གསང་འཛམ་གླིང་གནས་སུ་ཤར། །རྒྱལ་པོའི་ཁབ་ཏུ་སྤྱན་དྲངས་མཆོད་བྱས་ཏེ། །དགའ་ཞིང་གུས་བསྟོད་ལེགས་བལྟས་བརྡའ་མ་འཇལ། །ཐུགས་རྗེའི་འབྲེལ་ཤུགས་གསང་སྔགས་འཛིན་པར་གྲགས། །དམ་པར་བཟུང་སྟེ་གླེགས་བམ་གཟིགས་པར་ཞུས། །སྒྱུ་འཕྲུལ་ཐིག་ལེ་སྟོང་པའི་དཀྱིལ་འཁོར་གཞུང་། །སྒྲུབ་ཐབས་ལྷག་པའི་ལྷ་ཡིས་ལུང་བསྟན་མཛད། །རྡོ་རྗེ་ཐེག་པའི་གཞུང་ལུགས་སྣ་ཚོགས་མཐའ། །དམ་པ་རྣམས་ཀྱིས་གདམས་པ་ཇི་བཞིན་པ། །མི་འགལ་ལེགས་པར་བསྡུས་ཤིང་རབ་བཀྲོལ་ཏེ། །འབྲེལ་དང་བསྡུས་དོན་སྒྲུབ་ཐབས་མང་དུ་བསྟན། །ཞེས་གསུངས་པའི་ཕྱིར་དང་། གཞན་ཡང་ལོ་ཙཱ་བ་གཟུ་དགའ་རྡོར་གྱིས་ནཱ་ལེནྟྲའི་གཙུག་ལག་ཁང་དུ་པུསྟིའི་ཆར་བབས་པའི་བཀོད་པ་རི་མོར་བྲིས་པ་མཐོང་བ་སོགས་མཁས་པ་ལ་གྲགས་པའི་གཏམ་ངེས་པ་ཅན་མང་དུ་ཡོད་པས་དེ་ཐམས་ཅད་མི་བདེན་ནོ་ཞེས་སྨྲ་དགོས་ན་ཧ་ཅང་ཐལ་བའི་ཕྱིར་བག་ཡོད་པར་མཛོད་ཅིག གཉིས་པ་དེ་ལས་ཇི་ལྟར་བརྒྱུད་ཚུལ་ནི། རྒྱལ་པོ་ཛཿས་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་པོ་ཀུ་ཀུ་རཱ་ཛ་ལ་བཤད། དེས་ཨིནྟྲ་བྷུ་ཏི་ལ། དེས་སེངྷ་རཱ་ཛ་ལ། དེས་ཨུ་པ་རཱ་ཛ་ལ། དེས་སྲས་མོ་གོ་མ་དེ་ཝཱི་ལ་བསྟན་ཏེ། དེ་རྣམས་ཀྱིས་བསྒྲུབ་པས། རང་རང་གི་ཚོམ་བུ་དང་བཅས་ཏེ་རིག་པ་འཛིན་པའི་སར་གཤེགས་སོ། །དེ་ལྟར་ཡང་། ལམ་རིམ་ལས། དེ་ནས་རྡོ་རྗེ་གདན་སྟེང་གིས། །འཛམ་གླིང་ཤར་གྱི་རྫོགས་མཚམས་སུ། །ཕོ་བྲང་དམ་པ་རིན་ཆེན་ནང་། །བཀྲ་ཤིས་དམ་པའི་ཁང་བུ་རུ། །ཀུ་ཀུ་རཱ་ཛ་ཨིནྟྲ་བྷུ་ཏི། །སེངྷ་ཨུ་པ་ར་ཛ་དང་། །སྲས་མོ་གོ་མ་ས་ལ་སོགས། །སྒྱུ་འཕྲུལ་དྲྭ་བའི་དབང་ཐོབ་ནས། །ཚོགས་ཀྱི་དཀྱིལ་འཁོར་མངོན་སྒྲུབ་སྟེ། རྡོ་རྗེ་འཆང་སར་མངོན་དུ་གཤེགས། ཞེས་སོ། །སྲས་མོས་རྒྱལ་པོ་ཀུ་ཀུ་རཱ་ཛ། སློབ་དཔོན་སྒེག་པ་རྡོ་རྗེ། སློབ་དཔོན་སངས་རྒྱས་གསང་བ་གསུམ་ལ་བཤད། རྒྱལ་པོ་ཀུ་ཀུ་རཱ་ཛས། རོ་ལང་བདེ་བའི་དངོས་གྲུབ་དང་། དྲང་སྲོང་བྷ་ཤི་ཧ་གཉིས་ལ་
བཤད། སྔ་མས་རྡོ་རྗེ་བཞད་པ་ལ། དེ་དང་ཕྱི་མ་གཉིས་གས་ཟ་ཧོར་གྱི་རྒྱལ་པོ་པྲ་ཧསྟི་ལ་བཤད། དེ་ལ་སློབ་དཔོན་སངས་རྒྱས་གསང་བ་དང་། སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས་གསན། ཡང་སློབ་དཔོན་པདྨས་ནི་རྒྱལ་པོ་ཛཿཉིད་ལའང་གསན་པར་ཨ་ཏི་ཟབ་དོན་སྙིང་པོ་ལས་གསུངས་སོ། །སྒེག་པ་རྡོ་རྗེ་དང་། སངས་རྒྱས་གསང་བ་གཉིས་ཀྱིས། པཎ་ཆེན་བི་མ་ལ་མི་ཏྲ་ལ་བཤད། དེས་བོད་དུ་ལོ་ཙཱ་བ་རྨ་རིན་ཆེན་མཆོག་དང་། གཉག་ཛྙཱ་ན་ཀུ་མ་ར་གཉིས་ལ་བཤད་ཅིང་མངའ་བདག་རལ་པ་ཅན་གྱི་དུས་སུ་རྨས་བསྒྱུར་ཞེས་རྗེ་གཡུང་བཞེད་ཀྱང་། ཀུན་མཁྱེན་ཆོས་རྗེའི་དགོངས་པ་ལྟར་རྨ་གཉག་ཐུན་མོང་གིས་མངའ་བདག་ཁྲི་སྲོང་གི་དུས་བསྒྱུར་གསུང་བ་འདི་འཐད་པར་མངོན། སྤྱིར་རྩ་རྒྱུད་འདི་ལ་བོད་དུ་ལོ་པཎ་བསྡེབ་པའི་གཞི་འགྱུར་གསུམ་དང་། པཎྜི་ཏ་མེད་པའི་རྩལ་འགྱུར་གཉིས་ཏེ། འགྱུར་ལྔ་བྱུང་བར་གྲགས་པ་ལ། གཞི་འགྱུར་གསུམ་ནི་སངས་རྒྱས་གསང་བ་དང་བཻ་རོ་ཙ་ནའི་སྔ་འགྱུར། པདྨ་དང་གཉགས་ཛྙཱ་ནའི་བར་འགྱུར། བི་མ་ལ་དང་རྨ་གཉགས་ཐུན་མོང་གི་ཕྱི་འགྱུར་གསུམ་ལས། འདི་ནི་ཕྱི་མ་སྟེ་འཕྱོང་ཅན་ཡིན་ལ། སྔ་བར་གཉིས་ལ་འཕྱོང་མེད་པར་གྲགས་སོ། །རྩལ་འགྱུར་གཉིས་ནི། ཐར་ལོ་ཉི་མ་རྒྱལ་མཚན་གྱི་འགྱུར་དང་། འགོས་ལོ་ཙཱ་བ་གཞོན་ནུའི་ཞབས་ཀྱི་འགྱུར་བཅོས་གཉིས་སོ། །སྤྱིར་གནུབ་སངས་རྒྱས་ཡེ་ཤེས་ལ་རྨ་གཉགས་གཉིས་ལས་བརྒྱུད་པའི་བཀའ་སྲོལ་གསུམ་བབ་སྟེ། དེ་ཡང་རྨ་རིན་ཆེན་མཆོག་གིས། གཙུག་རུ་རིན་ཆེན་གཞོན་ནུ་དང་། གྱེ་རེ་མཆོག་སྐྱོང་གཉིས་ལ་བཤད། དེ་གཉིས་ཀས་དར་རྗེ་དཔལ་གྱི་གྲགས་པ་དང་། ཞང་རྒྱལ་བའི་ཡོན་ཏན་གཉིས་ལ་བཤད། དར་རྗེ་ལས་ཡོངས་གྲགས་ཁམས་ལུགས་པ་དང་། དབུས་ལུགས་པ་ཞེས་བཀའ་སྲོལ་གཉིས་སུ་གྱེས། ཞང་ལ་གནུབ་སངས་རྒྱས་ཡེ་ཤེས་ཀྱིས་གསན། འདི་ལ་སྒྱུ་འཕྲུལ་གདམས་ངག་ལུགས་སམ་ནོར་བུའི་ལུགས་སུ་གྲགས་ཏེ་བཀའ་སྲོལ་གཅིག་གམ། ཡང་སློབ་དཔོན་པདྨ་དང་བི་མ་ལ་གཉིས་ཀའི་སློབ་མ་གཉགས་ཛྙཱ་ནས། སོག་པོ་དཔལ་གྱི་ཡེ་ཤེས་ལ་བཤད། དེས་གནུབ་ལ་བཤད་དེ་བཀའ་སྲོལ་གཅིག་གམ། །ཡང་རྨ་གཉགས་ཐུན་མོང་གི་སློབ་མ་
ཁུ་བྱང་ཆུབ་འོད་དང་། ཁྱུང་པོ་དབྱིག་འོད་གཉིས་ལས་ཁུས་ཞང་དང་། ཁྱུང་པོས་དར་རྗེ་ལ་བཤད། ཞང་གིས་མཁས་པ་གཙུག་གྱེར་རྣམ་གཉིས་དང་ཁུས་བཤད་བཀའ་གཙོ་བོར་བཟུང་ནས་བཀའ་ཕྱོགས་སྐྱོང་མ་དང་། གནས་ལས་བཏགས་པ་བཀའ་མཆིམས་ཕུ་མར་ཡང་གྲགས་ཏེ་གནུབ་ལ་བཤད་པ་ནི་བཀའ་སྲོལ་གཅིག་གོ །གནུབ་སངས་རྒྱས་ཡེ་ཤེས་ལ་ཐུགས་ཟིན་གྱི་སྲས་བཞི། སྲས་ཀྱི་དམ་པ་གཅིག་དང་ལྔ་བྱུང་བ་ལས། སྲས་བཞི་ནི། སོ་ཡེ་ཤེས་དབང་ཕྱུག སྤ་གོར་བློན་ཆེན་འཕགས། ད ན་ཡོན་ཏན་མཆོག གྲུ་ལེགས་པའི་སྒྲོན་མེ་རྣམས། སྲས་ཀྱི་དམ་པ་གཅིག་ནི། གནུབ་ཡོན་ཏན་རྒྱ་མཚོའོ། །དེས་སྲས་ཡེ་ཤེས་རྒྱ་མཚོ་ལ་བཤད། ཡབ་སྲས་དེ་གཉིས་དང་། སོ་ཡེ་ཤེས་དབང་ཕྱུག་གིས་ཉང་ཤེས་རབ་མཆོག་ལ་བཤད། དེས་ཉང་ཡེ་ཤེས་འབྱུང་གནས་ལ། དེས་ལྷ་རྗེས་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ལ་བཤད། དེ་ལ་སློབ་དཔོན་རྩེ་མོ་བཞི། རྩེ་ལྐོག་དང་ལྔ། སྒོམ་ཆེན་བརྒྱ་རྩ་བརྒྱད་སོགས་བྱུང་བ་ལས། རྩེ་མོ་བཞི་ནི། མི་ཉག་འབྱུང་གྲགས། ཞང་འགོས་ཆུང་བ། བཟང་སྒོམ་ཤེར་རྒྱལ། ལྷ་རྗེ་ཟུར་ཆུང་བ་ཤེས་རབ་གྲགས་པ་རྣམས་སོ། །རྩེ་ལྐོག་ནི། ཆོས་ཀྱི་སྟེང་དུ་ཕོ་བཟོའི་རྩེ་མོར་གྱུར་པ་རྩགས་བླ་མའོ། །རྗེེ་ཟུར་ཆུང་བ་ལ་སློབ་མ་ཀ་བ་བཞི། གདུང་མ་བརྒྱད། ཕྱམས་བཅུ་དྲུག དྲལ་མ་སུམ་ཅུ་རྩ་གཉིས། ཡུས་པོ་ཆེ་མི་གཉིས་སོགས་མང་དུ་བྱུང་ངོ་། །དེ་ལ་ཀ་བ་བཞི་ནི། རྫོགས་ཆེན་གྱི་ཀ་བ་སྐྱོ་སྟོན་ཤཱཀྱ་སེང་གེ མདོའི་ཀ་བ་ཡང་ཁྱེར་བླ་མ། སྒྱུ་འཕྲུལ་གྱི་ཀ་བ་གླན་ཤཱཀྱ་བཟང་པོ། ཕྲིན་སྒྲུབ་ཀྱི་ཀ་བ་མདའ་ཏིག་ཆོས་ཤཱཀ་གོ ༑གདུང་མ་བརྒྱད་ནི། མ་ཐོགས་པ་དང་སྐྱོ་སྟོན་ཆོས་སེང་། གླན་ཤཱཀྱ་བྱང་ཆུབ། རྩག་ཤཱཀ་རིངས། གནུབ་སྟོན་བག་མ། དབུས་པ་ས་འཐོར། ཤུ་སྟོན་ཟླ་གྲགས། རྩེ་ཕྲོམ་བྱང་དཔལ་དང་བརྒྱད་དོ། །ལྷ་རྗེ་ཟུར་ཆུང་པའི་སྲས། རྩག་ཚ་རྡོ་རྗེ་འབར་དང་། གསང་བདག་སྒྲོ་ཕུག་པ་ཆེན་པོ་ཤཱཀྱ་སེང་གེ་གཉིས་ལས། རྗེ་སྒྲོ་ཕུག་པས་ཡབ་ཀྱི་སློབ་དཔོན་ཀ་བ་བཞི་དང་། གླན་ཀ་ཚལ་བ་ཤཱཀྱ་བྱང་ཆུབ་རྣམས་ལ་གཏུག་སྟེ་ལེགས་པར་གསན། སྒྲོ་ཕུག་པ་ལ་གདུགས་ཐོགས་ཀྱི་སློབ་མ་གྲལ་འཛིན་པ་སྟོང་དེའི་ནང་ནས་ཀྱང་ཐུགས་ཟིན་གྱི་སློབ་
མ་བཞི་གསུམ་བཅུ་གཉིས་ཏེ། དེ་ལ་ནག་པོ་བཞི་ནི། ཟུར་ནག་འཁོར་ལོ། ལྕེ་སྟོན་རྒྱ་ནག་པ༑ ཉང་ནག་མདོ་བོ། འདར་ནག་གཙུག་ཏོར་དབང་ཕྱུག་གམ་ཁ་ཅིག་དཔལ་སེང་ཟེར། སྟོན་པ་བཞི་ནི། ལྡེ་སྟོན། གྱབས་སྟོན། ཞང་སྟོན། རྒྱ་སྟོན་ནམ་ཕྱི་མ་གཉིས་ཕྲི་ནས་གཉན་སྟོན་པ། ཁ་རག་སྟོན་གཉིས་བསྣན་པའང་མཐོང་ངོ་། །མེ་བཞི་ནི། གཡུང་སྟོན་ཧོར་པོ། །སྤོང་སྟོན་ལྕགས་ཀྱུ། གཙང་པ་བྱིས་སྟོན། དབུས་པ་ཆོས་སེང་སྟེ། དེས་སྔོན་དུ་ཕྱི་མ་གཉིས་ཕྲི་ནས་ཤངས་པ་རྩི་སེར་བ་དང་། བྱ་སྟོན་རྡོ་རྗེ་གྲགས་གཉིས་གྲགས་སོ། །དེ་ཡང་ལ་སྟོད་པ་གཙང་ནག་འོད་འབར་གྱིས ། ལྷ་རྗེ་སྒྲོ་ཕུག་པ་དང་། ཟུར་བ་དཔལ་ལེ། གཙང་པ་བྱིས་སྟོན་རྣམས་ལའང་ཉན་མོད་ཀྱི། གཙོ་བོར་ཐུགས་ཐག་ཆོད་པ་ནི། རྟ་རི་དྲི་ངས་པ་སྟེ་སྟོན་ཆོས་སེང་ངོ་། །གཙང་ནག་གིས་གཅུང་གི་ལེ་སྟོན་མགོན་པོ་ལ་བཤད། དེས་སོ་ཤེས་རབ་ཚུལ་ཁྲིམས་ལ། དེས་རྟ་ནག་བདུད་འདུལ་ལ། དེས་མདའ་ཤཱཀྱ་འཕེལ་ལ། དེས་ཟུར་ཐམས་ཅད་མཁྱེན་པ་བྱམས་པ་སེ ང་གེ་ལ། དེས་སྒྲོལ་མ་བ་འབྲོ་སྟོན་བསམ་འགྲུབ་རྡོ་རྗེ་ལ། དེས་སྒྲོལ་ཆེན་སངས་རྒྱས་རིན་ཆེན་ལ། དེས་འགོས་ལོ་ཐམས་ཅད་མཁྱེན་པ་གཞོན་ནུ་དཔལ་ལ༑ དེས་སྤྱན་སྔ་རིན་ཆེན་ཡེ་ཤེས་དཔལ་བཟང་པོ། །དེས་སྐྱུ་ར་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ལ། དེས་རང་གྲོལ་ཉི་ཟླ་སངས་རྒྱས་ལ། དེ་ལ་འཁོན་ཚེ་དབང་རྣམ་རྒྱལ་ནོར་རྒྱས་གྱིས་གསན་པ་ནི་སྤར་ཁབ་ཀྱི་བཤད་སྲོལ་དང་ལུང་གི་བརྒྱུད་པ་སྟེ། གཡུང་ཌིཀ་ལྟར་ན། མདའ་ཤཱཀྱ་འཕེལ་དང་། ཟུར་བྱམས་སེང་གཉིས་ལ། གཡུང་སྟོན་རྡོ་རྗེ་དཔལ་གྱིས་གསན། དེས་བྲག་རྒྱ་བོ་པ་སྟོན་པ་མཁའ་འགྲོ་ལ། དེས་རྒྱ་བོ་བླ་མ་བཀྲ་ཤིས་ལ། དེས་རྒྱ་བོ་སྲི་ཐར་བསམ་འགྲུབ་ལ། དེས་སློབ་དཔོན་ཨུ་ལེགས་པ་ལ། དེ་ལ་མཁོན་ཇོ་སྲས་ཚེ་དབང་ནོར་རྒྱས་ཀྱིས་གསན་ནས། རང་གི་སྲས་ལུང་རྟོགས་ཀྱི་མངའ་བདག་དཔལ་འབྱོར་ལྷུན་གྲུབ་ལ་བཤད། དེས་ཟུར་ཆེན་བཀྲ་ཤིས་ཀུན་དགའ་ལ། དེས་མྱོས་སྟོན་གསང་བདག་དཔའ་བོ་ཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་ལ། དེས་བཀའ་དྲིན་མཚུངས་མེད་དཔལ་ལྡན་བླ་མ་དམ་པ་སའི་སྟེང་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་གཙོ་བོ་གཅིག་པུ་པ།
མཚན་བརྗོད་པར་དཀའ་བ་རྗེ་བཙུན་ཐམས་ཅད་མཁྱེན་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཞེས་ལྷ་དང་བཅས་པའི་འཇིག་རྟེན་དུ་རྣམ་པར་གྲགས་ཤིང་འཇིགས་བྲལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ལ་བ སྩལ་བ་སྟེ། འདི་ནི་སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡོངས་སུ་རྫོགས་པ་བྱེ་བྲག་སྔ་འགྱུར་རྡོ་རྗེ་ཐེག་པ་བཀའ་གཏེར་ཐམས་ཅད་ཀྱི་སྟོན་པ་པོ་དང་། ཁྱད་པར་སྒྱུ་འཕྲུལ་སྙིང་པོའི་སྐོར་གྱི་དབང་བཀའ་བཤད་བཀའ་གདམས་ངག་ཡན་ལག་དང་བཅས་པ་ནུབ་པར་ཉེ་བ་ན་ལྷ་རྗེ་ཟུར་པོ་ཆེ་ཉིད་འདིའི་ངེས་པ་གསལ་བར་མཛད་པའི་ཕྱིར་སླར་ཡང་བྱོན་པ་ལགས་པས་ངེས་པའི་དོན་དུ་ནི་རྗེ་རིན་པོ་ཆེ་འདི་ལ་ཐུགས་པ་རྣམས་ཉེ་བརྒྱུད་རྨད་དུ་བྱུང་བ་ཡིན་ནོ། །དེས་ཡོངས་རྫོགས་བསྟན་པའི་མངའ་བདག་གནས་ལྔ་རིག་པའི་དབང་ཕྱུག་མཁན་ཆེན་ལོ་ཙཱ་བ་ཆེན་པོ་ངག་དབང་ཆོས་དཔལ་རྒྱ་མཚོ་དྷརྨ་ཤྲཱི་ལ་བསྩལ་ཞིང་། དེས་མཁན་པོ་དྷརྨ་ཀིརྟི་ལ། དེས་རབ་འབྱམས་པ་འགྱུར་མེད་འཕེལ་རྒྱས་ལ། དེས་དགེ་བའི་བཤེན་གཉེན་ཞལ་ཕུ་དགེ་སྔགས་རམ་འགྱུར་མེད་དམ་ཆོས་ལ། དེས་འཕྱོང་རྒྱས་འདུལ་འཛིན་དགེ་སློང་ཤྲཱི་ཛྙཱ་ན་ལ། དེས་བདག་གི་ཡོངས་འཛིན་དམ་པ་དགེ་བའི་བཤེས་གཉེན་ཆེན་པོ་མདོ་སྔགས་གཞུང་ལུགས་སྨྲ་བའི་དབང་ཕྱུག་མོས་པའི་བློ་དང་མཚམས་པར་ངལ་མེད་ཆོས་ཀྱི་བདུད་རྩི་མཆོག་ཏུ་བཀྱེ་བའི་བཀའ་དྲིན་བརྗོད་ལས་འདས་པ་དགེ་སློང་ས་མནྟ་ཝ་ཏིའི་མཚན་ཅན་ལ་བསྩལ་ཞིང་བརྒྱུད་པ་སྟེ། དེ་ལྟར་གོང་འོག་གི་བབས་སོ་དེ་དག་གི་ནང་ནས་མ་ཧཱ་ཡོ་གའི་ཐེག་པ་ལ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་ཡོད་པ་ལས། དེའི་གྲངས་ལ་བཞེད་པ་མི་མཐུན་པ་མང་ཡང་། འདིར་རང་ལུགས་གཏེར་ཆེན་བླ་མ་དང་ལོ་ཆེན་དྷརྨ་བྷ་དྲ་གཉིས་ཀྱི་དགོངས་པའི་བཞེད་སྲོལ་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་ཆེན་པོ་ལྔ། སྒྲུབ་པ་ལག་ལེན་དུ་བསྟན་པ་རོལ་པའི་རྒྱུད་སྡེ་ལྔ། སྤྱོད་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ། མ་ཚང་བ་ཁ་སྐོང་བར་བྱེད་པའི་རྒྱུད་ཕྱི་མ་ལྟ་བུ་གཉིས་དེ་ཐམས་ཅད་ཀྱི་བསྡུས་དོན་ལྟ་བུའི་རྒྱུད་སྡེ་ཆེན་པོ་གཅིག་དང་བཅོ་བརྒྱད་དོ། །ལེགས་བཤད་བུང་བའི་དབྱངས་སྙན་ལས། ཁོག་དབུབ་ལོ་རྒྱུས་ཀྱི་སྐབས་ཏེ་
དང་པོའོ། །སྨྲས་པ། ཆེ་བ་དྲུག་ལྡན་གསང་ཆེན་སྙིང་པོའི་རྒྱུད། །བབས་ཚུལ་ཁོག་དབུབ་གསོང་པོའི་སྟོང་ཐུན་ཕྲེང་། །ངོ་མཚར་གཏམ་དུ་གླེང་འདིས་བློ་གསར་གྱི། །སོམ་ཉིའི་མུན་པ་སེལ་ལ་སུ་ཞིག་བསྙོན། །ཐུན་མོང་ཐུན་མིན་མཆོག་དམན་གདུལ་བྱའི་ངོར། །གང་འདུལ་རོལ་མོ་འགགས་མེད་སྒྱུ་མའི་གར། །མ་ངེས་དུ་མར་སྣང་ལ་རྟོག་གེའི་བློས། །སྐྱོན་དུ་རྟོགས་པ་བྱིས་པའི་ངང་ཚུལ་ཉིད། །དེ་ཕྱིར་རྣ་བརྒྱུད་གོང་མའི་བཞེད་སྲོལ་བཞིན། །ཡིད་ཆེས་བརྒྱུད་པའི་ལོ་རྒྱུས་འདི་བསྙད་ཚེ། །ཕྱག་རྒྱ་བཞི་སྟོན་ལྷ་ཡི་རྔ་བོ་ཡང་། སྐྱེངས་ཏེ་འཆི་མེད་༼མ་དཔེར་ཚིག་འགའ་ཆད་༽ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ད་ནི་བཤད་བཀའ་དངོས་ལ། ཐོག་མར་སྔོན་དུ་འགྲོ་བ་སྤྱིའི་རྣམ་བཞག་དང་། དངོས་གཞི་དཀྱུས་ལ་འཇུག་པ་གཉིས་ལས། དང་པོ་ནི། རྣམ་བཤད་རིག་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་གསུངས་པ་ལྟར་སྤྱིར་དྷརྨ་ཞེས་པའི་སྒྲ་ལས་དྲངས་ན་ཆོས་ཀྱི་སྒྲ་དོན་བཅུ་ལ་འཇུག་པར་བཞེད་ཅིང་། དེའི་ནང་ནས་ཀྱང་ཤེས་བྱའི་ཆོས་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ལ་འཇོག་པའི་ཕྱིར་རོ། །དེ་ལ་དབྱེ་ན་རང་གི་མཚན་ཉིད་འཛིན་པའི་ཆོས་དང་རྣམ་པར་དཀར་བའི་ཆོས་གཉིས་སུ་ཡོད་པ་ལས། འདི་ནི་རྣམ་པར་དཀར་བའི་ཆོས་དེ་ཡིན། རྣམ་པར་དཀར་བའི་ཆོས་དེ་ལ་དབྱེ་ན་སྟོན་པས་གསུངས་པ་ལ་བཀའ་དང་། མཁས་པའི་མན་ངག་གིས་བཀྲལ་བ་ལ་བསྟན་བཅོས་ཞེས་གཉིས་སུ་ཕྱེ་བའི་ནང་ནས། འདི་ནི་སྟོན་པས་གསུངས་པའི་བཀའ་ཡིན་ཅིང་། བཀའ་དེ་ལའང་། དབྱེ་ན། ཞལ་ནས་གསུངས་པའི་བཀའ་དང་། བྱིན་གྱིས་བརླབས་པའི་བཀའ་དང་། རྗེས་སུ་གནང་བའི་བཀའ་དང་གསུམ་དུ་ཡོད་པ་ལས། འདི་ནི་ཞལ་ནས་གསུངས་པའི་བཀའ་ཡིན། དེ་ལ་ཡང་། རྒྱུ་མཚན་ཉིད་དང་། འབྲས་བུ་གསང་སྔགས་ཏེ་གཉིས་སུ་
ཡོད་པ་ལས། འདི་ནི་གསང་སྔགས་རྡོ་རྗེ་ཐེག་པའོ། །དེ་ལྟར་ཡང་། འདི་ཉིད་ལས། བླ་ན་མེད་པའི་ཐེག་པས། ཞེས་དང་། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །རིང་ཞིང་ཡངས་པ་བསྐྱང་མཛད་དེ། །ཞེས་སོ། །དེ་ཉིད་སྡེ་སྣོད་གསུམ་གང་དུ་བསྡུ་ན། མངོན་པའི་སྡེ་སྣོད་ཀྱི་ནང་ཚན་དུ་འདུ་སྟེ། རྫོགས་པ་ཆེན་པོ་དུང་ཡིག་ཅན་ལས། སྡེ་སྣོད་རིན་པོ་ཆེ་ནི། མངོན་པའི་སྡེ་སྣོད་ཅན་ནོ། །ཞེས་སོ། །གསུང་རབ་ཡན་ལན་བཅུ་གཉིས་ལས་ནི། ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་སྣོད་དང་། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལས་ཀྱང་གང་དུ་བསྡུ་ན། དུག་གསུམ་ཆ་མཉམ་པ་འདུལ་བའི་གཉེན་པོར་རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་ཅེས་སྟེ་སྡེ་སྣོད་རྐང་ཐུབ་གཅིག་ཏུ་འཇོག་པ་ཡིན་ཏེ། དེ་ལྟར་ཡང་། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། འདོད་ཆགས་འདུལ་བའི་གཉེན་པོར་གསུངས་པ་ནི། འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། ཞེ་སྡང༴ མདོ་སྡེའི༴ གཏི་མུག༴ མངོན་པའི༴ ཐམས་ཅད་འདུལ༴ སྡེ་སྣོད་བཞི་པ༴ ཞེས་དང་། དཔུང་བཟུང་གིས་ཞུས་པའི་མདོ་ལས། བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་གཅིག་ཏུ་རྒྱལ་བས་གསུངས། །ཞེས་སོ། །རིག་འཛིན་སྔགས་ཀྱི་སྡེ་སྣོད་དེ་ལ་དབྱེ་ན། གསང་སྔགས་ཕྱི་ནང་གཉིས་སུ་ཡོད་པ་ལས། འདི་ནི་གསང་སྔགས་ནང་རྒྱུད་དེ་ཡིན། ནང་རྒྱུད་དེ་ལ་དབྱེ་ན་གསར་རྙིང་གཉིས་སུ་ཡོད་པ་ལས་འདི་ནི་གསང་སྔགས་རྙིང་མ་བ་ཆེ་བ་དྲུག་གིས་འཕགས་པ་དེ་ཡིན། དེ་ལའང་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་མ་དང་གསུམ་དུ་ཡོད་པ་ལས། འདི་ནི་རིང་བརྒྱུད་བཀའ་མའི་ནང་ཚན་དུ་གཏོགས་པ་ཡིན། དེ་ལ་ཡང་། བསྐྱེད་རྫོགས་རྫོགས་ཆ ེན་གསུམ་ལས། འདི་ནི་བསྐྱེད་པ་མ་ཧཱ་ཡོ་ག་དེ་ཡིན། དེ་ལ་ཡང་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་ཡོད་པ་ལས། དེ་ཐམས་ཅད་ཀྱི་བསྡུས་དོན་སྙིང་པོར་དྲིལ་བ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ཡིན་ཏེ། དེས་གང་བཤད་བྱའི་ཆོས་ངོས་བཟུང་བ་དེ་ཡིན། དེ་གང་གིས་འཆད་ན་ཞེས་པ་འཆད་བྱེད་ཀྱི་ཆོས་དེས་བསྟན། འཆད་བྱེད་ཀྱི་ཆོས་དེ་གང་ཞེ་ན། བཤད་
པའི་རྒྱུད་རྣམས་དང་། བླ་མ་དམ་པ་རྣམས་ཀྱི་དོན་ལ་སྟོན་པའི་དགོངས་འགྲེལ་མཛད་པ་དེ་དག་ལ་བརྟེན་ནས་སོ། །ཞེས་པས། ལུང་རིགས་མན་ངག་གསུམ་གྱི་སྒོ་ནས་འཆད་པར་བྱེད་པ་དེ་ཡིན་ཏེ། དེ་ཡང་དང་པོ་ལུང་གི་སྒོ་ནས་ཇི་ལྟར་འཆད་ཞེ་ན། བཤད་པའི་རྒྱུད་རྣམས་དང་ཞེས་པ་ལ། སྔ་རབས་ཀྱི་མཁས་པ་རྣམས་ཀྱིས་བཞེད་སྲོལ་མི་མཐུན་པ་མང་ཡང་། འདི་ནི་ཟུར་མེས་དབོན་རྣམ་གསུམ་ཀྱི་རྗེས་སུ་འབྲང་ནས་འཆད་པར་བྱེད་པ་ཡིན་ཏེ། དེ་ཡང་གང་ཞེ་ན༑ དང་པོར་བཤད་སྲོལ་གྱི་དབུ་བརྙེས་པར་མཛད་པ་པོ་བདེ་གཤེགས་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། བར་དུ་སྲོལ་བཏོད་པར་མཛད་པ་པོ་ཟུར་ཆུང་ཤེས་རབ་གྲགས་པ། ཐ་མར་བོད་དང་བོད་ཆེན་པོ་ལ་སོགས་པ་དང་། རྒྱ་ཡུལ་གྱི་མཐའི་རྒྱ་མཚོ་ལ་ཐུག་གི་བར་དུ་དར་ཞིང་རྒྱས་པར་མཛད་པ་པོ་གསང་བདག་སྒྲོ་ཕུག་པ་ཆེན་པོ་ཤཱཀྱ་སེང་གེ་སྟེ། དེ་རྣམས་ཀྱིས་ནི་བཤད་རྒྱུད་སྡེ་བཞི་དང་། སྒྱུ་འཕྲུལ་སྡེ་བརྒྱད་དུ་བཞེད་པ་ཡིན་ནོ། །དེ་ཡང་བཤད་རྒྱུད་སྡེ་བཞི་ནི། རྒྱུད་འདིའི་བཤད་བྱའི་གཙོ་བོ་ལམ་ཐབས་གྲོལ་གཉིས་ཏེ། གྲོལ་ལམ་རིམ་ཅིག་ཆར་དུ་སྟོན་པ་སྒྱུ་འཕྲུལ་ཡེ་ཤེས་སྙིང་པོ་དང་། སྒྱུ་འཕྲུལ་རྡོ་རྗེ་མེ་ལོང་། ཐབས་ལམ་རིམ་ཅིག་ཅར་དུ་སྟོན་པ་སྒྱུ་འཕྲུལ་རྒྱ་མཚོ་དང་། སྒྱུ་འཕྲུལ་ཐལ་བ་སྟེ་རྒྱུད་སྡེ་བཞིའོ། །ལམ་ཐབས་གྲོལ་གཉིས་ཀྱི་དབྱེ་བ་དེ་ཡང་གང་ཞེ་ན། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་རྣམ་པ་གསུམ་གཙོ་བོར་སྟོན་པ་གྲོལ་ལམ་སྟེ་རང་ཐོབ་དང་བླ་མ་དམ་པའི་མན་ངག་རྩ་རླུང་ཐིག་ལེ་སྟེང་འོག་གི་སྒོ་མོ་ལ་བརྟེན་པ་ཐབས་ལམ་སྟེ་གཞན་ཐབས་སོ། །སྒྱུ་འཕྲུལ་སྡེ་བརྒྱད་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་དང་ཡེ་ཤེས་རང་སྣང་གཉིས་མེད་དུ་སྟོན་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ། ལས་ཚོགས་རྒྱས་པར་སྟོན་པ་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བ། སྡེ་སྣོད་ཡོངས་ལ་ཁྱབ་པར་སྟོན་པ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ། དཀྱིལ་འཁོར་རྫོགས་པར་སྟོན་པ་སྒྱུ་འཕྲུལ་བརྒྱད་པ། དབང་གཙོ་བོར་སྟོན་པ་སྒྱུ་འཕྲུལ་བླ་མ། ཡོན་ཏན་མཐར་ཕྱིན་པར་སྟོན་པ་སྒྱུ་འཕྲུལ་བཞི་བཅུ་པ། ཕྲིན་ལས་རྫོགས་པར་སྟོན་
པ་སྒྱུ་འཕྲུལ་བརྒྱད་ཅུ་པ། དམ་ཚིག་མཆོག་ཏུ་སྟོན་པ་སྒྱུ་འཕྲུལ་ལེ་ལག་དང་བརྒྱད་དོ། །ཆ་མཐུན་གྱི་རྒྱུད་རོལ་པ་མངོན་རྫོགས་དང་། ལྷ་མོ་སྒྱུ་དྲྭ་སོགས་དང་། གཞན་ཡང་། རྡོ་རྗེ་སྙིང་པོ་བཀོད་པའི་རྒྱུད་དང་། ཁྲོ་བོ་སྟོབས་ཀྱི་རྒྱུད་སོགས་རྒྱུད་ཕྲན་མང་དུ་བཞུགས་ཤིང་། སྤྱིར་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལ་ཡང་རྒྱ་གར་དུ་ལེའུ་འབུམ་ཕྲག་གཅིག་བཞུགས་པར་གྲགས་ཤིང་དེ་ཡང་རྩ་རྒྱུད་དང་བཤད་རྒྱུད་གཉིས་སུ་བསྡུ་བ་ལས། རྩ་རྒྱུད་ནི་ལེའུ་ཉི་ཤུ་རྩ་གཉིས་སུ་གནས་པ་འདི་ཉིད་དང་། བཤད་རྒྱུད་ནི་བཤད་རྒྱུད་སྡེ་བཞི་དང་། སྒྱུ་འཕྲུལ་སྡེ་བརྒྱད་ལ་སོགས་པ་རྣམས་སོ། །དེ་གཉིས་ཀྱི་ཁྱད་པར་ཡང་སྔ་རབ་ཀྱི་མཁས་པ་རྣམས་སྟོན་པའི་བདག་ཉིད་ཀྱིས་གསུངས་པ་ལ་རྩ་རྒྱུད་དང་། འཆད་པའི་སྐྱེས་བུས་གསུངས་པ་ལ་བཤད་རྒྱུད་ཅེས་བཞེད་པ་སོགས་དགག་བཞག་མི་མཐུན་པ་མང་ཡང་། འདིར་རང་ལུགས་སུ་ཐོག་མར་མདོ་ཙམ་གསུངས་པ་ལ་རྩ་རྒྱུད་དང་། ཕྱི་ནས་རྒྱས་པར་སྟོན་པ་ལ་བཤད་རྒྱུད་ཅེས་རྒྱུད་དེ་གཉིས་ཀ་སྟོན་པའི་བདག་ཉིད་གྱིས་གསུངས་པར་བཞེད་དོ། །དེ་རྣམས་ནི་རྒྱལ་བའི་ལུང་ཚད་མའམ་རྒྱུད་རྒྱུད་ཀྱི་སྒོ་ནས་འཆད་པ་ཞེས་བྱའོ། །རྒྱུད་མན་ངག་གི་སྒོ་ནས་ཇི་ལྟར་འཆད་ཞེ་ན། རྩ་རྒྱུད་དང་བཤད་རྒྱུད་དེ་དག་ལ། རྒྱ་བོད་ཀྱི་མཁས་གྲུབ་ཤིང་རྟ་ཆེན་མོ་རྣམས་ཀྱིས་མཛད་པའི་དགོངས་འགྲེལ་གྱི་བླ་མའི་མན་ངག་ཚད་མ་སྟེ། དེ་ལ་ཡང་། རྒྱ་གར་དུ་སངས་རྒྱས་གསང་བའི་ལམ་རིམ་ཆེ་ཆུང་། སློབ་དཔོན་པདྨའི་མན་ངག་ལྟ་བའི་ཕྲེང་བ། བི་མ་ལའི་ཁོག་གཞུང་གསལ་སྒྲོན་དང་འགྲེལ་ཆུང་། སྒེག་པ་རྡོ་རྗེའི་རིན་པོ་ཆེའི་སྤར་ཁབ། ཉི་འོད་སེངྒེའི་རྒྱ་ཆེར་འགྲེལ། སློབ་དཔོན་ཀླུ་སྒྲུབ་ཀྱི་གཡུ་ཐང་། སྐཱ་བ་དཔལ་བརྩེགས་གྱི་ལྟ་རིམ་ལ་སོགས་པ་དང་། བོད་དུ་ཡང་སོ་ཟུར་གནུབ་གསུམ་ཟུར་མེས་དབོན་རྣམ་གསུམ་གྱིས་མཛད་པའི་བསྟན་བཅོས་རྣམ་པར་དག་པ་རྣམས་དང་། ཁྱད་པར་ཀུན་མཁྱེན་ཆེན་པོས་མཛད་པའི་ཕྱོགས་བཅུ་མུན་སེལ། རོང་ཟོམ་ཆོས་ཀྱི་བཟང་པོས་མཛད་པའི་རོང་ཌིཀ གཡུང་སྟོན་རྡོ་རྗེ་དཔལ་བས་མཛད་པའི་གཡུང་འགྲེལ། སྒྲོལ་མ་བ་བསམ་འགྲུབ་རྡོ་རྗེས་མཛད་པའི་སྒྲོལ་ཌིཀ སྨན་ལུང་པ་མི་བསྐྱོད་རྡོ་
རྗེས་མཛད་པའི་དེ་ཁོ་ན་ཉིད་སྣང་བའི་དཔལ་ལ་སོགས་པ་དང་། དེ་ཐམས་ཅད་ཀྱི་བསྡུས་དོན་སྙིང་པོར་དྲིལ་བ་མང་ཐོས་ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོའི་སྡེས་མཛད་པའི་ལེགས་བཤད་ནོར་བུའི་བང་མཛོད་སྤྱི་དོན་གསང་བདག་ཞལ་ལུང་དང་། གཞུང་འགྲེལ་གསང་བདག་དགོངས་རྒྱན་སོགས་ཚིག་དོན་ཕུན་སུམ་ཚོགས་པ་རྣམས་ནི་བླ་མའི་མན་ངག་ཚད་མ་ཞེས་རྒྱུད་མན་ངག་གི་སྒོ་ནས་འཆད་པར་བྱེད་པ་ཡིན་ལ། རྒྱུད་རིགས་པའི་སྒོ་ནས་ཇི་ལྟར་འཆད་ཞེ་ན། ལུང་མན་ངག་དང་མི་འགལ། མན་ངག་ལུང་དང་མི་འགལ་ཞིང་དེ་གཉིས་ལ་རྟོག་དཔྱོད་ལེགས་པར་བྱེད་པ་ནི་རིགས་པ་ཚད་མ་སྟེ་དེ་ལྟར་ཚད་མ་རྣམ་པ་གསུམ་གྱིས་གཏན་ལ་ཕབ་པས་རྒྱུད་དབུ་ཞབས་ཀྱི་སྤྱི་དོན་ཐམས་ཅད་བདེ་བླག་ཏུ་རྟོགས་པར་འགྱུར་བ་ཡིན་ཏེ། སྒྱུ་འཕྲུལ་རྡོ་རྗེ་མེ་ལོང་ལས། ལུང་དང་རིགས་པ་མན་ངག་གི །ཚད་མ་དག་གིས་གང་གཞལ་བ། །ཤེས་བྱ་ཁོང་ཏུ་ཆུད་པར་འགྱུར། ཞེས་དང་། བི་མ་ལའི་འགྲེལ་ཆུང་ལས། ཐུགས་ཀྱི་སྒྲོན་མ་གསུང་བའི་འགྲེལ་པ་ནི། །ལུང་དང་མན་ངག་རིགས་པས་གཏན་ལ་ཕབ། །ཞེས་དང་། གླང་པོ་ཆེ་རབ་འབོགས་ཀྱི་རྒྱུད་ལས། བདེ་བར་གཤེགས་པའི་བཀའ་ཚད་མ་དང་། བླ་མའི་མན་ངག་ཚད་མ་དང་། རང་གི་རིགས་པ་ཚད་མ་སྟེ། དེ་ལྟར་ཚད་མ་རྣམས་པ་གསུམ་གྱིས་གཏན་ལ་ཕབ། ཞེས་སོ། །རྒྱུད་ལུང་མན་ངག་གསུམ་གྱི་མཚན་ཉིད་དེ་ཡང་གང་ཞེ་ན། འགྲེལ་ཞིང་རྒྱུད་ཆགས་ལ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་ཞིང་དངོས་གྲུབ་སྒྲུབ་པའི་ཐབས་མ་ཚང་བ་མེད་པས་ན་རྒྱུད་ཅེས་བྱ་སྟེ། རྡོ་རྗེ་རྩེ་མོ་ལས། འགྲེལ་ཞིང་མ་ཚང་མེད་ཕྱིར་དང་། །ཕུན་སུམ་ཚོགས་པས་རྒྱུད་ཅེས་བྱ། ཞེས་སོ། །ལུང་གི་མཚན་ཉིད་ནི། མདོ་རྒྱུད་ལས་ཚིག་དུམ་བུར་ཕྱུངས་ཤིང་ཡིད་ཆེས་ཀྱི་ངེས་པ་སྟེར་བར་བྱེད་པ་སྟེ། མདོ་སྡེ་ཡོན་ཏན་བཀོད་པ་ལས། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་པ་ཟད་པ་རྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། །ཞེས་སོ། །མན་ངག་གི་མཚན་ཉིད་ནི། ཐབས་ཆེ་ལ་ཚེགས་ཆུང་ངུས་དོན་ཐམས་ཅད་བདེ་བླག་ཏུ་རྟོགས་པར་འགྱུར་བ་ཡིན་ཏེ། རྡོ་རྗེ་རྩེ་མོ་ལས། ཐབས་ཆེན་ཚེགས་ཆུང་དོན་དཔག་
མེད། །བྱ་སླ་དཔག་དཀའ་མན་ངག་གོ །ཞེས་སོ། །ཇི་ལྟར་འཆད་ཚུལ་གྱི་རྣམ་གྲངས་ལ། རྒྱལ་བས་གསུངས་པའི་རྒྱུད་འཆད་ཐབས་དང་། མཁས་པས་བཀྲལ་བའི་མན་ངག་གི་འཆད་ཐབས་གཉིས་ལས། དང་པོ་ནི། མ་ཧཱ་ཡོ་ག་སྤྱིའི་འཆད་ཐབས་རྒྱན་བདུན་གྱི་སྒོ་ནས་འཆད་པ་དང་། ལུང་ཨ་ནུ་ཡོ་ག་ལུང་བདུན་གྱི་སྒོ་ནས༴ མན་ངག་ཨ་ཏི་ཡོ་ག་སྤྱི་དོན་རྣམ་པ་དྲུག་གི་སྒོ༴ སྒྲུབ་སྡེ་བཀའ་བརྒྱད་རྣམས་ནི་འཆད་ཐབས་ཉི་ཤུའི་སྒོ་ནས༴ དུས་ཀྱི་འཁོར་ལོའི་རྒྱུད་ནི་ཕྱི་སྣོད་འཇིག་རྟེན་གྱི་ཁམས། ནང་རྡོ་རྗེའི་ལུས། གཞན་དུ་ལྷའི་བསྐྱེད་རིམ་དང་སྦྱར་ནས་འཆད་པ་དང་། གསང་སྔགས་ཀྱི་རྒྱུད་སྡེ་འགའ་ཞིག་ནི། ལྟ་བ་དང་སྒོམ་པ་ཕུལ་དུ་ཕྱིན་པ་སྟོན་པའི་ཕྱིར་ཚིག་ལ་མི་རྟོན་དོན་ལ་རྟོན། ཉན་རང་ལ་སོགས་པ་ཐེག་དམན་ཟིལ་གྱིས་གནོན་པའི་ཕྱིར་དྲང་དོན་ལ་མི་རྟོོན་ངེས་དོན་ལ་རྟོན། སྤྱོད་པ་དང་ཆ་ལུགས་ངོ་ལྐོག་མེད་པར་སྲུང་དགོས་པའི་ཕྱིར་གང་ཟག་ལ་མི་རྟོན་ཆོས་ལ་རྟོན། སེམས་དང་སེམས་ཉིད་འབྱེད་དགོས་པའི་ཕྱིར་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་ཞེས་རྟོན་པ་བཞིའི་སྒོ་ནས་འཆད་པ་ལ་སོགས་པ་འཆད་ཚུལ་གྱི་རྣམ་གྲངས་མང་ཡང་། སྐབས་འདིར་རྒྱུད་མ་ཧཱ་ཡོ་ག་སྤྱིའི་འཆད་ཐབས་རྒྱན་བདུན་གྱི་སྒོ་ནས་འཆད་པ་དང་། བྱེ་བྲག་ཏུ་བཀའ་སྡེ་ཟུར་པ་ཡབ་སྲས་རྣམས་ཀྱིས་ཆོས་ལྔའི་སྒོ་ནས་བཤད་པ་གཉིས་སུ་ཡོད་པ་ལས། དང་པོ་ནི། ཧེ་རུ་ཀ་གལ་པོའི་རྒྱུད་ལས། མ་ཧཱ་ཡོ་གའི་རྒྱན་བདུན་ཡང་། གླེང་བསླང་བ་དང་སངས་རྒྱས་ཚུལ། །རྒྱས་བཤད་མཐའ་དང་བཤད་པའི་ཚུལ། །དབྱེ་བའི་རྣམ་པ་གང་ཟག་སྣོད། །བདེན་པའི་དགོངས་པ་ཤེས་པར་བྱ། ཞེས་གསུངས་པ་ལྟར། དེ་ཡང་དང་པོ་གླེ ང་གཞི་དང་གླེང་བསླང་གཉིས་ཀྱི་སྒོ་ནས་འཆད་དེ། སྔ་མ་ལས། གླེང་བསླང་བ་ཡི་གྲངས་ལྔ་ནི། །རྒྱུད་འདིའི་མིང་ནི་ཅི་ཞིག་བྱ། །ཞེས་དྲིས་པའི་ལན་ཏུ། རྒྱུད་འདིའི་མིང་ནི་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ་ཞེས་སོ། །བྱེད་པོ་སྟོན་པ་སུ་ཞིག་ཡིན། ཅེས་པས། སྟོན་པ་ནི་རིགས་དྲུག་པ་དཔལ་ཀུན་ཏུ་བཟང་པོའོ། །རྒྱུད་འདི་སུ་ཡི་དོན་དུ་མཛད་ཞེས་པས། གདུལ་བྱ་དབང་པོ་རྣོན་པོ་ཆགས་པ་ཅན་དུག་ལྔའི་སྐྱེ་བོ་འདུལ་བའི་
དོན་དུ་མཛད། རྒྱུད་འདིའི་ལྡང་ཚད་ཇི་ལྟ་བུ། །ཞེས་པ་ལ། ཆོ་ག་དེ་བཞིན་དུ་ལེའུ་དང་། །རིམ་པ་གྲངས་དང་དུ་མའོ། །ཞེས་པས། ཆོ་ག་ནི་དབང་དང་མཆོག་གི་སྒྲུབ་པ་དངོས། །ལས་བཞིའི་ཕྲིན་ལས་སོགས་རྒྱས་པར་སྟོན་ནོ། །རབ་གནས་སྦྱིན་སྲེག་ཐུན་མོང་གི་སྒྲུབ་པ་མདོ་ཙམ་དང་། གཏོར་ཚོགས་གནས་ལུང་གི་ཆོ་ག་རྣམས་ཆ་མཐུན་གྱིས་རྒྱུད་གཞན་ནས་ཁ་བསྐང་སྟེ་མན་ངག་ཏུ་བཤད། ལེའུ་ནི་རྩ་བའི་རྒྱུད་ལ་ལེའུ་ཉེར་གཉིས་དང་ཕྱི་མ་གཉིས་ལ་རེ་རེ་སྟེ་ཉེར་བཞིའོ། །རིམ་པ་ནི། རིམ་པ་དྲུག་པ་དང་། གསུམ་པ་དང་། གཉིས་པ་རྣམས་སོ། །དུམ་བུ་ནི་རྩ་བའི་རྒྱུད་ལ་དུམ་བུ་ཉེར་གཉིས་དང་། བཤད་པའི་རྒྱུད་ལ་ཉེར་གསུམ་པ་དང་ཉེར་བཞི་པའོ། །དགོས་པ་ཇི་ཞེ་ན། དགོས་པ་ནི། ཐུན་མོང་པ་དང་མཆོག་གཉིས་ལས། ཐུན་མོང་ལ། རོ་ལང་སྒྲུབ་པ་དང་། ཚེ་ཉི་ཟླ་དང་མཉམ་པ་དང་། རྐང་མགྱོགས་སྒྲུབ་པ་དང་། མིག་སྨན་ལ་སོགས་པའོ། །མཆོག་གི་སྒྲུབ་པ་ནི། གནས་སྐབས་སུ་རིག་འཛིན་རྣམ་པ་བཞི་དང་། མཐར་ཐུག་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར་རོ། །རྒྱན་གཉིས་པ་ནི། གལ་པོ་ལས། སངས་རྒྱས་པ་ཡི་ཚུལ་བཞི་ནི༑ ༑རྒྱུད་དང་གླེང་གཞི་ངེས་ཚིག་རྒྱུ། །ཞེས་པས་ཆགས་བྲལ་གྱི་ཚུལ་བཞི་དང་། ཆགས་ལམ་གྱི་ཚུལ་བཞི་སྟེ་གཉིས་ལས། དང་པོ་ཆགས་ལམ་གྱི་ཚུལ་བཞི་ནི། སྟོན་པ་ཐུབ་པའི་དབང་པོ་མིའི་རྟེན་ཅན་དུ་འཁྲུངས་པ་ནི་རྒྱུད་ཀྱི་ཚུལ་དང་། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ནི་གླེང་གཞིའི་ཚུལ་དང་། རབ་ཏུ་བྱུང་ནས་འདུལ་སྡོམ་སྲུང་བ་ནི་གདོན་མི་ཟ་བ་བརྟེན་དགོས་པས་ངེས་པའི་ཚུལ་དང་། དེ་ལྟར་འདུལ་སྡོམ་ལེགས་པར་སྲུང་བ་ནི་རྣམ་གྲོལ་ཐོབ་པའི་རྒྱུ་ཡིན་པས་ན་རྒྱུའི་ཚུལ་ལོ། །དེ་ལྟར་ཡང་དུར་ཁྲོད་ཁུ་བྱུག་རོལ་པའི་རྒྱ་ཆེར་འགྲེལ་ལས། མིའི་ཚུལ་དུ་འཁྲུངས་པ་ནི། །རྒྱུད་ཅེས་ཞེས་ནི་བརྗོད་པ་ཡིན། །བཙུན་མོའི་པདྨའི་ནང་ནས་ཕྱུངས། །གླེང་གཞིར་འདོད་དེ་འབྲེལ་བ་ཡིན། །སྔགས་ཀྱི་སྡོམ་པ་བསྟན་པ་ནི། །ངེས་པའི་ཚིག་གི་དགོས་པ་ཡིན། །ཟུང་འཇུག་འདོད་པས་ཆོས་སྤྱོད་པའོ། །ཞེས་སོ༑ ༑ཁ་ཅིག་འདིར་སྔགས་ཀྱི་རྒྱུད་འཆད་པའི་སྐབས་སུ་མདོའི་ཚུལ་བཞི་སྨོས་པས་ཅི་བྱ་
ཞེ་ན། སྟོན་པ་ཐུབ་པའི་དབང་པོ་ནི་ཇི་ལྟར་བཤད་པའི་ཚུལ་བཞིའི་སྒོ་ནས་སངས་རྒྱས་པར་འཇིག་རྟེན་དུ་གྲགས་ཤིང་། རྒྱུད་གྱི་བདག་པོ་སྟོན་པ་རིགས་དྲུག་པ་ཡང་། དེ་ལས་རྒྱུད་ཐ་མི་དད་པར་ཤེས་པའི་སྒོ་ནས་བྱེད་པ་པོ་ཚད་མར་གྲུབ་པ་ཡིན་ནོ། །གཉིས་པ་ཆགས་ལམ་གྱི་ཚུལ་བཞི་ནི། བདག་ཉིད་རང་རིག་དང་མཐུན་པར་རིགས་ལྔའི་སངས་རྒྱས་བྱིན་གྱིས་རླབས་པ་ནི་རྒྱུད་ཀྱི་ཚུལ་དང་། རིགས་ལྔ་པོ་དེ་ཉིད་གཅིག་གི་རྣམ་པར་གྱུར་པ་ནི་གླེང་གཞིའི་ཚུལ་དང་། རྡོ་རྗེའི་རིགས་ལ་སོགས་པ་རིགས་ལྔའི་དམ་ཚིག་དང་། ཁྱད་པར་རྡོ་རྗེ་དང་པདྨ་གཉིས་མཉམ་པར་སྦྱོར་བས་འཛག་མེད་ཀྱི་ཚུལ་ཁྲིམས་སྲུང་བ་ནི་ངེས་པའི་ཚུལ་དང་། འདོད་ཆགས་ལ་སོགས་པ་དུག་ལྔ་ཐབས་ཀྱིས་ཟིན་པའི་སྒོ་ནས་གསང་ཆོས་སུ་སྤྱད་པས་བྱང་ཆུབ་ཐོབ་པའི་ཉེ་རྒྱུ་ཡིན་པས་རྒྱུའི་ཚུལ་ལོ། །དེ་ལྟར་བདུད་རྩི་ཐིག་པ་ལས། འདོད་ཆགས་ཅན་ལ་འདི་སྐད་གསུངས། །རིགས་ལྔའི་ངོ་བོར་བསྐྱེད་པ་ནི༑ ༑རྒྱུད་ཅེས་ཞེས་ནི་བརྗོད་པ་ཡིན། །ལྔ་པོ་རིགས་གཅིག་གྱུར་པ་ནི། །གླེ ང་གཞིར་འདོད་དེ་འབྲེལ་བ་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག །ངེས་པའི་ཚིག་གི་དགོས་པ་ཡིན། །བཙུན་མོ་ཞེས་ནི་བརྗོད་པ་ཡི། །རྒྱུད་ཅེས་ཞེས་ནི་ཡང་དགོས་སོ། །ཞེས་སོ། །རྒྱན་གསུམ་པ་ནི། གལ་པོ་ལས། རྒྱས་བཤད་མཐའ་ནི་རྣམ་པར་དྲུག །དྲང་དོན་ངེས་དོན་དགོངས་པས་བསྟན། །དགོངས་མིན་སྒྲ་ནི་ཇི་བཞིན་པ། །ཇི་བཞིན་མ་ཡིན་ཉིད་དུ་བཤད། །ཅེས་པ་ལྟར། དྲུག་གི་དོན་གྱི་མཐའ་ལ་བརྟེན་པ་དྲང་ངེས་གཉིས་སོ། །ཚིག་གི་མཐའ་ལ་བརྟེན་པ་དགོངས་དགོངས་མིན་གཉིས་སོ། །གཉིས་ཀའི་མཐའ་ལ་བརྟེན་པ་ནི་སྒྲ་ཇི་བཞིན་ཡིན་མིན་གཉིས་སོ། །ཞེས་པ་ལྟར། དྲང་ངེས་གཉིས་ལས། དང་པོ་དྲང་དོན་ནི། རྡོ་རྗེའི་ཚིག་གཅིག་གིས་གདུལ་བྱ་ཡང་དག་པ་དངོས་སུ་སྐལ་བ་མེད་པ་དང་ཡོད་པ་གཉིས་ལ་ཚིག་དོན་ཐ་དད་དུ་སྟོན་པ་བསྐྱེད་རིམ་ཡན་ལག་དང་བཅས་པ་ནི་དྲང་དོན་དང་། རྒྱུ་རྒྱུད་དང་རྫོགས་རིམ་གྱི་ཕྱོགས་སུ་གཏོགས་པ་རྣམས་ནི་ངེས་དོན་ནོ། །དཔེར་ན་རྒྱུད་ཀྱི་གཞུང་ཡིན་ལ་བཤད་ཚུལ་ཐ་དད་དུ་འཇུག་པ་ལྟ་བུའོ། །དགོངས་པ་ཅན་དང་དགོངས་པ་ཅན་མ་ཡིན་པ་གཉིས་
ལས། དགོངས་པ་ཅན་ནི། རྡོ་རྗེའི་ཚིག་ཐ་དད་པས་བསྐྱེད་རྫོགས་གཉིས་དོན་གཅིག་དེ་དང་འགལ་བའི་ཚིག་གི་སྦྱོར་བས་བཅིངས་ཏེ་བརྗོད་བྱ་དངོས་བསྟན་གྱིས་བརྗོད་དོན་དངོས་གཞི་ལ་ལྟོས་ནས་གོ་དགོས་པ་ནི་དགོངས་པ་ཅན་དང་། འདི་ལྟར། གསང་སྙིང་འདིར། ཤིན་ཏུ་ཕྲ་བའི་དམ་ཚིག་གཙོར། །ཕྱག་རྒྱ་ཆེན་པོའི་ཕྱག་མཐིལ་དུ། །ཐུགས་ཀྱི་དཀྱིལ་འཁོར་དམ་པ་དེ། །སོར་ནི་བཞི་ཡི་ཚད་དུ་བྱ། །ཞེས་པ་ཡུམ་མཁའ་དང་དགའ་བཞི་ལ་གོ་དགོས་པ་ལྟ་བུའོ། །བརྗོད་བྱ་དངོས་བསྟན་གྱི་བརྗོད་དོན་དངོས་གཞི་ལ་ལྟོས་མི་དགོས་པར་གསལ་བར་གོ་བ་ནི་དགོངས་པ་ཅན་མ་ཡིན་པའོ། །སྒྲ་ཇི་བཞིན་པ་ནི། ཕྱི་རོལ་ཏུ་རྡུལ་ཚོན་དང་རས་བྲིས་ཀྱི་དཀྱིལ་འཁོར་བཞེངས་པ་དང་། ཞི་རྒྱས་ལ་སོགས་པའི་ཆོ་ག་འཇིག་རྟེན་པ་དང་བསྟན་བཅོས་ཐུན་མོང་དུ་གྲགས་པ་རྣམས་ནི་སྒྲ་ཇི་བཞིན་པ་དང་། འདིར་ཨ་ལི་ཀ་ལིའི་ལ་སྦྱོར་སྒྲོལ་དམར་ཆ་ཐབས་ཀྱིས་ལྡོག་པ་ལ། ཐལ་རྒྱུད་ལས། མེ་ཏོག་བཏུས་པའི་ངོ་བོ་ཉིད། །བདག་པོའི་ཞལ་དུ་ཐི མ་པར་བཤད། །ཅེས་གསུངས་པ་ལྟ་བུའོ། །ཐུན་མོངས་མ་ཡིན་པའི་སྤྱོད་པ་བརླང་པོ་སོགས། འཇིག་རྟེན་དང་བསྟན་བཅོས་གཞན་ལ་མ་གྲགས་པ་དང་། ཀོ་ཌ་ཀྵ་ལ་སོགས་པའི་སྒྲས་བཅིངས་པ་རྣམས་འཇིག་རྟེན་པ་དང་བསྟན་བཅོས་ཐུན་མོང་དུ་མ་གྲགས་པར་ཚིག་གི་གསུངས་པ་རྣམས་ནི་སྒྲ་ཇི་བཞིན་མ་ཡིན་པའོ། །དེ་ལྟར་ཡང་སློབ་དཔོན་ཟླ་བ་གྲགས་པའི་སྒྲོན་གསལ་དུ། ཀོ་ཌ་ཀྵ་ལ་སོགས་པའི་སྒྲ། །འཇིག་རྟེན་བསྟན་བཅོས་ལ་མེད་ཅིང་། །དེ་བཞིན་གཤེགས་པའི་བརྡར་གྱུར་པ། །འདི་དག་ཇི་བཞིན་མིན་ཞེས་བརྗོད། །ཞེས་སོ། །དེ་ལྟར་རྒྱས་བཤད་ཀྱི་མཐའ་ཐམས་ཅད་ཚིག་དོན་འདི་ལས་མི་འདའ་བས་ན་མཐར་ཐུག་ཅེས་བཤད་དོ། །རྒྱན་བཞི་པ་ནི། སྔ་མ་ལས། བཤད་པའི་ཚུལ་བཞི་ཁྱོད་ལ་བསྟན། །ཚིག་སྤྱི་སྦས་དང་མཐར་ཐུག་ཡིན། །ཞེས་པས་ཚིག་དོན་དང་། སྤྱི་དོན་དང་། སྦས་དོན་དང་། མཐར་ཐུག་གི་དོན་དང་བཞི་ལས། དང་པོ་ནི། ཡི་གེ་འབྲུ་བསྣོན་ཙམ་ལ་བཤད་པ་སྒྲ་དང་ཚད་མ་རིག་པ་སོགས་ཀྱི་གཞུང་དང་མཐུན་པར་སྟོན་ནོ། །
གཉིས་པ་སྤྱི་དོན་ལ། མདོའི་སྤྱི་དོན་དང་། བསྐྱེད་རིམ་གྱི་སྤྱི་དོན་དང་གཉིས་ལས། དང་པོ་ལ་ཡང་། མདོ་ལམ་དུ་ཞུགས་པའི་འགྱོད་པ་བསལ་བ་དང་། སྔགས་ལམ་དུ་ཞུགས་པའི་འགྱོད་པ་བསལ་བ་གཉིས་ལས། དང་པོ་ནི། སྔགས་ལམ་བདེ་ཞིང་མྱུར་བ་འདི་ལྟ་བུ་ལ་མ་ཞུགས་པར། མདོ་དང་གསང་སྔགས་ཕྱི་རྒྱུད་སོགས་ཀྱི་ལམ་དུ་ཞུགས་པ་མ་ལེ གས་སོ་སྙམ་སྟེ་འགྱོད་ན། དེ་དག་ཀྱང་སྔགས་གསང་བ་སྙིང་པོ་འདི་ཉིད་ཀྱི་ལམ་སྟེགས་སུ་འགྲོ་ཚུལ་ཡོད་དེ། འདི་ཉིད་ལས། ས་རྣམས༴ གསང་བའི༴ ཞེས་པ་དང་། མདོ་ལས། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། ཞེས་གསུངས་པ་ལྟར། དབང་རྣོན་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་ན་ཚོགས་ཀྱི་བྱ་བ་རླབས་པོ་ཆེ་གཅིག་གིས་ཀྱང་བསྐལ་པ་མང་པོའི་ཚོགས་འདུམ་པ་ལ་སོགས་བདེ་མྱུར་གྱི་ལམ་མདོར་ཡང་བཞེད། གཉིས་པ་སྔགས་ལམ་དུ་ཞུགས་པའི་འགྱོད་པ་བསལ་བ་ནི། ཁྲུས་དང་གཙང་སྦྲ་སོགས་མེད་པ་དང་། ཤ་ལྔ་དང་བདུད་རྩི་ལྔ་ལ་སོགས་པ་གཙང་རྨེའི་ཞེན་པ་མེད་པར་ཁྱི་ཕག་ལྟ་བུར་སྤྱོད་པ་དང་། སྦྱོར་སྒྲོལ་གཉིས་ནི་གཞན་ལ་འཚེ་བ་ཡིན་པས། དེ་དག་ལ་ཆོས་སུ་སྨྲ་བ་མུ་སྟེགས་ཀྱི་གྲུབ་མཐའ་དང་མཐུན་ནོ་སྙམ་དུ་འགྱོད་ན། གཙང་རྨེའི་ཞེན་པ་མ་སྤང་ན། ཆོས་མཉམ་པ་ཉིད་ཀྱི་དོན་མི་མཐོང་བས། ཞེན་པ་སྤངས་དགོས་པ་སོགས་ནི་མདོར་ཡང་བཞེད་དོ། །སོ་ཐར་གྱི་ཁྲིམས་ཀྱི་སྐབས་སུ། དང་པོར་བློའི་ཞེན་པ་སྦྱོང་ཕྱིར་གནས་དང་གོས་དང་ཟས་ཀྱང་ངན་ངོན་ཙམ་ལ་བརྟེན་དགོས་པ་དང་། ཞེན་པ་དག་ན་གནས་ཀྱང་རྒྱལ་པོའི་ཕོ་བྲང་ལྟ་བུ་དང་། གོས་ཀྱང་རིན་ཐང་ཤིན་ཏུ་ཆེ་བ་དང་། ཁ་ཟས་ཀྱང་རོ་བརྒྱ་པ་སྤྱད་ཆོག་པར་བཤད་དོ། །དོན་དེ་ལྟ་བུ་ལ་དགོངས་ནས་གྲུབ་ཐོབ་ཏིལ་བརྡུང་པས། སྣང་བས་མི་འཆིང་ཞེན་པས་འཆིང་། །ཞེན་པ་ཆོད་ཅིག་ན་རོ་པ། ཞེས་སོ། །སྦྱོར་སྒྲོལ་གཉིས་ཀྱང་རང་ག་མར་སྤྱད་ན་ཉེས་པ་དཔག་ཏུ་མེད་པ་འབྱུང་སྟེ། མདོ་ལས། ཞེ་སྡང་གིས་ནི་དམྱལ་བར་ལྟུང་། །ཆགས་པས་ཡི་དྭགས་གནས་སུ་སྐྱེ། །རྨོངས་པ་ཕལ་ཆེར་དུད་འགྲོར་འགྲོ། ཞེས་སོ། །ཡང་གཞན་ལ་ཕན་པའི་བསམ་པ་དང་། ཐབས་ཀྱིས་ཟིན་པའི་སྒོ་ནས་སྤྱད་ན།
ཉེས་པ་མི་འབྱུང་བའི་སྟེང་བསོད་ནམས་ཀྱི་ཚོགས་སུ་འགྱུར་བ་ཡིན་ཏེ། མི་ནག་མདུང་ཐུང་ཅན་བསད་པ་དང་། དེད་དཔོན་གྱི་བུ་མོར་བསྒྲོད་པ་སོགས་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་རྔོན་པ་དང་། སྨད་འཚོང་མ་ལ་སོགས་པར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་ཡིན་ཏེ། ལམ་རིམ་ལས། བྱང་ཆུབ་སེམས་དཔའི་འདུལ་དབང་གིས། །རྔོན་དང་སྨད་འཚོང་བསྟན་པའང་རུང་། ཞེས་སོ། །གཉིས་པ་བསྐྱེད་རིམ་གྱི་སྤྱི་དོན་ནི། རྟེན་གཞལ་ཡས་ཁང་བསྐྱེད་པ་དང་། བརྟེན་པ་ལྷ་བསྒོམ་པ་གཉིས་ནི་བསྐྱེད་རྫོགས་གཉིས་ཀའི་ཐུན་མོང་གི་བསླབ་བྱ་ཡིན་པས་ན་སྤྱི་དོན་ཞེས་བཤད་དོ། །གསུམ་པ་སྦས་དོན་ནི། ལས་ཀྱི་ཕྱག་རྒྱ་མ་དང་མཉམ་པར་སྦྱོར་བས་ཚོགས་སུ་དབྱུང་བར་མི་འོས་པའི་འདོད་ཆགས་ཀྱི་ཆོས་ཐམས་ཅད་སྦས་པ་དང་། རང་བྱིན་གྱིས་བརླབ་པ་དང་། རྩ་རླུང་ཐིག་ལེ་བྱེད་བཅིང་སོགས་ཀུན་རྫོབ་བདེན་པའི་སྦས་པའོ། །འདི་སྤྱི་མཐའ་གཉིས་ཀའི་དབུས་སུ་ཆུད་པ་ལ་སྙིང་པོ་ལྟ་བུར་གྱུར་པའི་ཕྱིར་སྦས་པའོ་ཞེས་གསུངས་སོ། །བཞི་བ་མཐར་ཐུག་གི་དོན་ནི། དེ་རྣམས་ལས་རྒྱས་བཏབས་སུ་གྱུར་དོན་དམ་འོད་གསལ་གྱི་དགོངས་པ་ལམ་གྱི་མཐར་ཐུག་པ་དང་། བདེན་གཉིས་ཟུང་འཇུག་ཏུ་རྟོགས་པ་འབྲས་བུའི་མཐར་ཐུག་སྟེ། དེ་ལྟར་ཚུལ་བཞི་པོ་རྡོ་རྗེའི་ཚིག་གཅིག་གི་སྒོ་ནས་གདུལ་བྱ་དབང་པོ་མི་འདྲ་བ་སོ་སོར་འཆད་དགོས་པའི་ཕྱིར། ཚིག་དེའི་བརྗོད་བྱའི་དོན་ལྷག་མ་མ་ལུས་པར་མཐར་ཐུག་པས་མཐར་ཐུག་པ་ཞེས་བཤད་དོ། །རྒྱན་ལྔ་པ་ནི། ཉ ན་བཤད་དབྱེ་བ་རྣམ་པ་གཉིས། །ཚོགས་དང་སློབ་བཤད་གཉིས་སུ་འདོད། །ཞེས་གསུངས་པ་ལྟར། ཚོགས་པ་ལ་བཤད་འོས་པ་དང་། ཐུན་མོང་མ་ཡིན་པའི་དད་ལྡན་གྱི་སློབ་མ་ལ་བཤད་འོས་པ་གཉིས་ལས། དང་པོ་ལ། མཐར་ཐུག་གི་ནང་ནས་དྲང་དོན། དགོངས་པ་ཅན་དང་། སྒྲ་ཇི་བཞིན་པ་དང་། ཚུལ་བཞིའི་ནང་ནས་ཚིག་དོན་དང་། སྤྱི་དོན་རྣམས་དང་། སློབ་བཤད་ནི། མཐའ་དྲུག་གི་ནང་ནས་ངེས་དོན་དང་
དགོངས་པ་ཅན་མ་ཡིན་པ། སྒྲ་ཇི་བཞིན་པ་ཡིན་པ་རྣམས་བཤད་དགོས་སོ། །ཐུན་མོང་མ་ཡིན་པའི་དགོངས་མི ན་ནི་སྦས་མཐར་གཉིས་སུ་འདུས་པ་ཡིན་ནོ། །རྒྱན་དྲུག་པ་ནི། གལ་པོ་ལས། སྣོད་ཀྱི་གང་ཟག་རྣམ་པ་ལྔ། །ཨུཏྤལ་པདྨ་དཀར་དམར་དང་། །ཙནྡ་རིན་པོ་ཆེ་ཡི་དཔེ། ཞེས་གསུངས་པ་ལྟར། ཨུཏྤལ་ལ་སོགས་པའི་དཔེ་དང་མཚུངས་པའི་གང་ཟག་རྣམ་པ་ལྔ་སྟེ། ཨུཏྤལ་ནི་རྩི་བཅུད་འཛིན་པ་ལ་སོགས་པའི་ཡོན་ཏན་ཡོད་ཀྱང་དེ་ཉིད་རྣ་བ་ལ་སོགས་པའི་རྒྱན་དུ་བྱས་ན་མྱུར་དུ་རྙིང་བར་སླ་བས། དཔེ་དེ་བཞིན་དུ་གང་ཟག་དེས་ཀྱང་། སློབ་དཔོན་ལས་ལན་ཅིག་ཐོས་པའི་ཤེས་རབ་ཀྱིས་འཛིན་ནུས་ཀྱང་རྣམ་གཡེང་འདུ་འཛི་ལ་སོགས་པའི་རྐྱེན་གྱིས་བརྗེད་ངས་ཤིན་ཏུ་ཆེ་བ་དང་། པདྨ་དཀར་པོ་ནི་སྔ་མ་ལས་རྙིང་དཀའ་ང་བའི་ཡོན་ཏན་ཡོད་ཀྱང་ཉི་མའི་རེག་བྱ་དང་ཕྲད་ཚེ་ཁ་ཟུམ་པས་བུང་བས་རྩི་བཅུད་ལེན་མི་ནུས་ཏེ། དཔེ་དེ་བཞིན་གྱི་གང་ཟག་དེས་ཀྱང་སློབ་དཔོན་ལས་ལན་ཅིག་ཐོས་པའི་ཤེས་རབ་ཀྱིས་འཛིན་ནུས་པ་དང་བསམ་པའི་ཤེས་རབ་ཀྱི་གོ་བ་ཅུང་ཟད་ཡོད་ཀྱང་། བློ་གྲོས་ཀྱི་སྤོབས་པ་དམན་པས་གཞན་ལ་འཆད་མི་ནུས་པའོ། །པདྨ་དམར་པོ་ནི་རྩི་བཅུད་འཛིན་པ་དང་བུང་བས་ལེན་ནུས་ཀྱང་། རྩི་བཅུད་འཛག་རྐྱེན་པས་ཡོན་ཏན་རིང་དུ་མི་གནས་ཏེ། དཔེ་དེ་བཞིན་དུ་གང་ཟག་དེས་ཀྱང་། དད་བརྩོན་ཤེས་རབ་ཀྱི་བློ་ཁ་ཕྱེ་སྟེ་གཞན་ལ་འཆད་ནུས་ཀྱང་རང་རྒྱུད་མི་བརྟན་པས་ཡོན་ཏན་རིང་དུ་མི་གནས་སོ། །ཙནྡ་སྦྲུལ་གྱི་སྙིང་པོ་ནི། དངོས་པོ་ཆུང་ལ་དྲི་ཆེ་བ། རྩ་བ་རྒྱ་ཆེར་མ་ཟུག་པ། ཡལ་ག་རྒྱས་པ། སྦྲུལ་གདུག་པས་དཀྲིས་ཤིང་གཞན་གྱིས་བླང་མི་ནུས་ཏེ། དཔེ་དེ་བཞིན་གྱི་གང་ཟག་དེས་ཀྱང་ཐོས་པ་ཆུང་ལ་ང་རྒྱལ་ཆེ་བ་ལུང་རིགས་མན་ངག་གསུམ་གྱི་རྩ་བ་མེད་པར་གཞན་ལ་བབ་ཅོལ་དུ་སྨྲ་བས། ཞེ་སྡང་ཤིན་ཏུ་ཆེ་བས་གཞན་ལ་ཕན་མི་ཐོགས་སོ༑ ༑རིན་པོ་ཆེ་ནི་སྐྱོན་དག་ལ་ཡོན་ཏན་དང་ལྡན་ཞིང་དགོས་རྒུ་འབྱུང་བའི་གཞི་རྟེན་དུ་གྱུར་པས། དཔེ་དེ་བཞིན་གྱི་གང་ཟག་དེས་ཀྱང་མཁས་ཤིང་ཁྲིམས་དག་ལ་རྒྱུད་བརྟན་པ་རང་ཉིད་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱིས་ལེགས་པར་རྟོགས་ཏེ་གཞན་ལ་མཁས་པའི་
ཤེས་རབ་བརྩེ་བའི་བསམ་པ་སྦྱོར་བའི་བཟོད་པ་གསུམ་དང་ལྡན་པའི་སྒོ་ནས་གདུལ་བྱ་མཐའ་དག་རྗེས་སུ་འཛིན་ནུས་སོ། །དེ་ལྟར་རིན་པོ་ཆེ་ནི་རབ་དང་། ཨུཏྤལ་ལ་སོགས་པ་གཞན་གསུམ་པོ་འབྲིང་དང་། ཙནྡ་ནི་ཐ་མར་བཤད་དོ། །རིན་པོ་ཆེ་ལྟ་བུའི་གང་ཟག་དེ་ལ་སློབ་བཤད་ཀྱི་སྣོད་དང་། གཞན་བཞི་པོར་ཚོགས་བཤད་ཀྱི་སྣོད་དུ་རུང་བ་ཡིན་ནོ། །རྒྱན་བདུན་པ་ནི། སྔ་མ་ལས། བདེན་པའི་དགོངས་པ་རྣམ་པ་གཉིས། །ཀུན་རྫོབ་དེ་བཞིན་བཤད་པར་བྱ། ཞེས་པས། རྒྱན་སྔ་མ་དྲུག་ལ་བརྟེན་ནས་རྒྱུད་དོན་ཐམས་ཅད་བདེན་གཉིས་སུ་འབྱེད་དེ། བསྐྱེད་རིམ་ཡན་ལག་དང་བཅས་པའི་མཚན་བཅས་རྫོགས་རིམ་ནི་ཀུན་རྫོབ་བདེན་པ་དང་། མཚན་མ་མེད་པའི་རྫོགས་རིམ་དང་འོད་གསལ་གྱི་དགོངས་པ་ནི་དོན་དམ་པའི་བདེན་པའོ། །ཟུང་འཇུག་ཀྱང་ཐོབ་བྱ་ཡིན་པའི་ཕྱིར་རོ། །དེས་རྒྱན་བདུན་གྱི་སྒོ་ནས་བཤད་པ་དེ་སོང་ནས། གཉིས་པ་རྒྱུད་གཞུང་འདི་ཉིད་ཀྱི་འཆད་ཐབས་བཀའ་སྡེ་ཟུར་པ་རྣམས་ཀྱིས་ཆོས་ལྔའི་སྒོ་ནས་འཆད་དེ། རང་བཞིན་དངོས་པོའི་གནས་ཚུལ། མ་རྟོགས་འཁྲུལ་བའི་སྣང་ཚུལ། ཐམས་ཅད་མཁྱེན་པས་གཟིགས་ཚུལ། བརྩེ་བའི་ཐུགས་རྗེ་སྐྱེ་ཚུལ། འགྲོ་དོན་ཇི་ལྟར་མཛད་ཚུལ་དང་ལྔ་ལས། དང་པོ་ནི། སོ་སོ་རང་གི་རིག་པའི་ཤེས་རབ་ཀྱིས་རྟོགས་རུང་མ་རྟོགས་རུང་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་སངས་རྒྱས་པར་འདོད་དེ། རྒྱས་པ་ལས། འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ལས་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོའོ། །ཞེས་སོ། །གཉིས་པ། མ་རྟོགས་འཁྲུལ་བའི་སྣང་ཚུལ་ནི། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་དེ་ལྟར་ཡིན་རུང་། དེ་སེམས་ཅན་རྣམས་ཀྱིས་མ་རྟོགས་ཏེ། དེ་ལྟར་རྟོགས་པའི་རྒྱུ་ནི། ལྷན་ཅིག་སྐྱེས་པའི་མ་རིག་པས་རང་ངོ་མ་ཤེས་ཤིང་། རྐྱེན་ཀུན་ཏུ་རྟོགས་པའི་མ་རིག་པས་བློ་ཕྱིན་ཅི་ལོག་ཏུ་བསྒྱུར་ནས་འཛིན་ཞེན་རང་ག་མར་སྤྱད་པས་རིགས་དྲུག་གི་སྡུག་བསྔལ་འདི་ལྟར་མྱོང་དགོས་ཏེ། ཐལ་འགྱུར་ལས། མ་རིག་པ་ནི་རྣམ་པ་གསུམ། །བདག་ཉིད་
གཅིག་པུས་འཁྲུལ་རྩ་བྱས། །ཞེས་དང་། ཟངས་ཐལ་ལས། ལྷན་སྐྱེས་ཀུན་བརྟགས་འདི་ཉིད་ལས། འགྲོ་བའི་རྣམ་པར་རྟོག་པ་ཇི་སྙེད་པས་འགྲོ་བ་ལྔའི་རིགས་བསམ་གྱིས་མི་ཁྱབ་པ་ཞེས་དང་། དྲན་པ་ཉེར་བཞག་ལས། འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། ཞེས་སོ། །གསུམ་པ་ཐམས་ཅད་མཁྱེན་པས་གཟིགས་ཚུལ་ནི། སངས་རྒྱས་ཀྱི་ཐུགས་རྗེས་སེམས་ཅན་གྱི་ཁམས་ལ་ཇི་ལྟ་བ་དང་། ཇི་སྙེད་པ་དབྱེར་མེད་མཁྱེན་པའི་ཡེ་ཤེས་གསུམ་གྱིས་གཟིགས་པ་སྟེ། ཆོས་ཀྱི་དབྱིངས་གཞན་མ་ཡིན་པར་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་སྣང་སྲིད་འཁོར་འདས་ཀྱི་ཆོས་རང་བཞིན་མི་དམིགས་པ་ས་ལེར་གཟིགས་པའོ། །ཡེ་ཤེས་ལས་གཞན་མ་ཡིན་པ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས་རིགས་དྲུག་གི་གནས་མཐོ་དམན་དང་། ལུས་བཟང་ངན། ལོངས་སྤྱོད་ཆེ་ཆུང་དང་མཐར་འབྲས་བུ་ཇི་ལྟར་ཐོབ་ཚུལ་སོགས་དཔེར་ན་གྱང་ལོགས་ལ་རི་མོའི་འདུ་བྱེད་བཀོད་པ་ལྟར་མ་འདྲེས་པ་སོ་སོར་གཟིགས་པའོ། །དབྱིངས་ཡེ་ཤེས་ཟུང་འཇུག་ལས་གཞན་མ་ཡིན་པའི་དབྱེར་མེད་མཁྱེན་པའི་ཡེ་ཤེས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་དབྱེར་མི་ཕྱེད་པས་དཔེར་ན་མེ་ལོང་ནང་གི་གཟུགས་བརྙན་བཞིན་སྣང་ལ་རང་བཞིན་མ་གྲུབ་པར་གཟིགས་པའོ། །བཞི་པ་བརྩེ་བའི་ཐུགས་རྗེ་སྐྱེ་ཚུལ་ནི། སྤྱིར་སངས་རྒྱས་ཀྱི་ཐུགས་རྗེ་ཞེས་པ་སེམས་ཅན་ལ་ཕན་པའི་གཞི་ཡིན་ལ། ངོ་བོ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའོ། །དེ་ལ་དབྱེ་ན༑ རིམ་གསུམ་ལས། རྟག་རྒྱུན་རང་བཞིན་ཐུགས་གསོལ་དང་། །ཡུལ་དང་ཕྲད་ན་འབྱུང་བར་སྣང་། ཞེས་གསུངས་པ་ལྟར་བཞི་ལས། དང་པོ་རྟག་རྒྱུན་གྱི་ཐུགས་རྗེ་ནི། སངས་རྒྱས་ཀྱི་ཐུགས་རྗེ་ནི་སེམས་ཅན་གྱི་ཁམས་ལ་རྟག་པར་རྒྱུན་དུ་གཟིགས་ཏེ། དཔེར་ན་ཆུ་བོའི་རྒྱུན་བཞིན་ནོ། །གཉིས་པ་རང་བཞིན་ཤུགས་ཀྱི་ཐུགས་རྗེ་ནི། སངས་རྒྱས་ཀྱི་ཐུགས་རྗེ་སེམས་ཅན་གྱི་ཁམས་ལ་འཇུག་པ་ནི་རྒྱུ་རྐྱེན་དང་རྩོལ་རྟོག་སོགས་མི་མངའ་བར་རང་བཞིན་གྱིས་གྲུབ་པ་སྟེ། དཔེར་ན་ཉི་མའི་དཀྱིལ་འཁོར་ལས་འོད་ཟེར་འབྱུང་བ་བཞིན་ནོ། །གསུམ་པ་བསྐུལ་བཞིན་གསོལ་བ་བཏབ་པའི་ཐུགས་རྗེ་ནི། སངས་རྒྱས་རྣམས་ལ་བསྐུལ་
བཞིན་གསོལ་བ་བཏབ་ན་ཐུགས་རྗེ་ལྷག་པར་སྐྱེ་སྟེ། དཔེར་ན་བཀྲེས་སྐོམ་གྱིས་ཕོངས་པས་གདུང་བའི་མི་རྣམས་ཀྱིས་སྨྲེ་སྔགས་བཏོན་པས། སྙིང་རྗེ་ཅན་རྣམས་ཀྱིས་སྦྱིན་པ་ལྷག་པར་གཏོང་བ་བཞིན་ནོ། །བཞི་པ་ཡུལ་དང་འཕྲད་པའི་ཐུགས་རྗེ་སྐྱེ་ཚུལ་ནི། གདུལ་བྱ་དུས་ལ་བབ་ཚེ་ཐབས་མཁས་ཀྱི་མཛད་པ་སྣ་ཚོགས་སུ་སྟོན་པ་སྟེ། ཁྱད་པར་རུ་ཏྲ་ནི་མཛངས་པ་སྤྱོད་ལོག་བྱེད་པ་ལྟ་བུར་གཟིགས་ནས་དེའི་ལས་ཀྱི་རྣམ་སྨིན་གྱི་རྒྱུན་གཅོད་པའི་ཕྱིར། སྦྱོར་སྒྲོལ་ལ་སོགས་པའི་ཐབས་མཁས་ཀྱི་མཛད་པས་བསྐུལ་བ་བཞིན་ནོ། །ལྔ་པ་འགྲོ་དོན་ཇི་ལྟར་མཛད་ཚུལ་ནི། རྟེན་ཅན་གྱིས་དོན་མཛད་པ། རྟེན་མེད་ཀྱིས་དོན་མཛད་པ། གནས་ལུགས་ངོ་བོ་ཉིད་ཀྱིས་དོན་མཛད་ཚུལ་སོགས་མང་ཙམ་དུ་ཡོད་ཀྱང་། སྐབས་འདིར་རྒྱུད་གཞུང་འདི་ཉིད་གྱི་དབང་དུ་བྱས་ན། དངོས་ལོངས་སྐུ་དང་། བྱིན་རླབས་སྤྲུལ་སྐུས་དོན་མཛད་པ་གཉིས་ལས། དང་པོ་དངོས་ལོངས་སྐུས་དོན་མཛད་པ་ནི། གནས་འོག་མིན་ཆེན་པོར་རིགས་བདག་དྲུག་པས་ལྷན་ཅིག་བྱེད་པའི་འཁོར་ལ་ཟབ་དབང་བསྐུར་བས་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པ་དང་། མ་འོངས་པའི་གདུལ་བྱ་ལ་དགོངས་ཏེ་གསུངས་པ་ལམ་གསང་བའི་སྙིང་པོ་ད་ལྟར་སྣང་བ་འདི་ཉིད་དེ། དེ་ལས། འོག་མིན་བླ་མེད་སོགས་ཚིགས་བཅད་གཅིག་གིས་བསྟན་ནོ། །གཉིས་པ་བྱིན་རླབས་སྤྲུལ་སྐུས་དོན་མཛད་པ་ནི། སྟོན་པའི་ཐུགས་ཡེ་ཤེས་ཀྱི་བྱིན་རླབས་ལས། མཆོག་གི་སྤྲུལ་སྐུ་ཐུབ་པ་དྲུག་ལ་སོགས་པ་སྤྲོས་ཏེ་རིགས་དྲུག་སོ་སོའི་བློ་དང་འཚམས་པར་བསྡུ་བ་རྣམ་བཞིས་དོན་མཛད་པ་སྟེ། འདི་ཉིད་ལས། ཕྱོགས་བཅུའི་འཇིག་རྟེན་རྡུལ་སོགས། ཞེས་དང་། ཕལ་པོ་ཆེ་ལས། སྤྲུལ་པ་མང་པོ་བྱེ་བ་སོགས། ཞེས་སོ། །དེས་ཟུར་པ་རྣམས་ཀྱིས་ཆོས་ལྔའི་སྒོ་ནས་འཆད་པ་སྟེ་དེ་དག་གིས་སྟོན་པས་གསུངས་པའི་རྒྱུད་འཆད་ཚུལ་གྱི་རིམ་པ་གོ་ལོང་ཙམ་དུ་བཤད་ཟིན་ནས། གཉིས་པ་མཁས་པས་བཀྲལ་བའི་མན་ངག་གི་འཆད་ཐབས་ནི། ལུང་མཆོག་གི་བླ་མ་ལས། ཐོས་བྱུང་གསར་བུ་ཡིད་ཆེས་བསྐྱེད་པའི་ཕྱིར། །མན་ངག་སྤྱི་དོན་རྩིས་མགོ་ཀླད་
ནས་གཞོལ། ཞེས་གསུངས་པ་ལྟར་རྩིས་མགོ་ཡན་ལག་ལྔའི་སྒོ་ནས་འཆད་དེ། དེ་ཡང་ཁུངས་ལ་ཡིད་ཆེས་བསྐྱེད་ཕྱིར་སློབ་དཔོན་གང་གིས་མཛད་པ་ནི། སྤྱིར་མཁས་ཤིང་གྲུབ་པ་བརྙེས་པའི་རྒྱ་བོད་ཀྱི་ལོ་པཎ་རྒྱུད་འདི་ཉིད་ཀྱི་དགོངས་འགྲེལ་མཛད་པ་པོ་ཐམས་ཅད་དང་། ཁྱད་པར་དུ་གཡུ་སྒྲའི་ཟློས་གར་མང་ཐོས་ལོ་ཙཱ་བ་ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོའི་སྡེ་ཞེས་མཚན་གྱི་གྲགས་པའི་བ་དན་དཀར་པོ་སྲིད་རྩེར་གཡོ་བ་དེ་ཉིད་ཀྱིས་སོ ། །གཉིས་པ་བཀའ་དང་མི་འགལ་ཞིང་ཐེག་པའི་རང་གཞུང་ཚུགས་པར་བྱ་བའི་ཕྱིར་རྒྱུད་གང་ལས་བཏུས་ཤིང་ཕྱོགས་གང་དུ་གཏོགས་པ་ནི། རྒྱུད་ནི་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས་བཏུས་ཤིང་། ཕྱོགས་ནི་མ་ཧཱ་ཡོ་ག་སྟེ་རྣལ་འབྱོར་ཆེན་པོའི་ཕྱོགས་སུ་གཏོགས་པའོ། །གསུམ་པ་བསྟན་པ་ལ་མཚན་ངེས་ཤིང་དོན་གྱི་མདོ་ཙམ་ཞིག་སྟོན་པའི་ཕྱིར་མཚན་སྤྱི་ལ་བཏགས་པ་ནི། རྒྱུད་འདིའི་དགོངས་འགྲེལ་མན་ངག་གི་བསྟན་བཅོས་རྣམས་ལ་མཚན་གྱི་འདོགས་ཚུལ་སྣ་ཚོགས་སུ་ཡོད་ཀྱང་། འདི་ནི་བརྗོད་བྱའི་དོན་མ་འཁྲུལ་ཞིང་རྗོད་བྱེད་གྱི་ཚིག་སྦྱོར་ཕུན་སུམ་ཚོགས་པ་དང་ལྡན་པའི་ཆ་ནས་སྡུད་པ་སོ་སོའི་དགོངས་པ་དབྱེར་མེད་པ་རྒྱུ་མཚན་དུ་བྱས་ཏེ་མཚན་དུ་གསོལ་བ་གསང་བདག་དགོངས་པའི་རྒྱན་ཞེས་བྱ་སྟེ། རྗེ་གཏེར་ཆེན་བླ་མས། ངག་གི་དབང་ཕྱུག་གྲུབ་པའི་ལྷ། །ཆོས་དཔལ་རྒྱ་མཚོའི་རྣམ་དཔྱོད་ལས། །འཁྲུངས་པའི་ཡིད་བཞིན་ནོར་བུ་ནི། །གསང་བདག་དགོངས་པའི་རྒྱན་དུ་ཤར། ཞེས་སོ། །བཞི་པ་རྩོམ་པ་དོན་ཡོད་པར་བྱ་བའི་ཕྱིར་གང་ཟག་གང་གི་དོན་དུ་མཛད་པ་ནི། རྒྱུད་འདི་ཉིད་ལ་ཐོས་བསམ་ལྟ་བུར་བྱེད་པའི་གང་ཟག་དབང་པོ་རབ་འབྲིང་ཐ་མ་གསུམ་གྱི་དོན་དུ་མཛད་དོ། །ལྔ་པ་བརྗོད་བྱའི་དོན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དབུ་ཞབས་སུ་བསྡུས་པའི་དོན་དུ་བསྟན་པ་ནི། རྒྱུད་དབུ་ཞབས་ཀྱི་དོན་མ་ལུས་པ་ཚིག་འབྲུ་གཉེར་གྱི་སྒོ་ནས་བཀྲོལ་བ་འབྲུ་འགྲེལ་དང་། ལྟ་སྒོམ་སྤྱོད་པ་སོགས་ཀྱི་གནད་འགག་ཟུར་དུ་བཀོལ་བ་མན་ངག་ཕྲན་ཚེགས་དང་། སྤྱི་དོན་ལྔར་དབྱེ་བ་སོགས་རྒྱུད་དོན་བདེ་བླག་ཏུ་སྟོན་པའི་བཤད་བཀའ་སྙན་ནས་སྙན་དུ་བརྒྱུད་པའི་མན་ངག་རྣམས་ལས། འདི་ནི་དེ་དག་ཐམས་
ཅད་ཀྱི་ལེགས་བཤད་སྙིང་པོར་དྲིལ་བ་སྟེ། གང་ཟག་དབང་པོ་རབ་འབྲིང་ཐ་གསུམ་གྱི་བློ་དང་འཚམ་པར་མཚན་དང་སྤྱི་དོན་འབྲུ་གཉེར་གསུམ་གྱི་སྒོ་ནས་བཀྲོལ་ཏེ་འཆད་པའི་ཚུལ་དུའོ། །གཞན་ཡང་སྒེག་པ་རྡོ་རྗེས་རྒྱུད་གསུམ། སྣང་བ་བཞིར་བསྡུས་ནས་འཆད་པ་དང་། སྔ་རབ་པ་རྣམས་ཀྱི་འཆད་ཚུལ་མདའ་ལྟར་རྩེ་མོ་ནས་བཟུང་སྟེ་འཆད་ཅེས་པ་རྒྱུད་འདིའི་མཚན་ཀྱི་རྣམ་གྲངས་ནང་དུ་ཆོས་ཐམས་ཅད་གཞི་ལམ་འབྲས་གསུམ་དུ་བསྡུས་ནས་འཆད་པ་དང་། མདུང་ལྟར་རྐེད་པ་ནས་བཟུང་སྟེ་འཆད་ཅེས་པ་འདི་ཉིད་ཀྱི་ལེའུ་ལྔ་པའི་ནང་དུ་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་བསྡུས་ཏེ་འཆད་པ་དང་། རལ་གྲི་ལྟར་ཡུ་བ་ནས་བཟུང་སྟེ་འཆད་ཅེས་པ་འདི་ཉིད་ཀྱི་ལེའུ་ཐ་མའི་ནང་དུ་ཆོས་ཐམས་ཅད་སྣང་བ་བཞིར་བསྡུས་ནས་འཆད་པ་སོགས་མཚོན་དཔེ་དང་སྦྱར་བའི་འཆད་ཚུལ་དང་། གཞན་ཡང་རྗོད་བྱེད་སྒྲའི་རྒྱུད་འཆད་ཚུལ་ལའང་སྤང་བྱའི་སྐྱོན་བརྒྱད་དང་། བླང་བྱའི་ཡོན་ཏན་རྒྱུད་གཞུང་སྤྱི་དང་བྱེ་བྲག་ལ་འཇུག་པའི་བཤད་ཐབས་འདྲེན་པའི་ཚིག་བཅུ་ལ་སོགས་པ་འཆད་ཚུལ་གྱི་རྣམ་གྲངས་མང་ཙམ་དུ་ཡོད་པའི་ཕྱིར་རོ། །དེ་རྣམས་ཀྱིས་ནི་སྔོན་དུ་འགྲོ་བ་སྤྱིའི་རྣམ་བཞག་བཤད་པའོ། །གཉིས་པ་དངོས་གཞི་དཀྱུས་སུ་འཇུག་པ་ལ་ཡང་། འདི་ཉིད་ཀྱི་ལེའུ་བཅུ་པ་ལས། རབ་འབྲིང་ཐ་མའི་བློ་ཅན་ལ། །མཐུན་པར་གསང་སྒྲོགས་གཞན་དུ་མིན། ཞེས་པས་རྒྱུད་འདི་ཉིད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་དབང་པོ་རབ་འབྲི ང་ཐ་གསུམ་ལ་ལྟོས་ནས་འཆད་ཚུལ་གསུམ་དུ་ཡོད་དེ། ཁོག་གཞུང་ལས། རབ་ལ་མཚན་བསྟན་འབྲི ང་ལ་དབྱེ། །ཐ་མར་འབྲུ་གཉེར་དགྲོལ་བའོ། །ཞེས་པས་མགོ་སྨོས་པས་གོ་བའི་གང་ཟག་དབང་པོ་ཡང་རབ་རྣམས་ལ་རྒྱུད་ཀྱི་མཚན་བསྟན་པ་དང་། དབང་པོ་འབྲིང་པོ་རྣམས་ལ་སྤྱི་དོན་རྣམ་པར་དབྱེ་བས་བཤད་པ་དང་། དབང་པོ་ཐ་མ་རྣམས་ལ་རྒྱུད་ཀྱི་ཚིག་འབྲུ་རེ་གཉེར་རེའི་སྒོ་ནས་སྤྲོས་ཏེ་འཆད་པ་དང་བཅས་པའི་རྩ་བའི་ས་བཅད་རྣམ་པ་གསུམ་དུ་ཡོད་པ་ལས། དང་
པོ་མགོ་སྨོས་པས་གོ་བའི་གང་ཟག་དབང་པོ་ཡང་རབ་རྣམས་ལ་རྒྱུད་ཀྱི་མཚན་བཤད་པ་ནི༑ ཐུགས་ཐིག་ལས། དང་པོར་མཚོན་པ་མཚན་གསུམ་ལྡན། ཞེས་དང་། ཁོག་གཞུང་ལས། རབ་མཚན་ཐ་སྙད་གསུམ་དུ་གྲགས། །སྒྱུ་འཕྲུལ་སྙིང་པོ་ལུང་གི་སྤྱི། །ལག་གི་རྩ་བཞིན་དབུ་ཞབས་རྟོགས། །སྐལ་བ་ཅན་གྱི་ཆེད་ཕྱིར་རོ། །ཞེས་པས་བསྟན། དེ་ལ་རབ་མཚན་དེ་ལ་གསུམ་དུ་གྲགས། ཞེས་པ། གང་ཟག་དབང་རབ་དེ་ལ་རྒྱུད་ཀྱི་མཚན་ཐ་སྙད་གསུམ་ཡོད་ཞེས་པའི་དོན་ཡིན། གསུམ་གང་ཞེ་ན། སྒྱུ་འཕྲུལ་སྙིང་པོ་ལུང་གི་སྤྱི། ཞེས་པས། སྒྱུ་འཕྲུལ་ཞེས་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་དང་མཐུན་པའི་མཚན། སྙིང་པོ་ཞེས་པ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་མན་ངག་དང་མཐུན་པའི་མཚན། ལུང་གི་སྤྱི་ཞེས་པ་མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱིར་གྱུར་པས་ན་ལུང་དང་མཐུན་པའི་མཚན་སྟེ། དེ་ལྟར་རྒྱུད་ལུང་མན་ངག་གསུམ་གྱི་མཚན་ཙམ་ལ་བརྟེན་ནས་རྒྱུད་དོན་རྟོགས་ཚུལ་ཇི་ལྟ་བུར་རྟོགས་ཤེ་ན། ལག་གི་རྩ་བཞིན་དབུ་ཞབས་རྟོགས། ཞེས་དཔེ་དང་དཔེ་ཅན་གཉིས་ཀྱིས་བསྟན་ཏེ། དཔེར་ན་སྨན་པ་མཁས་པས་ནད་པའི་རྩ་ལ་ཚོན་གན་ཆག་གསུམ་མ་འདྲེས་སྙོམས་པར་བཞག་སྟེ་བལྟས་པས་ལུས་མགོ་མཇུག་གི་ནད་ངོས་ཟིན་པ་བཞིན་དུ། གང་ཟག་དབང་པོ་ཡང་རབ་དེས་ཀྱང་རྒྱུད་ལུང་མན་ངག་གི་མཚན་ཙམ་ལ་བརྟེན་ནས་རྒྱུད་དོན་རྟོགས་པ་ནི་གང་ཟག་སྐལ་ལྡན་དབང་རབ་རྣམས་ཀྱི་སྤྱོད་ཡུལ་ཡིན་ལ། སྐལ་མེད་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པས་ན་སྐལ་བ་ཅན་གྱི་ཆེད་ཕྱིར་རོ། །དེ་ལ་ཡང་མཚན་དོན་ཐ་སྙད་གསུམ་ཡོད་པ་ལས། དང་པོ་རྒྱུད་དང་། དཀྱིལ་འཁོར་གྱི་གཙོ་བོ་དང་། འཆད་པའི་སྐྱེས་བུ་གསུམ་གྱི་མཚན་ཐུན་མོང་དུ་བསྟན་པ་ནི། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞེས་པ་དེས་བསྟན། དེ་ལ་ཡང་མཚན་གྱི་ཟུར་དང་པོ་རྡོ་རྗེ་སེམས་དཔའ་བཤད་པ་དང་། ཟུར་གཉིས་པ་སྒྱུ་འཕྲུལ་དྲྭ་བ་བཤད་པ་གཉིས་སུ་ཡོད་པ་ལས། དང་པོ་ལ་ཡང་ནང་གསེས་ཀྱིས་དབྱེ་ན། རྡོ་རྗེ་བཤད་པ་དང་། སེམས་དཔའ་བཤད་པ་དང་གཉིས་སུ་ཡོད་པ་ལས། དང་པོ་རྡོ་རྗེ་བཤད་པ་ནི། བཤད་རྒྱུད་མེ་ལོང་ལས། ཐ་དད་མེད་པའི་རང་བཞིན་ཉིད། །རྡོ་རྗེ་
ཞེས་ནི་བཤད་པ་ཡིན། ཞེས་པས། རྡོ་རྗེ་ནི་རང་བཞིན་དབྱེར་མི་ཕྱེད་པས་ཤེས་རབ་སྟོང་པ་ཉིད་དང་ཞེས་པ་དེས་བསྟན། དེའི་དོན་ནི། རྡོ་རྗེའི་རང་བཞིན་གང་དང་དབྱེར་མི་ཕྱེད་ཅེ་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་གནས་ལུགས་སྟོང་པ་ཉིད་དུ་གནས་པ་དེ་ལ་རྡོ་རྗེ་ཞེས་བཤད་པ་ཡིན་ཏེ། མཉམ་སྦྱོར་ལས། རྡོ་རྗེ་སྟོང་པ་ཉིད་དུ་བཤད། །སེམས་དཔའ་ཡེ་ཤེས་ཆེན་པོ་སྟེ། ཞེས་སོ། །ཐ་དད་མེད་ཅེས་པ། འཁོར་འདས་གཉིས་སྣང་ལུགས་ལ་བཟང་ངན་ཐ་དད་ཀྱང་རང་བཞིན་ནམ་གནས་ལུགས་ལ་ཐ་མི་དད་གཅིག་གི་ངོ་བོར་གནས་པ་དེ་ལ་ཐ་དད་མེད་ཅེས་པ་དང་། རང་བཞིན་ནི་རྒྱལ་བས་ཀྱང་མ་མཛད། འགྲོ་བས་ཀྱང་མ་བཅོས། བཅོས་མ་གློ་བུར་གྱི་ཆོས་ལྟ་བུ་མ་ཡིན་པར་གདོད་མ་ཁུངས་ཐུབ་ཀྱི་ཆོས་ཡོངས་གྲུབ་རྟག་པ་འདུས་མ་བྱས་གསུམ་གྱི་རང་བཞིན་དུ་གནས་པ་ཡིན་ཏེ། དབུ་མ་རྩ་ཤེར་ལས། རང་བཞིན་དག་ནི་བཅོས་མིན་པར། །གཞན་ལ་ལྟོས་པ་མེད་པའོ། །ཞེས་དང་། སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ། སྨྲ་བསམ་བརྗོད་མེད་ཤེས༴ སོགས། ཞེས་སོ༑ ༑སྟོང་ཉིད་དེ་དག་མདོ་ཧྲིལ་གྱིས་བསྡུ་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་སུ་འདུས་ཤིང་སེམས་སྟོང་པ་ཉིད་དུ་གནས་པ་དེ་ལ་རྡོ་རྗེ་ཞེས་བཤད་པ་ཡིན་ཏེ། མཉམ་སྦྱོར་ལས། སེམས་ཅན་ཀུན་གྱི་སེམས་གང་ཞིག །རྡོ་རྗེ་ཞེས་ནི་བཤད་པ་ཡིན། ཞེས་དང་། བྲམ་ཟེ་ས་ར་ཧས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་སྟེ། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་དང་། སློབ་དཔོན་དགའ་རབ་རྡོ་རྗེས། སེམས་ཀྱི་རང་བཞིན་ཡེ་ནས་བུདྡྷ་སྟེ། །སེམས་ལ་སྐྱེ་འགགས་མེད་པ་ནམ་མཁའ་འདྲ། ཞེས་དང་། ཅིས་ཀྱང་མི་ཤིགས་མི་ཚུགས་པའི། །སྟོང་པའི་གོ་ཆ་བླ་ན་མེད། །མཚན་མའི་ཡུལ་ཀུན་བཅོམ་ནས་ཀྱང་། །ཐམས་ཅད་ཀུན་ལས་རྒྱལ་བར་བྱེད། ཅེས་དང་། བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་དང་། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་
ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་བདེ་གཤེགས་སྙིང་པོ་ཅན། ཞེས་སོ། །སེམས་སྟོང་པ་ཉིད་དུ་གནས་པ་དེ་ལ་རྡོ་རྗེ་ཞེས་འདོགས་པའི་རྒྱུ་མཚན་ཇི་ལྟ་བུ་ཞེ་ན། དཔེ་འཇིག་རྟེན་ན་དྲང་སྲོང་ཞོ་འཐུང་གི་རུས་པ་ལས་གྲུབ་པའི་རྫས་རྡོ་རྗེ་ཕ་ལམ་མམ་བཛྲ་ཧི་ར་ཞེས་པའི་དངོས་པོ་ཞིག་ཡོད་པ་དེས་ཕར་མཚན་མའི་དངོས་པོ་ཐམས་ཅད་གཞོམ་པར་བྱེད་ལ་ཚུར་དེའི་ངོ་བོ་ལ་མཚན་མའི་དངོས་པོ་གང་གིས་ཀྱང་གཞོམ་དུ་མེད་པས་ན་རྡོ་རྗེ་ཞེས་སུ་བཤད་པ་བཞིན་དུ། སེམས་སྟོང་པ་ཉིད་དུ་གནས་པ་དེས་ཕར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་སྤྲོ་བསྡུའི་བྱེད་པོ་ནུས་ཤིང་ཚུར་རྟོག་ཚོགས་ལས་ཉོ ན་གྱི་བག་ཆགས་སྡིག་པའི་ཕུང་པོ་ཇི་ཙམ་ཞིག་བསགས་ཀྱང་། སེམས་ཉིད་དེའི་ངོ་བོ་ལ་གང་གིས་ཀྱང་གཞོམ་དུ་མེད་ཅིང་ཡོན་ཏན་བྲི་གང་མེད་པར་གནས་པ་སྟེ་དཔེ་འདམ་བུའི་དབུས་ན་ཆུའི་རང་བཞིན་དྲི་མ་མེད་པར་གནས་པ་ལྟར། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ས་ཡི་ནང་ན་གནས་པའི་ཆུ༑ ༑དྲི་མ་མེད་པར་ཡང་དག་གནས། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། ཞེས་དང་། ཕུར་པའི་རྒྱ་མདུད་འགྲེལ་ཆེན་ལས། ཆོས་དབྱིངས་སྐྱེ་མེད་རྡོ་རྗེས་ཕར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་མཚན་མ་འཇོམ་པར་བྱེད་ལ། ཚུར་སྙིང་པོས་མི་ཚུགས་པའོ། །ཞེས་དང་། བཤད་རྒྱུད་རྡོ་རྗེ་རྩེ་མོ་ལས། རྡོ་རྗེ་རྡོ་རྗེ་ཞེས་གསུངས་པ༑ ༑ཅི་ཕྱིར་རྡོ་རྗེ་བརྗོད་པར་བྱ། །སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །བཅད་དང་གཞིག་པར་བྱ་བ་མེད། །བསྲེག་པར་བྱ་མིན་འཇིག་མེད་པས། །སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། ཞེས་སོ༑ ༑གཞན་ཡང་རྒྱལ་བས་རྡོ་རྗེའི་ཡོན་ཏན་བརྗོད་པའི་ཚེ། རྡོ་རྗེ་རྣམ་པར་འཇོམ་པའི་མདོ་ལས། རྡོ་རྗེ་ནི་མི་ཆོད་པ་སོགས། རྡོ་རྗེའི་ཆོས་བདུན་ལྡན་དུ་གསུངས་པའི་ཕྱིར་རོ། །གཉིས་པ་སེམས་དཔའ་བཤད་པ་ནི། བཤད་རྒྱུད་མེ་ལོང་ལས། ཆོས་རྣམས་མ་ལུས་གཉིས་མེད་པའི། །རང་རིག་བྱང་ཆུབ་སེམས་ཉིད་དོ། །ཞེས་པ་དེས་བསྟན། དེ་ལ། ཆོས་རྣམས་མ་ལུས་གཉིས་མེད་ཅེས་པ། སྲིད་པ་འཁོར་བ་དང་། ཞི་བ་མྱང་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་དབྱེར་མེད་གཅིག་གི་ངོ་བོར་གནས་པ་དང་། རང་རིག་ཅེས་པ་རང་
རིག་པའི་ཡེ་ཤེས་དེ་ཉིད་གློ་བུར་གསར་བྱུང་གི་ཆོས་ལྟ་བུ་མ་ཡིན་པར་གདོད་མ་ནས་རང་ལ་རང་ཆས་སུ་གནས་པ་དང་། བྱང་ཆུབ་ཅེས་པ་སྤང་ཐོབ་མེད་པའི་དོན་ཏེ། སྤང་བྱ་བདུད་བཞི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤང་རྒྱུ་དང་། ཐོབ་བྱའི་ཡོན་ཏན་སྟོབས་བཅུ་དང་འབྲས་ཆོས་ཉེར་ལྔ་པ་སོགས་པ་གསར་དུ་ཐོབ་རྒྱུ་མེད་པའི་དོན་གྱིས་ན་བྱང་ཆུབ་ཅེས་བྱ་སྟེ། རྒྱས་པ་ལས། ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཤད། ཅེས་དང་། བྱང་ནི་ཉོན་མོངས་བག་ཆགས་བྱང་། །ཆུབ་ནི་ཆོས་སྐུ་ཐིག་ལེའི་ཆུབ། །ཆེ་བ་རང་བྱུང་ཡེ་ཤེས་ཏེ། །དེ་ཕྱིར་བྱང་ཆུབ་སེམས་ཞེས་བྱ། ཞེས་ཀུན་འདུས་རིག་པའི་མདོ་ལས་སོ། །སེམས་ཉིད་དོ་ཞེས་སེམས་ཉིད་དེ་ལས་ལོགས་སུ་གྱུར་པའི་འཁོར་འདས་གྱི་ཆོས་ནི་རྡུལ་ཙམ་ཡང་མེད་དེ། བརྟགས་གཉིས་ལས། རིན་ཆེན་སེམས་ལས་ཆེར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། ཅེས་དང་། སློབ་དཔོན་དཔལ་དབྱངས་ཀྱིས། ཆོས་རྣམས་སེམས་ཀྱིས་འཕྲུལ་པ་སྟེ། །སེམས་ལས་མ་གཏོགས་ཆོས་མེད་དོ། །ཞེས་སོ། །དོན་དམ་པར་དཀོན་མཆོག་གསུམ་ཡང་རང་གི་སེམས་ཉིད་ལས་ལོགས་སུ་གྱུར་པ་མེད་དེ། ཡེ་ཤེས་གྲུབ་པའི་རྒྱུད་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོགཞེས་དང་། རོང་ཟོམ་ཆོས་བཟང་གིས། དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཆུབ་སེམས། ཞེས་སོ། །འདིར་གསང་སྔགས་གསར་མའི་ཀྱེ་རྡོ་རྗེའི་རྒྱུད་དང་། རྡོ་རྗེ་མཁའ་འགྲོ་གུར་གྱི་རྒྱུད་ཅེས་པ་ཡང་རྒྱུད་འདི་ཉིད་དང་ཐ་དད་མེད་ཅེས་གསུང་རྒྱུན་དུ་གནང་བ་ཡིན་ཏེ། ཧེ་ནི་སེམས་ཅན་རྣམས་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་སྟེ་ཐབས་དང་། བཛྲ་ནི་རྡོ་རྗེ་སྟེ་དོན་ལ་ཤེས་རབ་སྟོང་པ་ཉིད་དོ། །ཀྱེ་རྡོ་རྗེ་བརྗོད་བྱ་དོན་གྱི་རྒྱུད་དུ་གྲུབ་པ་ཡིན་ཏེ། རྒྱུད་སྡེ་གཉིས་ལས། ཧེ་ནི་ཐབས་ཀྱི་རང་བཞིན་ཉིད། །བཛྲ་ཤེས་རབ་བརྗོད་པར་བྱ། །ཐབས་དང་ཤེས་རབ་གང་ཡིན་པ། །དེ་ཉིད་ང་ཡིས་བཤད་ཀྱིས་ཉོན། ཞེས་སོ། །རྡོ་རྗེ་མཁའ་འགྲོ་གུར་གྱི་རྒྱུད་ཅེས་པར། རྡོ་རྗེ་ནི་སྔ་མ་བཞིན་དང་། མཁའ་འགྲོ་ནི་ཆོས་སྐུ་ནམ་མཁའ་དང་
མཉམ་པས་ནམ་མཁའ་དང་། གཟུགས་སྐུ་གཉིས་སངས་རྒྱས་ཀྱི་ཞིང་རྣམས་སུ་ཁྱབ་པར་འགྲོ་བས་ན་འགྲོ་དང་། གུར་ནི་དྲ་བ་དང་དྲ་བས་ཕན་ཚུན་ཁྱབ་པར་འབྲེལ་བས་ཡེ་ཤེས། རྒྱལ་བ་ཀུན་གྱི་ཐུགས་རྗེའི་སྤྱི་གཟུགས་ཡིན་པའི་ཕྱིར་ཏེ། གུར་གྱི་རྒྱུད་ལས། སྟོང་ཉིད་སྙིང་པོ་ཐ་དད་མེད། །གང་དུ་སེམས་ནི་རྣམ་སྒོམ་པ། །དེ་ནི་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་དང་བསྟན་པ་ཡིན། ཞེས་སོ། །དེ་དག་ནི་ཞར་བྱུང་འཕྲོས་དོན་ཙམ་དུ་བཀོད་པའོ། །ད་ནི་གཞུང་གི་དཀྱུས་ལ་འཇུག སེམས་དཔའ་ཞེས་པ་ས་ཏྭའི་སྒྲ་ལས་དྲངས་ན། དོན་ཚན་དྲུག་ཙམ་ལ་འཇུག་སྟེ། དཔའ་བ་དང་། སྙིང་སྟོབས་ཆེ་བ། ཤེས་རིག སེམས་ཅན་དང་། བསྡུས་པ་རྣམས་ལ་འཇུག་ན་ཡང་། སྐབས་འདིར་ལོ་ཙཱ་བ་ཆེན་པོ་རོང་ཟོམ་ཆོས་ཀྱི་བཟང་པོའི་བཞེད་སྲོལ་ལྟར། བརྟན་བསྡུས་རྟོགས་གསུམ་དུ་འཇུག་པ་ཡིན་ལ། དང་པོ་བརྟན་པའི་རྡོ་རྗེ་སེམས་དཔའ་བཤད་པ་ནི། ཐབས་དང་རིག་པ་བྱང་ཆུབ་ཀྱི་སེམས་དང་། ཤེས་རབ་སྟོང་པ་ཉིད་དུ་གནས་པ་དེ་ཉིད་ཟུང་འཇུག་རང་བཞིན་གྱིས་རྣམ་པར་དག་པ་རྡོ་རྗེ་ལྟར་བརྟན་པས་སམ་ཞེས་པ་དེས་བསྟན། དེའི་དོན་ནི་ཡུལ་ཅན་ཐབས་སྣང་བ་རང་རིག་པ་བྱང་ཆུབ་ཀྱི་སེམས་དང་། ཡུལ་ཤེས་རབ་སྟོང་ཉིད་དུ་གནས་པ་དེ་ཉིད། སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་རང་བཞིན་འགྱུར་བ་མེད་པ་གསེར་བཟང་པོའི་ཁམས་ལྟར་རྒྱུན་ཆགས་སུ་གནས་པས་ན་བརྟན་པའི་རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། མགོན་པོ་བྱམས་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་སེམས་ཉིད་དོ། །ཞེས་སོ། །གཉིས་པ་བསྡུས་པའི་རྡོ་རྗེ་སེམས་དཔའ་བཤད་པ་ནི། དེ་ཉིད་ཀྱི་ཕྱག་རྒྱས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བཏབ་པས་མཉམ་པ་ཉིད་དུ་བསྡུས་པ་ནི་གཞི་འབྲས་གཉིས་སུ་མེད་པའི་རྡོ་རྗེ་སེམས་དཔའ་སྟེ་ཞེས་པ་དེས་བསྟན། དེའི་དོན་ནི་དེ་ཉིད་ཅེས་པ་སེམས་ཉིད་སྣང་སྟོང་དབྱེར་མེད་རང་བྱུང་གི་ཡེ་ཤེས་ཆེན་པོ་དེ་ཡིན། ཕྱག་རྒྱས་བཏབ་ཞེས་པ་དཔེར་ན་རྒྱལ་པོའི་བཀའ་རྟགས་ཀྱི་ཕྱག་རྒྱས་བཏབ་ན་འབངས་བློན་པོ་རྣམས་དེ་ལས་འདའ་མི་ནུས་པ་དེ་བཞིན་དུ། བརྟན་གཡོ་འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་ཕྱག་
རྒྱ་རྣམ་པར་འདེབས་པའི་ནུས་མཐུ་ཐོགས་པ་མེད་ཅིང་། དེ་ཐམས་ཅད་ལ་དཔེར་ན་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་བཞིན་ཡེ་ནས་ཁྱབ་བཅས་སུ་གནས་པ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་བཞིན་དུ་གནས་སོ། །ཞེས་དང་། ནོར་བུ་ཕྲ་བཀོད་ལས། ཏིལ་འབྲུ་དང་ནི་ཡུངས་འབྲུ་ལ། །མར་ཉིད་ཡེ་ནས་ལྷུན་གྲུབ་བཞིན། །སེམས་ཅན་ལུས་ལྟར་སྣང་བ་ལ། །དེ་བཞིན་གཤེགས་པའི་ས་བོན་ནི། །མཐུན་པའི་འོད་དང་བཅས་པ་སྣང་། ཅེས་དང་། མདོ་ཏིང་འཛིན་རྒྱལ་པོ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། ཞེས་སོ། །མཉམ་པ་ཉིད་དུ་བསྡུས་པ་ཞེས། གཉིས་བསྡུས་ཀྱི་ཆོས་དེ་དག་ནི་སེམས་ཉིད་ཆོས་སྐུའི་ཀློང་དུ་བསྡུས་ཚེ། ཕྱག་རྒྱའི་དཀྱིལ་འཁོར་གྱི་རྣམ་པ་མང་པོ་དེ་དག་དབྱིངས་སུ་ཐིམ་པས་མཚན་མེད་སྟོང་པ་ཉིད་དུ་འཇོག་ནུས་ཏེ། ཇི་སྐད་དུ། ཆོས་ཉིད་དབྱིངས་སུ་ཚུལ་གཅིག་པ། ཞེས་དང་། ལེ་ལག་ལས། འཁོར་བ་དང་ནི་མྱ་ངན་འདས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །འཁོར་བ་ཡོངས་སུ་ཤེས་པ་ན། །མྱ་ངན་འདས་ཞེས་དེ་ལ་བྱ། ཞེས་དང་། འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་ཡེ་ཤེས་ཡིན་པས་སངས་རྒྱས་གཞན་དུ་མི་འཚོལ་བའི་འདུ་ཤེས་རབ་ཏུ་སྒོམ་པར་བྱའོ། །ཞེས་སོ། །མདོར་ཧྲིལ་གྱིས་བསྡུ་ན། ཕྱག་རྫོགས་གཉིས་ཀྱི་དབྱེ་བ་ཡང་འདིར་འདུ་བ་ཡིན་ཏེ། སེམས་ཉིད་དེ་ཕར་འཕྲོས་ཚུལ་ལམ་ཁྱབ་ཚུལ་གྱི་དབང་དུ་བྱས་ན་ཕྱག་རྒྱ་ཆེན་པོ་དང་། སེམས་ཉིད་དེའི་ཀློང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཚུར་རྫོགས་པ་ནི་རྫོགས་པ་ཆེན་པོ་ཞེས་བྱ་སྟེ༑ དགྱེས་རྡོར་ལས། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཞེས། །འཁོར་བ་སྤངས་པའི་ཕ་རོལ་ན། །མྱ་ངན་འདས་པ་ཡོད་མི་འགྱུར། ཞེས་དང་། མདོ་ལས། འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །གདོས་བཅས་ཅན་གྱི་ཆོས་མིན་ལྟར། །རྟོག་མེད་རང་རིག་འོད་གསལ་བ། །ཤེས་པ་འབའ་ཞིག་ཁོ་ནའོ། །ཞེས་སོ། །གཞི་འབྲས་གཉིས་སུ་མེད་པའི་རྡོ་རྗེ་སེམས་དཔའ་ཞེས་པ། བརྟན་བསྡུས་གཉིས་པོ་དེ་སེམས་ཉིད་མི་འགྱུར་ཆ་ནས་
བཤད་པ་ཡིན་ཏེ། དེ་ཉིད་ལས་གཞི་དང་འབྲས་བུའི་ཐ་སྙད་གང་ཡང་མི་འབྱུང་བས་ན་གཞི་འབྲས་གཉིས་སུ་མེད་བའི་རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། ཀུན་བྱེད་ལས། སེམས་ལས་མ་གཏོགས་པ་ཡི་ཆོས་གཞན་ནི། །ཀུན་བྱེད་རྒྱལ་པོས་སྔར་ཡང་ལུང་མ་བསྟན། །ཕྱིས་ཀྱང་མི་སྟོན་ད་ལྟའང་སྟོན་མི་མཛད། །དེ་ནི་སངས་རྒྱས་སེམས་སུ་ཤེས་པར་བྱ། ཞེས་སོ། །གསུམ་པ་རྟོགས་པའི་རྡོ་རྗེ་སེམས་དཔའ་བཤད་པ་ནི། གནས་ལུགས་ཀྱི་དོན་དེ་ཉིད་སྒྲིབ་གཉིས་ཟད་ཅིང་ཚོགས་གཉིས་རྫོགས་པའི་སྐྱེས་བུས་མངོན་དུ་རྟོགས་པ་ནི་འབྲས་བུའི་སེམས་དཔའ་ཞེས་པ་དེས་བསྟན། གནས་ལུགས་ཀྱི་དོན་དེ་ཉིད་ཅེས་པ་གོང་དུ་བཤད་པའི་བསྟན་བསྡུས་གཉིས་སོ། །དེ་ནི་སེམས་ཉིད་གནས་ལུགས་ཀྱི་ངོས་ནས་བཤད་པ་ཡིན་ལ། འདིར་རྟོགས་པའི་རྡོ་རྗེ་སེམས་དཔའ་དང་འབྲས་བུའི་རྡོ་རྗེ་སེམས་དཔའ་ནི་སེམས་ཉིད་སྣང་ལུགས་གྱི་ངོས་ནས་བཤད་པ་ཡིན་ཏེ། གནས་ལུགས་ལ་དེ་ལྟར་ཡིན་ཀྱང་། སྣང་ཚུལ་ཙམ་ལ་བཟང་ངན་སོ་སོར་སྣང་བ་སྟེ། རྣམ་གྲོལ་དོན་གཉེར་གྱི་གང་ཟག་གིས་སྦྱོང་བྱེད་ཀྱི་ལམ་རིམ་པ་གཉིས་ལ་བརྟེ ན་ནས་ཚོགས་གཉིས་རྫོགས་འདོད་དང་། སྒྲིབ་གཉིས་ཟད་འདོད་ཀྱི་བསམ་པས་སེམས་ཉིད་རྣལ་མའི་དོན་ཇི་ལྟ་བ་མངོན་དུ་གྱུར་པ་ནི་འབྲས་བུའི་རྡོ་རྗེ་སེམས་དཔའམ་རྟོགས་པའི་རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། རྒྱས་པ་ལས། ཇི་སྙེད་བརྗོད་པའི་ཁ་བརྒྱུད་ཀྱང་། །ཡང་དག་དོན་གྱི་སྙིང་པོ་ནི། །གཞན་ནས་བཙལ་ཀྱང་མི་རྙེད་པས། །རང་བཞིན་སྒྲིབ་མེད་དག་པ་ཡིན། ཞེས་སོ། །གང་རྟོགས་པའི་ཡེ་ཤེས་དེ་ཡང་རྡོ་རྗེ་ལྟར་གཉིས་སུ་མེད་པར་གྱུར་པའི་ཕྱིར་རོ། །ཞེས་པ། དེ་ལྟར་རྟོགས་པའི་སྐྱེས་བུ་དེ་ལ་རྡོ་རྗེ་སེམས་དཔའ་ཞེས་བྱ་མཚན་ཐོབ་ན། དེའི་ཐུགས་རྒྱུད་ལ་ཡོད་པའི་ཡེ་ཤེས་དེ་ལ་ཡང་རྡོ་རྗེ་སེམས་དཔའ་ཞེས་མཚན་སྔོན་གནས་པ་ཞིག་ཐོབ་ཞེས་པའི་དོན་ཡིན་ཏེ། མངོན་རྟོགས་རྒྱན་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བའང་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། ཞེས་སོ། །དེས་གནས་ལུགས་སམ་རྒྱུད་ལ་རྡོ་རྗེ་སེམས་དཔའ་བཤད་ཟིན་ཏོ། །གཉིས་པ་དཀྱིལ་འཁོར་གྱི་གཙོ་བོ་ལ་རྡོ་རྗེ་སེམས་དཔའ་
ཞེས་བཤད་པ་ནི། དེ་ཉིད་ཀྱི་མཚན་མའི་ཕྱག་རྒྱར་སྣང་བ་དཀྱིལ་འཁོར་གྱི་གཙོ་བོ་དང་ཞེས་པ་དེས་བསྟན། དེ་ཉིད་ཅེས་པ་སེམས་ཉིད་སྣང་སྟོང་དབྱེར་མེད་རང་བྱུང་གི་ཡེ་ཤེས་ཆེན་པོ་མཚན་མེད་སྟོང་པ་ཉིད་ཀྱི་རང་བཞིན་ཅན་ཡིན་ཀྱང་། སེམས་ཅན་གྱི་བློ་ལ་ལྟོས་ནས་རིག་པ་ཉིད་མཚན་བཅས་ཀྱི་ལྷ་སྐུ་གཙོ་འཁོར་གྱི་རྣམ་པར་ཤར་བ་ཡིན་ཏེ། འདི་ཉིད་ལས། རང་བཞིན་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། ཞེས་གསུངས་པ་ལྟར། དེ་ཉིད་ལམ་པས་ཉམས་སུ་བླངས་པའི་ཚེ། ལས་དང་པོ་བས་དོན་སྤྱིའི་ཚུལ་དུ་སྒོམ་པ་ཚོགས་ལམ་དུ་མོས་བཅོས་ཀྱི་ལྷ་སྐུ། སྦྱོར་ལམ་དུ་རླུང་སེམས་ཀྱི་ལྷ་སྐུ། མཐོང་ལམ་དུ་འོད་གསལ་གྱི་ལྷ་སྐུ། སྒོམ་ལམ་དུ་བསླབ་པ་ཟུང་འཇུག་གི་ལྷ་སྐུ། སངས་རྒྱས་ཀྱི་སར་མི་སློབ་པའི་ཟུང་འཇུག་གི་ལྷ་སྐུ་སྟེ་ལམ་རིམ་པ་ལྔ་ལ་རིམ་གྱིས་སློབ་དགོས་ཏེ༑ དེ་དག་སྐབས་འདིར་ཅུང་ཟད་སྤྲོ་ན། དང་པོ་ཚོགས་ལམ་དུ་མོས་བཅོས་ལྷ་སྐུ་ཞེས་པ་གང་ཟག་རྣམས་དང་པོ་ཚོགས་བསོགས་པའམ་ཚོགས་རྫོགས་པར་བྱེད་པའི་ལམ་གྱི་རིམ་པ་ཐོག་མ་ཡིན་པས་ན་ཚོགས་ལམ་དང་། ལྷ་སྐུའང་སྐུ་མདོག་ཞལ་ཕྱག་འཁོར་ལྷ་གྲངས་དང་བཅས་པ་རང་རང་གི་མོས་པས་བཅོས་ཏེ་སྒོམ་དགོས་པས་ན་མོས་བཅོས་ཀྱི་ལྷ་སྐུ་ཞེས་བྱ་སྟེ། དེ་ནས་ཀྱང་རིམ་པར་སྦྱངས་པས་ཏིང་ངེ་འཛིན་རགས་པ་དང་ཕྲ་བ་གཉིས་ལ་བརྟན་པ་ཐོབ་པས་སྔགས་ཀྱི་ཚོགས་ལམ་གྱི་སྣེ་ཟིན་པ་ཙམ་ཡིན་གསུངས། དེ་ལའང་ཆུང་འབྲིང་ཆེ་གསུམ་ལས། དྲན་ཉེར་བཞིས་བསྡུས་པའི་ཚོགས་ལམ་ཆུང་ངུའི་ཡོན་ཏན་དང་། ཡང་དག་སྤོང་བས་བསྡུས་པའི་ཚོགས་ལམ་འབྲིང་པོའི་ཡོན་ཏན་དང་། བསྐྱེད་རིམ་གྱི་ཡོན་ཏན་དེ་དག་མཐར་ཕྱིན་ནས། རྫོགས་རིམ་གྱི་གསལ་སྣང་རྒྱུད་ལ་སྐྱེས་ཏེ་རྫུ་འཕྲུལ་གྱི་རྐང་བཞིས་བསྡུས་པའི་ཚོགས་ལམ་ཆེན་པོའི་ཡོན་ཏན་ཐོབ་པ་ཡིན་གསུངས། དེའི་ཚེ་ནང་དུ་འཁོར་ལོ་བཞི་ལས་ལྟེ་བ་སྤྲུལ་པའི་འཁོར་ལོའི་རླུང་སེམས་ལས་སུ་རུང་བའི་ཡོན་ཏན་ནོ། །གཉིས་པ་སྦྱོར་ལམ་དུ་རླུང་སེམས་ཀྱི་ལྷ་སྐུ་ཞེས་པ། ཚོགས་ལམ་གྱི་ཡོན་ཏན་དེ་དག་མཐར་ཕྱིན་ནས། མཐོང་ལམ་ལ་སྦྱོར་བར་བྱེད་པས་ན་སྦྱོར་ལམ་དང་། རླུང་སེམས་ཀྱི་ལྷ་སྐུ་ཞེས་
པ་རྩ་རླུང་ཐིག་ལེའི་རྣལ་འབྱོར་ལ་བརྟེན་ནས་སྒོ་གསུམ་རྡོ་རྗེ་གསུམ་དུ་ཉམས་སུ་བླང་བས་ལྷ་སྐུ་རང་ཤར་ཁོ་ན་ཁོར་ཡུག་ཏུ་འཆར་ཏེ། དེ་ལ་དབྱེ་ན་དབང་པོ་ལྔས་བསྡུས་པའི་སྦྱོར་ལམ་དྲོད་དང་རྩེ་མོ། །སྟོབས་ལྔས་བསྡུས་པའི་བཟོད་པ་དང་ཆོས་མཆོག་སྟེ། སྦྱོར་ལམ་རྣམ་བཞིའི་ཡོན་ཏན་འཆར་བ་ཡིན་ནོ། །དེའི་ཚེ་ནང་དུ་འཁོར་ལོ་བཞི་ལས་སྙིང་ཁ་ཆོས་ཀྱི་འཁོར་ལོའི་རླུང་སེམས་ལས་སུ་རུང་བའི་ཡོན་ཏན་ནོ། །གསུམ་པ་མཐོང་ལམ་དུ་འོད་གསལ་གྱི་ལྷ་སྐུ་ཞེས་པ། སྦྱོར་ལམ་གྱི་ཡོན་ཏན་དེ་དག་མཐར་ཕྱིན་ནས་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་རིམ་གྱིས་བསླབ་པས། སེམས་ཉིད་རང་བྱུང་གི་ཡེ་ཤེས་དེའི་རང་ཞལ་སྔར་མ་མཐོང་བ་སྐབས་དེར་ཅེར་གྱིས་མཐོང་བས་ན་མཐོང་ལམ་ཞེས་བྱ་སྟེ། མདོ་ལས། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། ཞེས་དང་། བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་སོ། །འོད་གསལ་གྱི་ལྷ་སྐུ་ཞེས་པ། རང་གི་སྣང་ཉམས་ཀྱང་སྒྱུ་ལུས་རླུང་སེམས་ཀྱི་ལྷ་སྐུའི་སྣང་བ་ཡང་ནུབ་ཅིང་། ཟུང་འཇུག་གི་སྐུ་ཡང་མ་ཐོབ་པའི་བར་དེར་ཡེ་ཤེས་འོད་གསལ་རྐྱང་པའི་སྐུ་ཞེས་བྱའོ། །དེ་དག་ནི་ནང་དུ་འཁོར་ལོ་བཞི་ལས་མགྲིན་པ་ལོངས་སྤྱོད་འཁོར་ལོའི་རླུང་སེམས་ལས་སུ་རུང་བའི་ཡོན་ཏན་ནོ། །དེའི་ཚེ་དབུ་མ་ལ་རོ་རྐྱང་གི་མདུད་པ་ཉི་ཤུ་རྩ་གཅིག་ཡོད་པའི་མདུད་པ་དང་པོ་གཉིས་གྲོལ་བས་འཕགས་པའི་ས་དང་པོ་རབ་ཏུ་དགའ་བ་ཞེས་བྱ་བའི་མཐོང་ལམ་གྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་དབང་འབྱོར་བ་ཡིན་ཏེ། དེ་ལ་དབྱེ་ན། ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་པའི། མཐོང་ལམ་གཉིས་སུ་གྱུར་པ་ཡིན། ཞེས་པས། ལུས་རྣམ་སྨིན་ཤ་ཁྲག་གི་ཕུང་པོ་ཡེ་ཤེས་ཀྱི་མེས་སྦྱོང་བར་མ་ནུས་པ་རྣམ་སྨིན་རིག་འཛིན་དང་ལྷག་མེད་མྱང་འདས། སྦྱོང་བར་ནུས་པས་སྐྱེ་འཆི་མེད་པ་དངས་མའི་ལུས་སུ་གྱུར་པ་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་རིག་འཛིན་དང་ལྷག་བཅས་མྱང་འདས་སོ། །ཡོན་ཏན་ནི། རྣམ་སྨིན་རིག་འཛིན་གྱིས་གླིང་བཞིའི་འགྲོ་བ་ཙམ་དང་། ཚེ་དབང་རིག་འཛིན་གྱིས་མཆོག་གི་སྤྲུལ་སྐུ་གཅིག་གི་འདུལ་ཞིང་དང་མཉམ་པའི་འགྲོ་བའི་དོན་བྱེད་ནུས་པ་ཡིན་ནོ། །
སྤྲུལ་པ་ནི། འདི་ཉིད་ལས། མི་དང་ལྷ་དང་ཚངས་པ་ཡི། །སྐྱེ་བ་རྣམ་དག་འཛིན་མོད་ཀྱང་། །ཁྱད་པར་ས་ལ་གནས་གྱུར་ཡིན། ཞེས་སོ། །བཞི་པ་སྒོམ་ལམ་དུ་བསླབ་པ་ཟུང་འཇུག་གི་ལྷ་སྐུ་ཞེས་བྱ་བ། མཐོང་ལམ་གྱི་ཡོན་ཏན་དེ་དག་མཐོང་ཟིན་རྒྱུན་དུ་སྒོམ་པར་བྱེད་པས་ན་སྒོམ་ལམ་དུ་བསླབ་པ་ཟུང་འཇུག་གི་ལྷ་སྐུ་ཞེས་བྱ་སྟེ། ས་གཉིས་པ་དྲི་མ་མེད་པ་ནས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པོ་རིམ་གྱིས་བསླབ་པས་སྔར་གྱི་མཐོང་ལམ་གྱི་འོད་གསལ་དེ་ལས་ལང་སྟེ་ཆོས་དབྱིངས་མངོན་སུམ་དུ་ཐོབ་པའི་བདེན་པ་དང་། ཡེ་ཤེས་རབ་འབྱམས་ཀྱི་དཀྱིལ་འཁོར་གཉིས་སམ་དོན་ལ་སྣང་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོ་མཆོག་གི་གོ་འཕང་བརྙེས་པ་ཡིན་ཏེ། ལམ་རིམ་ལས། རང་སེམས་ཕྱག་རྒྱ་ཆེན་པོ་ནི། །སྒོམ་པས་མངོན་དུ་གྱུར་པའི་ལྷ། །ཐུན་མོང་མཆོག་གི་མཚན་དཔེར་ལྡན། །ལོངས་སྤྱོད་གཉིས་པ་ཕྱག་རྒྱའི་རིགས། ཞེས་སོ། །དེ་ལ་ཡང་ཐུན་ཁྱད་ཀྱི་ཡོན་ཏན་གཉིས་ལས། དང་པོ་ཐུན་མོང་གི་ཡོན་ཏན་ནི། འཕགས་པའི་ས་དང་པོ་མཐོང་ལམ་གྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་དབང་འབྱོར་བ། སངས་རྒྱས་བརྒྱར་ཆོས་ཉན་པ་དང་། ཞིང་ཁམས་བརྒྱར་བགྲོད་ནུས་པ་དང་། སེམས་ཅན་གྱི་དོན་དཔག་མེད་བྱེད་ནུས་པ་དང་། ཏིང་ངེ་འཛིན་གྱི་སྒོ་བརྒྱ་ལ་མཉམ་པར་འཇོག་ནུས་པ་ཡིན་ནོ། །དེ་བཞིན་དུ་ས་གཉིས་པ་ཡོན་ཏན་སྟོང་ཕྲག་བཅུ་གཉིས་ནས། ས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་དུ་རིམ་གྱིས་བསླབ་པས་ཡོན་ཏན་གོང་འཕེལ་དུ་འགྱུར་བ་ཡིན་ནོ། །གཉིས་པ་ཁྱད་པར་གྱི་ཡོན་ཏན་ནི། ས་གཉིས་པ་ནས་ལྔ་པའི་བར་བཞི་ལ་རྡོ་རྗེའི་རིག་འཛིན་ཞེས་བྱ་སྟེ། རྟོགས་པའི་ཡེ་ཤེས་རྡོ་རྗེ་ལྟ་བུས་རང་སའི་སྒྲིབ་པ་འཇོམ་པའི་ཕྱིར་རོ། །ས་དྲུག་པར་ཤེར་ཕྱིན་གཙོ་བོར་སྤྱོད་ཅིང་ཆོས་འཁོར་བསྐོར་བའི་ཕྱིར་དང་། ས་བདུན་པར་ཐབས་ལ་མཁས་པའི་འཁོར་ལོ་ལྟར་གྱུར་པས་ས་དེ་གཉིས་ལ་འཁོར་ལོ་རིག་འཛིན་ཞེས་བྱའོ། །ས་བརྒྱད་པ་ནི། མི་རྟོགས་པའི་ཡེ་ཤེས་ལ་དབང་ཐོབ་པས་རིན་པོ་ཆེའི་རིག་འཛིན་དང་། དགུ་པར་ཆགས་པ་མེད་པས་ཞིང་སྦྱོང་ཞིང་དོན་མཛད་པས་པདྨའི་རིག་འཛིན་དང་། བཅུ་པར་ཕྲིན་ལས་ཕུན་སུམ་ཚོགས་པས་
སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རིགས་ལྔའི་རིག་འཛིན་ཞེས་བྱའོ། ལམ་རིམ་ལས། རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རིགས་ལྔའི་རིག་འཛིན་འགྱུར། །ཞེས་སོ། དེ་ལྟར་རིགས་ལྔས་བསྡུས་པའི་རིག་འཛིན་ལྔ་པོ་དག་ནི་སྒོམ་ལམ་ཕྱག་ཆེན་རིག་འཛིན་ཡིན་ལ། དེ་ཉིད་དུ་ལོངས་སྐུའི་ཞིང་ཙམ་དང་མཉམ་པའི་སྐུ་གཅིག་གིས་འགྲོ་བའི་དོན་བྱེད་ནུས་པ་ཡིན་ནོ། །སྤྲུལ་པ་ནི། ལམ་རིམ་ལས། རྔོ ན་དང་སྨད་འཚོང་ལ་སོགས་པའི། །སྤྲུལ་པའི་ལུས་ཀྱིས་འདུལ་བར་བྱེད། ཞེས་དང་། གང་ལ་གང་འདུལ་གྱི་སྐུའི་བཀོད་པ་ངེས་མེད་དུ་སྟོན་པ་ཡིན་གསུངས། དེའི་ཚེ་ནང་དུ་འཁོར་ལོ་བཞི་ལས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རླུང་སེམས་ལས་སུ་རུང་བའི་ཡོན་ཏན་ནོ། །དབུ་མའི་མདུད་པ་གསུམ་པ་ནས་ཉི་ཤུའི་བར་དུ་རིམ་གྱིས་གཉིས་གཉིས་གྲོལ་བས་སྒོམ་ལམ་དུ་ས་དགུའི་ཡོན་ཏན་འཆར་བ་ཡིན་ཏེ། ཀུན་མཁྱེན་ཆེན་པོའི་ཡིད་བཞིན་མཛོད་དུ། འཁོར་ལོ་བཞི་ཡི་རླུང་སེམས་ལས་རུང་ཕྱིར། །ལམ་བཞིའི་ཡོན་ཏན་རིམ་གྱིས་འཆར་བ་ཞེས། །དབུ་མའི་མདུད་པ་གཉིས་གཉིས་གྲོལ་བས་ན། །ས་བཅུའི་ཡོན་ཏན་ནང་ནས་འཆར་བར་བཞེད། ཞེས་སོ། །ལྔ་པ་སངས་རྒྱས་ཀྱི་སར་མི་སློབ་པའི་ཟུང་འཇུག་གི་ལྷ་སྐུ་ཞེས་པ། ལམ་འོག་མ་རྣམས་ནས་སངས་རྒྱས་ཀྱི་སར་བགྲོད་པ་ལ་རིམ་གྱིས་བསླབ་རྒྱུ་ཡོད་པས་ན་སློབ་ལམ་ཞེས་བྱ་ལ། ལམ་འདིར་སློབ་བྱ་འདི་ལས་ལྷག་པ་བསླབ་ཏུ་མེད་པས་ན་མི་སློབ་པའི་ལམ་ཞེས་བྱ་སྟེ། དེ་ལ་ཡང་བཅུ་གཅིག་ཀུན་ཏུ་འོད་ཆོས་སྐུ་དང་། བཅུ་གཉིས་མ་ཆགས་པདྨ་ཅན་ལོངས་སྐུ་དང་། བཅུ་ུགསུམ་འཁོར་ལོ་ཚོགས་ཆེན་སྤྲུལ་སྐུའི་ས་སྟེ། དེ་ལྟར་ས་གསུམ་པོ་དེ་ལ་མཐོ་དམའ་མེད་ཅིང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་སོགས་པ་དབྱེར་མེད་འཕོ་འགྱུར་མེད་པར་བཞུགས་པ་ཡིན་ཏེ། ཐུགས་ཐིག་ལས། གཞི་གནས་རིག་པ་ངོ་བོ་རང་བཞིན་དང་། །ཐུགས་རྗེ་གསུམ་སྟེ་རྒྱལ་བའི་སྙིང་པོ་ལ། །སྐུ་ུགསུམ་རང་ཆས་བཞུགས་པར་བཤད་པ་ཡིན། ཞེས་སོ། །དེ་ལྟར་ལྷ་སྐུའི་རྣམ་པར་ཤར་བ་དེ་ཐམས་ཅད་ལ་རྡོ་རྗེ་སེམས་དཔའ་ཞེས་བཤད་པ་ཡིན་པའི་ཕྱིར་རོ། །གསུམ་པ་འཆད་པའི་སྐྱེས་བུ་རྡོ་རྗེ་མི་བསྐྱོད་པ་ལ་རྡོ་རྗེ་སེམས་དཔའ་ཞེས་བརྗོད་པ་ནི། སྤྱིར་སྐུ་
གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་སྡེ་གང་དང་གང་འཆད་པའི་སྐབས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པ་འཆད་པའི་སྐྱེས་བུ་རིགས་ལྔ་སོ་སོར་འབྱུང་ཡང་། འདིར་ཐུགས་ཀྱི་སྒྱུ་འཕྲུལ་འཆད་པའི་སྐབས་སུ་སྟོན་པ་རིགས་དྲུག་པ་ཀུན་ཏུ་བཟང་པོའི་མདུན་ན་འཆད་པའི་སྐྱེས་བུ་རྡོ་རྗེ་མི་བསྐྱོད་པ་ཉིད་བཞུགས་པ་ཡིན་ཏེ། ཐལ་རྒྱུད་ལས། འཁོར་ལོའི་ལྟེ་བར་མི་འཇིགས་སྟེང་། །བདག་པོ་ཀུན་བཟང་འཁོར་རྣམས་ལ། །ཀུན་འབྱུང་སྒྱུ་འཕྲུལ་སྟོན་པའི་ཚེ། །མི་བསྐྱོད་རྒྱལ་པོ་མདུན་ན་གནས། ཞེས་དང་། རྒྱ་མཚོ་ལས། འཁོར་ལོ་འབར་བའི་ལྟེ་བ་ལ། །བདག་པོ་ཀུན་བཟང་འཁོར་ལོ་བསྐོར། །བཀའ་སྡོད་སྐྱེས་བུ་མདུན་ན་གནས། །བརྗོད་པ་མེད་བཞིན་གོ་བར་མཛད། ཅེས་སོ། །དེ་རྣམས་ཀྱིས་མཚན་ཟུར་དང་པོ་བཤད་ཟིན་ཏེ། ཟུར་གཉིས་པ་སྒྱུ་འཕྲུལ་དྲ་བ་བཤད་པ་ནི། བཤད་རྒྱུད་མེ་ལོང་ལས། ཐབས་དང་ཤེས་རབ་འབྲེལ་བའི་དོན། ཞེས་པས། སྤྱིར་རྒྱལ་བ་རྣམས་ཀྱིས་འགྲོ་བ་འདུལ་བའི་ཐབས་ཀྱི་རྣམ་སྤྲུལ་སྒྱུ་མ་ལྟར་ཅིར་ཡང་མ་ངེས་པར་སྣང་བའི་སྒོ་ནས་ཐུགས་རྗེའི་དཔྱང་ཐག་གིས་མི་གཏོང་བར་འཛིན་ཅིང་འབྲེལ་བའི་དོན་ནོ། །ཐབས་ཀྱི་འཕྲུལ་བ་ཇི་སྙེད་པའང་མཚན་མ་མེད་པའི་ཤེས་རབ་ཀྱིས་མ་ཟིན་པ་མེད་པས་ཀྱང་འབྲེལ་བ་སྟེ་སྒྱུ་འཕྲུལ་དྲྭ་བའོ། །བྱེ་བྲག་ཏུ་དབྱེ་ན། སྒྱུ་འཕྲུལ་ཞེས་ནི་བཞིར་བཤད་དོ། །ཞེས་པས། རྟོག་ཚོགས་ཀྱི་སྒྱུ་འཕྲུལ་དྲྭ་བ། ངེས་དོན་ཀྱི༴ དྲང་དོན་བརྡའི༴ ལྷ་རྟོག་དབྱེར་མེད་ཀྱི་སྒྱུ་འཕྲུལ་དྲྭ་བ་ཞེས་སུ་ཡོད་པ་ལས། དང་པོ་རྟོག་ཚོགས་ཀྱི་སྒྱུ་འཕྲུལ་དྲ་བ་བཤད་པ་ནི། འབྱུང་བ་ལྔ་སྒྱུ་མ་ལྟར་སྣང་བའི་རྒྱུད་ཅིར་ཡང་འཕྲུལ་བའི་ཕུང་པོ་ལྔ་སྟེ་རྒྱུ་འབྲས་འབྲེལ་བ་ཅན་གྱི་ཕྱིར་དྲྭ་བ་དང་། ཞེས་པ་དེས་བསྟན། དེ་ཡང་། འབྱུང་བ་ལྔ་ལ་སྒྱུ་མ་ཞེས་བརྗོད་པ་ནི། དཔེར་ན་སྒྱུ་མ་མཁན་གྱིས་ཤིང་བུ་རྡེའུ་ལ་སོགས་པར་རྫས་སྔགས་བཏབ་པས། རྟ་དང་གླང་པོ་ཆེ་དང་། ཁང་བཟང་ལ་སོགས་པ་སྣ་ཚོགས་སུ་སྟོན་པ་བཞིན་དུ། འབྱུང་བ་ལྔ་ཡང་ངེས་དོན་གྱི་ཡིན་ལུགས་ཀྱི་དབང་དུ་བྱས་ན་དབྱིངས་ཀྱི་ཡུམ་ལྔའི་རང་བཞིན་ཡིན་ཀྱང་། སྣང་ཚུལ་ཙམ་ལ་བཟང་ངན་སོ་སོར་སྣང་བ་སྟེ། དཔེར་ན་འབྱུང་བ་ཆུ་ལྟ་བུ་ཞིག་ལ་མཚོན་ན།
དམྱལ་བ་པ་རྣམས་ཀྱིས་ཁྲོ་ཆུ་དང་ཟངས་ཞུན་ཁོལ་མ་མཐོང་བ་དང་། ཡི་དྭགས་རྣམས་ཀྱིས་སྣག་ཁྲག་དང་ལྗན་ལྗིན་དུ་མཐོང་བ་དང་། དུད་འགྲོས་བཏུང་རུང་ཙམ་དུ་མཐོང་བ་དང་། མི་ལ་ཆུ་འདི་ལྟ་བུ་མཐོང་བ་དང་། ལྷ་མིན་གྱིས་མཚོན་དུ་མཐོང་བ་དང་། ལྷས་བདུད་རྩིར་མཐོང་བ་དང་། གྲུབ་པའི་ས་བཞུགས་པའི་འཕགས་པ་རྣམས་ཀྱིས་ཡུམ་མ་མ་ཀིའི་རང་བཞིན་དུ་གཟིགས་པ་སྟེ། སྐ་བ་དཔལ་བརྩེགས་ཀྱི་ལྟ་རིམ་དུ། དམྱལ་བ་རང་སེམས་མེ་སོགས་དང་། །ཡི་དྭགས་སྡིག་སེམས་མི་གཙང་ཡུལ། །དུད་འགྲོར་ངམ་གྲོགས་གྱེན་ཐུར་དང་། །མི་ལ་མཐོང་ཚུལ་འདི་ལྟར་སྣང་། །དེ་བཞིན་ལྷ་མིན་གོ་མཚོན་དང་། །ལྷ་ལ་དགེ་སེམས་རིན་ཆེན་སྣང་། ཞེས་གསུངས་པ་ལྟར་དངོས་པོ་གཅིག་ལ་མཐོང་ཚུལ་མི་འདྲ་བ་སྣ་ཚོགས་སུ་སྣང་བས་སྒྱུ་མ་དང་། རྒྱུད་ཅི་ཡང་འཕྲུལ་བ་ཕུང་པོ་ལྔ་སྟེ་རྒྱུ་འབྲས་འབྲེལ་བ་ཅན་གྱི་ཕྱིར་དྲྭ་བའོ། །ཞེས་པས་རྒྱུ་འབྱུང་བ་ལྔ་ལས་འབྲས་བུ་འབྱུང་འགྱུར་གྱི་ཕུང་པོ་ལྔར་འཕྲུལ་པས་ན་འཕྲུལ་པ་དང་། དེ་གཉིས་ཟུང་དུ་འབྲེལ་བ་ལ་དྲྭ་བ་ཞེས་བརྗོད་པ་ནི། དཔེར་ན་འཇིག་རྟེན་དུ་ཐིང་གུ་ཕན་ཚུན་སྦྲེལ་བའི་སྲད་བུ་ུལ་དྲ་བ་ཞེས་འདོགས་པ་བཞིན་དུ་འདིར་ཡང་རྒྱུ་འབྱུང་བ་ལྔ་དང་འབྲས་བུ་འབྱུང་འགྱུར་གྱི་ཕུང་པོ་ལྔ་གཉིས་ངོ་བོ་བདག་གཅིག་ཏུ་འབྲེལ་བས་ན་རྟོག་ཚོགས་ཀྱི་སྒྱུ་འཕྲུལ་དྲྭ་བ་ཞེས་བཤད་པ་ཡིན། གཉིས་པ་ངེས་དོན་གྱི་དྲྭ་བ་བཤད་པའི་རྒྱུ་མཚན་དེས་ཤེས་རབ་དབྱིངས་སྟོང་པ་ཉིད་དང་། ཐབས་རིག་པའི་ཡེ་ཤེས་ཉིད་ཟུང་དུ་འབྲེལ་བས་ངེས་དོན་གྱི་སྒྱུ་འཕྲུལ་དྲྭ་བ་དང་ཞེས་པ་དེས་བསྟན། རྒྱུ་མཚན་དེས་ཞེས་པ་གོང་གི་རྟོག་ཚོགས་ཀྱི་སྒྱུ་འཕྲུལ་དྲྭ་བའི་སྐབས་སུ། འབྱུང་བ་ལྔ་ལ་སྒྱུ་མ་ཕུང་པོ་ལྔ་ལ་འཕྲུལ་པ། དེ་ཉིད་ཟུང་དུ་འབྲེལ་བ་ལ་དྲྭ་བ་ཞེས་བརྗོད་པ་བཞིན་དུ། འདིར་ཡང་སྟོང་པ་ཉིད་ལ་སྒྱུ་མ། རིག་པའི་ཡེ་ཤེས་ལ་འཕྲུལ་བ། དེ་གཉིས་ཟུང་དུ་འབྲེལ་བ་ལ་དྲྭ་བ་ཞེས་བརྗོད་པ་ཡིན་ཏེ། སྟོང་པ་ཉིད་ནི་སྒྱུ་མ་ལྟར་ཆོས་མཚུངས་ལ། གཞི་གང་དུ་ཡང་མ་གྲུབ་པས། རྣམ་པ་ཀུན་ཏུ་ཅི་ཡང་འཆར་དུ་རུང་བ་ཡིན་ཏེ། དབུ་ུམ་རྩ་ཤེས་ལས། གང་ལ་སྟོང་པ༴ དེ་ལ་ཐམས་ཅད༴ ཞེས་དང་། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི༴ ཆོས་
འགའ༴ དེ་བཞིན༴ ཆོས༴ ཞེས་སོ། །སྟོང་པ་ཉིད་ནི་སྒྱུ་མ་ལྟ་བུར་ཅིར་ཡང་འཆར་ལ། ཐབས་རིག་པའི་ཡེ་ཤེས་སུ་འཕྲུལ་པས་སྒྱུ་འཕྲུལ་དང་། རིག་པའི་ཡེ་ཤེས་དེ་ཉིད་ཤེས་རབ་སྟོང་པ་ཉིད་དུ་གྲོལ་བས་ན་དྲྭ་བ་ཞེས་བཤད་ཅིང་། དེ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་སམ་ཡིན་ལུགས་རྒྱལ་བའི་དགོངས་པའི་ཞེ་ཕུགས་ངེས་དོན་མཐར་ཐུག་ཏུ་བསྟན་པ་ཡིན་ཏེ། འདི་ཉིད་ལས། རྒྱལ་བའི་དཀྱིལ་འཁོར༴ འདི་ལས༴ ཅེས་པ་དང་། བསྐལ་བ་ཞིང༴ ཤིན་ཏུ༴ དཀྱིལ་འཁོར༴ འབྲས་བུ༴ ཞེས་སོ། །གསུམ་པ་དྲང་དོན་བརྡའི་སྒྱུ་འཕྲུལ་དྲྭ་བ་ནི། དེའི་རྟགས་ལྷ་ཡབ་ཡུམ་ཟུང་དུ་འབྲེལ་བས་དྲང་དོན་བརྡའི་སྒྱུ་འཕྲུལ་དྲྭ་བ་དང་ཞེས་པ་དེས་བསྟན། དེའི་རྟགས་ཞེས་པ། གོང་གི་སྣང་སྟོང་ཟུང་འཇུག་གི་གནས་ལུགས་དེ་ཉིད་དངོས་སུ་མི་རྟོག་པའི་གང་ཟག་རྣམས་ལ་རེ་ཞིག་མཚན་བཅས་ཀྱི་ལྷ་སྐུ་སྒོམ་པའི་ཐབས་བསྟན་དགོས་པ་ཡིན་ཏེ། དེ་ཡང་སྟོང་པ་ཉིད་མཚོན་པར་བྱེད་པ་ལྷ་ཡུམ་གྱི་ཕྱག་རྒྱ། རིག་པའི་ཡེ་ཤེས་མཚོན་པར་བྱེད་པ་ལྷ་ཡབ་ཀྱི་ཕྱག་རྒྱ། སྟོང་པ་ཉིད་དང་རིག་པའི་ཡེ་ཤེས་གཉིས་ཟུང་འཇུག་ཏུ་མཚོན་པར་བྱེད་པ་ལྷ་ཡབ་ཡུམ་ཕན་ཚུན་འཁྲིལ་སྦྱོར་གྱི་ཕྱག་རྒྱའི་བརྡ་དང་རྟགས་ལ་བ རྟེན་ནས་དྲང་དགོས་པའི་ཕྱིར། དེ་ཡང་དྲང་དོན་ཞེས་པ་གང་དྲང་ན། གང་ཟག་མཚན་མའི་བློ་ཅན་དེ་དྲངས། གང་ལ་དྲང་ན་ངེས་དོན་གྱི་སྒྱུ་འཕྲུལ་དྲྭ་བ་དེ་ལ་དྲང་། ཚུལ་ཇི་ལྟ་བུའི་སྒོ་ནས་དྲང་ན། སྟོང་པ་ཉིད་དང་རིག་པའི་ཡེ་ཤེས་ཟུང་འཇུག་ཏུ་མཚོན་པར་བྱེད་པ་ལྷ་ཡབ་ཡུམ་ཕན་ཚུན་འཁྲི ལ་སྦྱོར་གྱི་ཕྱག་རྒྱའི་བརྡ་དང་རྟགས་ལ་བརྟེན་ནས་དྲང་དགོས་པའི་ཕྱིརརོ། །བཞི་པ་ལྷ་རྟོག་དབྱེར་མེད་ཀྱི་སྒྱུ་འཕྲུལ་དྲྭ་བ་བཤད་པ་ནི། ཡང་ན་སྒྱུ་མ་ནི་རྟོག་ཚོགས། འཕྲུལ་བ་ནི་ལྷ། དྲྭ་བ་ནི་རང་བཞིན་གཉིས་སུ་མེད་པར་འབྲེལ་བར་དང་ཞེས་པ་དེས་བསྟན། རྟོག་ཚོགས་ནི་གཞི་གང་དུའང་མ་གྲུབ་པས་སྒྱུ་མ་དང་ཆོས་མཚུངས་ལ། དེའི་རང་བཞིན་ནི་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་རྩལ་སྣང་ལས་ལྷ་སྐུར་འཆར་བས་ན་ལྷར་འཕྲུལ་པ་ཞེས་བཤད་དོ། །དོན་ལ་ལྷ་སྤང་པའི་ཕ་རོལ་ན་རྟོག་པ་མེད། རྟོག་པ་སྤང་པའི་ཕ་རོལ་ན་ལྷ་མེད། ལྷ་དང་རྟོག་གཉིས་བཟང་ངན་མེད་པར་ངོ་བོ་བདག་
གཅིག་ཏུ་འབྲེལ་བ་ཡིན་ཏེ། ལེ་ལག་ལས། ལྔ་ཕུང་སྒྱུ་མའི་ཡེ་ཤེས་ལ། །རང་རིག་ཐབས་ཀྱི་རིགས་ལྔར་འཕྲུལ། ཞེས་དང་། བླ་མ་ལས། ཀུན་འབྱུང་དཀྱིལ་འཁོར་སྒྱུ་འཕྲུལ་ཆེ། །གང་ལ་འབྲེལ་བ་དྲྭ་བའི་དོན། ཞེས་སོ། །འདི་ཉིད་ཀྱི་ལེའུ་བཞི་པར་ཡབ་རྐྱང་པའི་མཚན་ལ་སྒྱུ་འཕྲུལ་ཞེས་བརྗོད་པ་ནི། ཕུང་པོ་ལྔ་པོ་དེ་ཉིད་རང་རིག་རྟོགས་པའི་ཐབས་སུ་རིགས་ལྔའི་སངས་རྒྱས་སུ་འཕྲུལ་བས་ན་སྒྱུ་འཕྲུལ་དང་། ཡུམ་རྐྱང་པའི་མཚན་ལ་དྲྭ་བ་ཞེས་བརྗོད་པ་ནི། ཡུམ་གྱི་མཁའ་དྲྭ་བ་དང་ཆོས་མཚུངས་ལ་རྩའི་མདོ་མདུད་ཐམས་ཅད་འབྲེལ་ཞིང་ཕྱི་ནང་ཟང་ཐལ་དུ་གསལ་བ་སྟེ། རྡོ་རྗེ་གཡུང་དྲུང་འཁྱིལ་བའི་མདོ་ལས་ཀྱང་། དྲྭ་བ་ཅི་ཡང་འབྲེལ་བ་སྟ ེ། །མདོ་མདུད་འབྲེལ་ཞིང་ཟང་ཐལ་བ། །ཐམས་ཅད་སྡུད་ཅིང་ཤོང་བའི་ཕྱིར། །ཡུམ་ལ་དྲྭ་བ་ཞེས་བཤད་དོ། །ཞེས་སོ། །འདི་ནི་རྡོ་རྗེའི་ཚིག་ཡིན་པས་གང་ལྟར་བཤད་ཀྱང་མི་འགལ་ལོ། །གཞི་དང་འབྲས་བུ་ལ་མཚན་ཇི་སྐད་དུ་གྲགས་ཤིང་ངེས་པའི་ཤེས་ཐོབ་ཀྱི་བྱ་བྱེད་དང་འབྲེལ་བ་ལམ་གྱི་རྒྱུད་དང་། དེ་མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་ལའང་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞེས་མཚན་བཏགས་པ་ཙམ་ཡིན་ཞེས་པ། གཞི་ཤེས་པར་བྱ་བ་དང་མར་འབྲེལ། འབྲས་བུ་ཐོབ་པར་བྱེད་པ་དང་ཡར་འབྲེལ། དེ་གཉིས་ཀྱི་བར་གྱི་བྱ་བྱེད་འབྲེལ་བ་ཅན་དུ་གནས་པའི་ཐབས་སམ་ལམ་གྱི་རྒྱུད་དང་། དེ་ཡང་ཡི་གེ་ནི་སྤྱི་བོ་སོགས་ནས་བྱུང་བ་དང་། ལྕེ་མཆུའི་སྦྱོར་བ་དང་། བྱེད་པོ་སོགས་འཕྲད་པ་ལ་བརྟེན་ནས་ངག་ཏུ་བརྗོད་པའི་རྟེན་ཕྱི་རོལ་དུ་ཡི་གེ་མིང་ཚིག་གསུམ་ཚོགས་པའི་རྒྱུད་གཞུང་འདི་སྒྲར་གྲགས་པའི་རྒྱུད་དང་། བརྡ་རྟགས་གླེགས་བམ་གྱི་བར་དུ་བཀོད་པ་དེ་ལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞེས་མཚན་བཏགས་པ་བ་ཞིག་ཐོབ་ཞེས་པའི་དོན་ཡིན་ཏེ། སློབ་དཔོན་ཀླུས། སྔ་མ་སྔ་མ་མཚན་ཉིད་པ། །ཕྱི་མ་ཕྱི་མ་བཏགས་པ་བ། ཞེས་དང་། ཐ་སྙད་ལ་ནི་མ་བརྟེན་པར། །སོགས་ཞེས་སོ། །དེས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྒྱུད་དང་མཐུན་པའི་མཚན་བཤད་ཟིན་ཏེ། གཉིས་པ་ཆེ་བ་ལ་མཚན་དུ་བཏགས་པ་ལུང་གི་མཚན་བཤད་པ་ནི། རྡོ་རྗེ་ལས། སོ་སོ་བསྟན་པ་རྒྱ་མཚོའི་རྒྱུད། །འདིར་སྟོན་འདིས་སྟོན་
འདི་ཕྱིར་སྟོན། །དོན་ཀུན་འདི་ལ་ཡོངས་རྫོགས་པ། །ལུང་གི་སྤྱི་ཞེས་བཤད་པ་ཡིན། ཞེས་པས་སོ་སོ་བསྟན་པ་རྒྱ་མཚོའི་རྒྱུད། ཅེས་པ། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཞི་བ་ཆོས་ཀྱི་བདུད་རྩི་གདུལ་བྱ་སོ་སོའི་བློ་དང་མཐུན་པར་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་འདུལ་བའི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་དེ་ཐམས་ཅད་ཀྱང་། དཔེར་ན་རྒྱ་མཚོ་དང་ཆོས་མཚུངས་ལ། རྒྱ་མཚོ་ལ་རྒྱ་ཆེ་ལ་གཏིང་དཔག་དཀའ་བ་ཆུ་ཕྲན་ཐམས་ཅད་འདུ་བ་བཞིན་དུ། སྟོན་པས་གསུངས་པའི་དམ་ཆོས་རྣམས་ཀྱང་ཚིག་རྒྱ་ཆེ་ལ་དོན་ཟབ་ཅིང་གཏིང་དཔག་དཀའ་བས་ན་སོ་སོ་བསྟན་པ་རྒྱ་མཚོའི་རྒྱུད། ཅེས་སོ། །འདིར་སྟོན་ཞེས་པ་བསྟན་པ་དང་ཐེག་པ་ཐམས་ཅད་ཀྱི་དོན་དང་འབྲས་བུ་ཐམས་ཅད་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཀྱི་ནང་དུ་རྫོགས་པར་སྟོན་པ་ཡིན་ཏེ། རྒྱས་པ་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་བབ་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། ཞེས་སོ༑ ༑འདིས་སྟོན་ཞེས་པ་བསྟན་པ་དང་ཐེག་པ་ཐམས་ཅད་ཀྱི་དོན་དང་འབྲས་བུ་ཐམས་ཅད་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ལས་འཕྲོས་ཏེ་སྟོན་པ་ཡིན་ཏེ། འདི་ཉིད་ལས། འདུལ་བ་མདོ་སྡེ་ཆོས་མངོན་དང༴ སོགས། ཞེས་སོ། །འདི་ཕྱིར་སྟོན་ཞེས་པ་ཐེག་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་དེ་ཐམས་ཅད་ཀྱང་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ཀྱི་ལམ་སྟེགས་སམ། རྟོགས་བྱེད་ཀྱི་ཚུལ་དུ་གསུངས་པ་ཡིན་ཏེ། འདི་ཉིད་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། ཞེས་སོ། །དོན་ཀུན་འདི་ལ་ཡོངས་རྫོགས་པ། ཞེས་པ་རྒྱུ་མཚན་ཉིད་དང་འབྲས་བུ་རྡོ་རྗེ་ཐེག་པའི་དོན་དང་འབྲས་བུ་ཐམས་ཅད་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཀྱི་ནང་དུ་རྫོགས་པས་ན་དོན་ཀུན་འདི་ལ་ཞེས་དང་། ལུང་གི་སྤྱི་ཞེས་བཤད་པ་ཡིན། ཞེས་དང་། གསང་སྔགས་སྤྱི་ལུང་ལྟ་བུ་ཡིན་ནམ་སྙམ་ན་མ་ཡིན་ཏེ། འདི་ཉིད་ལས། མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི་ཞེས་སོ༑ ༑དེ་ཡང་གསང་སྔགས་སྤྱི་ལུང་ལ། གཏན་ལ་འབེབ་པའི་ལུང་། མངོན་དུ་ཕྱུང་བའི་
ལུང་། དྲང་བ་མཚན་ཉིད་ཀྱི་ལུང་། །ངེས་པ་སྔགས་ཀྱི་ལུང་ཞེས་བཤད་པའི་ཕྱི་མར། ཞི་གནས་སྦྱོར་བའི་ལུང་། མཐུན་འཇུག་སྤྱོད་པའི་ལུང་། རྣམ་གྲོལ་རིག་པའི་ལུང་ཞེས་བཤད་ཀྱང་། འདིར་སྒྱུ་འཕྲུལ་རྡོ་རྗེ་ལས། དྲི་མ་མེད་པའི་ལུང་ཉིད་ནི། །ལས་དང་ཡེ་ཤེས་སྤྱི་ཉིད་ཀྱི༑ ༑རྫོགས་པས་རྫོགས་ཕྱིར་ལུང་ཉིད་དེ། ཞེས་པས། རྒྱ་མ་ལས་ཀྱི་ལུང་། ཡེ་ཤེས་ལྷའི་ལུང་། བྱ་བྲལ་རྫོགས་པའི་ལུང་རྣམས་སུ་ཡོད་པ་ལས། དང་པོ་རྒྱ་མ་ལས་ཀྱི་ལུང་ནི། ལས་འབྲས་ཀྱི་རྣམ་བཞག་གཙོ་བོར་སྟོན་པ་འདུལ་བ། མངོན་པ། མདོ་སྡེ་སྟེ་མཚན་ཉིད་སྡེ་གསུམ་དང་། ཡེ་ཤེས་ལྷའི་ལུང་ནི། སྣང་སྤྱོད་དག་པ་རབ་འབྱམས་ལྷའི་འཁོར་ལོར་རྒྱས་འདེབས་པར་བྱེད་པ་སྟེ་ཀྲི་ཡ་ཡོ་ག་ཨུ་པ་སྟེ་ཕྱི་རྒྱུད་སྡེ་གསུམ་དང་། བྱ་བྲལ་རྫོགས་པའི་ལུང་ནི། སེམས་ཉིད་བྱ་རྩོལ་དང་བྲལ་བ་གཏན་ལ་འབེབས་པར་བྱེད་པ་མ་ཧཱ་ཨ་ནུ་ཨ་ཏི་སྟེ་ནང་རྒྱུད་སྡེ་གསུམ་སྟེ། དེ་ཐམས་ཅད་ཀྱི་ལུང་གི་སྤྱིར་གྱུར་པས་ན་ལུང་གི་སྤྱི་ཞེས་བཤད་པ་ཡིན། ཞེས་དང་། ཁོག་གཞུང་ལས། རང་བཞིན་གསང་བའི་སྙིང་པོ་ནི། །གཞན་ལས་འཕགས་པའི་ཆེ་བ་བརྒྱད། ཞེས་སོ། །གསུམ་པ་དོན་རང་གི་ངོ་བོ་ལ་བཏགས་པའི་མན་ངག་གི་མཚན་བཤད་པ་ནི། འགྲེལ་ཆུང་ལས། སྔོན་དུ་འགྲོ་བའི་བདག་ཉིད་པས། །མིང་ཉིད་ཐོག་མར་སྨོས་པ་གཅེས། ཞེས་གསུངས་པ་ལྟར། གླེགས་བམ་གྱི་ཀླད་དུ་བཀོད་པའི་མཚན་དེ་འཆད་དགོས་པའི་ཕྱིར་རོ། །དེ་ལ་ཡང་དབྱེ་ན། མཚན་འདོགས་དགོས་པའི་རྒྱུ་མཚན། བཏགས་པའི་དགོས་པ། མཚན་དོན་དངོས་བཤད་པ་རྣམས་སུ་ཡོད་པ་ལས། དང་པོ་མཚན་འདོགས་དགོས་པའི་རྒྱུ་མཚན་ནི༑ ལང་ཀར་གཤེགས་པ་ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་སེལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། ཞེས་གསུངས་པས། ཐོག་མ་ཉིད་ནས་རྒྱུ་མཚན་མེད་པའི་མིང་གློ་བུར་དུ་བྱུང་བ་འདོད་རྒྱལ་གྱི་སྒྲས་བཏགས་པ་ཀ་བ་བུམ་པ་ཤིང་ལ་སོགས་པ་དང་། དེ་ལ་དགོས་དོན་དང་འབྲེལ་བའི་ཚེ། གདུང་འདེགས་ཀྱི་དོན་བྱེད་ནུས་པ་ལ་འདེགས་རྐང་ཞེས་བཏགས་
པ་དང་། ཆུ་ལེན་པའི་བུམ་པ་ལ་ཆུ་བུམ་ཞེས་བཏགས་པ་དང་། འདྲ་བ་ལ་རྒྱུ་མཚན་དུ་བྱས་ནས་བཏགས་པ། བྲམ་ཟེའི་ཁྱེའུ་ཁ་ཆེ་སྣ་ཉག་པ་ལ་སེང་གེ་ཞེས་བཏགས་པ་དང་། འབྲེལ་བ་རྒྱུ་མཚན་དུ་བྱས་པ་ཉི་མའི་འོད་ཟེར་ལ་ཉི་ཟེར་ཞེས་བཏགས་པ་དང་། སྤྱིར་ལུང་གི་དམ་པའི་ཆོས་ཀྱི་གསུང་རབ་རྣམས་ལ་ཡང་མཚན་འདོ གས་ཚུལ་མང་དུ་ཡོད་དེ། གསུང་བ་པོའི་སྟོན་པ་ལ་ལྟོས་ནས་བཏགས་པ་བྱམས་ཆོས་སྡེ་ལྔ་དང་། པདྨ་སྙིང་ཐིག་ལ་སོགས་པ་དང་། ཞུ་བ་པོའི་འཁོར་ལ་ལྟོས་ནས་བཏགས་པ་སྟག་ཞུས། བགྲེས་ཞུས། ཁྱེའུ་རིན་ཆེན་ཟླ་བས་ཞུས་པའི་མདོ་དང་། བཞུགས་པའི་གནས་ལ་ལྟོས་ནས་བཏགས་པ། ལངྐར་གཤེགས་པའི་མདོ་དང་། གསུངས་པའི་དུས་ཚོད་ལ་ལྟོས་ནས་བཏགས་པ། སཱ་ལུ་ལྗང་པའི་མདོ་ལྟ་བུ། གཞུང་གི་ལྡངས་ཚད་ལ་ལྟོས་ནས་བཏགས་པ་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་མཚན་འདོགས་ཚུལ་མང་དུ་ཡོད་ཀྱང་། འདི་ནི་རྒྱུད་ཀྱི་བཞུགས་ཚུལ་བརྗོད་བྱ་གཞི་ལམ་འབྲས་གསུམ་ལ་ལྟོས་ནས་བཏགས་པ་སྟེ། གཞིའི་རྒྱུད་ལ་གསང་བ། ལམ་གྱི་རྒྱུད་ལ་སྙིང་པོ༑ ༑འབྲས་བུའི་རྒྱུད་ལ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་སོ། །འདིར་གླེགས་བམ་གྱི་ཀླད་དུ་མན་ངག་གི་མཚན་ཁོ་ན་ལས་མི་འབྱུང་བ་ཅི་ཡིན་སྙམ་ན། སྤྱིར་མ་ཧཱ་ཡོ་གར། ཕ་རྒྱུད། མ་རྒྱུད། ཕ་མ་གཉིས་མེད་ཀྱི་རྒྱུད་རྣམས་སུ་ཡོད་པ་ལས། འདི་ནི་མ་ཧཱའི་ཨ་ཏི་ཡིན་པས་ན་གླེགས་བམ་གྱི་ཀླད་དུའང་མཚན་དེ་ལྟར་བཀོད་པ་ཡིན་ནོ། །གཉིས་པ་བཏགས་པའི་དགོས་པ་བཤད་པ་ནི། བུམ་པ་ཞེས་པའི་མིང་སྨོས་པས་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་པར་ནུས་པའི་དངོས་པོ་གོ་བ་ལྟར་དབང་པོ་རབ་ཀྱིས་མཚན་ཙམ་ལ་བརྟེན་ནས་རྒྱུད་དོན་རྟོགས་པ་དང་། འབྲིང་གིས་དོན་གྱི་རྣམ་གྲངས་ཙམ་བརྡའ་འཕྲོད་པ་དང་། ཐ་མས་ཀྱང་སྨན་སྣོད་ལ་ཁ་བྱང་བཏགས་པ་ལྟར་གླེགས་བམ་བཙལ་སླ་བའི་དགོས་པ་ཡོད་པའི་ཕྱིར་རོ། །གསུམ་པ་མཚན་དོན་དངོས་བཤད་པ་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་པས། དེ་ལའང་ལོག་རྟོག་བསལ་བ་དང་། མཚན་དོན་དངོས་བཤད་པ་གཉིས་ལས།
དང་པོ་ལོག་རྟོག་བསལ་བ་ནི། འགའ་ཞིག་ན་རེ། རྒྱུད་འདིར་རྒྱ་སྐད་མ་བཀོད་པས་བོད་མར་འགྱུར་རོ་སྙམ་ན། བོད་དུ་བརྩམ་པའི་བསྟན་བཅོས་དུ་མར་ཡང་། ཀླད་དུ་རྒྱ་སྐད་བཀོད་པ་ཡོད་དེ། དེས་རྒྱ་གར་བར་མི་འགྱུར་ལ། འདིར་ནི་ལོ་ཙཱ་བ་སྤྲོས་པ་ལ་མི་དགའ་བས། མིང་གཅིག་ལན་གཉིས་སུ་ཟློས་པ་ལ་དགོས་པ་ཆུང་བར་དགོངས་ནས་རྒྱ་སྐད་མ་སྨོས་པ་ཡིན་ནོ། །གཉིས་པ་མཚན་དོན་དངོས་བཤད་པ་དེ་ལ་ཡང་། ཕྱི་ལྟར་ཤེས་རབ་གྲོལ་ལམ་དང་སྦྱར་ཏེ་བཤད་པ་དང་། ནང་ལྟར་ཐབས་ལམ་སྟེང་སྒོ་དང་སྦྱར་ཏེ་བཤད་པ་དང་། གསང་བ་འོག་སྒོ་དང་སྦྱར་ཏེ་བཤད་པ་དང་གསུམ་ལས། དང་པོ་ནི། བི་མ་ལའི་འགྲེལ་ཆུང་ལས། རང་བཞིན་གསང་བ་ཞེས་བྱ་སྟེ། །ཆེ་བ་ཞེས་བྱ་སྙིང་པོའི་དོན། །དེ་ཁོ་ན་ཉིད་མཚན་ཉིད་དེ༑ ༑ངེས་པས་ངེས་དོན་མདོར་བསྟན་པའོ། །ཞེས་གསུངས་པ་ལྟར། གཞིའི་རྒྱུད་ལ་གསང་བ༑ ལམ་གྱི་རྒྱུད་ལ་སྙིང་པོ། འབྲས་བུའི་རྒྱུད་ལ་དེ་ཁོ་ན་ཉིད། དེ་དག་གི་ངེས་དོན་བསྟན་པ་རྣམས་སུ་ཡོད་པ་ལས། དང་པོ་གཞིའི་རྒྱུད་ལ་གསང་བ་བཤད་པ་ནི། ཀུན་མཁྱེན་ཆོས་རྗེ་དང་། རོང་ཟོམ་ཆོས་བཟང་གཉིས་ཀྱིས། འདི་ཉིད་ཀྱི་ལེའུ་བཅོ་ལྔ་པའི་ནང་དུ། གབ་པའི་གསང་བ་མ་རྟོགས་ལ། སྦས་པའི་གསང་བ་ལ་མངོན་པར་འཆེལ་ནས་ཞེས་གབ་སྦས་གཉིས་སུ་བསྡུ་བར་མཛད་ཀྱང་། འདིར་སློབ་དཔོན་སྒེག་པ་རྡོ་རྗེས། རང་བཞིན་གྱིས་གསང་བ༑ གབ་པའི་གསང་བ། སྦས་པའི་གསང་བ་དང་གསུམ་གྱི་སྟེང་དུ། བི་མ་ལའི་མི་བསྟན་པའི་གསང་བ་བསྣན་ཏེ་བཞིར་བཤད་དེ། དང་པོ་ནི། དཔེར་ན་མི་དབུལ་པོའི་ཁྱིམ་ཀྱི་ས་འོག་ནས་མི་ཟད་པའི་གཏེར་གཅིག་ཡོད་ཀྱང་། མི་དེས་ནི་གཏེར་དེ་ཡོད་པར་མ་ཤེས། གཏེར་དེས་ནི་མི་དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་བས་རྣམ་པ་ཀུན་ཏུ་མི་དེ་དབུལ་བས་ཕོངས་པ་བཞིན་དུ། སེམས་དེས་ཀྱང་སེམས་ཉིད་དེ་ཡོད་པར་མ་ཤེས། སེམས་ཉིད་དེས་ཀྱང་རྣམ་གྲོལ་གཏན་གྱི་བདེ་བའི་རང་བཞིན་ང་འདིར་ཡོད་ཅེས་མི་སྨྲ་བ་སྟེ། རྒྱུད་བླ་མ་ལས། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་ཟད་པ་ཡི་གཏེར་ནི་ཡོད་གྱུར་ལ། །མི་དེས་དེ་མ་
ཤེས་ཤིང་གཏེར་དེས་ཀྱང་། །དེ་ལའང་འདིར་ཡོད་ཅེས་ནི་མི་སྨྲ་ལྟར། །དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བཞག་དང་གསལ་མེད་ཆོས་ཉིད་ཀྱང་། །མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་ཀུན་ཏུ་སྐྱེས་བུ་འདིས་མྱོང་ངོ། །ཞེས་སོ། །གཉིས་པ་གབ་པའི་གསང་བ་བཤད་པ་ནི། གཞི་མཚོན་བྱ་རང་བཞིན་གྱི་རྒྱུད་རང་ལ་རང་ཆས་སུ་གབ་པ་སྟེ། དཔེར་ན་ཉེ་གྲགས་པས་རང་གི་མིག་རང་གིས་མི་མཐོང་བ་དང་། སླ་གྲགས་པས་རང་གིས་རང་ལ་ཡིད་མི་ཆེས་པ་དེ་བཞིན་དུ། སེམས་ཉིད་སངས་རྒྱས་ཡིན་ཚུལ་མདོ་རྒྱུད་དུ་མ་ནས་བཤད་ཀྱང་། རང་སེམས་སངས་རྒྱས་ཡིན་པ་དེ་བོར་ནས། སངས་རྒྱས་གཞན་ཚོལ་གྱི་བློ་བསྐྱེད་པ་ནི། འདི་ཉིད་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་འཕྲུལ། ཞེས་སོ། །དེ་ཉིད་འབྱིན་པ་མཛད་པ་པོ་སྟོན་པ་ཐུབ་པའི་དབང་པོས་བཀའ་ཡི་བདུད་རྩི་བསམ་གྱིས་མི་ཁྱབ་པས་སྒྲོན་མེའི་བསྐལ་པ་རྣམ་པར་བཀོད་པར་མཛད་དེ། རྣལ་འབྱོ ར་གྲུབ་པའི་རྒྱུད་ལས། དཔེར་ན་གྱི་ལིང་ཅང་ཤེས་དག ། སྡོམ་བྱེད་སྒྲོག་གིས་བཅིངས་གྱུར་ནས། །བཀྲོལ་བྱས་བདེ་བླག་བཏང་གྱུར་ན། །ཅི་ལའང་ཐོགས་མེད་འགྲོ་བ་ལྟར། །སེམས་ཀྱི་ཅང་ཤེས་དབང་པོ་འདི། །མི་ཤེས་འཆིང་བས་བཅིངས་གྱུར་པ། །རྣམ་གྲོལ་ཐོད་པའི་སྒོ་མོ་ཡི། །ཤེས་རྒྱུད་ཀུན་གྲོལ་ཐོག་མེད་འགྲོ །ཞེས་སོ། །ཡང་གདུལ་བྱ་རས་ཆོད་ཅན་རྣམས་མགོ་རྨོངས་པར་བྱ་བའི་ཕྱིར། རྒྱུད་དཀྲུགས། ལུང་གཅུས། མན་ངག་གབ་པའི་ཚུལ་དུ་ཡོད་དེ། དེ་ཉིད་འབྱིན་པར་མཛད་པ་པོ་མན་ངག་ཚད་མའི་བདག་པོ་བླ་མ་རྡོ་རྗེ་སློབ་དཔོན་གྱིས་རྒྱུད་དཀྲུགས་པ་བསྡེབས། ལུང་གཅུས་པ་བསྲངས། མན་ངག་གབ་པ་མངོན་དུ་ཕྱུང་ནས་གདུལ་བྱའི་ཤེས་རྒྱུད་འགྲོལ་བར་མཛད་པ་སྟེ། འདི་ཉིད་ལས། ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། ཞེས་སོ། །གསུམ་པ་སྦས་པའི་གསང་བ་བཤད་པ་ནི། གང་སྦ་ན། གསང་སྔགས་བླ་ན་མེད་པའི་ལྟ་བ་ཕུལ་དུ་བྱུང་བ་དང་སྒོམ་སྤྱོད་རྨད་དུ་བྱུང་བ་རྣམས་སྦ། གང་ལ་སྦ་ན། ཐེག་པ་འོག་མ་པ་རྣམས་དང་། སོ་སོའི་སྐྱེ་བོ་ལོག་སྲེད་ཅན་རྣམས་ལ་སྦ། མ་སྦས་ན་སྐྱོན་ཅི་ཡོད་སྙམ་ན།
དཔེ་གཅན་གཟན་ཆེན་པོའི་སྒྱུ་རྩལ་ལ་སྤྲེའུ་འགྲན་མི་ནུས་པ་དང་། སེང་ཞོ་སྣོད་ངན་དུ་བླུག་བྱ་མ་ཡིན་པ་བཞིན་དུ། གསང་སྔགས་ཀྱི་ལྟ་སྤྱོད་ཟབ་མོ་རྣམས་ཀྱང་སྣོད་ངན་གྱི་གང་ཟག་ལ་བསྟ ན་ན་དེ་དག་གི་བློར་མི་ཤོང་བས་གཤེ་སྐུར་འདེབས་པ་སོགས་གསང་སྒོ་འཆོལ་བའི་ཉེས་པས་རང་ཉིད་ཀྱང་ཉམས་པར་འགྱུར་བ་ཡིན་ཏེ། གསོ་བ་རིག་པའི་གཞུང་ལས། ཇི་ལྟར་སེང་གེ་དཀར་མོའི་འོ་མ་དག །རིན་ཆེན་མ་གཏོགས་སྣོད་ངན་ཕལ་བར་བླུག །སྣོད་ཀྱང་ཆག་ལ་འོ་མའི་བཅུད་ཀྱང་འབོ། ཞེས་དང་། རྩ་ལྟུང་བཅུ་བཞི་པ་ལས། ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོག་པ་བདུན་པ་ཡིན། ཞེས་སོ། །ཡང་། ལྟ་སྤྱོད་འོག་མ་འགྲེལ་བར་སྤྱད་ན་ཡང་ལྟུང་བར་འགྱུར་ལྟེ། རྒྱས་པ་ལས། ཁ་ཅིག་ལྟ་བ་མཉམ་བྱས་ཀྱང་། །སྤྱོད་པ་དག་དང་ཡོངས་མི་མཐུན། །ཁ་ཅིག་སྤྱོད་པ་མཉམ་བྱས་ཀྱང་། །མཉམ་པའི་དོན་ལ་ཡོངས་མི་གནས། །ཁ་ཅིག་ལྟ་སྤྱོད་གཉིས་ཀ་མེད། ཅེས་སོ། །ཡང་ཇི་བཞིན་མ་རྟོགས་པ་ཚིག་ཙམ་ལ་དཔྱད་ན་ཡང་ལྟུང་བ་འབྱུང་སྟེ། སྔ་མ་ལས། མ་རྟོགས་པ་ཡིས་སྤྱད་གྱུར་ན༑ ༑ཡི་དྭགས་སྲིན་པོའི་གནས་སུ་སྐྱེ། ཞེས་སོ། །བཞི་པ་མི་བསྟན་པའི་གསང་བ་བཤད་པ་ནི། གསང་སྔགས་ཀྱི་ལྟ་སྤྱོད་ཟབ་མོ་ཙམ་དུ་མ་ཟད་དེའི་ཡོ་བྱད་དུ་གྱུར་པའི་རྡོར་དྲིལ་དང་ཐོད་པའི་རྔེའུ་ཆུང་ལ་སོགས་པ་རྣམས་ཀྱང་གང་ཟག་སྣོད་མིན་ལ་བསྟན་དུ་མི་རུང་ཞིང་ལས་ཀྱི་རྗེས་མི་མངོན་པར་བྱ་བ་སོགས་ཀྱིས་དུས་དང་གནས་སྐབས་ཀུན་ཏུ་གསང་དགོས་པ་ཡིན་ཏེ། དམ་ཚིག་གསལ་བཀྲ་ལས། གསང་སྔགས་གསང་ཞེས་བྱ་བ་ནི། །ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། །བློ་ཆུང་ཐེག་པ་དམན་ལ་གསང་། ཞེས་སོ། །དེ་རྣམས་ཀྱིས་ནི་གཞི་རྒྱུད་ལ་གསང་བ་བཤད་པའོ། །གཉིས་པ་ལམ་གྱི་རྒྱུད་ལ་སྙིང་པོ་བཤད་པ་ནི། པཱ་ར། ཧྲི་དཱ་ཡ ། གརྦྷ་གསུམ་དུ་ཡོད་པ་ལས། པཱ་ར་ནི་གཅིག་ལས་དུ་མ་འགྲོ་བའི་གཞིའི་དོན་ལ་འཇུག་སྟེ། བདེ་བར་གཤེགས་པའི་སྙིང་པོ་དེ་ཉིད་གཏན་ལ་འབེབ་པར་བྱེད་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་བསྟན་པ་དང་ཐེག་པ་ཐམས་ཅད་ཀྱི་འབྱུང་ཁུངས་སམ་འགྲོ་བའི་གཞི་མ་ལྟ་བུར་གྱུར་པ་ཡིན་ཏེ།
འདི་ཉིད་ལས། འདུལ་བ་མདོ་སྡེ་ཆོས་མངོན་དང་སོགས། ཞེས་སོ། །ཧྲི་དཱ་ཡ་ཞེས་པ་སྲོག་གི་སྙིང་ལྟར་གཅེས་སྤྲས་སུ་བྱ་བའི་སྙིང་པོའི་དོན་ལ་འཇུག་སྟེ། དཔེར་ན་དབང་པོའི་ནང་ནས་མིག་གི་དབང་པོ་གཅེས་པ་དང་། ལུས་ཀྱི་ནང་ནས་སྙིང་གི་དབང་པོ་གཅེས་པ་ལྟར། སངས་རྒྱས་མི་སྒྲུབ་ན་ཕར་ཞོག གཞན་ཐེག་པའི་སྒོ་གང་ནས་ཞུགས་ཀྱང་མཐར་ཐུག་བསྒྲོད་པར་གཅིག་པའི་ལམ་འདི་ཁོ་ན་ལ་འཇུག་དགོས་པ་ཡིན་ཏེ། པཎ་ཆེན་པདྨ་དབང་རྒྱལ་གྱིས། བསྒྲོད་བྱེད་ལམ་ལ་མ་བརྟེན་འབྲས་མི་འབྱིན། ཞེས་སོ། །གརྦྷ་ནི་ཤིང་ཤུན་དུ་མས་བསྐོར་བའི་སྙིང་པོ་ལྟ་བུའི་དོན་ལ་འཇུག་སྟེ། བརྟན་གཡོ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་སྲོག་ཏུ་སོང་བའམ། དབུས་ན་གནས་པ་ལྟ་བུ་ཞེས་ཏེ། རྡོ་རྗེ་ཕྲེང་བ་ལས། ཆོས་རྣམས་དབུས་ན་གནས་པའི་ཁམས། །ཁྱབ་ཅིང་སྤྱོད་ཡུལ་མ་ཡིན་ཏེ། ཞེས་སོ། །མཐར་ཐུག་སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་ངོ་ནས། རྟོག་ཚོགས་ཐམས་ཅད་རྒྱལ་བ་བཞི་བཅུ་རྩ་གཉིས་སུ་སངས་རྒྱས་པ་སྟེ། དོན་དུ་ན་འཁོར་བ་ཞེས་ལོགས་སུ་གྲུབ་པ་མེད་དེ། རྒྱས་པ་ལས། དོན་བསྡུས་གསུང་རབ་བཞི་བཅུ་གཉིས། །འདི་ལས་ལྷག་པའི་དོན་སྨྲ་བ། །དེ་ནི་རྣམ་དག་ལམ་ཡིན་ཏེ། །རང་བློའི་བསམ་པ་འཕྲུལ་བ་ཡིན། ཞེས་སོ། །དེ་རྣམས་ཀྱིས་ལམ་རྒྱུད་ལ་སྙིང་པོ་བཤད་པའོ། །གསུམ་པ་འབྲས་བུའི་རྒྱུད་ལ་དེ་ཁོ་ན་ཉིད་བཤད་པ་ནི། མ་བཅོས་པའི་དེ་ཁོ་ན་ཉིད་དང་། མ་ནོར་བའི་དེ་ཁོ་ན་ཉིད། གཞན་མ་ཡིན་པའི་དེ་ཁོ་ན་ཉིད་རྣམས་སུ་ཡོད་པ་ལས། དང་པོ་མ་བཅོས་པའི་དེ་ཁོ་ན་ཉིད་ནི། སྣང་སྟོང་དབྱེར་མེད་རང་བྱུང་གི་ཡེ་ཤེས་ལ་སྙེམ་བྱེད་ཀྱི་བློས་མ་བཅོས་པར་སོ་མར་བཞག་པ་སྟེ། རྒྱས་པ་ལས། མ་བཅོས་ལྷུན་མཉམ་ཇི་བཞིན་ངང་གནས་དང་། ཞེས་སོ། །གཉིས་པ་མ་ནོར་བའི་དེ་ཁོ་ན་ཉིད་ནི། དེ་ཉིད་སྒོམ་པ་ལས་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་མང་པོ་རང་སྣང་བ་སྟེ་མ་བཅོས་པར་བཞག་པ་ལས་བྱུང་བའི་ཕྱིར་ཏེ། སྔ་མ་ལས། རྒྱུ་འབྲས་ལྷུན་གྱིས་གྲུབ་པའི་ངང་དུ་གནས། ཞེས་སོ། །གསུམ་པ་གཞན་མ་ཡིན་པའི་དེ་ཁོ་ན་ཉིད་ནི། འབྲས་བུ་འབྱུང་བ་དེ་རྣམས་རང་བློའི་སྒྲིབ་
བྱེད་ཀྱི་ཞེན་པ་དག་པའི་ཚེ། འབྲས་བུ་གཞན་ནས་གསར་དུ་ཐོབ་ཏུ་ཡོད་པ་མ་ཡིན་ཏེ། འདི་ཉིད་ལས། ངོ་མཚར་ཆོ་འཕྲུལ་རྨད༴ གཞན་ནས༴ ཐབས་ལ༴ དེ་ལྟ་བུ་ཡི༴ ཞེས་གསུངས་པ་ལྟར་རོ། །བཞི་པ་དེ་དག་གི་ངེས་དོན་བཤད་པ་ནི། གཞིར་ངེས་པ། ལམ་ངེས་པ། འབྲས་བུར་ངེས་པ་རྣམས་སུ་ཡོད་པ་ལས། དང་པོ་ནི། གཞི་མཚོན་བྱ་རང་བཞིན་གྱི་རྒྱུད་བདེ་བར་གཤེགས་པའི་སྙིང་པོ་དེ་ཆོས་དབྱིངས་སྒྲོ་སྐུར་གྱི་མཐའ་དང་བྲལ་བས་ངེས་པའོ། །དེ་ལྟར་ཡང་། འདི་ཉིད་ལས། སྒྲོ་དང་སྐུར་བ༴ གསང་བའི༴ ཉིད་དེ་ངེས༴ ཞེས་སོ། །གཉིས་པ་ལམ་དུ་ངེས་པ་ནི། ཐེག་པ་འདིའི་ལུགས་ཀྱི་ཡེ་ནས་གནས་པའི་འབྲས་བུ་མཐར་ཐུག་པ་དེ༑ རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལ་སོགས་པའི་སྒོ་ནས་འབྲས་བུ་ལམ་དུ་བྱེད་པ་ཡིན་ཏེ། འདི་ཉིད་ལས། འདི་ནི་གསང་ཆེན༴ འབྲས་བུ༴ ཞེས་སོ། །གསུམ་པ་འབྲས་བུར་ངེས་པ་ནི། རྒྱུད་འདི་རང་རང་གི་ངོ་བོ་དང་བརྗོད་བྱ་རྒྱལ་བའི་དགོངས་པའི་ཞེ་ཕུག་ངེས་དོན་མཐར་ཐུག་ཏུ་བསྟན་པ་ཡིན་ཏེ། འདི་ཉིད་ལས། རྒྱལ་བའི་དཀྱིལ་འཁོར་མ་ལུས་པར། །འདི་ལས་གསང་བའི་ངེས་དོན་མེད། ཅེས་དང་། བསྐལ་བ༴ ཤིན་ཏུ༴ དཀྱིལ་འཁོར་མ༴ འབྲས་བུ་གསང་ཆེན༴ ཞེས་སོ། །དེས་མཚན་ཕྱི་ལྟར་ཤེས་རབ་གྲོལ་ལམ་དང་སྦྱར་ཏེ་བཤད་པའོ། །གཉིས་པ་མཚན་ནང་ལྟར་ཐབས་ལམ་སྟེང་སྒོོ་དང་སྦྱར་ཏེ་བཤད་པ་དེ་ལ་ཡང་། སྤྱིར་ལུས་ཅན་རྣམས་ཀྱི་ལུས་ཀྱི་དབུས་སུ་རྩ་རོ་རྐྱང་དབུ་གསུམ་སྲོག་ཤིང་བསླང་བ་ལྟ་བུར་ཡོད་དེ༑ དེ་ནི་ཕྱི་རོལ་དུ་ཉི་མ་དང་ཟླ་བ་སྒྲ་གཅན་གསུམ་ཡིན་ལ། ནང་དུ་ཁུ་རྡུལ་རླུང་གསུམ་འཛིན་པར་བྱེད། དེ་རྟོགས་པའི་ཚེ་སྐུ་གསུམ་གྱི་རང་བཞིན་དུ་གནས་ལ། མ་རྟོགས་པའི་ཚེ་འདོད་ཆགས་ཞེ་སྡང་ལ་སོགས་པ་དུག་གསུམ་གྱི་རྟེན་བྱེད་པའི་ཕྱིར་རོ། །རྩ་དེ་ལ་རྒྱུ་བ་གཡོ་བ་དང་། རག་པ་ཐིག་ལེའི་རྣམ་བཞག་སོགས་མང་དུ་ཡོད་ཀྱང་། འདིར་ས་ཁོངས་འཛིན་བྱེད་ཙམ་དུ་སྨོས་ན། སྙིང་གའི་འཁོར་ལོ་དང་སྦྱར་ཏེ་བཤད་པ་དང་། མཚན་བཞི་དང་འཁོར་
ལོ་བཞི་སྦྱར་ཏེ་བཤད་པ་གཉིས་སུ་ཡོད་པ་ལས། དང་པོ་སྙིང་གའི་འཁོར་ལོ་དང་སྦྱར་ཏེ་བཤད་པ་ནི། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཀྱི་དབུས་ན་བདེ་བར་གཤེགས་པའི་སྙིང་པོའི་ཐིག་ལེ་ཡི་གེ་ཝཾ་ཡིག་གི་རྣམ་པར་གནས་པ་དེ་ཉིད། རང་ལ་རང་ཆས་སུ་ཡོད་ཀྱང་མ་རྟོགས་པས་ན་གསང་བ། ཐིག་ལེ་དེ་ལ་རྒྱུ་འབྲས་ཀྱི་བཅུད་འདུས་པའི་དོན་གྱིས་ན་སྙིང་པོ། །དེ་ཉིད་བྱེད་པ་སྡོམ་པའི་རླུང་དང་བཅས་པས་ཐབས་ཀྱི་མན་ངག་དང་ལྡན་པའི་སྒོ་ནས་ཉམས་སུ་བླང་བས་བདེ་བ་བསྐྱེད་པ་ལས་མི་གཡོ་བས་དེ་ཁོ་ན་ཉིད། དེ་ཉིད་གཞི་ལམ་འབྲས་གསུམ་གྱི་དགོངས་པའི་དངོས་གཞིར་ངེས་པས་ན་ངེས་པའོ་ཞེས་བཤད་དོ༑ ༑གཉིས་པ་མཚན་བཞི་དང་འཁོར་ལོ་བཞི་སྦྱར་ཏེ་བཤད་པ་ནི། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་ན། དབྱིངས་ཕྱུག་ལྔའི་ཐིག་ལེ་ཡི་གེ་ཨ་ཐུང་གི་རྣམ་པར་གནས་པ་དེ་ཉིད་རྟོགས་དཀའ་བས་ན་གསང་བ། སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཀྱི་དབུས་ན་བདེ་གཤེགས་སྙིང་པོའི་ཐིག་ལེ་ཡི་གེ་ཝཾ་ཡིག་གི་རྣམ་པར་གནས་པ་དེ་ལ་ཤེས་བྱ་དང་སྒྲུབ་བྱའི་ཆོས་ཐམས་ཅད་ཀྱི་བཅུད་འདུས་པས་ན་སྙིང་པོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་གི་དབུས་ན་བཟའ་བཏུང་ཐམས་ཅད་ཀྱི་རོ་ལེན་པར་བྱེད་པའི་མཁའ་འགྲོ་མ་རྔམ་མའི་ཐིག་ལེ་ཡི་གེ་ཨཾ་ཡིག་གི་རྣམ་པར་གནས་པ་དེ་ཉིད་འོད་དུ་འབར་ཙམ་ན་བདེ་བ་བསྐྱེད་པ་ལས་མི་གཡོ་བས་ན་དེ་ཁོ་ན་ཉིད ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་གྱི་དབུས་ན་ཀུན་ཏུ་བཟང་པོ་ཟླ་བའི་ཐིག་ལེ་ཡི་གེ་ཧཾ་ཡིག་མགོ་ཐུར་བསྟན་དུ་གནས་པ་དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་དངོས་གཞིར་ངེས་པས་ན་ངེས་པའོ། །གསུམ་པ་གསང་བ་འོག་སྒོ་དང་སྦྱར་ཏེ་བཤད་པ་ནི། ལུས་ཅན་རྣམས་ཀྱི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པའི་དབུས་ན་ཐིག་ལེ་བདེ་བའི་ཡེ་ཤེས་རང་ལ་རང་ཆས་སུ་ཡོད་ཀྱང་མ་རྟོགས་པས་ན་གསང་བ། ཐིག་ལེ་དེ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་འདུས་པའི་དོན་གྱིས་ན་སྙིང་པོ། དེ་ཉིད་བྱེད་པ་སྡོམ་པའི་རླུང་དང་བཅས་པས་ཉམས་སུ་བླངས་པས་བདེ་བ་བསྐྱེད་པ་ལ་མི་གཡོ་བས་དེ་ཁོ་ན་ཉིད་དང་། དེ་
ཉིད་གཞི་ལམ་འབྲས་བུ་གསུམ་གྱི་དགོངས་པའི་དངོས་གཞིར་ངེས་པས་ན་ངེས་པའོ། །དེ་དག་གིས་ནི་མགོ་སྨོས་པས་རྒྱུད་དོན་མ་ལུས་པ་གོ་བའི་གང་ཟག་ཆོས་ཀྱི་མིག་དང་ལྡན་པ་དབང་པོ་ཡང་རབ་རྣམས་ལ་རྒྱུད་ཀྱི་མཚན་བཤད་ཟིན་ཏོ། །ལེགས་བཤད་བུང་བའི་དབྱངས་སྙན་ལས་དབང་རབ་ལ་མཚན་དོན་བསྟན་པའི་སྐབས་དེ་གཉིས་པའོ། །སྨྲས་པ། ཐ་སྙད་མཚན་གསུམ་དབྱངས་ཀྱི་གླུ་འཇོ་བས། །གསང་ཆེན་སྙིང་པོའི་དོན་རྟོགས་མན་ངག་གནད། །བློ་ལྡན་སྙིང་ལ་ཀུན་དགའི་དཔལ་སྦྱིན་པ། །འདི་ཀོ་སྣང་བའི་ཡུལ་དུ་གསལ་བྱེད་བཞིན། །ཐབས་ཀྱི་རིག་པ་བདེ་བ་ཆེན་པོའི་ཁམས། །སྟོང་ཉིད་ཤེས་རབ་དབྱིངས་སུ་རྒྱས་ཐེབས་པའི། །ཟུང་འཇུག་འདུས་མ་བྱས་པའི་རྡོ་རྗེའི་སེམས། །འཁོར་འདས་རོ་མཉམ་གནས་ལུགས་ངོ་བོར་བསྟན། །ཕུང་ཁམས་དབྱིངས་ཡེ་ལྷ་རྟོགས་བརྡའ་རྟགས་ཀྱི། །སྒྱུ་འཕྲུལ་དྲྭ་བ་རྣམ་བཞི་བརྩི་འཇོག་གི །རྟོགས་བའི་གནས་སྐབས་དྲང་དོན་བརྡར་བརྟེན་ནས། །གནས་ལུགས་ངེས་པའི་དོན་ལ་སྦྱོར་བར་སྟོན། །བརྟགས་ལས་རྟོགས་དཀའ་གཞི་རྒྱུད་གཉུག་མའི་ཁམས། །བྱས་དང་ལྷན་ཅིག་འགྲོ གས་པའི་འདྲེན་བྱེད་བཞིན། །ཉེ་ཡང་མ་མཐོང་ཤིན་ཏུ་རྨོངས་གྱུར་དག །གུ་ཧྱའི་སྒྲ་ཡི་མངོན་སུམ་མིག་ལ་བཞི། །ཟབ་ལས་ཆེས་ཟབ་ཐུན་མིན་སྔགས་ཀྱི་ལམ། །རྒྱུ་དང་འབྲས་བུའི་ཐེག་པ་གཞན་དག་ལས། །ཐབས་ཀྱི་ཁྱད་པར་དུ་མས་འཕགས་གྱུར་པའི། །ཐབས་གྲོལ་གནད་འདི་མན་ངག་སྙིང་པོའི་བསྟན། །གཞི་དུས་མ་བཅོས་ལམ་ཀྱིས་མ་ནོར་ཞིང་། །འབྲས་ལས་གཞན་དུ་གྱུར་མིན་གནས་ལུགས་དངོས། །དེ་ཁོ་ན་ཉིད་རིགས་བདག་དྲུག་པའི་སར། །མངོན་དུ་བྱེད་པའང་ཐོབ་མོད་གཡུར་ཟའི་འབྲས། །ཡེ་ནས་སྒྲིབ་བྲལ་གནས་ལུགས་ངོ་བོའི་གཞི། །དེ་ཉིད་མངོན་བྱེད་ཐབས་གྱུར་འབྲས་བུའི་ལམ། །ཡེ་ཇི་བཞིན་རྟོགས་བྲལ་ཐོབ་མེད་པའི་འབྲས། ཐུན་མིན་ཐེག་པའི་ངེས་པར་བསྡུས་ཏེ་བསྟན། །གཉིས་པ་དབང་པོ་འབྲིང་པོ་རྣམས་ལ་སྤྱི་དོན་རྣམ་པར་དབྱེ་བས་བཤད་པ་དེ་ལ་ཡང་། དོན་གྱི་རྣམ་གྲངས་རྣམ་པར་དབྱེ་བ་བཤད་པ་དང་། ཚིག་གི་རྣམ་གྲངས་རྣམ་པར་དབྱེ་བ་
བཤད་པ་གཉིས་སུ་ཡོད་པ་ལས། དང་པོ་དོན་གྱི་རྣམ་གྲངས་ཞེས་པ། ཚིག་ལ་མི་རྟོན་དོན་ལ་རྟོན། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་ཞེས་པ་བཞི་ཡི་སྒོ་ནས་འཆད་དགོས་པའི་ཕྱིར། དེ་ལ་ཡང་སྤྱན་འགྲེལ་ལས། ལུང་གི་སྤྱི་རུ་གྲགས་པ་ཡི། །རྣམ་པ་དབྱེ་བ་ལྔ་རུ་འགྱུར། ཞེས་པས་རྒྱུད་འབྱུང་བའི་རྒྱུ་གླེ ང་གཞི། རྐྱེན་གླེང་བསླང་བ། འབྲས་བུ་ཡོངས་སུ་ཤེས་པར་བྱ་བ་རྒྱུད་དོན། རྒྱུད་དོན་གྱི་དགོས་འབྲེལ། འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་དང་བཅས་པའི་ས་བཅད་རྣམ་པ་ལྔ་ཡོད་པ་ལས། དང་པོ་རྒྱུད་འབྱུང་བའི་རྒྱུ་གླེ ང་གཞི་དེ་ལ་ཡང་། ངོ་བོ། ངེས་ཚིག །དབྱེ་བ་གསུམ་ལས། དང་པོ་ངོ་བོ་ནི། རྒྱུད་ཕྱི་མ་འགོས་འགྱུར་ལས། སྟོན་པ་ལ་སོགས་རབ་དབྱེ་བས། །ཕུན་སུམ་ཚོགས་པ་ལྔར་བཤད་དོ། །ཞེས་པས་སྟོན་པ་གང་ཞིག གནས་གང་དུ། འཁོར་གང་དང་ལྷན་ཅིག་ཚོགས་པ་དེའི་ཚེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྒྱུད་དོན་འབྱུང་ངེས་པའི་ཕྱིར། ཕུན་སུམ་ཚོགས་པ་ལྔ་པོ་དེ་ལ་གླེང་གཞི་ཞེས་བརྗོད། ཕུན་སུམ་ཚོགས་པ་ལྔ་པོ་དེ་ལས་གང་ཡང་རུང་བ་ཞིག་མ་ཚང་ན་ཆོས་ཕུན་སུམ་ཚོགས་པ་མི་འབྱུང་བའི་ཕྱིར་རོ། །ཡང་། སྟོན་པ་གནས་དང་འཁོར་ཚོགས་ནས། །དུས་དང་བསྟན་པ་ཤུགས་ལས་འབྱུང་། ཞེས་དང་། ཡང་དེ་དག་གི་སྟེང་དུ་བཀའི་བསྡུས་པ་པོ་བསྣན་པས་ཕུན་སུམ་ཚོགས་པ་དྲུག་དུ་བཤད་པ་ཡང་ཡོད་དེ། ཁོག་གཞུང་ལས། སྟོན་གནས་འཁོར་དང་བསྡུས་པ་དང་། །དུས་དང་ཆོས་ཉིད་ཤེས་པར་བྱ། ཞེས་སོ། །གཉིས་པ་ངེས་ཚིག་ནི། ཅིའི་ཕྱིར་གླེང་གཞི་ཞེས་བྱ་ཞེ་ན། དཱ་ནའི་སྒྲ་ལས་བཤད་བཀའ་ཡིན་མིན་དུ་རྟོགས་པའི་གང་ཟག་ཐེ་ཚོམ་ཅན་ལ་ཕུན་སུམ་ཚོགས་པ་ལྔ་ཡི་ལོ་རྒྱུས་བརྗོད་པས་ཡིད་ཆེས་ཀྱི་ངེས་པ་སྦྱིན་པའི་ཕྱིར་རོ། །དེ་ཡང་གང་སྦྱིན་ན། ཡིད་ཆེས་ཀྱི་ངེས་པ་དེ་སྦྱིན། གང་ལ་སྦྱིན་ན་བཀའ་ཡིན་མིན་དུ་རྟོག་པའི་གང་ཟག་ཐེ་ཚོམ་ཅན་དག་ལ་སྦྱིན། ཚུལ་ཇི་ལྟ་བུའི་སྒོ་ནས་སྦྱིན་ན་ཕུན་སུམ་ཚོགས་པ་ལྔ་ཡི་ལོ་རྒྱུས་བརྗོད་པའི་སྒོ་ནས་སོ། །སྤྱིར་གླེ ང་གཞིའི་སྐད་དོད་ལེགས་སྦྱར་གྱི་སྐད་དུ་དཱ་ན་ཞེས་འབྱུང་བ་ཡང་། དེ་བོད་སྐད་དུ་བསྒྱུར་ན་དཱ་ན་སྦྱིན་པ་
ཞེས་འབྱུང་བས། འདི་དེ་ལྟར་དུ་བསྒྱུར་ན་རྟ་ནོར་དང་ཟང་ཟིང་གི་སྦྱིན་པ་སོགས་དང་ནོར་དོགས་ནས། ལོ་ཙཱ་བ་རྣམས་ཀྱིས་གཞི་མཐུན་པའི་བསྡུ་བ་མཛད་དེ། ཕུན་སུམ་ཚོགས་པ་ལྔ་པོ་དེ་ནི་རྒྱུད་འབྱུང་བའི་རྒྱུ་ཡང་ཡིན་ལ། རྒྱུད་གླེང་བའི་གཞི་ཡང་ཡིན་པས་ན་ཕུན་སུམ་ཚོགས་པ་ལྔ་པོ་དེ་ལ་གླེང་གཞི་ཞེས་བརྗོད་དོ། །གསུམ་པ་དབྱེ་བ་ལ་ཡང་། ཐུན་མོང་མ་ཡིན་པའི་གླེང་གཞི་དང་། ཐུན་མོང་གི་གླེང་གཞི་གཉིས་སུ་ཡོད་པ་ལས། དང་པོ་ལའང་། ཐབས་ལམ་དང་སྦྱར་ཏེ། ནང་གསང་ལྟར་འཆད་པ་དག་ཡིན་ནོ་ཞེས་པས། ཐབས་ལམ་སྟེང་སྒོ་དང་སྦྱར་ཏེ་བཤད་རྒྱུད་རྒྱ་མཚོས་བཤད་པ་དང་། གསང་བ་འོག་སྒོ་དང་སྦྱར་ཏེ་བཤད་རྒྱུད་ཐལ་བས་བཤད་པ་གཉིས་སུ་ཡོད་པ་ལས། དང་པོ་ཐབས་ལམ་སྟེང་སྒོ་དང་སྦྱར་ཏེ་བཤད་རྒྱུད་རྒྱ་མཚོས་བཤད་པ་ནི་ཇི་སྐད་དུ། དྷརྨ་ཙཀྲ་ཆོས་ཀྱི་གནས། །འོད་བཞི་ཨེ་སོགས་དབྱིབས་སུ་གནས། །མི་ཤིགས་ཐིག་ལེ་ཝཾ་དབྱིབས་ཅན། །རང་ལ་བདེ་བ་གསལ་བྱེད་དག །མ་ནུ་ཡིད་སོགས་རྣམ་ཤེས་བཞི། །ཡེ་ཤེས་མྱོང་བས་རྟོགས་པར་བཤད། །ཡེ་ཤེས་ནམ་མཁའི་གཟུགས་སྐྱེས་པ། །པ་ར་མཱརྠ་དོན་ཟབ་མོ། །བདེ་བའི་དུས་གཉིས་སྔ་ཕྱི་བྲལ། །དུས་གསུམ་ཀུན་གྱི་ངོ་བོར་གནས། ཞེས་ཚིག་རྐང་གཉིས་གཉིས་ཀྱིས་ཕུན་སུམ་ཚོགས་པ་རེ་རེའི་དོན་སྟོན་པའི་ཕྱིར། དང་པོ་གནས་ཕུན་སུམ་ཚོགས་པ་བཤད་པ་ནི། དྷརྨ༴ འོད་བཞི༴ ཞེས་པས་བསྟན། དེའི་དོན་ནི། སྙིང་ཁ་ཆོས་ཀྱི་འཁོར་ལོ་ན་རྩ་འདབ་བརྒྱད་ཡོད་པ་དེ་རིགས་བསྡུ་ན་རྩ་བའི་འདབ་མ་བཞིར་འདུ་སྟེ། མདུན་ན་རྩ་རྩ་བ་གཅིག་ལ་རྩེ་མོ་གསུམ་དུ་གྱེས་པ། དབྱིབས་ཟླུམ་པོ། །འོད་དཀར་པོ་ཆོས་དབྱིངས་སྐྱེ་བ་མེད་པ་འཆར་བའི་ལས་བྱེད་པས་མདུན་ན་ཆོས་ཉིད་ཀྱི་རྩ་ཞེས་བྱ། གཡས་ན་རྩ་གཅིག་ཡོད་པ་དེ་དབྱིབས་གྲུ་བཞི། འོད་སེར་པོ། ཡེ་ཤེས་འཆར་བའི་ལས་བྱེད་པས་ན་གཡས་ཡེ་ཤེས་གྱི་རྩ་ཞེས་བྱ། གཡོན་ན་རྩ་དབྱིབས་ཟླ་གམ། འོད་དམར་པོ་སྤྱན་དང་མངོན་ཤེས་ལ་སོགས་པ་འཆར་བའི་ལས་བྱེད་པས་ན་ གཡོན་ཡོན་ཏན་གྱི་རྩ་ཞེས་བྱ། རྒྱབ་ན་རྩ་རྩ་བ་གཅིག་ལ་རྩེ་མོ་གསུམ་དུ ་དབྱེ་བ་དབྱིབས་གྲུ་གསུམ་འོད་དམར་ནག་གོང་གི་ཡོན་ཏན་དེ་དག་མི་འཆར་ཞིང་ཤེས་
པ་རྣམས་རྨོངས་ཤིང་འཐིབས་པའི་ལས་བྱེད་པས་ན་རྒྱབ་རང་རྒྱུད་ཀྱི་རྩ་ཞེས་བྱ་སྟེ། དཔེ་ཆུང་རང་གནས་ལས། དམར་ནག་མདོག་ལ་ལྐོག་ཤ ལ་དབྱིབས། །ཤེས་པ་གསུམ་ན་རྨོངས་ཤིང་འགེབ། །དེ་ནི་བླུན་རྨོངས་སྣོད་ཡིན་ཏེ། །དྲག་པོ་ཉིད་དུ་གནས་པའོ། །ཞེས་སོ། །དེ་དག་ནི་ཡེ་ཤེས་སྙིང་པོའི་ཐིག་ལེ་བཞུགས་པའི་གནས་ཡིན་པས་ན་གནས་ཕུན་སུམ་ཚོགས་པ་ཞེས་བྱའོ། །གཉིས་པ་སྟོན་པ་ཕུན་སུམ་ཚོགས་པ་ནི། མི་ཤིག༴ རང་ལ༴ ཞེས་པས་གོང་གི་རྩ་དེ་དག་གི་དབུས་ན་དངས་མ་ཆེན་པོ་ལྔ་ཡོད་དེ། ལྔ་གང་ཞེ་ན། སའི་དངས་མ་རྩ་དར་དཀར་གྱི་སྐུད་པ་འདྲ་བ་སྦོམ་ཕྲ་རྟ་རྔ་བཅུར་གཤགས་ཙམ་གྱི་ནང་ན་ཆུའི་དངས་མ་རྒྱ་མཚལ་ལྕོག་ལའི་ཁུ་བ་ལྟ་བུ་དང་། མེའི་དངས་མ་མེ་ལོང་ཉི་མ་ལ་བཞག་པའི་ངད་ཙམ་ལྟ་བུ་དང་། རླུང་གི་དངས་མ་གསེར་ས་འོག་ན་ཡོད་པའི་རླང་པ་ནམ་མཁར་རྒྱུ་བ་ལྟ་བུ་དང་ནམ་མཁའི་དངས་མ་བར་སྣང་སང་སེང་གོ་འབྱེད་པའི་ཚུལ་དུ་ཡོད་དེ། དཔེ་ཆུང་རང་གནས་ལས། དར་སྐུད་མཚལ་ཁུ་གསེར་གྱི་རླངས། །ཉི་གདན་མེ་ལོང་དང་དག་ནས། །འབྱུང་བ་བཞི་ཡི་དངས་མ་དེ། །བདེ་བའི་དངས་མ་ནམ་མཁའི་ཁམས། །ཞེས་སོ། །དེ་ལྟར་སྲོག་མི་ཤིག་པའི་ཐིག་ལེ་དངས་མ་ལྔ་འདུས་ཀྱི་སྙིང་པོ་ཝཾ་ཡིག་གི་དབྱིབས་ཅན་དེ་ཉིད་མར་མེ་གསལ་བྱེད་གཞན་ལ་ལྟོས་མི་དགོས་པ་ལྟར་རང་གི་རང་ལ་བདེ་བ་གསལ་བར་སྟོན་པའི་ལས་ཅན་ཡིན་པས་སྟོན་པ་ཕུན་སུམ་ཚོགས་པ་ཞེས་བཤད་པ་ཡིན་སྟེ། རྡོ་རྗེ་མེ་ལོང་ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་ཐུགས། །མི་ཤིག་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཅན། ཞེས་དང་། རིམ་ལྔ་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེས་བུ་ལ། །ཡེ་ཤེས་ངེས་པར་འབྱུང་བའི་ཕྱིར། ཞེས་དང་། བླ་མ་ལས། ཐིག་ལེ་ཆེན་པོ་རྣལ་འབྱོར་ལ། །སྙོམ་པ་རྣམ་གསུམ་དུས་གཅིག་རྟོགས། ཞེས་སོ། །གསུམ་པ་འཁོར་ཕུན་སུམ་ཚོགས་པ་ནི། མཱ་ནུ༴ ཡེ་ཤེས་མྱོང༴ ཞེས་པས། མཱ་ནུ་ཤེས་པའོ་ཞེས་པས། ཡིད་ལ་སོགས་པ་རྣམ་ཤེས་ཚོགས་བརྒྱད་དེ། མདུན་ཆོས་དབྱིངས་ཀྱི་རྩ་ལ་ཀུན་གཞིའི་རྣམ་ཤེས།
གཡས་ཡེ་ཤེས་ཀྱི་རྩ་ལ་ཡིད་ཀྱི་རྣམ་ཤེས། གཡོན་ཡོན་ཏན་གྱི་རྩ་ལ་ཉོ ན་ཡིད་གྱི་རྣམ་ཤེས། རྒྱབ་རང་རྒྱུད་ཀྱི་རྩ་ལ་སྒོ་ལྔའི་རྣམ་ཤེས་ཏེ། དེ་ལྟར་རྣམ་པར་ཤེས་པ་ཚོགས་བརྒྱད་པོ་དེ་དག་གིས་བརྗོད་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྔ་ཉམས་སུ་མྱོང་བས་ན་འཁོར་ཕུན་སུམ་ཚོགས་པ་ཞེས་བྱའོ། །བཞི་པ་ཆོས་ཕུན་སུམ་ཚོགས་པ་ནི། ཡེ་ཤེས་ནམ་མཁའི༴ པ་ར་མརྠ༴ ཞེས་པས་བརྗོད་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནམ་མཁའི་གཟུགས་ཅན་རྒྱུད་ལ་སྐྱེད་པ་ནི། པ་ར་མཱརྠ་ཞེས་པའི་སྒྲ་ལས་དྲངས་ན་དོན་དམ་ཟབ་མོ་དོན་དམ་པ་སྟེ། རང་བཞིན་གསང་བ་སྙིང་པོ་ནི། ཆོས་དབྱིངས་ཀྱི་གནས་ལུགས་ཟབ་མོ་ཡིན་པའི་ཆ་ནས་བསྟན་པ་ཕུན་སུམ་ཚོགས་པ་ཞེས་བཤད་དོ། །ལྔ་པ་དུས་ཕུན་སུམ་ཚོགས་པ་བཤད་པ་ནི། བདེ་བའི༴ དུས་གསུམ༴ ཞེས་པས་སྟེང་སྒོའི་ལམ་ཉམས་སུ་བླངས་ནས་བདེ་བ་རྒྱུད་ལ་སྐྱེས་པ་དེའི་ཚེ་སྔ་ཕྱིར་འཛིན་པའི་རྟོག་པ་ཐམས་ཅད་དང་བྲལ་བས་དུས་བཞི་མཉམ་པ་ཉིད་དུ་གནས་པས་ན་དུས་ཕུན་སུམ་ཚོགས་པ་ཞེས་བཤད་དོ། །གཉིས་པ་གསང་བ་འོག་སྒོ་དང་སྦྱར་ཏེ་བཤད་རྒྱུད་ཐལ་བས་བཤད་པ་ནི། ཇི་སྐད་དུ། འདི་ཞེས་ཉེ་བར་མཚོན་པ་སྟེ། །ཨེ་སོགས་རྣམ་བཞིའི་དབྱིབས་ཅན་ནས། །སྐད་ཅེས་གསལ་བྱེད་ལས་མིང་ཅན། །ཝཾ་ཡིག་ཐིག་ལེར་བཅས་སྟོན་པའོ། །མ་ད་མ་ནུ་སྡོམ་བྱེད་ཡིན། །ལུས་ཅན་རྣམ་ཤེས་གང་གནས་དེ་དག་ལ། །གསལ་བར་གོ་བས་བཤད་པར་འདོད། །པ་སྒྲ་དོན་དམ་ངེས་པའི་རྒྱུད། །ཡ་ན་ཐེ ག་ཆེན་འདི་ཡིན་ནོ། །དུས་ནི་བསམ་གྱིས་མི་ཁྱབ་དུས། །ནཱ་མ་དེ་མིང་ཞེས་བྱའོ། །ཞེས་པས་ཚིག་རྐང་པ་གཉིས་གཉིས་ཀྱིས་ཕུན་སུམ་ཚོགས་པ་རེ་རེའི་དོན་དང་། ཡང་རྐང་པ་གསུམ་གྱིས་འཁོར་ཕུན་སུམ་ཚོགས་པ་བཤད་པ་ཡིན་ཏེ། དང་པོ་གནས་ནི། འདི་ཞེས༴ ཨེ་སོགས༴ ཞེས་པ་དེ་ཡང་། འདི་ཞེས་པ་ཨེས་མཚོན་པའི་གནད་དེ་ཡུམ་གྱི་བྷ་ག་སྒོ་གྲུ་གསུམ་ཁྱམས་གྲུ་བཞི་སྐྱེ་གནས་ཟླ་གམ། དབྱིངས་ཕྱུག་གི་སྣ་རྩེ་ཟླུམ་པོ་སྟེ། གསང་བ་སྟོན་པ་སྐུའི་བཞུགས་གནས་ཡིན་པའི་ཆ་ནས་དེ་ལྟར་དུ་བརྗོད་པ་སྟེ། གཡུང་འགྲེལ་ལས། ཕྱི་ཁྱམས་གྲུ་གསུམ་དྲག་པོའི་གནས། །བར་ཁྱམས་གྲུ་བཞི་
རྒྱས་པའི་དབྱིབས། །སྐྱེ་གནས་ཟླ་གམ་དབང་གི་གནས། ༼དབྱིངས་ཕྱུག་གི་༽ སྣ་རྩེར་ཟླུམ་པོ་ཞི་བའི་གནས། ཞེས་དང་། སྤར་ཁབ་ལས། སྒོ་དང་ཁྱམས་དང་བྱ་སྟོང་དང་། །ཟ་མ་ཏོག་ནང་དྲག་རྒྱས་ཞི་དབང་གི །སངས་རྒྱས་རིམ་གྱིས་བཞུགས་པའི་གནས་སུ། །ཞེས་གསུངས་སོ། །གཉིས་པ་སྟོན་པ་ཕུན་སུམ་ཚོགས་པ་ནི། སྐད་ཅེས༴ ཝཾ་ཡིག༴ ཞེས་པས་སྐད་ཅེས་པ་ཝཾ་ཡིག་གིས་མཚོན་པའི་སྟོན་པ་སྟེ། ཡབ་ཀྱི་རྡོ་རྗེ་ནོར་བུའི་དབུར་རྩ་ས་ཡ་ཕྲག་བཅུ་གཉིས་ཀྱི་བཅུད་འདུས་པའི་ཀུན་རྫོབ་ཡེ་ཤེས་ཀྱི་ཐིག་ལེ་དེ་ཉིད་ཡབ་ཡུམ་གཉིས་ཀའི་རྒྱུད་ལ་བདེ་བ་གསལ་བར་སྟོན་པའི་ལས་ཅན་ཡིན་པས་སྟོན་པ་ཕུན་སུམ་ཚོགས་པ་ཞེས་བཤད་དེ། སྤར་ཁབ་ལས། གུ་ཧྱ་བཛྲ་གྱི་དབུར་རྫོགས་པས་མ་ལུས་པའི་བྱེད་པ་པོའི་ཕྱིར་སྟོན་པའོ། །ཞེས་སོ། །གསུམ་པ་འཁོར་ཕུན་སུམ་ཚོགས་པ་ནི། མ་ད༴ ལས་ཅན༴ གསལ་བར༴ ཞེས་པ་མ་ད་ནི་སྡོམ་བྱེད། མ་ནུ་ནི་ཡིད་བྱེད་དེ། དེ་ཉིད་བྱེད་པ་སྡོམ་པའི་རླུང་དང་བཅས་པས་བདག་དང་གཞན་ལྷ་ཡབ་ཡུམ་དུ་གསལ་བ་ཕྱག་རྒྱའི་འདུ་ཤེས། མཁའ་གསང་རྡོ་རྗེ་དང་པདྨར་གསལ་བ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་བདེ་ཆེན་གྱི་ཡེ་ཤེས་རྒྱུད་ལ་སྐྱེ་བར་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། དེ་ལྟར་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་གསང་བའི་འདུ་ཤེས་ཀྱི་རེག་བདེ་ཉམས་སུ་མྱོང་བས་འཁོར་ཕུན་སུམ་ཚོགས་པའོ། །བཞི་བ་ཆོས་ཕུན་སུམ་ཚོགས་པ་ནི། པ་སྒྲ་དོན༴ པཱ་ན༴ ཞེས་པས་པ་ར་མརྠའི་སྒྲ་ལས་དྲངས་ན་དོན་ཟབ་མོའི་དོན་དམ་པ་སྟེ། རྩ་ཁམས་ཐམས་ཅད་ནས་བྱང་སེམས་གཡོས་པས་བདེ་བ་མགོ་ལྡང་བའི་ཚུལ་དུ་སྐྱེད་པ་གཡོ་ལྡང་བྱང་ཆུབ་ཀྱི་སེམས་ལ་སོགས་པ་སེམས་ལྔ་རྫོགས་པས་དགའ་བ་བཅུ་དྲུག་གི་མཐའ་ལ་རྣམ་ཐར་བཞི་ལྡན་ཏེ། ངོ་བོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བ་སྟེ་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱོང་བ་ནི་ཆོས་ཕུན་སུམ་ཚོགས་པའོ། །ལྔ་པ་དུས་ཕུན་སུམ་ཚོགས་པ་ནི། དུས་ནི༴ ནཱ་མ༴ ཞེས་འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་ཉམས་སུ་བླང་བ་བདེ་བ་རྒྱུད་ལ་སྐྱེས་པ་དེའི་ཚེ་སྔ་ཕྱི་འཛིན་པའི་རྟོག་པ་ཐམས་ཅད་དང་བྲལ་ནས་
དུས་གསུམ་དུས་མེད་དུ་རྟོགས་པས་ཕུན་སུམ་ཚོགས་པ་སྟེ། འཇམ་དཔལ་སྒྱུ་དྲྭ་ལས། དུས་གསུམ་དུས་མེད་རྟོགས་པོ། །ཞེས་སོ། །ན་མ་ནི་ཞེས་བྱ་བ་ལ་འཇུག་པས་འདི་ནི་གནས་ཕུན་སུམ་ཚོགས་པ་ཞེས་བྱའོ། །ཞེས་པ་ལ་སོགས་པ་ཕུན་སུམ་ཚོགས་པ་ལྔ་གའི་མཇུག་བསྡུས་པའི་ཕྱིར་རོ། །སྤྱིར་གླེང་གཞིའི་སྐད་དོད་ཨེ་ཝཾ་མ་ཡ་ཞེས་འབྱུང་ལ། དེ་བོད་སྐད་དུ་བསྒྱུར་ན། འདི་ཞེས་པ་ཨེས་མཚོན་པའི་གནས་དང་། སྐད་ཅེས་པ་ཝཾ་ཡིག་གིས་མཚོན་པས་སྟོན་པ། བཤད་ཅེས་པ་མ་ཡིག་གིས་མཚོན་པའི་འཁོར་དང་། ཡ་ནི་དུས་དང་ཆོས་གཉིས་ཀ་ལ་འཇུག་པས། ཡཱ་ནའི་སྒྲ་ལས་ཐེག་པ་ཆེན་པོ་སྟེ་ཆོས་དང་། མ་དཱའི་སྒྲ་ལས་གང་ཚེ་ཞེས་དུས་ཕུན་སུམ་ཚོགས་པ་བཤད་པའི་ཕྱིར་རོ། །དེས་ཐུན་མོང་མ་ཡིན་པའི་གླེ ང་གཞི་བཤད་པ་དེ་སོང་ནས། གཉིས་པ་ཐུན་མོང་གི་གླེང་གཞི་བཤད་པ་དེ་ལ་ཡང་། ལོངས་སྐུའི་གླེང་གཞིའམ་རྒྱུད་འབྱུང་བ་ཁྱད་པར་ཅན་གྱི་གླེང་གཞི། ཞར་བྱུང་གདུལ་བྱ་དགོས་ཆེད་དུ་བསྟན་པ་ཁྲོ་བོའི་གླེང་གཞི། སྤྲུལ་སྐུ་འགྲོ་བ་འདུལ་བའི་གླེང་གཞིའམ་བསྟན་པ་སྤྱིའི་གླེ ང་གཞིར་གྲགས་པ་དང་བཅས་པའི་ས་བཅད་རྣམ་པ་གསུམ་དུ་ཡོད་པ་ལས། དང་པོ་ལོངས་སྐུའི་གླེང་གཞིའམ་རྒྱུད་འབྱུང་བ་ཁྱད་པར་ཅན་གྱི་གླེང་གཞི་བཤད་པ་དེ་ལ། ཐུན་མོང་གི་གླེང་གཞི་ཞེས་བརྗོད་པ་ནི། གོང་གི་ནང་གསང་གཉིས་ལ་ལྟོས་ནས་འདིར་ཐུན་མོང་ཅེས་སྨོས་པ་ཡིན་ལ། གཞན་དུ་ཐུན་མོང་སྒྲ་ཇི་བཞིན་དུ་གྱུར་བ་ནི་མ་ཡིན་ཏེ། སྤར་ཁབ་ལས། འདི་ནི་ཐུན་མོང་མ་ཡིན་པའི་གླེང་གཞི་སྟེ་རྒྱུད་གཞན་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །ཞེས་སོ། །ཁྱད་པར་དུ་འཕགས་ཚུལ་རྣམ་གྲངས་མང་ཡང་། འདིར་ནི་གླན་ཌིཀ་ལས། གནས་འོག་མིན་ཙམ་དུ་སྒྲ་མཐུན་ཡང་། འདི་ནི་དབང་ཕྱུག་ཆེན་པོའི་འོག་མིན་ཡིན་པས་ན་གནས་ཁྱད་པར་འཕགས་པ་དང་། སྟོན་པ་ལོངས་སྐུ་ཙམ་དུ་སྒྲ་མཐུན་ཡང་། འདིར་ནི་སྟོན་པ་རིགས་དྲུག་པ་ཀུན་ཏུ་བཟང་པོ་ཡིན་པས་སྟོན་པ་ཁྱད་པར་འཕགས་པ་དང་། འཁོར་བྱང་སེམས་ཙམ་དུ་སྒྲ་མཐུན་ཡང་། འདིར་ནི་འབྲས་བུའི་བྱང་སེམས་ཡིན་པས་ན་འཁོར་ཁྱད་པར༴ བསྟན་
པ་གྲོལ་ལམ་ཙམ་དུ་སྒྲ་མཐུན་ཡང་། འདིར་ནི་གྲོལ་ལམ་གསང་བའི་སྙིང་པོ་ཆོས་ཉིད་ཀྱི་གནས་ལུགས་ཟབ་མོ་ཡིན་པས་ན་བསྟན་པ་ཁྱད་པར་དུ༴ དུས་རེ་འགའ་བ་ཙམ་དུ་སྒྲ་མཐུན་ཡང་། འདི་ནི་དུས་བཞི་མཉམ་པ་ཉིད་ཀྱི་དུས་ཡིན་པས་ན་དུས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །དེ་ལ་དབྱེ་ན། གང་དུ་གསུང་པའི་ཆོས། གང་གི་ཚེ་གསུང་བའི་དུས། གང་གསུང་པ་པོའི་སྟོན་པ། གང་དུ་ཚོགས་པའི་གནས། གང་དང་ལྷན་ཅིག་ཚོགས་པའི་འཁོར་རྣམས་སུ་ཡོད་པ་ལས། དང་པོ་གང་གསུང་པའི་ཆོས་ཕུན་སུམ་ཚོགས་པ་བཤད་པ་ནི། འདི་སྐད་བཤད་པ་ཞེས་པ་དེས་བསྟན། དེ་ལ་འདི་སྐད་བཤད་པ་ཞེས་པ་ཚིག་ཕྲད་དེ། རྒྱུད་དབུ་ཞབས་ཀྱི་དོན་མ་ལུས་པ་མཚོན་པར་བྱེད་པའི་ཚིག་གོ །གཉིས་པ་གང་གི་ཚེ་གསུང་བའི་དུས་ཕུན་སུམ་ཚོགས་པ་ནི། དུས་ན་ཞེས་པ་དེས་བསྟན། དེའི་དོན་ནི་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི་དུས་རྟག་པ་རྒྱུན་དུ་ཆོས་གསུང་པས་དུས་རེ་འགའ་གསུང་པ་དང་། རེ་འགའ་མི་གསུང་བའི་ཐ་སྙད་ལས་འདས་པས་དུས་ཕུན་སུམ་ཚོགས་པ་ཐུན་མོང་མ་ཡིན་པའི་ཆེ་བ་སྨོས་པ་ཡིན་ཏེ། རྒྱ་མཚོ་ལས། དེ་ཚེ་དུས་གཉིས་མཐའ་བྲལ་ཕྱིར། །ངོ་བོ་དུས་བཞི་མཉམ་པ་ཉིད། ཞེས་སོ། །ཞར་བྱུང་དེ་དག་གི་ལོག་རྟོག་སེལ་བ་ནི། རྒྱུད་འདིར་འདི་སྐད་བཤད་པ་ཞེས་སྨོས་པ་དང་། སྡེ་སྣོད་གཞན་རྣམས་སུ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་སྨོས་པའི་གླེང་གཞི་གཉིས་ཀྱི་ཁྱད་པར་ཡང་། སྡེ་སྣོད་གཞན་རྣམས་སུ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པའི་དགོས་པ་ནི། སྟོན་པ་དང་སྡུད་པ་པོ་གཉིས་ཐ་དད་དུ་བྱས་ནས། འདི་ནི་བདག་ཉིད་ཀྱི་སྟོན་པ་ལས་མངོན་སུམ་དུ་ཐོས་ཀྱི་གཞན་ལས་བརྒྱུད་དེ་ཐོས་པ་ནི་མ་ཡིན་ནོ། །ཞེས་ཆོས་ཁུངས་བཙུན་པ་ལ་འཇུག་པ་དང་། དུས་ལན་ཅིག་གི་ཚེ་འདི་གསུངས་ཀྱི་གཞན་དུ་གཞན་དག་ཀྱང་གསུངས་ཞེས་བསྡུས་པ་པོ་རང་ཉིད་ཐོས་པ་ཆེ་བ་སོགས་ལ་འཇུག་ཀྱང་། འདི་ནི་མཐུ་སྟོབས་ཀྱི་དབང་ཕྱུག་གསང་བདག་ལག་ན་རྡོ་རྗེ་དེ་ཉིད་ཀྱིས་རི་མ་ལཱ་ཡའི་རྩེར་དམ་པའི་རིགས་ཅན་དྲ་མ་ལྔ་ལ་གསང་སྔགས་ཀྱི་ཆོས་འཁོར་བསྐོར་བའི་ཚེ་སྔར་ངས་འོག་མིན་དུ་བཤད་པའི་རྒྱུད་དོན་རྣམས་ཀྱང་
ད་རེས་འདིར་ཡང་བཟློས་ཏེ་འཆད་པར་བྱའོ་ཞེས་སྟོན་འཁོར་དགོངས་པ་དབྱེར་མེད་པའི་ཆེ་བ་སྨོས་པ་སྟེ། བདེ་འདུས་ཞི་བ་འདུས་པའི་རྩ་བའི་རྒྱུད་ལས། ང་ནི་ཆེ་བའི་རྒྱལ་པོ་སྟེ། །འཆད་དང་ཉན་པའང་འདི་ཉིད་ཡིན། ཞེས་དང་། བརྟག་གཉིས་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པའང་། ཞེས་དང་། གསང་བ་གྲུབ་པ་ལས། རྒྱུད་འཆད་པ་དེ་ཐུགས་རྡོ་རྗེ། །འཆད་པ་པོ་དེ་བསྡུས་པའང་དེ། ཞེས་སོ། །ཡང་བཤད་ཐོས་གཉིས་ཀྱི་དབྱེ་བ་ལ། མཁས་པ་འགའ་ཞིག་ན་རེ། སྐུ་གཉིས་ཀྱི་བསྟན་པའི་ཁྱད་པར་ཡིན་ཏེ། ལོངས་སྐུས་ཚིག་ཏུ་མི་གསུང་པའི་འཁོར་རྣམས་ཀྱི་རྣ་བས་ཐོས་སུ་མེད་པས་ན་བཤད་ཅེས་པ་དང་། སྤྲུལ་སྐུས་བརྗོད་པ་ཚིག་ཏུ་གསུང་པས་འཁོར་རྣམས་ཀྱིས་ཐོས་སུ་ཡོད་པས་ན་ཐོས་ཞེས་འབྱུང་བ་ཡིན་གསུངས་ན་ཡང་། ལོངས་སྐུས་གསུངས་པའི་རྒྱུད་སྡེ་མཐའ་དག་ལ་དེ་ལྟར་འབྱུང་དགོས་པ་ལ་མི་འབྱུང་བའི་ཕྱིར་དང་། ཡང་འགའ་ཞིག་བཤད་ཐོས་གཉིས་ཚིག་ལ་མི་མཐུན་ཡང་དོན་ལ་མཐུན་ཏེ། བཤད་ཅེས་པ་སྟོན་པས་འཁོར་ལ་གསུང་པའི་དོན་དང་། ཐོས་ཞེས་པ་འཁོར་གྱིས་སྟོན་པ་ལས་ཐོས་པའི་དོན་ཡིན་གསུངས་ན་ཡང་། ཐོས་པ་ལ་བཤད་པས་མ་ཁྱབ་པའི་ཕྱིར། བཤད་ཅེས་སྟོན་པས་འཁོར་ལ་གསུངས་པའི་དོན་ཡིན་པས། མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་སྐྱོན་དང་བྲལ་ལ། ཐོས་ཅེས་པ་འཁོར་གྱིས་སྟོན་པ་ལས་ཐོས་པའི་དོན་གོང་གི་སྐྱོན་གསུམ་དང་མི་ལྡན་ནོ་ཞེས་གསུངས་ན་ཡང་། བཤད་པ་ལ་སྐྱོན་གསུམ་དང་བྲལ་ལ། ཐོས་པ་ལ་སྐྱོན་དང་ལྡན་པས་མ་ཁྱབ་པའི་ཕྱིར། རང་ལུགས་ནི་སྔར་སྨོས་པ་ལྟར་གྱི་སྟོན་འཁོར་དགོངས་པ་དབྱེར་མེད་ཀྱི་ཕྱོགས་བཟུང་ནས་རྒྱུད་འདིར་འདི་སྐད་བཤད་པའི་དུས་ན་ཞེས་བརྗོད་དེ། ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ་ལས། བཤད་ཅེས་པ་འཁོར་དང་སྟོན་པ་གཉིས་སུ་མེད་པར་གྱུར་པའི་ཕྱིར་རོ། །ཞེས་གསུངས། གཞན་ཡང་། རྒྱུད་འདིར་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་མ་སྨྲོས་པས་གླེང་གཞི་ལོག་ཞེ་ན། འཇམ་དཔལ་སྒྱུ་དྲྭ་དང་། བདེ་མཆོག་རྩ་རྒྱུད་སོགས་རྒྱུད་རྣམ་དག་མང་པོ་ཞིག་ཀྱང་བཀའ་ཡང་དག་པ་མ་ཡིན་པ་ཐལ་ཏེ། འཇམ་དཔལ་སྒྱུ་དྲྭ་ལས། དེ་ནས་དཔལ་
ལྡན་རྡོ་རྗེ་འཆང་། ཞེས་དང་། ཡང་འགའ་ཞིག་ཏུ། དེ་ནས་གསང་བ་བཤད་པར་བྱ། ཞེས་སོགས་གསུངས་པའི་ཕྱིར་རོ། །དུས་ལོག་པའི་སྐྱོན་ཡང་མེད་དེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་སེམས་ཅན་དང་ཆོས་ཀྱི་དེ་བཞིན་ཉིད་ནི་གང་ནས་མི་འོང་། གང་དུའང་མི་འགྲོ གར་ཡང་མི་གནས་པས་ན་མ་ངེས་པ་དེ་བསམ་གྱིས་མི་ཁྱབ་པའི་དུས་ཞེས་དུས་བཞིར་གསུངས་པ་དང་། མངོན་པ་མཛོད་ལས་བཤད་པའི་བསྐལ་པ་ལ་ཆགས་གནས་འཇིག་སྟོང་ལ་སོགས་པ་རྣམས་ཀྱང་དུས་ལོག་པའི་ཕྱིར་རོ། །གཙོ་འཁོར་ལོག་པའི་སྐྱོན་ཡང་མེད་དེ། རྒྱུད་གསུངས་པ་པོ་རྣམས་དཀྱིལ་འཁོར་གྱི་གཙོ་བོར་འབྱུང་དགོས་ན། འཇམ་དཔལ་སྒྱུ་དྲྭའི་དཀྱིལ་འཁོར་གྱི་གཙོ་བོར་སྟོན་པ་ཤཱཀྱ་ཐུབ་པ་མི་འབྱུང་བའི་ཕྱིར་རོ། །སྒྲུབ་པའི་ཞག་དང་ཚེས་གྲངས་ནི། །རྒྱུད་ལས་གསུངས་པ་བཞིན་དུ་བྱ། ཞེས་རྒྱུད་གཞན་ལ་ཁ་འཕངས་པའི་སྐྱོན་ཡང་མེད་དེ། མཁའ་འགྲོ་མ་ཀུན་སྤྱོད་ཀྱི་རྒྱུད་སོགས་ལས་ཀྱང་། སྒྲུབ༴ རྒྱུད ༴ ཞེས་པ་སོགས་རྒྱུད་གཞན་ལ་ཁ་འཕངས་པའི་ཕྱིར་རོ། །དེས་ན་ཐེག་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་བཞག་གཅིག་གིས་གཅིག་དགག་པར་མི་བྱ་སྟེ། མངོན་རྟོགས་རྒྱན་གྱི་འགྲེལ་བ་ལས། འདི་ནི་རྣམ་པར་བཞག་པ་གཞན་ཁོ་ན་ཡིན་པས། ཐེག་པ་གཞན་གྱི་ལུགས་ལ་བརྟེན་ནས་ནམ་དུའང་སུན་འབྱིན་བརྗོད་པར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་གང་གསུང་པ་པོའི་སྟོན་པ་ཕུན་སུམ་ཚོགས་པ་བཤད་པ་དེ་ལ་སྟོན་པའི་རང་བཞིན་བཤད་པ་དང་། སྟོན་པའི་ངོ་བོ་བཤད་པ་གཉིས་ལས། དང་པོ་སྟོན་པའི་རང་བཞིན་བཤད་པ་ནི། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད་མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་པས་དབྱེར་མེད་པའི་རང་བཞིན་ཏེ་ཞེས་བརྗོད་པོ་དེས་བསྟན། སྤྱིར་སྟོན་པའི་རང་བཞིན་ཞེས་པ། ཆོས་ཅན་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་དང་ཆོས་ཉིད་
ཐ་མི་དད་དུ་བཞུགས་པས་ན་སྟོན་པའི་རང་བཞིན་ཞེས་བྱའོ། །དེ་ལ་དབྱེ་ན། ཁོག་གཞུང་ལས། སྟོན་པའི་རང་བཞིན་བརྒྱད་དང་ལྡན། །བདག་ཉིད་བྱེད་པོ་ཀུན་ཏུ་བཟང་། ཞེས་པས། ཡང་དག་པར་དང་རྫོགས་པ་གཉིས་སོ་སོར་ཕྱེ་སྟེ་བརྒྱད་དུ་བཤད་པ་དང་། ཡང་འགྲེལ་ཆུང་ལས། བཅོམ་ལྡན་འདས་ཞེས་པ་ཡན་ཆད་ངོ་བོའི་ཆར་བསྡོམས་ནས་བཞིར་ཡང་བཤད་དེ། དེ་ལས། བྱང་ཆུབ་མཆོག་གི་ངོ་བོ་དང་། །ཆོས་རྣམས་རོལ་པར་ལོངས་སྤྱོད་དང་། །ཕྱོགས་དུས་བདེ་གཤེགས་བདག་པོ་དང་། །ཆོས་སོ་ཅོག་དང་དབྱེར་མེད་པའོ། །ཞེས་སོ། །མདོར་བསྡུ་ན་སྟོན་པ་འཁོར་བའི་རང་བཞིན་གཉིས་སུ་དབྱེར་མི་ཕྱེད་པ་དང་། མྱ་ངན་ལས་འདས་པའི་ཆོས་དང་རང་བཞིན་དབྱེར་མི་ཕྱེད་པས་འཁོར་འདས་གཉིས་སུ་བསྡུ་བ་ལ་སོགས་བཞེད་པ་མི་མཐུན་པ་མང་ཡང་། འདིར་ནི་སྤར་ཁབ་ལས། རྒྱལ་བ་དྲུག་པའི་ཡོན་ཏན་མཐའ་ཡས་ཀྱང་། མདོར་བདུན་དུ་འདུ་སྟེ་ཞེས་པས། དེ་བཞིན་ཉིད་དུ་ནར་སོན་པའི་རང་བཞིན། ཡོན་ཏན་མ་བཙལ་བ་ལྷུན་གྱིས་གྲུབ་པའི་རང་བཞིན། ཡེ་ཤེས་མཐའ་དབུས་དང་བྲལ་བའི་རང་བཞིན། འབྲས་བུ་ལ་མངའ་མཛད་ཀྱང་ངོ་བོ་བསྟན་དུ་མེད་པའི་རང་བཞིན། མཉམ་པ་ཉིད་མངོན་དུ་མཛད་ཀྱང་སྤྱོད་ཡུལ་དང་བྲལ་བའི་རང་བཞིན། དེ་བཞིན་གཤེགས་པ་ཐམས་ཅད་གཅིག་དང་དུ་མ་རྣམས་ལས་གྲོལ་བའི་རང་བཞིན། གཉིས་སུ་མེད་པའི་བདག་ཉིད་ཆེན་པོ་དུས་གསུམ་འདུ་འབྲལ་མེད་པའི་རང་བཞིན་བཤད་པ་དང་བདུན་ཡོད་པ་ལས། དང་པོ་དེ་བཞིན་ཉིད་དུ་ནར་སོན་པའི་རང་བཞིན་བཤད་པ་ནི། དེ་བཞིན་གཤེགས་པ་ཞེས་པ་དེས་བསྟན། དེ་ཡང་། དེ་བཞིན་གཤེགས་པ་ཞེས་པ་ཏ་ཐཱ་ག་ཏ་ཞེས་པའི་སྒྲ་ལས་དྲངས་ན། ཏ་ཐཱ་ནི་དེ་བཞིན། ག་ཏ་གཤེགས་པ་བྱོན་པ། མཁྱེན་པ། བསྲུང་བ་སོགས་ལ་འཇུག་པ་དང་། ཡང་སྔོན་གྱི་རྒྱལ་བ་རྣམས་ཀྱི་ཇི་ལྟར་བྱང་ཆུབ་ཀྱི་སྤྱོད་པའི་སྒོ་ནས་གཤེགས་པ་དང་། དེ་དང་ལམ་མཐུན་པར་གཤེགས་ཤིང་བྱོན་པ་དང་། དེ་བཞིན་ཉིད་མཁྱེན་ཅིང་གཟིགས་པ་དང་། འདོད་ཡོན་གྱི་སྣང་བ་ཇི་ལྟར་སྣང་བའི་ཐབས་ཀྱི་སྤྱོད་པའི་སྒོ་ནས་གཤེགས་པ་དང་། འགྲོ་བ་རྣམས་སྐྱེ་བ་རྣམ་པ་བཞིའི་ཚུལ་གྱིས་སྐྱེ་བ་ལ།
དེ་དག་གི་བློ་དང་མཐུན་པར་མངལ་སྐྱེས་སོགས་ལ་འཇུག་ཀྱང་། འདི་ནི་ཆོས་ཉིད་དེ་བཞིན་ཉིད་ཀྱི་དོན་སྒྲིབ་བྱེད་ཀྱི་ཞེན་པ་གཟུང་འཛིན་གྱི་ཡེ་ནས་གོས་མ་མྱོང་བས་དེ་བཞིན་དང་། དེའི་ཀློང་དུ་ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་པས་ན་ནར་སོན་པ་ཞེས་བྱ་སྟེ། རྒྱུད་ཕྱི་མ་ལས། གང་ཕྱིར་དེ་བཞིན་ཉིད་དུ་གཤེགས། །དེ་བཞིན་གཤེགས་པ་མངོན་པར་བརྗོད། ཞེས་སོ། །གཉིས་པ་ཡོན་ཏན་མ་བཙལ་བ་ལྷུན་གྱིས་གྲུབ་པའི་རང་བཞིན་ནི། ཡང་དག་པར་རྫོགས་པ་ཞེས་པས་བསྟན། དེའི་དོན་ནི་རང་བྱུང་གི་ཡེ་ཤེས་ལ་འབྲས་བུ་ཆེན་པོའི་ཡོན་ཏན་དཔག་ཏུ་མེད་པ་མངའ་བའི་ཕྱིར་ཡང་དག་པ་དང་། དེའི་ཀློང་དུ་ཡོན་ཏན་མ་བཙལ་བར་ལྷུན་གྱིས་གྲུབ་པའི་ཕྱིར་རྫོགས་པ་ཞེས་བཤད་པ་དང་། ཡང་མདོ་སྡེ་གཞན་རྣམས་སུ་བདུད་སྡིག་ཅན་སངས་རྒྱས་ཀྱི་བྱད་དུ་སྤྲུལ་པ་སོགས་ཡོད་པས། དེ་ལས་ཁྱད་འབྱེད་དུ་ཡང་དག་པ་དང་རྫོགས་པ་ཞེས་སོ་སོར་བརྟན་པའི་སྐབས་ཀྱང་ཡོད་པའི་ཕྱིར་རོ། །གསུམ་པ་ཡེ་ཤེས་མཐའ་དབུས་དང་བྲལ་བའི་རང་བཞིན་བཤད་པ་ནི། སངས་རྒྱས་ཞེས་པ་དེས་བསྟན། དེ་ཡང་། སྒྲིབ་བྲལ་གྱི་ཡེ་ཤེས་མཐའ་དབུས་མེད་པར་བརྡལ་བའི་རང་བཞིན་ཅན་ཏེ༑ སྤྱིར་བྷུདྡྷའི་སྒྲ་ལས་དྲངས་ན། གཉིད་སད་པ་ལྟར་སངས་པ་དང་། པདྨ་ཁ་ཕྱེ་བ་ལྟར་རྒྱས་པའི་དོན་གཉིས་ཀ་ལ་འཇུག་སྟེ། སྐྱབས་འགྲོ་བདུན་ཅུ་པ་ལས། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། ཞེས་དང་། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། སངས་ནི་བདུད་བཞིའི་ཆོ་འཕྲུལ་སངས། །རྒྱས་ནི་ཟིལ་གནོན་ལྟ་བ་རྒྱས། ཞེས་སོ། །བཞི་པ་འབྲས་བུ་མངའ་མཛད་ཀྱང་ངོ་བོ་བསྟན་དུ་མེད་པའི་རང་བཞིན་ནི། བཅོམ་ལྡན་འདས་ཞེས་པ་དེས་བསྟན། དེའི་དོན་ནི་བདུད་བཞི་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་བཅོམ་པས་ན་བཅོམ་དང་། ལྡན་ཞེས་པ་ཆེ་བའི་ཡོན་ཏན་དྲུག་དང་ལྡན་པས་ན་ལྡན་ཏེ། རྡོ་རྗེ་ལམ་རིམ་ལས། བདུད་བཞི་ལ་སོགས་རིག་པའི་གདེངས་ཀྱིས་བཅོམ། །སྐུ་ལྔ་ལ་སོགས་ཡོན་ཏན་བརྗོད་ལས་འདས། །རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད། ཅེས་སོ། །བདུད་བཞི་བཅོམ་ལུགས་ནི། རྒྱུ་ཉོན་མོངས་པའི་མཚན་མ་རང་སར་ཞི་
བས་ཉོན་མོངས་པའི་བདུད་བཅོམ། ཉོན་མོངས་པ་མེད་པས་འབྲས་བུ་ཉེ ར་ལེན་གཟུགས་ལ་སོགས་པ་ཕུང་པོ་ལྔ་མི་ལེན་པས་ཕུང་པོའི་བདུད་བཅོམ། ཕུང་པོ་ཉིང་མཚམས་སྦྱོར་བ་མེད་པས་སེམས་སྐྱེ་འཆི་ལས་གྲོལ་བས་འཆི་བདག་གི་བདུད་བཅོམ། དེའི་ཚེ་དག་པ་ལྷ་དང་མ་དག་པ་རྣམ་རྟོག་གི་འཆིང་བ་ལས་གྲོལ་བས་འདོད་ལྷའི་བར་ཆད་ཀྱིས་མི་ཚུགས་པས་ལྷའི་བུའི་བདུད་ཀྱང་བཅོམ་སྟེ། རྒྱས་པ་ལས། བདུད་བཞི་ཚར་གཅོད་ཅེས་བྱ་བའི་དམ་ཚིག་ནི། ཉོན་མོངས་པ་ཉིད་རྣམ་པར་དག །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །སྐྱེ་འཆི་མེད་པར་གཡུང་དྲུང་གནས། ཞེས་སོ། །སྒྲིབ་པ་གཉིས་ནི། རྒྱུད་བླ་མ་ལས། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། ཞེས་གསུངས་པ་ལྟར། འདོད་ཆགས་ཞེ་སྡང་ལ་སོགས་པ་དུག་ལྔ་རང་མཚན་གྱི་རྟོག་པ་ནི་ཉོན་སྒྲིབ་ཡིན་ལ། ཤེས་སྒྲིབ་ནི། ཡེ་ཤེས་སྣང་བ་རྒྱན་གྱི་མདོར། དུས་གསུམ་ཡིད་ཆེས་ལ་བཤད་ཀྱང་། དོན་ལ་དག་བྱེད་ཀྱི་སྙིང་པོ་ལམ་བདེན་ལ་ཞེན་པས་ཤེས་སྒྲིབ་བོ། །བག་ཆགས་ནི་ཀུན་འབྱུང་ཕྲ་བའི་མཐར་ཐུག་འཕོ་བའི་བག་ཆགས་དཀར་དམར་རླུང་གསུམ་འགྲོགས་པས་ཤེས་པ་གཉིས་སྣང་འཁོར་བའི་ཆོས་སུ་འཆར་བ་ལ་བཞེད་དེ། དཔེར་ན་གླ་རྩི་བླུགས་པའི་སྣོད་དུ་གླ་རྩི་དངོས་གནས་པ་མེད་ཀྱང་། གླ་རྩིའི་དྲིས་བསྒོས་པ་ལྟར་རོ། །སྦྱང་བྱ་དེ་དང་སྦྱང་བྱེད་ཀྱི་ལམ་གཉིས་ཀ་སྔགས་ཀྱི་སྡེ་སྣོད་ལས་སྡེ་སྣོད་གཞན་རྣམས་སུ་མ་གསུངས་པའི་ཕྱིར་རོ། །ལྡན་ཞེས་པའི་ཆེ་བའི་ཡོན་ཏན་དྲུག་ནི། སམ་བུ་ཊི་ལས། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དེ་ལ་ལྡན་ཞེས་བརྗོད། ཞེས་པས། དབང་ཕྱུག་ནི་བག་ཆགས་མ་ལུས་བཅོམ་པའི་བདག་ཉིད་ཤིན་ཏུ་རྣམ་པར་དག་པ་སྐུ་དང་སྦྱར་ན་ཆོས་ཀྱི་སྐུ་དང་། ཡེ་ཤེས་དང་སྦྱར་ན་ཆོས་དབྱིངས་ཡེ་ཤེས། གཟུགས་བཟང་བ་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སྐུ་དང་སྦྱར་ན་མངོན་པར་བྱང་ཆུབ་པའི་སྐུ་དང་། ཡེ་ཤེས་དང་སྦྱར་ན་མེ་ལོང་ལྟ་བུའི་ཡེ་ཤེས། དཔལ་དང་གྲགས་
པ་ནི་འགྲོ་ལ་ཡོན་ཏན་སྟེར་བ་ལ་མི་གཡོ་བས་སྐུ་དང་སྦྱར་ན་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཡེ་ཤེས་དང་སྦྱར་ན་མཉམ་ཉིད་ཡེ་ཤེས། ཡེ་ཤེས་ནི་ཆོས་ཀུན་དབྱེར་མེད་དུས་གཅིག་ཏུ་མཁྱེན་པས་སྐུ་དང་སྦྱར་ན་རྡོ་རྗེའི་སྐུ་དང་། ཡེ་ཤེས་དང་སྦྱར་ན་སོར་རྟོགས་ཡེ་ཤེས། བརྩོན་འགྲུས་ནི་ཕྲིན་ལས་ཚད་མེད་པའི་བདག་ཉིད་སྐུ་དང་སྦྱར་ན་སྤྲུལ་པའི་སྐུ་དང་། ཡེ་ཤེས་དང་སྦྱར་ན་བྱ་གྲུབ་ཡེ་ཤེས། ལོག་རྟོག་སེལ་བ་ནི། ལྡན་ཞེས་པ་བྷ་ག་ཝན་གྱི་སྒྲ་ལས་དྲངས་ན། སྲིད་པ་དང་འཇིག་རྟེན་པ་སོགས་ལ་འཇུག་ཀྱང་། འདིར་ཝན་ཞེས་བླ་ཐབས་སུ་བསྣན་ཞེས་བཀས་བཅད་དུ་གསུངས་ཤིང་། བཀས་བཅད་དུ་གསུངས་པ་དེ་ཡང་སྐད་དོད་དང་མ་འབྲེལ་བ་ཞིག་གློ་བུར་དུ་དབང་ཆེའི་རིགས་པས་བསྣན་པ་ལྟ་བུ་མ་ཡིན་ཏེ། བརྟག་གཉིས་ལས། སངས་རྒྱས་འདི་ལ་བྷ་ག་ལྔ། །བཅོམ་ལྡན་འདས་ཞེས་བརྗོད་པར་བྱ། །བྷ་ག་རྣམ་པ་དྲུག་ཏུ་བརྗོད། །དབང་ཕྱུག་ལ་སོགས་ཡོན་ཏན་ཀུན། །ཡང་ན་ཉོན་མོངས་ལ་སོགས་བདུད། །འཇོམ་ཕྱིར་བཅོམ་ལྡན་འདས་ཞེས་བྱ། ཞེས་སོ། །འདས་ཞེས་པ་ཆོས་སྐུ་སྐྱེ་བ་མེད་པས་ཡོད་མཐའ་དང་། གཟུགས་སྐུ་འགགས་པ་མེད་པས་མེད་མཐའ་དང་། ཡོད་མེད་རྟག་ཆད་གཉིས་ཀའི་མཐའ་ལས་འདས་པས་ན་འདས་ཞེས་བརྗོད་དོ། །ལྔ་པ་མཉམ་པ་ཉིད་མངོན་དུ་མཛད་ཀྱང་སྤྱོད་ཡུལ་བྲལ་བའི་རང་བཞིན་བཤད་པ་ནི། ལོངས་སྤྱོད་ཆེན་པོ་ཞེས་པ་དེས་བསྟན། དེའི་དོན་ནི་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུས་ནི་འཁོར་འདས་ཀྱི་ཆོས་ལ་རོལ་པར་ལོངས་སྤྱོད་པར་མཛད་ཀྱང་། དཔེ་སྒྱུ་མའི་སྐྱེས་བུ་ལྟར་སྤྱད་བྱ་དང་སྤྱོད་བྱེད་ཀྱི་ཞེན་པ་ལས་གྲོལ་བས་ཆེས་མཆོག་ཏུ་འཕགས་པ་ཡིན་ཏེ། དེ་ལྟར་ཡང་འཆི་མེད་མཛོད་ལས། ཆེན་པོ་མཆོག་དང་ཚད་མེད་དང་། །མཁས་བརྩོན་སྤྲོ་བའི་མངའ་བདག་ཉིད། །ཤིན་ཏུ་རྨད་བྱུང་བྱེད་པ་ཡིད། །ཆེན་པོ་ཞེས་ནི་བཤད་པ་ཡིན། ཞེས་སོ། །དྲུག་པ་གཅིག་དང་དུ་མ་ལས་གྲོལ་བའི་རང་བཞིན་བཤད་པ་ནི། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཞེས་པ་དེས་བསྟན། དེ་ལ་སྟེང་འོག་ཕྱོགས་མཚམས་ཀྱིས་བསྡུས་པའི་ཕྱོགས་བཅུ་དང་། འདས་པ་ལ་སོགས་པའི་དུས་བཞིས་བསྡུས་པའི་རྟེན་བྱེད་
པའི་ངོས་ནས་སྐུ་ལྔ་དང་། ཆོས་བརྡའ་སྤྲོད་པའི་ངོས་ནས་གསུང་ལྔ་དང་། མི་གཡོ་བའི་ངོས་ནས་ཐུགས་ལྔ་དང་། དགོས་འདོད་འབྱུང་བའི་ངོས་ནས་ཡོན་ཏན་ལྔ་དང་། གཞན་དོན་མཛད་པའི་ངོས་ནས་ཕྲིན་ལས་ལྔ་སྟེ། དེ་ལྟར་འབྲས་ཆོས་ཉེར་ལྔར་སྣང་བས་གཅིག་གི་མཐའ་དང་བྲལ་ལ། འབྲས་ཆོས་ཉེར་ལྔ་པོ་དེ་དག་ཀྱང་སྟོན་པའི་དགོངས་པ་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་ཏུ་འདུས་ཤིང་རིགས་ལྔ་ཡང་རིགས་དྲུག་པར་འདུས་པས་དུ་མའི་མཐའ་དང་བྲལ་བ་ཡིན་ནོ། །དེས་ན་སྟོན་པ་རིགས་དྲུག་པ་དཔལ་ཀུན་ཏུ་བཟུང་པོ་ནི་རྒྱུད་ཐམས་ཅད་ཀྱི་བདག་པོའམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ཅན་ནོ། །བདུན་པ་གཉིས་སུ་མེད་པའི་བདག་ཉིད་ཆེན་པོ་དུས་གསུམ་འདུ་འབྲལ་མེད་པའི་རང་བཞིན་བཤད་པ་ནི། མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་མི་ཕྱེད་པའི་རང་བཞིན་དང་ཞེས་པ་དེས་བསྟན། དེའི་དོན་ནི། སྔར་འདས་པའི་འཁོར་འདས་མ་ལུས། ད་ལྟ་བའི་འཁོར་འདས་མི་ལུས། མ་འོངས་པའི་འཁོར་འདས་ལུས་པ་མེད་པ་ཐམས་ཅད་དང་། སྟོན་པ་རིགས་དྲུག་པ་དཔལ་ཀུན་ཏུ་བཟང་པོ་ཉིད་དང་། ཀུན་རྫོབ་ཙམ་དུ་རིག་པ་སྒྱུ་མའི་སྣང་བརྙན་ཡིན་པས་སོ་སོ་མ་ཡིན། དོན་དམ་པར་མ་སྐྱེས་པས་ཐ་མི་དད། བདེན་པ་གཉིས་ཀའི་ཐ་སྙད་ལས་འདས་པས་དབྱེར་མེད་པའི་རང་བཞིན་ཡིན་ཏེ༑ རྒྱས་པ་ལས། སོ་སོ་རང་རིག་ངེས་ཤེས་ན། །ཡང་དག་ལམ་གྱིས་བཅོས་སུ་མེད། །ཡེ་ནས་ངོ་བོ་ཡོད་མིན་ན། ཉོན་མོངས་སྤངས་ཤིང་རྒྱས་གྲུབ་མེད། ཅེས་སོ། །དེ་ནི་སྟོན་པའི་རང་བཞིན་ཀྱང་ཡིན་ལ་འཆད་པའི་སྐྱེས་བུ་རིགས་ལྔའི་མཚན་ཉིད་ཀྱང་ཡིན་པའི་ཕྱིར་རོ། །གཉིས་པ་སྟོན་པའི་ངོ་བོ་བཤད་པ་ནི། སྐུ་མདུན་དང་རྒྱབ་མེད་པ་ཐམས་ཅད་དུ་ཞལ་ཐལ་ལེ་བ་ནས། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ་ཞེས་པ་དེས་བསྟན། དེ་ལ་དབྱེ་ན། སྟོན་པ་སྐུ་གསུམ་གྱི་བདག་ཉིད་ཡིན་པའི་དོན་མཚོན་བྱེད་ཀྱི་རྟགས་བཤད་པ་དང་། ཐབས་ཤེས་གཉིས་སུ་མེད་པའི་དོན༴ ཡེ་ཤེས་དྲུག་དང་ལྡན་
པའི༴ རྣམ་ཐར་གསུམ་དང་ལྡན་པའི་དོན་མཚོན་བྱེད་ཀྱི་རྟགས་བཤད་པ་རྣམས་སུ་ཡོད་པ་ལས། དང་པོ་ལ་ཡང་སྟོན་པ་ཆོས་སྐུའི་བདག་ཉིད་ཡིན་པའི་རྟགས་དང་། ལོངས་སྐུའི༴ སྤྲུལ་སྐུའི་བདག་ཉིད་ཀྱི་དོན་རྟགས་བཤད་པ་རྣམས་སུ་ཡོད་པ་ལས། དང་པོ་ནི། སྐུ་མདུན་དང་རྒྱབ་མེད་པར་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་ཞིང་ཞེས་པ་དེས་བསྟན། དེ་ཡང་སྟོན་པ་ནི་ཡེ་ཤེས་ཀྱི་སྐུ་ཅན་ཡིན་པས། གདུལ་བྱ་རང་སྣང་གི་ངོས་ན་མདུན་དང་རྒྱབ་ཁོ་ན་རིས་སུ་མ་ཆད་པར་སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པ་ཞལ་གྱི་དཀྱིལ་འཁོར་ཡང་གཅིག་ཏུ་མ་ངེས་པར་ས་ལེར་གཟིགས་ཏེ། རྫོགས་པ་ཆེན་པོ་སེང་གེ་རྩལ་རྫོགས་གྱི་རྒྱུད་ལས། ཀུན་ཏུ་བཟང་པོའི་ཞལ་ནི་ཕྱོགས་བཅུར་གཟིགས། །ཀུན་བཟང་ཁྱབ་བརྡལ་སྐུ་ལ་མདུན་རྒྱབ་མེད། །ཕྱོགས་བཅུ་གང་བའི་སྤྱན་གྱིས་རྣམ་པར་གཟིགས། ཞེས་སོ། །གཉིས་པ་སྟོན་པ་ལོངས་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་ནི་མཚན་དང་དཔེ་བྱད་དང་ལྡན་པ་ཞེས་པ་དེས་བསྟན། དེ་ལ་དབྱེ་ན་ཐུན་མོང་གི་མཚན་དཔེ་དང་། ཐུན་མོང་མ་ཡིན་པའི་མཚན་དཔེ་གཉིས་ལས། དང་པོ་ནི། མངོན་རྟོགས་རྒྱན་ལས། ཕྱག་ཞབས་འཁོར་ལོས་མཚན་དང་རུས་སྦལ་ཞབས། ཞེས་སོགས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དེ་ལས། ཐུབ་པའི་སེན་མོ་ཟངས་མདོག་དང་། སོགས་དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ། དེ་དག་ནི་འཁོར་ལོ་སྒྱུར་རྒྱལ་དང་། མཆོག་གི་སྤྲུལ་སྐུ་དང་། སེམས་ཅན་ཕལ་པ་རྣམས་ལའང་སྣ་རེ་ཙམ་ཡོད་པས་ན་ཐུན་མོང་གི་མཚན་དཔེ་ཞེས་བཤད་པ་ཡིན་ནོ། །གཉིས་པ་ཐུན་མོང་མ་ཡིན་པའི་མཚན་དཔེ་བཤད་པ་དེ་ལའང་། ཕྱི་ནང་གསང་གསུམ་ཡོད་པ་ལས། དང་པོ་ཕྱིའི་མཚན་དཔེ་ནི། རྒྱལ་སྲས་སེམས་དཔའི་འཁོར་ལ་བྱ་སྟེ། སྟོན་པའི་ཐུགས་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་བཞི་རེ་རེའང་བཞི་བཞིར་ཕྱེ་བའི་ཡེ་ཤེས་བཅུ་དྲུག་གི་རྩལ་སེམས་དཔའ་ཡབ་བཅུ་དྲུག དེའི་ཡུལ་ཆོས་དབྱིངས་བཅུ་དྲུག་གི་རྩལ་སེམས་མ་ཡུམ་བཅུ་དྲུག་སྟེ། དེ་གཉིས་བསྡོམ་པས་སུམ་ཅུ་རྩ་གཉིས་མཚན་བཟང་པོ་སུམ་ཅུ་སོ་གཉིས་དང་། སེམས་དཔའ་ཡབ་ཡུམ་བཅུ་དྲུག་ལ་དབུ་ུརྒྱན་གྱི་ལྷ་ལྔ་ལྔ་སྟེ་བརྒྱད་ཅུ་ནི་དཔེ་བྱད་
བཟང་པོ་བརྒྱད་ཅུ་ཡིན་ཏེ། སྤྱི་མདོ་ལས། མཚན་གྱི་མེ་ཏོག་ལ་དཔེ་བྱད་ཀྱི་འབྲས་བུ་སྤྲས་པའི་ཕྱིར་སྲས་ཀྱི་ཚོགས་ཀྱིས་ཀུན་ནས་བརྒྱན་པའོ། །ཞེས་སོ། །འོ་ན་སེམས་མ་བཅུ་དྲུག་ལ་དབུ་རྒྱན་མེད་དམ་སྙམ་ན། མེད་དེ་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱར་གྱུར་པའི་ཕྱིར་རོ། །འོ་ན་སེམས་དཔའ་དང་སེམས་མ་དེ་དག་སྟོན་པའི་འཁོར་དུ་འདུག་པས་རྒྱན་དུ་ཇི་ལྟར་འགྱུར་ཞེ་ན། དཔེར་ན་སྐྱེས་བུའི་ལག་པ་མཛེས་པར་བྱེད་པ་ལ་སོར་གདུབ། སོར་གདུབ་མཛེས་པར་བྱས་པ་ཕྲ་བཏབ་པ་བཞིན་དུ། འཁོར་དང་འཁོར་གྱི་རྒྱན་ཕུན་སུམ་ཚོགས་པའི་བཀོད་པས་གཙོ་བོའི་རང་བཞིན་མཛེས་པར་བྱེད་པའི་ཕྱིར་རོ། །གཉིས་པ་ནང་གི་མཚན་དཔེ་ནི། སྐུའི་རྩ་འཁོར་ལ་བྱ་སྟེ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་ནི་མཚན་བཟང་པོ་སུམ་ཅུ་སོ་གཉིས་ཡིན་ལ། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རེ་བཞི་ཡོད་པ་ལས། ལས་རླུང་མི་རྒྱུ་བའི་སྟོང་པའི་རྩ་བཞི་དབྲི་བའི་སྟེང་སྙིང་ཁའི་རྩ་ཆེན་བཞི་དང་། མགྲིན་པའི་རྩ་འདབ་བཅུ་དྲུག་བསྣན་པས་བརྒྱད་ཅུ་ནི་དཔེ་བྱད་བཟང་པོ་བརྒྱད་ཅུ་ཡིན་ཏེ༑ ཐལ་རྒྱུད་ལས། སྒྲ་དབྱངས་གསུང་གི་གནས་བཞི་ནས། །དབྱེ་བས་གསུམ་གསུམ་ངོས་གཉིས་དང་། །བཞི་བཅུ་གཉིས་སུ་འགྱུར་བའོ། །ཞེས་སོ། །གསུམ་པ་གསང་བའི་མཚན་དཔེ་ནི། ནང་གི་ཁམས་དཀར་དམར་ལ་བྱ་སྟེ། ཡབ་ཀྱི་དཀར་ཆའི་དགའ་བ་བཅུ་དྲུག་དང་། ཡུམ་གྱི་དམར་ཆའི་དགའ་བ་བཅུ་དྲུག་སྟེ། དེ་གཉིས་སྡོམ་པའི་སོ་གཉིས་ནི་མཚན་བཟང་པོ་སོ་གཉིས་ཡིན་ལ། ཡབ་ཀྱི་དཀར་ཆའི་དགའ་བ་བཅུ་དྲུག་ལ་ཡེ་ཤེས་ལྔ་ལྔའི་རོ་དང་ལྡན་པས་ན་དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ། རྒྱ་མཚོ་ལས། ཨ་ལིའི་ཀ་ལིའི་བདེ་བ་གཉིས། །ཕན་ཚུན་མ་འབྲེལ་གཅིག་པར་ཤེས། །བཅུ་དྲུག་ངོས་གཉིས་མཚན་དཔེར་ལྡན། །ཕྱོགས་གཅིག་ཡེ་ཤེས་ལྔ་ལྡན་པས། །བརྒྱད་ཅུའོ་བཟོད་སོགས་རྒྱུ་ལས་འཕགས། ཞེས་སོ། །འོ་ན་ནང་དང་གསང་བའི་མཚན་དཔེ་དེ་དག་སྐུའི་རྩ་ཁམས་སུ་འདུག་པས། རྒྱན་དུ་ཇི་ལྟར་འགྱུར་སྙམ་ན། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི་རྩ་ཁམས་བདེ་བ་ཆེན་པོར་རྣམ་པར་དག་པས་རྒྱན་གྱི་ནང་ནས་མཛེས་བྱེད་མཆོག་ཏུ་གྱུར་པ་ཡིན་པས་ན་དེ་ལྟར་དུ་གསུངས་
སོ༑ ༑གསུམ་པ་སྤྲུལ་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་ནི། བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ཚོགས་པ་ཀུན་ཏུ་སྣང་བ་ཞེས་པ་དེས་བསྟན། དེའི་དོན་གདུལ་བྱའི་ཞིང་ཀུན་ཏུ་གང་འདུལ་གྱི་སྐུའི་བཀོད་པ་སྣ་ཚོགས་སུ་སྟོན་པ་སྦྱོར་ལམ་མས་ཀྱིས་བསྡུས་པའི་སེམས་ཅན་རྣམས་ལ། བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་སྐུ་ལ་སོགས་པ་མ་ངེས་དུ་མར་སྣང་བ་སྟེ། མདོ་སྡེེ་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་དང་རྟགས་སྟོན་པ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ༑ ༑ཞེས་སོ། །ཆོས་སྟོན་པའི་གསུང་གི་གསང་བའང་བསམ་གྱིས་མི་ཁྱབ་སྟེ། ཕལ་པོ་ཆེ་ལས། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། སོགས། ཞེས་སོ། །ཐུགས་མཁྱེན་པའི་ཡེ་ཤེས་ཀྱིས་ཇི་ལྟ་བ་དང་། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་མ་འདྲེས་པར་གསལ་ལེར་གཟིགས་པ་སྟེ། དཀོན་བརྩེགས་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ༑ ༑སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །སྐུ་ཡི༴ འོད་ཀྱིས་ཀྱང༴ གསུང་གིས༴ གསུང་གི༴ ཐུགས་ཀྱི༴ ཞེས་དང་། འདི་ཉིད་ལས། ཕྱོགས་བཅུའི་འཇིག་རྟེན་རྡུལ་སོགས་ཞེས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཞི་བའི་བློ་གྲོས་ནམ་མཁའ་ཇི་ཙམ་དུ་ཁྱབ་པ་དེ་སྲིད་དུ་སངས་རྒྱས་ཀྱི་སྐུས་ཁྱབ་པོ། །ཞེས་སོ། །དེ་ནི་སྤྲུལ་པ་ཐམས་ཅད་ཀྱི་འབྱུང་གནས་སུ་བསྟན་པས་མཆོག་གི་སྤྲུལ་སྐུ་ཐུབ་པ་དྲུག་ཀྱང་ཤུགས་བསྟན་ཀྱི་ཚིག་གོ །གཉིས་པ་ཐབས་ཤེས་གཉིས་སུ་མེད་པའི་དོན་རྟགས་ནི། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཉམ་པའི་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་བཞུགས་པ་ཞེས་པ་དེས་བསྟན། དེའི་དོན་ནི། ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད། སྲིད་ཞིའི་མཐའ་ལ་མི་གནས་བའི་བརྡར་ཡབ་ཀུན་ཏུ་བཟང་པོ་མཉམ་པའི་སྐྱིལ་ཀྲུང་། ཡུམ་ཀུན་ཏུ་བཟང་མོ་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་རོལ་བ་སྟེ། ཐར་ལོའི་འགྱུར་ལས། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཉམ་པའི་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་བཅིངས་ཏེ་རོལ་པའོ། །ཞེས་སོ། །འདིར་ཡུམ་གྱི་བཞུགས་ཚུལ་སྨོས་པས་ཡུམ་ཀུན་ཏུ་ཡང་ཤུགས་བསྟན་གྱི་ཚིག་གོ །གསུམ་པ་ཡེ་
ཤེས་དྲུག་དང་ལྡན་པའི་དོན་རྟགས་ནི། ཡེ་ཤེས་དྲུག་གི་ཕྱག་ཡེ་ཤེས་རིན་པོ་ཆེའི་ཕྱག་རྒྱ་འབར་བ་ཅན་ཞེས་པ་དེས་བསྟན། དེའི་དོན་ནི། ཆོས་དབྱིངས་ཡེ་ཤེས་ལ་སོགས་པ་ཡེ་ཤེས་དྲུག་མངའ་བའི་རྟགས་སུ་ཕྱག་དྲུག་པ་དང་། ཡེ་ཤེས་དེ་དག་གིས་གདུལ་བྱའི་རེ་བ་ཡིད་བཞིན་དུ་སྐོང་བའི་རྟགས་སུ་ཆོས་དབྱིངས་ཀྱི་ཕྱག་རྒྱ་དྲིལ་བུ་དང་། རྡོ་རྗེ་འོད་འབར་བ་ལ་སོགས་པའི་ཕྱག་མཚན་དྲུག་འཛིན་པ་སྟེ། སྒྱུ་འཕྲུལ་རོལ་པ་ཆེན་པོ་ལས། རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །དྲིལ་བུ་པདྨ་རལ་གྲི་འབར། ཞེས་སོ། །བཞི་པ་རྣམ་ཐར་གསུམ་དང་ལྡན་པའི་དོན་རྟགས་ནི། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ་ཞེས་པ་དེས་བསྟན། དེའི་དོན་ནི་སྐུ་སྟོང་པ་ཉིད་དང་། གསུང་མཚན་མ་མེད་པ། ཐུགས་སྨོན་པ་མེད་པ་སྟེ། དེ་གསུམ་ནི་བློའི་སྤྱོད་ཡུལ་ལས་འདས་པ་སྟེ། སྐུ་སྟོང་པ་ཉིད་ཉེས་པས་མ་གོས་པའི་བརྡར་གཡས་ཞལ་དཀར་པོ། གསུང་མཚན་མ་མེད་པ་མ་ཆགས་པའི་བརྡར་གཡོན་ཞལ་དམར་པོ། ཐུགས་སྨོན་པ་མེད་པ་ཆོས་ཉིད་འགྱུར་བ་མེད་པ་མཚོན་པའི་བརྡར་དབུས་མཐིང་ཀར་སྣང་བའོ། །དེ་ནི་གང་གསུང་པ་པོའི་སྟོན་པ་ཕུན་སུམ་ཚོགས་པ་བཤད་པའོ། །བཞི་པ་གང་དུ་ཚོགས་པའི་གནས་ཕུན་སུམ་ཚོགས་པ་བཤད་པ་དེ་ལ་གཉིས། རང་བཞིན་ནི་འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ཞེས་པ་དེས་བསྟན། དེ་ལ་ཡང་སྤྱིར་འོག་མིན་ཞེས་པ་བླ་ན་གཞན་མེད་པའི་དོན་ཡིན་ལ། བྱེ་བྲག་ཏུ་དབྱེ་ན། ཆོས་དབྱིངས་དོན་གྱི་འོག་མིན། རིག་པའི་འོག་མིན། གསང་བའི་འོག་མིན། གང་ཟག་རིས་ཀྱི་ལྷ་ལྔའི་ནང་ཚན་འཇིག་རྟེན་གནས་ཀྱི་འོག་མིན། དབང་ཕྱུག་ཆེན་པོའི་འོག་མིན་དང་ལྔ་ལས། དང་པོ་ཆོས་དབྱིངས་དོན་གྱི་འོག་མིན་ནི། ཆོས་ཀྱི་དབྱིངས་རྟོགས་པའི་རང་རིག་པའི་ཡེ་ཤེས་ལ་བྱ་སྟེ། རྒྱས་པ་ལས། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། ཞེས་པ་ལྟར་གཟུང་འཛིན་གྱི་མཚན་མ་གང་གི་ཡང་འོག་ཏུ་མ་གྱུར་པའི་ཕྱིར། གཉིས་པ་རིག་པའི་འོག་མིན་ནི། རང་རིག་པའི་ཡེ་ཤེས་ལ་བྱ་སྟེ། དེ་ནི་གཉིས་འཛིན་གྱི་མཚན་མ་གང་གི་ཡང་འོག་ཏུ་མ་གྱུར་པས་དང་། གཞན་དུ་ན་ལོངས་སྐུའི་ཞིང་དང་ཆ་
མཐུན་པར་ལྷག་མ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་ལ་ཡང་དེ་ལྟར་དུ་བྱ་སྟེ། རྒྱས་པ་ལས། རང་བཞིན་དཀྱིལ་འཁོར་ཇི་ལྟ་བར། །ཏིང་འཛིན་དཀྱིལ་འཁོར་སྒོམ་པར་བྱ། ཞེས་སོ། །གསུམ་པ་གསང་བའི་འོག་མིན་ནི། གསང་བ་ཡུམ་གྱི་མཁའ་ལ་བྱ་སྟེ། དེ་ནི་ཆགས་རྟོག་རང་ག་མ་གང་གི་ཡང་འོག་ཏུ་མ་གྱུར་པ་སྟེ། རྒྱས་པ་ལས། ནུབ་ཕྱོགས་འོག་མིན་གནས་མཆོག་ན། །མ་ཆགས་པདྨའི་གདན་བཏིང་ནས། །དུས་གསུམ་སངས་རྒྱས་བཞུགས་པའི་གནས། ཞེས་དང་། བླ་མེད་ཀྱི་རྒྱུད་མང་པོར། རྡོ་རྗེ་བཙུན་མོའི་བྷ་ག་ན་བཞུགས་པའོ། །ཞེས་དང་། སྒྱུ་འཕྲུལ་རྒྱས་པ་ལས། རྒྱལ་བའི་བཞུགས་གནས་བྷ་ག་ཉིད། །ལས་དང་ཡོན་ཏན་རྫོགས་པར་བྱེད། །ཐིག་ལེ་བྱང་ཆུབ་སེམས་ཉིད་ནི། །རང་བྱུང་ཡེ་ཤེས་ཀུན་གྱི་བདག ཞེས་དང་། སྒྱུ་འཕྲུལ་ཡེ་ཤེས་སྙིང་པོའི་རྒྱུད་ལས། བྷ་ག་མེད་པའི་ཕོ་བྲང་ནི༑ ༑སངས་རྒྱས་ཀུན་གྱི་གཞལ་ཡས་ཁང་། །ཀུན་ཀྱང་ཐིག་ལེའི་ངོ་བོར་གསལ། །ཟབ་མོ་ལྷུམས་སུ་ཞུགས་པར་མཛོད། ཞེས་དང་། མཉམ་སྦྱོར་ལས། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་པར་བཞུགས། ཞེས་སོ། །སྦས་དོན་ལྟར་ན་སྣོད་སྟོང་ཆ་རྣམ་ཀུན་མཆོག་ལྡན་ཡུམ་གྱི་མཁའ་ཀློང་དུ། སྣང་ཆ་ཡབ་མི་འགྱུར་བའི་བདེ་བ་ཆེན་པོ་ཉིད་དུས་གསུམ་འདུ་འབྲལ་མེད་པ་མ་ཧཱ་སུ་ཁའི་རང་བཞིན་དུ་བཞུགས་པ་ལ་ཡང་དེ་ལྟར་དུ་བྱ་ཞིང་། གཞན་དུ་ལྷའི་བསྐྱེད་རིམ་དང་སྦྱར་ན་འབྱུང་བ་ལྔ་ཡུམ་གྱི་མཁའ་ཀློང་རྣམ་པར་དག་པས་རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷ་སྒོམ་པ་ལ་ཡང་དེ་ལྟར་དུ་བྱ་སྟེ། རྒྱུད་ལས། རྣམ་པ་ཀུན་གྱི་མཆོག་ལྡན་ལ། །སྟོང་ཉིད་ཤེས་རབ་མཛེས་མ་ཉིད། །རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །དེ་ཉིད་མ་བརྟེན་འཚང་མི་རྒྱ། ཞེས་སོ། །བཞི་པ་གཙང་མའི་རིས་ཀྱི་ལྷ་ལྔའི་ནང་ཚན་འཇིག་རྟེན་གནས་ཀྱི་འོག་མིན་ནི། སྣོད་བཅུད་འདི་དང་འབྲེལ་བའི་འོག་མིན་ལ་བྱ་སྟེ། དེ་ཡང་འདོད་ལྷ་རིགས་དྲུག་གི་སྟེང་གཟུགས་ཁམས་གནས་རིས་བཅུ་བདུན་གྱི་རྩེ་མོར་གྱུར་པ་སྟེ། འདོད་ལྷ་རིས་དྲུག་ནི། རི་རབ་ཀྱི་ལོགས་ན་གནས་པའི་རྒྱལ་ཆེན་རིགས་བཞི། རི་རབ་ཀྱི་སྟེང་ན་གནས་པ་སུམ་ཅུ་རྩ་གསུམ་དང་། དེ་ལས་ནམ་
མཁའ་ལ་འཕགས་པ་འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་རྣམས་སོ། །གཟུགས་ཁམས་གནས་རིས་བཅུ་བདུན་ནི། དང་པོ་ལ་ལྷ་གནས་གསུམ། གཉིས་པ་གསུམ་པ་ལའང་གོང་ལྟར་རོ། །བཞི་པ་ལ་སོ་སྐྱེས་གནས་གསུམ། འཕགས་པའི་གནས་ལྔ་སྟེ་བཅུ་བདུན་ཡོད་པའི་དབང་ཕྱུག་མ་ཧཱ་དེ་ཝའི་གནས། དེ་དག་ནི་གཟུགས་ཅན་གང་གི་ཡང་འོག་ཏུ་མ་གྱུར་པའི་ཕྱིར་རོ། །དེ་ནི་གཞན་དུ་རྒྱུའི་ཐེག་པའི་ས་དང་པོའི་བདེན་པ་མཐོང་བའི་གནས་ཡིན་པས་ལོངས་སྐུ་ཆུང་ངུ་བཞུགས་པའི་གནས་ཞེས་བཤད་དོ། །ལྔ་པ་དབང་ཕྱུག་ཆེན་པོའི་འོག་མིན་ནི་སྐབས་འདིར་བསྟན་གྱི་སྟོན་པ་ལོངས་སྐུའི་བཞུགས་གནས་ལ་བྱ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས། གཙང་མའི་རིགས་དག་གནས་སྤངས་པའི། །འོག་མིན་ཆེན་པོའི་གནས་མཆོག་ན། །རིགས་བདག་ཕྱག་རྒྱ་ལྷུན་གྲུབ་སྐུ། །སངས་རྒྱས་ཀུན་གྱི་གཟུགས་ཅན་ཏེ། །གཅིག་དང་དུ་མ་རྣམས་སྤངས་པའི། །གདོད་ནས་ཐེག་ཆེན་མཛོད་ཡིན་ཕྱིར། །སྒྲིབ་པ་མཐའ་དག་གདུལ་བྱ་ལ། །སྐད་ཅིག་གཅིག་གིས་སྣང་བར་མཛད། ཞེས་དང་། རྒྱ་མཚོ་ལས། འཇིག་རྟེན་གནས་ཀྱི་འོག་མིན་ནི། །ཉིས་འགྱུར་ཤིན་ཏུ་སྤགས་པ་ན༑ ༑ངོ་བོ་མཐའ་གསུམ་ལས་འདས་པ། །མ་སྤང་རྒྱན་རྫོགས་གཞལ་ཡས་ཁང་། ཞེས་པ་དེས་བསྟན། དེའི་དོན་ནི། འཇིག་རྟེན༴ ཉིས༴ ཞེས་འབྱུང་བ་གཙང་མའི་གནས་དེའི་ཕ་རོལ་དུ་ཡོད་པའི་ངོས་བཟུང་བྱེད་པ་སོགས་ཡོད་ཀྱང་། ལུང་འདིའི་དགོངས་དོན་ནི། རྒྱུའི་ཐེག་པའི་ཚོགས་ལམ་ཐོབ་ནས། མཐོང་ལམ་ཐོབ་པ་ལ་ཡུན་ཇི་ཙམ་ཐོགས་པ་དེ་བཞིན་དུ་སངས་རྒྱས་ཀྱི་སའི་བར་དུ་ཚོགས་ཉིས་འགྱུར་གྱིས་གསོགས་དགོས་པ་ལ་དགོངས་པའི་ཕྱིར་རོ། །ངོ་བོ་མཐའ་གསུམ་ལས་འདས་པ། ཞེས་པ་དངོས་པོ་མཚན་མར་མ་གྲུབ་པས་ཡོད་པའི་མཐའ་དང་། སྟོང་པ་སྟོང་ཆད་དུ་མ་གྲུབ་པས་མེད་པའི་མཐའ་དང་། ཡོད་མིན་མེད་མིན་ལྟ་བུ་མ་ཡིན་པས། ཡོད་མེད་རྟག་ཆད་ཀྱི་མཐའ་ལས་འདས་པས་ན་དེ་ལྟར་བརྗོད་པའོ། །མ་སྤང་རྒྱན་རྫོགས་གཞལ་ཡས་ཁང་། ཞེས་པ་དེ་ལྟ་བུའི་དབང་ཕྱུག་ཆེན་པོའི་འོག་མིན་དེ་ལ་འདོད་ཡོན་མ་སྤང་རྣམ་པར་དག་པ་རོལ་པའི་རྒྱན་དུ་ཤར་བའི་རྟགས་སུ་གཞལ་
ཡས་ཁང་གི་རྒྱན་དེ་དག་ཀྱང་ཕན་ཚུན་གཅིག་གིས་གཅིག་མི་སྒྲིབ་པར་ཕྱི་ནང་ཟང་ཐལ་དུ་གསལ་བའོ། །དེ་ལྟ་བུའི་གནས་དེ་གང་ན་ཡོད་སྙམ་ན། རྒྱས་པ་ལས། ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། ཞེས་པ་ལྟར་སོ་སོ་རང་རིག་པའི་ཤེས་རབ་ཀྱིས་མ་རྟོགས་ན་སངས་རྒྱས་ཀྱི་ཞིང་ཡང་ངན་སོང་གི་གནས་སུ་མཐོང་། ཡང་དེ་ལས། ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པས་ན། །ངན་སོང་གནས་ཀྱང་འོག་མིན་དགའ་ལྡན་གནས། ཞེས་པས། སྲིད་ཞི་མཉམ་ཉིད་ཀྱི་ལྟ་བ་མངོན་དུ་གྱུར་ཚེ་རང་ག་ན་གནས་པའི་ཞིང་དེ་ག་དབང་ཕྱུག་ཆེན་པོའི་འོག་མིན་ཡིན་པ་དང་། དོན་ལ་ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ་པ་དང་། སེམས་ཅན་གྱིས་གར་ཁྱབ་སངས་རྒྱས་ཀྱི་སྐུ་དང་ཕྲིན་ལས་ཀྱིས་ཁྱབ་པ་ཆོས་ཉིད་ཡིན་ཏེ། དེ་ལྟར་ཡང་དྲི་མ་མེད་པར་གྲགས་པའི་མདོ་ལས། བཙུན་པ་ཤཱ་རིའི་བུས་སྨྲས་པ་བདག་གིས་ནི་ས་ཆེན་པོ་འདི་མཐོ་དམན་དང་གཡང་ས་དང་ལྗན་ལྗིན་གྱིས་ཡོངས་སུ་གང་བར་མཐོང་ངོ་ཟེར་རོ། །སངས་རྒྱས་མྱ་ངན་མེད་པའི་ཞིང་ནས་འོངས་པའི་ཚངས་པ་རལ་པ་ཅན་གྱིས་སྨྲས་པ། བདག་གིས་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞིང་འདི་ཉིད་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་ཀྱི་བཀོད་པ་ཚད་མེད་པ་བཞིན་ཡོངས་སུ་དག་པར་མཐོང་ངོ་ཞེས་ཟེར། དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་རྣམས་ལ་སངས་རྒྱས་ཀྱི་ཞིང་དེའི་རང་བཞིན་སྟོན་པར་མཛད་པས་ཐམས་ཅད་ཀྱིས་ཤར་ཕྱོགས་ཀྱི་སངས་རྒྱས་རིན་པོ་ཆེའི་རྒྱན་བཀོད་པའི་ཞིང་ཁམས་བཞིན་ཡོངས་སུ་དག་པར་མཐོང་བར་གྱུར་པ་དེའི་ཚེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ངའི་སངས་རྒྱས་ཀྱི་ཞིང་འདི་ནི་རྟག་ཏུ་འདི་འདྲ་སྟེ་ཁྱེད་རྣམས་ཀྱིས་མི་མཐོང་ངོ་ཞེས་གསུངས་པ་ལྟར་རོ། །གཉིས་པ་གནས་ཀྱི་ངོ་བོ་བཤད་པ་ནི། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ་ཞེས་པ་ནས། གོས་པ་མེད་པ་པདྨ་རིན་པོ་ཆེའི་གདན་ལ་ཞེས་པའི་བར་དེས་བསྟན། དེའི་དོན་ནི། དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་རང་སྣང་བའི་ཕོ་བྲང་གི་ཁྱད་པར་བཀོད་པ་ཇི་ལྟ་བུ་སྙམ་ན། དེ་འཆད་པ་ལ་འགྲེལ་ཆུང་ལས། གཞལ་ཡས་གཞི་
དང་རྒྱུ་དང་རྒྱ། དབྱིབས་དང་གློ་འབུར་རྩེ་མོ་དང་། །རྒྱན་དང་སྒོ་ཁྱུད་རྟ་བབ་དང་། མཚན་ཉིད་གདན་གྱི་རྣམ་པ་ཅན། ཞེས་དོན་ཚན་བཅུ་གཅིག་ཏུ་ཡོད་པ་ལས། དང་པོ་གཞལ་ཡས་ཁང་གི་འོག་གཞི་ནི། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ཞེས་པ་དེས་བསྟན། དེ་ལ་བསྲུང་འཁོར་ནང་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ་སྟེ། སྒྱུ་འཕྲུལ་རོལ་པ་ཆེན་པོ་ལས། འཁོར་ལོ་ཆེན་པོའི་ས་གཞི་ལ། །ཁང་པ་གྲུ་བཞི་རྣམ་པར་བརྗིད། ཞེས་སོ། །ནང་གི་འོག་གཞི། སྤགས་པ་ཞེས་པ་དེས་བསྟན་དེ་ཐེག་པ་དང་ས་ལམ་གཞན་ལས་འདི་ཉིད་སྤགས་པའི་རྟགས་སུ་གཞལ་ཡས་ཁང་གི་སྒོ་ནས་གྲུ་ཆད། གྲུ་ཆད་ནས་ལྟེ་བའི་ལྷ་གནས་ཀྱི་བར་རྡོ་རྗེ་འགྲེང་བུ་རེ་རེས་རིམ་པར་སྤགས་པའོ། །གཉིས་པ་རྒྱུ་ནི། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཞེས་པ་དེས་བསྟན། དེ་ཡང་ཡེ་ཤེས་ལྔས་གདུལ་བྱའི་རེ་བ་ཡིད་བཞིན་དུ་སྐོང་བའི་རྟགས་སུ་གཞལ་ཡས་ཁང་གི་རྒྱུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའོ། །གསུམ་པ་རྒྱ་ཚད་ནི། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ་ཞེས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་མཐར་ཐུག་པ་མེད་པའི་རྟགས་སུ་རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པའོ། །བཞི་པ་དབྱིབས་ནི། ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ་ཞེས་པ་དེས་བསྟན། དེ་ཡང་གོང་དུ་བཤད་པའི་གཞལ་ཡས་ཁང་གི་རྒྱ་ཚད་ལ་ངེས་བཟུང་མ་བཤད་པས་ཕྱལ་བ་ལྟ་བུ་ཡིན་ནམ་སྙམ་ན་མ་ཡིན་ཏེ། རང་བྱུང་གི་ཡེ་ཤེས་ལ་འབྲས་བུ་ཆེ་བའི་ཡོན་ཏན་དཔག་ཏུ་མེད་པ་མངའ་བའི་ཕྱིར་དབྱིབས་གྲུ་བཞིར་གྱུར་པ་ཡིན་ཏེ། རྒྱ་ཆེར་འགྲེལ་པར། མཉམ་པའི་ཕྱིར་དང་ཁྱབ་པའི་ཕྱིར། །རྒྱས་པའི་ཕྱིར་ན་གྲུ་བཞིར་འགྱུར། ཞེས་སོ། ལྔ་པ་གློ་འབུར་ནི། ལྷག་པའི་ཡེ་ཤེས་རིན་པོ་ཆེའི་གློ་བུར་གྱིས་མཛེས་པ། ཞེས་པ་དེས་བསྟན། དེ་ལ་ཡེ་ཤེས་བཞི་རེ་རེར་ཡང་ལྷག་པའི་ཡེ་ཤེས་བཞི་བཞི་དང་ལྡན་པའི་རྟགས་སུ། གྲུ་ཆད་ལས་ཕྱིར་འཕྱར་བའི་གློ་འབུར་རིགས་བཞིའི་ཁ་དོག་ཅན་གྱི་དབྱིབས་མཁར་གྱི་འབུར་ཐབས་ལྟ་བུས་མཛེས་པའོ། །དྲུག་པ་རྩེ་མོའི་དོན་ནི། རྩེ་མོ་ནས། ཀུན་ཏུ་འཁྱིལ་བ་ཞེས་པའི་བར་གྱིས་བསྟན།
དེའི་དོན་ནི། སངས་རྒྱས་ཐམས་ཅད་དགོངས་པ་རོ་གཅིག་ཏུ་མངའ་བའི་རྟགས་གཞལ་ཡས་ཁང་གི་རྩེ་མོ་བུམ་པ་ཟླུམ་པོའི་རྣམ་པར་འཁྱིལ་བའོ། །བདུན་པ་རྒྱན་གྱི་རྣམ་གྲངས་བཤད་པ་ནི། ཡེ་ཤེས་བསམ་གྱིས་མི་ཁྱབ་ཅེས་པ་ནས། བསམ་གྱིས་མི་ཁྱབ་པར་ཀླུབས་པ་ཞེས་པའི་བར་གྱིས་བསྟན། དེ་ལ་དབྱེ་ན། འོག་གཞིའི་རྒྱན་དང་། ལོགས་རྒྱན༴ སྟེང་རྒྱན༴ སྒོ་དང་རྟ་བབས་ཀྱི་རྒྱན༴ ཕྱི་རོལ་གྱི༴ ངོ་བོའི༴ བདག་པོའི་རྒྱན་དང་བདུན་ལས། དང་པོའི་འོག་གཞིའི་རྒྱན་ནི། རྡོ་རྗེའི་ས་གཞིའི་སྟེང་དུ། ཡེ་ཤེས་ལྔས་རྟོག་པའི་དྲྭ་བ་གཅོད་པའི་རྟགས་སུ་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པའི་མཐར་ཆོས་ཀྱི་དབྱིངས་གཞོམ་གཞིག་དང་བྲལ་བ་མཚོན་པའི་རྟགས། རྡོ་རྗེའི་དྲྭ་བ་ཟླུམ་པོས་བསྐོར་པའི་སྟེང་དུ་རྡོ་རྗེའི་གུར་དང་བླ་རེ། ཕྱི་རོལ་ཏུ་རྡོ་རྗེའི་སྐ་རགས་ལས་འཕྱངས་པའི་དྲྭ་བ་དྲྭ་ཕྱེད་ཀྱིས་བརྒྱན་པ༑ དེ་དག་ཡེ་ཤེས་ལྔས་ཉོན་མོངས་པ་བསྲེགས་པའི་རྟགས་སུ་མེ་ཁ་ཏོག་ལྔ་ལྡན་འབར་བའོ། །གཉིས་པ་ལོགས་རྒྱན་ལ། རིན་པོ་ཆེའི་རྒྱན་དང་། འདོད་ཡོན་གྱི་རྒྱན་གཉིས་ལས། དང་པོ་རིན་པོ་ཆེའི་རྒྱན་ནི། དབྱིངས་རིག་གཉིས་སུ་མེད་པའི་རྩལ་སྣང་མ་འགགས་པར་ཤར་བའི་བརྡར་གཞལ་ཡས་ཁང་རྒྱན་ཡང་རིན་ཆེན་སྣ་ཚོགས་ལས་གྲུབ་པའོ། །དེ་ལ་ཡང་རྩིགས་པ་ནི་རིན་པོ་ཆེ་པཉྩ་རེ་ཁ་སྟེ་སྣ་ལྔ་བརྩེགས་མར་བྱེད་པའི་ལུགས་དང་། སྦྲགས་མར་བྱེད་པའི་ལུགས་གཉིས་སུ་ཡོད་ཀྱང་འདི་ནི་གཙོ་བོའི་ལྷ་མདོག་གི་དབང་དུ་བྱས་ནས་སྒྲུབ་ཐབས་སུ། ནང་ནས་རིམ་པ་བཞིན་མཐིང་དཀར་སེར་དམར་ལྗང་བའི་རྩིགས་པ་རིམ་པ་ལྔ་དང་ལྡན་པའི་ཞེས་གསུངས། ཕ་གུ་ནི་འདོད་སྣམ་གྱི་རྩེ་ནས་སྐོར་བའི་ལུགས་དང་། རྩིགས་པའི་སྟེང་ནས་སྐོར་བའི་ལུགས་གཉིས་སུ་ཡོད་ཀྱང་། འདི་ནི་སངས་རྒྱས་གསང་བས་ཕྱི་ཡིས་རྩེ་ལ་ཕ་གུ་སྟེ། ཞེས་པ་ལྟར། ཁང་པའི་ཁ་པད་ཀྱི་ཚུལ་དུ་ཕྱིར་ཅུང་ཟད་འཕྱར་བ་རྒྱུ་རིན་པོ་ཆེའི་སེར་པོ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲས་སྤྲས་ཏེ། འོད་རིམ་པ་ལས། ཕ་གུ་མཛེས་པའི་བྱད་དང་ལྡན། ཞེས་སོ། །དྲྭ་ཕྱེད་ནི་དཀྱིལ་འཁོར་གཞན་རྣམས་སུ་བྲེ་ཕུལ་གྱི་སྣམ་བུ་ཞེས་བྱ་ལ། འདིར་ནི་ཀ་ཐུང་གཞུ་བཅས་བཅུ་དྲུག་གི་སྟེང་དུ་གསེར་གྱི་གདུང་ཆེན་གྲུ་
བཞི་པ་བཀལ་བའི་གཞུ་དང་གདུང་ལ་གཟེར་བཏབ་པ་ལ་དཀྲིས་པའི་གསེར་གྱི་སྐ་རགས་བཞིས་བཅིངས་པ་དང་། ཕ་གུའི་འོག་ཏུ་སེང་གདུང་བཅུ་གཉིས་པོ་ཟུར་ནས་རིང་པ་དང་། ལོགས་ནས་ཐུང་བ་བཏང་བའི་ནང་གི་སྣ་རྩེ་ཤིང་བརྩེགས་ཀྱི་རྣམ་པས་བཏེགས་པའི་རྡོ་རྗེའི་གདུང་ཟླུམ་སྟེ་དེ་གཉིས་ལ་བརྟེན་པའི་ཕྱམ་རྩ་ཉེར་བརྒྱད་གདུགས་ཀྱི་རྩིབ་མ་ལྟ་བུ་ནང་མཐའ་རྡོར་ཕྲེང་ལ་མ་སླེབ་ཙམ་དང་ཕྱི་མཐའ་གསེར་གདུང་ལས་ཆ་ཕྲན་ཕྱེད་ཕྱིར་འཕྱར་བའི་ཚད་དུ་བཏང་བའི་སྣེ་མ་ཀ་རའི་གདོང་གི་རྣམ་པ་ཅན་གྱིས་ཁའི་ཁུག་གཅིག་ནས་གཅིག་ཏུ་སྦྲེལ་བ་དྲྭ་བ་དང་། ཁའི་དབུས་ནས་ཕྲེང་བ་ཐུར་དུ་འཕྱང་བའི་སྣེ་ལ་ནོར་བུ་སྦོམ་པོ་བཏགས་པ་ནི་དྲྭ་བ་ཕྱེད་པ་སྟེ། གཞན་ཡང་མེ་ཏོག་གི་ཕྲེང་བ་དང་། དར་དང་རྔ་ཡབ་དྲིལ་བུ་དང་མེ་ལོང་། ཟླ་ཕྱེད་རླུང་བསྐྱོད་ལ་སོགས་སྟེ་དྲྭ་ཕྱེད་ཡན་ལག་བདུན་ལྡན་གྱིས་མཛེས་པ་ཡིན་ཏེ། འོད་རིམ་ལས། དྲྭ་བ་དྲ་ཕྱེད་མགུལ་འཁོར་འཕྱངས། ཞེས་གསུངས། ཡང་དེ་ཉིད་ལས། ཡེ་ཤེས་རྩིགས་སྟེང་སེང་མགོས་གཏམས། །མི་འཇིགས་ཁ་ནས་མུ་ཏིག་ཧར། ཞེས་པའི་དོན་ནི། སེང་གདུང་གི་རྩེ་སེང་མགོའི་རྣམ་པའི་ཁ་གཅིག་ནས་གཅིག་གི་བར་དུ་མུ་ཏིག་གི་ཕྲེང་བས་སྦྲེལ་བ་སྟེ། སྒྲུབ་ཐབས་སུ་ཡང་མུ་ཏིག་གི་མགུལ་འཁོར་འཕྱངས་བ་ཞེས་གསུངས། ཤར་བུ་ནི་བབས་སམ་བྱིའུ་རྩེར་གྲགས་པས་བཏེགས་པའི་བྱ་འདབ་ཀྱི་ནང་ངོས་སུ་རྒྱུ་རིན་ཆེན་ད ཀར་པོ་ལས་གྲུབ་པ་དབྱིབས་སྤྱི་བླུགས་ཀྱི་རྣམ་པ་མགོ་ཐུར་བསྟན་དུ་འཕྱངས་བའི་ཕྲེང་བས་འདོད་སྣ མ་གྱི་ཕྱི་མཐའ་དང་ཁ་ད་ཆད་པར་བསྐོར་བའོ། །བྱ་འདབས་ཀྱི་རྩ་བ་གནོན་བྱེད་མདའ་ཡབ་ནི་རྒྱུ་གོང་མཚུངས་དབྱིབས་པདྨ་འདབ་མ་ཕྱེད་པའམ། གཞན་དུ་མཆོད་རྟེན་གྱི་རྣམ་པའི་པུ་ཤུད་ཀྱིས་བ སྐོར་བ་ཞེས་ཀྱང་བཤད་དོ། །གཉིས་པ་འདོད་ཡོན་གྱི་རྒྱན་ནི། རྩིགས་པའི་རྩ་བར་རཏྣའི་སྣམ་བུ་དམར་པོའི་སྟེང་ཏུ། གཞན་དུ་ན་ཤར་སྟོད་ནས་རིམ་པར་རྡོ་རྗེ་པི་ཝཾ་མ་ལ་སོགས་པ་བཞི་དང་། ལྷོར་སྒེག་མོ་སོགས་བཞི་དང་། ནུབ་ཏུ་མེ་ཏོག་མ་སོགས་བཞི། བྱང་དུ་གཟུགས་ལ་སོགས་པ་བཞི་སྟེ། དགའ་བ་བཅུ་དྲུག་ཅེས་བཤད་ཀྱང་། འདིར་ནི་གཟུགས་རྡོ་རྗེ་ལ་སོགས་འདོད་ཡོན་ལྔའི་ལྷ་མོ་བར་སྣང་གི་སྤྲིན་
ནམ་ཉི་ཟེར་གྱི་རྡུལ་ལྟ་བུས་མཆོད་ཡུལ་མཆོད་པར་བྱེད་པ་དང་། གཞན་ཡང་སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་ཕྱེད་རྡོ་རྗེ་ལ་སོགས་པས་བརྒྱན་པ་ཡིན་ཏེ། ཆོས་དོན་ལས། གཟུགས་མཛེས་སྒྲ་སྙན་དྲི་འོང་དང་། །རོ་ཞིམ་ཡིད་འོང་ཆོས་རྣམས་ཀྱི། །ལྷ་མོ་རྣམས་ཀྱིས་མཛེས་པར་རོལ། ཞེས་སོ། །གསུམ་པ་སྟེང་རྒྱན་བཤད་པ་ནི། གཞལ་ཡས་ཁང་གི་བུམ་པའི་རྩེར་དྲི་མཚོན་བྱེད་ཕྱུར་བུར་གྱི་སྟེང་པདྨ་ལ་གནས་པའི་ས་ལམ་མཚོན་བྱེད་ཆོས་ཀྱི་འཁོར་ལོ་རིམ་པ་བཅུ་གསུམ་གྱི་སྟེང་དུ་ཉོན་མོངས་པའི་གདུང་བ་སེལ་བྱེད་ཀྱི་གདུགས་དང་ཆོས་དབྱིངས་འགྱུར་བ་མེད་པ་མཚོན་བྱེད་རྡོ་རྗེའི་ཏོག་གིས་སྤྲས་པ་ཡིན་ཏེ༑ རྡོ་རྗེ་མེ་ལོང་ལས། ཆོས་ཀྱི་འཁོར་ལོ་བསྐོར་བྱས་ཤིང་། །ཉོན་མོངས་ཚད་པའི་གདུང་བ་སེལ། །ཐུགས་རྗེ་གདུགས་ཀྱི་ངོ་བོར་བསྟན། །མ་ལུས་གཅིག་ཏུ་འདུས་གྱུར་པ། །ཏོག་སྟོང་འོད་ཟེར་འབར་བའོ། །ཞེས་སོ། །བཞི་པ་སྒོ་དང་རྟ་བབས་ཀྱི་རྒྱན་ནི། སྒོའི་གཡས་ གཡོན་དུ ་སྒོ་བ་གླང་སེང་གིས་བརྒྱན་པ་དང་། སྒོ་ཁང་གི་སྟེང་བསིལ་ཁང་གི་ནང་ངོས་སུ་ངེས་དོན་མཚོན་པའི་ཅོང་། དྲང་དོན་མཚོན་བྱེད་གཎྜི། ཐབས་ཤེས་གཉིས་མེད་མཚོན་པའི་རྡོར་དྲིལ་ལ་སོགས་པས་མཛེས་པར་བརྒྱན་པའོ། །ཁྱུང་མགོའི་སྟེང་དབུས་སུ་ཆོས་ཀྱི་འཁོར་ལོ་གདུགས་ཀྱི་ཕུགས་གཡས་ གཡོན་དུ ་རི་དྭགས་ཕོ་མོ་དང་བཅས་པ་དང་འཁོར་ལོའི་རྩ་བ་ནས་གཞལ་ཡས་ཁང་གི་ལྟེ་བའི་ཏོག་གི་བར་གསེར་གྱི་ཐ་གུ་ལ་གསེར་གྱི་དྲིལ་ཆེན་དཀོན་མཆོག་གསུམ་གྱི་སྒྲ་དབྱངས་སྒྲོགས་པ་སྟེ། རྔམ་གློག་ལས། གཞལ་ཡས་དེ་ཡི་སྒོ་བཞི་ན། །གླང་སེང་གཉིས་ཀྱིས་མཛེས་པར་བརྒྱན། །རྟ་བབས་རྣམས་ཀྱི་རིམ་པ་ལ། །གསེར་གྱི་དྲིལ་ཆེན་འབར་བ་དག །དཀོན་མཆོག་གསུམ་གྱི་སྒྲ་ཡང་སྒྲོག ཞེས་དང་། ཆོས་དོན་ལས། ཆོས་ཀྱི་འཁོར་ལོ་གཙོ་བོའི་བརྡ། །རི་དྭགས་འཁོར་གྱི་བརྡ་ཡིན་ཏེ། །ཅོང་ནི་ངེས་དོན་བརྡ་སྒྲ་ཡིན། །གཎྜི་དྲང་དོན་མཚོན་བྱེད་བརྡ། །རྡོར་དྲིལ་ཐབས་དང་ཤེས་རབ་བརྡ། ཞེས་སོ། །ལྔ་པ་ཕྱི་རོལ་གྱི་རྒྱན་ནི། སྒོའི་གཡས་ གཡོན་དུ ་ཏཱ་ལའི་ལྗོན་པ་དང་དཔག་བསམ་གྱི་ཤིང་ཟུང་གསེར་གྱི་ཐ་གུས་ཕན་ཚུན་དུ་སྦྲེལ་ཞིང་། ཡན་ལག་བརྒྱད་དང་ལྡན་པའི་ཁྲུས་ཀྱི་རྫིང་
བུ་ལ་ལྷ་མོ་སྣ་ཚོགས་བདེ་བར་རྩེ་བ། ཕྱོགས་རེ་རེར་རིན་པོ་ཆེའི་ཕུང་པོ་གཉིས་ཏེ་བརྒྱད་ལ་སོགས་པས་མཛེས་པ་ཡིན་ཏེ། འོད་རིམ་ལས། སྒོ་བཞིའི་གཡས་གཡོན་ལྗོན་ཤིང་དང་། །དཔག་བསམ་ཤིང་ཟུང་ཅོང་ཅོང་སྦྲེལ། །དྲིལ་བུ་གཡེར་ཁ་ཐེག་ཆེན་སྒྲོག །བཀྲ་ཤིས་བྱ་སྙན་སྐད་སྒྲོག་ཅིང་། །ཡིད་བཞིན་རིན་ཆེན་བརྒྱད་བསྐོར་བ། །རིན་ཆེན་ཕུང་པོ་བཞི་གཉིས་ལྡན། ཞེས་སོ། །དྲུག་པ་ངོ་བོའི་རྒྱན་ནི། བདེན་བཞི་མཚོན་པའི་གྲུ་ཆད་བཞི་དང་། བདེན་གཉིས་མཚོན་པའི་བར་ཁྱམས་དང་འཁོར་ཡུག་གོ །བདེན་པ་བཞི་ནི། སྡུག་བསྔལ་བདེན་པ༑ ཀུན་འབྱུང༴ ལམ་བདེན། འགོག་བདེན་དང་བཞིའོ། །བདེན་པ་གཉིས་ནི། དོན་དམ་དང་ཀུན་རྫོབ་གཉིས་སོ། །བདུན་པ་བདག་པོའི་རྒྱན་ནི། ཁང་པ་རྒྱན་དུ་བྱས་པ་དང་། བདག་པོ་རྒྱན་དུ་བྱས་པ་དང་། དེའི་ཡོ་བྱད་རྒྱན་དུ་བྱས་པ་སོགས་ཡོད་ཀྱང་། འདི་ནི་བདག་པོ་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱིས་རྒྱན་དུ་བྱས་པ་སྟེ། འདི་ཉིད་ལས། དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། ཞེས་སོ། །དཔེར་ན་ཁང་པ་མཛེས་པར་བྱེད་པ་ལ་ཁྱིམ་བདག་དང་ཁྱིམ་བདག་མཛེས་པར་བྱེད་པ་ལ་དེའི་ཡོ་བྱད་ཕུན་སུམ་ཚོགས་པ་བཞིན་ནོ། །བརྒྱད་པ་སྒོ་བཤད་པ་ནི། རྣམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པའི་སྒོ་ཁྱུད་ཅན་ཞེས་པ་དེས་བསྟན། དེ་ཡང་མཚོན་སྒོ་རྣམ་ཐར་བཞིའི་སྒོ་ནས་མཚོན་རང་བྱུང་ཆེན་པོ་ལྷུན་གྱིས་གྲུབ་པ་ཡང་། རྣམ་པར་ཐར་བ་བཞིའི་དོན་རྟོགས་པ་ལས་བྱུང་བ་ཡིན་ཏེ། དེ་ཡང་རྣམ་ཐར་བཞི་ནི༑ སྟོང་པ་ཉིད་ཀྱི་དོན་རྟོགས་ན་དངོས་པོར་འཛིན་པའི་ཞེན་པ་ལས་གྲོལ་བ་དང་། མཚན་མ་མེད་པའི་དོན་རྟོགས་ན། མཚན་མར་འཛིན་པའི་ཞེན་པ་ལས་གྲོལ་བ་དང་། སྨོན་པ་མེད་པའི་དོན་རྟོགས་ན་འབྲས་བུ་ལ་རེ་སྨོན་བྱེད་པའི་དོན་ཐམས་ཅད་འགྲུབ་པ་སྟེ། དེ་ནི་ཐུན་མོང་གི་རྣམ་ཐར་གསུམ་ཡིན་ལ་ཐུན་མོང་མ་ཡིན་པ་རང་བཞིན་གྱིས་འོད་གསལ་བའི་དོན་རྟོགས་ན་དངོས་པོ་དང་མཚན་མར་འཛིན་པའི་ཞེན་པ་ཐམས་ཅད་ལས་གྲོལ་བ་སྟེ། ལེ་ལག་ལས། སྟོང་སྨོན་མཚན་མེད་འོད་གསལ་འཇུག །དེའི་ཕྱིར་ཡེ་ཤེས་སྒོ་བཞི་ཤར། ཞེས་སོ། །དེ་ཡང་ཐང་སྒོ་ལྟ་བུ་ཡིན་ནམ་སྙམ་ན་མ་ཡིན་ཏེ། སྒོ་དང་སྒོ་ཁྱུད་ཀྱི་ཟླས་དྲངས་བའི་འགྲམས་
ཀྱི་སྟེང་ཡས་ཕུབ་རྡོ་རྗེའི་རེ་མིག་བཅུ་གཅིག་ལ་སོགས་པས་བརྒྱན་པ་ཡིན་ཏེ། སངས་རྒྱས་གསང་བས། སྒོ་ཁང་སྒོ་སྲུང་ཁང་པ་སྟེ། །སྟེང་ཁང་མ་རིག་མུན་པ་སེལ། །ཡེ་ཤེས་མཐོང་ཁུང་ཕྱེ་བའི་ཕྱིར། །བཅུ་གཅིག་རྡོ་རྗེའི་དྲྭ་མིག་བྱ། ཞེས་སོ། །དགུ་པ་རྟ་བབས་ནི། རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་དང་ལྡན་པ་ཞེས་པ་དེས་བསྟན། དེ་ལའང་རྒྱུའི་རྟ་བབས་བརྒྱད་དང་། འབྲས་བུའི་རྟ་བབས་བརྒྱད་ལས། དང་པོ་ནི། འགྲེལ་ཆུང་ལས། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །བྱ་བ་རྒྱུད་དང་གཉིས་ཀ་རྒྱུད། །རྣལ་འབྱོར་བསྐྱེད་དང་རྫོགས་ཆེན་པོ། །ཞེས་ཐུན་མོང་ལམ་སྟེགས་ཀྱི་གྲུབ་མཐའི་ཡོན་ཏན་བརྒྱད་མཐར་ཕྱིན་པའི་རྟགས་སུ་སྒོ་ཕུགས་ཀྱི་ཕྱི་ནང་གཉིས་སུ་ཐེམ་སྐས་བཞི་བཞི་སྟེ་བབ་ནོན་གྱི་རྟ་བབ་བརྒྱད་ཀྱིས་མཛེས་པ་ཡིན་ཏེ། ལེ་ལག་ལས། དེར་བགྲོད་ལམ་སྟེགས་བརྒྱད་དང་ལྡན། །རྟ་བབས་བརྒྱད་དུ་འགྱུར་བ་ཡིན། ཞེས་སོ། །འབྲས་བུའི་རྟ་བབ་བརྒྱད་ནི། ཐེག་བརྒྱད་ཀྱི་གྲུབ་མཐའི་ཡོན་ཏན་བརྒྱད་རྫོགས་པའི་རྟགས་སུ་སྒོ་ལོགས་ཀྱི་ཟུར་བཞི་ནས་ཀ་བ་བཏེགས་པའི་རྒྱན་གྱི་རྟ་བབ་བརྒྱད་དང་ལྡན་པ་ཡིན་ཏེ། རྟ་རྐང་ནི་གཞི་སྔོན་པོ་ལ་རྡོ་རྗེའི་ཕྲེང་བས་འགྲེང་བུར་འཁྲིགས་པའོ། །ཆུ་སྐྱེས་ནི་པདྨ་དང་། སྒྲོམ་ནི་རིན་པོ་ཆེའི་སྒྲོམ་དང་། ཟར་ཚགས་ནི་སྣམ་འཕྱང་ལས་དཔྱངས་པའི་རྒྱུ་རིན་ཆེན་དཀར་པོ་དྲ་མིག་ཅན། སྣམ་འཕྱང་ནི་ཕ་གུ་བཞིན་ནོ། །ཆུན་འཕྱང་ནི་གཞི་བར་སྟོང་ལ་སེང་མགོའི་ཁ་ནས་དྲྭ་བ་དང་དྲྭ་བ་ཕྱེད་པས་བརྒྱན་པའོ། །ཤར་བུ་ནི་གཞི་སྔོན་པོའི་སྟེང་ཤར་བུ་དཀར་པོའི་ཕྲེང་བས་སྤྲས་པའོ། །ཁྱུང་མགོ་ནི་རྒྱ་ཕུབ་ཀྱི་རྣམ་པ་ཅན་གྱི་ཟུར་བཞིར་ཁྱུང་མགོའི་རྣམ་པའི་ལྐོག་མ་ནས་དྲིལ་བུ་རླུང་བསྐྱོད་ལ་སོགས་པས་བརྒྱན་པ་ཡིན་ཏེ། །སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། དེའི་གྲུབ་པའི་མཐའ་རྫོགས་པའི། །ཡོན་ཏན་བརྒྱད་ཕྱིར་རྟ་རྐང་དང་། །ཆུ་སྐྱེས་སྒྲོམ་དང་ཟ་ར་ཚགས། །སྣ་འཕྱང་ཆུན་འཕྱང་ཤར་བུ་དང་། །ཁྱུང་མགོ་མཛེས་པས་རིམ་པར་འཁྲིགས། ཞེས་སོ། །གཞན་ཡང་སྒོ་ཁང་དང་བསིལ་ཁང་གི་མུན་པ་སེལ་བྱེད་གླང་རྒྱབ་མིག་གསུམ་ལ་སོགས་པས་མཛེས་པར་བརྒྱན་པའོ། །སྤྱིར་རྟ་བབས་ཀྱི་དབྱེ་བ་ལ་ཕྱིས་འགྱུར་ཀྱི་ཕྱོགས་
འདིར་བཅུ་གཅིག་མ་དང་། སྔ་འགྱུར་གྱི་ཕྱོགས་འདིར་བཞི་བ་དང་བརྒྱད་པ་ཤས་ཆེ་ཡང་། འདིར་ནི་བརྒྱད་མར་གྲགས་པའི་ལུགས་སོ། །བཅུ་པ་གནས་ཀྱི་མཚན་ཉིད་ནི། ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ་ཞེས་པ་དེས་བསྟན། དེའི་དོན་ནི། རང་བྱུང་གི་ཡེ་ཤེས་ལ་ཕྱི་གཟུང་བའི་ཡུལ་དང་། ནང་འཛིན་པའི་ཤེས་པ་གཉིས་སུ་མ་གྲུབ་པས། ཤེས་བྱའི་དཀྱིལ་འཁོར་ཀུན་ཀྱང་རང་རིག་གི་རྩལ་སྣང་ཡིན་པའི་རྟགས་སུ་གཞལ་ཡས་ཁང་གི་རྒྱན་དེ་དག་ཕན་ཚུན་གཅིག་གིས་གཅིག་མི་སྒྲིབ་པར་ཕྱི་ནང་ཟང་ཐལ་དུ་གསལ་བ་སྟེ། དཔེར་ན་ཤེལ་གྱི་སྦུ་གུར་རིན་པོ་ཆེ་སྣ་ཚོགས་བཅུག་པ་བཞིན་ནོ། །ཀུན་ཏུ་ཡང་ནང་དུ་གྱུར་པ་ཞེས་པ་ཆོས་དབྱིངས་ཡེ་ཤེས་ཡུམ་བཙུན་མོའི་བྷ་ག་ཉིད་དུ་འདུས་པས་ན་ཐ་སྙད་ཙམ་དུ་ནང་ཞེས་བརྗོད་པ་ཡིན་ཏེ། འགྲེལ་ཆུང་ལས། གནས་མཆོག་མཚན་ཉིད་བརྗོད་པ་ནི། །གཞལ་ཡས་ཕྱི་ནང་ཆོས་ཉིད་ནང་། །བྷ་ག་ཉིད་དུ་འདུས་པ་ལ། །ཀུན་ཏུ་ནང་ཞེས་བརྗོད་པ་ཡིན། ཞེས་སོ། །བཅུ་ུགཅིག་པ་གདན་ཁྲི་ནི། མི་འཇིགས་པ་སེང་གེའི་ཁྲི་དང་། ཞེས་པ་ནས་པདྨ་རིན་པོ་ཆེའི་གདན་ལ་ཞེས་པའི་བར་ཀྱིས་བསྟན། དེ་ལ་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བའི་གདན་དང་། སའི་ཁྱད་པར་འགྲོ་བའི་གདན་དང་། ཡོན་ཏན་གྱི་ཆེ་བས་ཉེས་ཚོགས་བཅོམ་པའི་གདན་རྣམས་སུ་ཡོད་པ་ལས། དང་པོ་ཆོས་འཁོར་བསྐོར་བའི་གདན་ནི། རིགས་ལྔ་ཡེ་ཤེས་ལྔའི་ཕྱག་རྒྱས་རྟོག་པའི་དྲྭ་བ་གཅོད་པ། ཐུགས་རྗེ་དང་སྤྲུལ་པའི་ཕྲིན་ལས་རྒྱུན་མི་ཆད་པ་མངའ་བའི་རྟགས་སུ་ནང་གི་འོག་གཞིའི་འཁོར་ལོ་དེ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་གདན་ཞེས་བརྗོད་དོ། །གཉིས་པ་སའི་ཁྱད་པར་བགྲོད་པའི་གདན་ནི། སྟོན་པའི་ཐུགས་ལ་མི་འཇིགས་པ་བཞི་མངའ་བའི་རྟགས་སུ་སེང་གེའི་ཁྲི་སྣང་བ་ཡིན་ཏེ། དེ་ཡང་མི་འཇིགས་པ་བཞི་ནི། བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་ཞལ་གྱིས་བཞེས་པ་ལ་གཞན་གྱིས་ཀླན་ཀ་བཙལ་བ་ལ་མི་འཇིགས་པ་དང་། ཐར་བ་ཐོབ་པ་ལ་སྒྲིབ་པ་འགོག་པར་བྱེད་དགོས་སོ་ཞེས་བར་ཆད་ཀྱི་ཆོས་སྟོན་པ་ལ༴ སྤང་བྱ་སྤང་བ་དང་འགོག་པ་ཐོབ་པ་ལ༴ ངེས་འབྱུང་གི་ཐེག་པ་གསུམ་གྱི་ལམ་སྟོན་པ་ལ་མི་འཇིགས་པ་སྟེ། རྒྱུད་བླ་མ་ལས།
ཆོས་ཀུན་རྫོགས་པར་བྱང་ཆུབ་དང་། །བགེགས་རྣམས་འགོག་པར་བྱེད་པ་དང་། །འགོག་བདེན་པ་དང་ལམ་བདེན་པ། །མི་འཇིགས་པ་ནི་རྣམ་པ་བཞི། ཞེས་སོ། །སྐུ་སྟོབས་བཅུ་དང་ལྡན་པའང་ཐེག་པ་འོག་མར་མི་ཤོང་བའི་དོན་འདིར་ཤོང་ཞིང་ཐེག་པའི་དོན་གྱིས་ན་ཤར་དུ་སྐུ་དེ་བཞིན་གཤེགས་པའི་རིགས་ལ་གླང་པོ་ཆེའི་ཁྲི་སྟེ། དེ་ལ་སྟོབས་བཅུ་ནི། སྔ་མ་ལས། གནས་དང་གནས་མིན་ལས་རྣམས་དང་། །རྣམ་པར་སྨིན་དང་དབང་པོ་དང་། །ཁམས་རྣམས་དང་ནི་མོས་པ་དང་། །ཀུན་འགྲོའི་ལམ་དང་བསམ་གཏན་སོགས། །ཉོན་མོངས་དྲི་མ་མེད་པ་དང་། །གནས་ནི་རྗེས་སུ་དྲན་པ་དང་། །ལྷ་ཡི་མིག་དང་ཞི་བ་དང་། །མཁྱེན་པའི་སྟོབས་ནི་རྣམ་པ་བཅུ། ཞེས་གསུངས་པ་ལྟར། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས། དབང་པོ་མཆོག་དང་མཆོག་མ་ཡིན་པ༴ ལས་ཀྱི་རྣམ་པར་སྨིན་པ༴ འཇིག་རྟེན་གྱི་ཁམས་དུ་མ༴ མོས་པ་སྣ་ཚོགས༴ ཐམས་ཅད་དུ་འགྲོ་བའི་ལམ༴ ཉོན་མོངས་པ་དང་རྣམ་པར་བྱང་བ༴ སྔོན་གྱི་གནས་དྲན༴ འཆི་འཕོ་དང་སྐྱེ་བ༴ ཟག་པ་ཟད་པ་མཁྱེན་པའི་སྟོབས་དང་བཅུའོ། །ཡོན་ཏན་རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་རྟགས་སུ་ལྷོར་ཡོན་ཏན་གྱི་རིགས་རིན་ཆེན་འབྱུང་གནས་ལ་རྟ་མཆོག་གི་ཁྲི་སྟེ། དེ་ལ་རྫུ་འཕྲུལ་གྱི་རྐང་པ་བཞི་ནི། སྔ་མ་ལས། འདུན་དག་བརྩོན་འགྲུས་མོས་པ་དང་། །དཔྱོད་པའི་ཏིང་འཛིན་སྤོང་བ་ཡི། །འདུ་ཤེས་རྣམས་ནི་རྐང་པ་བཞི། ཞེས་སོ། །གསུང་དབང་བཅུ་དང་ལྡན་པའི་རྟགས་སུ། ནུབ་ཏུ་གསུང་གི་རིགས་སྣང་བ་མཐའ་ཡས་ལ་རྨ་བྱའི་ཁྲི་སྟེ། དེ་ཡང་གསུང་དབང་བཅུ་ནི། རྒྱུད་བླ་མ་ལས། །ཡོ་བྱད་སྐྱེ་བ་ཚེ་ལ་དབང་། །ཡེ་ཤེས་ཆོས་དང་སེམས་དང་ལས། །རྫུ་འཕྲུལ་སྨོན་ལམ་མོས་རྣམས་ཀྱི། །ཁམས་གསུམ་ཀུན་གྱི་དབང་ཕྱུག་རྒྱལ། ཞེས་སོ། །ཕྲིན་ལས་བཞིས་གདུལ་བྱ་སྒྲོལ་བ་ལ་ཐོགས་པ་མེད་པའི་རྟགས་སུ་བྱང་དུ་ལས་ཀྱི་རིགས་ཀྱི་དོན་ཡོད་གྲུབ་པ་ལ་ཤང་ཤང་གི་ཁྲི་སྟེ། དེ་ཡང་ཕྲིན་ལས་བཞི་ནི་སྔ་མ་ལས། ཞི་རྒྱས་དབང་དྲག་ལས་རྣམས་ཀྱིས། །ཐོགས་མེད་ལས་རྣམས་ལྷུན་གྱིས་གྲུབ། ཞེས་སོ། །དེ་ལྟར་སེ ང་གེ་ལ་སོགས་པ་དེ་རྣམས་ཀྱི་རེ་རེའང་བརྒྱད་བརྒྱད་དུ་སྤྲུལ་ནས། མཇུག་མ་
ནང་དུ་བསྣོལ་ཏེ་རིན་པོ་ཆེའི་ཁྲི་རྐང་འདེགས་པར་བྱེད་པ་སྟེ། དབང་བསྐུར་རྒྱལ་པོའི་རྒྱུད་ལས། ཐུགས་ནི་མི་འཇིགས་བཞི་ཡིས་བདུད་བཞི་བཅོམ། །དེ་གྲུབ་རྟགས་སུ་སེང་གེའི་ཁྲི་ལ་བཞུགས། །སྐུ་ནི་སྟོབས་བཅུ་མི་དགེ་བཅུ་རྣམས་འདུལ། །དེ་གྲུབ་རྟགས་སུ་གླང་ཆེན་ཁྲི་ལ་བཞུགས། །ཡོན་ཏན་རྫུ་འཕྲུལ་རྐང་བཞིས་ཆགས་མེད་སྒྲོལ། །དེ་གྲུབ་རྟགས་སུ་རྟ་མཆོག༴ །གསུང་ནི་དབང་བཅུ་མཐར་ཕྱིན་རྒྱལ་པོའི་གསུང་། །དེ་གྲུབ་རྟགས་སུ་རྨ་བྱའི༴ ལས་ནི་ཕྲིན་ལས་རྣམ་བཞིས་འགྲོ་བ་སྒྲོལ། །དེ་གྲུབ་རྟགས་སུ་ཤང་ཤང་ཁྲི་ལ་བཞུགས། ཞེས་སོ། །འོ་ན་སྲོག་ཆགས་དེ་རྣམས་སྟོན་པའི་ཐུགས་རིགས་པའི་རང་སྣང་དུ་འདོད་པས་ཅི་ཡིན་སྙམ་ན། དཔེར་ན་དགེ་བཤེས་ཀྱི་རྟ་བཟང་པོ་གཅིག་རང་གི་བསོད་ནམས་ཀྱི་མཐུ་ལས་གྲུབ་པ་དང་། གཞན་གྱིས་ཀུན་ནོར་གྱི་དད་པས་ཕུལ་བ་གཉིས་རྟ་གཅིག་ཏུ་མཚུངས་པ་བཞིན་དུ། སངས་རྒྱས་རྣམས་ལ་མི་འཇིགས་པ་སོགས་མངའ་བ་དང་། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་རྣ་བས་ཆོས་ཉན་པ་དང་། ཤེས་བྱའི་སྒྲིབ་པ་སྦྱོང་བའི་ཕྱིར་ལུས་སེང་གེ་ལ་སོགས་པའི་གདན་དུ་ཕུལ་བ་ཡིན་ཏེ། རྒྱ་མཚོ་ལས། བྱང་ཆུབ་སེམས་དཔའ་སྨོན་ལམ་དབང་། །ཐོས་པའི་རྒྱ་མཚོ་ཆགས་པའི་ཕྱིར། །ལུས་ནི་སེང་གེའི་གདན་དུ་ཕུལ། ཞེས་སོ༑ ༑གསུམ་པ་ཡོན་ཏན་གྱི་ཆེ་བས་ཉེས་ཚོགས་བཅོམ་པའི་གདན་ནི། སྟོན་པའི་ཐུགས་རང་བཞིན་ཀྱིས་འོད་གསལ་ཞིང་། ཐབས་ཤེས་དབྱེར་མེད་མཚོན་བྱེད་ཀྱི་ཉི་ཟླའི་གདན་དང་། པདྨ་ནི་འདམ་ལས་སྐྱེས་ཀྱང་འདམ་ཀྱིས་མ་གོས་པ་ལྟར་མཐའི་རྟོག་པས་མ་གོས་པའི་བརྡར་པདྨའི་གདན་དང་། གདུལ་བྱའི་རེ་བ་ཡིད་བཞིན་དུ་སྐོང་ཞིང་དཀོར་བདུན་ངོ་བོ་ཉིད་སྐུར་ལྷུན་གྱིས་གྲུབ་པའི་བརྡར་རིན་པོ་ཆེའི་ཁྲི་རྐང་མཛོད་མིག་བདུན་ལྡན་རྣམས་སུ་ཤར་བ་ཡིན་ནོ། །གདན་དེ་རྣམས་ཀྱི་བརྩེགས་ལུགས་ནི། སྐྱེས་བུ་ལྔ་ལ་ལྔ་བརྩེགས་དང་། སེམས་དཔའ་ལ་ནི་སུམ་བརྩེགས་སོ། །ཉི་རྐྱང་ཁྲོ་ལ་པད་རྐྱང་ཐུབ། །ཀུན་བཟང་ཡབ་ཡུམ་བཞི་བརྩེགས་སོ། །ཅེས་པས་དེ་དག་ནི་སྒྲུབ་པའི་དཀྱིལ་འཁོར་ལ་འགོད་པའི་སྐབས་ཡིན་ལ། གླེང་གཞིའི་སྐབས་འདིར་ཀུན་བཟང་ཡབ་ཡུམ་ཕོ་བྲང་གི་ལྟེ་བར་བཞུགས་
ལ་གདན་ལྔ་བརྩེགས་སྤྱན་འགྲེལ་ལས་གསུངས་སོ། །འོ་ན་འཆད་པའི་སྐྱེས་བུ་རྡོ་རྗེ་མི་བསྐྱོད་པ་ཉིད་གང་ན་བཞུགས་སྙམ་ན། འདིར་ཐུགས་ཀྱི་སྒྱུ་འཕྲུལ་འཆད་པའི་སྐབས་འདིར་སྟོན་པ་རིགས་དྲུག་པ་ཀུན་ཏུ་བཟང་པོའི་མདུན་ན་བཞུགས་པ་ཡིན་ཏེ། ཐལ་རྒྱུད་ལས། འཁོར་ལོའི་ལྟེ་བར་མི་བསྐྱོད་པ། །མི་བསྐྱོད་རྒྱལ་པོ་མདུན་ན་གནས། ཞེས་སོ། །ཟླ་བ་སྟེང་དུ་འོང་བའི་རྒྱུ་མཚན་ཡང་། ཁམས་དཀར་ཐིག་ལེ་ཧཾ་ཡིག་དང་། དམར་ཆ་ཨཾ་ཡིག་གཉིས་ཀྱི་གོ་རིམ་སྤྱིའི་མཚན་ཉིད་དེ་ལྟར་དུ་སྣང་བས་ངེས་པའོ། །དེས་གང་དུ་ཚོགས་པའི་གནས་ཕུན་སུམ་ཚོགས་པ་དེ་སོང་ནས། ལྔ་པ་གང་དང་ལྷན་ཅིག་ཚོགས་པའི་འཁོར་ཕུན་སུམ་ཚོགས་པ་བཤད་པ་དེ་ལ་ཡང་། རང་བཞིན་གཉིས་སུ་མེད་པའི་འཁོར་དང་། རིགས་པ་ཁྱད་པར་ཅན་གྱི་འཁོར་གཉིས་སུ་ཡོད་པ་ལས། དང་པོ་རང་བཞིན་གཉིས་སུ་མེད་པའི་འཁོར་བཤད་པ་དེ་ལའང་། །རིགས་ཀྱི་ཡབ་ལྔ་བཤད་པ་དང་། རིགས་ཀྱི་ཡུམ་ལྔ་བཤད་པ་གཉིས་སུ་ཡོད་པ་ལས། དང་པོ་ཡབ་ལྔ་བཤད་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང་། ཞེས་པ་ནས། ལྗང་ཁུའི་མདོག་ཏུ་འཚེར་བ་ཞེས་པའི་བར་དེས་བསྟན། དེ་ལ་ཡང་། རྟོག་པ་བཤད་པ། དེ་ལྷར་དག་ཚུལ་བཤད་པ། དེ་དག་སོ་སོའི་རིགས་ཀྱི་དབྱེ་བ་བཤད་པ་རྣམས་སུ་ཡོད་ཀྱང་། འདིར་མཁས་པའི་གསུང་རྒྱུན་བཞིན་བསྡོམས་སུ་བྱས་ནས་སྟོན་པ་དེ་ལ་ཡང་། སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སྤྱིའི་མཚན་ལ། བཅོམ་ལྡན་འདས་ཞེས་པ་དང་། དེ་བཞིན་གཤེགས་པ་ཞེས་པ་གཉིས་ནི། སྔར་སྟོན་པའི་རང་བཞིན་བཤད་པའི་སྐབས་ལྟར་ཡིན་ཏེ། སྤར་ཁབ་ལས། མཚན་ཐུན་མོང་པ་གཉིས་ནི་སྔར་ཐལ་ཏེ། ཞེས་སོ༑ ༑གཉིས་པ་བྱེ་བྲག་གི་མཚན་ལ་ལྔ་ལས། དང་པོ་རྣམ་ཤེས་ཀྱི་ཕུང་པོ་ལ་ཡང་། མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་མཚན་ཉིད་ནི། ཡུལ་ལ་རྣམ་པར་རིག་པའི་མཚན་ཉིད་ཅན་ནོ། །གཉིས་པ་དབྱེ་བ་ལ། ཀུན་གཞིའི་རྣམ་ཤེས། ཡིད༴ ཉོན་ཡིད༴ སྒོ་ལྔའི་རྣམ་པར་ཤེས་པ་སྟེ། རྣམ་པར་ཤེས་པ་ཚོགས་བརྒྱད་པོ་དེ་དག་ནི་རྣམ་ཤེས་ཀྱི་ཕུང་པོར་
འཇོག་ལ། དེ་ལྷའི་དུས་ན་ལྷ་རྡོ་རྗེ་མི་བསྐྱོད་པ་དང་། རིགས་ནི་ཐུགས་རྡོ་རྗེའི་རིགས། ཡེ་ཤེས་ནི་ཆོས་དབྱིངས་ཡེ་ཤེས། སྐུ་མདོག་ནི་ཆོས་དབྱིངས་འགྱུར་བ་མེད་པར་མཚོན་པའི་བརྡར་མཐིང་ཁ། ཕྱག་མཚན་ནི་མཐའི་རྟོག་པས་མི་ཕྱེད་པའི་བརྡར་རྡོ་རྗེ་བསྣམས་པའོ། །གཟུགས་ཕུང་ལའང་གཉིས་ལས། དང་པོ་མཚན་ཉིད་ནི། གཞིག་ཅིང་གཞོམ་དུ་རུང་བའི་མཚན་ཉིད་ཅན་ནོ། །གཉིས་པ་དབྱེ་བ་ནི། རྒྱུའི་གཟུགས་འབྱུང་བ་བཞི་དང་། འབྲས་བུའི་གཟུགས་བཅུ་གཅིག་སྟེ། མངོན་པ་མཛོད་ལས། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་དང་། ཞེས་སོ། །དབང་པོ་ལྔ་ནི་དོན་ཅན་པ་སྟེ། དེ་ཡང་དབང་པོ་ལྔ་ནི། མིག་གི་དབང་པོ་ཟར་མའི་མེ་ཏོག་ཁ་ཕྱེ་བ་ལྟ་བུ། རྣ་བའི་དབང་པོ་ཤིང་གྲོ་གའི་འཛེར་བ་ཕྱིར་གཅུས་པ་ལྟ་བུ་དང་། སྣའི་དབང་པོ་ཟངས་ཀྱི་རྒྱ་ཁབ་ཐུར་དུ་གཤིབ་པ་ལྟ་བུ་དང་། ལྕེའི་དབང་པོ་ཟླ་བ་ཕྱེད་གས་པ་ལྟ་བུ་དང་། ལུས་ཀྱི་དབང་པོ་བྱ་རེག་ན་འཇམ་གྱི་པགས་པ་ལྟ་བུ་སྟེ། དེ་དག་གི་ཡུལ་དུ་གྱུར་པའི་དོན་ལྔ་ནི། མིག་གི་ཡུལ་དུ་གཟུགས། རྣ་བའི་ཡུལ་དུ་སྒྲ། སྣའི་ཡུལ་དུ་དྲི། ལྕེའི་ཡུལ་དུ་རོ། ལུས་ཀྱི་ཡུལ་དུ་རེག་བྱ་སྟེ། དེ་ལྟར་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་བསྟན་མེད་ཐོགས་མེད་གྱི་སྡོམ་པ་གཟུགས་ཅན་པ་ལྟ་བུ་སྟེ། དེ་ལྷའི་དུས་ན་རྣམ་པར་སྣང་མཛད། རིགས་ནི་སྐུ་དེ་བཞིན་གཤེགས་པའི་རིགས། ཡེ་ཤེས་ནི་མེ་ལོང་ལྟ་བུའི་ཡེ་ཤེས། སྐུ་མདོག་དེ་ཉེས་པའི་སྐྱོན་གྱི་མ་གོས་པའི་བརྡར་དཀར་པོ༑ ༑ཕྱག་མཚན་ནི་ཀུན་ལ་དབང་བསྒྱུར་བའི་བརྡར་འཁོར་ལོ་བསྣམས་པའོ། །ཚོར་བའི་ཕུང་པོ་ལ་གཉིས་ཀྱི། དང་པོ་མཚན་ཉིད་ནི། ཉམས་སུ་མྱོང་བའི་མཚན་ཉིད་ཅན་ནོ། །གཉིས་པ་དབྱེ་བ་ནི། འདུ་ཤེས་རྒྱ་ཆེ་བ། ཆུང་བ། ཚད་མེད་པ། མཚན་མ་དང་བཅས་པ། མཚན་མ་མེད་པ་དང་ལྔའོ། །དེ་ལྷའི་དུས་ན་ལྷ་སྣང་བ་མཐའ་ཡས། རིགས་ནི་གསུང་པདྨའི་རིགས། ཡེ་ཤེས་སོར་རྟོགས་ཡེ་ཤེས། སྐུ་མདོག་གདུལ་བྱ་ལ་རྗེས་སུ་ཆགས་པའི་བརྡར་དམར་པོ། །ཕྱག་མཚན་ནི་འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡར་པདྨ་བསྣམས་པའོ། །འདུ་བྱེད་ཀྱི་ཕུང་པོ་ལའང་གཉིས་ཀྱི་དང་པོ་མཚན་ཉིད་ནི། ཡུལ་ལ་མངོན་པར་འདུ་བྱེད་པའི་མཚན་
ཉིད་ཅན་ནོ། །གཉིས་པ་དབྱེ་བ་ནི། སེམས་བྱུང་ལྔ་བཅུ་རྩ་གཅིག་ལས། དེ་བསྡོམས་སུ་སྟོན་ན། ཚོར་འདུ་སེམས་པ་རེ ག་ཡིད་བྱེད། །འདི་དག་ཀུན་འགྲོ་ལྔ་ཡིན་ནོ། །འདུན་མོས་དྲན་ཏིང་ཤེས་རབ་སྟེ། །འདི་དག་ཡུལ་ངེས་ལྔ་ཡིན་ནོ། །དད་དང་བག་ཡོད་ཤིན་ཏུ་སྦྱངས། །འདོད་ཆགས་ཞེ་སྡང་གཏི་མུག་མེད། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །རྣམ་པར་མི་འཚེ་བརྩོན་འགྲུས་ཏེ། །འདི་དག་དགེ་བ་བཅུ་གཅིག་གོ །འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང་། །མ་རིག་ཐེ་ཚོམ་ལྟ་བ་སྟེ། །དྲུག་པོ་རྩ་བའི་ཉོན་མོངས་ཡིན། །ཁྲོ་དང་འཁོན་འཛིན་འཆབ་དང་ཚིག །ཕྲག་དོག་སེར་སྣ་སྒྱུ་དང་གཡོ། །རྒྱགས་དང་རྣམ་འཚེ་ངོ་ཚ་མེད། །ཁྲེལ་མེད་དམུ་རྒོད་མ་དད་དང་། །ལེ་ལོ་བག་མེད་བརྗེད་ངས་དང་། །ཤེས་བཞིན་མ་ཡིན་རྣམ་གཡེང་སྟེ༑ ༑འདི་དག་ཉེ་ཉོན་ཉི་ཤུའོ། །གཉིད་འགྱོད་རྟོག་དཔྱོད་གཞན་འགྱུར་བཞི། ཞེས་པ་སྟེ་ལྔ་བཅུ་རྩ་གཅིག་ལས། ཚོར་བ་དང་འདུ་ཤེས་གཉིས་ཕུང་པོ་རྐང་ཐུབ་པའི་དབང་དུ་བྱས་ནས་ལོགས་སུ་སྨོས་པས་ལྷག་མ་བཞི་བཅུ་རྩ་དགུ་ནི་འདུ་བྱེད་ཀྱི་ཕུང་པོར་འཇོག་ལ། དེ་ལྷའི་དུས་ན་ལྷ་དོན་ཡོད་གྲུབ་པ་དང་། རིགས་ནི་ཕྲིན་ལས་ཀྱི་རིགས། ཡེ་ཤེས་ནི་བྱ་གྲུབ་ཡེ་ཤེས། སྐུ་མདོག་ནི་ལས་སྣ་ཚོགས་ལྷུན་གྱིས་གྲུབ་པའི་རྟགས་སུ་ལྗང་ཁུ། ཕྱག་མཚན་ནི་གདུལ་བྱ་སྒྲོལ་བ་ལ་ཐོགས་པ་མེད་པའི་རྟགས་རལ་གྲི་བསྣམས་པའོ། །སྤྱིར་ཕུང་པོ་ཞེས་པ་མངོན་པ་མཛོད་ལས། དུ་མ་སྤུང་བས་ན་ཕུང་པོའི་མཚན་ཉིད་དུ་འཇོག་ཅིང་། དཔེར་ན་ནས་འབྲུ་མང་པོ་སྤུངས་པ་ལ་ནས་ཕུང་ཞེས་བརྗོད་པ་དང་གནད་གཅིག་པ་ཡིན་ནོ། །དེ་ལྟ་བུའི་རྟོག་པ་ཐུགས་རིག་པའི་ཡེ་ཤེས་ཀྱིས་དབང་བསྒྱུར་ཞིང་། ཉོན་མོངས་པའི་དཔུང་རྣམས་ཕམ་པར་མཛད་པའི་དོན་གྱིས་ན་འཆད་པའི་སྐྱེས་བུ་རིགས་ལྔ་ཀའི་མཚན་ལ་རྒྱལ་པོ་ཞེས་བརྗོད་པ་ཡིན་ནོ། །ཕུང་པོ་ལྔར་འཇོག་པའི་འཐད་པ་ཡང་། རྒྱུད་ཕྱི་མ་ལས། གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམ་པར་ཤེས་པ་ལ། །ཕུང་པོ་ལྔ་ཞེས་རབ་ཏུ་བརྗོད། ཞེས་སོ། །ཕུང་པོ་ལྔ་ལྷར་དག་ཚུལ་ནི། ཡེ་ཤེས་གྲུབ་པའི་རྒྱུད་ལས། གཟུགས་ནི་རྣམ་པར་སྣང་མཛད་དེ། །ཚོར་བ་རིན་ཆེན་འབྱུང་གནས་ལ། །འདུ་ཤེས་སྣང་བ་མཐའ་ཡས་ཏེ། །
འདུ་བྱེད་དོན་ཡོད་གྲུབ་པ་ཉིད། །རྣམ་པར་ཤེས་པ་མི་བསྐྱོད་པ། ཞེས་སོ། །རིགས་སོ་སོའི་ཐུགས་རྒྱུད་ན་ཡོད་པའི་ཡེ་ཤེས་ནི། ཡེ་ཤེས་ཐིག་ལེའི་རྒྱུད་ལས། །གཏི་མུག་མེ་ལོང་ཡེ་ཤེས་ཏེ། །ང་རྒྱལ་མཉམ་པ་ཉིད་དུ་བསྟན། །སོ་སོར་རྟོགས་པ་འདོད་ཆགས་ཆེ། །བྱ་བ་གྲུབ་པ་ཕྲག་དོག་ཆེ། །ཞེ་སྡང་ཆོས་དབྱིངས་རྣམ་པར་དག ཅེས་སོ། །རིགས་སོ་སོའི་དབྱེ་བ་ནི། སྡོང་པོ་བཀོད་པ་ལས། སྐུ་ནི་མ་བཅོས་དེ་བཞིན་ཉིད། །གསུང་ནི་ཆགས་མེད་པདྨའི་རིགས། །ཐུགས་ནི་མི་འགྱུར་རྡོ་རྗེའི་རིགས། །ཡོན་ཏན་ཀུན་འབྱུང་རིན་ཆེན་རིགས། དོན་གྲུབ་སྤྱོད་པ་ལས་ཀྱི་རིགས། ཞེས་སོ། །རིགས་སོ་སོའི་སྐུ་མདོག་གི་ཁྱད་པར་ནི། རྒྱས་པ་ལས། དཀར་དང་དམར་དང་སེར་བ་དང་། ལྗང་ཁུ་ལ་སོགས་ནག་པོར་བསྟན། ཞེས་སོ། །ཕྱག་མཚན་ནི། སྒྱུ་འཕྲུལ་རྡོ་རྗེ་ལས། རྡོ་རྗེ་འཁོར་ལོ་རལ་གྲི་འབར། དྲིལ་བུ་པདྨ་རིན་པོ་ཆེ། ཞེས་སོ། །གཞན་ཡང་ཕུང་པོ་ལྔའི་གོ་རིམ་གྱི་དབྱེ་བ་ལ། སྡེ་སྣོད་གཞན་རྣམས་སུ་གཟུགས་ཕུང་དང་པོར་འཇོག་ལ། འདིར་རྣམ་ཤེས་དང་པོར་སྨོས་པ་ཅི་ཡིན་སྙམ་ན། སྡེ་སྣོད་གཞན་རྣམས་སུ་གཟུགས་ཕུང་དང་པོར་སྨོས་པའི་དགོས་པ་ནི། ཕྱི་དོན་གཟུང་བའི་ཡུལ་རགས་པ་གཙོ་ཆེ་བའི་དབང་དུ་བྱས་ནས་གཟུགས་ཕུང་དང་པོར་སྨོས་ལ། འདི་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ཀྱང་སེམས་ཀྱི་རོལ་རྩལ་ཙམ་ལས་གཞན་མ་ཡིན་པས་སེམས་ཉིད་གཙོ་ཆེ་བའི་དབང་དུ་བྱས་ནས་རྣམ་ཤེས་དང་པོར་སྨོས་པ་ཡིན་ནོ། །གཉིས་པ་རིགས་ཀྱི་ཡུམ་ལྔ་བཤད་པ་ནི། བཙུན་མོ་དམ་པ་སྣང་བའི༴ སོགས་ཞེས་པ་ནས། བསྐྱོད་པའི་དབྱིངས་ལ་སོགས་པ་ཞེས་པ་དེས་བསྟན། དེ་ལའང་སྤྱི་དང་། བྱེ་བྲག་གཉིས་ལས། དང་པོ་སྤྱིའི་མཚན་ལ། བཙུན་མོ་དམ་པ་ཞེས་བརྗོད་པ་ནི། བསྐྱེད་པར་བྱ་བའི་རྒྱུད་དང་། སྤྱད་པར་བྱ་བའི་ཡུལ་དང་། སྲས་ཀྱི་འབྱུང་ཁུང་ལྟ་བུ་ཡིན་ཏེ། དེ་ཡང་བསྐྱེད་པར་བྱ་བའི་རྒྱུ་ཡང་ཡིན་ཏེ། རྟོག་པའི་དུས་ན་འབྱུང་བ་ལྔས་ཕུང་པོ་ལྔ་བསྐྱེད་པར་བྱེད་པ་དང་། སྤྱད་པར་བྱ་བའི་ཡུལ་ཡང་ཡིན་ཏེ། ལྷའི་དུས་ན་རིགས་ཀྱི་ཡབ་ལྔས་ལོངས་སྤྱོད་པར་བྱ་བའི་ཡུལ་དང་། སྲས་ཀྱི་འབྱུང་ཁུང་ལྟ་བུ་ཡིན་ཏེ། རྒྱལ་སྲས་སེམས་དཔའ་རྣམས་ཀྱི་ཡུམ་ཡིན་པའི་ཕྱིར་
རོ༑ ༑དམ་པ་ཞེས་པ་ཡོན་ཏན་གཞན་ལས་ཁྱད་པར་དུ་འཕགས་པའི་དོན་གྱིས་ན་དེ་ལྟར་དུ་བརྗོད་དོ། །ཡང་ན་ཡུལ་གྱི་ངོ་བོ་དབྱིངས་དང་ཡབ་ཀྱི་ངོ་བོ་ཡེ་ཤེས་ཏེ། དབྱིངས་ཀྱིས་ཡེ་ཤེས་བསྐྱེད་པར་བྱེད་ལ། དབྱིངས་ཀྱི་ཡུལ་ཡེ་ཤེས་ཡིན་པའི་དོན་གྱིས་ན་དེ་ལྟར་དུ་བྱ་སྟེ༑ ཉི་འོད་སེང་གེའི་རྒྱ་ཆེན་འགྲེལ་ལས། དབྱིངས་ཀྱི་སྒྲ་ནི་མི་ཟད་པ་ལ་བྱའོ། །ཞེས་སོ༑ ༑བྱེ་བྲག་གི་མཚན་ལ། སྣང་བ་ཞེས་པ་རྟོག་པའི་དུས་ན་ནམ་མཁའི་ཁམས་ཏེ། དེ་ལྷའི་དུས་ན་ཆོས་ཁམས་ནམ་མཁའ་རྣམ་ཤེས་ཀྱི་ཡུལ་ཡིན་པ་ལྟར། ཐུགས་རྡོ་རྗེའི་རིགས་ཀྱི་ཡུམ་ནམ་མཁའ་དབྱིངས་ཕྱུག་མ་དང་། སྲ་བ་ཞེས་པ་རྟོག་པའི་དུས་ན། སྲ་ཞིང་མཁྲེགས་པ་སའི་ཁམས་ཀྱི་མཚན་ཉིད་དེ། དེ་ལྷའི་དུས་ན་བརྟན་ཅིང་རྟེན་དུ་གྱུར་པ་སྐུའི་རིགས་ཀྱི་ཡུམ་སངས་རྒྱས་སྤྱན་མ་དང་། མཉེན་པ་ཞེས་པ་རྟོག་པའི་དུས་ན་རླན་ཞིང་གཤེར་བ་ཆུའི་ཁམས་ཀྱི་མཚན་ཉིད་དེ། དེ་ལྷའི་དུས་ན་རྒྱུད་རླན་ཅིང་ཡོན་ཏན་བསྡུད་པར་བྱེད་པའི་བདག་ཉིད་རིན་ཆེན་རིགས་ཀྱི་ཡུམ་མ་མ་ཀི་དང་། དྲོ་བ་ཞེས་པ་རྟོག་པའི་དུས་ན་ཚ་ཞིང་སྲེག་པ་མེའི་ཁམས་ཏེ། དེ་ལྷའི་དུས་ན་མཚན་འཛིན་གྱི་སྤུ་རིས་གསལ་བར་འབྱེད་པའི་བདག་ཉིད་པདྨ་རིགས་ཀྱི་ཡུམ་གོས་དཀར་མོ་དང་། བསྐྱོད་པ་ཞེས་པ་རྟོག་པའི་དུས་ན་ཡང་ཞིང་གཡོ་བ་རླུང་གི་ཁམས་ཏེ། དེ་ལྷའི་དུས་ན་རླུང་གིས་བསྐྱོད་འདེགས་ཀྱི་བྱ་བ་བྱེད་པ་ལྟར་གདུལ་བྱ་སྒྲོལ་བ་ལ་ཐོགས་པ་མེད་པའི་བདག་ཉིད་ལས་ཀྱི་རིགས་ཀྱི་ཡུམ་དམ་ཚིག་སྒྲོལ་མ་སྟེ། འདི་ཉིད་ལས། ས་ཆུ་སྤྱན་དང་སོགས། ཞེས་སོ། །འོ་ན་འདི་ལྟར་ལྷའི་མཚན་ནས་མི་སྨོས་པ་རྟོག་པའི་མཚན་ནས་སྨོས་པ་ཅི་ཡིན་སྙམ་ན། ཐུན་མོང་མ་ཡིན་པའི་ཐེག་པ་འདིར་ལམ་ལས་ལྷ་རྟོག་དབྱེར་མེད་དུ་ཤེས་པར་བྱ་བའི་ཕྱིར་དེ་ལྟར་སྨོས་པས་སྟེ། །དཔེར་ན་གསེར་རྩིས་ཐེབ་པའི་ལྕགས་ཉིད་མ་སྤང་བར་གསེར་དུ་སྣང་བ་ལྟར། རྟོག་པ་ཉིད་མ་སྤངས་མ་བསྒྱུར་བ་ཡེ་ནས་ལྷའི་ངོ་བོར་ནི་དགོས་ཏེ། དེ་ནི་ཐུན་མོང་ངེས་དོན་གྱི་མདོ་སྡེ་ཟབ་མོ་རྣམས་ལས་ཀྱང་འབྱུང་སྟེ། སྡོང་པོ་བཀོད་པ་ལས། གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམ་པར་ཤེས་པ་ལ། །གྲངས་མེད་དེ་བཞིན་གཤེགས་པ་སྟེ། །དེ་དག་ཐུབ་པ་ཆེན་པོར་
འགྱུར། ཞེས་པ་དང་། དྲི་མ་མེད་པར་བསྟན་པའི་མདོ་ལས། འཇིགས་ཚོགས་ལ་ལྟ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གདུང་ངོ་། །ཞེས་སོ། །གཉིས་པ་རིགས་པ་ཁྱད་པར་ཅན་གྱི་འཁོར་བཤད་པ་དེ་ལ་ཡང་། རྒྱལ་སྲས་སེམས་དཔའི་འཁོར་དང་། འཇོམ་བྱེད་ཁྲོ་བོའི་འཁོར་བཤད་པ་གཉིས་སུ་ཡོད་པ་ལས། དང་པོ་རྒྱལ་སྲས་སེམས་དཔའི་འཁོར་བཤད་པ་ནི༑ དེ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་སོགས་ནས། མཁྱེན་པའི་ཚོགས་དང་ཞེས་པ་དེས་བསྟན། དང་པོ་ལ་དེ་ལ་ཡང་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སྤྱིའི་མཚན་ལ་བྱང་ཆུབ་ཆེན་པོ་རྡོ་རྗེ་ཞེས་བརྗོད་པ་ནི། མིག་ཤེས་ལ་སོགས་པའི་རྟོག་ཚོགས་རྣམས་ཡེ་ནས་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་ཏེ། ཡིན་པ་ལྟར་དེའི་འབྲས་བུ་མངོན་དུ་བྱེད་པས་ན་བྱང་ཆུབ་དང་། སོ་སྐྱེས་ལམ་རིམ་ཞུགས་ཀྱི་སེམས་དཔའ་ལྟ་བུ་མ་ཡིན་པར། འདི་ནི་འབྲས་བུའི་བྱང་སེམས་ཡིན་པས་ན་ཆེན་པོ་ཞེས་བརྗོད་པ་དང་། སྣང་ཚུལ་ལ་རྒྱུ་འབྲས་ལྟར་སྣང་ཡང་། དོན་ལ་ལྷ་རྟོག་དབྱེར་མི་ཕྱེད་པས་ན་རྡོ་རྗེ་སྟེ། འགྲེལ་ཆུང་ལས། འཁོར་གྱི་བཀོད་པ་ཇི་སྙེད་པས། །ཁམས་དང་སྐྱེ་མཆེད་ཡིན་པར་གྲགས། །རྣམ་ཤེས་ཡུལ་དང་དབང་པོ་དང་། །དུས་དང་ཕྱིན་ཅི་མ་ལོག་རྣམས། །བྱང་ཆུབ་ཆེན་པོའི་རང་བཞིན་དུ༑ ༑ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡིན། ཞེས་སོ། །ཡུམ་རྣམས་ཀྱི་མཚན་ལ་བཙུན་མོ་ཞེས་བརྗོད་པ་ནི། ཡུལ་བཞིས་རྣམ་ཤེས་བཞི་བསྐྱེད་པ་དང་། དུས་བཞིས་གོ་ཕྱེ་ནས་དབང་པོ་བཞི་བསྐྱེད་པའི་ཆ་ནས་དེ་སྐད་དུ་བརྗོད་པའི་ཕྱིར་རོ། །བྱེ་བྲག་ཏུ་དབྱེ་ན། ནང་སེམས་ཡབ་ཡུམ་བཤད་པ་དང་། ཕྱི་སེམས་ཡབ་ཡུམ་བཤད་པ་གཉིས་སུ་ཡོད་པ་ལས། དང་པོ་ནང་སེམས་ཡབ་ཡུམ་བཤད་པ་ནི། ཡབ་རྣམས་ཀྱི་མཚན་མ་མཐོང་བ་ལ་སོགས་པ་སྨོས་པ་ནི་རྟོག་པའི་མཚན་ཏེ། མཐོང་བ་མིག་གི་རྣམ་ཤེས་གནས་སུ་དག་པ་ལྷ་ས་སྙིང་། ཐོས་པ་རྣ་བའི་རྣམ་ཤེས་གནས་སུ་དག་པ་ལྷ་ཕྱག་རྡོར། སྣོམ་པ་སྣའི་རྣམ་ཤེས་གནས་སུ་དག་པ་ལྷ་ནམ་སྙིང་། མྱོང་བ་ལྕེའི་རྣམ་ཤེས་དག་པ་ལྷ་སྤྱན་རས་གཟིགས་དབང་ཕྱུག་རྣམས་སུ་ངེས་པའི་ཕྱིར། དེ་རྣམས་ལ་ཐུགས་ཀྱི་སེམས་དཔའ་ཞེས་བརྗོད་པ་ནི། འདི་ཉིད་ལས།
ཀ་ནི་སྤྱན་ཀྱི༴ སོགས། ཞེས་དང་། ཁོག་གཞུང་ལས། རྣམ་ཤེས་ལ་སོགས་པ་རིག་པ་ཁོ་ནའི་ཕྱིར་ཐུགས་ཏེ། ཞེས་སོ། །ཡུམ་རྣམས་ཀྱི་མཚན་ལ་མཐོང་བར་བྱ་བ་ལ་སོགས་པ་སྨོས་པ་ནི་རྟོག་པའི་མཚན་ཏེ། མཐོང་བར་བྱ་བ་གཟུགས་ཏེ་ལྷ་མོ་རྡོ་རྗེ་སྒེག་མོ་མ་དང་། ཉན་པར་བྱ་བ་སྒྲ་སྟེ་ལྷ་མོ་རྡོ་རྗེ་གླུ་དབྱངས་མ་དང་། སྣོམ་པར་བྱ་བ་དྲི་སྟེ་ལྷ་མོ་རྡོ་རྗེ་དྲི་ཆབ་མ་དང་། མྱོང་བར་བྱ་བ་རོ་སྟེ་ལྷ་མོ་རྡོ་རྗེ་གར་སྒྱུར་མ་རྣམས་སུ་ངེས་པའི་ཕྱིར། དེ་རྣམས་ལ་སྐུ་ཡི་སེམས་མ་ཞེས་བརྗོད་པ་ནི། འདི་ཉིད་ལས། ཙ་ནི་སྤྱན་གྱི་སྐུ༴ སོགས་དང་། སྣོམ་ཤེས་བཞི་ཡི་དམིགས་པའི་ཡུལ། །མཐོང་བར་བྱ་ཕྱིར་སྐུ་ཡི་མཆོག ཞེས་སོ། འོ་ན་འདིར་རྟོག་པའི་གོ་རིམ་དང་སྦྱར་ན་ཡུལ་ཡུལ་ཅན་མ་འཁྲུལ་ནའང་། ལྷ་ཡབ་ཡུམ་སྦྱོར་བའི་ཚེ་སྤྱན་རས་གཟིགས་ཀྱི་ཡུམ་གླུ་མ་དང་། ཕྱག་རྡོར་གྱི་ཡུམ་གར་མ་འབྱུང་བས་ཅི་ཡིན་སྙམ་ན༑ ཉི་འོད་སེང་གེའི་རྒྱ་ཆེན་འགྲེལ་ལས། རྒྱུད་འདིའི་རིགས་ཁོ་ན་གཙོ་བོར་བྱས་ཀྱི། ཉན་པར་བྱ་བ་སྒྲ་ཡི་ལྷ་མོ་རྣ་བའི་ཡུལ་ཡིན་ཀྱང་། རིགས་ཀྱི་དུས་སུ་གསུང་གི་རིགས་ཡིན་པས་འཇིག་རྟེན་དབང་ཕྱུག་གི་ཡུམ་དུ་ཤེས་པར་བྱའོ། །གཉིས་པ་ཕྱི་སེམས་ཡབ་ཡུམ་བཤད་པ་ནི། མཐོང་བྱེད་མ་སྟེ་ལ་སོགས་པ་སྨོས་པ་ནི་རྟོག་པའི་མཚན་ཏེ། མཐོང་བྱེད་མིག་གི་དབང་པོ་གནས་སུ་དག་པ་ལྷ་སྒྲིབ་སེལ། ཐོས་བྱེད་རྣ་བའི་དབང་པོ་གནས་སུ་དག་པ་ལྷ་བྱམས་པ། སྣོམ་བྱེད་སྣའི་དབང་པོ་གནས་སུ་དག་པ་ལྷ་ཀུན་བཟང་། མྱོང་བྱེད་ལྕེའི་དབང་པོ་གནས་སུ་དག་པ་ལྷ་འཇམ་དཔལ་རྣམས་སུ་ངེས་པའི་ཕྱིར། དེ་རྣམས་ལ་གསུང་གི་སེམས་དཔའ་ཞེས་བརྗོད་པ་ནི། འདི་ཉིད་ལས། ས་ནི་སྤྱན་གྱི་གསུང༴ སོགས། ཞེས་སོ། །ཡུམ་རྣམས་ཀྱི་མཚན་ལ་འདས་པ་ལ་སོགས་པ་སྨོས་པ་ནི་རྟོགས་པའི་མཚན་ཏེ། རྒྱུ་འབྲས་གཉིས་ཀ་སྤྱད་ཟིན་པ་འདས་པའི་དུས་ཏེ་ལྷ་མོ་རྡོ་རྗེ་བདུག་སྤོས་མ་དང་། རྒྱུ་སྤྱད་ཅིང་འབྲས་བུ་མ་སྤྱད་པ་ད་ལྟ་བ་སྟེ་ལྷ་མོ་རྡོ་རྗེ་མེ་ཏོག་མ་དང་། རྒྱུ་འབྲས་ཚོགས་ལ་མ་སྤྱད་པ་མ་འོངས་པའི་དུས་ཏེ་ལྷ་མོ་རྡོ་རྗེ་མར་མེ་མ་དང་། རྒྱུ་འབྲས་ཡོད་ལ་མ་ཚོགས་པ་མ་ངེས་པའི་དུས་ཏེ་ལྷ་མོ་རྡོ་རྗེ་དྲི་ཆབ་མ་རྣམས་སུ་ངེས་པའི་ཕྱིར་ཏེ། འདི་ཉིད་ལས། ས་ནི་སྐྱེ་བ་རྣམ་པར་
དག༴ སོགས། ཞེས་སོ། །ཞར་བྱུང་འཕྲོས་དོན་ལ། འོ་ན་སྡེ་སྣོད་གཞན་རྣམས་སུ་དུས་གསུམ་ལས་མི་འབྱུང་བས་འདིར་དུས་བཞི་འབྱུང་བས་དུས་ལོག་པའི་ཕྱིར་རོ་ཟེར་ན། ལན་དུ་རྒྱུད་གཞུང་འདིའི་ལུགས་ཀྱི་དུས་བཞིར་གསུངས་པ་ཡང་མི་འཐད་ན། ཁྱེད་ཅག་རྣམས་ཀྱི་དུས་གསུམ་ཡང་མི་འཐད་དེ། །དུས་ཡིན་ན་ད་ལྟ་བ་དང་། ད་ལྟ་བ་མ་ཡིན་པ་གཉིས་སུ་འདུས་པས་ཁྱབ་པར་མགོ་མཚུངས་པའི་ཕྱིར་རོ། །འདིར་དུས་བཞིའི་འཐད་པ་ནི། འགྲེལ་ཆུང་ལས། རྒྱུ་འབྲས་ངེས་པར་མ་ཚོགས་པས། འབྱུང་བར་མ་ངེས་དུས་ཞེས་བྱ། ཞེས་གསུངས་པ་ལྟར། དཔེར་ན། དུས་ཚིགས་ལ་བཞིར་ཕྱེ་བའི་དབང་དུ་བྱས་ན། དབྱར་གྱི་དུས་ལྟ་བུ་ལ་མཚོན་ན། དཔྱིད་ནི་འདས་པ། དབྱར་ནི་ད་ལྟ་བ། སྟོན་ནི་མ་འོངས་པ། དགུན་ནི་འདས་མ་འོང་གང་དུའ ང་ཁ་ཚོན་མ་ཆོད་པས་མ་ངེས་པའི་དུས་ཞེས་གསུངས་སོ། །གཉིས་པ་འཇོ མ་བྱེད་ཁྲོ་བོའི་འཁོར་བཤད་པ་ནི། འཇོམ་པ་ཆེན་པོ་རྡོ་རྗེ་རེག་པ་དང་། སོགས་ནས། མཚན་མ་མ་ཡིན་པ་ལ་སོགས་པ་ཞེས་པའི་བར་དེས་བསྟན། དེ་ལའང་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སྤྱིའི་མཚན་ལ། འཇོམས་པ་ཆེན་པོ་ལ་སོགས་པ་ཞེས་བརྗོད་པ་ནི། ཕྱི་ལུས་ཀྱི་ཆོས་བཞི་དང་སྦྱར་ཏེ་བཤད་ན། སྐུ་གསུང་ཐུགས་ཀྱི་མཛད་པས་བདུད་དང་ལོག་འདྲེན་ཐམས་ཅད་འཇོམས་པར་བྱེད་ལ། ནང་གསང་བའི་ཁམས་བཞི་དང་སྦྱར་ན༑ འོག་སྒོ་ཁམས་གསུམ་རོལ་པའི་བདེ་བས་རྟོག་པ་ལྷ་ལྔ་བདེ་བར་འཛིན་པ་དང་། དེ་འཇོམས་པའི་ཕྲིན་ལས་གཞན་ལས་ཁྱད་པར་དུ་འཕགས་པས་ན་ཆེན་པོ་དང་། ཕས་ཀྱི་རྒོལ་བས་ཚུར་མི་ཚུགས་པས་ན་རྡོ་རྗེ་ཞེས་བརྗོད་པ་ཡིན་ཏེ། རྒྱས་པ་ལས། རྡོ་རྗེའི་རང་བཞིན་སྒྲིབ་པ་ཀུན། །འཇོམས་ཤིང་ཅིས་ཀྱང་མི་ཚུགས་པས། །རང་བྱུང་ཡེ་ཤེས་ལྷ་ཡི་ལྷ། །ཐམས་ཅད་ཀུན་ལ་འབིགས་པར་བྱེད། ཞེས་སོ། །དེ་འཇོམས་བྱེད་ཀྱི་སྙིང་པོ་དེ་ཡང་རྟག་ཆད་བདག་མཚན་བཞི་མ་ཡིན་པ་ཆོས་དབྱིངས་ཡུམ་གྱི་ངོ་བོས་བསྐྱེད་དགོས་པའི་ཕྱིར་ཏེ། དཔེར་ན་དཀར་པོ་འཇོམས་པ་དཀར་པོ་མ་ཡིན་པ་ཞིག་བསྐྱེད་དགོས་པའི་ཕྱིར་རོ། །ཡང་ཕྱིན་ཅི་ལོག་གི་ཤེས་པ་བཞི་པོ་དེ་ཡང་ལུས་ཀྱི་ཆོས་བཞི་དངོས་སུ་མི་བསྐྱེད་ཀྱང་བརྒྱུད་ནས་བསྐྱེད་
པར་བཤད་དོ། །གཉིས་པ་བྱེ་བྲག་ཏུ་དབྱེ་བ་ནི། ལུས་ཀྱི་ཡུལ་དབང་རྣམ་ཤེས་གསུམ་འདུས་ཀྱི་རེག་པ་སྟེ་ལྷ་བདུད་རྩི་འཁྱིལ་བ་དང་། རེག་བྱ་ཡུལ་ཏེ་ལྷ་རྟ་མགྲིན་དང་། རེག་བྱ་ལུས་ཀྱི་དབང་པོ་སྟེ་ལྷ་སྟོབས་པོ་ཆེ། རེག་ཤེས་ཚོར་བ་སྟེ་ཉམས་སུ་མྱོང་བྱེད་ལྷ་གཤིན་རྗེ་གཤེད་རྣམས་སུ་ངེས་པའི་ཕྱིར་རོ། །ཡུམ་རྣམས་ཀྱི་མཚན་ལ་རྟག་ཆད་བདག་མཚན་ལ་སོགས་པ་སྨོས་པ་ནི་རྟོག་པའི་མཚན་ཏེ། རྟག་པ་མ་ཡིན་པ་སྟེ་བདག་མེད་དུ་འཛིན་པ་ཁྲོ་མོ་རྡོ་རྗེ་ལྕགས་ཀྱུ་མ་དང་། ཆད་པ་མ་ཡིན་པ་སྟེ་སྡུག་བསྔལ་གྱི་རང་བཞིན་ང་ཡིར་འཛིན་པ་ཁྲོ་མོ་རྡོ་རྗེ་ཞགས་པ་མ་དང་། བདག་ཏུ་མ་ཡིན་པ་སྟེ་བདག་མེད་དུ་འཛིན་པ་ཁྲོ་མོ་རྡོ་རྗེ་ལྕགས་སྒྲོག་མ་དང་། མཚན་མ་མ་ཡིན་པ་སྟེ་སྟོང་པར་འཛིན་པ་ཁྲོ་མོ་རྡོ་རྗེ་དྲིལ་བུ་མ་རྣམས་སུ་ངེས་པའི་ཕྱིར་ཏེ། གླང་པོ་ཆེ་རབ་འབོག་གི་རྒྱུད་ལས། དོན་དམ་པ་སེམས་ཅན་ཀྱི་རྟག་པར་ལྟ་བ་གནས་སུ་དག་པ་སྟེ་བཛྲ་ཨངྒུ་ཤ་སྟེ་ཞེས་དང་། འགྲེལ་ཆུང་ལས། རྟག་སོགས་མཚན་མ་ལས་བསྐྱེད་ཅིང་། །བཙུན་མོ་ཞེས་ནི་བརྗོད་པ་ཡིན། ཞེས་སོ། །གཞན་ཡང་འཕྲོས་དོན་དུ། རྒྱལ་སྲས་སེམས་དཔའ་དང་འཇོ མ་བྱེད་ཁྲོ་བོའི་འཁོར་གཉིས་ལ་རིག་པ་ཁྱད་པར་ཅན་གྱི་འཁོར་ཞེས་བརྗོད་པ་ནི། སྟོན་པའི་ཐུགས་རིག་པའི་ཡེ་ཤེས་ལས་རང་སྣང་བའི་ཕྱིར། རྒྱ་མཚོ་ལས། དེ་བཞིན་ཐུགས་ཀྱི་ཁྱད་པར་ལས། །རང་སྣང་རྒྱལ་བ་སེམས་སོགས་དང་། །ཞེས་དང་། རྡོ་རྗེ་ལས། རང་རིག་ཡེ་ཤེས་རྒྱུད་དོན་ཕྱིར། །རང་སྣང་རིག་པ་མངོན་བྱས་པས། །རིག་འཛིན་མཆོག་དེ་ལྷུན་གྲུབ་པའོ། །ཏིང་འཛིན་ནུས་པའི་མཐུ་མེད་ཀྱང་། །ས་སྐྱོང་སེམས་དཔས་མཚོན་དུ་མེད། །བདེ་གཤེགས་ཉིད་དང་སྤྱོད་ཡུལ་གཅིག ། རིག་པའི་སྐྱེས་བུར་ལུང་ཐོབ་པའོ། །ཞེས་སོ། །གཞན་ཡང་ཐུན་མོང་འགྲོ་བ་འདུལ་བའི་སྤྲུལ་སྐུ་ཆེན་པོ་ཐུབ་དྲུག་དང་། རྒྱུད་མས་སྦྱངས་ཀྱི་གདུལ་བྱ་མཐར་ལམ་པ་རྣམས་དང་། ཕྱི་རབས་ཀྱི་གང་ཟག་ཆོས་ཀྱི་སྤྱན་དང་ལྡན་པ་རྣམས་དང་རང་བཞིན་གཉིས་སུ་མེད་པར་བཞུགས་པ་ཡིན་ཏེ། རྒྱས་པ་ལས། ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། ཞེས་སོ། །དེར་མ་ཟད་དད་པས་ཆོས་ཀྱི་གཏམ་ཉན་པའི་ཕྱིའི་འཁོར་
ཡུག་ལ་བཞུགས་པའི་འཇིག་རྟེན་པའི་ཆ་འཛིན་པའི་ལྷ་ཆེན་པོ་རྣམས་ཀྱང་ཡོད་དེ། ཁོག་གཞུང་ལས། དད་པས་ཉན་པའི་ལྷ་ཆེན་རྣམས། །ཞེས་དང་། ལེ་ལག་ལས། ཐམས་ཅད་ལ་ནི་དབང་བསྒྱུར་ཕྱིར། འཇིག་རྟེན་ལྷ་ཆེན་རྣམས་ཀྱིས་བསྐོར། ཞེས་དང་། སྤྱན་འགྲེལ་ལས། འཁོར་བའི་ཆོས་ཉིད་རྣམས་ཀྱང་བདག་ཉིད་དུ་རང་སྣང་བའི་ཕྱིར། ཕྱི་རོལ་དུ་མ་ཧཱ་དེ་ཝ་ལ་སོགས་པའི་ལྷ་ཆེན་པོ་རྣམས་ཀྱིས་བསྐོར་བ་སྟེ་རང་རང་གི་མཆོད་ཡོན་རྒྱན་དང་ལྡན་པར་འཁོད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བསྟན་པའི་འཁོར་གྱི་ཚད་ནི། ཆོས་ཀྱི་དབྱིངས་ཀུན་ཏུ་མཐའ་ཀླས་པར་ཁྱབ་པ་ནི་འདི་ལྟ་སྟེ། དཔེར་ན་ཏིལ་གྱི་གོང་བུ་བཞིན་དུ་གང་ནས་ཁྱབ་པར་བཞུགས་སོ། །ཞེས་པ་དེས་བསྟན། དེ་ལའང་ཁྱབ་པའི་ཚད་དང་། །མང་བའི་ཚད་གཉིས་ལས། དང་པོ་ཁྱབ་པའི་ཚད་ནི། ཆོས་ཀྱི་དབྱིངས་ཞེས་པ། དཔེར་ན་ཏིལ་མར་གང་ལ་ཏིལ་འབྲས་ཀྱིས་ཁྱབ་ཅིང་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་ལྟར་ཡེ་ནས་ཁྱབ་ཆས་སུ་བཞུགས་པའོ། །གཉིས་པ་མང་བའི་ཚད་ནི། སྔར་སྨོས་པའི་འཁོར་ཚོགས་དེ་དག་གི་གྲངས་ཅི་སྙམ་ན། གྲངས་འདི་ཙམ་ཞིག་ཚད་བཟུང་དུ་མེད་དོ། །འོ་ན་ཁྱབ་པ་དང་མང་བའི་འཁོར་ཚོགས་དེ་རྣམས་དང་གཉིས་སུ་མེད་པ་བཞུགས་ཚུལ་ཇི་ལྟ་བུ་སྙམ་ན། དེ་བཞིན་གཤེགས་པ་ཐམས་ཅད་དང་འགྲོ་བའི་ཕུང་ཁམས་སྐྱེ་མཆེད་ཇི་སྙེད་པ་ཐམས་ཅད་ཡེ་ནས་ཀུན་ཏུ་བཟང་པོའི་རང་བཞིན་དུ་བཞུགས་པ་ཡིན་ཏེ། འགྲེལ་ཆུང་ལས། སྲིད་གསུམ་འགྲོ་བ་ཐམས་ཅད་ཀྱི། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །བརྗོད་མེད་བརྗོད་ཀྱིས་མི་ལང་བ། །དེ་ཉིད་འཁོར་ལོའི་དཀྱིལ་འཁོར་དུ། །མངོན་རྫོགས་རྒྱལ་པོ་དེ་ཉིད་ངེས། །དབྱེར་མེད་ལྷུན་གྲུབ་དཀྱིལ་འཁོར་དུའོ། །ཐམས་ཅད་བདག་ཉིད་རྟག་པར་བཞུགས། ཞེས་སོ། །དེ་རྣམས་ཀྱི་ནི་ལོངས་སྐུའི་གླེ ང་གཞིའི་རྒྱུད་འབྱུང་བ་ཁྱད་པར་ཅན་གྱི་གླེ ང་གཞི་བཤད་ཟིན་ཏོ། །ལེགས་བཤད་བུང་བའི་དབྱངས་སྙན་ལས། ཐུན་མིན་ནང་གསང་གཉིས་དང་། ཐུན་མོང་ལོངས་སྐུའི་གླེངས་གཞི་བཤད་པའི་སྐབས་ཏེ་གསུམ་པའོ། །མཚན་བཅས་འཁོར་བའི་ཆོས་ལས་ཡོངས་འཕགས་བླ་ན་མེད་པའི་འོག་མིན་ཆེན་པོ་བདེ་ཞིང་ཉམས་
དགའ་འཕོ་མེད་གནས། །སོ་སྐྱེས་བློ་ཡི་སྤྱོད་ཡུལ་ལས་འདས་ངོ་མཚར་བྱེ་བའི་རྒྱན་མང་གིས་ངོར་ཡེ་ཤེས་སྣང་བའི་རོལ་མོ་ཅན། གང་དུ་དགྱེས་དགུས་རྣམ་པར་རོལ་མཛད་རིགས་བདག་དྲུག་པ་འཁོར་ལོས་སྒྱུར་བའི་མཚན་དཔེའི་ཕྱག་རྒྱར་རང་སྣང་བས། སྐྱེས་བུ་ལྔ་སོགས་འཕགས་པའི་འཁོར་ལ་རྟག་པར་ཆོས་ཀྱི་འཁོར་ལོ་བསྐོར་དེ་ཏནྟྲ་འབྱུང་བའི་གླེང་གཞི་ཉིད། ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ཞར་བྱུང་གདུལ་བྱ་དགོས་ཆེད་དུ་བསྟན་པ་ཁྲོ་བོའི་གླེང་གཞི་བཤད་པ་དེ་ལ་ཡང་། ཕུན་སུམ་ཚོགས་པ་ལྔ་ཡོད་པ་ལས། དང་པོ་སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཁྲོ་བོའི་དཀྱིལ་འཁོར་མངོན་པར་འདུ་མཛད་དེ་ཞེས་པ་དེས་བསྟན། དེ་ཡང་སྤྱིར་ཁྲོ་བོ་ལ་ཤེས་རབ་ཀྱི་ཁྲོ་བོ། ཡེ་ཤེས་ཀྱི་ཁྲོ་བོ། ཐུགས་རྗེའི་ཁྲོ་བོ། ཕྲིན་ལས་ཕྱག་རྒྱའི་ཁྲོ་བོ་དང་བཞི་ལས། དང་པོ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་ཁྲོ་བོ་ནི། དངོས་པོ་དང་མཚན་མར་འཛིན་པའི་ཞེན་པ་ཐམས་ཅད་འཇོམ་པའི་ཕྱིར་ངང་གིས་ཁྲོ་བ་སྟེ། རྒྱས་པ་ལས། ཡང་དག་ཆེན་པོའི་ཤེས་རབ་ཀྱིས། །མཚན་མ་འཇོམ་ཕྱིར་ཁྲོ་བོ་མཆོག ཅེས་སོ། །གཉིས་པ་རང་རིག་པའི་ཡེ་ཤེས་ཀྱི་ཁྲོ་བོ་ནི། ལོག་རྟོག་ཐམས་ཅད་འཇོམ་པའི་ཕྱིར་འཁོར་བའི་ས་བོན་དྲུང་ནས་འབྱིན་པར་བྱེད་པ་སྟེ། རྒྱས་པ་ལས། རང་རིག་ཡེ་ཤེས་རྒྱལ་པོས་ནི། །ཕྱོགས་བཅུའི་ཁམས་ཀུན་དབང་བསྡུས་ནས། །ཀུན་ཀྱང་མི་དམིགས་དབྱིངས་སུ་ཐིམ། །ཐམས་ཅད་ཁྲོ་བོའི་ཚོགས་སུ་འགྱུར། ཞེས་སོ། །གསུམ་པ་ཐུགས་རྗེའི་ཁྲོ་བོ་ནི། ཐུགས་རྗེ་ནི་ཤུགས་ཀྱིས་ཁྲོ་བ་སྟེ། དེས་འགྲོ་བ་སྐྱོབས་པ་ལ་འབད་རྩོལ་མེད་པས་མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམ་པའི་ཕྱིར་ཏེ། རྟོག་པ་ལྷ་རྒྱུད་ལས། འཛིན་པ་མེད་རྟོག་ཐུགས་རྗེ་ཞེན་ཆགས་ཁྲོ། ཞེས་སོ། །བཞི་པ་ཕྲིན་ལས་ཕྱག་རྒྱའི་ཁྲོ་བོ་ནི༑ གདུག་པ་ཅན་རྣམས་ཀྱི་མོས་ངོར་ཕྲིན་ལས་ཕྱག་རྒྱའི་སྐུར་སྣང་བ་ཡིན་ཏེ། དགོངས་འདུས་ལས། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ཡི། །ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད། ཅེས་སོ། །ཞར་བྱུང་འཕྲོས་དོན་
དུ༑ ཀེང་རུས་ཆེན་པོའི་རི་རབ་ཀྱི་སྟེང་། འབར་བ་ཆེན་པོའི་ཀློང་གི་འཁོར་ལོའི་དཀྱིལ་ན་དབང་ཕྱུག་ཆེན་པོ་དང་དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཁྱོ་ཤུགས་ཀྱི་གདན་ལ་བརྐྱང་བསྐུམ་དུ་བཞུགས་སོ། །ཁ་ཅིག་ན་རེ། །འོ་ན་སངས་རྒྱས་ཐམས་ཅད་ཀྱི་མངག་གཞུག་གི་ཕོ་ཉ་འཕྲོས་པ་ལྟ་བུ་ཡིན་ནམ་ཟེར་ན། ལན་དུ། དེ་ལྟར་མ་ཡིན་ཏེ། འདི་ཉིད་ལས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཁྲོ་བོའི་དཀྱིལ་འཁོར་མངོན་པར་འདུ་མཛད་དེ། ཞེས་སོགས་གསུངས་པའི་ཕྱིར་རོ། །གཉིས་པ་གནས་ཕུན་སུམ་ཚོགས་པ་བཤད་པ་ནི། དུར་ཁྲོད་ཆེན་པོར་དགྱེས༴ ཞེས་པ་ནས། བརྐྱང་བསྐུམ་དུ་བཞུགས་སོ་ཞེས་པའི་བར་གྱིས་བསྟན། དེའི་དོན་ནི། མཁའ་རླུང་གི་དཀྱིལ་འཁོར་ལ་བརྟེན་ནས་ཁྲག་གི་རྒྱ་མཚོ་ཞིང་ཆེན་གྱི་ས་གཞིའི་དབུས་ཀེང་རུས་ཆེན་པོ་བརྩེགས་པའི་རི་རབ་ཀྱི་སྟེང་། ཡེ་ཤེས་ལྔ་མཚོན་བྱེད་ཐོད་པ་སྐམ་རློན་རྙིད་གསུམ་གྱི་རྩིགས་པ་ཕྱི་མ་རིམ་པ་ལྔ་དང་། སྐུ་གསུང་ཐུགས་མཚོན་བྱེད་ནང་མ་སུམ་རིམ་གྱིས་སྐོར་ཞིང་། རྩིགས་སྟེང་ཐོད་པ་སྣ་ཚོགས་ཀྱི་ཕ་གུ་ལ། རྒྱུ་མ་དང་སྙིང་གི་མགུལ་འཁོར། རྒྱུ་རློན་དང་ཐོད་ཚལ་གྱི་དྲྭ་ཕྱེད། རྐང་ལག་གི་ཤར་བུ། རྒལ་ཚིགས་ཀྱི་མདའ་ཡབ། ནང་དུ་ལྷ་ཆེན་བརྒྱད་ཀྱི་ཀ་བ། ཀླུ་ཆེན་བརྒྱད་ཀྱི་གདུང་མ ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་ཕྱམ་དང་དྲལ་ལ། སྟེང་ཞིང་ལྤགས་ཀྱིས་ཐོག་ཕུབ་ཅིང་། ཉི་མ་དང་ཟླ་བའི་མཐོངས་དཀར། རྩེ་མོར་ཙིཏྟའི་ཏོག་ལ་སོགས་པ་དྲག་རྒྱན་རྔམ་བརྗིད་དང་ལྡན་པའི་དབུས་ན་བཞུགས་པ་ཡིན་ཏེ། ཧེ་རུ་ཀ་གལ་པོ་ལས། གྲུ་གསུམ་མཐི ང་ནག་འབར་བའི་ནམ་མཁའ་ལ༑ ༑ཐལ་ཆེན་རླུང་ནག་འཚུབ་པའི་རྒྱ་གྲམ་སྟེང་། །ཆགས་པ་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས། །ཞིང་ཆེན་གཏམ་པའི་ས་གཞི་མཐའ་དབུས་བརྡལ། །ཀེང་རུས་ཆེན་པོ་བརྩེགས་པའི་རི་རབ་སྟེང་། །ཡེ་ཤེས་འབར་བའི་མེ་འོད་ཀུན་ཏུ་འཕྲོ། ཞེས་སོ། །གསུམ་པ་འཁོར་ཕུན་སུམ་ཚོགས་པ་བཤད་པ་དེ་ལའང་། གདུལ་བྱ་གདུག་པ་ཅན་གྱི་འཁོར་དང་། འདུལ་བྱེད་གཉེན་པོའི་འཁོར་གཉིས་ལས། དང་པོ་གདུལ་བྱ་གདུག་པ་ཅན་གྱི་འཁོར་བཤད་པ་ནི༑ བདག་ཏུ་རྨོངས་པའི་རྟོག་པ་དང་། བཏགས་པ་ལ་མངོན་པར་ཞེན་ནས་ཞེས་པ་དེས་
བསྟན། དེ་ལའང་སྤྱིར་སེམས་ཅན་ཐམས་ཅད་འཁོར་བར་གོལ་ཚུལ་དང་། བྱེ་བྲག་ཏུ་རུ་ཏྲ་ཉིད་འཁོར་བར་གོལ་ཚུལ་གཉིས་ལས། དང་པོ་ནི་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པས་རང་ངོ་མ་ཤེས་ཤིང་། །རྐྱེན་ཀུན་ཏུ་བཏགས་པའི་མ་རིག་པས་བློ་ཕྱིན་ཅི་ལོག་ཏུ་བསྒྱུར་ནས། གཟུང་འཛིན་རང་ག་མར་སྤྱད་པས་རིགས་དྲུག་གི་གནས་སུ་འཁྱམས་པའི་སེམས་ཅན་ཐམས་ཅད་ཡིན་ལ། གཉིས་པ་བྱེ་བྲག་ཏུ་རུ་ཏྲ་ཉིད་འཁོར་བར་འཁྱམས་པ་ནི། དཔེར་ན་སྔོན་བསྐལ་པ་ཀུན་བཀོད་ཀྱི་དུས་སུ་བྱུང་བའི་དགེ་སློང་ཐར་པ་ནག་པོ་དེ། གོལ་གཞི་ཐུབ་དཀའ་གཞོན་ནུས། ཇི་བཞིན་ཉིད་དེ་མ་བཅོས་པར། །དངོས་པོ་བཞི་ལ་གནས་སྤྱད་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །འདི་ནི་རྣལ་འབྱོར་དམ་པའི་ལམ། ཞེས་གསུངས་པ་ལ་སྒྲ་ཇི་བཞིན་པར་སྤྱད་པས། གབ་པའི་གསང་བ་གནས་ལུགས་དེ་བཞིན་གཤེགས་ཉིད་མ་རྟོགས་པར། སྦས་པའི་གསང་བ་སྤྱོད་པ་སྦྱོར་སྒྲོལ་ལ་བརླང་པོར་སྤྱད་པའི་འབྲས་བུ། དམྱལ་བ་ཚ་གྲང་གི་སྡུག་བསྔལ་བསྐལ་བ་ཆེན་པོ་སྟོང་ཕྲག་བཅུ་གཉིས་སུ་མྱོང་ཞིང་། དེ་ནས་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་བསྐལ་པ་ཆེན་པོ་དྲུག་ཏུ་མྱོང་སྟེ། དེ་ལས་ཀྱི་རྣམ་པར་སྨིན་པ་དེ་ཁད་ཀྱིས་སྲབ་པ་དང་། རྒྱུ་མཐུན་གྱི་འབྲས་བུ་དེས་མཚམས་སྦྱར་ནས་སྲིན་ཡུལ་ལངྒ་པུ་རི ར་ཡི་དྭགས་ཀྱི་འགྲོ་བས་བསྡུས་པའི་སྲིན་པོ་ཆེན་པོ་བྱའི་གཤོག་པ་ཅན་ཞིག་ཏུ་སྐྱེས། དེས་ཡང་ལུས་མི་སྡུག་པ་དང་། ངག་ནས་རྒྱོབ་སོད་སྒྲ་སྒྲོགས་པ་དང་། གསོད་བྱེད་ཀྱི་འཁོར་བྱ་དང་གཅན་གཟན་འཕར་བ་ལ་སོགས་པས་བསྐོར་བ་དང་། སེམས་སྡུག་ཅིང་དྲན་པ་ཉམས་པར་བྱེད་པའི་མཐུས་གཟུགས་ཁམས་ཀྱི་འཕགས་པའི་གནས་ལྔ་མ་གཏོགས་གནས་རིས་བཅུ་གཉིས་མན་ཆད་དབང་དུ་བསྡུས་སོ། །ཐུགས་རྗེས་འདུལ་བར་གྱུར་ཏོ། །ཞེས་པ་དགེ་སློང་ཐུབ་དཀའ་གཞོན་ནུ་སློབ་དཔོན་དུ་བསྟེན་པའི་སྟོབས་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་གདུལ་བྱར་གཅིག་པའོ། །གཉིས་པ་འདུལ་བྱེད་གཉེན་པོའི་འཁོར་ནི། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོར་གྱུར་ཏེ་ཤར་ཕྱོགས་སུ་བཞུགས་སོ་ཞེས་པ་ལ་སོགས་པ་དེ་བཞིན་གཤེགས་པ་རིགས་ལྔའི་འཁོར་དང་། དཀར་མོའི་ཚོགས་དང་ཞེས་
སོགས་ཀྱིས་གནས་མ་བརྒྱད་དང་། སེང་གདོང་ཆེན་པོའི་ཚོགས་སོགས་ཀྱིས་ཡུལ་མ་བརྒྱད་དང་། རྡོ་རྗེ་སྲིང་འགྲོ་མའི་ཚོགས་དང་ཞེས་སོགས་ཀྱིས་སྒོ་མ་བཞི་དང་། སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་ཞེས་སོགས་ཀྱིས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་རྣམས་སོ། །འཕྲོས་དོན་དུ༑ དབང་མོ་ཉེར་བརྒྱད་པོ་དེ་དག་གདུག་པ་ཅན་དེ་དག་གི་ཆུང་མར་འདུག་པས་འདུལ་བྱེད་གཉེན་པོའི་འཁོར་དུ་ཇི་ལྟར་འགྱུར་ཞེ་ན། ལན་དུ། གདུག་པ་ཅན་དེ་དག་གི་ཆུང་མ་ཡིན་ཀྱང་སྲས་མོ་ཉི་ཤུ་བསྐྱེད་པའི་ཡུམ་ཡིན་པའི་ཆ་ནས་འདུལ་བྱེད་གཉེན་པོའི་འཁོར་དུ་བསྡུས་པ་ཡིན་ནོ། །བཞི་པ་ཆོས་ཕུན་སུམ་ཚོགས་པ་ནི། སྦྱོར་སྒྲོལ་གྱི་ཕྲིན་ལས་རྨད་དུ་བྱུང་བའི་སྒོ་ནས་བསྟན་པ་ཡིན་ཏེ། དམ་པ་རྒྱན་ལས། འཛིན་པའི་དབང་གིས་སྡུག་བསྔལ་ཞིང་། །གདུག་པ་སྲིད་གསུམ་འདུལ་བ་དང་། །ང་རྒྱལ་ཆེན་པོ་བསྟན་པའི་ཕྱིར། །སྒྱུ་འཕྲུལ་དྲྭ་བའི་ཏིང་འཛིན་སྒོམ། །ཞེས་གསུངས་པ་ལྟར། ཆོས་དབྱིངས་དེ་བཞིན་ཉིད་ཀྱི་དབྱིངས་ལས་ཁྲོ་མོ་རྡོ་རྗེ་དབྱིངས་ཕྱུག་མ་མངོན་དུ་ཕྱུང་ནས་ཧི་ཞེས་བརྗོད་པའི་གཟི་མདངས་ཀྱིས་བསྐུལ་བ་ལས། ཡབ་ཀྱི་རྡོ་རྗེ་དང་ཡུམ་གྱི་པདྨ་གཉིས་མཉམ་པར་སྦྱོར་བས་བདེ་བ་ལ་རོལ་བར་མཛད་དོ། །རྒྱུ་བྱང་ཆུབ་སེམས་སྤྲིན་ལས། རྐྱེན་དེའི་ཚེ་བི་ཤྭ་བཛྲ་གྱི་སྔགས་བརྗོད་པས་རིགས་ལྔའི་རང་བཞིན་ཅན་གྱི་ཁྲོ་བོ་མཐིང་ཀ་དང་། དཀར་པོ་དང་། སེར་པོ་ལ་སོགས་པ་སྟོང་གསུམ་འཇིག་རྟེན་གྱི་ཁམས་དང་མཉམ་པར་སྤྲོས་པས་ཕྱི་རོལ་དུ་གཡོས། རབ་ཏུ་གཡོས་པ་ལ་སོགས་པའི་ལྟས་ཆེན་པོ་བཅོ་ལྔ་བསྟན་པས་ནང་དུ་ཚོགས་སྦྱོར་ཀྱི་ལམ་པའི་སེམས་ལ་གཡོ་ཐོབ་གོམ་བརྟན་མཐར་ཕྱིན་གྱི་ཉམས་ལྔ་སོ་སོ་ནས་བོགས་འབྱིན་པར་བྱེད་པ་དང་། སླར་ཡང་ཁྲོ་ཚོགས་དེ་རྣམས་དང་ལྟས་ཆེན་པོ་དེ་དག་རིགས་འདུས་ཏེ། རིགས་ལྔ་ཧེ་རུ་ཀའི་སྐུར་སྣང་སྟེ་གདུག་པ་ཅན་དེ་དག་ཞབས་འོག་ཏུ་མནན་པར་མཛད་དོ། །གདུག་པ་ཅན་དེ་དག ད་དུང་དགྲ་ཟླར་མཐོང་སྟེ་མི་སྙན་པའི་བརླངས་པོའི་གཏུམ་ཚིག་འདི་ལྟར་སྨྲས་ཏེ་དེ་རྣམས་གདན་དུ་བཅིངས་པ་ལས་ཐོངས་ཐོངས་ཁྱེད་ཅག་སྙིང་རྗེའི་བདག་པོའི་མ་ཡིན་ནམ། ཅི་བདག་ཅག་ལ་ཇི་ལྟར་ཐོ་འཚམས་པ་བྱེད་དམ་ཅེས་ཟེར་བ་ལ། སླར་ཡང་དཔལ་
ཆེན་པོ་སྒྲོལ་བྱེད་རྡོ་རྗེ་སྲིན་པོ་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བརྒྱད་ཀྱི་རྣམ་པར་བསྟན་ནས་གདུག་པ་ཅན་དེ་དག་གི་ཡུལ་འཛིན་གྱི་སྒོ་དགག་པའི་ཕྱིར་དབང་པོ་ཀུན་དྲངས། བདག་འཛིན་གྱི་ཞེན་པ་གཅོད་ཕྱིར་ནང་རོལ་ཀུན་ཕྱུངས། དུག་གསུམ་དག་པར་བྱ་བའི་ཕྱིར་འདོད་ཆགས་ཁྲག ཞེ་སྡང་རུས། གཏི་མུག་ཤའི་ངོ་བོ་རྣམ་པར་དག་ནས་ཕུང་པོ་ལྷག་མ་མ་ལུས་པ་ཞལ་དུ་བསྟབ་པོ། །དེ་ནས་དཔལ་ཆེན་པོས་དམ་རྫས་བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྔར་ཞལ་དུ་བ སྟབ་པའི་གདུག་པ་ཅན་དེ་དག་ལྟོ་བ་ན་གནས་པ། འོག་སྒོ་ནས་བཏོན་ཏེ་མི་གཙང་བའི་འདམ་གྱི་རྒྱ་མཚོར་ཚུད་པ་ལས། སླར་ཡང་སྣམས་ནས་ཨུ་ཙུད་མ་ཧཱ་ཀྲོ་ཏ་ཞེས་ཁྲོ་བོ་སྨེ་བ་བརྩེགས་པ་བྱུང་བ་དེས། འདམ་ཀུན་འཐུངས་པས་དྲེགས་པ་ཅན་དེ་དག་དྲན་པ་སླར་ཡང་རྙེད་ནས་བསམ་ཡས་ལྷུན་གྲུབ་ཏིང་ངེ་འཛིན་ཁྲོ་བོའི་དཀྱིལ་འཁོར་གྱི་ཞལ་མངོན་སུམ་དུ་མཐོང་ངོ་། །དེའི་ཚེ་དྲེགས་པ་ཅན་དེ་དག་འདར་ཞིང་དཔའ་ཞུམ་པའི་ང་རོས། འབངས་སུ་མ ཆི། འབངས་སུ་མཆི། འབངས་སུ་ནན་ཏན༴ སོགས་ཀྱིས་བྲོ་བོར་ནས་རང་རང་གི་ལུས་ཁྲག་འཐུང་རིགས་ལྔའི་གདན་དུ་ཕུལ་བ་དང་བཅས་པ་ནི་ཕོ་རྣམས་སྒྲོལ་བས་འདུལ་བའོ། །གཉིས་པ་མོ་རྣམས་རྣམས་སྦྱོར་བས་འདུལ་བ་ནི། གང་ལ་སྦྱར་བྱའི་ཡུལ་ནི། གདུག་པ་ཅན་དེ་དག་གི་ཆུང་མ་རྣམས་ཡིན་ལ། དེ་ཡང་སྲིན་པོ་ད་ཤ་གྲཱི་བའི་སྲིན་མོ་ཆེན་མོ་མིའི་སྲིན་མོ་ལ་སོགས་བ་དབང་ཕྱུག་མ་ཉེར་བརྒྱད་རྣམས་སོ། །དེའི་ཚེ་དཔལ་ཆེན་པོས་ཨེ་ཨ་ར་ལི་ཛ་ཞེས་བརྗོད་པས་འབྱུང་པོའི་རྒྱལ་མོ་རྣམས་རིགས་ལྔའི་སྐུ་ལ་ཤིན་ཏུ་ཆགས་པའི་ཡིད་གཡོས་ནས་རིགས་ལྔའི་སྐུའི་སྟོད་སྨད་ཤིན་ཏུ་བཙུམ་པའི་བདེ་བ་ལ་རོལ་བར་མཛད་དོ། །འོ་ན་དབང་མོ་རྣམས་རིགས་ལྔའི་སྐུ་ལ་འཁྲིལ་ཚུལ་ཇི་ལྟ་བུ་སྙམ་ན། གཙོ་བོ་དཔལ་ཆེན་པོའི་སྐུ་ལ་ཕྱོགས་ཀྱི་གཙོ་མོ་བཞི་དང་སྒོ་མ་བཞི་སྟེ་བརྒྱད་འཁྲིལ། རིགས་གཞན་བཞི་བོར་ལྷག་མ་ལྔ་ལྔ་འཁྲིལ་ཏེ༑ དེ་ནས་དཔལ་ཆེན་པོས་ཧ་ཞེས་བརྗོད་པས་གནས་མ་བརྒྱད་དང་། ཧེ་ཞེས་བརྗོད་པས། ཡུལ་མ་བརྒྱད་དང་། ཕཊ་ཅེས་བརྗོད་པས་སྒོ་མ་བཞི་སྟེ་རེ་རེ་ཡང་ཉི་ཤུ་རྩ་བརྒྱད་རེ་ཐོན་
ནས་འབར་བ་ཆེན་པོའི་དཀྱིལ་འཁོར་གྱི་འཁོར་ལོ་རྩིབས་མཆན་དང་གྲུ་ཆད་དང་། གསེར་ཁྱམས་དང་སྒོ་བཞིར་རང་རང་གི་ལག་ཆ་དང་བཅས་ཏེ་རྔམས་པའི་སྟ བས་ཀྱིས་འཁོད་པར་གྱུར་ཏོ། །ཕཊ་ཅེས་བརྗོད་པས་དབང་མོ་རྣམས་རང་རང་གི་གནས་ག་ལ་བ་དེར་ཡུད་ཙམ་གྱིས་ཚུད་པར་བཀྱེས་སོ། །དེ་ནས་སླར་འོང་སྟེ་དཔལ་ཆེན་པོའི་ལག་ཏུ་རྡོ་རྗེ་གཏད་དེ། སྲིན་མོ་ཆེན་མོ་ལ་སོགས་མིང་གིས་དབང་བསྐུར་ཏེ། འབར་བ་ཆེན་པོ་ཁྲོ་བོའི་དཀྱིལ་འཁོར་གྱི་ཕྱིའི་ཁྲག་ཁྱམས་ལ་འགོད་པར་མཛད་དོ། །དེའི་དབང་མོ་རྣམས་ཀྱིས། དབུས་ལ་འཚལ་བའི༴ སོགས། ཞེས་དམ་མནོས་ཏེ་སྒྲུབ་པའི་རྟགས་ཙམ་འཛིན་པའི་རྣལ་འབྱོར་པ་རྣམས་ཀྱང་། གཙུག་གི་ནོར་བུ་བཞིན་བཀུར་བའི་སྲོག་སྙིང་ཕུལ་བ་དང་བཅས་པ་ནི་མོ་རྣམས་སྦྱོར་བས་འདུལ་བའོ། །ལྔ་པ་དུས་ཕུན་སུམ་ཚོགས་པ་བཤད་པ་ནི། འཇིག་རྟེན་དྲུག་གི་ཕྱོགས་བཅུའི་གདུག་པ་ཅན་ཐམས་ཅད་སྔ་ཕྱི་མེད་པ་དུས་གཅིག་ཏུ་བཏུལ་བ་ཡིན་ཏེ། ཞེས་པས་བསྟན་ཏོ། །གླེ ེང་གཞི་འདི་ལ་ཞར་བྱུང་ཞེས་བརྗོད་པ་ནི། ལོངས་སྐུའི་གླེང་གཞིའི་ཞར་ལས་བྱུང་བས་ན་དེ་ལྟར་དུ་བརྗོད་ཅིང་། གཞན་ཡང་གསང་བའི་འོག་མིན་དུ་སྟོན་འཁོར་ཚོགས་ནས་སྙིང་ཁའི་འོག་མིན་དུསངས་རྒྱས་པའི་ཚེ། ཁུ་རྡུལ་རླུང་གསུམ་རྣམ་ཤེས་དང་བཅས་པའི་དྲི་མ་ཆ་ཕྲ་བ་དེ་ཉིད་བཅོམ་པའི་རྩལ་སྣང་ཕྱི་རོལ་དུ་འཕྲོ་བའི་གླེང་གཞིར་སྣང་བ་ཡིན་ནོ། །གདུལ་བྱ་དགོས་ཆེད་ཅེས་པ་མ་འོངས་པའི་གང་ཟག་ཆོས་མིག་དང་ལྡན་པ་རྣམས་རྒྱུ་འདི་ལྟ་བུས་རུ་ཏྲར་གོལ་བའི་གོལ་ས་བཀག་པ་དང་། ཁྱད་པར་དུ་ལམ་པ་རྣམས་ཀྱིས་རྫོགས་རིམ་གྱི་དུས་སྐྱོན་ཅན་གྱི་རྩ་དང་ལས་རླུང་གི་རྒྱུ་བ་བཅོམ་ནས། ཡེ་ཤེས་ཀྱི་རྩ་རླུང་ཁྱད་པར་ཅན་ལ་དཀྲི་བའི་དགོས་པའི་གནད་ཡིན་པས་ན་དེ་ལྟར་དུ་སྨྲས་པའོ། །གསུམ་པ་སྤྲུལ་སྐུ་འགྲོ་བ་འ དུལ་བའི་གླེང་གཞི་བཤད་པ་དེ་ལ་ཡང་ཕུན་སུམ་ཚོགས་པ་ལྔ་ཡོད་པ་ལས། དང་པོ་སྟོན་པ་ཕུན་སུམ་ཚོགས་པ་བཤད་པ་ནི། ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས་ཞེས་པ་དེས་བསྟན། དེའི་དོན་ནི། ལས་ཉོན་གྱི་དཔུང་གཏན་ནས་བཅོམ་པས་ཐུབ་པ་ཞེས་བཤད་ཅིང་། དེ་ཡང་དགོངས་འདུས་ལས། རྡོ་རྗེ་སེམས་དཔའི་སྤྲུལ་པ་
བསམ་གྱིས་མི་ཁྱབ་པས་ལས་ཉོ ན་གྱི་དཔུང་གཏན་ནས་བཅོམ་པའི་ཕྱིར་ཐུབ་པ་ཞེས་བཤད་དོ༑ ༑བཅོམ་ལྡན་འདས་རེ་རེ་ཞེས་པ་གདུལ་བྱའི་ཞིང་ཀུན་ཏུ་གང་འདུལ་གྱི་སྐུའི་བཀོད་པ་སྣ་ཚོགས་སུ་སྣང་སྟེ་རྒྱུད་བླ་མ་ལས། ཇི་ལྟར་བཻཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་ཤར་བ་ལྟར། །དེ་ཕྱིར་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་སྣང་བརྙན་འཆར། ཞེས་དང་། ཕལ་པོ་ཆེ་ལས། ཟླ་བ་དབྱིངས་ལས་མ་གཡོས་ཀྱང་། །ཆུ་སྣོད་དུ་མར་སྣང་བ་བཞིན། །དེ་བཞིན་ཉིད་ལས་མ་གཡོས་ཀྱང་། །སྤྲུལ་པ་བྱེ་བ་བསམ་མི་ཁྱབ། ཞེས་གསུངས་པ་ལྟར། ཟླ་བ་ནམ་མཁའི་དབྱིངས་ལས་མ་གཡོས་ཀྱང་། ཆུ་སྣོད་དུ་མར་ཟླ་བའི་གཟུགས་བརྙན་འཆར་བ་བཞིན། སྟོན་པ་ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་། གདུལ་བྱ་སོ་སོའི་ལས་སྣང་དང་མཐུན་པར་སྐུའི་བཀོད་པ་སྐད་ཅིག་སྐད་ཅིག་ལ་བསྒྱུར་བ་བཟོ་སྤྲུལ་སྐུ་དང་། གང་འདུལ་གྱི་སྐྱེ་བ་བཞེས་པ་སྐྱེ་བ་སྤྲུལ་སྐུ་དང་། ཁྱད་པར་དུ་བྱང་ཆུབ་ཆེན་པོ་མཆོག་གི་སྤྲུལ་སྐུ་ཐུབ་པ་དྲུག་ལ་སོགས་པའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ཡིན་ཏེ། དེ་ཡང་རྒྱུད་གཞུང་འདིར་མཆོག་གི་སྤྲུལ་སྐུ་ཐུབ་པ་དྲུག་ཏུ་བཤད་པས། ལྷ་ལ་སོགས་པའི་འགྲོ་བ་ལྔ་ལ་ཡང་མཆོག་གི་སྤྲུལ་སྐུ་ཁོ་ནའི་ཆ་བྱད་དུ་སྟོན་པ་ཡིན་ནམ་སྙམ་ན། མ་ཡིན་ཏེ། རྒྱུད་གཞུང་གི་དགོངས་པ་ནི། བྱང་ཆུབ་ཆེན་པོ་མཆོག་གི་སྤྲུལ་སྐུས་འདུལ་བར་གཙོ་ཆེ་བར་གསུངས་ཤིང་། གཞན་དུ་ནི་སྒྱུ་འཕྲུལ་བླ་མ་ལས། ལྷ་ཡི་གནས་ན་བརྒྱ་བྱིན་མགོན། །ལྷ་མ་ཡིན་ལ་ཐག་བཟང་རིས། །མི་ལ་བདུད་འདུལ་ཤཱཀྱ་མགོན། །བྱོལ་སོང་སེ ང་གེ་ཉིད་དུ་སྨྲས། །ཡི་དྭགས་གནས་ན་ཁ་འབར་ཏེ། །དམྱལ་བ་ལ་ནི་གཤིན་རྗེ་མགོན། ཞེས་སོ། །གཉིས་པ་འཁོར་ཕུན་སུམ་ཚོགས་པ་ནི། འདུལ་བ་རྣམ་པ་བཞིའི་སྒོ་ནས་འགྲོ་བ་ལྔའི་དོན་མཛད་པ་སྟེ། ཞེས་པ་དེས་བསྟན། དེ་ཡང་འགྲོ་བ་ལྔ་ཞེས་པ། དམྱལ་བ་ཡི་དྭགས་དུད་འགྲོ་སྟེ་ངན་སོང་གི་གནས་གསུམ་དང་། བདེ་འགྲོ་ལྷ་དང་མི་གཉིས་ཏེ་འགྲོ་བ་རྒྱུད་ལྔ་ཞེས་བཤད་ཅིང་། ལྷ་མ་ཡིན་ལ་རིགས་སྒེར་བ་མེད་པས་སྟོད་རིགས་ལྷ་དང་། སྨད་རིགས་དུད་འགྲོར་བསྡུས་པ་ཡིན་ཏེ། དྲན་པ་ཉེར་བཞག་
ལས། ལྷ་མིན་དུད་འགྲོ་ཀླུ་དུད་འགྲོ། ཞེས་སོ། །བྱེ་བྲག་ཏུ་དགེ་བསྙེན་ཕ་མ་གཉིས། དགེ་སློང་ཕ་མ་གཉིས་ཏེ་འཁོར་རྣམ་བཞི་ལ་སོགས་པ་ཆོས་སྟོན་པའི་སྣོད་དུ་གྱུར་པས་ན་འཁོར་ཕུན་སུམ་ཚོགས་པ་ཞེས་བཤད་དོ། །གསུམ་པ་གནས་ཕུན་སུམ་ཚོགས་པ་ནི། སྣྲེལ་ཞི་དང་ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར་ཞེས་པ་དེས་བསྟན། དེའི་དོན་ནི། མཐའ་ཡས་མུ་མེད་པ་ཞེས་པ་ཆོས་སྐུའི་ཞིང་དང་། སྣྲེལ་ཞི་སོགས་ཀྱི་དོན། སྤྲུལ་སྐུ་གཅིག་གི་འདུལ་ཞིང་དེ་ཉིད་གྲངས་ཀྱི་གཞི་མ་གཅིག་ཏུ་བཀོད་ནས་གཅིག་ནས་སྟོང་གི་བར་དུ་བཀོད་པ་དེ་ལ་སྟོང་ཏུ་བཀོད་པ་དང་པོ་དང་། །དེ་ལྟ་བུ་གྲངས་ཀྱི་གཞི་མ་གཅིག་ཏུ་བྱས་ཏེ་གཅིག་ནས་སྟོང་གི་བར་དུ་བཀོད་པ་ལ་སྟོང་ཏུ་བཀོད་པ་གཉིས་པ། དེ་སྟོང་ལ་སྟོང་མཚམས་སྦྱོར་ཡོངས་སུ་དག་པ་ཞེས་ལོངས་སྐུའི་ཞིང་གི་ཚད་ཡིན་ལ། སྤྲུལ་སྐུ་གཅིག་གི་ཞིང་ནི་སྟོང་གསུམ་གཅིག་སྟེ། ཕལ་པོ་ཆེ་ལས། ལས་ཀྱི་བྱེ་བྲག་བསམ་མི་ཁྱབ། །དམྱལ་བའི་འཇིག་རྟེན་ཐུར་འཕྱང་ཞིང་། །གཤིན་རྗེའི་འཇིག་རྟེན་སྣྲེལ་ཞི་སྟེ། །བྱོལ་སོང་ལྷ་མི་གྱེན་ཐུར་འགྲོ། ཞེས་གསུངས་པ་ལྟར། མགོ་གྱེན་བསྟན་གྱི་འགྲོ་བ་མཐོ་རིས་ལྷ་དང་མི། འཕྲེད་བསྟན་གྱི་འགྲོ་བ་སྣྲེལ་ཞི་སྟེ་དུད་འགྲོའོ། །ཡང་ན་སྣོད་ཀྱི་དབྱེ་བ་བྱེ་བྲག་ཟླུམ་པོ་ལ་སོགས་པ་བཞི་དང་། རྣམ་པ་མི་འདྲ་བ་དྲུག་ལ་སོགས་པ་སྟེ། གཞི་འཆལ་པ་དང་སྟེང་གཡོག་མེད་པ་སྟེ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པ་སྟེ། ནམ་མཁའི་ཁམས་ལྟར་ཁྱབ་ཅིང་། དེའི་ཁོངས་སུ་ཚུད་པ་ཆུ་དཀྱིལ་ནས་བསམ་གཏན་དང་པོ་མན་ཆད་ཀྱིས་བསྡུས་པ་དེ་སྟོང་ལ་སྟོང་སྤྱི་ཕུད། དེ་སྟོང་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན། དེ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེ་ཞེས་མཆོག་གི་སྤྲུལ་སྐུ་གཅིག་གི་འདུལ་ཞིང་དུ་གྱུར་པ་ཡིན་ཏེ། འགྲེལ་ཆུང་ལས། སྟོང་གསུམ་གཅིག་ལ་ཆགས་ཚུལ་དྲུག །སྤྲུལ་སྐུ་གཅིག་གི་ཞིང་དུ་གྲགས། ཞེས་པས། སྟོང་གསུམ་ཀྱི་འདོན་ཚུལ་ཡང་མངོན་པ་མཛོད་ལས། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་
ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་པ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། ཞེས་གསུངས་པ་ལྟར། གླིང་བཞི་བྱེ་བ་ཕྲག་བརྒྱ་དང་། ཉི་ཟླ་བྱེ་བ་ཕྲག་བརྒྱ། རི་རབ་བྱེ་བ་ཕྲག་བརྒྱ་དང་བཅས་པ་ནི་མཆོག་གི་སྤྲུལ་སྐུ་གཅིག་གི་འདུལ་ཞིང་ཡིན་ཏེ་བྱེ་བྲག་ཏུ་ལོངས་སྐུ་རྣམ་སྣང་གངས་ཆེན་མཚོའི་ཕྱག་གི་ལྷུང་བཟེད་ཀྱི་ནང་ན་ཞིང་ཁམས་ཉི་ཤུ་རྩ་ལྔ་བརྩེགས་མར་ཡོད་པའི་ནང་ཚན་བཅུ་གསུམ་པ་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ཉིད་དོ། །བཞི་པ་ཆོས་ཕུན་སུམ་ཚོགས་པ་བཤད་པ་དེ་ལའང་། སྐུ་བསོད་ནམས་ཆེན་པོས་འདུལ་བ་དང་། ཐུགས་མངོན་སུམ་པས་འདུལ་བ་དང་། རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་འདུལ་བ་དང་། གསུང་རིག་པས་འདུལ་བ་རྣམས་སུ་ཡོད་པ་ལས། དང་པོ་སྐུ་བསོད་ནམས་ཆེན་པོས་འདུལ་བ་བཤད་པ་དེ་ཡང་། བལྟམས་པ་དང་། སོགས་ནས། སྟོན་པའི་ཐུབ་པ། ཞེས་པའི་བར་གྱིས་བསྟན། དེ་ཡང་དཔེར་ན་འདམ་བུ་གཅིག་གི་ཁོང་པ་སྟོང་པ་ཤེས་ན། འདམ་བུ་གཞན་ཐམས་ཅད་ཀྱི་ཁོང་པ་སྟོང་པར་ཤེས་པ་བཞིན་དུ་མཆོག་གི་སྤྲུལ་སྐུ་གཅིག་གི་མཛད་ཚུལ་སྨོས་ན་སྤྲུལ་སྐུ་གཞན་ཐམས་ཅད་ཀྱི་མཛད་ཚུལ་རྟོགས་པར་འགྱུར་བས། འོ་སྐོལ་གྱི་སྟོན་པ་འདི་ཉིད་ཀྱི་སྒོ་ནས་བརྗོད་པར་བྱ་བ་ཡིན་ཏེ༑ འོ་སྐོལ་གྱི་སྟོན་པ་འདི་ཉིད་ནི། དང་པོར་དགའ་ལྡན་གྱི་ལྷའི་གནས་སུ་དམ་པ་ཏོག་དཀར་པོའི་སྐྱེ་བ་བཞེས་ཏེ་ཆོས་སྟོན་པའི་ཚེ། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས་སིལ་སྙན་གྱི་སྒྲ་ལས་དྲངས་ཏེ་ཚིགས་སུ་བཅད་པ་འདི་ལྟ་བུར་བྱུང་སྟེ། བསོད་ནམས་རྒྱ་ཆེན་ཚོགས་མང་དྲན་སྟོབས་ལྡན། །བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པ། མཚུངས་མེད་སྟོབས་མངའ་སྒྱུ་རྩལ་རྒྱ་ཆེ་བ། །མར་མེ་མཛད་ཀྱི་ལུང་བསྟན་དགོངས་པར་མཛོད། ཞེས་བསྐུལ་བ་ལ་བརྟེན་ནས་རང་གི་ཐོད་དང་ཅོད་པཎ་བྱམས་པའི་དབུ་ལ་བཞག་སྟེ། ཁྱེད་རྣམ་པར་མི་ཕམ་མགོན་གྱིས་ཆོས་སྟོན་པར་འགྱུར་གྱི་ཁོ་བོ་ནི་འཛམ་བུ་གླིང་གི་གདུལ་བྱ་འདུལ་བའི་དུས་ལ་བབས་པས་དེར་འགྲོ་བར་རིགས་སོ། །ཞེས་གསུངས་པས། ལྷའི་བུ་རྣམས་ཀྱིས་ངེད་རྣམས་ལ་སྟོན་པ་མེད་པ་དང་། འཛམ་བུའི་གླིང་གི་མི་རྣམས་ནི་མུ་སྟེགས་ཀྱི་སྟོན་
པ་དྲུག་གསུམ་བཅོ་བརྒྱད་ཀྱིས་གང་བས་དེར་བྱོན་ཀྱང་དོན་མེད་དོ་ཞེས་ཞུས་པ་ལས། བྱང་ཆུབ་སེམས་དཔས། སེང་གེ་གཅིག་གིས་གཅན་གཟན་ཚོགས་རྣམས་དུ་མ་རྣམ་པར་སྐྲག །རྡོ་རྗེ་གཅིག་གིས་བྲག་གི་ཚོགས་རྣམས་དུ་མ་རྣམ་པར་འཇིག །བརྒྱ་བྱིན་གཅིག་གིས་ལྷ་མིན་ཚོགས་རྣམས་དུ་མ་རྣམ་པར་འཇོམ། །ཉི་མ་གཅིག་གིས་མུན་པའི་ཚོགས་རྣམས་དུ་མ་རྣམ་པར་སེལ། །ཆོས་ཀྱི་དུང་གིས་མུ་སྟེགས་ངན་པའི་ལྟ་པ་ཕམ་བྱས་ནས། །ཡང་དག་ལྟ་བའི་ཚོགས་རྣམས་ཀུན་ནས་རབ་ཏུ་རྒྱས་པར་བྱེད། ཅེས་གསུངས་ཏེ་གཟིགས་པ་རྣམ་པ་ལྔ་ལ་གཟིགས་སོ། །དེ་ལ་གཟིགས་པ་ལྔ་ནི་ཡུལ་ལ་གཟིགས་པ་གླིང་བཞི་ལས་མཆོག་ཏུ་གྱུར་པ་ཡུལ་དབུས་སེར་སྐྱའི་གྲོང་ཁྱེར་དང་། རིགས་ལ་གཟིགས་པ་རྒྱལ་པོའི་རིགས། རུས་སམ་རྒྱུད་ལ་གཟིགས་པ་བུ་རམ་ཤིང་པ་ཤཱཀྱའི་གདུང་བརྒྱུད། ཡུམ་ལ་གཟིགས་པ་སངས་རྒྱས་མང་པོ་ལ་བསྙེན་བཀུར་གྱིས་བྱ་བ་བྱས་ཤིང་སྨོན་ལམ་བཏབ་པའི་ཡུམ་སྒྱུ་མ་ལྷ་མཛེས་དང་། དུས་ལ་གཟིགས་པ་སྙིགས་མ་ལྔ་བདོ་བའི་དུས་སོ། སྙིགས་མ་ལྔ་ནི། འགྲེལ་ཆུང་ལས། ཉོན་མོངས་དུས་ཚེ་ལྟ་བ་སེམས་ཅན་སྙིགས། ཞེས་པས་ཉོན་མོངས་པའི་སྙིགས་མ་དར་ཞིང་དྲག་པ་གཉེན་པོས་འདུལ་དཀའ་བ་དང་། དུས་ཀྱི་སྙིགས་མ་བསྐལ་པ་ལ་རྫོགས་ལྡན། གཉིས་ལྡན། སུམ་ལྡན། རྩོད་ལྡན་གྱི་དུས་དང་བཞི་ཡོད་པ་ལས། འདིར་རྩོད་ལྡན་གྱི་དུས་དང་། ཚེའི་སྙིགས་མ་ཚེ་ལོ་མར་འགྲིབ་བརྒྱ་པའི་དུས། ལྟ་བའི་སྙིགས་མ་ལྟ་བ་ལོག་པར་གྱུར་པ་རྣམས་བསྒྱུར་དཀའ་བ་དང་། སེམས་ཅན་གྱི་སྙིགས་མ་རྒྱུད་དང་དབང་པོ་འདུལ་དཀའ་བ་རྣམས་སོ། །དེ་ལྟར་གཟིགས་པ་རྣམ་པ་ལྔས་གཟིགས་ཏེ་ས་མོ་ལུག་གི་ལོ་ཆུ་སྟོད་ཟླ་བའི་ཉ་ལ་ཡུམ་སྒྱུ་འཕྲུལ་མ་གསོ་སྦྱོང་ལ་གནས་པའི་ཚེ་གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་དང་ལྡན་པའི་རྣམ་པས་ལྷུམས་སུ་ཞུགས་པ་ཡིན་ཏེ། རྒྱ་ཆེན་རོལ་པ་ལས། གསེར་གྱི་དྲྭ་བས་གདོང་གཡོག་སྤྱི་གཙུག་དམར། །ཐལ་དཀར་མཆེ་བ་དྲུག་དང་རབ་ལྡན་ཞིང་། །དུང་དང་ཁ་བ་དངུལ་མདོག་ལྟ་བུ་ཡི། །གླང་པོ་ཆེ་གཅིག་ཁོང་དུ་སོང་སྙམ་བྱེད། །དེ་ཞུགས་ནས་ནི་བདག་གི་ལུས་དང་སེམས། །སྔོན་ཆད་མཐོང་ཐོས་མྱོང་བར་མ་གྱུར་བའི། །
གྱ་ནོམ་བདེ་བས་ཤིན་ཏུ་བདེ་འགྱུར་ཏེ། །བསམ་གཏན་མཉམ་པར་བཞག་པ་བཞིན་དུ་གྱུར། ཞེས་སོ། །དེ་ནས་ཟླ་བ་བཅུ་ཕལ་ཆེར་རྫོགས་ནས། ལྕགས་སྤྲེལ་ས་གའི་ཚེས་བདུན་རྒྱུ་སྐར་རྒྱལ་ལ་བབ་པའི་དུས། བཀྲ་ཤིས་ལིམ་བི་ནི་ཡི་ཚལ་དུ་ཡུམ་གྱི་རྩིབ་ལོགས་གཡས་པ་ནས་མངལ་གྱི་དྲིས་མ་གོས་པར་སྐུ་བལྟམས་ཏེ། སྐུ་བལྟམས་མ་ཐག་ཚངས་པ་དང་བརྒྱ་བྱིན་གཉིས་ཀྱིས་ཀ་ཤི་ཀའི་རས་ཀྱི་ཕྱག་རྟེན་ཞུས། ཀླུ་དགའ་བོ་དང་ཉེ་དགའ་བོ་གཉིས་ཀྱིས་ཁྲུས་གསོལ། འདི་ནི་ངའི་སྐྱེ་བ་ཐ་མ་སྟེ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་རྣམས་མཐར་དབྱུང་ངོ་ཞེས་ཕྱོགས་བཞིར་གོམ་པ་བདུན་བདུན་བོར་བས་བྱང་ཆུབ་ཀྱི་ཡན་ལག་བདུན་མཚོན་བྱེད་མེ་ཏོག་པདྨ་བདུན་བདུན་བྱུང་ཞིང་ང་ནི་འཇིག་རྟེན་འདི་ན་མཆོག་ཡིན་ནོ། །ཞེས་གསུངས་པའི་ཚེ་བར་སྣང་གི་ལྷས་བསྟོད་པར། གང་ཚེ་རྐང་གཉིས་སོགས། ཞེས་སོ། །དེའི་ཚེ་ཕྱི་རོལ་དུ་རྔོག་ལྡན་ལ་སོགས་པར་རྟེའུ་ལྔ་བརྒྱ་ཐོན་པ་དང་། སྣོད་ཐམས་ཅད་ཁ་ཟས་རོ་བརྒྱ་པས་གང་བ་དང་། རྒྱལ་པོའི་དོན་ཐམས་ཅད་གྲུབ་པས། མཚན་ཡང་རྒྱལ་བུ་དོན་གྲུབ་ཏུ་བཏགས་སོ། །དེ་དང་དུས་མཚུངས་པར་ཁམས་ཀྱི་རྒྱལ་ཕྲན་བཞི་ལ་བུ་རེ་བཙས་པས། ལྟས་དེ་རྣམས་རང་རང་གི་བུའི་ལྟས་སུ་མངོན་ཏེ་དོན་དང་མཐུན་པའི་མཚན་རེ་བཏགས་སོ། །དེའི་ཚེ་ཕྱི་རོལ་ཏུ་དྲང་སྲོང་ནག་པོ་ཞེས་བྱ་བ་དང་། སྣག་གི་མེས་སྦྱིན་ཞེས་པ་གཉིས་ཡོད་པ་ལས། ལྟས་དེ་རྣམས་བྱང་ཆུབ་སེམས་དཔའ་བཙས་པའི་ལྟས་སུ་རིག་ནས་སེར་སྐྱའི་སྒོ་དྲུང་དུ་ལྷགས་པ་ན་ཡབ་རྒྱལ་པོས་བྱང་ཆུབ་སེམས་དཔའི་མཚན་ལྟས་བསྟན་པས། འདི་ནི་ཁྱིམ་དུ་གནས་ན་འཁོར་ལོས་སྒྱུར་རྒྱལ་ལམ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་རྫོགས་པའི་སངས་རྒྱས་སུ་ལུང་བསྟན་པར་ངེས་ཏེ། བཙས་གྱུར་གཞོན་ནུ་ཉིད་ཀྱི་མཚན་ལྟས་ལ། །སུམ་ཅུ་རྩ་གཉིས་མཚན་གྱིས་བརྒྱན་པར་མཐོང་། །འདི་ནི་གཉིས་སུ་འགྱུར་གྱི་གཞན་དུ་མིན། །ཁྱིམ་དུ་གནས་ན་འཁོར་ལོས་སྒྱུར་རྒྱལ་ལམ། །ཁྱིམ་ནས་ཁྱིམ་མེད་རབ་ཏུ་བྱུང་གྱུར་ན། །འཇིག་རྟེན་འདི་ན་མངོན་རིགས་བྱང་ཆུབ་འགྱུར། ཞེས་སྨྲས་པས། ཡབ་རྒྱལ་པོ་འཁོར་ལོས་སྒྱུར་རྒྱལ་དུ་དོགས་པ་ན། སླར་ཡང་དྲང་སྲོང་
གཉིས་ཀྱིས། བསྐལ་བ་རྩོད་ལྡན་གྱི་དུས་འདིར་འཁོར་ལོས་སྒྱུར་རྒྱལ་འབྱུང་བའི་དུས་མ་ལགས་ཏེ། ངེས་པར་ཁོ་ནར་རྫོགས་པའི་སངས་རྒྱས་སུ་ལུང་བསྟན་པ་ཡིན་ཏེ། ས་བདག་རྟོག་གེ་བ་རྣམས་བློ་འཁྲུལ་ཏེ། །རྩོད་པའི་དུས་འདིར་འཁོར་ལོས་སྒྱུར་མི་འབྱུང་། །བསོད་ནམས་ཚོགས་ཆེན་འདི་ནི་ཆོས་ཀྱི་མཛོད། །ཉེས་ལས་རྣམ་པར་རྒྱལ་ནས་སངས་རྒྱས་འགྱུར། ཞེས་སོ། །དེ་ནས་ཞག་བདུན་འདས་པ་ན་ཡུམ་སྒྱུ་མ་ལྷ་མཛེས་ནོངས་པར་གྱུར་ཏོ། །དེ་ཡང་བྱང་ཆུབ་སེམས་དཔའ་བལྟམས་པའི་ཉེས་པ་མ་ལགས་ཏེ། ཡུམ་རང་གི་ཚེའི་འདུ་བྱེད་རྫོགས་པ་ལགས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་པང་དུ་འཚོ་བའི་མ་མ་བརྒྱད། ནུ་མ་སྣུན་པའི་མ་མ་བརྒྱད། རྒྱན་འདོག་པའི་མ་མ་བརྒྱད། རྩེ་སྣ་ཞུ་བའི་མ་མ་བརྒྱད་དེ། མ་མ་སུམ་ཅུ་རྩ་གཉིས་ཀྱིས་སྐུའི་སྲི་ཞུ་ཞུས་ཏེ་རིང་པོར་མ་ལོན་པར་སྐུ་སྐྱེད་ཆེར་བསྲིང་བའི་དུས་སེར་སྐྱའི་ལྷ་ཁང་དུ་ཕེབས་པའི་ཚེ་ལྡེར་ཚོའི་ལྷ་རྣམས་བཞེངས་ཏེ་མཆོད་པ་ཕུལ་བས་ལྷ་ཡི་ལྷ་ཞེས་བཏགས་སོ། །དེའི་ཚེ་ཤཱཀྱ་མུ་ཅོར་སྨྲ་བ་རྣམས་ཀྱི་དབུས་སུ་ལུས་ངག་འདུ་འཛིས་དབེན་པའི་ཐུབ་པ་ཞིག་ཏུ་བཞུགས་པས་ཤཱཀྱ་ཐུབ་པ་ཞེས་བཏགས་སོ། །དེ་ནས་དུས་གཞན་ཞིག་གི་ཚེ་ཤིང་འཛམ་བུའི་གྲིབ་མ་ལ་བསམ་གཏན་དང་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་ཉི་མའི་གུང་ཡོལ་ཤིང་གཞན་ཐམས་ཅད་ཀྱི་གྲིབ་མ་ཤར་དུ་ཡོལ་ཡང་། འཛམ་བུའི་གྲིབ་མས་བྱང་ཆུབ་སེམས་དཔའི་སྐུ་ལུས་མ་བཏང་བས། ཡབ་ཀྱིས་གཟིགས་ཏེ་ཞབས་ལ་བཏུད་ནས། ཇི་ལྟར་བལྟམས་ཚེ་ས་རྣམས་གཡོས་པ་དང་། །འཛམ་བུའི་གྲིབ་མས་ཁྱོད་སྐུ་མི་གཏོང་བ། །བློ་ཆེན་ཁྱོད་ཀྱི་ཡ་མཚན་གཉིས་འདི་སྟེ། །ཀུན་གཟིགས་ཁྱོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །ཞེས་དང་། ནམ་མཁའ་ནས་ལྷས་བསྟོད་པར། གང་ཚེ་ཐུབ་ཆེན་ཞིང་པའི་གྲོང་བཞུད་ཚེ། །འཛམ་བུའི་གྲིབ་མས་སྐུ་ལུས་མ་བཏང་ཞིང་། །ལྷ་བུ་གཞོན་ནུ་དྲུག་གིས་བཏུད་གྱུར་པ། །དེ་ཚེ་མཆོད་འོས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །དེ་ནས་བྱིས་པའི་སློབ་དཔོན་ཀུན་གྱི་བཤེས་གཉེན་ལས་ཡི་གེ་བསླབ་པ་དང་། རྩིས་པ་སྲིད་སྒྲུབ་ལས་རྩིས་བསླབ་པས་བརྡའ་ཙམ་གྱིས་ཐུགས་སུ་ཆུད་པ་དང་། དེ་ནས་འཇིག་རྟེན་པ་དང་གོ་མཐུན་
པར་བྱ་བའི་ཕྱིར་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ས་འཚོ་མ་དང་། གྲགས་འཛིན་མ་དང་། རི་དྭགས་སྐྱེས་པ་མ་ལ་སོགས་པར་བཙུན་མོར་དགོས་ཞེས་བཀའ་བསྩལ་པས། ཤཱཀྱ་ལག་ན་བེ་ཅོན་གྱིས་ངེད་ལྷ་རྣམས་སྒྱུ་རྩལ་ལ་དགའ་བ་ཡིན་པས་སྒྱུ་རྩལ་སུ་ཆེ་ལ་སྟེར་ཟེར་ནས། སྒྱུ་རྩལ་འགྲན་པའི་དུས་བཅས་ཏེ། ལྕགས་ཀྱི་སླ་ང་བདུན་དང་ལྕགས་ཀྱི་ཕག་རྒོད་གཟུགས་ཆེ་བ་ཞིག་འབེན་དུ་བཙུགས་ཏེ། བྱང་ཆུབ་སེམས་དཔའ་འོ་སྐོལ་གྱི་ལྷ་རྟེན་གྱི་ནང་དུ་མེས་པོ་སེང་གེ་འགྲམ་གྱི་གཞུ་ཡོད་པས་ལོངས་ཤོག་གསུངས་ཏེ། མདའ་འཕངས་བས་ལྷས་སྦྱིན་གྱིས་གཅིག གཅུང་དགའ་བོས་གཉིས། བྱང་ཆུབ་སེམས་དཔས་དེ་དག་ཐམས་ཅད་ཐལ་གྱིས་ཕུགས་ཏེ་མདའ་ས་ལ་བབས་པའི་ཤུལ་དུ་ཆུ་བོ་ཡན་ལག་བརྒྱད་དང་ལྡན་པ་ཞིག་བྱུང་བས། ཆུ་མིག་དེ་ལ་མདའ་ཆུ་ཁྲོན་པ་རྒྱན་ཞེས་བཏགས་སོ། །དེ་དུས་ཁམས་ཀྱི་རྒྱལ་ཕྲན་ཞིག་གིས་བྱང་ཆུབ་སེམས་དཔའ་ལ་གླ ང་ཆེན་ཞིག་ཕུལ་བ་ལ་ལྷས་སྦྱིན་ལོག་པའི་ཕྲག་དོག་སྐྱེས་ཏེ་ཁུ་ཚུར་གྱིས་བསད་དོ། །གླ ང་པོའི་རོ་དེ་གཅུང་དགའ་བོས་གྲོང་ཁྱེར་གྱི་ཕྱི་རོལ་དུ་གོམ་པ་བདུན་ཁྱེར། བྱང་ཆུབ་སེམས་དཔས་ཞབས་གཡས་པའི་མཐེ་བོང་གི་བར་དུ་བཅུག་སྟེ་རྒྱང་གྲགས་དང་། དཔག་ཚད་དུ་འཕངས་བར་མཛད་པ་ཡིན་ཏེ། རྒྱ་ཆེར་རོལ་པ་ལས་ལྷས་སྦྱིན་གྱིས་ནི་གླང་པོའི་དབང་པོ་བསད། །དགའ་བོ་ཡིས་ནི་གོམ་པ་བདུན་དུ་བོར། །བྱང་ཆུབ་སེམས་དཔས་ཞབས་ཀྱིས་བར་སྣང་ལ། །རྡོ་བ་བཞིན་དུ་ཕྱི་རོལ་བར་སྣང་འཕངས། ཞེས་སོ། །གཞན་ཡང་ཆུ་ལ་མི་བྱིངས་པའི་རྐྱལ་དང་། འཛིན་སྟང་གི་སྦེ་ལ་སོགས་པ་སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་སྒོ་ནས་ཤཱཀྱ་རྣམས་ཕམ་པར་མཛད་དེ་ས་འཚོ་མ་ལ་སོགས་པའི་བཙུན་མོའི་འཁོར་བརྒྱད་ཁྲི་བཞི་སྟོང་བདག་གིར་བཞེས་ནས་ལོ་ཉི་ཤུ་རྩ་དགུའི་བར་དུ་རྒྱལ་པོའི་ཁབ་ཏུ་བཞུགས་པའི་ཚེ། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས་རབ་ཏུ་བྱུང་བར་བསྐུལ་བའི་ཚིགས་སུ་བཅད་པ་འདི་ལྟར་བྱུང་སྟེ། བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་ཚེ་སྲོག་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ །འཆི་མེད་མྱ་ངན་མེད་པར་སངས་རྒྱས་
ཏེ༑ ༑སྐོམ་པས་ཉམས་ཐག་བདུད་རྩིས་ཚིམ་མཛོད་ལ། །ཁྱོད་ཀྱི་སྔོན་སྨྲས་ཚིག་མཆོག་དྲན་བྱས་ཏེ། །གྲོང་ཁྱེར་དམ་པ་འདི་ནས་རབ་ཏུ་འབྱུང་། ཞེས་བསྐུལ་བ་ལ་བརྟེན་ནས་གྲོང་ཁྱེར་སེར་སྐྱའི་ཕྱོགས་བཞིར་གཟིགས་པས། ཤར་སྒོར་རྒས་པའི་སྡུག་བསྔལ། ལྷོ་སྒོར་ན་བའི་སྡུག་བསྔལ། ནུབ་སྒོར་འཆི་བའི་སྡུག་བསྔལ། བྱང་སྒོར་མཛེས་ཤིང་ཡིད་དུ་འོང་བ་དགེ་སློང་ངུར་སྨྲིག་འཛིན་པའི་ཆ་བྱད་རྣམས་གཟིགས་པས་རྐྱེན་བྱས་ཏེ། ཡབ་རྒྱལ་པོར་རབ་ཏུ་བྱུང་བར་ཞུས་པས། མ་གནང་སྟེ། གྲོང་ཁྱེར་གྱི་ཕྱོགས་བཞིར་དམག་གིས་བསྐོར་ནས་གནས་པའི་ཚེ། བརྒྱ་བྱིན་གྱིས་དམག་གི་ཚོགས་རྣམས་གཉིད་ཀྱིས་མྱོས་པར་བྱས་ཏེ། སྟོབས་དང་བརྩོན་འགྲུས་འཕགས་པ་མྱུར་དུ་གཤེགས། །སྡུག་བསྔལ་ཉེན་པའི་སེམས་ཅན་སྒྲོལ་བ་དང་། །བླ་མེད་བྱང་ཆུབ་མངོན་དུ་བྱ་བའི་ཕྱིར། །ད་ནི་མངོན་པར་འབྱུང་བའི་དུས་ལ་བབ། ཞེས་ཞུས་པས། བྱང་ཆུབ་སེམས་དཔས་ས་འཚོ་མའི་མངལ་དུ་སྲས་སྒྲ་གཅན་འཛིན་བཞག་སྟེ། ཆིབས་པ་བསྔགས་ལྡན་ལ་ཆིབས། རྨིག་པ་བཞི་ནས་ལྷའི་བུ་བཞིས་བཏེགས་ཏེ་བྲན་འདུན་པ་དང་བཅས་ཏེ་རིམ་པར་འོད་སྲུང་གི་མཆོད་རྟེན་རྣམ་དག་གི་དྲུང་དུ་ཕེབས་ཏེ་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བཅད་ནས་རང་བྱུང་གི་བསྙེན་པར་རྫོགས་པ་མཛད་དོ༑ ༑དེ་ནས་བྲན་འདུན་པ་དང་ཆིབས་བསྔགས་ལྡན་ཕྱིར་བསློགས། བརྒྱ་བྱིན་གྱིས་གོས་ངུར་སྨྲིག་ཕུལ་བ་བཞེས་སོ། །གཙུག་ཕུད་ཀྱི་དབུ་སྐྲ་སུམ་ཅུ་རྩ་གསུམ་གྱི་ལྷས་གདན་དྲངས་ཏེ་དེང་སང་ཡང་གཙུག་ཕུད་ཀྱི་དུས་སྟོན་ཞེས་གྲགས་སོ། །དེ་ནས་རིང་སྤྱོད་ཀྱི་བུ་ལྷག་སྤྱོད་དང་། སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་གཉིས་ལ་སྲིད་རྩེའི་སྙོམས་འཇུག་གི་ཏིང་ངེ་འཛིན་གསན་ནས། ཕྱི་རབས་ཀྱི་གང་ཟག་རྣམས་བྱང་ཆུབ་སྒྲུབ་པ་ལ་ལུས་ལ་དཀའ་སྤྱད་དྲག་པོ་བླངས་དགོས་པ་དང་ཕྱི་རོལ་མུ་སྟེགས་པ་རྣམས་ལུས་ལ་དཀའ་ཐུབ་དྲག་པོ་མྱོང་བ་དགོས་པ་མེད་པར་གཟིགས་ནས་དེ་དག་གི་ཞེན་པ་དགག་ཕྱིར་དུ་ཆུ་བོ་ནེ་རཉྫ་ནའི་འགྲམ་དུ་ལོ་དྲུག་གི་བར་དུ་དཀའ་ཐུབ་ལ་བཞུགས་ཏེ་ལོ་དང་པོ་གཉིས་ལ་འབྲས་ཉག་མ་རེ་དང་། བར་པ་གཉིས་ལ་ཆུ་ཐིག་རེ། ཐ་མ་གཉིས་ལ་ཅི་ཡང་མ་གསོལ་བར་བཞུགས་པས་སྐུ་ལུས་ལ་
ཉི་ལྷག་དང་བཀྲེས་སྐོམ་གྱིས་གདུང་བས་སྐུ་ཤིན་ཏུ་རིད་ཅིང་ཉམ་ཐག་པར་གྱུར་པའི་ཚེ། ཡབ་རྒྱལ་པོ་འཁོར་བཅས་ཀྱིས་གཟིགས་སུ་བྱོན་པས་མྱ་ངན་གྱི་ཁུང་བུར་ཚུད་པར་གྱུར་པའི་ཚེ། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་དེ་ལས་བཞེངས་ནས། འདི་ལྟར་གསུངས་ཏེ༑ ཉི་ཟླ་སྐར་ཚོགས་ས་ལ་ལྷུང་མི་སྲིད། །སོ་སོ་སྐྱེ་བོ་ཡིན་ཀྱང་ང་མི་འཆི། །དེ་ཕྱིར་འདི་ལ་མྱ་ངན་ཁྱོད་མ་བྱེད། །རིང་པོར་མི་ཐོགས་བྱང་ཆུབ་སངས་རྒྱས་འགྱུར། ཞེས་གསུངས་སོ༑ ༑དེ་ནས་རྡོ་རྗེ་གདན་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གཤེགས་པའི་ཚེ། གྲོང་པའི་བུ་མོ་ལེགས་སྐྱེས་མས་བ་སྟོང་གི་འོ་མ་དེ་ཉིད་གཅིག་བཞོས་གཅིག་ཏུ་བླུགས་པའི་ཉིང་ཁུ་དེ་ཉིད་མཐར་སྦྲང་རྩི་དང་སྦྱར་ཏེ་བཀོལ་བས། བཀྲ་ཤིས་པའི་མཚན་མ་དཔལ་བེའུ་དང་། གཡུང་དྲུང་འཁྱིལ་པ་ལ་སོགས་པ་བྱུང་བས། དེ་ཉིད་བྱང་ཆུབ་སེམས་དཔའ་ལ་ཞུས་ཏེ་གསོལ་མ་ཐག་སྔར་གྱི་སྐུ་ཤིན་ཏུ་རིད་ཅིང་ཉམ་ཐག་པ་དེ་ཉིད་སྤངས་ཏེ་སྐུ་གསེར་གྱི་གཏན་པ་ཕྱིས་པ་ལྟར་གྱུར། དེ་ནས་རྩ་འཚོང་བཀྲ་ཤིས་ཀྱིས་རྩྭ་ཟོར་བ་རྨ་བྱའི་མགྲིན་པའི་སྤུ་ལྟར་སྔོ་བ་དེ་ཉིད་ཕུལ་བས་བཞེས་ཏེ་ཡུལ་དབུས་རྡོ་རྗེ་གདན་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་འཚང་རྒྱ་བར་འ གྱུར་པའི་གནས་ལ་ཁྱད་པར་བྱང་ཆུབ་ཀྱི་ཤིང་དང་བཅས་ཏེ། ཤིང་དེ་ཡང་ངོ་བོ་མི་འགྱུར་ལ་རྣམ་པ་འགྱུར་བ་དང་བཅས་པའི་དྲུང་གི་ཁྲི་དེའི་སྟེང་དུ། ཇི་སྙེད་ཟག་མེད་མ་ཐོབ་པར། །དེ་སྲིད་དཀྱིལ་ཀྲུང་གཞིག་མི་བྱ། ཞེས་དང་། སྟན་འདིར་བདག་གི་ལུས་ནི་སྐམ་ཀྱང་རུང་། །རུས་པ་ལྤགས་པ་ཤ་རྣམས་ཞིག་གྱུར་ཀྱང་། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་པར། །སྟན་འདིར་ལུས་ནི་འགུལ་བསྐྱོད་མི་བྱའོ། །ཞེས་སོ༑ ༑དེ་ནས་ཉིན་གྱི་ཆ་ལ་ཐུན་གསུམ་དང་མཚན་གྱི་ཆ་ལ་ཐུན་གསུམ་ཡོད་པའི། མཚན་ཐུན་དང་པོའི་དུས་སུ་སྨིན་མཚམས་ནས་འོད་ཟེར་མཐིང་ག་ལ་སོགས་པ་སྤྲོས་པས་བདུད་ཀྱི་གཞལ་མེད་ཁང་ལ་སོགས་པ་མོག་མོག་པོར་བྱས་ན། བདུད་ཀྱིས་དེ་རྣམས་ཅི་ཡིན་བལྟས་པས། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཤིང་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ལ་བབ་པར་ཤེས་ནས། བདུད་ཀྱིས་དེར་འོང་སྟེ། ཁྱོད་འདིར་ཅི་བྱེད་པ་ཡིན་ཞེས་
ཟེར་བ་ལ། བྱང་ཆུབ་སེམས་དཔས་ཁོ་བོ་མངོན་པར་རྫོགས་པ་སངས་རྒྱས་པའི་དུས་ལ་བབས་པའོ་ཞེས་གསུངས་པ་ལ་བདུད་ན་རེ། མངོན་པར་རྫོགས་པར་སངས་རྒྱས་པ་ལ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསག་མི་དགོས་སམ། ཞེས་ཟེར་བ་ལ། བྱང་ཆུབ་སེམས་དཔས། ཁྱོད་ཀྱིས་གཏན་པ་མེད་པའི་མཆོད་སྦྱིན་གཅིག་གིས་འདོད་ཁམས་ཀྱི་བདག་པོར་གྱུར་ན། ཁོ་བོ་ནི་བསྐལ་པ་གྲངས་མེད་གསུམ་དུ་མགོ་དང་རྐང་ལག་ལ་སོགས་པའི་ཕྱི་ནང་གི་དངོས་པོ་མཆོད་སྦྱིན་གྲངས་ལས་འདས་པས་ཅིའི་ཕྱིར་ཐར་བ་ཐོབ་མི་དགའ་ཞེས་གསུངས་པས། ཁོ་ན་རེ། བདག་གིས་གཏན་པ་མེད་པའི་མཆོད་སྦྱིན་གཅིག་བྱས་པའི་དཔ ང་པོར་ཁྱོད་ཡོད་ན། ཁྱོད་ཀྱིས་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས་པའི་དཔང་པོར་ནི་སུ་ཡང་ཡོད་པ་མ་ཡིན་ནོ་ཞེས་ཟེར་བ་ལ། བྱང་ཆུབ་སེམས་དཔས་ཕྱག་གཡས་པ་གསེར་གྱི་མདོག་ཅན་ས་ལ་བསྣུན་ཏེ། ས་འདི་འགྲོ་བ་ཀུན་གྱི་གནས་ཡིན་ཏེ། །རྒྱུ་དང་མི་རྒྱུ་མཉམ་ཤིང་ཉེ་འཁོན་མེད། །འདི་ལ་བདག་གི་དཔང་སྟེ་བདག་རྫུན་མེད། །འདི་ལ་ཁྱོད་ཀྱིས་བདག་ཉིད་དཔ ང་བྱོས་ཤིག ཞེས་གསུངས་པས། ས་རྣམ་པ་དྲུག་ཏུ་གཡོས་པའི་གསེབ་ནས་སའི་ལྷ་མོ་སྐུ་ལུས་གསེར་གྱི་མདོག་ཅན་ཕྱེད་ཕྱུང་སྟེ་སའི་རྡུལ་ཕྲ་རབ་གཅིག་ཕྱག་ཏུ་བླངས་ཏེ། ངས་དཀྱིལ་འཁོར་ཆེན་པོ་འདིའི་རྡུལ་ཕྲ་མོ་རེ་རེ་ནས་བགྲང་བར་ནུས་ཀྱི༑ བྱང་ཆུབ་སེམས་དཔའ་འདི་ཉིད་ཀྱིས་བསྐལ་པ་གྲངས་མེད་གསུམ་དུ་མགོ་དང་རྐང་ལག་ལ་སོགས་པའི་ཕྱི་ནང་གི་མཆོད་སྦྱིན་བསམ་ལས་འདས་པའི་གྲངས་ནི་བགྲང་བར་མི་ནུས་སོ། །སྐྱེས་བུ་ཆེན་པོས་གསུངས་པ་དེ་དེ་བཞིན་ནོ། །འདི་ནི་བདག་ལ་མངོན་སུམ་མམ། འོན་ཀྱང་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱང་དཔང་དུ་གྱུར་པ་ལགས་སོ༑ ༑ཞེས་སྨྲས་པས། དགའ་རབ་དབང་ཕྱུག་སྐྱེངས་ཏེ་ཡུད་ཙམ་གྱིས་རང་གནས་སུ་སོང་ནས་བདུད་དམག་བྱེ་བ་དུང་ཕྱུར་གྱི་འཁོར་ཚོགས་དང་བཅས་འོང་སྟེ། ཁ་ཅིག་གིས་རི་རབ་འཕེན། ལ་ལས་ཉི་ཟླ། ལ་ལས་སྒྱོོགས་དང་། མདུང་ཐུང་རལ་གྲི་ཤང་ལང་ལ་སོགས་པའི་མཚོན་ཆ་སྣ་ཚོགས་འཕངས་བའི་ཚེ། བྱང་ཆུབ་སེམས་དཔའ་བྱམས་པའི་ཏིང་ངེ་འཛིན་ལ་
བཞུགས་ཏེ། མཚོན་ཆ་རྣམས་མེ་ཏོག་མདའ་ལྔ་པར་བྱིན་གྱིས་བརླབས་པས། བདུད་རྒྱལ་དགའ་རབ་དབང་ཕྱུག་དཔུང་དང་བཅས་རང་གནས་སུ་ལོག་སྟེ་སྡུག་བསྔལ་གྱི་ཁུང་བུར་ཚུད། ལག་པ་འགྲ མ་པ་ལ་བཀབ། སེམས་ཁོངས་དུ་ཆུད་དེ་གནས་པའི་ཚེ། བདུད་ཀྱི་བུ་མོ་དགའ་བྱེད་མ། སྦྱོར་སྔགས་མ་འཇུག་སྲེད་མ་གསུམ་དེར་འོང་སྟེ། ཡབ་རྒྱལ་པོ་ཅིའི་ཕྱིར་མྱ་ངན་མཛད་ཅེས་ཞུས་པས། ཁྱེད་རྣམས་ཀྱིས་མི་ཤེས་སམ་ཤཱཀྱའི་བུ་གཡོ་ཅན་དེ་ནི་བྱང་ཆུབ་ཀྱི་ཤིང་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོར་མ་ལོན་པར་བདག་ཅག་རྣམས་གཡུལ་ལས་འདས་སྟེ་མཐར་ཡུལ་ཡང་སྟོང་པར་འགྱུར་རོ། །ཞེས་སྨྲས་པས། བུད་མེད་གསུམ་གྱིས་ཡབ་རྒྱལ་པོ་མྱ་ངན་མཛད་མི་དགོས། དེ་བུད་མེད་ཀྱི་གཡོ་སྒྱུ་སུམ་ཅུ་རྩ་གཉིས་ཀྱིས་བསླུ་བར་བྱའོ། །ཞེས་ཟེར་ནས་བྱང་ཆུབ་སེམས་དཔའ་དེའི་དྲུང་དུ་ལྷགས་ཏེ་བཞིན་འཛུམ་པ་དང་། སྨིན་མ་གཡོ་བ་ལ་སོགས་པ་གཡོ་སྒྱུ་སུམ་ཅུ་རྩ་གཉིས་བསྟན་པས། བྱང་ཆུབ་སེམས་དཔའ་མི་སྡུག་པའི་ཏིང་ངེ་འཛིན་ལ་བཞུགས་ནས་དེ་རྣམས་རྒན་མོར་བྱིན་གྱིས་བརླབས་སོ། །སླར་ཡང་བྱམས་པའི་ཏིང་འཛིན་ལ་བཞུགས་ཏེ་བདུད་དམག་འཁོར་བཅས་བྱམས་པ་ཆེན་པོས་བཏུལ་ནས། །སྐྱབས་སུ་སོང་བསྟོད་པ་ཕུལ་བ་ནི། རྣམ་དག་སྐུ་མངའ༴ སོགས། ཞེས་བདུད་དམག་འཁོར་བཅས་ཀྱིས་བསྔགས་པའོ། །དེ་ནས་དགུང་ལོ་སོ་ལྔ་པ་ས་ག་ཟླའི་ཉའི་མཚན་ཐ་མའི་ཐོ་རེངས་རྒྱལ་རྔ་བརྡུང་དུ་ཉེ་བའི་ཚེ་བདུད་བཞི་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་བཅོམ་ནས་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ནོ། །དེའི་ཚེ་ཕྱི་རོལ་དུ་ཉི་ཟླ་གཟས་ཟིན་པ་དང་། ས་འཚོ་མའི་མངལ་ལས་སྲས་བལྟམས་པས་མཚན་ཡང་སྒྲ་གཅན་འཛིན་དུ་བཏགས་སོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་གྱི་བར་དུ་ཆོས་མ་གསུངས་བར་ཐུགས་མི་གཡོ་བར་མཉམ་པར་གཞོལ་ཏེ། ཟབ་ཞི་སྤྲོས་འོད་གསལ༴ སོགས། ཞེས་གསུངས་ཏེ། ཞག་བདུན་ཕྲག་དང་པོ་ལ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས། གཉིས་པ་ལ་ཤིང་དེ་ཉིད་ལ་སྤྱན་མི་འཛུམ་པ་གཟིགས། གསུམ་པ་ལ་སྟོང་གསུམ་རྒྱ་རིང་དུ་འཆགས། བཞི་པ་ལ་ཤར་ནུབ་
ཀྱི་རྒྱ་མཚོའི་བར་འཆག ལྔ་པར་ཀླུ་བཏང་བཟུང་གི་གནས་སུ་གཤེགས། དྲུག་པར་ཤིང་ཛེ་ཏའི་ཚལ་དུ་བཞུགས། བདུན་པ་ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་པའི་ཚེ། ཚོང་པ་ག་གོན་དང་བཟང་སྐྱོང་གིས་སྦྲང་རྩི་ལ་སོགས་པ་ཕུལ་ཞིང་། རྒྱལ་ཆེན་བཞིས་རྡོའི་ལྷུང་བཟེད་བཞི་ཕུལ་བས་གཅིག་ཏུ་བྱིན་རླབས་མཛད་དེ་བཞེས་སོ། །ཚོང་པ་གཉིས་ལ། ལྷ་ཡི་བཀྲ་ཤིས་དོན་གྲུབ་པ། །ཕྱོགས་རྣམས་བཀྲ་ཤིས་བྱེད་པ་སྟེ། །ཁྱོད་ཀྱི་དོན་རྣམས་འགྲུབ་གྱུར་ཏེ། །ཐམས་ཅད་མྱུར་དུ་མཐུན་པར་ཤོག ཅེས་གསུངས་ཏེ་སྦྲང་རྩི་འབྱུ ང་བའི་རྒྱལ་པོར་ལུང་བསྟན་པ་ཡི ན་ནོ། །དེ་ནས་སྔོན་གྱི་སྨོན་ལམ་གྱི་མཐུ་ལས་ཚངས་པ་གཙུག་ཕུད་འཛིན་འཁོར་བརྒྱད་ཁྲི་བཞི་སྟོང་དང་བཅས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དེ་ཉིད་ཕུལ་ནས་ཆོས་ཀྱི་བསྐུལ་བ་འདི་ལྟར་ཞུས་ཏེ། ཡེ་ཤེས་ཆེན་པོ་མཆོག་གི་དཀྱིལ་འཁོར་སྒྲུབ་ནས་ནི༑ ༑ཕྱོགས་བཅུ་ཀུན་ཏུ་འོད་ཟེར་རྣམ་པར་བཀྱེ་མཛད་པས། །ཡེ་ཤེས་ཟེར་གྱིས་བློ་ཡི་པདྨོ་ཁ་འབྱེད་པ། །སྨྲ་བའི་ཉི་མ་ཅི་སླད་དེ་རིང་བཏང་སྙོམས་བཞུགས། ཞེས་དང་། མ་ག་དྷ་ཡི་ཡུལ་འདིར་སྔོན་ཆད་ཆོས། །མ་དག་དྲི་མའི་ཚོགས་ཀྱིས་འགྲེལ་བར་གྱུར། །དབྱེ་བར་མཛོད་ཅིག་བདུད་རྩི་སྒོ་མོ་ཆོས། །རྡུལ་བྲལ་དྲི་མ་མེད་པར་བཤད་དུ་གསོལ། ཞེས་བསྐུལ་བས་ཀྱང་མ་གནང་། ཡང་བརྒྱ་བྱིན་འཁོར་བཅས་གྲོགས་སུ་སྦྲན་ཏེ་བརྒྱ་བྱིན་གྱིས་གསེར་གྱི་མཎྜལ་དཔག་ཚད་ལྔ་བཅུ་ཡོད་པ་དེ་དང་། དུང་དཀར་པོ་གཡས་སུ་འཁྱིལ་བ་དེ་གཉིས་ཕུལ་ཏེ། ཟླ་བ་ཉ་བ་གཟའ་ལས་ཐར་བ་ལྟར། །ཁྱོད་ཀྱི་ཐུགས་ནི་རྣམ་པར་གྲོལ་བ་ལགས། །གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པ་ཤེས་རབ་འོད་དབྱུང་གསོལ། ཞེས་ཞུས་པས་ཚངས་པ་དང་བརྒྱ་བྱིན་གཉིས་འཇིག་རྟེན་གྱི་གཙོ་བོ་ཡིན་པས་དེ་དག་གིས་གསོལ་བ་བཏབ་ནས་ཆོས་གསུངས་ན་གདུལ་བྱ་རྣམས་ཆོས་ལ་འཇུག་པའི་དགོས་པ་ཁྱད་པར་ཅན་དུ་གཟིགས་ནས་གསོལ་བ་འདེབས་སུ་བཅུག་པ་ཡིན་ཏེ། ཇི་སྐད་དུ། འཇིག་རྟེན་ཀུན་ལ་སྙིང་པོ་མཐའ་ཡས་པས། །གཞན་གྱིས་གསོལ་བ་བཏབ་ལ་ང་མི་ལྟོས། །སྐྱེ་བོ་དེ་དག་ཚངས་ལ་དད་པ་སྟེ། །དེ་ཡིས་གསོལ་བ་བཏབ་ན་ཆོས་འཁོར་བསྐོར། ཞེས་
གསུངས་ཏེ། ཆུ་སྟོད་ཟླ་བའི་ཚེས་བཞི་ལ་ཝ་ར་ནཱ་སིར་ཕེབས་ཏེ། སྔར་འདས་པའི་སངས་རྒྱས་འཁོར་བ་འཇིགས། གསེར་ཐུབ། འོད་སྲུང་རྣམས་ཀྱི་ཁྲི་ལ་ཕྱག་དང་བསྐོར་བ་སོགས་མཛད་དེ་ཁྲི་བཞི་པའི་སྟེང་དུ་བཞུགས་སོ། །དེ་ནས་འཁོར་གྱི་གཙོ་བོ་ཀུན་ཤེས་ཀོའུ་དི་ནྱ། རྟ་ཐུལ། རླངས་པ། མིང་ཆེན་སྐྱེས། བཟང་ལྡན་ཏེ་འཁོར་ལྔ་སྡེ་བཟང་པོ་ལ་བཀའ་དང་པོ་བདེན་པ་བཞི་ཐེག་དམན་གྱི་དོན་ཏུ་རྒྱུ་འབྲས་དྲང་དོན་ཁོ་ནར་གསུངས་པ་དང་། བྱ་རྒོད་ཕུང་པོའི་རིར་འཁོར་བྱང་ཆུབ་སེམས་དཔའ་ལ་དངོས་ཞེན་དགག་པའི་ཕྱིར་སྟོང་ཉིད་གཙོ་བོར་སྟོན་པ་བཀའ་བར་བ་མཚན་ཉིད་མེད་པ་དང་། ཡངས་པ་ཅན་དང་རི་བོ་བྱ་རྐང་ལ་སོགས་པར་འཁོར་ལྷ་དང་མི་ལ་འགྲོ་བའི་ཁམས་རྣམས་བདེ་གཤེགས་སྙིང་པོར་བསྟན་པའི་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པ་སྟེ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ཞིང་། དེ་ནས་མཉན་ཡོད་དུ་གཤེགས་ཏེ་མཆུ་ཟླའི་ཚེས་གཅིག་ནས་བརྒྱད་ཀྱི་བར་ཐུན་མོང་གི་ཆོ་འཕྲུལ་དང་། བརྒྱད་ནས་བཅོ་ལྔའི་བར་དུ་ཐུན་མོང་མ་ཡིན་པའི་ཆོ་འཕྲུལ་སྣ་ཚོགས་སུ་བསྟན་པའི་སྒོ་ནས་བདུད་དང་མུ་སྟེགས་རྣམ་ཚར་བཅད་ནས་མཐར་དགུང་ལོ་བརྒྱད་ཅུ་རྩ་གཅིག་པ་ལྕགས་འབྲུག་ས་གའི་ཉ་ལ་གྱད་ཡུལ་རྩྭ་ཅན་གྱི་ཤིང་སཱ་ལ་ཟུང་གི་བར་གཤེགས་ཏེ་འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་བཤིགས་ནས་སྐུ་གདུང་ཆ་བརྒྱད་དུ་བྱས་སྟེ་མྱ་ངན་ལས་འདས་པ་ཡིན་ཏེ། འདུལ་བ་ལུང་ཕྲན་ཚེགས་ལས། སྤྱན་ལྡན་སྐུ་གདུང་བྲེ་བོ་བརྒྱད་དག་ལས། །བདུན་ནི་འཛམ་བུ་གླིང་པས་མཆོད་པར་ཐོབ། །སྐྱེས་མཆོག་དེ་ཡི་བྲེ་བོ་གང་ཞིག་ནི། །གྲོང་ཁྱེར་སྒྲ་སྒྲོག་ཀླུ་ཡི་རྒྱལ་པོས་ཐོབ། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་དག་ལས། །གཅིག་ནི་རྩ་གསུམ་ལྷ་ཡི་རྒྱལ་པོས་མཆོད། །གཉིས་པ་ཚིགས་འཛིན་ཡིད་འོང་གྲོང་ཁྱེར་ན། །གསུམ་པ་ཀ་ལིང་ག་ཡི་རྒྱལ་པོས་ཐོབམ། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་པ་ནི། །གྲོང་ཁྱེར་སྒྲ་སྒྲོག་གླུ་ཡི་རྒྱལ་པོས་མཆོད། ཅེས་སོ། དེ་ལྟ་བུ་བསོད་ནམས་ཐུན་མོང་མ་ཡིན་པས་གཞན་ལས་ཁྱད་པར་འཕགས་པས་ན་སྐུ་བསོད་ནམས་ཆེན་པོས་འདུལ་བ་ཞེས་བྱའོ། །གཉིས་པ་ཐུགས་མངོན་སུམ་པས་འདུལ་བ་བཤད་པ་ནི། དུས་བཞི་ཀུན་ཏུ་མཁྱེན་པ་
དང་། ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཀུན་ཏུ་མཁྱེན་པ་དང་། རྫུ་འཕྲུལ་གྱི་སྤྱན་གྱིས་ཐམས་ཅད་ཀུན་ཏུ་གཟིགས་པ་དང་། རྫུ་འཕྲུལ་སོགས་ནས། མངོན་པར་ཤེས་པ་ཆེན་པོ་དྲུག་དང་ཞེས་པ་དེས་བསྟན། དེའི་དོན་ནི། སྔོན་གྱི་གནས་རྗེས་དྲན་གྱིས་འདས་པ་ལ་སོགས་པ་དུས་བཞི་ཀུན་ཏུ་སྒྲིབ་པ་མེད་པ་མཁྱེན་པ་སྟེ། དབུ་མ་བདེན་གཉིས་ལས། མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང་། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་པ། ཞེས་སོ། །གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་གཞན་རྒྱུད་ཀྱི་དགེ་བ་དང་། མི་དགེ་བ་དང་། ཉོན་མོངས་པ་ཤས་ཆེ་ཆུང་ལ་སོགས་པ་ལྐོག་གྱུར་གྱི་གནས་ཐམས་ཅད་མ་སྒྲིབ་པར་ས་ལེར་མཁྱེན་པ་དང་། རྫུ་འཕྲུལ་གྱི་སྤྱན་གྱིས་གཟུགས་དང་འཆི་འཕོ་ལྟུང་བྱེད་ལ་སོགས་པ་གསལ་ལ་མ་འདྲེས་པར་གཟིགས་པ་སྟེ། དཔེར་ན་གྱང་ལོག་ལ་རི་མོའི་འདུ་བྱེད་བཀོད་པ་བཞིན་ནོ། །རྫུ་འཕྲུལ་གྱི་སྙན་གྱིས་སྒྲ་ཆེ་ཆུང་ཐམས་ཅད་ཀུན་ཏུ་གསན་པ་སྟེ། དཔེར་ན་ཕྱེ་བོ་ལེའི་སྒྲ་ལ་སོགས་པའང་གསན་པའོ། །རྫུ་འཕྲུལ་གྱི་ཆོ་གས་ཀུན་ཏུ་དོན་སྤྱོད་པ་སྟེ་གདུལ་བྱ་སོ་སོའི་སྐལ་བ་དང་མཚམས་པར་སྐུ་སྟོད་ནས་ཆུ་འཛག་པ་དང་། སྐུ་སྨད་ནས་མེ་འབར་བ། མང་པོ་གཅིག་ཏུ་བསྡུས་པ། གཅིག་ནས་མང་པོ ར་སྤྲུལ་བ་སོགས་ཀུན་ཏུ་སེམས་ཅན་གྱི་དོན་སྤྱོད་པ་དང་། ཟག་པ་མེད་པའི་ཡེ་ཤེས་ཀྱིས་ཇི་ལྟར་སྤྱད་ཀྱང་གཟུང་འཛིན་གྱིས་མི་གོས་ཤིང་རྣམ་པ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་ཡོངས་སུ་རྫོགས་པའོ། །དེ་ལྟར་མངོན་པར་ཤེས་པ་དྲུག་པ་ཐུགས་ཀྱི་རྗེས་སུ་འགྲོ་ཞིང་ཤེས་བྱ་ཐམས་ཅད་ལ་མངོན་སུམ་དུ་དབང་སྒྱུར་བས་ན་ཐུགས་མངོན་སུམ་པས་འདུལ་བ་ཞེས་བཤད་དོ། །གསུམ་པ་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་འདུལ་བ་ནི། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ། ཞེས་པ་ནས། སྣང་བར་གྱུར་ཏོ་བར་གྱིས་བསྟན། དེའི་དོན་ནི། གང་འདུལ་གྱི་སྐུའི་བཀོད་པ་ལྷའི་གནས་སུ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་དང་། མིའི་གནས་སུ་འཁོར་ལོས་སྒྱུར་རྒྱལ་ལ་སོགས་པར་སོ་སོའི་སྐལ་བ་དང་འཚམས་པར་སྣང་ཞིང་། ཞལ་གྱི་དཀྱིལ་འཁོར་ཡང་གཅིག་ཏུ་མ་ངེས་ཏེ་སོ་སོར་ཞི་བ་དང་། ཁྲོ་བོ་དང་། ཞལ་གཟུགས་མི་མཐུན་
པ་ཕྲ་མེན་ལ་སོགས་པར་སྣང་བ་སྟེ། མཉམ་སྦྱོར་ལས། རེས་འགའ་ཞི་ལ་རེས་འགའ་ཁྲོ། །རེ་འགའ་གདོན་ཆེན་བགེགས་ཀྱང་མཛད། །དེ་ལ་སོགས་པ་མཐའ་ཡས་པས། །རིགས་དང་བཀོད་པ་ཐ་དད་དོ། །ཞེས་སོ། །ཆོས་སྟོན་པའི་གསུང་གི་གསང་བ་ཡང་བསམ་གྱིས་མི་ཁྱབ་སྟེ། ཕལ་པོ་ཆེ་ལས། གསུང་གཅིག་ཡན་ལག༴ རྒྱལ་བ༴ འགྲོ་བ༴ སངས་རྒྱས་གསུང་ཞེས་གསུངས་པ་ལྟར་དཔེར་ན་ཐུབ་པའི་དབང་པོས་སྦྲིད་པ་སངས་པ་ལ། ནད་པ་སྨད་པ་ཁྱིམ་བདག་མ་གསུམ་གྱིས་དོན་སོ་སོར་གོ་བ་བཞིན་ནོ། །ཐུགས་མཁྱེན་པའི་ཡེ་ཤེས་ཀྱིས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པས་སེམས་ཅན་སོ་སོའི་མོས་པ་དང་འཚམས་པར་རྫུ་འཕྲུལ་སྣ་ཚོགས་པར་སྟོན་པས་ན་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་འདུལ་བ་ཞེས་བྱའོ། །བཞི་པ་གསུང་རིགས་པས་འདུལ་བ་བཤད་པ་དེ་ལ་ཡང་མདོར་བསྟན་པ། རྒྱས་པར་བཤད་པ། དབང་པོའི་རིམ་པས་མཇུག་བསྡུ་བ་རྣམས་སུ་ཡོད་པ་ལས། དང་པོ་མདོར་བསྟན་པ་བཤད་པ་ནི་ཐམས་ཅད་ཀྱང་འདི་ལྟ་སྟེ། ཞེས་པ་ནས། བླ་ན་མེད་པའི་ཐེག་པས་ཞེས་བའི་བར་གྱིས་བསྟན། དེ་ཡང་སྤྱིར་ཐེག་པ་ཞེས་པ་ཡ་ནའི་སྒྲ་ལས་དྲངས་ན། འདེགས་པའི་དོན་ལ་འཇུག་སྟེ་ཁུར་ཁྱེར་བ་པོ་དང་། རྟ་དང་གླ ང་པོ་ཆེ་དང་། དེ་རྟེན་གྱི་སྐྱེས་བུ་ལྟ་བུ་དང་། གང་དུ་བསྒྲོད་བྱའི་གནས་ལྟ་བུ་ལ་འཇུག་པས། འདིར་ཡང་དེ་དང་མཚུངས་པར་དགེ་བཅུའི་ལས་ལམ་ལ་སྤྱད་པས་ལམ་གོང་ནས་གོང་དུ་བགྲོད་པར་བྱེད་པ་ཡིན་ཏེ། སྡུད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱེད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །དེ་གང་ཞོན་ན་སེམས་ཅན་ཐམས་ཅད་མྱ་ངན་འདའ། །ཞེས་སོ། །ཡང་མཐར་ཐུག་གི་འབྲས་བུ་ལ་དགོངས་ནས་ཐེག་པའི་རིམ་པ་གཅིག་ཏུ་གསུངས་པ་ཡང་ཡོད་དེ། སྤྱི་མདོ་ལས། གསང་ཉིད་སྙིང་པོར་ངེས་པ་ན། །ཐེག་པའི་སྒོ་ཡང་གཅིག་ལས་མེད། ཞེས་དང་། དམ་ཆོས་པདྨ་དཀར་པོ་ལས། ཐེག་པ་གཅིག་སྟེ་ཐེག་པ་གསུམ་དུ་མེད། །དེ་དག་དྲངས་བའི་དོན་དུ་བསྟན་པ་ཡིན། ཞེས་སོ། །ཡང་བསམ་གྱིས་མི་ཁྱབ་པ་ཡང་གསུངས་པ་ཡོད་དེ། ལངྐར་གཤེགས་པ་ལས། ཇི་སྲིད་སེམས་ཀྱི་འཇུག་པ་མ་ཟད་
པར། །བསམ་ཡས་ཐེག་པའི་གྲངས་མཐར་ཐུག་པ་མེད། ཞེས་དང་། སེམས་ནི་ནམ་ཞིག་གྱུར་པ་ན། །ཐེག་པའི་སྒོ་ཡང་གཅིག་ལས་མེད། ཞེས་གསུངས་པ་ལྟར། ཇི་སྲིད་བློའི་འཇུག་པ་མ་ཟད་ཀྱི་བར་དེ་སྲིད་དུ་བསམ་ཡས་ཐེག་མཐའ་ལ་ཐུག་པ་མེད་མོད་འོན་ཀྱང་རྒྱུད་གཞུང་འདིར་རིགས་ཅན་ལྔའི་གདུལ་བྱའི་དབང་གིས་སྤྲུལ་སྐུའི་གསུང་ཐམས་ཅད་རིགས་བསྡུས་ཏེ་ཐེག་པའི་བྱེ་བྲག་ལྔར་ཕྱེ་ནས་བསྟན་ཏེ། དང་པོ་མངོན་མཐོ་ལྷ་མིའི་ཐེག་པ་ནི། དེ་བ་ཞེས་པའི་སྒྲ་ལས་དྲངས་ན། བདེ་བ་ལ་རོལ་བའི་དོན་གྱིས་ལྷ་དང་། མ་ནུ་ཥྱའི་སྒྲ་ལས་དྲངས་ན་ཡིད་ཤས་ཆེ་བས་མི་སྟེ་བསོད་ནམས་ཀྱི་བྱེ་བྲག་ལས་རྟེན་བཟང་པོར་གྱུར་པའོ། །དེའི་འཇུག་སྒོ་ནི་དགེ་བ་བཅུ་ལ་འཇུག་ཅིང་འཇིག་རྟེན་ཕྱི་མ་དང་ལས་འབྲས་ལ་ཡིད་ཆེས་པའི་སྒོ་ནས་སྤྱད་ན་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཞེས་བྱ་སྟེ། ཆེད་དུ་བརྗོད་པའི་ཚོམ་ལས། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བ་མི་སྲིད་དོ། །ཞེས་སོ། །ཡང་དག་པའི་ལྟ་བ་འདི་དང་བྲལ་ན་མི་དགེ་བའི་ལས་སྲོག་གཅོད་པ་དང་། མ་བྱིན་པ་ལེན་པ་སོགས་སྤངས་ཀྱང་མཐར་འབྲས་བུ་རྣམ་པར་མི་ཟད་པ་ཁོ་ན་མྱོང་དགོས་ཏེ་སློབ་དཔོན་ཀླུ་སྒྲུབ་ཀྱི་བཤེས་སྤྲིང་ལས། གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང་། །དེ་ནི་རྣམ་པར་སྨིན་པ་མི་བཟད་སྤྱོད། །ཞེས་གསུངས་པ་ལྟར། མི་དགེ་བཅུ་ནི་ལུས་ཀྱི་ལས་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ༑ མི་ཚངས་པ་སྤྱོད་པ། ངག་གི་ལས་རྫུན། ཕྲ་མ། ཚིག་རྩུབ། ངག་འཆལ་པ། ཡིད་ཀྱི་ལས་བརྣབ་སེམས། གནོད་སེམས། ལོག་ལྟ་རྣམས་ཏེ། དེ་ལྟར་མི་དགེ་བ་བཅུ་སྤང་ནས་དགེ་བ་བཅུ་ལ་སྤྱད་པའི་འབྲས་བུ་ལྷ་དང་མི་ལ་སོགས་པའི་གནས་བགྲོད་པར་བྱེད་ཅིང་། དེའི་ནང་ནས་དགེ་བའི་ལས་སྟོབས་ཆེ་ཆུང་གིས་མིའི་བདེ་བའི་མཐར་ཐུག་གི་འཁོར་ལོས་སྒྱུར་རྒྱལ་དང་། འདོད་ལྷའི་བདེ་བའི་མཐར་ཐུག་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོར་གྱུར་པའོ། །དེ་ཡང་སྔར་གྱི་དགེ་བཅུའི་སྤྱོད་པ་གཞིར་བཞག་གི་སྟེང་དུ་ཚད་མེད་བཞི་དང་། བསམ་གཟུགས་ཀྱི་སྙོམ་འཇུག་བརྒྱད་བསྒོམ་པས་ཁམས་གོང་མའི་གནས་བགྲོད་པར་བྱེད་
ཅིང་། དེ་ཡང་སྔ་མ་ལ་གཙོ་བོའི་སྒྲས་སྨྲོས་པས་ལྷའི་ཐེག་པ་དང་། ཕྱི་མ་ལ་པྲཱ་ཧ་མའི་སྒྲ་ལས་དྲངས་ན་ཚངས་པ་དང་གཙང་བ་སོགས་ལ་འཇུག་པས། འདིར་ཡང་ཉོན་མོངས་པས་གཙང་ཞིང་འདོད་ཆགས་དག་པར་བྱེད་པའི་དོན་གྱིས་ཁམས་གོང་མའི་ལྷ་ཐམས་ཅད་ལ་ཚངས་པའི་ཐེག་པ་ཞེས་བཤད་དོ། །དེ་ཡང་། རྒྱས་པ་ལས། དགེ་བཅུ་སྤྱོད་ཅིང་མི་དགེ་སྤོང་བྱེད་པ། །འདོད་ཁམས་ལྷ་དང་མི་རུ་སྐྱེ་བའི་རྒྱུ། །རྒྱུ་ཚད་བཞི་སྤྱོད་མི་གཡོ་སྒོམ་བྱེད་པ༑ ༑ཚངས་རིས་ལ་སོགས་སྐྱེ་བའི་རྒྱུ་ཡིན་ནོ། །ཞེས་སོ། །གཉིས་པ་ཉན་ཐོས་ཀྱི་ཐེག་པ་ནི། ཤྲ་ཝ་ཀའི་སྒྲ་ལས་དྲངས་ན། རང་གི་སྟོན་པ་ལས་ཆོས་ཉན་ཅིང་རང་གིས་ཐོས་པའི་དོན་གཞན་ལ་སྟོན་པར་བྱེད་པས་ན་ཉན་ཐོས་སམ་ཐོས་སྒྲོག་ལ་འཇུག་སྟེ། གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ནས་ནང་རིགས་པའི་སྡེ་སྣོད་ལ་ཐོས་བསམ་ཚུལ་བཞིན་དུ་བྱས་ཏེ་དེའི་དོན་སྒོམ་པར་བྱེད་པའི་ཉམས་ལེན་ཏེ། དེའི་འཇུག་སྒོ་ནི་བདེན་པ་རྣམ་པ་བཞིའི་སྒོ་ནས་འཇུག་སྟེ། དེ་ཡང་ལམ་སྟོན་དགེ་བའི་བཤེས་གཉེན་ལས་འདུལ་བའི་སྡེ་སྣོད་ཉན་ཅིང་ཐོས་དོན་བསམ། བསམ་དོན་སྒོམ་པ་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་སྒོམ་པ། ཞེ་སྡང་གི་གཉེན་པོར་བྱམས་པ་སྒོམ་པ། གཏི་མུག་གི་གཉེན་པོར་རྟེན་ཅིང་འབྲེལ་འབྱུང་རྣམས་སྒོམ་པས་སེམས་ལས་སུ་རུང་བའི་ཞི་གནས་དང་། བདེན་བཞི་རྣམ་པ་བཅུ་དྲུག་བསྒོམ་པས་ལྷག་མཐོང་གི་མཐོང་སྤང་ཡེ་ཤེས་བཅུ་དྲུག་གི་རིམ་པས་སྦྱངས་པས་མཐོང་ལམ་ཐོབ་པའི་རྗེས་ལ་སྒོམ་ལམ་གྱི་འདོད་ཉོན་དགུའི་བཞི་མན་ཆད་ཙམ་དང་དྲུག་ནས་བརྒྱད་ཀྱི་བར་དང་། དགུ་པ་སྤངས་པའི་རིམ་པས་གནས་ཀྱི་འབྲས་བུ་རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་པ་བགྲོད་ནས་མཐར་ཐུག་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་སྤོང་པར་བྱེད་པ་ཡིན་ཏེ། རྒྱས་པ་ལས། བདེན་བཞིའི་དོན་རྟོགས་རབ་ཏུ་སྤོང་བྱེད་པ། །ཡེ་ཤེས་བཅུ་དྲུག་ཆ་སྦྱངས་རབ་ཞི་བ། །རྒྱུན་ཞུགས་ལ་སོགས་རིམ་པས་སྦྱངས་ནས་ནི། །ཉོན་མོངས་དགྲ་རྣམས་ཞི་བའི་ས་རུ་འགྲོ། ཞེས་སོ། །དེའི་ལྟ་བ་ནི། དངོས་པོ་གཟུང་ཡུལ་རགས་པ་དང་། དེ་འཛིན་པའི་ཤེས་པ་རྒྱུན་དང་སྐད་ཅིག་བཅས་པ་དེ་ཉིད་སྙིང་པོ་དང་བློས་
གཞིག་པས་རང་བཞིན་མེད་པར་རྟོགས་ཀྱང་ཆོས་ཀྱི་བདག་གཟུགས་རྡུལ་ཕྲ་བ་དེ་ཉིད་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་བསྐོར་བ་བར་དང་བཅས་བར་མེད་དང་། གཡག་རྔ་དང་ནེའུ་གསིང་ཚོགས་པ་ལྟ་བུར་འདོད་ཅིང་། མདོ་སྡེ་བ་རྣམས་ཀྱིས་དེ་ཉིད་རེག་ལ་མ་འབྱར་བ་འབྲུའི་ཕུང་པོ་སྤུང་པ་ལྟ་བུར་འདོད་ཅིང་། གཉིས་ཀས་འཛིན་སེམས་སྐད་ཅིག་མ་དང་དོན་དམ་དུ་གཏན་ལ་ཕབ་ནས། རང་དོན་དུ་སོ་ཐར་རིགས་བརྒྱད་དམ་མཆོག་དགེ་སློང་གི་སྡོམ་པ་ཐོབ་ནས་ཁྲིམས་ཉིས་བརྒྱ་ལྔ་བཅུ་སྲུང་བ་ཡིན་ཏེ། དེ་ལ་སོ་ཐར་རིགས་བརྒྱད་ནི། མཛོད་ལས། སོ་སོར་ཐར་ཞེས་བྱ་རྣམ་བརྒྱད། །རྫས་སུ་རྣམ་པ་བཞི་ཡིན་ཏེ། །མཚན་ལས་མིང་ནི་འཕོ་བའི་ཕྱིར། །ཐ་དད་དེ་དག་འགལ་བ་མེད། །སྤང་བྱ་ལྔ་བརྒྱད་བཅུ་དང་ནི། ཐམས་ཅད་སྤོང་བར་མནོས་པ་ཡིན། །དགེ་བསྙེན་དང་ནི་བསྙེན་གནས་དང་། །དགེ་ཚུལ་ཆེད་དང་དགེ་སློང་མཆོག ཞེས་གསུངས་པ་ལྟར་གྱི་ཕམ་པ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། སོར་བཤགས་བཞི། ལྟུང་བྱེད་འབའ་ཞིག ཉེས་བྱས་ཀྱི་སྡེེ་ཚན་བརྒྱ་དང་བཅུ་གཉིས་རྣམས་སོ། །གསུམ་པ་རང་རྒྱལ་གྱི་ཐེག་པ་ནི། པྲ་ཏྱེ་ཀ་བུདྡྷའི་སྒྲ་ལས་དྲངས་ན་སློབ་དཔོན་མ་བརྟེན་པར་རང་གི་བྱང་ཆུབ་རང་གིས་ཐོབ་པས་རང་རྒྱལ་ལམ་རང་བྱང་ཆུབ་ཅེས་བྱའོ། །དེའི་བསྟན་པ་ནི། སངས་རྒྱས་རྣམས་མ་བྱོན་ཞིང་། ཉན་ཐོས་རྣམས་ཟད་པའི་བསྐལ་པའི་བར་སྐབས་སུ་འབྱུང་སྟེ། དབུ་མ་རྩ་ཤེར་ལས། སངས་རྒྱས་རྣམས་ནི་མ་བྱོན་ཞིང་། །ཉན་ཐོས་རྣམས་ནི་ཟད་པ་ན ། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་པ་མེད་པར་རབ་ཏུ་སྐྱེ། ཞེས་སོ། དེའི་འཇུག་སྒོ་ནི་རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་འཇུག་སྟེ། དེ་ཡང་དུར་ཁྲོད་ལ་སོགས་པའི་གནས་སུ་ཕྱིན་པས་ཤི་བའི་རུས་པ་མཐོང་བས་རྐྱེན་བྱས་ཏེ། རུས་པ་དེ་གང་ནས་བྱུང་བརྟགས་པས་ཤི་བ་ལས་བྱུང་། དེ་གང་ནས་བྱུང་བརྟགས་པས་སྐྱེེ་བ་ལས་བྱུང་བ་སོགས་མཐར་དེ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་ལས་བྱུང་བར་གོ་སྟེ་མ་རིག་པ་དེ་བཀག་ན་འཁོར་བ་ཐམས་ཅད་ཀྱི་སྒོ་ཁེག་པར་གོ་ནས་ལུགས་ལྡོག་སྟོང་པ་བཅུ་གཉིས་ཁྲིགས་ཆགས་སུ་བསྒོམ་པས་སྒྲ་མེད་ལུས་ཀྱི་རྫུ་འཕྲུལ་གྱིས་གཞན་དད་པར་བྱེད་པ་དང་། དེའི་
ལྟ་བ་ནི། གང་ཟག་གི་བདག་མེད་རྟོགས་པ་ཉ ན་ཐོས་དང་འདྲ་བ་ལ། ཆོས་ཀྱི་བདག་གཟུང་རྡུལ་ཕྲ་བ་དེ་ཉིད་ཤེས་པ་སྐད་ཅིག་གི་དོན་དུ་འདོད་པས་བདག་མེད་ཕྱེད་གཉིས་རྟོགས་པའི་ཐ་སྙད་དང་བཅས་ཤིང་། སློབ་བྱའི་གནས་ཀྱང་ཕལ་ཆེར་ཉན་ཐོས་དང་ཆ་འདྲ་ལ། དེའི་སྟེང་རང་རྒྱལ་སྤྱིའི་ཆོས་སྐད་ལ་ཕྱི་ནང་གི་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལུགས་ལྡོག་ཏུ་སྒོམ་པས། གནས་སྐབས་ལམ་གྱི་འབྲས་བུ་དབང་པོ་རབ་བསེ་རུ་ལྟ་བུ་གཅིག་པུར་གནས་པ་དང་། འབྲིང་དང་ཐ་མ་གཉིས་ཚོགས་ན་སྤྱོད་པ་བྱ་བཞིན་ཁྱུར་ཚོགས་པ་དང་། མཐར་ཐུག་གི་འབྲས་བུ་བསྐལ་བ་ཆེན་པོ་ལྔ་ལ་ཡིད་བཞིན་བདེ་བ་མཆོག་གི་ས་མངོན་དུ་བྱེད་པ་ཡིན་ཏེ། རྒྱས་པ་ལས། ཕྱི་ནང་རྟེན་འབྲེལ་སྒྱུ་མ་མིག་ཡོར་ཚུལ་ཤེས་ཤིང་། །དང་པོའི་གཟུགས་ལ་ཐོགས་མེད་རབ་ཏུ་སྤྱོད། །དགེ་བཤེས་མི་སློབ་རང་གི་རིག་པས་རྟོགས། །བྱང་ཆུབ་སར་བསྒྲོད་ཡིད་བཞིན་བདེ་བ་མཆོག ཞེས་སོ། །བཞི་པ་བྱང་ཆུབ་སེམས་དཔའི་ཐེག་པ་ནི། སེམས་བསྐྱེད་རྒྱ་ཆེ་བས་གཞན་དོན་འབའ་ཞིག་ལ་སྤྱོད་པ་དང་། ཤེས་རབ་རྒྱ་ཆེ་བས་བདག་མེད་གཉིས་ཀྱི་དོན་རྣམ་པར་མཐོང་བ་ཡིན་པས་དེ་དག་ཐེག་པ་ཆུང་ངུ་རྣམས་ལ་མེད་པའི་ཕྱིར་ཏེ། བདེ་བར་གཤེགས་པའི་གཞུང་སྣང་འབྱེད་ལས། ཐུགས་རྗེས་སེམས་ཅན་ལ་དམིགས་ཤིང་། །ཤེས་རབ་ཀྱིས་ནི་ཆོས་ཀུན་ཁྱབ། །ཐེག་པ་ཆེན་པོ་ཞེས་བྱ་བས། །དེ་ལས་ལྡོག་ན་གཞན་ཉིད་དོ། །ཞེས་སོ། །དེ་ལྟ་བུའི་བྱང་ཆུབ་སེམས་དཔའི་ཐེག་པ་དེ་ནི། བོ་དྷི་ས་ཏྭ་ཞེས་པའི་སྒྲ་ལས་དྲངས་ན། བླ་ན་མེད་པའི་བྱང་ཆུབ་གྲུབ་པ་ལ་སེམས་དཔའ་བའམ་སྙིང་སྟོབས་ཆེ་བས་ན་བྱང་ཆུབ་སེམས་དཔའི་ཐེག་པ་ཞེས་བྱ་སྟེ། སྡུད་པ་ལས། བློ་ཆེ་བ་དང་གཏོང་བ་ཆེ་བ་སེམས་དཔའ་དང་། །གོ་ཆ་ཆེན་པོ་བསྒོ་ཞིང་བདུད་ཀྱི་སྒྱུ་འདུལ་བ། །རྒྱུ་དེ་ངེས་ནི་བྱང་ཆུབ་སེམས་ཞེས་དེ་ལ་བྱ། ཞེས་སོ། །དེའི་འཇུག་སྒོ་ནི། བདེན་པ་གཉིས་ཀྱི་སྒོ་ནས་འཇུག་སྟེ། བདེན་གཉིས་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་སུ་ཡང་དག་འདུ། ཞེས་གསུངས་ལྟར། ཀུན་རྫོབ་བདེན་པ་དང་། དོན་དམ་བདེན་པ་གཉིས་ལས། དང་པོ་ཀུན་རྫོབ་བདེན་པ་ནི། འདི་ལྟར་སྣང་བའི་ཆོས་ཐམས་ཅད་བློའི་སྤྱོད་ཡུལ་
དུ་གྱུར་པ་མཐའ་དག་ཡིན་ཏེ། དབུ་ུམ་བདེན་གཉིས་ལས། བསླུ་ཞེས་བློ་ཡི་ཡུལ་གྱུར་པ། །ཀུན་རྫོབ་སྤྱིའི་མཚན་ཉིད་ཡིན། །ཞེས་གསུངས་བ་ལྟར། སྣང་ལ་དོན་བྱེད་ནུས་པ་མཁའ་ཟླ་ལྟར་ཡང་དག་པའི་ཀུན་རྫོབ་དང་། སྣང་ལ་དོན་བྱེད་མི་ནུས་པ་ཆུ་ཟླ་ལྟར་ལོག་པའི་ཀུན་རྫོབ་གཉིས་ཏེ། སྔ་མ་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱ། ཞེས་སོ། །གཉིས་པ་དོན་དམ་བདེན་པ་ནི། འདི་ལྟར་སྣང་བའི་ཆོས་ཐམས་ཅད་མི་དམིགས་ཤིང་སྤྲོས་བྲལ་བར་གཏན་ལ་ཕབ་ནས། མ་སྐྱེས་མི་འགག་ནམ་མཁའི་ངོ་བོར་གནས་པ་ཡིན་ཏེ། སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པར། སྨྲ་བསམ་བརྗོད་མེད་སོགས་དང་། ཡེ་ཤེས་སྙིང་པོ་ཀུན་བཏུས་ལས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་དུ་ཡང་མེད། །མཐའ་བཞི་ལས་གྲོལ་དབུ་ུམ་པ། ཞེས་སོ། །བདེན་པ་གཉིས་པོ་དེ་ཡང་ཐ་སྙད་སྣང་ཙམ་ཕྱོགས་ཀྱི་དབང་དུ་བྱས་ན་ཐ་དད་ཀྱང་། དོན་གནས་ལུགས་ཀྱི་དབང་དུ་བྱས་ན་དབྱེར་མེད་ངོ་བོ་གཅིག་ཏུ་གནས་པ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས ། བུ་རམ་རང་བཞིན་མངར་བ་དང་། །མེ་ཡི་རང་བཞིན་ཚ་བ་སྟེ། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་འདོད། ཞེས་སོ། །དེའི་ལྟ་བ་ནི། སེམས་ཙམ་པས་འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཤེས་པ་རང་བཞིན་རང་གསལ་དང་། དབུ་མ་བས་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བར་གཏན་ལ་ཕབ་ནས། གཉིས་ཀས་ཀུན་རྫོབ་སྒྱུ་མ་ཙམ་དུ་ལས་རྒྱུ་འབྲས་མི་འགོག་ཅིང་། བསླབ་བྱའི་གནས་ཀྱང་དགེ་བ་ཆོས་སྡུད་དང་། སེམས་ཅན་དོན་བྱེད་དང་། ཉེས་སྤྱོད་སྡོམ་པས་བསྡུས་པའི་ཚུལ་ཁྲིམས་རྣམས་སུ་ཡོད་པ་ལས། དང་པོ་དགེ་བ་ཆོས་སྡུད་ཀྱིས་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་། ཕ་རོལ་དུ་ཕྱིན་པ་དྲུག་དང་བཅུ་ལ་སོགས་པའི་སྒོ་ནས་ཉམས་སུ་ལེན་པར་བྱེད་པ་དང་། སེམས་ཅན་དོན་བྱེད་ནི། བསམ་སྦྱོར་ཐམས་ཅད་སེམས་ཅན་གྱི་དོན་ཁོ་ནར་སྤྱོད་པ་དང་། ཉེས་སྤྱོད་སྡོམ་པས་བསྡུས་པའི་ཚུལ་ཁྲིམས་ཞེས་པ། དབུ་མའི་ལུགས་ལ། སྡོམ་པ་ཡོད་མེད་ཀུན་ལ་སེམས་བསྐྱེད་སྐྱེ་བས་རྟེན་
སོ་ཐར་གྱི་སྡོམ་རྟེན་དགོས་པ་མ་བཤད་ཀྱང་། སེམས་ཙམ་པའི་ལུགས་ལ་སྡིག་པ་ཅན་ལ་སེམས་བསྐྱེད་མི་སྐྱེ་ཞིང་། ཁྱད་པར། འཕགས་པ་ཐོགས་མེད་ཀྱིས་བྱང་སར་ཉེས་སྤྱོད་སྡོམ་པས་བསྡུས་པའི་ཚུལ་ཁྲིམས་ཞེས་པ་སོ་ཐར་རིགས་བདུན་ལ་བཤད་ཅིང་། དེའི་བསླབ་པ་མ་ཉམས་པ་གཞིར་བཞག་གི་སྟེང་། བྱང་ཆུབ་སེམས་དཔའི་ཐེག་པ་ལ་སྨོན་པས་སྨོན་པ་སེམས་བསྐྱེད་དང་། དེའི་ལམ་དུ་འཇུག་པས་འཇུག་པ་སེམས་བསྐྱེད་གཉིས་སོ། །སེམས་བསྐྱེད་དེ་ལ་དབྱེ་ན་ཀུན་རྫོབ་ཀྱི་སེམས་བསྐྱེད་དང་། དོན་དམ་སེམས་བསྐྱེད་གཉིས་ལས། དང་པོ་ཀུན་རྫོབ་སེམས་བསྐྱེད་ནི། བྱང་སེམས་ཚོགས་སྦྱོར་བའི་རྒྱུད་ཀྱི་སེམས་བསྐྱེད་མཐའ་དག་དང་། བྱང་འཕགས་ཀྱི་རྗེས་ཐོབ་ཀྱི་ངོ་བོར་གྱུར་པའི་སེམས་བསྐྱེད་རྣམས་ཡིན་ནོ། །དོན་དམ་སེམས་བསྐྱེད་ནི། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་བཞག་རྣམ་པར་མི་རྟོག་པའི་ངོ་བོར་གྱུར་པའི་སེམས་བསྐྱེད་རྣམས་ཏེ། ས་པཎ་གྱི་སྡོམ་གསུམ་རབ་དབྱེར། དོན་དམ་སེམས་བསྐྱེད་ཅེས་བྱ་བ། །སྒོམ་པའི་སྟོབས་ཀྱིས་སྐྱེ་མོད་ཀྱི། །ཆོ་གའི་སྒོ་ནས་འདི་མི་སྐྱེ། །གལ་ཏེ་ཆོ་གས་སྐྱེས་གྱུར་ན། །བརྡ་ལས་བྱུང་བའི་སེམས་བསྐྱེད་འགྱུར། ཞེས་སོ༑ ༑བསྲུང་བྱའི་ཚུལ་ཁྲིམས་ནི། སེམས་ཙམ་པའི་ལུགས་ལ། རྩ་ལྟུང་བཞིར་འདོད་དེ། སྡོམ་པ་ཉི་ཤུ་པ་ལས། རྙེད་དང་བཀུར་སྟིར་ཆགས་པ་དང་། །བདག་བསྟོད་གཞན་ལ་སྨོད་པ་དང་། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། །གཞན་གྱིས་བཤད་ཀྱང་མི་ཉན་པར། །ཐོབ་པས་གཞན་ལ་སྨོད་པ་དང་། །ཁྲོས་པས་གཞན་ལ་འཚོག་པ་དང་། །ཐེག་པ་ཆེན་པོ་སྤྱོད་བྱེད་ཅིང་། །དམ་ཆོས་འདྲ་ལམ་སྟོན་པའོ། །ཞེས་སོ། །དབུ་མ་བའི་ལུགས་ལ། རྒྱལ་པོ་ལ་ངེས་པ་ལྔ། བློན་པོ་ལ་ངེས་པ་ལྔ། ཕལ་པ་ལ་ངེས་པ་བརྒྱད་དེའི་སྟེང་དུ་སྨོན་འཇུག་གཉིས་ཀྱི་སེམས་བསྐྱེད་བཏང་བ་སྟེ་རྩ་ལྟུང་ཉི་ཤུར་འདོད་དོ༑ ༑སྒོམ་པ་ཚོགས་ལམ་ཆུང་ངུར་དྲན་པ་ཉེར་བར་བཞག་པ་བཞི་དང་། འབྲིང་དང་ཆེན་པོ་གཉིས་སུ་ཡང་དག་པའི་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། སྦྱོར་ལམ་དྲོད་རྩེ་གཉིས་སུ་དབང་པོ་ལྔ། བཟོད་པ་ཆོས་མཆོག་གཉིས་སུ་སྟོབས་ལྔ། མཐོང་ལམ་དུ་བྱང་
ཆུབ་ཀྱི་ཡན་ལག་བདུན། སྒོམ་ལམ་དུ་འཕགས་པའི་ལམ་ཡན་ལག་བརྒྱད་རྣམས་རིམ་གྱིས་སྦྱངས་ནས་རང་དོན་དུ་ཆོས་ཀྱི་སྐུར་སངས་རྒྱས་ནས། གཞན་དོན་དུ་འཁོར་བ་མ་སྟོང་གི་བར་དུ་གཟུགས་སྐུ་རྣམ་པ་གཉིས་གང་རུང་གི་སྒོ་ནས། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ཡིན་ཏེ། རྒྱས་པ་ལས། བདག་མེད་གཉིས་རྫོགས་ཕ་རོལ་ཕྱིན་རྫོགས་པའི། །ས་བཅུ་རིམ་གྱིས་བགྲོད་པའི་རྣལ་འབྱོར་པས། །སངས་རྒྱས་སར་འགྲོ་གོ་འཕང་ཐོབ་པའི་ལམ། །བདེན་པ་གཉིས་ཀྱིས་རབ་ཏུ་ཐོབ་པར་འགྱུར། ཞེས་སོ། །དེ་རྣམས་ཀྱིས་རྒྱུ་མཚན་ཉིད་ཀྱི་ཐེག་པའི་རྐང་གྲངས་རགས་རིམ་ཙམ་བཤད་ཟིན་ཏོ། །ལྔ་པ་བླ་ན་མེད་པའི་སྔགས་ཀྱི་ཐེག་པ་བཤད་པ་དེ་ལ་ཡང་། རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་འཕགས་ཚུལ་ལ་རྣམ་གྲངས་མང་ཡང་། མདོར་བསྡུ་ན། ཧེ་རུ་ཀ་གལ་པོ་ལས། མཚན་ཉིད་རྒྱུ་ཡི་ཐེག་པ་ཡིས། །སེམས་ཉིད་སངས་རྒྱས་རྒྱུ་རུ་འདོད། །འབྲས་བུ་སྔགས་ཀྱི་ཐེག་པས་ནི། །སེམས་ཉིད་སངས་རྒྱས་ཉིད་དུ་འདོད། །རྒྱུ་དང་འབྲས་བུ་གང་ཡིན་པ། །ཕྱོགས་ཀྱང་རབ་ཏུ་ཤེས་པར་བྱ། ཞེས་གསུངས་པ་ལྟར་རྒྱུ་མཚན་ཉིད་ཀྱི་ཐེག་པས་སེམས་ཉིད་སངས་རྒྱས་ཀྱི་རྒྱུ་ཙམ་དུ་བལྟས་ཏེ། རྐྱེན་ཚོགས་གཉིས་ཀྱིས་གོང་ནས་གོང་དུ་འཕེལ་བར་བྱེད་པ་དང་། སངས་རྒྱས་སྒྲུབ་པའི་རྒྱུ་རྣམ་བྱང་གི་ཆོས་ལམ་དུ་བྱེད་པ་ཡིན་ནོ། །འབྲས་བུ་སྔགས་ཀྱི་ཐེག་པས་ནི་སེམས་ཉིད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་རང་ལ་རང་ཆས་སུ་གནས་པ་དེ་ཉིད་གནས་སྐབས་སུ་ཉོན་མོངས་པའི་དྲི་མ་དང་འབྲེལ་བའི་ཆ་ནས་དྲི་བཅས་དེ་བཞིན་ཉིད་དང་། དེ་སྦྱོང་བར་བྱེད་པ་ལ་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལ་སོགས་པའི་སྒོ་ནས་འབྲས་བུ་ལམ་དུ་བྱེད་པ་ཡིན་ཏེ། འདི་ཉིད་ལས། འདི་ནི་གསང་ཆེན་ངེས་པ་ཡིན། །འབྲས་བུ་ལམ་དུ་བྱེད་པ་ཡིན། ཞེས་གསུངས་པ་ལྟར་རྒྱུ་མཚན་ཉིད་ཀྱི་ཐེག་པའི་དོན་དང་འབྲས་བུ་ཐམས་ཅད་འདི་ཉིད་ཀྱི་ནང་དུ་རྫོགས་པས་ན་བླ་ན་མེད་པའི་ཐེག་པ་ཞེས་བཤད་པ་ཡིན་ཏེ། རྒྱས་པ་ལས། མཉམ་པའི་དོན༴ རྒྱ་མཚོ༴ བླ་མེད་དོན༴ རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། ཞེས་སོ། །བླ་ན་མེད་པའི་ཐེག་པ་དེ་
ལ་དབྱེ་ན། གསང་སྔགས་ཕྱི་ནང་གཉིས་ལས། དང་པོ་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་བཤད་པ་དེ་ལ་ཡང་། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད་གསུམ་དུ་ཡོད་པ་ལས། དང་པོ་བྱ་བའི་ངེས་ཚིག་ནི། ཀྲྀ་ཡ་ཞེས་པའི་སྒྲ་ལས་དྲངས་ན། ཕྱི་ལུས་ངག་གི་བྱ་བ་ལ་གཙོ་བོར་སྟོན་པས་ཀྲྀ་ཡ་སྟེ་བྱ་བའི་རྒྱུད་ཅེས་བྱ་སྟེ། དེའི་འཇུག་སྒོ་ནི། སྨིན་བྱེད་དབང་གི་འཇུག་སྒོ་དང་། བྱ་བའི་འཇུག་སྒོ་གཉིས་ལས། དང་པོ་སྨིན་བྱེད་དབང་གི་འཇུག་སྒོ་ནི། ཆུ་དང་ཅོད་པཎ་གྱིས་སློབ་མའི་རྒྱུད་སྨིན་པར་བྱེད་པ་ཡིན་ཏེ། ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཆུ་ཡི་དབང་བསྐུར་ཅོད་པཎ་དག །བྱ་བའི་རྒྱུད་ལས་རབ་ཏུ་གྲགས། ཞེས་སོ། །གཉིས་པ་བྱ་བའི་འཇུག་སྒོ་ནི། ཁྲུས་དང་གཙང་སྦྲ་ལ་སོགས་དང་། དག་པ་རྣམ་པ་གསུམ་གྱི་སྒོ་ནས་འཇུག་སྟེ། དེ་ཡང་དག་པ་གསུམ་ནི། རང་ཤར་ལས། ལྷ་དང་དཀྱིལ་འཁོར་དག་པ་དང་། །རྫས་དང་ཡོ་བྱད་དག་པ་དང་། །སྔགས་དང་ཕྱག་རྒྱ་དག་པའོ། །ཞེས་སོ། །དེའི་ལྟ་བ་ནི། དོན་དམ་བདེན་པ་དང་། ཀུན་རྫོབ་བདེན་པ་གཉིས་ལས། དང་པོ་དོན་དམ་བདེན་པ་ནི། དབུ་མ་པ་དང་ཆ་མཐུན་ཅིང་ཀུན་རྫོབ་བདེན་པ་ལ་ཡང་ལོག་གཉིས་ཡོད་པ་ལས། ལོག་པའི་ཀུན་རྫོབ་ནི་དབུ་མ་པ་མན་ཆད་ཀྱིས་ཀུན་རྫོབ་མཐའ་དག་དང་། ཡང་དག་ཀུན་རྫོབ་ནི། འདི་ལྟར་སྣང་བའི་ཆོས་ཐམས་ཅད་རིགས་གསུམ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་རྒྱས་འདེབས་པར་བྱེད་པའོ། །སྒོམ་པ་ལ་མཚན་བཅས་བསྐྱེད་རིམ་དང་། མཚན་མེད་རྫོགས་རིམ་གཉིས་ལས། དང་པོ་མཚན་བཅས་བསྐྱེད་རིམ་ནི། བདག་བྲན་གྱི་ཚུལ་དུ་བྱས་ལ། ལྷ་ཡེ་ཤེས་སེམས་དཔའ་རྒྱལ་པོའི་ཚུལ་དུ་སྤྱན་དྲངས་ཏེ། མཆོད་པ་ཕར་ཕུལ་ཞིང་དངོས་གྲུབ་ཚུར་ཞུ་བ་དང་བཅས་པ་བྱ་རྒྱུད་ཙམ་པོ་བ་དང་། བདག་དམ་ཚིག་སེམས་དཔར་བསྐྱེད་པ་ལྷ་ཡེ་ཤེས་སེམས་དཔའ་རང་བཞིན་གྱི་གནས་ནས་སྤྱན་དྲངས་ལ་ཕྱག་རྒྱ་བཞིས་དབྱེར་མེད་དུ་རྒྱས་བཏབ་སྟེ། ཇི་སྲིད་བཟླས་བརྗོད་མ་གྲོལ་གྱི་བར་དུ་དེ་སྲིད་དུ་བསྐྱེད་ཅིང་། བཟླས་བརྗོད་གྲོལ་བ་དང་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ་བ་དང་བཅས་པ་ནི་བྱ་རྒྱུད་ཁྱད་པར་བའོ། །མཚན་མེད་རྫོགས་རིམ་ནི། འདི་ལྟར་སྣང་བའི་ཆོས་ཐམས་ཅད་རྡོ་རྗེ་
དབྱིངས་ཀྱི་དཀྱིལ་འཁོར་དུ་རྒྱས་འདེབས་པར་བྱེད་པའོ། །སྲུང་བྱའི་ཚུལ་ཁྲིམས་ནི། བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། །ལྷ་དང་བླ་མ་མི་སྤོང་ཞིང་། །སྔགས་དང་ཕྱག་རྒྱའང་དེ་བཞིན་ཏེ། །རྡོ་རྗེ་དྲིལ་བུ་སྤང་མི་བྱ། །དེ་ནི་རྩ་བའི་དམ་ཚིག་ཡིན། །ཡན་ལག་དམ་ཚིག་ལྔ་པོ་ནི། །ཁྲི་ལ་ཉལ་བར་མི་བྱ་ཞིང་། །ཤ་མི་ཟ་ཞིང་ཆང་མི་འཐུང་། །སྒོག་པ་ལ་ུཕུག་ཟ་མི་བྱ། ཞེས་དམ་ཚིག་བཅུ་གཅིག་ཏུ་གསུངས་སོ༑ ༑འབྲས་བུ་ནི་མི་ཚེ་བདུན་ནས་རིགས་གསུམ་རྡོ་རྗེ་འཆར་གི་ས་ཐོབ་པར་འགྱུར་བ་ཡིན་ཏེ། གལ་པོ་ལས། མི་ཚེ་བདུན་ན་སངས་རྒྱས་པ། །རིགས་གསུམ་མགོན་པོས་འགྲོ་བ་འདུལ། ཞེས་སོ། །གཉིས་པ་སྤྱོད་རྒྱུད་བཤད་པ་ནི། ཨུ་པ་ཡ་ཞེས་པའི་སྒྲ་ལས་དྲངས་ཏེ༑ ཉེ་བ་སྟེ་གཉིས་ཀ་སྤྱོད་པའི་རྒྱུད་ཅེས་བྱ། དེའི་འཇུག་སྒོ་ནི། སྔར་གྱི་ཆུ་དང་ཅོད་པཎ་གྱི་སྟེང་དུ་རྡོར་དྲིལ་མིང་གི་དབང་སྐུར་བ་ཡིན་ཏེ། ཡེ་ཤེས་ཐིག་ལེའི་རྒྱུད་ལས། རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལས་རབ་ཏུ་གྲགས། ཞེས་སོ། །ལྟ་སྒོམ་རྣལ་འབྱོར་རྒྱུད་དང་སྤྱོད་པ་བྱ་བ་ལྟར་སྤྱད་པས་མི་ཚེ་ལྔ་ན་རིགས་བཞི་རྡོ་རྗེ་འཆང་གི་ས་ཐོབ་པ་ཡིན་ཏེ། གལ་པོ་ལས། རིགས་བཞི་རྡོ་རྗེ་འཆང་གི་ས། ཞེས་སོ། །གསུམ་པ་རྣལ་འབྱོར་རྒྱུད་ཀྱི་ངེས་ཚིག་ནི། ཡོ་ག་ཞེས་པའི་སྒྲ་ལས་དྲངས་ན། ཕྱི་ལུས་ངག་གི་བྱ་བ་ལ་གཙོ་བོར་མི་བརྟེན་ཅིང་ནང་ཏིང་ངེ་འཛིན་གྱི་བྱ་བ་ལ་གཙོ་བོར་བསྟེན་པས་ཡོ་ག་སྟེ་རྣལ་འབྱོར་གྱི་རྒྱུད་དེ། དེའི་འཇུག་སྒོ་ལ་སྨིན་བྱེད་དབང་གི་འཇུག་སྒོ་ནི་སྔར་གྱི་རིག་པའི་དབང་ལྔའི་སྟེང་དུ། རྡོ་རྗེ་སློབ་དཔོན་གྱི་དབང་མཐའ་རྟེན་དང་བཅས་པ་དྲུག་བསྐུར་བ་ཡིན་ཏེ། ཡེ་ཤེས་ཐིག་ལེའི་རྒྱུད་ལས། འདི་ནི་དྲུག་གི་བྱེ་བྲག་དབང་། དེ་ནི་སློབ་དཔོན་དབང་ཞེས་བྱ། ཞེས་སོ། །དེའི་ལྟ་བ་ནི་དམིགས་མེད་སྤྲོས་པ་དང་བྲལ་བའི་དབྱིངས་སུ་རྒྱས་འདེབས་པར་བྱེད་པའོ། །སྒོམ་པ་ལ་མཚན་བཅས་བསྐྱེད་རིམ་དང་། མཚན་མེད་རྫོགས་རིམ་གཉིས་ལས། དང་པོ་མཚན་བཅས་བསྐྱེད་རིམ་ནི། མངོན་བྱང་ལྔ་དང་། ཆོ་འཕྲུལ་བཞི་དང་། ལྷ་དང་ལྷ་མོའི་དཀྱིལ་འཁོར་ཕྱག་རྒྱ་བཞི་ལྡན་གྱིས་ཉམས་སུ་ལེན་པ་ཡིན་ཏེ། དེ་ལ་ཡང་། མངོན་བྱང་
ལྔ་ནི། སྟོང་པ་ཉིད་དང་། ཟླ་གདན་དང་། གསུང་ཡིག་འབྲུ། ཐུགས་ཕྱག་མཚན། སྐུ་ཡོངས་སུ་རྫོགས་པའོ། །ཆོ་འཕྲུལ་བཞི་ནི། དབང་བསྐུར་བ་དང་། བྱིན་གྱིས་རླབས་པ་དང་། ཏིང་ངེ་འཛིན་དང་། མཆོད་པའི་ཆོ་འཕྲུལ་ལོ། །ཕྱག་རྒྱ་བཞི་ནི། སྐུ་ཕྱག་རྒྱ་ཆེན་པོ༴ གསུང་ཆོས་ཀྱི༴ ཐུགས་དམ་ཚིག་གི་ཕྱག་རྒྱ། ཕྲིན་ལས་ལས་ཀྱི་ཕྱག་རྒྱ་དང་བཞིའོ། །མཚན་མེད་རྫོགས་རིམ་ནི། དོན་དམ་མཚན་མ་མེད་པའི་ངོ་བོ་ཉིད་དང་། དེའི་བྱིན་རླབས་ལྷ་སྔགས་ཡེ་ཤེས་ཀྱི་སྣང་ཆ་གཉིས་གཉིས་སུ་མེད་པའི་ངང་ལ་མཉམ་པར་འཇོག་པ་སྟེ། རྡོ་རྗེ་འབྱུང་བ་ལས། གཉིས་སུ་མེད་པའི་ཆོས་དབྱིངས་དང་། །བླ་མེད་དངོས་གྲུབ་དམ་པ་བླངས། ཞེས་སོ༑ ༑སྲུང་བྱའི་ཚུལ་ཁྲིམས་ནི། གོང་གི་བྱ་སྤྱོད་གཉིས་ཀྱི་དམ་ཚིག་བཅུ་གཅིག་གི་སྟེང་ཐུན་མོང་མ་ཡིན་པའི་དམ་ཚིག་གཉིས་བསྣན་པས་དམ་ཚིག་བཅུ་གསུམ་དུ་འགྱུར་ཏེ། ཇི་སྐད་དུ། ལུང་གཅིག་ཆུ་ལ་མི་འཐུང་ཞིང་། །ཉམས་དང་ཁ་ནི་བསྲེ་མི་བྱ། ཞེས་སོ། །འབྲས་བུ་ལ་གནས་སྐབས་ལམ་གྱི་འབྲས་བུ་ནི། རྫས་དང་མཁའ་སྤྱོད་ལ་སོགས་པ་འཇིག་རྟེན་པའི་དངོས་གྲུབ་དང་། འཇིག་རྟེན་ལས་འདས་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རྣམས་དང་། མཐར་ཐུག་གི་འབྲས་བུ་མི་ཚེ་གསུམ་ན་རིགས་ལྔ་སྟུག་པོ་བཀོད་པའི་ས་ཐོབ་པ་ཡིན་ཏེ། རང་ཤར་ལས། ཡོ་ག་སྟུག་པོ་བཀོད་འདོད་ན། །མི་ཚེ་གསུམ་ན་གྲོལ་བར་འགྱུར། ཞེས་དང་། ཐུགས་ཀྱི་སྒོ་ལྕགས་ལས། གཟུང་འཛིན་བག་ཆགས་ལྔ་དག་ནས། །སྟུག་པོ་བཀོད་པའི་ས་ནོན་ནས། །ཡེ་ཤེས་ལྔ་ཡི་རྩལ་ཤར་ཏེ། །རིགས་ལྔ་འདུས་པའི་ས་ཐོབ་འགྱུར། ཞེས་སོ། །གཉིས་པ་གསང་སྔགས་ནང་རྒྱུད་བཤད་པ་དེ་ལ་མ་ཧཱ་ཡོ་གའི་སྒོམ་མདོ་གཞུང་ཧྲིལ་པོ་ཡིན་པས་སྦྱར་མི་དགོས་པར་བཞེད་ལ། ཨ་ནུ་དང་ཨ་ཏི་གཉིས་ནི་གཞུང་འདིར་མ་སྦྱར་ཀྱང་མི་འགལ་ལོ་ཞེས་གོང་མ་རྣམས་ཀྱིས་གསུང་རྒྱུན་ལས་འབྱུང་ཡང་། འདིར་ཐེག་པ་རིམ་དགུའི་མཚན་ཉིད་འབྱེད་པ་ལ་མཁོ་བའི་ཕྱིར་ཅུང་ཟད་བྲིས་ཏེ་བཤད་ན། རྫོགས་པ་ཆེན་པོ་རྒྱུད་རིག་པ་རང་ཤར་ལས། ནང་པ་ལ་ནི་གསུམ་དུ་དབྱེ། །མ་ཧཱ་ཨ་ནུ་ཨ་ཏིའོ། །
ཞེས་གསུངས་པ་ལྟར། རྒྱུད་མ་ཧཱ་ཡོ་ག ལུང་ཨ་ནུ་ཡོ་ག མན་ངག་ཨ་ཏི་ཡོ་ག་རྣམས་སུ་ཡོད་པ་ལས། དང་པོ་ནི། མ་ཧཱ་ཡོ་ག་ཞེས་པའི་སྒྲ་ལས་དྲངས་ན་བདེན་གཉིས་དབྱེར་མེད་ཀྱི་དོན་ལ་བློ་འབྱོར་བས་རྣལ་འབྱོར་དང་། ཡོ་ག་ཕྱི་པ་ལས་ཁྱད་པར་དུ་འཕགས་པས་ཆེན་པོ་སྟེ། དེའི་འཇུག་སྒོ་ལ་སྨིན་བྱེད་དབང་གི་འཇུག་སྒོ་དང་། བྱ་བའི་འཇུག་སྒོ་གཉིས་ལས། དང་པོ་སྨིན་བྱེད་དབང་གི་འཇུག་སྒོ་ནི། ཐུན་མོང་བུམ་དབང་གི་སྟེང་དུ། ཐུན་མོང་མ་ཡིན་པའི་མཆོག་དབང་གོང་མ་གསུམ་བསྣན་པས་དབང་བཞིར་འགྱུར་སྟེ། རྩ་རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་ཀྱི། །དེ་མ་ཐག་པ་བཞི་པ་སྟེ། །རྣམ་རྟོག་དྲི་མ་དག་བྱའི་ཕྱིར། །དབང་བསྐུར་རྣམ་པ་བཞི་རུ་འདོད། ཅེས་སོ། །གཉིས་པ་བྱ་བའི་འཇུག་སྒོ་ནི། བདེན་པ་གཉིས་ཀྱི་སྒོ་ནས་འཇུག་སྟེ། རང་ཤར་ལས། མ་ཧཱ་ཡོ་གའི་འཇུག་སྒོ་ནི། །ཏིང་འཛིན་རྣམ་གསུམ་སྒོ་ནས་འཇུག ཅེས་སོ། །ལྟ་བ་ནི། རིག་པ་སྤྲོས་བྲལ་ལ་སྣང་བ་ངོ་བོ་ཉིད་སྐུར་ལྷུན་གྱིས་གྲུབ་པ་ནི་ལྷག་པ་དོན་དམ་བདེན་པ་དང་། དེ་ཉིད་ཀྱི་རྩལ་སྣང་སྣོད་བཅུད་ཀུན་རྫོབ་སྐུ་དང་ཡེ་ཤེས་སུ་རང་སྣང་བ་ནི་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་སྟེ། བདེན་པ་གཉིས་པོ་དེ་ཡང་བཟང་ངན་ཕྱོགས་ལྷུང་ཅན་མ་ཡིན་པར་ཟུང་འཇུག་གཅིག་གིས་གཅིག་མི་སྒྲིབ་པའི་མཚན་ཉིད་འཛིན་པ་ཡིན་ཏེ། ཨིནྟྲ་བྷུ་ཏིའི་ལམ་རྣམ་བཀོད་ལས། ལྷག་པའི་མཉམ་ཉིད་དབྱེར་མེད་ཀྱང་། །མི་གྲངས་ཅི་ཡང་སྣང་མོད་ཀྱི། །དོན་དུ་སྨྲ་བསམ་བརྗོད་ལས་འདས། ཞེས་སོ། །སྒོམ་པ་ལ་སྒྲུབ་སྡེ་གཙོ་བོར་བྱེད་པ་དང་། རྒྱུད་སྡེར་གཙོ་བོར་བྱེད་པ་གཉིས་ལས། སྒྲུབ་སྡེ་གཙོ་བོར་བྱེད་པ་ནི། འཇམ་དཔལ་གྱི་སྐུ་འཁོར་ལོ་བཞི་ལ་བརྟེན་ནས་བདེ་གཤེགས་སྐུའི་སྒྲུབ་པ་དང་། རྟ་སྐད་ཐེངས་གསུམ་ལ་བརྟེན་ནས་པདྨ་གསུང་གི་སྒྲུབ་པ་ལ་སོགས་པ་སྒྲུབ་སྡེ་ཆེན་པོ་བཀའ་བརྒྱད་རྣམས་སོ། །རྒྱུད་སྡེ་གཙོ་བོར་བྱེད་པ་ནི། ཕ་རྒྱུད་གསང་བ་འདུས་པ་རྣམས་སུ་བསྐྱེད་རིམ་གཙོ་བོར་སྟོན་ཅིང་། དེའི་རྫོགས་རིམ་ནི་བདེ་གསལ་རྣམ་པར་མི་རྟོག་པའི་ཚུལ་གྱིས་ཉམས་སུ་ལེན་པ་དང་། མ་རྒྱུད་བདེ་དགྱེས་དང་ཡང་དག་རྣམས་སུ་བསྐྱེད་རིམ་གྱི་སྤྲོས་པ་ཤས་ཆུང་ཞིང་དེའི་རྫོགས་རིམ་ཀྱང་གསལ་སྟོང་
མི་རྟོག་པའི་ཚུལ་གྱིས་ཉམས་སུ་ལེན་པ་དང་། གཉིས་མེད་ཀྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་རྣམས་སུ་བསྐྱེད་རྫོགས་ཟུང་དུ་འཇུག་ཅིང་། ཁྱད་པར་འོད་གསལ་ཡེ་ཤེས་ཆེན་པོ་གཙོ་བོར་སྟོན་པའོ། །བསྲུང་བྱའི་ཚུལ་ཁྲིམས་ནི། སྔ་འགྱུར་རང་སྐད་ལྟར་ན། རྩ་བའི་དམ་ཚིག་གསུམ་དང་། ཡན་ལག་གི་དམ་ཚིག་ལྔ་ཚན་ལྔ་སྟེ་ཉི་ཤུ་རྩ་བརྒྱད་དུ་འདོད་དོ། །འབྲས་བུ་ནི། གནས་སྐབས་ལམ་གྱི་འབྲས་བུ་རིག་འཛིན་རྣམ་པ་བཞི་དང་། མཐར་ཐུག་གི་འབྲས་བུ་ཚེ་འདི་དང་བར་དོར་སྐུ་ལྔ་ལྷུན་གྱིས་གྲུབ་པའི་བདག་ཉིད་མངོན་དུ་བྱེད་པ་ཡིན་ཏེ། གསང་འདུས་ལས། འདི་ནི་བཅོམ་ལྡན་བདག་ཉིད་མཆོག །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །བརྩོན་པས་མི་འཇིགས་པས་ཀྱང་སྒྲུབ། ཚེ་འདི་ཉིད་ལ་མངོན་འཚང་རྒྱ། ཞེས་སོ། །གཉིས་པ་ནི་ཨ་ནུ་ཡོ་ག་ཞེས་པའི་སྒྲ་ལས་དྲངས་ན། ཤེས་རབ་རྫོགས་པའི་རིམ་པ་རྗེས་ཆགས་ཀྱི་ལམ་གཙོ་བོར་བརྟེན་པའི་རྗེས་སུ་རྣལ་འབྱོར་རོ། །དེའི་འཇུག་སྒོ་ལ་སྨིན་བྱེད་དབང་གི་འཇུག་སྒོ་ནི། ཀུན་འདུས་ལས། ཕྱི་ཡི་དབང་དང་ནང་གི་དབང་། །སྒྲུབ་པའི་དབང་དང་གསང་བའི་དབང་། །བཅུ་དང་བཅུ་གཅིག་བཅུ་གསུམ་གྱིས། རྣམ་པ་གཉིས་ཀྱི་རྫོགས་པར་འགྱུར། ཞེས་གསུངས་པ་ལྟར་རྒྱུད་དང་མན་ངག་གི་ལུགས་གཉིས་སུ་ཡོད་ཀྱང་། དེང་སང་བླ་མ་རྣམས་ཀྱི་ཕྱག་ལེན་ལ་འདོར་ལེན་གྱི་ཆབས་གཅིག་ཏུ་སྒྲིལ་ཏེ་ཐེག་པ་རིམ་དགུ་མཐའ་དག་རྫོགས་པའི་དབང་སྐུར་བ་ཡིན་ཏེ། འདིར་བཤད་པའི་ཐེག་པ་རིམ་དགུ་ནི། ཨ་ནུ་རང་ལུགས་སུ་གསུངས་སོ༑ ༑བྱ་བའི་འཇུག་སྒོ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྒོ་ནས་འཇུག་སྟེ་ཐུགས་ཀྱི་སྒོ་ལྕགས་ལས། སྐྱེ་མེད་དབྱིངས་ནི་ཡེ་ཤེས་ཏེ། །ཡེ་ཤེས་རིག་པ་དབྱིངས་ཀྱི་ཚུལ། །གཉིས་མེད་རོལ་པ་བདེ་བ་ཆེ། །རིམ་པར་འཇུག་པ་མ་ཡིན་ཏེ། །སྣང་སྲིད་ཕྱག་རྒྱ་ཐམས་ཅད་ལ། །ཆུ་ལས་ཉ་ལྡང་ཇི་བཞིན་དུ། །ཐུགས་སྤྲད་སྣང་སྲིད་ཕྱག་རྒྱ་ཆེ། ཞེས་སོ། །དེའི་ལྟ་བ་ནི། ཆོས་ཐམས་ཅད་རང་གི་སེམས་ཡིན་ཏེ། དེ་ནི་སྐྱེ་མེད་སྤྲོས་པ་དང་བྲལ་བ་ནི་ཡེ་ཇི་བཞིན་པའི་དཀྱིལ་འཁོར་དང་། སྐྱེ་མེད་དེ་ཉིད་རིག་པ་རང་བཞིན་ལྷུན་གྲུབ་ཏུ་སྣང་བ་ནི་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དང་། དེ་ཉིད་ངོ་བོ་དབྱེར་མེད་པ་ནི།
དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རྣམས་ཏེ༑ ཀླུ་སྒྲུབ་ཀྱི་གཡུ་ཐང་ལས། སྣང་སྲིད་བཟང་མོའི་མཁའ་ཀློང་དུ། །རྒྱལ་བའི་དཀྱིལ་འཁོར་ཀུན་ཤར་བ། །ཤར་བ་ཉིད་ནས་ཤར་བ་མེད། །ཡབ་ཡུམ་སྲས་བཅས་བདེ་ཆེན་པོ། །ཞེས་སོ། །སྒོམ་པ་ལ་ཐབས་ལམ་དང་གྲོལ་ལམ་གཉིས་སུ་ཡོད་པའི་ཕྱིར་རོ། །བསྲུང་བྱའི་ཚུལ་ཁྲིམས་ནི། སྤྱིའི་དམ་ཚིག་ཐེག་པ་འོག་མ་པ་དང་མཐུན་ཅིང་། བྱེ་བྲག་ཏུ་གལ་མདོ་ངེས་པའི་དམ་ཚིག་བཞི་ལ་སོགས་པ་དང་། བསྡུ་ན་བསྲུང་བྱ་སྲུང་བྱེད་མེད་པར་གཅིག་ཅར་བའི་དམ་ཚིག་དང་། སྲུང་མཚམས་རིམ་པར་བགྱིས་པ་རིམ་གྱིས་པའི་དམ་ཚིག་གཉིས་སོ༑ ༑འབྲས་བུ་ལ་གནས་སྐབས་དང་མཐར་ཐུག་གཉིས་ལས། གནས་སྐབས་ཀྱི་འབྲས་བུ་ནི། འདུན་པ་སེམས་པ་དང་། རིག་ཆེན་འབྱིན་པ་གཉིས་ནི་ཟག་བཅས་ཀྱི་ལམ་དང་། དབུགས་ཆེན་འབྱིན་པ་དང་ལུང་ཆེན་ཐོབ་པ་གཉིས་ནི་ཟག་མེད་ཀྱི་ལམ་མོ། །མཐར་ཐུག་གི་འབྲས་བུ་ནི། སྐུ་བཞི་དང་ཡེ་ཤེས་ལྔའི་ངོ་བོར་སངས་རྒྱས་པ་ཡིན་ཏེ། འཕྲུ ལ་སྡེ་ལས། ཨ་ནུ་ཡོ་གའི་ཐེག་པ་ཡིས། །བར་མ་ཆོད་པའི་ཚེ་གཅིག་ལ། །སངས་རྒྱས་ས་ལ་ངེས་པར་འགྲོ། ཞེས་སོ། །གསུམ་པ་ཨ་ཏི་ཡོ་གའི་མཚན་ཉིད་ནི། ཐེག་པ་ཐམས་ཅད་ཀྱི་གྲུབ་མཐའི་རྩེ་མོར་གྱུར་པ་སྟེ། ཨ་ཏི་ཡོ་ག་ཞེས་པའི་སྒྲ་ལས་དྲངས་ན་ཤིན་ཏུ་རྣལ་འབྱོར་རོ། །དེའི་འཇུག་སྒོ་ནི་རིག་པའི་རྩལ་དབང་ལ་སོགས་པས་སློབ་བུའི་རྒྱུད་སྨིན་པར་བྱེད་པའོ། །བྱ་བའི་འཇུག་སྒོ་ནི། ཅི་ཡང་བྱ་རྒྱུ་མེད་པའི་སྒོ་ནས་འཇུག་སྟེ། ཀུན་བྱེད་ལས། ཆོས་ལ་བྱ་རྒྱུ་མེད་པའི་ཕྱིར། །རྩོལ་བ་མེད་པའི་སྒོ་ནས་འཇུག ཅེས་སོ། །དེའི་ལྟ་བ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་གྲོལ་སྤངས་བླངས་རེ་དོགས་དང་བྲལ་བ་ཐིག་ལེ་ཉག་གཅིག་གི་ཀློང་དུ་སངས་རྒྱས་པ་ཡིན་ཏེ། ནམ་མཁའ་ཆེ་ལས། རང་བྱུང་ཡེ་ཤེས་རྩོལ་མེད་པར། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། ཞེས་སོ། །སྒོམ་པ་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། རིམ་རྩོལ་ཅན་ལ་མན་ངག་སྡེ། ཞེས་སོ། །དམ་ཚིག་ནི། སྤྱིར་དམ་ཚིག་ཐུན་མོང་པ་དང་
མཐུན་ཅིང་། ཁྱད་པར་ཨ་ཏི་ཡོ་གའི་དམ་ཚིག་ནི། མེད་པ་དང་ནི་ཕྱལ་བ་དང་། གཅིག་པུ་དང་ནི་ལྷུན་གྱིས་གྲུབ། །དེ་ཡི་དོན་ལས་འདས་མི་བྱ། ཞེས་སོ། །སྤྱིར་རྫོགས་པ་ཆེན་པོ་ལ། ཁྲེགས་ཆོད་དང་ཐོད་རྒལ་གཉིས་སུ་ཡོད་ཀྱང་འདིར་བཏང་སྙོམ་དུ་བྱས་སོ། །འབྲས་བུ་ནི་ལྷུན་རྫོགས་ཀུན་ཏུ་བཟང་པོའི་ས་ལ་ད་ལྟ་ཉིད་དུ་གནས་པས་གདེངས་བཞི་ཚད་ཕྱིན་པས་འཁོར་བ་མྱང་འདས་སུ་གྲོལ་བ་ཞེས་བྱ་སྟེ། བང་མཛོད་འཕྲུལ་སྡེ་ལས། ཨ་ཏི་ཡོ་གའི་ཐེག་པ་ནི། གདོད་ནས་སྙིང་པོ་བྱང་ཆུབ་ཏུ། །ཐོབ་མེད་འབྲས་བུ་རང་ལ་སྨིན། ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ནི། མ་རིག་པ་སྟོང་ཕྲག་ཅེས་པ་ནས། གསུང་བར་འགྱུར་ཞེས་པའི་བར་གྱིས་བསྟན། དེ་ལ་ཡང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པས་འདུལ་བའི་སྡེ་སྣོད་དང་། ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་མངོན་པའི་སྡེ་སྣོད་དང་། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་སྟོན་པ་མདོ་སྡེའི་སྡེ་སྣོད་དང་། གསུམ་ཀ་ཆ་མཉམ་དུ་སྟོན་པ་རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་དེ། དེ་ལྟར་སྡེ་སྣོད་རྣམ་པ་བཞི་སྔར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པ་དང་། ད་ལྟ་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུང་པ་དང་། མ་འོངས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུང་བར་འགྱུར་བ་ཡིན་ནོ། །དེ་ལྟར་ཡང་ཀུན་བྱེད་ལས། འདོད་ཆགས་འདུལ་བའི་གཉེན་པོར༴ སོགས། ཞེས་སོ། །སྤྱིར་ཆོས་ཕུང་གི་ཚད་ལ། མཁས་པ་འགའ་ཞིག་གི་བཞེད་སྲོལ་ལ། ཤཱ་རིའི་བུས་མཛད་པའི་བསྟན་བཅོས་ཤོ་ལོ་ཀ་དྲུག་སྟོང་ཡོད་པ་ལ་བཞེད་ཀྱང་། འདིར་ནི་ཉོན་མོངས་པ་རེ་རེའི་གཉེན་པོ་རེ་ཚང་བ་རེ་ལ་ཆོས་ཕུང་གི་ཐ་སྙད་དུ་འཇོག་པ་ཡིན་ཏེ། མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོ་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས ། ཞེས་སོ། །གསུམ་པ་དབང་པོའི་རིམ་པས་མཇུག་བསྡུ་བ་ནི། ཐམས་ཅད་ཀྱང་གཟུང་བ་འཛིན་པའི༴ སོགས་ནས། སྟོན་པའི་མཐར་ཐུག་གོ །ཞེས་པའི་བར་ཀྱིས་བསྟན། དེ་ལ་ཡང་། མདོ་ཡི་ཀ་བ་ཡང་ཁྱེད་བླ་མ་ནི་རལ་གྲིའི་སྟོང་ཐུན་དང་སྦྱར་ཏེ་བཤད་པ་དང་། ཆུ་བར་གྱི་གླན་ཤཱཀྱ་སེང་གེ་ནི་སྦྲུལ་ནག་གི་སྟོང་ཐུན་དང་སྦྱར་ཏེ་བཤད་
པ་དང་། ལྷ་རྗེ་མདའ་ཏིག་པ་རྣམས་ནི་དུག་ཤིང་གི་སྡོང་པོའི་སྟོང་ཐུན་དང་སྦྱར་ཏེ་བཤད་པ་ལ་འདིར་ཡང་དེའི་རྗེས་སུ་མཐུན་པར་འཆད་དེ། སྤྱི་མདོ་ལས། ལྡུམ་རར་དུག་གི་སྡོང་པོ་སྐྱེས། །དུག་ཤིང་ཡིན་པར་ཤེས་མ་ཐག །རྩ་བ་བཅད་དེ་དབྱུང་བར་བྱ། །ཅིའི་ཕྱིར་ལྡུམ་ཟས་དེ་དག་ལ། །དུག་འཕེལ་རྒྱས་ནས་འཆི་ཕྱིར་རོ། ཞེས་གསུངས་པ་ལྟར། དཔེར་ན་རྒྱལ་པོ་ཆེན་པོ་ཞིག་གི་བཟའ་ཤིང་གི་ར་བ་ན་དུག་གི་སྡོང་པོ་ཞིག་སྐྱེས་ཏེ། དེ་ལ་འབངས་བླུན་པོ་ཁ་ཅིག་གིས། བཟའ་ཤིང་དང་དུག་ཤིང་གི་ཁེ་ཉིན་མ་ཤེས་པས་བཟའ་ཤིང་སྤང་ཏེ་དུག་ཤིང་གི་རོ་མངར་པོ་དེ་ལ་ཆགས་ཏེ་སྤྱད་པས་ཁོ་དུག་དྲག་པོས་གཟིར་ཏེ་སྲོག་འཚོ་བའི་གོ་སྐབས་མེད་དོ། །དཔེ་དེ་བཞིན་དུ་མངོན་མཐོ་ལྷ་མིའི་ཐེག་པའི་ནང་ནས་འཇིག་རྟེན་ཕ་རོལ་དང་ལས་འབྲས་ཡོད་པར་མ་ཤེས་པའི་མ་རིག་པའི་རྩ་བ་དུག་གསུམ་དང་ཉེ་ཉོན་ཉི་ཤུའི་ཡལ་འདབ་སོགས་ལ་སྤྱད་པའི་འབྲས་བུ་ངན་སོང་གསུམ་གྱི་དུཿ ཁས་གཟིར་ཞིང་ཐར་བ་ཐོབ་པའི་གོ་སྐབས་མེད་དོ། །ཡང་འབངས་དེ་ལས་ཤེས་པ་ཆེ་བ་ཞིག་གིས་བཟའ་ཤིང་དང་དུག་ཤིང་གི་ཁེ་ཉེན་ཤེས་ཏེ། དུག་ཤིང་སྤངས་ནས་བཟའ་ཤིང་ལ་སྤྱད་ཀྱང་། དུག་ཤིང་གི་ཁྲོད་ནས་འཕགས་མ་ནུས་པ་བཞིན་དུ། མངོན་མཐོ་ལྷ་མིའི་ཐེག་པ་ལས་དགེ་བ་བཅུ་སྤྱད་ཅིང་། མི་དགེ་བ་བཅུ་སྤངས་པས་ངན་སོང་གསུམ་ལས་ངེས་པར་འབྱུང་ཡང་། འཁོར་བ་ལས་ངེས་པར་འབྱུང་མ་ནུས་པས་མངོན་མཐོ་ལྷ་མིའི་ཐེག་པ་ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་ཞེས་པའི་དོན་དང་། ཡང་འབངས་དེ་རྣམས་ཀྱི་ནང་ནས་ཤེས་པ་ཆེ་བ་ཞིག་གིས་དུག་ཤིང་དེ་རྩ་བ་ནས་བཏོན་ལ་རྩ་བ་ཁབ་རྩེ་ཙམ་ཡང་མ་ལུས་པ་ལ་རྒལ་དང་ཆུ་ཕག་ཏུ་བསྐྱལ་བ་དྲག་ཟེར། དཔེ་དེ་བཞིན་དུ་ཉན་ཐོས་ཀྱི་ཐེག་པས་གང་ཟག་གི་བདག་མེད་རྟོགས་ཀྱང་། གཟུང་བ་ཆོས་ཀྱི་ཤེས་པ་དོན་དམ་དུ་འདོད་པས་ཉན་ཐོས་ཀྱི་ཐེག་པ་ལ་ཉོན་མོངས་པ་སྤོངས་པའི་ཐབས་དང་། ཡང་འབངས་དེ་ལས་ཤེས་པ་ཆེ་བ་ཞིག་གིས་དུག་ཤིང་དེ་རྩ་བ་ནས་བཅད་པས། བཅད་མཚམས་སུ་ཁྲོ་ཆུ་བླུག་ན་སླར་སྐྱེ་བར་མི་འགྱུར་ཞེས་ཟེར། དཔེ་དེ་བཞིན་དུ་རང་རྒྱལ་བ་རྣམས་ཀྱིས་ཕྱི་ནང་གི་རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་
གིས་བཀག་ནས་བདག་མེད་ཕྱེད་དང་གཉིས་རྟོགས་པའི་ཐ་སྙད་དུ་བཅས་ནས་རང་སངས་རྒྱས་ཀྱི་ཐེག་པ་ལ་ཉོན་མོངས་པ་འགོགས་པའི་ཐབས་དང་། དེ་གསུམ་ནི་བདེན་པ་གཉིས་ཀ་རྫས་ཡོད་ལྟར་འདོད་པས་ཉོན་མོངས་པ་སྤོང་བའི་ལམ་དུ་གཅིག་པའི་ཕྱིར་རོ། །ཡང་འབངས་དེའི་ནང་ནས་སྨན་པ་ཞིག་ན་རེ། ཁྱེད་ཅག་དུག་ཟོས་བ་དང་། སྤོངས་པ་དང་། བཅད་པ་དང་། བཅད་མཚམས་སུ་ཁྲོ་ཆུ་བླུག་པ་སོགས་ཁྱེད་ཚོ་བླུན་རྨོངས་པ་དེ་ལ་ངས་འདི་ལ་སྨན་སྦྱོར་ཞིག་བྱས་པས་བཞི་བརྒྱ་རྩ་བཞིའི་ནད་སེལ་བའི་མཆོག་ཏུ་གྱུར་པ་ནི་ཡིན་ནོ་ཞེས་ཟེར་པའི་དཔེ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་ཐེག་པས་ཆོས་ཐམས་ཅད་ཀྱི་བདག་མེད་པར་རྟོགས་ཀྱང་ཕྱི་གཟུང་བའི་ཡུལ་ཀྱང་ནང་འཛིན་པའི་ཤེས་པའི་ཡུལ་དུ་སྒྲོ་འདོགས་པར་ཟད་ཀྱི། དོན་ལ་བདེན་མེད་སྒྱུ་མ་ལྟ་བུར་ཤེས་ཀྱང་ཐབས་ཀྱིས་ཟིན་པ་དང་མ་ཟིན་པ་ལས་ཕན་གནོད་ཀྱི་བྱ་བ་ཡང་བྱེད་པར་ཤེས་ནས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཉོན་མོངས་པ་ཆོས་ཉིད་དུ་སྦྱོང་བས་ཐོབ་སོ། །ཡང་འབངས་དེ་ལས་ཤེས་པ་ཆེ་བའི་སྔགས་པ་ཞིག་ན་རེ། དུག་ཤིང་འདུལ་བ་ལ་སྨན་འདུལ་སྦྱོང་དེ་ཙམ་ཞིག་བྱེད་མི་དགོས་ཏེ༑ ཁོ་བོས་འདི་ལ་རྫས་སྔགས་ཏིང་ངེ་འཛིན་གྱིས་བཏབ་ནས་སྔར་གྱི་སྨན་སྦྱོར་བས་མཆོག་ཏུ་གྱུར་པ་ཞིག་འབྱུང་ངོ་ཟེར། དཔེ་དེ་བཞིན་དུ་ཕྱི་རྒྱུད་སྡེ་གསུམ་གྱིས་ཀུན་རྫོབ་རྫས་ཡོད་དུ་མི་འདོད་ཀྱང་བརྟགས་པའི་ཡོད་པ་མི་འགོག་ཅིང་འདི་ལྟར་ལས་དང་ལས་ཀྱི་འབྲས་བུ་མེད་ཅིང་བསྐུར་པ་བཏབ་ཏུ་མི་རུང་ལ། འོན་ཀྱང་ཉོན་མོངས་དང་རྟོག་ཚོགས་ཐམས་ཅད་ལྷ་དང་ཡེ་ཤེས་སུ་སྒྱུར་བའི་ཐབས་ལ་བལྟས་ན་ཉེས་པས་མི་གོས་སོ་ཞེས་སྟོན་པས་ཀྲི་ཡོག་སྡེ་གསུམ་གྱི་ཐེག་པ་ལ་ཉོན་མོངས་པ་ལྷ་དང་ཡེ་ཤེས་སུ་བསྒྱུར་བའི་ཐབས་དང་། ཡང་རྨ་བྱ་ཞིག་བྱུང་སྟེ། དུག་ཤིང་མཐོང་བ་དང་ཁོ་དགའ་སྟེ་ལྟོ ས་མེད་དུ་ཟོས་པས་ཁོའི་ལང་ཚོ་དང་སྤུ་མདངས་རྒྱས་པ་བཞིན་དུ། མ་ཧཱ་དང་ཨ་ནུ་གཉིས་ཀྱིས་ཉོན་མོངས་པ་ལྔ་ལ་ཇི་ལྟར་སྤྱད་ཀྱང་ཡོན་ཏན་དུ་གྱུར་ཏེ་ཡེ་ཤེས་ལྔ་ཡི་རང་མདངས་སུ་ཤར་བས་མ་ཧཱ་དང་ཨ་ནུ་གཉིས་ཀྱིས་ཉོན་མོངས་པ་དབང་དུ་བྱེད་པའི་ཐབས་དང་། ཨ་ཏི་ཡོ་གས་ལྡུམ་
རའི་དེ་ལ་དུག་སྐྱེས་པ་དང་། ཟོས་པ་དང་། སྤོངས་པ་དང་། གཅོད་པ་དང་། བཅད་མཚམས་སུ་ཁྲོ་ཆུ་བླུགས་པ་དང་། སྨན་གྱིས་བསྒྱུར་བ་དང་། སྔགས་ཀྱིས་བཏབ་པ་དང་། རྨ་བྱས་ཟོས་པ་ལ་སོགས་པའི་ཇི་ལྟར་སྤྱད་ཀྱང་དགའ་མི་དགའི་རྟོགས་པ་མེད། དུག་མ་སྐྱེས་ཀྱང་དགག་སྒྲུབ་བླང་དོར་གྱི་ཐ་སྙད་གང་ཡང་མེད་པ་བཞིན་དུ་ཆོས་དབྱིངས་རང་བྱུང་གི་ཡེ་ཤེས་རང་ཤར་བས། སྤོང་སྦྱོང་བསྒྱུར་བ་དེ་ཐམས་ཅད་དངོས་ཞེན་གྱི་ལྟ་བ་ལས་བྱུང་བར་རྟོགས་ནས་གཞུང་ཚིག་དགོས་སུ་མེད་པ་སྟོན་པའི་མཐར་ཐུག་གོ །ཞེས་པ་སྲིད་ཞི་མཉམ་ཉིད་ཀྱི་རྣལ་མའི་དོན་ལ་ཨ་ཏི་ཡོ་གའི་ལྟ་བ་ནི་གྲུབ་མཐའ་ཐམས་ཅད་ཀྱི་ཐེག་པའི་རྩེར་གྱུར་པས་ན༑ རང་བཞིན་རྫོགས་པ་ཆེན་པོ་ཞེས་བཤད་པ་ཡིན་ཏེ། དྷརྨ་ཤྲྀས་བདེན་གཉིས་ཀྱི་འཛིན་པ་ཕྲ་མོ་དང་བྲལ་བ་ཨ་ཏི་ཡོ་གའི་ལྟ་བ་སྟེ། ཞེས་དང་། ཀུན་བྱེད་ལས། སྤྱི་འདུས་དགོས་འདུས་ཐམས་ཅད་འདུས། །རང་བཞིན་རྫོགས་པ་ཆེན་པོ་འདུས། །འདི་རུ་མ་འདུས་གང་ཡང་མེད། །འདི་ཉིད་ཀུན་གྱི་སྙིང་པོ་ཡིན། །ཞེས་སོ། །དེ་རྣམས་ནི་བཞི་པ་ཆོས་ཕུན་སུམ་ཚོགས་པའི་རྣམ་པར་བཤད་པའོ། །ལྔ་པ་དུས་ཕུན་སུམ་ཚོགས་པ་བཤད་པ་ནི། ཤིན་ཏུ་དཀོན་པའི་དུས་ནའོ། །ཞེས་པས་སྤྱིར་བསྐལ་པ་ལ་སྒྲོན་བསྐལ་དང་མུན་བསྐལ་གཉིས་སུ་ཡོད་དེ། སངས་རྒྱས་འཇིག་རྟེན་དུ་བྱོན་པ་སྒྲོན་བསྐལ་དང་། མ་བྱོན་པའི་དུས་མུན་བསྐལ་ཞེས་བཤད་ཀྱང་། ད་རེས་ཀྱི་དུས་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་རྩ་གཉིས་འཇིག་རྟེན་དུ་བྱོན་ཞིང་འབྱོན་པ་དང་། ཁྱད་པར་དུ་འདིར་མཆོག་གི་སྤྲུལ་སྐུ་ཤཱཀྱ་ཐུབ་པ་བྱོན་པའི་སྐབས་དེ། དེའི་བསྟན་པ་ཡང་གནས་པས། སེམས་ཅན་ཐམས་ཅད་སྒྲོན་མ་བཀོད་པའི་དུས་ཕུན་སུམ་ཚོགས་པ་སྟེ། འགྲེལ་ཆུང་ལས། དུས་ཀྱི་ངོ་བོ་རྣམས་ནས་ཀྱང་། །སྐལ་བ་ཅན་ལ་དཀོན་པའི་དུས། ཞེས་སོ། །དེ་རྣམས་ཀྱིས་དང་པོ་རྒྱུད་འབྱུང་བའི་རྒྱུ་གླེང་གཞི་དེ་རྣམ་པའི་སྤྲུལ་སྐུ་འགྲོ་བ་འདུལ་བའི་གླེང་གཞིའམ་བསྟན་པ་སྤྱིའི་གླེང་གཞིར་གྲགས་པའི་རྣམ་བཤད་རགས་རིམ་ཙམ་བརྗོད་ཟིན་ཏོ། །ལེགས་བཤད་བུང་བའི་དབྱངས་སྙན་ལས། ཞར་བྱུང་ཁྲོ་བོ་དང་སྤྲུལ་སྐུའི་གླེང་གཞི་བཤད་པའི་སྐབས་ཏེ་གསུམ་པའོ། །རབ་
གསལ་མཁའ་ལ་རྒྱུ་བ་ཡི། །འོད་དཀར་ཅན་གྱི་རང་བཞིན་ནི། །གཅིག་ལས་གཡོ་བ་མེད་མོད་ཀྱང་། །པཱ་ཎིའི་གློ་ལ་དུ་མར་སྣང་། །དེ་བཞིན་དབྱིངས་ལས་གཡོ་མེད་པར། །ཐེག་པ་མཐོ་དམན་ཐམས་ཅད་ལ། གཅིག་ལས་དུ་མའི་རྒྱུ་འཕྲུལ་གར། །སོ་སོར་མཐུན་བྱས་ཀུན་ཏུ་སྣང་། །བསམ་ཡས་ཐེག་པ་སྣ་ཚོགས་པ། །གསུང་གཅིག་དཀྱིལ་འཁོར་ཡན་ལག་མཆོག །གདུལ་བྱའི་མོས་པ་སྣ་ཚོགས་པར། །བསྟན་པའི་སྒོ་དང་དེ་ལྟར་སྣང་། །ཐེག་གསུམ་ཆོས་ཀྱི་ཉི་ཟླའི་སྒྲོན་མེ་ནུབ་པ་མེད་པའི་བསྐལ་བཟང་དག །སྲིད་ཞིའི་མཁའ་ལ་མངོན་པར་བྲེས་ལས་བསྟན་གཉིས་སྣང་བ་འབར་བའི་གཟིས། །གདུལ་བྱར་གྱུར་པའི་རྨོངས་མུན་བསལ་ནས་གཏན་བདེའི་པད་མོ་འཛུམ་པའི་ཁ། །འབྱེད་དང་ལྷན་ཅིག་ཡིད་སྲུབ་དཔུང་གི་ཕ་ཝང་ཚོགས་ནི་ལོང་བར་འགྱུར། །སྣོད་དང་འཚམས་པར་མཆོག་གི་སྤྲུལ་སྐུའི་གར། །ཐབས་མཁས་མཛད་པས་འགྲོ་བ་མ་ལུས་ཀུན། །འདུལ་བ་རྣམ་པ་བཞི་ཡི་གླེང་གཞི་འདི། །ཀུན་ཀྱང་སྲིད་མཚོར་བརྒལ་བའི་གྲུ་བོ་ཆེ། །ཞེས་བར་སྐབས་ཀྱི་ཚིགས་བཅད་དོ།། གཉིས་པ་རྐྱེན་གླེང་བསླང་བ་བཤད་པ་དེ་འཆད་པར་བྱེད་པ་ནི། ཐུགས་ཐིག་ལས། སྟོན་པས་གནང་དང་འཁོར་གྱིས་ཞུས། །སྐབས་ལས་གླེང་བསླང་སྟོ ན་དང་འཁོར། །གནང་དྲིའི་རྟེ ན་དུ་གང་གྱུར་པ། །དེ་དེས་གསུང་ལ་མ་ར ག་པ། །ཞེས་པའི་དོན་ནི། སྟོན་པས་གནང་ཞེས་པ་སྔར་ངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིིན་པའི་དོན་རྒྱས་པར་བསྟན་ཟིན་པ་དེ་དག འདིར་མདོར་བསྡུས་ཏེ་བཤད་པར་བྱའོ་ཞེས་སྟོན་པས་མདུན་བསུས་ཏེ་གནང་བར་མདོ་སྡུད་པ་ལྟ་བུ་དང་། འཁོར་གྱིས་ཞུས་ཞེས་པ། འཇམ་དཔལ་མཚན་བརྗོད་ལྟ་བུ་སྟེ། གསང་བའི་བདག་པོ་ལག་ན་རྡོ་རྗེས། རབ་གསུང་གང་ལགས་བཤད་དུ་གསོལ། ཞེས་ཞུས་པའི་ལན་དུ། ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །རིང་ཞིང་ཡངས་པ་བརྐྱང་མཛད་དེ༑ ༑ཞེས་སྟོན་འཁོར་དྲི་ལན་གྱི་སྦྱོར་བས་རྒྱུད་དོན་གདུལ་བྱའི་བློ་དང་མཚམས་པར་འབྱུང་མ་རག་པ་ནི་གླེང་བསླང་གི་ངོ་བོ་དང་། ངེས་ཚིག་ནི། ཅིའི་ཕྱིར་གླེང་བསླང་ཞེས་བྱ་
ཞེ་ན། གང་གླེང་བར་བྱ་བ་ནི་རྒྱུད་དོན་ཡིན་ལ། དེ་ཉིད་གླེང་བར་བསྐུལ་བ་ནི་བསླང་བ་ཏེ༑ བསྟན་པ་འབྱུང་བའི་རྐྱེན་བྱེད་པའི་ཕྱིར་རོ། །དབྱེ་ན་ཐུན་མོང་མ་ཡིན་པའི་གླེང་བསླང་བ་དང་། །ཐུན་མོང་གི་གླེང་བསླང་བ་གཉིས་ལ། །དང་པོ་ཐུན་མོང་མ་ཡིན་པའི་གླེང་བསླང་བ་ནི། སྟོན་པ་ཡབ་ཡུམ་གྱིས་ལྷན་ཅིག་པའི་འཁོར་ལ་ཟབ་དབང་བསྐུར་བའི་སྦྱོར་བས་མདུན་བསུས་ཏེ་ཐ བས་ཤེས་གཉིས་མེད་ཀྱི་ཆ་བཟུང་ནས་གླེང་བསླང་བ་གསུམ་མོ། ཞེས་པ་དེས་བསྟན། དེ་ལ་ཡང་ཡབ་ཀྱིས་ཐབས་ཀྱི་ཆ་བཟུང་ནས་གླེང་བསླང་བ་དང་། ཡུམ་གྱིས་ཤེས་རབ་ཀྱི་ཆ་བཟུང་སྟེ་གླེང་བསླང་བ་དང་། ཐ བས་ཤེས་གཉིས་མེད་ཀྱི་ཆ་བཟུང་ནས་གླེང་བསླང་བ་དང་གསུམ་ལས། དང་པོ་ཡབ་ཀྱིས་ཐབས་ཀྱི་ཆ་བཟུང་ནས་གླེང་བསླང་བ་ནི། ཨེ་མ་ཧོ། རྡོ་རྗེ་ཕུང་པོའི་ཡན་ལག་ནི། སོགས་ནས། མི་བརྙེས་སོ། ཞེས་པའི་བར་གྱིས་འབྱུང་བ་ལྔ་དང་། ཕུང་པོ་ལྔ། རྣམ་ཤེས་ལ་སོགས་པ་ཐམས་ཅད་ཡེ་ནས་རིགས་ཀྱི་ཡབ་ལྔ་དང་། ཡུམ་ལྔ་དང་། ཡེ་ཤེས་ལྔ་དག་ཚུལ་གྱི་གླེང་བསླང་བས་འཁོར་རྣམས་ཀྱིས་ཀུན་རྫོབ་ཀྱི་བདེན་པ་མཐོང་ངོ་། གཉིས་པ་ཡུམ་གྱིས་ཤེས་རབ་གྱི་ཆ་བཟུང་ནས་གླེང་བསླང་བ་ནི། ཀྱེ་མའོ། ཕྱོགས་བཅུ་སྟོང་ཁམས་ཡེ་ནས༴ སོགས་ནས། བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་པའི་བར་གྱིས། སྲིད་པ་གསུམ་དང་། སྙིགས་པ་ལྔ་དང་། ཐ་སྙད་བཞིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་ཞིང་ཁམས་སུ་དག་ཚུལ་སོགས་ཀྱིས་གླེང་བསླང་བ་དང་། འཁོར་རྣམས་ཀྱིས་ལྷག་པ་དོན་དམ་པའི་བདེན་པ་མཐོང་ངོ་། །དེ་ལྟར་ལྷག་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་མཐོང་ཡང་སྟོན་འཁོར་དགོངས་པ་དབྱེར་མེད་ཀྱི་ཡེ་ཤེས་ཆེན་པོ་ད་དུང་མ་མྱོང་བའི་ཕྱིར་སྤྱོད་ཡུལ་དུ་མ་གྱུར་པས་ན་གསང་བའི་དབང་ཞེས་བྱའོ། །གསུམ་པ་དབང་གོང་མ་གཉིས་ལྷན་ཅིག་ཏུ་ཐབས་ཤེས་གཉིས་མེད་ཀྱི་ཆ་བཟུང་ནས་བསྐུར་བ་ནི། མདོ་སྡེ་རྒྱན་ལས། དགོངས་པ་ཐ་མ་ཐོབ་ནས་ནི༑ ༑འོད་ཟེར་ཆེན་པོའི་དབང་སྐུར་རོ། །ཞེས་པས། སྔོན་འགྲོ་དང་། དངོས་གཞི་གཉིས་ལས། སྔོན་འགྲོ་ནི། ཨེ་མ་ཧོ། ངོ་མཚར་རྨད་ཀྱི་ཆོས། སོགས་མཚར་ལྔའི་དང་པོ་བཞིས་
བསྟན་ཅིང་། དེ་ཡང་རྩ་གནས་ཐམས་ཅད་ནས་བྱང་སེམས་གཡོས་ནས་བདེ་བ་འགོ་ལྡང་བའི་ཚུལ་དུ་སྐྱེས་པ་གཡོ་ལྡང་བྱང་ཆུབ་ཀྱི་སེམས་དང་། བདེ་བ་སྔ་མ་འཇིག་ཅིང་ཕྱི་མའི་བདེ་བ་ལ་འཇུག་པ་འཇིག་འཇུག་བྱང་ཆུབ་ཀྱི་སེམས་དང་། རྟེན་ཅན་གྱི་བདེ་བ་རང་ས་ན་གནས་པ་བྱང་ཆུབ་ཀྱི་སེམས་དང་སྔ་མའི་བདེ་བས་མཚོན་ནས་ཕྱི་མའི་བདེ་བ་ལ་སྨོན་པ་སྨོན་པ་བྱང་ཆུབ་ཀྱི༴ སྐྱེ་འགགས་གནས་དམིགས་འགྲོ་འོང་དང་བྲལ་བ་མཐར་ཕྱིན་བྱང་ཆུབ་ཀྱི་སེམས་རྣམས་སོ། །གཉིས་པ་དངོས་གཞི་ནི། ཉི་ཟླ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་པདྨའི་རྩེར་ཞལ་མཇལ་བས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བས་ཐུན་མོང་གི་ས་ལམ་མཐའ་དག་རྫོགས་པ་ནི་འགྲོ་དང་ཞེས་པའི་དོན་དང་། འོང་བ་ཞེས་པ་སླར་ཡང་མས་བརྟན་གྱི་དགའ་བ་བཞིའི་སྐབས་སུ། བྱང་ཆུབ་ཀྱི་སེམས་དཀར་དམར་གཅིག་ཏུ་གྱུར་པ་གྱེན་དུ་ལྡོག་སྟེ་སྤྱི་བོར་སོན་པས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་སྟེ་དབང་བཞི་པ་འོད་ཟེར་ཆེན་པོའི་དབང་ཞེས་བྱ་སྟེ། དེའི་ཚེ་འཇིག་རྟེན་ན་ཆུ་ཐུར་དུ་འབབ་པ་ཞེས་བྱ་བ་དཀར་ཆ་ཆུའི་རང་བཞིན་གྱེན་དུ་སོང་སྟེ་སྤྱི་བོར་སོན་པས་སྐུ་རྡོ་རྗེ། འཇིག་རྟེན་ན་མེ་གྱེན་དུ་འབར་བ་ཞེས་བྱ་བ་དམར་ཆ་མེའི་རང་བཞིན་དུ་བབས་ཏེ་ཉེ་བར་སོན་པས་གསུང་རྡོ་རྗེ་ཐོབ། དེ་གཉིས་ཀྱི་འབྲེལ་བྱེད་པའི་རླུང་དག་པས་ཐུགས་རྡོ་རྗེ་ཐོབ། དེ་གསུམ་གྱི་འགྱུར་བ་མྱོང་བའི་ཤེས་རིག་དག་པས་ཡེ་ཤེས་རྡོ་རྗེ་ཐོབ་སྟེ། དེ་ལྟར་སྐུ་བཞི་དང་ཡེ་ཤེས་ལྔའི་རང་བཞིན་འབྲས་བུའི་ངོ་བོར་སངས་རྒྱས་པས་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པ་ནི་ཐུན་མོང་མ་ཡིན་པའི་གླེང་བསླང་ངོ་། །གཉིས་པ་ཐུན་མོང་གི་གླེང་བསླང་པ་ནི། རང་དོན་དུ་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པ་ལ་རྒྱུད་ཞུ་མ་དགོས་ཀྱ ང་། གཞན་དོན་གདུལ་བྱའི་ངོར། ཨེ་མ་ཧོ། ཡེ་ནས་གསང་བའི་ཆོས་སོགས་བཞིས། རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པས་ལྷག་པ་དོན་དམ་མ་རྟོགས་པ་ནི་ཡེ་ནས་གསང་བ་དང་། རྐྱེན་ཀུན་ཏུ་བཏགས་པའི་མ་རིག་པས་ལྷག་པ་ཀུན་རྫོབ་མ་རྟོགས་པ་ནི་རང་བཞིན་གྱི་གསང་བ་དང་། སྣང་སྟོང་ཐ་དད་དུ་བཟུང་ནས་དབྱེར་
མེད་དུ་མ་རྟོགས་པ་ནི་ངོ་བོ་ཉིད་ཀྱི་གསང་བ་དང་། ཡུལ་དང་ཡུལ་ཅན་སོ་སོར་བཟུང་སྟེ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་མ་རྟོགས་པ་ནི་ཤིན་ཏུ་གསང་བ་སྟེ། དེ་ལྟར་གསང་བ་བཞིས་ཚོད་ནས་མ་རྟོགས་པའི་གདུལ་བྱ་རྣམས་ཐུགས་རྗེས་བཟུང་བར་རིགས་ཞེས་ཞུས་པས་སྟོན་པས་ཐུགས་རྗེ་ཆེན་པོ་སྐྱེས་ཏེ། དངོས་དང་བརྒྱུད་པའི་སྒོ་ནས་འཆད་པར་དགྱེས་ཏེ་ཞལ་གྱིས་བཞེས་ནས་ཕྱག་སྐྱོང་བ་དང་། བཞིན་འཛུམ་དང་། སྨིན་མ་གཡོ་བ་སོགས་པའི་དགྱེས་ཚུལ་དྲུག་གི་སྒོ་ནས་རྒྱུད་འདིས་དངོས་སུ་འདུལ་བ་རྣམས་ལ་སྒྱུ་འཕྲུལ་ལེའུ་གསུམ་པའི་སྨད་ནས་རྒྱུད་དོན་རྫོགས་པར་སྟོན་ཅིང་བརྒྱུད་ནས་འདུལ་བ་རྣམས་ལ་འདུལ་བྱེད་ཀྱི་ཐུབ་པ་ཆེན་པོ་དྲུག་ལ་སོགས་པ་སྤྲོ་བར་ཞལ་གྱིས་བཞེས་པ་ཡིན་ཏེ། འདི་ཉིད་ལས། བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། ཅེས་པ་དང་། ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ༴ སོགས་ནས། ལྷུན་གྱིས་གྲུབ་ཅེས་སོ། །དེས་རྐྱེན་གླེང་བསླང་བ་ལོང་ཙམ་བཤད་ཟིན་ཏོ། །ལེགས་བཤད་བུང་བའི་དབྱངས་སྙན་ལས་གནང་དྲིའི་སྐབས་ཏེ་ལྔ་པའོ། །ཐབས་མཆོག་བདེ་ཆེན་རིག་པའི་ཡེ་ཤེས་ཀྱིས། ཕུང་ཁ མས་རྣམ་ཤེས་འབྱུང་ལྔ་ལ་སོགས་པ། །ཡེ་ནས་རིགས་ལྔ་ཡབ་ཡུམ་ཡེ་ཤེས་ལྔར། །དག་ཚུལ་གླེང་བའི་འཁོར་གྱིས་ཀུན་རྫོབ་རྟོགས། །ཤེས་རབ་དབྱིངས་ཡུམ་རྣམ་ཀུན་མཆོག་ལྡན་མས། །སྣང་ཞིང་སྲིད་པའི་ཆོས་རྣམས་ཐམས་ཅད་ཀུན། །ཡེ་ནས་སྐུ་གསུམ་ཞིང་དུ་དག་པའི་ཚུལ། །གླེང་བས་འཁོར་གྱིས་དོན་དམ་བདེན་པ་རྟོགས། །ཐབས་ཤེས་གཉིས་མེད་བདེ་བ་ཆེན་པོ་ཡིས། །དཀར་དམར་ཐིག་ལེ་ལྡོག་བཀྲམ་འགྲོས་སྦྱོར་བས། །ཐུན་མོང་ཁྱད་པར་ས་ལམ་ཀུན་རྫོགས་ཏེ། །སྟོན་འཁོར་དགོངས་པ་གཉིས་སུ་མེད་པར་རྟོགས། །དེ་ལྟར་མ་རྟོགས་གསང་བ་བཞིས་ཆོད་པའི། །འགྲོ་རྣམས་དངོས་དང་བརྒྱུད་པའི་སྒོ་དག་གིས། །འདུལ་བར་ཞལ་འཆོས་དགྱེས་ཚུལ་སྤྲོ་བ་ཡི། །སྣ་ཚོགས་མཛད་པས་རྒྱུད་དོན་རྫོགས་པར་སྟོན། །ཞེས་སོགས་བསྡུ་བའི་ཚིགས་སུ་བཅད་པའོ། །
གསུམ་པ་ཡོངས་སུ་ཤེས་པར་བྱ་བའི་རྒྱུད་དོན་བཤད་པ་དེ་ལ་ཡང་། །བརྗོད་བྱ་གཙོ་ཆེ་བའི་དབང་དུ་བྱས་ནས་རྒྱུད་གསུམ་གྱི་རྣམ་བཞག་སྤྱིར་བཤད་པ་དང་། །རྗོད་བྱེད་གཙོ་ཆེ་བའི་དབང་དུ་བྱས་ཏེ་ལམ་གྱི་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་བཅུ་བྱེ་བྲག་ཏུ་བཤད་པ་དང་བཅས་པའི་ས་བཅད་རྣམ་པ་གཉིས་ཡོད་པ་ལས། དང་པོ་བརྗོད་བྱ་གཙོ་ཆེ་བའི་དབང་དུ་བྱས་ནས་རྒྱུད་གསུམ་གྱི་རྣམ་བཞག་སྤྱིར་བཤད་པ་ནི། རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུད་ཆགས་པ་ལ་བཤད་དེ། །ཐབས་དང་རྒྱུད་ལས་འབྲས་བུའོ། །ཞེས་པས། སྤྱིར་རྒྱུད་ཆགས་པའི་དོན་གྱིས་ན་རྒྱུད་ཅེས་བྱ་སྟེ། དེ་ཡང་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་བདེ་བར་གཤེགས་པའི་སྙིང་པོ་དེ་ནི་སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་གསེར་བཟང་པོའི་ཁམས་ལྟར་རང་བཞིན་འགྱུར་བ་མེད་པ་རྒྱུན་ཆགས་སུ་གནས་པའང་པི་ཝཾ་གི་རྒྱུད་ལྟར་སྦྲེངས་ཆགས་སུ་གནས་པའི་དོན་གྱིས་ན་རྒྱུད་ཅེས་བྱ་སྟེ། མགོན་པོ་བྱམས་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་སོ། །རྒྱུད་དེ་ལ་དབྱེ་ན་གང་རྟོགས་པར་བྱ་བ་གཞིའམ་རྒྱུའི་རྒྱུད། གང་གིས་རྟོགས་ཤིང་བགྲོད་པ་ཐབས་སམ་ལམ་གྱི་རྒྱུད། གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་དང་བཅས་པའི་ས་བཅད་རྣམ་པ་གསུམ་ཡོད་པ་ལས། དང་པོ་གང་རྟོགས་པར་བྱ་བ་གཞིའམ་རྒྱུའི་རྒྱུད་ཀྱི་ངོ་བོ་ནི། འདི་ཉིད་ལས། བཅིང་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོ གས་སངས་རྒྱས་ཆོས། ཞེས་གཞི་བཅིང་གྲོལ་མེད་པའི་གནས་ལུགས་རང་རིག་པ་བྱང་ཆུབ་ཀྱི་སེམས་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ཡེ་ནས་གནས་པ་གང་ཡིན་པ་སྟེ། ཞེས་པ་དེས་བསྟན། དེའི་དོན་ནི་གཞི་ཅེས་པ་བརྟན་གཡོ་འཁོར་འདས་གཉིས་ཀྱི་འབྱུང་གཞིའམ་འཕྲོ་བའི་གཞིར་གྱུར་པས་ན་གཞི་ཞེས་དང་། བཅིང་གྲོལ་མེད་ཅེས་པ་ནི་དཔེར་ན་རབ་རིབ་ཅན་གྱིས་མཁའ་ལ་སྐྲ་ཤད་འཛག་པ་མེད་བཞིན་དུ་འཛག་པ་མཐོང་ནས། དེ་ལ་མདུད་པ་འདོར་བའི་འཁྲུལ་སྣང་འབྱུང་བ་ལྟར། སེམས་ཉིད་དེ་འཁོར་བའི་གནས་སྐབས་སུ་འཆིང་བ་དང་། མྱ་ངན་ལས་འདས་པའི་གནས་སྐབས་སུ་གྲོལ་བ་ལྟར་སྣང་ཡང་། དོན་ལ་བཅིང་གྲོལ་ཐམས་ཅད་ཀྱི་ཡུལ་ལས་
འདས་པ་ཡིན་ཏེ། ལྟོས་གཞི་བཅིང་པ་མེད་ན། དེ་ལྟོས་གྱི་གྲོལ་བའང་མི་སྲིད་པའི་ཕྱིར་རོ༑ ༑གནས་ལུགས་རང་རིག་པ་བྱང་ཆུབ་ཀྱི་སེམས་ཞེས་པ། སྤང་བྱ་སྤང་རྒྱུ་དང་། ཐོབ་བྱ་ཐོབ་རྒྱུ་མེད་པས་བྱང་ཆུབ་སེམས་ཞེས་བྱ་སྟེ། རྒྱས་པ་ལས། ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཤད། ཅེས་སོ། བདེན་པ་དབྱེར་མེད་ཅེས་པ། སེམས་ཉིད་དེའི་ངོ་བོ་བདེན་པ་དབྱེར་མེད་དུ་བཞུགས་པ་ཡིན་ཏེ། དབྱེ་ན་དོན་དམ་བདེན་པ་དང་། ཀུན་རྫོབ་བདེན་པ་གཉིས་སུ་ཡོད་པ་ལས། དོན་དམ་བདེན་པ་དེ་ལ་ཡང་དཀོར་བདུན་ཏེ། ལམ་རིམ་ལས། བདུན་དང་གསུམ་གྱི་དོན་དམ་པ། གསུངས་པ་ལྟར་སེམས་ཉིད་ནམ་མཁའ་ལྟ་བུའམ་མེ་ལོང་ནག་ངེ་བ་ལྟ་བུ་ནི་དབྱིངས་དོན་དམ་དང་། མེ་ལོང་གི་དངས་ཆ་ལྟར་སེམས་ཉིད་དངས་གསལ་སྒྲིབ་གཡོག་དང་བྲལ་བ་ནི་ཡེ་ཤེས་དོན་དམ་དང་། མེ་ལོང་ལ་གཟུགས་ཅན་འཆར་རུ ང་གི་ནུས་པ་ཡོད་པ་ལྟར་སེམས་ཉིད་དངས་གསལ་སྒྲིབ་གཡོག་དང་བྲལ་བའི་ཀློང་ནས་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་སྣང་ལ་མ་འགགས་པར་གསལ་བ་ནི་འབྲས་བུ་དོན་དམ་བདེན་པ་སྟེ། དེ་ལ་དབྱེ་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་ཕྱེ་བའི་དཀོར་བདུན་ངོ་བོ་ཉིད་སྐུར་ལྷུན་གྱིས་གྲུབ་པ་ནི་ལྷག་པ་དོན་དམ་བདེན་པ་དང་། གཉིས་པ་ཀུན་རྫོབ་ནི། དེ་ཉིད་ཀྱི་རྩལ་སྣང་ལས་སྣོད་བཅུད་ཀུན་རྫོབ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ནི་ལྷག་པ་ཀུན་རྫོབ་བདེན་པ་སྟེ། དོན་ལ་བདེན་པ་གཉིས་པོ་དེ་ཡང་བཟང་ངན་ཕྱོགས་ལྷུང་ཅན་མ་ཡིན་པར། ཟུང་འཇུག་གཅིག་གིས་གཅིག་མི་སྒྲིབ་པའི་མཚན་ཉིད་འཛིན་པ་ཡིན་ཏེ། དཔེར་ན་གསེར་དང་གསེར་གྱི་སེར་པོ་དང་། གཡུ་དང་གཡུ་ཡི་སྔོན་པོ་དང་། མར་མེ་དང་མར་མེའི་འོད་ལྟ་བུ་ཟུང་འཇུག་ངོ་བོ་རོ་གཅིག་པའི་བདག་ཉིད་དུ་གནས་པ་ནི་ལྷག་པའི་བདེན་པ་དབྱེར་མེད་ཅེས་བྱའོ། །སྤྱོད་ཡུལ་དང་བྲལ་བ་ཞེས་པ་དེ་ལྟ་བུའི་བདེན་པ་དབྱེར་མེད་དེ་ནི་བློས་བསམ་པའི་ཡུལ་ལས་འདས་པ། ངག་གིས་བརྗོད་པའི་ཚིག་ལས་འདས་པ། སྨྲ་བསམ་བརྗོད་མེད་ཀྱི་དོ ན་ཏེ། སྒྲ་གཅན་འཛིན་ཀྱིས་ཡུམ་ལ་བསྟོད་པར། སྨྲ་བསམ་བརྗོད་མེད་སོགས་དང་། སྡུད་པ་ལས། དོན་དེ་གང་
ཡིན་ནམ་མཁའ་དག་ལ་བརྟག་པར་གྱིས། ཞེས་སོ། །ཡེ་ནས་གནས་པ་ཞེས་པ། གནས་ལུགས་ཀྱི་དོན་དེ་ཉིད་གདོད་མ་ནས་རང་ཆས་སུ་གནས་པས་ཡ ེ་ནས་གནས་པ་བཤད་དེ། སྒོམ་རིམ་ལས། དེ་ལྟར་ཡང་ཡེ་ཤེས་རང་གནས་པ། ཞེས་གསུངས་ཤིང་། དེ་ལ་མདོ་རྒྱུད་བསྟན་བཅོས་རྣམས་སུ་མིང་གི་རྣམ་གྲངས་དུ་མ་ཞིག་ཕྱེ་ནས་བསྟན་པ་ནི། ཁམས་བདེ་བར་གཤེགས་པའི་སྙིང་པོ་དང་། རང་བཞིན་དུ་གནས་པའི་རིགས་དང་། ཀུན་གཞིའི་ཡེ་ཤེས་དང་། དྲི་བཅས་དེ་བཞིན་ཉིད་དང་། ལ་སོགས་པ་ཐ་སྙད་གང་ལ་འཇུག་པའི་གཞིའོ། ཞེས་པས། སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོ་དེ་ལ། ཐེག་པ་ཆེ་ཆུང་སོ་སོའི་མིང་གིས་འཇོག་ལུགས་ནི། ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་སྲིད་པ་དང་སྲིད་པའི་ཡོ་བྱད་ལ་མ་ཆགས་པ་སེམས་བྱུང་ཆོག་ཤེས་པ་འཕགས་པའི་རིགས་སུ་འདོད་ཅིང་། མདོ་སྡེ་བ་རྣམས་ཀྱིས་ས་བོན་ཟག་མེད་ཀྱི་ཡེ་ཤེས་འབྱུང་རུང་གི་ནུས་པ་ལ་འཇོག་པ་དང་། སེམས་ཙམ་པས་ཀུན་གཞིའི་སྟེང་གི་བག་ཆགས་ལ་འཇོག་ཅིང་། དེ་གསུམ་ནི་བདེ་གཤེགས་སྙིང་པོ་འདུས་བྱས་སུ་འདོད་པའི་དངོས་པོ་སྨྲ་བའི་ལུགས་སོ། །གསུམ་པས་དྲི་བཅས་དེ་བཞིན་ཉིད་དུ་འདོད་པས་ཕལ་ཆེར་སྔགས་དང་ཆ་འདྲ་ན་ཡང་། འདིར་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ལྟར་ན་སེམས་ཀྱི་ཆོས་ཉིད་སྟོང་གསལ་འགག་མེད་འཕོ་མེད་ཀུན་ཁྱབ་ཀྱི་རང་བཞིན་དུ་གནས་པ་དེ་ལ་ཁམས་བདེ་བར་གཤེགས་པའི་སྙིང་པོར་བཤད་ཅིང་དེ་ནི་ཐུན་མོང་ངེས་དོན་གྱི་མདོ་སྡེ་ཟབ་མོ་རྣམས་ལས་ཀྱང་འབྱུང་སྟེ། མདོ་ཏིང་འཛིན་རྒྱལ་པོ་ལས། དག་པ་དྭངས་པ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་པ་དང་། སངས་རྒྱས་ཕལ་པོ་ཆེའི་མདོ་ལས། སྟོང་གསུམ་དར་ཡུག་གི་དཔེར་བཀོད་ནས། ཀྱེ་རྒྱལ་བའི་སྲས་དག དེ་བཞིན་གཤེགས་པའི་ཡེ་ཤེས་དང་། ཚད་མེད་པའི་སེམས་དང་། སེམས་ཅན་ཐམས་ཅད་ལ་ཉེ་བར་འཚོ་བའི་ཡེ་ཤེས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མ་ཚང་བ་མེད་པར་བཞུགས་སོ། །ཞེས་དང་། འགྲིབ་པ་དང་འཕེལ་བ་མེད་པའི་མདོ་ལས། ཤཱ་རིའི་བུ་དོན་དམ་པ་ཞེས་བྱ་
བ་སེམས་ཅན་ཁམས་ཀྱི་ཚིགས་བླ་དྭ གས་སོ། །སེམས་ཅན་གྱི་ཁམས་བྱ་བ་དེ་བཞིན་གཤེགས་པའི་སྙིང་པོའི་ཚིག་བླ་དྭགས་སོ། །ཞེས་དང་། དེ་བཞིན་གཤེགས་པ་རྣམས་ནི་བྱོན་ཀྱང་རུང་། མ་བྱོན་ཀྱང་རུང་། སེམས་ཅན་འདི་དག་ཐམས་ཅད་ནི། རྟག་ཏུ་བདེ་བར་གཤེགས་པའི་སྙིང་པོ་ཅན་ཏེ། དེ་དག་གི་དགོངས་འགྲེལ་གྱི་བསྟན་བཅོས་རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་བདེ་གཤེགས་སྙིང་པོ་ཅན། ཞེས་རྒྱུ་མཚན་གསུམ་གྱི་སྒོ་ནས་སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ཅན་དུ་བསྟན་པ་དང་། ཡང་སྔ་མ་ལས། ཉོན་མོངས་སྦུབས་ནང་གནས་པ་ཡི། །དཔེ་དག་གིས་ནི་བསྟན་པར་བྱ། ཞེས་དཔེ་དགུའི་སྒོ་ནས་བསྟན་ཏེ༑ དཔེ་དགུ་ནི། སངས་རྒྱས་པད་ངན་སྦྲང་མ་སྦྲང་རྩི་དང་། །སྦུབ་ནང་སྙིང་པོ་མི་གཙང་ནང་ན་གསེར། །ས་ནང་གཏེར་དང་མྱུག་སོགས་འབྲས་ཆུད་དང་། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་པའི་ལྟོ་ན་མི་བདག་དང་། །ས་ན་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་སྒྲིབ་པ་ཡི། སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་བསྟན། ཞེས་དཔེ་དགུའི་སྒོ་ནས་མདོར་བསྟན་དུ་བཤད་པ་དང་། རྒྱས་བཤད་རྣམ་བཞག་བཅུ་གཅིག་གི་སྒོ་ནས་བསྟན་པ་སོགས་ཡོད་ཀྱང་། འདིར་མདོར་ཧྲིལ་གྱིས་བསྡུ་ན་སེམས་ཉིད་བདེན་པ་དབྱེར་མེད་དུ་གནས་པ་དེ་ཉིད་རང་གི་ངོ་བོ་སངས་རྒྱས་ཡིན་པའི་ཆ་ནས་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཞེས་བཤད་དོ། །སེམས་ཉིད་དེའི་སྟོང་ཆ་ནས་ཆོས་སྐུའི་ཡོན་ཏན་དང་། སྣང་ཆ་ནས་གཟུགས་སྐུའི་ཡོན་ཏན་རྫོགས་པར་སྣང་ཡང་དྲི་མ་མ་དག་གི་བར་དུ་རང་གི་བྱ་བ་བྱེད་མི་ནུས་པས་ན་རང་བཞིན་གྱི་གནས་པའི་རིགས་དང་འཁོར་འདས་གཉིས་ཀའི་བྱེད་པོ་ཡིན་པས་ན་ཀུན་གཞིའི་ཡེ་ཤེས་དང་། གནས་སྐབས་སུ་ཉོན་མོངས་པའི་དྲི་མ་དང་འབྲེལ་བའི་ཆ་ནས་དྲི་བཅས་དེ་བཞིན་ཉིད་དང་། ལ་སོགས་པ་ཞེས་པའི་ཁོངས་ནས། ཀྲྀ་ཡ་བས་བདག་གི་དེ་ཁོ་ན་ཉིད་དུ་ལྟ་བ་དང་། ཨུ་པ་ཡ་དང་ཡོ་ག་བ་རྣམས་ཀྱིས་དོན་དམ་པ་མཚན་མ་མེད་པའི་བྱིན་རླབས་ལས་ཀུན་རྫོབ་འོག་མིན་རྡོ་
རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བལྟ་བ་དང་། མ་ཧཱ་ཡོ་གས་སེམས་ཉིད་བདེན་པ་དབྱེར་མེད་ལྷག་པ་ཆོས་སྐུ་ཆེན་པོར་བལྟ་བ་དང་། ཨ་ནུ་ཡོ་གས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ལྟ་བ་དང་། ཨ་ཏི་ཡོ་གས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་སོགས་པ་ཐ་སྙད་གང་ལ་འཇུག་པའི་གཞིའོ། དེ་ཉིད་གཞི་ལམ་འབྲས་གསུམ་གྱི་ལྡོག་ཆ་གང་རུང་དང་མ་བསྟུན་པར་སྤྱིར་བཞག་པ་ན་རང་བཞིན་ནམ་གནས་ལུགས་ཙམ་ལས་མིང་གི་ཐ་སྙད་གང་ཡང་མི་འབྱུང་ལ། དེ་ཉིད་གཞི་ལམ་འབྲས་གསུམ་གྱི་འདོགས་ཆ་གང་རུང་དང་བསྟུན་ཚེ། དྲི་མ་ཅུང་ཟད་ཙམ་ཡང་མ་སྤངས་པའི་གནས་སྐབས་ལ་ལྟོས་ནས་གཞི། དྲི་མ་སྦྱོང་བཞིན་གྱི་གནས་སྐབས་ལ་ལྟོས་ནས་ལམ། དྲི་མ་མཐའ་དག་དང་བྲལ་བའི་གནས་སྐབས་ལ་ལྟོས་ནས་འབྲས་བུར་བཞག་པ་ཡིན་ནོ། །ངེས་ཚིག་ནི༑ ཅིའི་ཕྱིར་གཞིའམ་རྒྱུའི་རྒྱུད་དུ་འགྱུར་ཞེ་ན། ཐབས་ཀྱི་རྐྱེན་གྱིས་ཟིན་པ་དང་མ་ཟིན་པ་ལས་འཁོར་བ་དང་མྱང་འདས་སུ་འགྲུབ་པར་བྱེད་པ་ན། འཁོར་འདས་གཉིས་ཀའི་འབྱུང་གཞིའམ་རྒྱུར་གྱུར་པའི་ཕྱིར་དང་། དེ་ཉིད་སེམས་ཅན་ནས་སངས་རྒྱས་གྱི་བར་དུ་གསེར་བཟང་པོའི་ཁམས་ལྟར་འགྱུར་བ་མེད་པ་རྒྱུན་ཆགས་སུ་གནས་པས་ན་རྒྱུད་ཅེས་བྱ་སྟེ། མགོན་པོ་བྱམས་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། ཞེས་དང་། རིམ་གསུམ་ལས། ཐ་སྙད་གཉིས་ཀྱིས་ཆོས་རྣམས་ཀུན། །མ་ལུས་འབྱུང་ཕྱིར་གཞི་ཞེས་བྱ། ཞེས་སོ། གཞི་རྒྱུད་དེ་ལ་དབྱེ་ན། སྔ་མ་ལས། ངོ་བོའི་གཞི་དང་བཏགས་པའི་གཞི། ཞེས་པས། གནས་ལུགས་ངོ་བོ་ཉིད་ཀྱི་གཞི་དང་། འཁྲུལ་བ་བཏགས་པའི་གཞི་གཉིས་སུ་ཡོད་པ་ལས། དང་པོ་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་བཤད་པ་ནི། སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་བདེ་བར་གཤེགས་པའི་སྙིང་པོ་ནི་དྲི་མ་སྦྱོང་བའི་ནོར་བུ་རིན་པོ་ཆེ་ལྟ་བུ་སྟེ་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་དང་ཞེས་པ་དེས་བསྟན། དེའི་དོན་ནི་དཔེར་ན་འདམ་གྱི་དབུས་ན་ཡོད་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའམ། སའི་ནང་ན་གནས་པའི་ཆུ་བོ་ཡན་ལག་བརྒྱད་དང་ལྡན་པ་ལྟ་བུ་སྟེ། ཉོན་མོངས་པའི་དྲི་
མའི་སྦུབས་ཀྱི་དབུས་ན་གནས་པའི་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་ཞིང་རྣམ་པར་དག་པ་བདེ་བར་གཤེགས་པའི་སྙིང་པོ་དེ་ལ་སྦྱང་གཞིའི་རྒྱུ་རྒྱུད་དམ། གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ཞེས་བྱ་སྟེ་ཀླུ་སྒྲུབ་ཀྱིས། ས་ཡི་ནང་ན༴ དྲི་མ་མེད་པར༴ ཉོན་མོངས་ནང༴ དེ་བཞིན་དྲི་མ་མེད་པར་གནས། ཞེས་སོ། གཉིས་པ་འཁྲུལ་པ་བཏགས་པའི་གཞི་ནི། ལོག་དང་ཞེན་སྣང་ཡུལ་དང་བཅས་པ་ནི་སྦྱང་བྱའི་དྲི་མའམ་འདམ་རྫབ་ལྟ་བུ་དང་། མེད་སྣང་གློ་བུར་བ་ཡིན་པས་འཁྲུལ་བ་བཏགས་པའི་གཞི་ཞེས་སུ་གསུངས་སོ། ཞེས་དང་། དཔེར་ན་ནོར་བུའི་ཡོན་ཏན་སྒྲིབ་བྱེད་ཀྱི་འདམ་རྫབ་ལྟ་བུ་སྟེ། འཁོར་འདས་གཉིས་སུ་མ་གྲུབ་ཀྱང་གཉིས་སུ་འཛིན་པའི་ཤེས་པ་ཚོགས་བརྒྱད་ཡུལ་དང་བཅས་པ་མེད་སྣང་གློ་བུར་བའི་ཆོས་ཅན་ཡིན་པས་ན་འཁྲུལ་བ་བཏགས་པའི་གཞི་ཞེས་བྱ་སྟེ། འཇམ་དཔལ་ཞལ་ལུང་ལས། འཁོར་བའི་ཆོས་རྣམས་ཐག་ཁྲ་ཡི། །སྦྲུལ་ལྟར་མེད་པ་ཉིད་དུ་འདོད། ཞེས་དང་། མདོ་ལས། གང་ཞིག་ལོག་པར་རྟོག་པ་མེད་མཐོང་བ། །བྱིས་པ་འདི་དག་མེད་པའི་ཆོས་ལ་སྤྱོད། ཅེས་སོ། །ཞེན་སྣང་ཉིད་འཁོར་བ་འགྲུབ་བྱེད་ཀྱི་རྒྱུ་དང་། རྣམ་ཤེས་ཀྱི་འཇུག་པ་མ་ཟད་ཀྱི་བར་དུ་རྒྱུན་ཆགས་པ་ཙམ་ཡིན་ཀྱང་བཅོས་མ་གློ་བུར་ཀྱི་ཆོས་ཡིན་པས་འབྲས་བུའི་ཉེར་ལེན་དུ་གྱུར་པའི་རྒྱུ་རྒྱུད་དུ་མི་འགྲོ་སྟེ་མཐར་ཐུག་འབྲས་བུ་ཐོབ་པའི་ཚེ་དྲི་མ་དག་ནས་རང་སངས་སུ་འགྲོ་བའི་ཕྱིར་རོ། །རིག་པས་དཔྱད་དོན་གྱིས་སྟོང་པ་ཉིད་ཙམ་མི་འགགས་ཀྱང་རྒྱུ་རྒྱུད་མཚན་ཉིད་པ་མ་ཡིན་ཏེ། ཞེས་པས། ཕུང་པོ་ལྔ་ལ་སོགས་པའི་ཆོས་ཐམས་ཅད་གཅིག་དུ་བྲལ་གྱི་རིགས་པས་བཅད་པས་རིག་ཤེས་ཀྱིས་ཡུལ་མེད་པར་དགག་པའི་སྟོང་ཉིད་དེ་ལ་མེད་དགག་གི་སྟོང་ཉིད་ཅེས་བྱ་སྟེ། དེ་ནི་རྒྱུ་རྒྱུད་མཚན་ཉིད་པ་མ་ཡིན་ཏེ༑ འོན་ཀྱང་བརྟགས་པ་ཙམ་དུ་ཁས་ལེན་མི་རིགས་པའི་ཕྱིར། དེ་ལ་དམིགས་ནས་སྐྱོན་ཡོན་སྐྱེ་བ་དང་གནས་སྐབས་རིག་ངོར་རྒྱུན་ཆགས་པ་ཙམ་ཡིན་པའི་ཕྱིར་རོ། །དེས་གང་རྟོགས་པར་བྱ་བ་གཞིའི་རྒྱུད་ཀྱི་རྣམ་པར་བཤད་པའོ། །གཉིས་པ་གང་གིས་རྟོགས་ཤིང་བསྒྲོད་པ་ཐབས་སམ་ལམ་གྱི་རྒྱུད་བཤད་པ་ནི། རྒྱུ་
རྒྱུད་ཀྱི་གློ་བུར་གྱི་དྲི་མ་དང་བྲལ་བར་བྱེད་པའི་ཐབས་ཤེས་འཇུག་བྱེད་རྩོལ་བ་དང་བཅས་པ་སྟེ། དེ་ཡང་ངོ་བོ་ཤེས་རབ་རྣམ་གསུམ་གྱིས་བསྐྱེད་བྱ་ཐུན་མོང་དང་མཆོག་གི་སེམས་ལྔ་སྐྱེས་སམ་སྐྱེ་བའོ། །ཞེས་པ་དེས་བསྟན། དེ་ཡང་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལ་སོགས་པ་བྱེད་རྩོལ་དང་བཅས་པའི་སྒོ་ནས་ཉམས་སུ་ལེན་དགོས་པ་ཡིན་ཏེ། དེ་ལ་ལམ་གྱི་ངོ་བོ་ནི། རིམ་གསུམ་ལས། ངོ་བོ་ཤེས་རབ་རྣམ་གསུམ་གྱིས། སེམས་ལྔ་སྐྱེས་པར་བསྟན་པ་ཡིན། གསུངས་པ་ལྟར་ཐུན་མོང་དང་མཆོག་གི་སེམས་ལྔ་གཉིས་ལས། དང་པོ་ཐུན་མོང་སེམས་ལྔ་ནི་ཐུན་མོང་ལམ་སྟེགས་ཀྱི་ཐེག་པ་ལྔ་དང་མཚུངས་པའི་སེམས་ལྔ་ཡིན་ལ། མཆོག་གི་སེམས་ལྔ་ནི། བླ་ན་མེད་པའི་ཐེག་པ་འདིར་འཇུག་འདོད་ཀྱི་སེམས་ལྔ་རྣམས་ཏེ། དེ་ཡང་གཞིའི་ས་ནས་སེམས་བསྐྱེད་པ་ཞེས་པ༑ ཐེག་པ་གང་དུ་ཡང་མ་ཞུགས་པ་ཐོགས་མ་ཉིད་ནས་སྒྱུ་འཕྲུལ་སྙིང་པོ་འདིའི་ལམ་དུ་ཞུགས་པ་ལ་གཞིའི་ས་ནས་སེམས་བསྐྱེད་པ་ཞེས་བྱའོ། །ལམ་གྱི་ས་ནས་སེམས་བསྐྱེད་པ་ནི༑ ཉན་རང་ལ་སོགས་པའི་ཐེག་པ་གང་རུང་ཞིག་ཏུ་ཞུགས་ཏེ་སླར་ཡང་ལམ་དེ་ཉིད་འཕྲོ་ཅན་དུ་བོར་ནས་སྒྱུ་འཕྲུལ་གསང་བ་སྙིང་པོ་འདིར་འཇུག་པ་ལ་ལམ་གྱི་ས་ནས་སེམས་བསྐྱེད་པ་ཞེས་བྱའོ། འབྲས་བུའི་ས་ནས་སེམས་བསྐྱེད་པ་ཞེས་བྱ་བ། ཐེག་པ་འོག་མའི་རང་འབྲས་མཐར་ཕྱིན་པར་བསླབ་ནས་འདིར་ཞུགས་པས་ན་འབྲས་བུའི་ས་ནས་སེམས་བསྐྱེད་པ་ཞེས་བྱའོ། བསྐྱེད་པ་རང་གི་ངོ་བོ་ལ་ཡང་ཐབས་ལམ་དང་། གྲོལ་ལམ་གཉིས་སུ་ཡོད་པ་ལས། ཐབས་ལམ་ནི། ལས་རྒྱ་སོགས་དང་མཉམ་པར་སྦྱོར་བའི་ཚེ་རྩ་གནས་ཐམས་ཅད་ནས་བྱང་སེམས་གཡོས་པས་བདེ་བ་མགོ་ལྡང་བའི་ཚུལ་གྱིས་སྐྱེས་པ་གཡོ་ལྡང་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་སེམས་ལྔ་ཡིན་ལ། གྲོལ་ལམ་དེ་ལ་དབྱེ་ན་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སྤྱིའི་ལམ་ལྔ་ནི། ཐེག་པ་འོག་མའི་སྐྱོན་མཐོང་སྟེ་སྐྱོ་བ་སྐྱེས་ནས་གོང་མའི་ཡོན་ཏན་མཐོང་སྟེ། འཇུག་འདོད་ཀྱི་སེམས་དང་པོ་མགོ་ལྡང་བའི་ཚུལ་གྱིས་སྐྱེས་པ་གཡོ་ལྡང་བྱང་ཆུབ་ཀྱི་སེམས་དང་། ཐེག་པ་དེའི་ཡོན་ཏན་ཐོབ་ན་སྙམ་པ་སྨོན་པ་
བྱང་ཆུབ་ཀྱི་སེམས་དང་། དེ་སྨོན་པ་ཙམ་དུ་མ་བཞག་པར་དེ་ལ་འཇུག་པ་འཇུག་པ་བྱང་ཆུབ་སེམས་དང་། དེའི་དོན་ལ་གནས་པ་གནས་པ༴ དེའི་དོན་མཐར་ཕྱིན་པ་མཐར་ཕྱིན་བྱང་ཆུབ་ཀྱི་སེམས་རྣམས་སོ། །བྱེ་བྲག་གི་སེམས་ནི། དེ་ཏིང་དང་ཀུན་སྣང་ལ་སོགས་པའི་སེམས་བསྐྱེད་རྣམས། །སྐྱེས་སམ་ཞེས་པ་ཅིག་ཅར་དུ་སྐྱེ་བ་ཞིག་ཡོད་དེ། དཔེར་ན་དབང་དུས་སུ་གྲོལ་བའི་རྒྱལ་པོ་ཨིན་ཏྲ་བྷུ་ཏི་ལྟ་བུ་སྟེ། སྡོམ་གསུམ་རྣམ་ངེས་ལས། རབ་མཆོག་སྦྱངས་པ་མཐར་སོན་སྐལ་ལྡན་ཏེ། །རྟོགས་གྲོལ་དུས་མཉམ་ཨིན་ཏྲ་བྷུ་ཏི་བཞིན། ཞེས་སོ༑ ༑སྐྱེ་ཞེས་པ་རིམ་གྱིས་སྐྱེ་བ་ཞིག་ཡོད་དེ། དཔེར་ན་སྤང་ལེབ་ལྔ་བརྩེགས་མདས་ཕུག་པའི་ཆ་ཤས་བཞིན་ནོ། །ངེས་ཚིག་ནི། ཅིའི་ཕྱིར་ཐབས་སམ་ལམ་གྱི་རྒྱུད་དུ་འགྱུར་ཞེ་ན། ཐོབ་བྱ་མཐར་ཐུག་གི་འབྲས་བུ་ཉིད་ལྷན་ཅིག་མངོན་དུ་བྱེད་རྐྱེན་པས་ཐབས་དང་། གང་དང་གང་དུ་བགྲོད་བྱའི་རྟེན་ཡིན་པས་ན་ལམ་དང་། གཞི་འབྲས་གཉིས་བར་མ་ཆོད་པས་འབྲེལ་བར་བྱེད་པའི་དོན་གྱིས་ན་རྒྱུད་ཅེས་བྱ་སྟེ། འདི་ཉིད་དུ། ངོ་མཚར་ཆོ་འཕྲུལ་སོགས་ཞེས་སོ། །དེ་ལ་དབྱེ་ན་ཉེ་རིང་གཉིས་ལས། རྣལ་འབྱོར་བླ་ན་མེད་པ་ཁྱད་པར་གྱི་ལམ་འདི་ནི་ཉེ་བའི་ལམ་མམ་ཐབས་རྒྱུད་ཡིན་ལ་ཞེས་པ། རྣལ་འབྱོར་བླ་ན་མེད་པ་ཁྱད་པར་གྱི་ལམ་ཞེས་པ། ཐེག་ཆེན་དབུ་མ་སོགས་སུ་བདེན་གཉིས་ཟུང་འཇུག་ཟེར་ཀྱང་། ཟུང་འཇུག་རྣལ་མའི་དོན་ཉམས་སུ་མ་མྱོང་བས་ཐབས་བདེ་བ་ཆེན་པོའི་རང་རིག་མངོན་སུམ་དུ་རྫོགས་པའི་ཁྱད་པར་དེ་མེད་པའི་ཕྱིར། ཉེ་ལམ་ཞེས་པ། ཐེག་པ་གཞན་རྣམས་སུ་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་གསོག་དགོས་ལ། འདིར་ནི་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བའི་ཐབས་ཡོད་པའི་ཕྱིར་རོ། ཐབས་ཀྱི་རྒྱུད་ཅེས་པ། ཐེག་པ་གཞན་རྣམས་སུ་ཉོན་མོངས་པ་སྤོང་སྦྱོང་བསྒྱུར་བ་སོགས་བྱེད་ལ། འདིར་ནི་དུག་གསུམ་ལ་དམིགས་མེད་ལྟ་བའི་གདེངས་དང་ལྡན་པའི་སྒོ་ནས། འདོད་ཆགས་བདེ་སྟོང་། ཞེ་སྡང་གསལ་སྟོང་། གཏི་མུག་རིག་སྟོང་གི་ངོ་བོར་བལྟས་ཏེ་ཉམས་སུ་བླངས་པས་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བའི་ཕྱིར་ཏེ། ས་པཎ་གྱི་སྡོམ་གསུམ་རབ་དབྱེར། སྔགས་ཀྱིས་བཏབ་པའི་ས་བོན་ནི། །ཉི་མ་གཅིག་ལ་
ལོ་ཐོག་སྨིན། །རྡོ་རྗེ་ཐེག་པའི་ཐབས་ཤེས་ན། །ཚེ་འདི་ཉིད་ལ་གྲོལ་བར་འགྱུར། ཞེས་སོ༑ ༑དེ་ལས་གཞན་པ་ཐུན་མོང་གི་ལམ་ངེས་འབྱུང་གི་ཐེག་པ་བཞི་དང་ཕྱི་རྒྱུད་སྡེ་གསུམ་གྱི་ལམ་རྣམས་སུ་ནི་སྐབས་འདིར་རིང་བའི་ལམ་ཞེས་བྱའོ། །ཞེས་པ། ངན་སོང་ལས་ངེས་པར་འབྱུང་ཡང་འཁོར་བ་ལས་ངེས་པར་འབྱུང་མ་ནུས་པ་ལྷ་མིའི་ཐེག་པ་དང་། འཁོར་བ་ལས་ངེས་པར་འབྱུང་ཡང་མཐའ་གཉིས་ལས་ངེས་པར་འབྱུང་མ་ནུས་པ་ཉན་རང་གི་ཐེག་པ་དང་། མཐའ་གཉིས་ལས་ངེས་པར་འབྱུང་བ་བྱང་ཆུབ་སེམས་དཔའི་ཐེག་པ་སྟེ་ངེས་འབྱུང་གི་ལམ་བཞི་དང་། ཕྱི་རྒྱུད་སྡེ་གསུམ་ཡང་སྤྱིར་སྔགས་ལམ་ཡིན་པས་ཉེ་ལམ་ཡིན་མོད་ཀྱང་། མཐར་ཐུག་སྒྱུ་འཕྲུལ་གསང་བ་སྙིང་པོ་འདིའི་དོན་མངོན་དུ་བྱེད་དགོས་པས་ན་སྐབས་འདིར་ལྟོས་ན་རིང་བའི་ལམ་ཞེས་བཤད་པའོ། །དེ་ཡང་གཞི་འབྲས་གཉིས་དང་ཤེས་ཐོབ་ཀྱི་བྱ་བྱེད་འབྲེལ་བ་ཅན་དུ་གནས་པའི་ཕྱིར་ཐབས་བར་མ་ཆད་པར་རྒྱུན་ཆགས་སུ་འབྱུང་བས་ན་རྒྱུད་དོ། །ཞེས་པ། ལམ་རྒྱུད་དེ་གཞི་ཤེས་པར་བྱ་བ་དང་མར་འབྲེལ། འབྲས་བུ་ཐོབ་པར་བྱེད་པ་དང་ཡར་འབྲེལ། དེ་གཉིས་གྱི་བར་གྱི་བྱ་བྱེད་འབྲེལ་བ་ཅན་དུ་གནས་པའི་ཕྱིར་རོ། ཁྱད་པར་གྱི་ལམ་དེ་ལ་དབྱེ་ན། བཤད་རྒྱུད་རྒྱ་མཚོ་ལས། གྲོལ་ལམ་ཐབས་སུ་ཇི་ལྟར་བསྟན། ཞེས་གསུངས་པ་ལྟར། ཐབས་ལམ་དང་གྲོལ་ལམ་གཉིས་སུ་ཡོད་པ་ལས། དང་པོ་ཐབས་ལམ་ནི། འདི་ཉིད་ལས། ངོ་མཚར་ངན་འགྲོ་ཐར་པའི་ཐབས། ཞེས་པས། གཙོ་བོ་ཐབས་ཀྱི་ཁྱད་པར་བརྟུལ་ཞུགས་ཀྱི་སྤྱོད་པ་རྨད་དུ་བྱུང་བའི་སྒོ་ནས་འབྲས་བུ་མྱུར་དུ་སྒྲུབ་པར་བྱེད་པ་སྟེ། དཔེར་ན་མཀྵི་ཀའི་སྦྱོར་བས་ལྕགས་ཁམས་ཡུད་ཙམ་གྱིས་གསེར་དུ་བསྒྱུར་བ་བཞིན་ནོ། །ཞེས་པ་དེས་བསྟན། ངོ་མཚར་ངན་འགྲོ་ཞེས་པ་འཆིང་བྱེད་ཀྱི་ལས་ལ་བཤད་ཀྱང་གྲོལ་བའི་འབྲས་བུ་ཐོབ་པ་ལ་ངོ་མཚར་བའི་དོན་དང་། གཙོ་བོ་ཐབས་ཀྱི་ཁྱད་པར་ཞེས་པ་འོག་ནས་འཆད་འགྱུར་གྱི་གྲོལ་ལམ་དེ་ཡང་ཐབས་ཤེས་ལྡན་པ་ཡིན་ཡང་། འདིར་གདམས་ངག་གཙོ་ཆེ་བའི་དབང་དུ་བྱས་ནས་གཙོ་བོ་ཐབས་ཀྱི་ཁྱད་པར་ཞེས་བཤད་ཅིང་། བརྟུལ་ཞུགས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་ཞེས་པས། དུག་གསུམ་
མ་སྤང་པར་ཐོགས་བ རྫིས་ལྟ་བུའི་སྤྱོད་པ་རྨད་དུ་བྱུང་བའི་བརྟུལ་ཞུགས་དང་ལྡན་པ་ཡིན་ཏེ༑ དཔེར་ན་རྣ་བར་ཆུ་ཤོར་ན་ཡང་ཆུ་ཞིག་བླུག་ན་ཐོན་འགྲོ་བ་ཡིན་ཏེ། རྒྱུད་ལས། རྣ་བར་ཆུ་ནི་ཞུགས་གྱུར་ན། །ཆུ་ཉིད་ཀྱིས་ནི་འདོན་པར་བྱ། ཞེས་སོ། མཀྵི་ཀའི་སྦྱོར་བས་ཞེས་པས། མཀྵི་ཀ་ནི་དངུལ་ཆུ་ལ་བྱ་སྟེ། ཁེ་ཉེན་དང་སྦྱར་བའི་ངོས་ནས་ཀྱང་ཐབས་ལམ་གྱི་དཔེར་མཚུངས་ལ། དེ་ཡང་དུག་གསུམ་ལ་དམིགས་མེད་ལྟ་བའི་གདེང་དང་ལྡན་པའི་སྒོ་ནས་ཐབས་ཀྱིས་སྤྱད་ན་མི་འཆིང་བ་ཙམ་དུ་མ་ཟད་འབྲས་བུ་ཐོབ་པ་ལ་དཀའ་ཚེགས་མི་དགོས་ཏེ། དཔེར་ན་དངུལ་ཆུའི་སྦྱོར་བ་ལེགས་པར་ཤེས་པ་ཞིག་གིས་གནས་སྐབས་ལྔའི་སྒོ་ནས་སྤྱད་ན་ལྕགས་ཁམས་ཡུད་ཙམ་གྱིས་གསེར་དུ་བསྒྱུར་བ་ལ་དཀའ་ཚེགས་མི་དགོས་ཏེ། སྦྱོར་བ་མི་ཤེས་པ་ཞིག་གིས་སྤྱད་ན་ལྕགས་ཁམས་གསེར་དུ་མི་འགྱུར་བ་ཙམ་དུ་མ་ཟད་དངུལ་ཆུའི་དགྲ་མེ་ཡིན་པས་ཁང་ཁྱིམ་མེས་ཚིག་པ་ལ་སོགས་པའི་ཁེ་ཉེན་ཆེན་པོ་ཡོད་པ་བཞིན་དུ། ཐབས་དང་མི་ལྡན་པ་ཞིག་གིས་དུག་གསུམ་ལ་སྤྱད་ན་གྲོལ་བའི་འབྲས་བུ་མི་ཐོབ་པ་ཙམ་དུ་མ་ཟད་ངན་སོང་གསུམ་དུ་ལྟུང་བའི་ཉེས་པ་ཆེན་པོ་འབྱུང་སྟེ། མདོ་ལས། ཞེ་སྡང་གིས་ནི་དམྱལ་བར་ལྟུང་། །ཆགས་པས་ཡི་དྭགས་གནས་སུ་སྐྱེ། །རྨོངས་པ་ཕལ་ཆེར་དུད་འགྲོར་འགྲོ། ཞེས་སོ། ཐབས་ལམ་དེ་ལ་དབྱེ་ན། རིམ་གསུམ་ལས། གདམས་ངག་སྟེང་དང་འོག་གི་སྒོ། ཞེས་པས་སྟེང་སྒོ་དང་། འོག་སྒོ་གཉིས་སུ་ཡོད་པ་ལས། དང་པོ་སྟེ ང་སྒོ་ནི། འཁོར་ལོ་དྲུག་ལ་བརྟེན་ནས་འབར་འཛག་གི་སྦྱོར་བས་འཁོར་ལོ་བཞིར་བདེ་བའི་ཡེ་ཤེས་བསྐྱེད་པ་ལ་བསླབ་པ་ནི་རིམ་གྱིས་པ་སྟེ། རྒྱ་མཚོ་ལས། འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། །མེ་རླུང་འགྲོ་བ་ནམ་མཁའི་བ། །བཞོ་བས་སྟེང་དུ་རྣམ་པར་གྲགས། ཞེས་པ། འཁོར་ལོ་དྲུག་ནི། རྩ་འཁོར་ལོ་བཞི་དང་རྐྱེན་གྱི་འཁོར་ལོ་གཉིས་དང་དྲུག་པོ་དེ་ལ་བརྟེན་ནས་བྱང་སེམས་ཡར་མར་གྱི་འགྲོས་ཀྱི་འཁོར་ལོ་བཞིར་བདེ་བའི་ཡེ་ཤེས་སྐྱེས་པ་ལ་བསླབ་པ་ནི་རིམ་གྱིས་པ་དང་། གསུམ་གཉིས་ཞེས་པ་གསུམ་ཚན་གཉིས་ཏེ་དྲུག་དང་སྲོག་ཤིང་གསུམ་ཞེས་པ་ལུས་ཀྱི་དབུས་ན་རྩ་རོ་རྐྱང་དབུ་གསུམ་སྲོག་ཤིང་བསླང་
བ་ལྟ་བུར་གནས་པ་སྟེ། དེ་ཡང་དབུ་མ་ནི་ཕྱི་དཀར་ལ། ནང་དམར་བ། སྦོམ་ཕྲ་སྦ་ལྕགས་འབྲིང་པོ་ཙམ་པ། མར་སྣ་གསང་གནས་དང་། ཡར་སྣ་སྤྱི་བོ་ཚངས་པའི་བུ་གའི་བར་དྲངས་ཐལ་ལེར་གནས་པ། དེའི་གཡས་སུ་རོ་མ་དམར་མོ་ཁྲག་གིས་གང་བ་དང་། གཡོན་དུ ་རྐྱང་མ་དཀར་པོ་ཁུ་བས་གང་བ་གཉིས་སྦོམ་ཕྲ་དབུ་མ་ལས་ཉིས་འགྱུར་གྱི་ཕྲ་བ། མར་སྣ་རོ་མ་མདུན་དུ་ཕྱོགས་ཏེ་ཆུ་ལམ་དང་། རྐྱང་མ་རྒྱབ་ཏུ་ཕྱོགས་ཏེ་བཤང་ལམ་དུ་ཟུག་པ། ཡར་སྣ་གཉིས་མིག་མཚམས་ཀྱི་ཐད་ནས་མར་གུག་སྟེ་སྣ་བུག་གཡས་ གཡོན་དུ ་གནས་པ་དང་། དེ་ལ་བརྟེན་ནས་འཁོར་ལོ་དྲུག་ནི། མིག་མཚམས་ཀྱི་ཐད་དུ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་སོ་གཉིས། མགྲིན་པའི་ཐད་དུ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག སྙིང་གའི་ཐད་དུ་སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། ལྟེ་བའི་ཐད་དུ་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབས་དྲུག་ཅུ་རེ་བཞི། དེ་འོག་སོར་བཞི་གཞལ་བ་ན་སྦར་བྱ་མེའི་དཀྱིལ་འཁོར་གྲུ་གསུམ་རཾ་ཡིག་གིས་མཚན་པ། དེ་འོག་གཞལ་བའི་རྒྱུ་ཞབས་ཀྱི་ཐད་དུ་སྦར་བྱེད་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་ཡཾ་ཡིག་གིས་མཚན་པ་སྟེ། དེ་ལ་བ རྟེན་ནས་ཉམས་སུ་ལེན་ཚུལ་ནི། བསམ་བསྟན་ལ་ཚེར་མ་མི་འབྱུང་ཞིང་གནས་དབེན་པར་ལུས་རྣམ་སྣང་གི་ཆོས་བདུན་དྲང་པོར་བསྲངས་ལ། རླུང་རོ་ལན་གསུམ་བསལ་བའི་སྟེང་རླུང་མཆིལ་མའི་རྟ་ལ་བསྐྱོན་ཏེ་ལྟེ་བར་སླེབ་པ་དང་། འོག་རླུང་ཅུང་ཟད་བསྐུམ་པའི་རྐྱེན་གྱིས་གསུམ་མདོའི་རླུང་དང་བཅས་པས་སྦར་བྱེད་རླུང་གི་དཀྱིལ་འཁོར་ལས་རླུང་སྦར་བྱ་མེའི་དཀྱིལ་འཁོར་ལས་མེ་ཟངས་ཀྱི་རྒྱ་ཁབ་ལྟར་དམར་བསྒྲེངས་ཀྱིས་འབར་བས་དབུ་མའི་ལམ་བརྒྱུད་སྤྱི་བོའི་ཧཾ་ཡིག་ཐ་སྙད་ཙམ་དུ་ནམ་མཁའི་བ་ཞེས་བཏགས་པའི་དེ་ལ་རེག་པས་བྱང་ཆུབ་དངུལ་ཆུའི་དོག་པའམ་ཁུ་བ་ལྟར་རིམ་གྱིས་བབ་སྟེ། དབུ་མའི་ལམ་བརྒྱུད་ལྟེ་བའི་ཨ་ཐུང་ལ་རེག་པས་སྡོང་རྩ་མར་ཁུས་བསྣན་པ་ལྟར་མེ་ཧར་གྱིས་འབར་བས་མེ་རླུང་གཉིས་ཕྲུ གས་གཅིག་ཏུ་འདྲེས་ཏེ་དབུ་མའི་ལམ་བརྒྱུད་སྤྱི་བོའི་ཧཾ་ཡིག་ལ་རེག་པས། དེ་ཉིད་བྱང་སེམས་དཀར་ཆའི་རྣམ་པར་ལྟེམ་གྱིས་ཞུ་སྟེ་སྤྱི་བོའི་རྩ་འཁོར་ཐམས་ཅད་གང་བས་
ཀུན་ཏུ་དགའ་བའི་ཡེ་ཤེས་ཐོབ། དེ་བཞིན་དུ་མགྲིན་པའི་རྩ་འཁོར་ཐམས་ཅད་གང་བས་མཆོག་ཏུ་དགའ་བའི་ཡེ་ཤེས་ཐོབ། སྙིང་ཁའི་རྩ་འཁོར་ཐམས་ཅད་གང་བས་ཁྱད་པར་གྱི་དགའ་བའི་ཡེ་ཤེས་ཐོབ། ལྟེ་བའི་རྩ་འཁོར་ཐམས་ཅད་གང་བས་ལྷན་སྐྱེས་ཀྱི་ཡེ་ཤེས་ཐོབ། སླར་ཡང་མས་བརྟན་གྱི་དགའ་བ་བཞིའི་མཐར་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བ་དང་བཅས་པའི་སྟེང་སྒོ་ཐུན་མོང་པ་དང་། སྟེང་སྒོ་ཁྱད་པར་བ་ནི་འདི་ཉིད་ཀྱི་ལེའུ་བཅུ་གསུམ་པའི་དངོས་བསྟན་སྒྲ་ཇི་བཞིན་པ་ལྟར། ཀུན་ཏུ་བཟང་པོའི་མན་ངག ཀུན་ཏུ་བཟང་མོའི་མན་ངག སྦྱོར་བ་དག་པའི་མན་ངག ཁྱབ་བརྡལ་ཆེན་པོའི་མན་ངག་རྣམས་སུ་ཡོད་པ་ལས། དང་པོ་ཀུན་ཏུ་བཟང་པོའི་མན་ངག་གམ་སྲིད་པའི་འཁོར་ལོ་སྒོམ་པའི་མན་ངག་བཤད་པ་ནི། སྙིང་གར་རྩ་འདབ་བརྒྱད་དམ་ཡང་ན་བཞིར་འདུ་སྟེ། མདུན་ཆོས་ཉིད་ཀྱི་རྩ། གཡས་ཡེ་ཤེས་ཀྱི་རྩ། གཡོན་ཡོན་ཏན་ཀྱི་རྩ། རྒྱབ་རང་རྒྱུད་ཀྱི་རྩ་གཅིག་དང་བཅས་པ་སྟེ། རྩ་དེ་དག་གི་དབུས་ན་སྦྱངས་བྱ་རིགས་དྲུག་གི་ས་བོན་རྣམ་ཤེས་གཉིས་དང་བཅས་པ་ལ། སྦྱོང་བྱེད་ཡི་གེ་འབྲུ་གསུམ་གྱི་རྣམ་པར་གནས་པ་སྟེ། སློབ་དཔོན་དུར་ཁྲོད་བདེ་བའི་དཔེ་ཆུང་རང་གནས་ལས། ཆོས་དབྱིངས་ལྷ་མིན་དུད་འགྲོ་ཟླུམ། །ཀུན་གཞི་ༀ་གྱི་རྣམ་པར་གནས། །ཡེ་ཤེས་ལྷ་མི་གྲུ་བཞིའི་དབྱིབས། །སྙིང་པོ་ཧཱུྃ་ནི་བདེ་གཤེགས་ཐུགས། །ཡོན་ཏན་དམྱལ་བ་ཡི་དྭགས་ཨཱཿ །ཟླ་གམ་གསུམ་གྱི་རང་བཞིན་ཏེ། །དམར་ནག་མདོག་ལ་ལྐོག་ཞོལ་དབྱིབས། །ཤེས་པ་གསུམ་ལ་རྨོངས་ཤིང་འགེངས། །འདི་ནི་བླུན་རྨོངས་སྣོད་ཡིན་ཏེ། །དྲག་པོ་ཉིད་དུ་གནས་པའོ། །ཞེས་གསུངས་པ་ལྟར་དངས་མ་ཆེན་པོ་ལྔའི་དབུས་ན་དེ་བཞིན་གཤེགས་པའི་སྙིང་པོ་ཐིག་ལེ་ཡི་གེ་ཝཾ་ཡིག་གི་རྣམ་པར་གནས་པ་དེ་ཉིད་སྐབས་འདིར་ལམ་པས་ཉམས་སུ་བླང་བས། འོད་ལྔའི་གོང་བུ་གསལ་ཞིང་འཚེར་བ་རྐྱེན་གྱིས་མི་ཕྲོག་པ་ཡུང་འབྲུ་ཙམ་ཞིག་གསལ་བཏབ་ལ། སྤྱི་བོ་ནས་མར་སེམས་གཏད་དེ་བསྒོམ་པས་སྙིང་ཁའི་ཐིག་ལེའི་བདེ་དྲོད་ཆེར་འབར་བས་སྦྱོང་བྱེད་ཀྱི་ཡི་གེ་འབྲུ་གསུམ་བསྐུལ་ཏེ། སྦྱང་བྱ་རིགས་དྲུག་གི་ས་བོན་རྣམ་ཤེས་གཉིས་དང་བཅས་བསྲེག རྣམ་
རྟོག་ཐམས་ཅད་མི་རྟོག་པའི་དབྱིངས་སུ་ཐིམ་ནས། མི་དམིགས་བདེ་བ་ཆེན་པོར་བྱང་ཆུབ་པ་དང་བཅས་པ་ནི་སྙིང་གའི་འཁོར་ལོ་སྒོམ་པའི་མན་ངག་གམ། ཀུན་ཏུ་བཟང་པོའི་མན་ངག་ཞེས་བྱའོ། ལྟེ་བའི་འཁོར་ལོ་སྒོམ་པའི་མན་ངག་གམ་ཀུན་ཏུ་བཟང་མོའི་མན་ངག་བཤད་པ་ནི། ལྟེ་བའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་ན་དབྱིངས་ཕྱུག་ལྔའི་ཐིག་ལེ་ཡི་གེ་ཨ་ཐུང་གི་རྣམ་པར་གནས་པ་དེ་ལ། སྙིང་ཁ་ནས་མར་སེམས་གཏད་དེ་སྒོམ་གྱི་འདི་ལྟར་སྣང་བའི་རྟོག་ཚོགས་ཐམས་ཅད་འཁྱག་རོམ་ཆུར་ཞུ་བ་ལྟར་ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གསལ་ཞིང་། སླར་ཡང་ཐིག་ལེའི་བདེ་དྲོད་ཡར་སོང་སྟེ་དངས་མ་སྙིང་ཀར་མཆེད་པས་སྙིང་ཁའི་ཐིག་ལེ་བདེ་དྲོད་ཆེར་འབར་བས་རགས་པའི་རླུང་གི་རྒྱུ་བ་ཐམས་ཅད་འགག་པས་མི་དམིགས་སྤྲོས་བྲལ་བདེ་བ་ཆེན་པོར་བྱང་ཆུབ་པ་དང་བཅས་པ་ནི་ལྟེ་བའི་འཁོར་ལོ་སྒོམ་པའི་མན་ངག་གམ་ཀུན་ཏུ་བཟང་མོའི་མན་ངག་ཞེས་བྱའོ། །སྦྱོར་བ་དག་པའི་མན་ངག་ནི། མགྲིན་པའི་འཁོར་ལོ་རྩ་འདབ་བཅུ་དྲུ ག་གི་དབུས་ན་བཟའ་བཏུང་ཐམས་ཅད་ཀྱི་རོ་ལེན་པར་བྱེད་པ་མཁའ་འགྲོ་མ་རྔམས་མ་ཞེས་བྱ་བའི་ཐིག་ལེ་ཡི་གེ་ཨཾ་ཡིག་གི་རྣམ་པར་གནས་པ་དེ་ལ་སྙིང་ཁ་ནས་ཡར་སེམས་གཏད་དེ་སྒོམ་པས་མགྲིན་པའི་ཐིག་ལེ་ཞུ། དྭངས་མ་སྙིང་ཀར་མཆེད། དབུགས་ཐིག་ལེར་ཐིམ། རླུང་དང་རྟོག་པ་འགག འཁོར་ལོ་གཉིས་ཞལ་སྦྱར་ཞིང་། དྲོད་རླུང་རྩ་གསུམ་གཅིག་ཏུ་བསྲེས་ཏེ་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནམ་མཁའི་གཟུགས་ཅན་རྒྱུད་ལ་སྐྱེས་པ་དང་བཅས་པ་ནི་མགྲིན་པའི་འཁོར་ལོ་སྒོམ་པའི་མན་ངག་གོ ཁྱབ་བདལ་ཆེན་པོའི་མན་ངག་ནི། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི་དབུས་ན་ཀུན་ཏུ་བཟང་པོ་ཟླ་བའི་ཐིག་ལེ་ཡི་གེ་ཧཾ་ཡིག་མགོ་ཐུར་བསྟན་གྱི་རྣམ་པར་གནས་པ་དེ་ལ། མགྲིན་པའི་ཐིག་ལེའི་བདེ་དྲོད་ཡར་སོང་སྟེ་སྤྱི་བོའི་ཧཾ་ཡིག་ལ་རེག་པས་དེ་ཉིད་ཀྱི་སྤྱི་བླུགས་སུ་ཞུ་སྟེ་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནམ་མཁའི་གཟུགས་ཅན་རྒྱུད་ལ་སྐྱེས་ནས། ཀུན་གྱི་དང་པོར་བདག་གྱུར་པ་ཞེས་བྱ་བ་ཆོས་ཀྱི་སྐུར་འགྱུར་བ་དང་བཅས་པ་ནི་སྤྱི་བོའི་འཁོར་ལོ་སྒོམ་པའི་མན་
ངག་གམ་ཁྱབ་བདལ་ཆེན་པོའི་མན་ངག་ཞེས་བྱའོ། །གཉིས་པ་འོག་སྒོ་བཤད་པ་ནི། འོག་སྒོ་མཁའ་གསང་གཉིས་ལ་བརྟེན་ནས་དབབ་བཟུང་ལྡོག་ཁྱབ་ཀྱི་སྦྱོར་བས་སྐད་ཅིག་ལ་བདེ་སྟོང་དབྱེར་མེད་གྱི་ཡེ་ཤེས་ཁྱད་པར་ཅན་བསྐྱེད་པ་ཐབས་ལམ་ཅིག་ཅར་བ་སྟེ། དེ་ལ་ཡང་འདི་ཉིད་ལས། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། ཞེས་གསུངས་པ་ལྟར་སྤྱིར་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་ཉམས་སུ་ལེན་དགོས་པ་ཡིན་ཏེ༑ དེ་ལ་ཡང་ལམ་གྱི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི། སྒྲུབ་པའི་དུས་ཀྱི༴ སྦྱོར་བའི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་རྣམས་སུ་ཡོད་པ་ལས། འདི་ནི་སྦྱོར་བའི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་སྟེ། སློབ་དཔོན་སྒེག་པ་རྡོ་རྗེས། པད་ཅན་དུང་ཅན་རི་མོ་ཅན། །བ་གླང་ཅན་དང་ལྗོན་པ་ཅན། །གདོང་གཅིག་མེས་རེག་འཆལ་བ་བརྒྱད། ཞེས་གསུངས་པ་ལྟར་རམ། ཡང་ན་འདི་ཉིད་ལས། ལྷ་མོ་ཀླུ་མོ་རིགས་ངན་མོ། ཞེས་གསུངས་པ་ལྟར་མཚན་ཉིད་དང་ལྡན་པའི་ལས་རྒྱ་བཙལ་ནས་རྩ་བརྟག་པ། གསོ་བ། འདོད་ཆགས་སྦྱོང་བ། ཆོས་བཤད་པ། འདོད་པའི་བསྟན་བཅོས་ཀྱིས་བདེ་བ་རྒྱས་པ་དང་བཅས་པ་ནི་བསྙེན་པའི་ཡན་ལག་དང་། དེ་ནས་ཕན་ཚུན་བརྡ་བཞིས་བསྐུལ་ཏེ་བཟུང་འཁྱུད་བསྡོམ་བསྟིམ་གྱི་ཕྱག་རྒྱ་བཞིས་མཉམ་པར་སྦྱོར་བ་ནི་ཉེ་བསྙེན་གྱི་ཡན་ལག་དང་། སྙོམས་པར་ཞུགས་ནས་རྗེས་ཆགས་ཀྱི་རླུང་བཀོད་དེ་དམར་ཆ་འབར་ཏེ་དཀར་ཆ་ཞུ་བས་ཡས་བབ་དགའ་བཞིའི་འགྲོས་ཀྱིས་ཕྱིན་པའི་མཐར། བྱང་སེམས་ཡུམ་གྱི་པདྨོར་འཛག་མེད་བཟུང་བ་སྒྲུབ་པའི་ཡན་ལག་དང་། སླར་ཡང་བྱང་སེམས་ལྡོག་དགྲམ་གྱི་སྦྱོར་བ་ནི་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ། སྤྱིར་སྒྲུབ་པ་དང་སྒྲུབ་པ་ཆེན་པོའི་སྐབས་སུ། བྱང་སེམས་དབབ་པ་ལ་མཁས་པ་རུ་སྦལ་གྱི་ནུར་འགྲོ་ལྟ་བུ་དང་། བཟུང་བ་ལ་མཁས་པ་ཞིང་གི་འོག་ཁུང་བཀག་པ་ལྟ་བུ། འགྲམ་པ་ལ་མཁས་པ་ཞིང་ལ་ཆུ་འགྲམ་པ་ལྟ་བུ། འདྲེན་པ་ལ་མཁས་པ་ཁྲོན་པའི་ནང་ནས་ཆུ་འདྲེན་པ་ལྟ་བུ་སྟེ། དེ་ལྟར་ལུས་ཐམས་ཅད་ལ་རྩས་ཁྱབ་རྩ་ཐམ་ཅད་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱབ། དེ་ཐམས་ཅད་ལ་བདེ་བའི་ཡེ་ཤེས་ཀྱིས་ཁྱབ་པ། བདེ་ཆེན་ཡེ་ཤེས་བཙན་ཐབས་
སུ་སྐྱེས་ཏེ་དབྱེར་མེད་གཅིག་ཆོད་དུ་གྱུར་པ་ནི་ཐབས་ལམ་ཅིག་ཆར་བ་སྟེ། རྒྱས་པ་ལས། ཕུན་སུམ་ཚོགས་པ་ལྷུན་གྲུབ་རྣམས། །གསང་དབང་མཆོག་གིས་སྦྱིན་པར་བྱེད། ཅེས་སོ། །དེའི་ཚེ་ཕ་རོལ་ཏུ་ཕྱིན་པ་བཅུ་ཡང་རྫོགས་ཏེ། བྱང་སེམས་རྩ་གནས་ཐམས་ཅད་དུ་ཁྱབ་པར་གཏོང་བ་སྦྱིན་པ། དེ་ཉིད་མི་འཆོར་བ་འཛག་མེད་དུ་སྡོམ་པ་ཚུལ་ཁྲིམས། ཐབས་ལ་མི་སྐྲག་པ་བཟོད་པ། དེའི་དོན་ལ་འབད་པ་བརྩོན་འགྲུས། དེའི་དོན་ལ་མི་གཡོ་བའི་བསམ་གཏན། རྟོག་ཚོགས་བདེ་ཆེན་དུ་ཤར་བ་ཤེས་རབ། འཆིང་བྱེད་ཀྱི་ལས་སྤྱད་ཀྱང་གྲོལ་བའི་འབྲས་བུ་ཐོབ་པའི་ཐབས། རྣམ་རྟོག་དུས་གཅིག་ཏུ་འཇོ མ་པའི་སྟོབས། འབྲས་བུ་ལ་སྨོན་པ་སྨོན་ལམ། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པ་དང་བཅུའོ། །གཉིས་པ་གྲོལ་ལམ་བཤད་པ་ནི། འདི་ཉིད་ལས། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཡང་ནི་ལྷུན་གྱིས་གྲུབ། ཞེས་གསུངས་པ་ལྟར། གཙོ་བོ་ཤེས་རབ་རྣམ་པ་གསུམ་གྱི་སྒོ་ནས་རང་རྒྱུད་ཀྱི་འཆིང་བ་ཆོས་དབྱིངས་སུ་གྲོལ་བར་བྱེད་པ་སྟེ་ཞེས་པ་དེས་བསྟན། དེ་ཡང་གཙོ་བོ་ཤེས་རབ་ཅེས་སོགས་སྨོས་པ་ནི༑ གྲོལ་ལམ་འདི་ཡང་ཐབས་ཤེས་གཉིས་ལྡན་ཡིན་ཡང་། གཙོ་བོ་ཤེས་རབ་རྣམ་པ་གསུམ་གྱིས་གཏན་ལ་ཕབ་དགོས་ཏེ། དང་པོར་དགེ་བ་ཐོས་པའི་ཤེས་རབ་ཀྱིས་ཐོས་པ་རྒྱ་མཚོས་ངོམས་པ་མེད་པར་བསགས་དགོས་ཏེ། དཔེར་ན་རྔམ་པོ་ཟས་ཟ་བ་ལྟ་བུ་དང་། བར་དུ་དགེ་བ་བསམ་པའི་ཤེས་རབ་ཀྱིས་ཐོས་དོན་བསམ་པས་ལེགས་པར་བརྟགས་ཏེ། གསུང་རབ་ཀྱི་མཐའ་རྒྱ་རྣམས་བཅད་དགོས་ཏེ། དཔེར་ན་ཟབ་མོ་ཤ་ཟ་བ་ལྟ་བུ་སྟེ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི༴ ཞེས་སོ། ཐ་མར་དགེ་བ་སྒོམ་པའི་ཤེས་རབ་ཀྱིས་ཐོས་དོན་བསམ་པའི་དོན་དེ་ཉིད་རང་རྒྱུད་ལ་རྩེ་གཅིག་ཏུ་སྒོམས་ཤིང་འདྲིས་པར་བྱེད་དགོས་ཏེེ། དཔེར་ན་བུ་ཆུང་ཞུན་མར་འཇིབ་པ་ལྟ་བུ་སྟེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། ཐོག་མ་བར་དང༴སོགས། ཞེས་སོ། དེ་ལྟར་སྒོམ་པས་རང་རྒྱུད་ལ་སྒྲིབ་པར་བྱེད་
པའི་འཆིང་བ་ཐམས་ཅད་རང་སངས་སུ་འགྲོ་བ་ཡིན་ནོ། དེ་རྣམས་ཀྱི་དཔེ་ནི་རིན་པོ་ཆེ་ཀཽ་ཏུ་བྷ་དང་ལྷན་གཅིག་ཏུ་བཞག་པའི་ཁམས་རིམ་གྱིས་གསེར་དུ་འགྱུར་བ་བཞིན་ནོ་ཞེས་པ། རིན་པོ་ཆེ་ཀཽ་ཏུ་བྷ་དང་རྡོ་ཕལ་བ་ལྷན་ཅིག་ཏུ་བཞག་པས་སྐད་ཅིག་ལ་གསེར་དུ་མི་འགྱུར་བ༑ རིམ་གྱིས་གསེར་དུ་འགྱུར་བ་གྲོལ་ལམ་དེ་ཡང་སྔར་གྱི་ཐབས་ལམ་ལས་ལམ་མྱུར་བུལ་གྱི་ཁྱད་ཙམ་མ་གཏོགས་མཐར་ཐུག་གི་འབྲས་བུ་ལ་ཁྱད་པར་མེད་པའི་ཕྱིར་རོ། དེ་ལ་ཡང་། རིམ་པའི་རིམ་དང་ཅིག་ཆར་བའོ། ཞེས་པས། གྲོལ་ལམ་དེ་ཉིད་སྔར་གྱི་ཐབས་ལམ་ལ་ལྟོས་ནས་རིམ་ལམ་ཡིན་མོད་ཀྱང་། དེལའང་ཅིག་ཆར་བ་དང་། རིམ་གྱིས་པ་གཉིས་ལས་ཅིག་ཅར་བ་ནི། དཔེར་ན་དབང་དུས་སུ་གྲོལ་བའི་རྒྱལ་པོ་ཨིནྟྲ་བྷུ་ཏི་ལྟ་བུ་སྟེ། སྡོམ་ངེས་ལས། རབ་མཆོག་སྦྱངས་པ༴ སོགས། ཞེས་སོ། རིམ་གྱིས་པ་ནི། ཞག་བདུན་ཕྲག་གཅིག་ལ་མཐོང་ལམ་གྱི་རྟོགས་པ་རྙེད་པའི་གྲུབ་ཐོབ་གླིང་རས་པ་ལྟ་བུ་སྟེ། རིམ་གྱིས་པ་དེ་ཉིད་ཅུང་ཟད་ཕྱེ་སྟེ་རྒྱས་པར་འཆད་ན། འདི་ཉིད་ལས། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུང་། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། ཞེས་མཚན་ཉིད་གསུམ་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། ལམ་གྲུབ་པའི་འབྲས་བུ་རིག་འཛིན་རྣམ་པ་བཞི་རྣམས་སུ་ཡོད་པ་ལས། དང་པོ་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་བཤད་པ་དེ་ལ་ཡང་། ལམ་རིམ་ལས། གཞི་དང་གཏན་ཚིགས་གྲུབ་པའི་དོན། ཞེས་པས། གཞལ་བྱ་གཏན་ཚིག་གྲུབ་མཐའ་རྣམས་སུ་ཡོད་པ་ལས། དང་པོ་གཞལ་བྱ་ནི། འཁོར་བཅས་གཉིས་སུ་སྣང་ཞིང་ཞེན་པའི་ཞེན་པ་སྒྲོ་བཏགས་དང་བཅས་པ་ནི། སྐབས་འདིར་བཏགས་གཞིའམ་གཞལ་བྱ་ཞེས་བྱ་སྟེ་རྣམ་བཀོད་ལས། བཏགས་པའི་སྤྱོད་ཡུལ་ཉིད་ལས་གཞལ། ཞེས་སོ། འོ་ན་འཁོར་འདས་གཉིས་མི་གཞལ་ལམ་སྙམ་ན། མི་གཞལ་ཏེ་འཁོར་བ་ནི་མེད་སྣང་གློ་བུར་བའི་ཆོས་ཅན་ཡིན་པས་གཞལ་རྒྱུ་མ་བྱུང་ཡང་། མྱ་ངན་ལས་འདས་པ་ནི་བློའི་སྤྱོད་ཡུལ་དུ་མ་གྱུར་པས་གཞལ་བྱར་མ་གྲུབ་སྟེ། སྔ་མ་ལས། འདས་པ་སྤྱོད་ཡུལ་མ་ཡིན་ཕྱིར། །གཞལ་བྱའི་
ཡུལ་དུ་ཇི་ལྟར་རིགས། །གལ་ཏེ་འདས་པའི་སྣང་བ་ཡིས། །འཇལ་ན་དང་པོའི་ལྐོ ག་ཏུ་གྱུར། ཞེས་སོ། །གཉིས་པ་གཏན་ཚིགས་དེ་ཉིད་ཅུང་ཟད་ཕྱེ་སྟེ་བཤད་ན། སྔོན་བྱུང་དངོས་ལྔའི་གཏན་ཚིགས། རྗེས་འཇུག་ཚུལ་ལྔའི་གཏན་ཚིགས། ཚིག་ལྔའི་གཏན་ཚིགས་རྣམས་སུ་ཡོད་པ་ལས། དང་པོ་དངོས་ལྔའི་གཏན་ཚིགས་ནི། སྔོན་བྱུང་དུ་སྟོན་པ་སྐུ་ལྔས་རང་རང་གི་འཁོར་རྣམས་ལ་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་དོན་བསྟན་པ་ཡིན་ཏེ། དེ་ཡང་སྟོན་པ་ཆོས་ཀྱི་སྐུས་འཁོར་ཡེ་ཤེས་རྒྱ་མཚོ་ལ་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་གིས་བརྡ་སྤྲོད་པ་དང་། ལོངས་སྤྱོད་རྫོགས་པའི་སྐུས་འཁོར་སྨིན་པ་རྒྱ་མཚོ་ལ་ལོངས་སྐུ་དགོངས་པ་བརྡའི་གསུང་གིས༴ སྤྲུལ་པའི་སྐུས་འཁོར་མོས་པ་རྒྱ་མཚོ་ལ་ཀུན་ཡིད་འཇུག་པ་ཚངས་པའི་དབྱངས་ཀྱི་གསུང༴ རྡོ་རྗེའི་སྐུས་དབྱེར་མེད་རྡོ་རྗེའི་འཁོར་རྣམས་ལ་གྲགས་སྟོང་དབྱེར་མེད་བྲག་ཆ་ལྟ་བུའི་གསུང༴ མངོན་བྱང་གི་སྐུས་འཁོར་རྒྱ་མཚོ་ལ་མངོན་བྱང་གི་རིགས་པ་བྱིན་གྱིས་རླབས་ཀྱི་གསུང་གིས་བརྡ་སྤྲོད་པ་སྟེ། དཔེར་ན་གསེར་བལྟ་འདོད་པ་ལ་གསེར་དངོས་སུ་བསྟན་པ་ལྟ་བུ་སྟེ། ལམ་རིམ་ལས། དེ་བས་གསེར་ལྟ་གསེར་བཞིན་ནོ། །ཞེས་སོ། །གཉིས་པ་རྗེས་འཇུག་ཚུལ་ལྔའི་གཏན་ཚིག་ནི། སྔོན་བྱུང་སྐུ་ལྔས་གསུང་ཚུལ་མཐུན་པའི་བརྡའ་དོན་ཏེ། དེ་ཡང་། ཆོས་སྐུའི་གསུང་སྐྱེ་མེད་མཚོན་པ་ནམ་མཁའ་ལྟ་བུ། ལོངས་སྐུའི་གསུང་མེ་ལོང་ནང་གི་བྱད་གཟུགས་དངོས་ལྟ་བུ་དང་། སྤྲུལ་སྐུའི་གསུང་ཀུན་ཡིད་འཇུག་པ་ཚངས་པའི་དབྱངས་ཀྱི་གསུང་ལྟ་བུ། རྡོ་རྗེའི་གསུང་གྲགས་སྟོང་དབྱེར་མེད་བྲག་ཆ་ལྟ་བུ། མངོན་བྱང་གི་གསུང་རིགས་པ་བྱིན་གྱིས་རླབས་ཀྱི་གསུང་རྣམས་ཏེ། ལམ་རིམ་ལས། ཡང་དག་རྫོགས་སངས་རྒྱས་སྟོན་པ། །སྐུ་ལྔས་འདུལ་བའི་འཁོར་རྣམས་ལ། །གསུང་ལྔ་བསྟན་པ་དེ་ཁོ་ན། །གཏན་ལ་འབེབས་ཤིང་འཇལ་བྱེད་པའོ། །ཞེས་སོ། །གསུམ་པ་ཚིག་ལྔའི་གཏན་ཚིགས་ནི། སྔར་གྱི་ཚུལ་ལྔ་པོ་དེ་ཉིད་ཚིག་ཏུ་དངོས་སུ་བརྗོད་པ་ཡིན་ཏེ། ལམ་རིམ་ལས། ངོ་བོ་སྣང་ཚིག་རང་སྣང་ཚིག །ལྡེམ་དགོངས་ཚིག་དང་བཀྲི་དྲང་ཚིག །འདོད་རྐྱེན་ཚིག་དང་རྡོ་རྗེའི་ཚིག །
རང་རིག་མངོན་གསལ་ཚིག་གིས་མཚོན། ཞེས་སོ། །འོ་ན་འདིར་སྐུ་ལྔ་ལས་མི་འབྱུང་བས་གསུང་བདུན་འབྱུང་བ་ཅི་ཡིན་སྙམ་ན། ངོ་བོ་སྣང་ཚིག་དང་རང་སྣང་ཚིག་གཉིས་ཆོས་སྐུའི་གསུང་དང་། འདོད་རྐྱེན་དང་ལྡེམ་དགོངས་གཉིས་ལོངས་སྐུའི་གསུང་དུ་འདུ་བའི་ཕྱིར་རོ། །དེ་རྣམས་བསྡུ་ན་དཔྱད་དུ་མེད་པའི་གོ་བ་སྟོན་པ་སྐུ་བཞིའི་གཏན་ཚིགས། དཔྱད་དུ་ཡོད་པའི་གོ་བ་སྟོན་པ་སྤྲུལ་སྐུའི་གཏན་ཚིག་གཉིས་ལས། དང་པོ་ནི་དཔྱད་དུ་མེད་པའི་སྟོན་པ་ཞེས་པ་ཆོས་ཐམས་བྱང་ཆུབ་སྙིང་པོར་གནས་པ་དེའི་ཕྱིར་དཔྱད་པར་བྱ་བའི་ཡུལ་དང་དཔྱོད་བྱེད་ཀྱི་བློ་གཉིས་ཀ་རིས་སུ་མ་ཆད་པས་ཚིག་ཏུ་བརྗོད་པ་དང་བྲལ་བ་ཡིན་ཏེ། མདོ་ལས། རྒྱལ་བའི་སྲས་པོས་ཅང་མ་གསུངས། །མ་གསུངས་པ་ཡང་རྒྱ་ཆེར་གསུངས། །མ ཆོག་ཏུ་གསང་བའི་དོན་དེ་གཉིས། ཞེས་སོ། །གཉིས་པ་དཔྱད་དུ་ཡོད་པའི་གོ་བ་སྟོན་པ་སྤྲུལ་སྐུའི་གཏན་ཚིགས་བཤད་པ་དེ་ལ་ཡང་། ཚད་མ་བཀའ་གཞུང་གི་གཏན་ཚིགས་དང་། སྒྲ་མཐུན་དོན་དཔགས་གི་གཏན་ཚིགས་གཉིས་སུ་ཡོད་པ་ལས། དང་པོ་ལ་ཡང་། རྟོགས་པ་བཞིའི་གཏན་ཚིགས། དག་པ་གསུམ༴ མཉམ་པ་བཞིའི༴ བདག་ཉིད་ཆེན་པོའི་གཏན་ཚིགས་རྣམས་སུ་ཡོད་པ་ལས། དང་པོ་རྟོགས་པ་བཞིའི་གཏན་ཚིགས་ནི། འདི་ཉིད་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། གསུངས་པ་ལྟར་དང་པོ་རྒྱུ་གཅིག་པའི་གཏན་ཚིགས་བཤད་པ་ནི། འཁོར་འདས་གཉིས་ཆོས་ཅན། སྣང་ལུགས་ལ་དུ་མར་སྣང་ཡང་། ཡིན་ལུགས་ནས་གཞལ་ན་དེ་ལྟར་མ་ཡིན་ཏེ། སེམས་ཉིད་སྐྱེ་མེད་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་གི་བདག་ཉིད་དུ་གནས་པའི་ཕྱིར། དཔེར་ན་རྒྱལ་བུ་དྭའུ་དམངས་སུ་འཁྱམས་པའི་སྒྲོ་འདོགས་པ་དང་། རྒྱལ་པོར་ངེས་པའི་མཚན་མ་གཉིས་ངོ་བོར་རྒྱལ་པོར་མཉམ་པའི་ཕྱིར་ཏེ། ལེ་ལག་ལས། མ་རིག་པ་གཉིས་ཡེ་ཤེས་གསལ། །ཉོན་མོངས་སྡུག་བསྔལ་བྱང་ཆུབ་མཆོག ཅེས་སོ། །གཉིས་པ་ཡིག་འབྲུའི་ཚུལ་གྱི་གཏན་ཚིགས་ནི། སེམས་ཉིད་སྐྱེ་མེད་ཀྱི་མདངས་ཆོས་ཅན། རོལ་པ་འགགས་མེད་ལྷའི་སྐུ་གསུང་ཐུགས་སུ་རང་
སྣང་བ་ཡིན་ཏེ། མཚོན་དུ་མེད་པའི་ཡི་གེ་ཨ་ཉིད་མཚོན་བྱེད་ཀྱི་ཡི་གེ་དུ་མར་སྣང་བས་མ་འགགས་པར་མཚོན་ནས་རྟོགས་དགོས་པའི་ཕྱིར་ཏེ། རྒྱ་མཚོ་ལས། སྐུ་གསུང་ཐུགས་སུ་སྣང་བ་ཡི། །མ་ལུས་གསུང་གི་རྒྱན་དུ་རྟོགས། །ཐམས་ཅད་གསུང་གི་རང་བཞིན་ཏེ། །ཐབས་དང་ལྡན་པས་རྒྱས་གདབ་བོ། །ཞེས་སོ། གསུམ་པ་བྱིན་གྱིས་རླབས་པའི་གཏན་ཚིགས་ནི། སྐྱེ་འགགས་གཉིས་ཆོས་ཅན། བདེན་པ་དབྱེར་མེད་དུ་རྟོགས་དགོས་ཏེ། བདེན་པ་དབྱེར་མེད་དུ་རྟོགས་ན་བྱིན་རླབས་ཤུགས་ལས་འབྱུང་སྟེ། ལྷག་པ་དོན་དམ་བདེན་པ་དང་། དེ་ཉིད་ཀྱི་རྩལ་སྣང་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྣང་བའི་ཕྱིར། དཔེར་ན་རས་དཀར་པོ་དམར་པོར་སྒྱུར་བའི་ནུས་པ་བཙོད་ལ་ཡོད་པ་བཞིན་ཏེ། རྒྱས་པ་ལས། དཀར་པོ་ཚོན་གྱིས་བསྒྱུར་བ་དང་། །དུག་ཀྱང་སྨན་དུ་བསྒྱུར་བ་ལྟར། །ཉོན་མོངས་དུག་གསུམ་བྱང་ཆུབ་ལམ། །འགྲོ་ལྔ་བྱང་ཆུབ་ལམ་ལ་སྦྱོར། ཞེས་སོ། བཞི་པ་མངོན་སུམ་པའི་གཏན་ཚིགས་ནི། བདེན་པ་དབྱེར་མེད་དེ་ཡང་ཆོས་ཅན། བློའི་སྤྱོད་ཡུལ་ལས་འདས་པ་ཡིན་ཏེ། རང་རིག་མངོན་སུམ་གྱིས་ཡུལ་མེད་རང་གསལ་དམིགས་བསམ་བརྗོད་ལས་འདས་པ་ཡིན་ཏེ། དཔེར་ན་མིག་སྐྱོན་མེད་པས་དུང་དཀར་པོར་མཐོང་བ་སྟེ་དཀར་པོ་དེ་ཉིད་དུང་རང་གི་ཁ་དོག་གི་གནས་ལུགས་ཡིན་པ་བཞིན་ནོ། །དེ་ལྟར་ཡང་རྔམ་གློག་ལས། མངོན་སུམ་རིག་པས་ཐག་ཆོད་ན། །རྣལ་འབྱོར་ས་ལ་སླེབ་པ་ཡིན། ཞེས་དང་། ལམ་རིམ་ལས། མིང་ཚིག་སྒྲ་ལ་མ་བརྟེན་པར། །བློ་ཡི་གཏིང་གོ་མངོན་སུམ་ཡུལ། ཞེས་སོ། །རབ་ཏུ་རྟོགས་ཞེས་པ་ཚིག་ཙམ་མ་ཡིན་པར་བློ་ཡིས་གཏིང་ཆོད་པ་གོ་བ་དང་། ཐམས་ཅད་མངོན་རྫོགས་ཞེས་པ་འབྲས་བུའི་ཆོས་ཐམས་ཅད་ལྷག་མ་མ་ལུས་པ་རྫོགས་པ་དང་། རྒྱལ་པོ་ཆེ་ཞེས་པ་དག་པ་རབ་འབྱམས་ཀྱི་སྣང་བ་ལ་དབང་བསྒྱུར་བས་རྒྱལ་པོ་དང་། ལྟ་ངན་ཐམས་ཅད་སེལ་བར་བྱེད་པའི་དོན་གྱིས་ན་ཆེན་པོའི་སྒྲས་སྨོས་པའོ། །གཉིས་པ་དག་པ་གསུམ་གྱི་གཏན་ཚིགས་ནི། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། ཞེས་པས། འདི་ལྟར་སྣང་བའི་ཕྱི་ནང་གི་ཆོས་རྣམས་ཆོས་ཅན། ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་
བ་སྟེ། དག་པ་གསུམ་དང་ལྡན་པའི་ཕྱིར། གསུམ་གང་ཞེ་ན། ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔ་ནི་རང་གི་སེམས་ཡིན་ཏེ། དེ་དག་གིས་ཡུལ་དུ་གྱུར་པའི་འབྱུང་བ་ལྔ་ལ་ནི་འབྱུང་བ་ཆེན་པོ་ཞེས་བཤད་ཅིང་། དེ་ཡང་འབྱུང་བ་ལྔ་ནི་ཡེ་ནས་རིགས་ཀྱི་ཡུམ་ལྔའི་རང་བཞིན་དུ་རྣམ་པར་དག་དགོས་ཏེ། འདི་ཉིད་ལས། ས་ཆུ་སྤྱན་དང༴ སོགས། ཞེས་སོ། །ནང་བཅུད་ཀྱི་སེམས་ཅན་ཕུང་པོ་ལྔར་གྲུབ་པ་ཡེ་ནས་རིགས་ཀྱི་ཡབ་ལྔའི་རང་བཞིན་དུ་རྣམ་པར་དག་དགོས་ཏེ། ཡེ་ཤེས་གྲུབ་པའི་རྒྱུད་ལས། གཟུགས་ནི་རྣམ་པར་སྣང་མཛད་དེ། སོགས། ཞེས་སོ། དེ་དག་གིས་རྒྱུད་རྣམ་ཤེས་ཚོགས་བརྒྱད་ཀྱིས་བསྡུས་པ་དེ་ཡེ་ནས་ཡེ་ཤེས་ལྔའི་རང་བཞིན་དུ་རྣམ་པར་དག་པ་ཡིན་ཏེ། འདི་ཉིད་ལས། བདག་དང་གཞན་དུ་རྟོགས་པའི་རྒྱུན། །རྣམ་དག་བླ་མེད་ཐེག་པའི་མཆོག ཅེས་སོ། །གསུམ་པ་མཉམ་པ་བཞིའི་གཏན་ཚིགས་ནི། མཉམ་གཉིས་ལྷག་པའི་མཉམ་གཉིས་དང་། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། ཞེས་པས། འདི་ལྟར་སྣང་བའི་ཕྱི་ནང་གི་ཆོས་ཐམས་ཅད་ཆོས་ཅན། མཉམ་པ་བཞི་དང་ལྡན་པའི་ཕྱིར། མཉམ་པ་བཞི་ནི་མདོའི་མཉམ་པ་གཉིས་དང་། སྔགས་ཀྱི་མཉམ་པ་གཉིས་ལས། མདོའི་མཉམ་པ་གཉིས་ནི། སྤྲོས་པ་ཕྱོགས་རེ་ཙམ་ཆོད་པ་མྱུ་གུ་བདག་ལས་ཀྱང་མི་སྐྱེ་བ་རྣམ་གྲངས་པའི་དོན་དམ་བདེན་པ་དང་། མྱུ་གུ་བདག་ལས་ཀྱང་མི་སྐྱེ་གཞན་ལས་ཀྱང་མི་སྐྱེ་བ་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་སྟེ། མདོའི་མཉམ་པ་གཉིས་དང་། སྔགས་ཀྱི་མཉམ་པ་གཉིས་ནི། དབུ་མ་བདེན་གཉིས་ལས། སྣང་དུ་འདྲ་ཡ ང་སོགས་ཀྱིས་བསྟན་པས་སྣང་བ་དོན་བྱེད་ནུས་པ་མི་ལ་མིར་སྣང་བ་ཡང་དག་པའི་ཀུན་རྫོབ་དང་། སྣང་ལ་དོན་བྱེད་མི་ནུས་པ་ཐོ་ཡོར་ལ་མིར་སྣང་བ་ལོག་པའི་ཀུན་རྫོབ་གཉིས་སོ། །བདེན་པ་གཉིས་པོ་དེ་ཡང་མ་དག་ལས་སྣང་ལོག་པའི་ཀུན་རྫོབ་ཡིན་པས། ཀུན་རྫོབ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མཉམ་པའི་ཕྱིར་རོ། །ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པ་མེད་དགག་གི་སྟོང་ཉིད་དང་། ཆོས་དབྱིངས་ཅི་ཡང་མ་ཡིན་པའི་དབྱིངས་ཡེ་ཟུང་དུ་འཇུག་པ་མ་ཡིན་དགག་གི་སྟོང་ཉིད་དེ། གཉིས་ཀའང་དོན་དམ་དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་
གྱིས་གྲུབ་པའོ། །བཞི་པ་བདག་ཉིད་ཆེན་པོའི་གཏན་ཚིགས་ནི། འདི་ཉིད་ལས། རང་བྱུང་ཡེ་ཤེས་གནས་མེད་སྣང་། ཞེས་པས། འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཅན། སྣང་ལུགས་ལ་དུ་མར་སྣང་ཡང་། ཡིན་ལུགས་ནས་གཞལ་ན་དེ་ལྟར་མ་ཡིན་ཏེ། སེམས་ཉིད་སྐྱེ་མེད་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་གི་བདག་ཉིད་དུ་གནས་པའི་ཕྱིར་ཏེ། རྣམ་བཀོད་ལས། སྣང་བ་འདི་ཀུན་རང་རང་གི །རང་རིག་མེད་པའི་རྣམ་ཤེས་ཉིད། །རང་བྱུང་ཡེ་ཤེས་གནས་མེད་སྣང་། ཞེས་སོ། །གཉིས་པ་སྒྲ་མཐུན་དོན་འཕགས་ཀྱི་གཏན་ཚིགས་ནི། དུག་ལྔས་འཆིང་བ་ཙམ་ཚིག་མདོ་སྔགས་གཉིས་ཀ་མཐུན་ཡང་། འདིར་དུག་རང་བཞིན་གྱིས་མ་གྲུབ་པས་ལྟ་བས་འཕགས་ཏེ། དེ་གཏན་ཚིགས་ཀྱིས་སྒྲུབ་ན། དུག་ལྔ་ཆོས་ཅན། ཡང་དག་པར་མ་གྲུབ་སྟེ། རང་རང་གི་ངོ་བོས་སྟོང་པའི་ཕྱིར། དཔེར་ན་སྨིག་རྒྱུ་ལ་ཆུ་མ་མཆིས་པས། དེ་འགོགས་བྱེད་ཀྱི་ཆུ་རགས་མི་དགོས་པ་བཞིན་ཏེ། ཟླ་བ་སྒྲོན་མེས་ཞུས་པའི་མདོ་ལས། ཇི་ལྟར་སོས་ཀའི་ཉི་མ་ཕྱེད་དུས་འདིར། །སྐྱེས་བུ་སྐོམ་གྱིས་གདུང་ཞིང་འགྲོ་བ་ལ༑ ༑སྨིག་སྒྱུ་དག་ལ་ཆུ་ཡི་ཕུང་པོར་མཐོང་། །དེ་དག་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། ཞེས་སོ། །དེ་ལྟར་འཇལ་བྱེད་ཀྱི་གཏན་ཚིགས་རྣམས་ཀྱིས་གཏན་ལ་ཕབས་པས་རྟོགས་བྱའི་ལྟ་བ་རང་བཞིན་མེད་པ་གནས་ལུགས་ཀྱི་དོན་དེ་བཞིན་ཉིད་རང་རིག་མངོན་སུམ་གྱིས་ཡུལ་མེད་རང་གསལ་རྗེན་པར་རྟོགས་པ་ནི་གྲུབ་མཐའ་སྟེ། ལམ་རིམ་ལས། རྒྱ་མཚོ་དྭངས་པའི་གཟུགས་བརྙན་བཞིན། །སྒྲ་རྟེན་ཡིད་ལ་བྱེད་མིན་པར། །རང་རིག་མངོན་སུམ་མི་བྲལ་བས། །རང་གསལ་གསུམ་བྲལ་མི་མགུ་བར། །ངེས་པར་གདེངས་སུ་གང་བྱས་པ། །ཐོས་བསམ་བརྟེན་པའི་ལྟ་མཐར་ཕྱིན། ཞེས་སོ། རྔམ་གློག་ལས། མངོན་སུམ་རིག་པས་ཐག་ཆོད་ན། །རྣལ་འབྱོར་ས་ལ་སླེབ་པ་ཡིན། ཞེས་སོ། །གང་དག་སྔགས་ཀྱི་གྲུབ་མཐའ་ནི། ལྟ་བ་དབུ་མ་ལས། ཐབས་ཁྱད་པར་དུ་འཕགས་པས་ཕྱེ་བ་ཙམ་དུ་འདོད་པ་ནི་འགའ་ཞིག་ན་རེ། ལྟ་བ་ཁྱད་པར་འཕགས་པའི་ཕྱིར། །རྫོགས་པ་ཆེན་པོ་མཆོག་གོ་ལོ། །སྔགས་ཀྱི་ཁྱད་ཆོས་ལྟ་བ་མིན། །དབུ་མ་ལས་
ལྷག་ག་ལ་ཡོད། །ཅེས་པས། ལྟ་བ་དབུ་མ་དང་མཚུངས་ལ། ཐབས་ཀྱིས་སྔགས་ཁྱད་པར་དུ་འཕགས་པས་ཆེ་བ་ཙམ་དུ་འདོད་པ་ནི། བདེན་པ་དབྱེར་མེད་སྣོད་བཅུད་དག་མཉམ་ཆེན་པོར་གཏན་ལ་འབེབ་པའི་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལྟ་བ་ལ་ཅེ་རེ་ལོང་དུ་སོང་བ་ཡིན་ནོ། །གལ་ཏེ་ཁོ་ན་རེ། རིག་པ་འགྱུར་མེད་ལ་དེ་བཞིན་ཉིད་དུ་བྱས་པ་ནི་ཁྱེད་ཅག་རྣམས་ཀྱིས་རྒྱུ་རྒྱུད་དུ་འཇོག་པར་འདུག་པས། དེ་འདྲ་ནི་འཁོར་ལོ་ཐ་མའི་ངེས་དོན་གྱི་མདོ་སྡེ་ཟབ་མོ་རྣམས་ལས་ཀྱང་འབྱུང་བས་རྟོགས་བྱ་ལྟ་བའི་ཡུལ་ལ་ཁྱད་པར་མེད་དམ་སྙམ་ན༑ བདེན་མེད་ཀྱི་རིག་པ་འགྱུར་མེད་ལ་དེ་བཞིན་ཉིད་དུ་བྱས་པ་ནི་བླ་མེད་ཀྱི་རྒྱུད་འདིར་རྒྱུ་རྒྱུད་དུ་འཇོག་པའི་ཚེ་ལྷན་ཅིག་སྤྲོས་བྲལ་སྐྱེས་པ་མི་འགྱུར་བ་བདེ་བ་ཆེན་པོའི་རང་བཞིན་དུ་བྱས་པ་ནི་སྔགས་ཀྱི་ཁྱད་ཆོས་སུ་སངས་རྒྱས་སྲས་དང་བཅས་པ་རྣམས་བཞེད་པ་ཡིན་ཏེ༑ རྡོ་རྗེ་མེ་ལོང་ལས། ལུས་ཅན་སྙིང་ལ༴ སོགས་དང་། དུས་འཁོར་ལས། དེས་གཙོ་བོས་གང་ཞིག་འཕོ་མེད་ལྷན་སྐྱེས་ལུས་ཀྱི་བདེ་བ་སྔགས་ཀྱི་ཐེག་པར་བསྟན། ཞེས་དང་། བརྟག་གཉིས་ལས། རྟག་ཏུ་རང་བཞིན་བདེ་བ་ཅན། །འཇིག་རྟེན་ཁམས་འདི་གང་དུ་ཡང་། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་བསྟན་པ་མེད། ཅེས་སོ། གཞན་ཡང་འཕྲོས་དོན་གཉིས་སྣང་འཁོར་བའི་ཆོས་འདི་རྣམས་ཐག་ཁྲའི་སྦྲུལ་ལྟར་མེད་སྣང་གློ་བུར་བ་དང་། དེ་དག་གིས་ནི་སྣང་གཞི་གནས་ལུགས་དེ་བཞིན་ཉིད་ཡིན་པའི་གནད་ཀྱིས། རྟོག་ཚོགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དག་པར་གསུངས་པ་ཡང་། ཕུང་སོགས་ཀྱི་སྣང་གཞིའི་དེ་བཞིན་ཉིད་རྩལ་གཉུག་མ་ཤིན་ཏུ་ཕྲ་བ་ཡེ་ཤེས་ཀྱི་རྩ་དང་། རླུང་དང་། ཡེ་ཤེས་ཀྱི་ཁམས་རྣམས་ཞེས་སམ། ཡང་ན་ས་ཆུ་གཉིས་ཀྱི་དྭངས་མ་སྐུ་རྡོ་རྗེ། མེ་རླུང་གཉིས་གསུང་རྡོ་རྗེ། ནམ་མཁའ་སེམས་གཉིས་ཐུགས་རྡོ་རྗེ་སྟེ། དེ་ལྟར་རྡོ་རྗེ་མི་ཤིགས་པ་གསུམ་གྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ཡེ་ནས་གནས་པ་གང་ཡིན་པ་སྟེ། ལམ་རིམ་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གཞི་རྫོགས་ཕྱག་རྒྱ་མ་འདྲེས་གསལ། །ཅིར་ཡང་འགྱུར་ཞིང་ཅིར་ཡང་གྲུབ། ཅེས་སོ། །དེ་རྣམས་ཀྱིས་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་དེ་
བཤད་པ་སོང་ནས། གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་བཤད་པ་དེ་ལ་ཡང་། མོས་སྒོམ་དང་ངེས་རྫོགས་གཉིས་སུ་ཡོད་པ་ལས། མོས་སྒོམ་ནི། ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་ཀྱང་། སྤྱིའི་རྣམ་པ་ཙམ་སྒོམ་པ་ལ་མོས་སྒོམ་དང་། ཞེས་པས། ལམ་སོ་སོའི་ཏིང་ངེ་འཛིན་དང་ཉམས་ལྔ་ལ་སོགས་པ་ཐམས་ཅད་མཐར་ཕྱིན་ཕྱིན་གྱི་བར་དུ་སློབ་མ་ནུས་ཀྱང་། ཐུན་རེའི་ཆོ་གའི་བྱ་བ་སྔོན་འགྲོ་སྐྱབས་སེམས་ནས་མཇུག་བསྔོ་སྨོན་ཤིས་བརྗོད་ཀྱི་བར་ཚར་གཅིག་རྫོགས་པར་སྟོན་པ་ལ་སོགས་པའི་སྒོ་ནས་མོས་པ་བརྟན་པོས་ཉམས་སུ་བླངས་པ་ནི་མོས་སྒོམ་དང་། ངེས་རྫོགས་ནི། ཏིང་ངེ་འཛིན་དང་གཡོ་ཐོབ་གོམ་བརྟན་མཐར་ཕྱིན་གྱི་ཉམས་སོ་སོ་མཐར་མ་ཕྱིན་ཀྱི་བར་དུ་སློབ་དགོས་པ་ཡིན་ཏེ། དེ་ལ་ཉམས་ནི། སྣུབས་ཆེན་གྱི་རི་གཟར་གྱི་འབབ་ཆུ་དང་། ཆུ་ཀླུང་དལ་འབབ་དང་། རྒྱ་མཚོའི་གཏིང་གི་དཔེ་གསུམ་དང་སྦྱར་ཏེ་བཤད། འདིར་སློབ་དཔོན་བཱི་མ་ལའི་ཕྱག་རྒྱ་བསམ་གཏན་གྱི་འགྲེལ་བར། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ཉམས། །བསམ་གཏན་ཉམས་ཀྱི་སྐྱེ་ཚུལ་ཡིན། ཞེས་པས། དང་པོ་གཡོ་བའི་ཉམས་ནི། གནས་པ་དང་པོ་རི་གཟར་གྱི་འབབ་ཆུ་ལྟར་སྐད་ཅིག་ཀྱང་མི་གནས་པར་རྣམ་རྟོག་སྔར་བས་མང་དུ་སོང་བ་ལྟར་བྱེད་ཀྱང་། རྣམ་རྟོག་མང་དུ་སོང་བ་མ་ཡིན་ཏེ། སྔར་རྣམ་རྟོག་ལ་རྩིས་གདབ་མ་བྱས་པས་ངོས་མ་ཟིན་ཏེ་མ་གཡོ་བ་ཡིན། ད་དེ་ངོས་ཟིན་པས་སེམས་ཅུང་ཟད་ཟིན་པ་དང་གཡོ་བའི་ཉམས་ཞེས་བྱ། ཐོབ་པའི་ཉམས་ནི། དེ་ལ་སྐྱོན་ཡོན་གང་དུ་ཡང་མ་བལྟས་པར་རྒྱུན་མཐུད་དེ་སྒོམ་པས། དཔེ་རོང་ཁོང་གི་འབབ་ཆུ་ལྟར། རྣམ་རྟོག་འཕྲོ་མོད་ནས་རེ་འགའ་ཡུད་ཙམ་རེ་རྟོག་མེད་དུ་གནས་པ་ཞིག་འབྱུང་སྟེ། རྣམ་རྟོག་ཐང་ཆད་པའི་ཐོབ་པའི་ཉམས་ཞེས་བྱའོ། །གོམས་པའི་ཉམས་ནི། ད་དུང་འབད་དེ་སྒོམ་པས། དཔེ་གཡོ་འགུལ་མང་པོ་བྱེད་མི་ནུས་པའི་མི་རྒན་པོའི་སྤྱོད་པའམ་མཁའ་འགྲོ་རྙིས་ཟིན་པ་བཞིན་ཏེ། མཁའ་འ གྲོ་རྙིས་ཟིན་ན་མཁའ་ལ་འཕུར་བ་ལྟར་བྱེད་ཀྱང་ཆེར་འཕུར་མི་ནུས་པ་བཞིན་དུ། རྐྱེན་དྲག་པོས་རྣམ་རྟོག་བན་བུན་རེ་གཡོ་ཡང་། ཆེར་གཡོ་མི་ནུས་པས། རྣམ་རྟོག་སྒར་ཐུབ་པའི་གོམས་པའི་ཉམས་
ཞེས་བྱའོ། །བརྟན་པའི་ཉམས་ནི། ད་དུང་སྐྱོན་ཡོན་དུ་མ་བལྟས་པར་བསྒོམ་པས་དཔེ་མཚོ་ཆུང་བསིལ་བསྐྱོད་པ་ལྟར། ཕར་ཆེར་རྟོག་མེད་དུ་ཕྱལ་ལེ༴ གསལ་སེང་ངེར་གནས་པ་ལ་རྣམ་རྟོག་གིས་བཟོད་དུ་ཡོད་པས་བརྟན་པའི་ཉམས་ཞེས་བྱའོ། མཐར་ཕྱིན་པའི་ཉམས་ནི། ད་དུང་རྒྱུན་མཐུད་དེ་བསྒོམ་པས་དཔེ་མཚོ་ཆེན་རླབ་དང་བྲལ་བའམ། རི་བོ་ཅོག་བཞག་པ་ལྟར་གནས་པ་ལ་རྐྱེན་གང་གིས་ཀྱང་མི་ཚུགས་པ་ཙམ་དུ་མ་ཟད་སླར་ལ་བོགས་འབྱིན་ཞིང་། བཏང་འགྲོ་བཞག་སྡོད་ལ་སེམས་རང་དབང་འབྱོར་བས་མཐར་ཕྱིན་པའི་ཉམས་སམ་རང་དབང་འབྱོར་བའི་ཉམས་ཞེས་བྱའོ། །དེ་ལྟར་ཉམས་ལྔ་དང་འབྲེལ་བའི་ངེས་རྫོགས་ཀྱི་ལམ་འདི་ཅུང་ཟད་བཤད་ན། སློབ་དཔོན་སངས་རྒྱས་གསང་བས་ལམ་རིམ་ལས། སྲིད་པ་རིམ་པར་སྨིན་ཚུལ་གྱིས། །འཇུག་པའི་ཡན་ལག་ལྔ་རུ་བཞག །གང་དག་དངོས་ཀུན་རང་རིག་ཕྱིར། །ཤི་བ་དོན་དམ་བདེན་པ་སྟེ། །སྐྱེ་བ་བར་མ་ཀུན་རྫོབ་ཡིན། །སྐྱེ་བའི་རིམ་གསུམ་དབྱེར་མེད་དོན། །ཞེས་པས། སྐྱེ་འཆི་བར་དོ་གསུམ་ཕྲུགས་གཅིག་སྦྱ ང་བའི་ལམ་རྫོགས་པར་སྟོན་པ་སྟེ། འཆི་བ་འོད་གསལ་དང་རྗེས་སུ་མཐུན་པའི་ལམ་སྟོང་པ་ཆེན་པོའི་རྣལ་འབྱོར། དེ་བཞིན་དུ་བར་དོ་དང་སྙིང་རྗེ་སྒྱུ་མ། སྐྱེས་པའི་རིམ་པ་གསུམ་གྱིས། དང་པོ་དང་ཕྱག་རྒྱ་གཅིག་པ། བར་པ་དང་ཕྱག་རྒྱ་སྤྲོས་བཅས། ཐ་མ་དང་ཚོམ་བུ་ཚོགས་སྒྲུབ་སྟེ། ཟག་པ་དང་བཅས་པའི་ལམ་གྱི་རྣལ་འབྱོར་ལྔ་ཡིན་ལ། དེ་རྣམས་རྒྱུ་འབྲས་ཀྱི་ཚུལ་དུ་ལམ་སྔ་མ་སྔ་མ་ནི་རྒྱུད་ལ་སྐྱེས་ནས། ཕྱི་མ་ཕྱི་མ་ལ་སློབ་དགོས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ལམ་སྔ་མ་སྔ་མ་ནི་ཕྱི་མ་ཕྱི་མ་འབྱུང་བའི་གཞིའི་རྒྱུ་ཡིན་ལ། ཕྱི་མ་ཕྱི་མ་སྔ་མ་སྔ་མའི་ཐབས་ལས་བྱུང་བའི་འབྲས་བུ་ཡིན་པའི་ཕྱིར་ཏེ། ལམ་རིམ་ལས། དེ་ཕྱིར་མཐོང་རྗེས་དེ་བཞིན་ཏེ༑ ༑གོ་རིམ་འབྱུང་བའང་དེ་བཞིན་ཏེ། ཞེས་དང་། དོན་དམ་ཀུན་གྱི་རྒྱུ་ཡིན་ཕྱིར། །ལྷག་པའི་རྒྱུ་དེ་དང་པོར་སྒོམ། ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཉམས་སུ་ལེན་པའི་ལམ་ལྔ་པོ་དེ་ལ་ཡང་ཉོན་མོངས་པ་རགས་པ་ཀུན་རྟོག་བསྐྱེད་རིམ་གྱིས་སྦྱོང་བ་དང་། ཕྲ་བ་ས་བོན་དང་བཅས་པ་ཡོངས་གྲུབ་རྫོགས་རིམ་གྱིས་སྦྱོང་པ་གཉིས་ལས། དང་པོ་ལའང་སྟོང་
པ་ཆེན་པོ་ལ་སོགས་པའི་ཚོགས་སྦྱོར་གྱི་ལམ་ལྔ་ཡོད་པ་ལས། དང་པོ་སྟོང་པ་ཆེན་པོའི་རྣལ་འབྱོར་བཤད་པ་དེ་ལ་ཡང་། སྦྱང་བྱ་སྦྱོང་བྱེད་སྦྱང་འབྲས་གསུམ་དུ་ཡོད་པ་ལས། དང་པོ་སྦྱང་བྱ་ནི། དེ་ཡང་ལུས་ཅན་རྣམས་འཆི་བའི་ཚེ། ཕྱི་ནང་གི་འབྱུང་བ་རྣམས་རིམ་གྱིས་ཐིམ་ཞིང་རྫོགས་པའི་མཐར་འཆི་སྲིད་ཆོས་སྐུའི་འོད་གསལ་འཆར་བ་ཡིན་ཏེ། ཇི་སྐད་དུ། སྣང་བ་ཐིམ་དང་རྟོག་པ་ཐིམ། །ཕྲ་བ་ཐིམ་དང་རགས་པ་ཐིམ། །ཐིམ་པའི་རྗེས་ལ་གོམ་པ་ཡིན། །རང་རིག་གྱིས་ནི་འོད་གསལ་འཆར། ཞེས་གསུངས་པ་ལྟར། དང་པོ་ཕྱི་རགས་པའི་རང་བཞིན་ཉི་ཤུ་ཐིམ་ཚུལ་ནི། རང་རིག་འོད་གསལ་དུ་འཇུག་པའི་རྟགས་སུ། ཡན་ལག་ཐམས་ཅད་ཕྲ་བ་དང་། ལུས་ཉམས་ཞན་ཅིང་ནུས་པ་མེད་པར་གྱུར་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ཐིམ་པས་སེམས་མི་གསལ་རབ་རིབ་ཏུ་འགྱུར། སའི་ཁམས་ཐིམ་པས་ལུས་ཐམས་ཅད་ཉམས་པར་འགྱུར། མིག་གི་དབང་པོ་ཐིམ་པས་མིག་མི་འགྱུར་ཞིང་ཟུམ་པར་འགྱུར། ཡུལ་གྱི་གཟུགས་ཐིམ་པའི་རྟགས་སུ་ལུས་ཀྱི་མདངས་མེད་ཅིང་ཉམས་པར་འགྱུར། དེ་བཞིན་དུ་རིན་པོ་ཆེའི་རིགས་ཚོར་བའི་ཕུང་པོ་ཐིམ་པས་ཚོར་བ་གསུམ་ཉམས་སུ་མི་མྱོང་། མཉམ་ཉིད་ཡེ་ཤེས་ཐིམ་པས་ཚོར་བ་གསུམ་དྲན་པར་མི་འགྱུར། ཆུའི་ཁམས་ཐིམ་པས་རང་ལུས་གྱི་རྔུལ་གཅིན་དང་ཁུ་ཁྲག་སོགས་སྐམ་པར་འགྱུར། རྣ་བའི་དབང་པོ་ཐིམ་པས་ཕྱི་ནང་གི་སྒྲ་མི་ཐོས། ཡུལ་གྱི་སྒྲ་ཐིམ་པས་སེ་གོལ་ཙམ་གྱི་སྒྲ་མི་ཐོས་སོ། །དེ་ནས་པདྨའི་རིགས་འདུ་ཤེས་ཀྱི་ཕུང་པོ་ཐིམ་པས་ཕ་མ་བུ་སྲིང་སོགས་ཀྱི་མིང་མི་དྲན། སོར་རྟོགས་ཡེ་ཤེས་ཐིམ་པས་རྐང་གཉིས་ལ་སོགས་པའི་སྲོག་ཆགས་མི་དྲན། མེའི་ཁམས་ཐིམ་པས་ཕོ་བས་ཟས་མི་འཇུ། རྣ་བའི་དབང་པོ་ཐི མ་པས་སྟེང་རླུང་དལ་གྱིས་འགྲོ། ཡུལ་གྱི་དྲི་ཐིམ་པས་རང་ལུས་ལ་དྲི་མི་ཚོར་བའོ། །དེ་ནས་ལས་ཀྱི་རིགས་འདུ་བྱེད་ཀྱི་ཕུང་པོ་ཐིམ་པས་འཇིག་རྟེན་གྱི་བྱ་བ་ལ་འཇུག་པར་མི་འགྱུར། བྱ་གྲུབ་ཡེ་ཤེས་ཐིམ་པས་འཇིག་རྟེན་གྱི་བྱ་བྱེད་དང་དགོས་པ་མི་དྲན། རླུང་གི་ཁམས་ཐིམ་པས་རླུང་བཅུ་རང་གི་གནས་ནས་འཕོ། ལྕེའི་དབང་པོ་ཐིམ་པས་ལྕེ་ཐུང་ཞིང་སྦོམ་ལ་ལྕེ་རྩ་སྔོན་པོར་འགྲོ། ཡུལ་གྱི་རོ་ཐིམ་པས་རོ་དྲུག་
ཉམས་སུ་མི་མྱོང་བའོ། །དེ་ལྟར་ཕྱི་རགས་པའི་རང་བཞིན་ཉི་ཤུ་ཐིམ་པའི་རྗེས་ཞེ་ནས། ཕྲ་བ་ནང་གི་འབྱུང་བའི་ཐིམ་ལུགས་ནི། ཡེ་ཤེས་རོལ་པ་ཆེན་པོ་ལས། དང་པོ་ས་ནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་གྱུར་ནས། །མེ་ནི་རླུང་ལ་ཐིམ་པར་འགྱུར། །རླུང་ནི་རྣམ་པར་ཤེས་ལ་ཐིམ། །རྣམ་ཤེས་འབྱུང་བ་འདི་ཉིད་ནི། །འོད་གསལ་བར་ཡང་འཇུག་པར་འགྱུར། །ཞེས་གསུངས་པ་ལྟར་ཉིན་ཞག་ཕྲུ གས་གཅིག་ལ་ཡེ་ཤེས་ཀྱི་རླུང་གི་རྒྱུ་བ་འབའ་ཞིག་སྟོབས་ཆེ་བས་ལས་རླུང་གི་རྒྱུ་བ་བཅོམ་སྟེ་འབྱུང་བ་སོ་སོའི་རྟེན་རླུང་དང་རྣམ་ཤེས་བྲལ་བར་བྱས་ཏེ་རིམ་གྱིས་ཐིམ་པ་ལས། དང་པོ་ས་ཆུ་དང་། ཆུ་མེ་སོགས་ལ་ཐིམ་པའི་དོན་ནི་མ་ཡིན་ནོ༑ དེ་ལྟར་འབྱུང་བ་སོ་སོའི་བག་ཆགས་རྩ་དབུ་མར་བཞག་སྟེ་འགགས་པར་འགྱུར་བ་ཡིན་ཏེ། དེ་ཡང་ས་ཆུ་ལ་ཐིམ་པའི་རྟགས་ཕྱི་རྟགས་སུ་ལུས་བསྒུལ་བསྐྱོད་བྱེད་མི་ནུས་ཤིང་ཟུང་མི་ཐུབ། ལུས་ས་ལ་བྱིངས་སྙམ་བྱེད། ནང་རྟགས་སུ་སྨིག་སྒྱུ་ལྟ་བུ་མེར་མེར་བ་དང་། སྔོ་ཧྲིག་ཧྲིག་པ་དང་། ཆར་སིལ་དང་ཆུ་གཡོ་བའི་རྣམ་པ་ལྟ་བུ་འབྱུང་། ཆུའི་དངས་མ་མེ་ལ་ཐིམ་པས་ཕྱི་རྟགས་སུ་ཁ་སྣ་སྐམ་ཞིང་ལྕེ་རྐན་ཕུགས་སུ་འགྲོ། ནང་རྟགས་སུ་དུ་བ་འཕྱུར་བ་དང་ཡུལ་དུ་དུད་ཐང་ཆགས་པ་ལྟ་བུ་འབྱུང་། མེའི་དངས་མ་རླུང་ལ་ཐིམ་པས་ཕྱི་རྟགས་སུ་ལུས་དྲོད་མཐའ་ནས་བསྡུས་ཤིང་ཕོ་བའི་མེ་དྲོད་ཉམས། ནང་རྟགས་སུ་སྲིན་བུ་མེ་ཁྱེར་ལྟ་བུ་དམར་ཙག་དང་། དམར་ཕྲ་ཕྲ་བ་འབྱུང་། རླུང་གི་དངས་མ་རྣམ་ཤེས་ལ་ཐིམ་པས། རླུང་གི་དྭངས་མས་སྲོག་རྩ་རགས་པའི་བར་གྱི་ལུས་ཐམས་ཅད་བོར་ནས། སྲོག་ཆགས་ཞེས་པ་དབུ་མའི་འོད་ལྔའི་སྦུ་གུ་ཅན་གྱི་རྩ་ལྔ་ལ་ཞུགས་ནས་ཡིད་ཀྱི་སྣང་བ་དང་རོ་གཅིག་ཏུ་གྱུར་པས། ཕྱི་རྟགས་སུ་དབུགས་ཕྱིར་རིམ་དུ་རྒྱུ་ཞིང་ནང་དུ་བསྡུ་མི་ཤེས་པས་རླུང་རགས་པའི་རྒྱུ་བ་ཆད། ནང་རྟགས་སུ་མར་མེ་འབར་བའི་སྣང་བ་དང་། སྒྲོན་མེའི་ཕྲེང་བ་སྒྲིགས་པ་ལྟ་བུ་འབྱུང་། རྣམ་ཤེས་ནམ་མཁའ་ལ་ཐིམ་པ་ནི། རྣམ་ཤེས་དངོས་མེད་དུ་གྱུར་པ་མ་ཡིན་ཏེ། ནམ་མཁའ་ལྟར་དྭངས་ཤིང་ཐོགས་པ་མེད་པ་མཚོན་པར་དཀའ་བའི་དབུ་མ་ལ་ཐིམ་པའོ། །དེ་ཡང་རྟོགས་པ་ཐིམ་པ་ཞེས་པ་རླུང་ནམ་མཁའ་ལ་ཐིམ་པ་ཡན་ཆོད་དུ། རང་
བཞིན་བརྒྱད་ཅུའི་སྣང་བ་འདུ་བྱེད་ཀྱི་བྱ་བ་བྱེད་ནུས་པ་རྣམས་རླུང་དང་བཅས་ཐིམ་པ་ཡིན་པས། ལས་མི་བྱེད་པའི་རྟོག་པ་ཕྲ་མོ་རྣམས་འོག་ཏུ་སྣང་བ་ཐིམ་པའི་སྐབས་དེ་དང་དེར་ཐིམ་པར་འགྱུར་བ་ཡིན་ཏེ། དེ་ཡང་སྣང་བ་ཐིམ་པ་ཞེས་པ་ནམ་མཁའ་འོད་གསལ་ལ་ཐིམ་པའི་སྐབས་དེར། སེམས་ཉིད་སྟོང་པའི་ཆ་ནས་འོད་གསལ་རྣམ་པ་བཞི་འཆར་ཏེ། དཔལ་དུས་ཀྱི་འཁོར་ལོ་ལས། །ལུས་ཅན་རྣམས་ནི་འཆི་བ་ན། །ཟླ་བ་བདུད་རྩི་ཐུར་དུ་འགྲོ། །སྟེང་དུ་ཉི་རྡུལ་སྒྲ་གཅན་ཏེ། །རྣམ་ཤེས་སྲིད་པའི་མཚན་ཉིད་སྦྱོར། །ཞེས་གསུངས་པ་ལྟར་ནམ་མཁའ་འོད་གསལ་ལ་འཇུག་དུས། རོ་རྐྱང་གི་དྭངས་མ་ཐམས་ཅད་དབུ་མའི་ཡར་མར་གྱི་ཨ་ཧཾ་ལ་འདུས། དེ་ཉིད་སྙིང་ཁའི་ཡེ་ཤེས་འོད་གསལ་གྱི་དྭངས་མ་ཆེན་པོའི་ནང་དུ་ཐིམ་པས་ཕྲ་རགས་ཀྱི་རྟོག་པ་ཐམས་ཅད་འགགས་ཏེ་སྣང་བྱེད། ཐོབ་པ། ཉེར་ཐོབ་ཀྱི་འོད་གསལ་རྣམ་པ་བཞི་འཆར་ཏེ། དེ་ཡང་དང་པོར་དབུ་མའི་ཡས་སྣའི་ཁམས་དཀར་ཆའི་དངས་མ་ཐུར་དུ་བབ་སྟེ་སྙིང་ཁར་སོན་པ་ནི། སེམས་སྣང་གི་དང་པོ་དེ་དུས་སུ་ཤེས་རབ་ཀྱི་རང་བཞིན་སུམ་ཅུ་འགགས་ཏེ། འཕགས་པ་ལྷས་མཛད་པའི་སྤྱོད་བསྡུས་ལས། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བ་བར་མ་དང་། ཤིན་ཏུ་འདོད་ཆགས་དང་བྲལ་བ་དང་། གང་ཡིད་ཀྱིས་འགྲོ་བ་དང་། འོང་བ། མྱ་ངན་དང་། མྱ་ངན་བར་མ་དང་། ཤིན་ཏུ་མྱ་ངན་དང་བྲལ་བ་དང་། ཞི་བ་དང་། རྣམ་པར་རྟོག་པ་དང་། འཇིགས་པ་དང་། འཇིགས་པ་བར་མ་དང་། ཤིན་ཏུ་འཇིགས་པ་དང་། སྲེད་པ་དང་། སྲེད་པ་བར་མ་དང་། ཤིན་ཏུ་སྲེད་པ་དང་། ཉེར་བར་ལེན་པ་དང་། མི་དགེ་བ་དང་། བཀྲེས་པ་དང་སྐོམས་པ་དང་། །ཚོར་བ་དང་། ཚོར་བ་བར་མ་དང་། ཤིན་ཏུ་ཚོར་བ་དང་། རིག་པ་པོ་དང་། རིག་པ་དང་། འཛིན་པའི་གཞི་དང་། སོ་སོར་རྟོག་པ་དང་། ངོ་ཚ་ཤེས་པ་དང་། སྙིང་རྗེ་དང་། བརྩེ་བ་དང་། བརྩེ་བ་བར་མ་དང་། རྟོག་པ་དང་བཅས་པ་དང་། སྡུད་པ་དང་། ཕྲག་དོག་དང་བཅས་པའི་རྟོག་པ་སུམ་ཅུ་འགགས་ཏེ། དེའི་ཚེ་དགྲ་ཤ་བོ་མདུན་དུ་བྱུང་ཡང་ཕྲག་དོ ག་མི་སྐྱེས་པའི་དུས་དང་། ནང་ཁམས་དཀར་ཆ་དང་འདྲེས་པའི་དབང་གིས་ཕྱི་རྟགས་སུ་སྣང་བ་ཐམས་ཅད་
སྤྲིན་བྲལ་གྱི་ནམ་མཁའ་གཡའ་དག་པ་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟར་དཀར་ལམ་པ་འབྱུང་། གཟུང་བའི་རྣམ་པར་རྟོག་པ་རགས་པ་སྟོང་པས་སྟོང་པའི་འོད་གསལ་དང་། ཤེས་པའི་རང་མདངས་གསལ་བར་སྣང་བས་སྣང་བའི་འོད་གསལ་དང་། སྐད་ཅིག་མ་དང་པོའོ། གཉིས་མེད་རྣམ་རྒྱལ་ལས། སྣང་བ་ཞེས་བྱ་རྣམ་པར་མི་རྟོག་པ། །གསལ་བའི་ཆ་དེ་འབྱུང་རྟོག་སྤང་བ་ལས། །འབྱུང་བ་མི་མངོན་རླུང་དང་བཅས་པ་གང་། །ལྷང་ངེར་གནས་པ་སྐད་ཅིག་དང་པོ་ཡིན། ཞེས་སོ། དབུ་མའི་མས་སྣའི་ཁམས་དམར་ཆའི་དངས་མ་གྱེན་དུ་སོང་བའི་ཚེ༑ སྣང་བའི་ཡེ་ཤེས་ཀྱང་མཆེད་པ་ལ་ཐིམ་པས་ཐབས་ཀྱི་རང་བཞིན་བཞི་བཅུ་འགག་སྟེ༑ སྤྱོད་བསྡུས་ལས། ཆགས་པ་དང་། ཀུན་ཏུ་ཆགས་པ་དང་། དགའ་བ་དང་། དགའ་བ་བར་མ་དང་། ཤིན་ཏུ་དགའ་བ་དང་། རངས་པ་དང་། རབ་ཏུ་མགུ་བ་དང་། ངོ་མཚར་བ་དང་། རྒོད་པ་དང་། ཚིག་པ་དང་། འཁྱུད་པ་དང་། འོ་བྱེད་པ་དང་། འཇིགས་པ་དང་། བརྟེན་པ་དང་། ཁེངས་པ་དང་། བྱ་བ་དང་། དབྲོག་པ་དང་། སྟོབས་དང་། སྤྲོ་བ་དང་། དགའ་བ་ལ་སྦྱོར་བ་དང་། དགའ་བ་ལ་སྦྱོར་བ་བར་མ་དང་། ཤིན་ཏུ་དགའ་བ་ལ་སྦྱོར་བ་དང་། སྒེག་པ་དང་། རྣམ་པར་སྒེག་པ་དང་། འགྲས་པ་དང་། དགེ་བ་དང་། ཚིག་གསལ་བ་དང་། བདེན་པ་དང་། མི་བདེན་པ་དང་། ངེས་པ་དང་། ཉེ་བར་མི་ལེན་པ་དང་། སྦྱིན་པ་པོ་དང་། བསྐུལ་བ་དང་། དཔའ་བ་དང་། ངོ་ཚ་མེད་པ་དང་། སྒྲིན་པ་དང་། གདུག་པ་དང་། མི་སྲུན་པ་དང་། གྱ་གྱུ་ཆེ་བ་སྟེ་འདོད་ཆགས་ལས་གྱུར་བའི་རྟོག་པ་བཞི་བཅུ་འགགས་ཏེ༑ དེའི་ཚེ་ལྷའི་བུ་མོ་རྣམས་ཀྱིས་གླུ་ལེན་པ་དང་གར་སྒྱུར་བ་སོགས་བྱས་ཀྱང་ཆགས་པ་མི་སྐྱེ་བའི་དུས་དང་། ནང་དུ་ཁམས་དམར་སྐྱ་དང་འབྲེལ་བའི་དབང་གིས་ཕྱི་རྟགས་སུ་སྤྲིན་བྲལ་གྱི་ནམ་མཁའ་གཡའ་དག་པ་ལ་ཉི་འོད་ཁྱབ་པ་ལྟར་དམར་ལམ་པ་འབྱུང་། འཛིན་པའི་རྣམ་པར་རྟོག་པ་རགས་པ་ཆེས་སྟོང་པས་སྟོང་པའི་འོད་གསལ་དང་། སེམས་ཤིན་ཏུ་གསལ་བར་སྣང་བས་སྣང་བ་མཆེད་པའི་ཡེ་ཤེས་ཞེས་བྱ་བ་སྐད་ཅིག་གཉིས་པའོ། །གཉིས་མེད་རྣམ་རྒྱལ་ལས། མཆེད་པ་སྣང་བ་རབ་ཏུ་མི་རྟོག་སྟེ། །ཆེས་གསལ་བ་ལས་འཛིན་རྟོག་
མ་ཞུགས་ཏེ། །ཡེ་ཤེས་ཕྲ་བ་རླུང་བྲལ་མི་རྟོག་པ། །ལྷན་ནེར་གནས་པ་སྐད་ཅིག་གཉིས་པ་ཡིན། ཞེས་སོ། །དངས་མ་དཀར་དམར་སྙིང་གར་འཕྲད་པའི་དུས་སུ་མཆེད་པའི་ཡེ་ཤེས་ཀྱང་ཐོབ་པ་ལ་ཐིམ་པས་སྣང་བ་ཐོབ་པའི་ཡེ་ཤེས་ཀྱི་རང་བཞིན་བདུན་འགགས་ཏེ། སྤྱོད་བསྡུས་ལས། ཆགས་པ་བར་མ་དང་། བརྗེད་ངས་པ་དང་། འཁུལ་བ་དང་། མི་སྨྲ་བ་དང་། སྐྱོ་བ་དང་། ལེ་ལོ་དང་། ཐེ་ཚོམ་བཅས་པ་ཏེ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགགས་སོ༑ དེའི་ཚེ་དངས་མ་དཀར་དམར་གྱི་ནུས་པ་དབྱིངས་སུ་ཡལ་ནས་སྲོག་རླུང་གི་ཆ་ཤས་འགའ་ཞིག་ལུས་པ་དེས་དབང་བྱས་པས། ཕྱི་རྟགས་སུ་ནམ་མཁའ་ལ་མུན་ནག་གིས་ཁྱབ་པ་ལྟར་ནག་ངམ་པའམ་ནག་ཐིབ་ཀྱིས་འགྲོ་བ་འབྱུང་། གཟུང་འཛིན་གྱི་རྣམ་པར་རྟོག་པ་ཤིན་ཏུ་ཕྲ་བ་ཆེས་ཆེར་སྟོང་པས་སྟོང་པའི་འོད་གསལ། སྣང་ཆའི་སྟེང་དུ་ཐ་དད་པའི་མཚན་མའི་དངོས་པོ་ཐམས་ཅད་ནུབ་པས་སེམས་འགགས་པ་ལ་ཕྱོོགས་པས་སྣང་བ་ཐོབ་པའི་ཡེ་ཤེས་ཞེས་བྱ་བ་སྐད་ཅིག་གསུམ་པའོ། །གཉིས་མེད་རྣམ་རྒྱལ་ལས། ཐོབ་པའི་ཡེ་ཤེས་ཤིན་ཏུ་མི་རྟོག་པ། །གསལ་བ་ཙམ་དུ་མི་གནས་ཤིན་ཏུ་ཕྲ། །རླུང་སེམས་མི་ཕྱེད་གསལ་བར་འཆར་བ་སྟེ། །ལྷམ་མེར་གནས་པ་སྐད་ཅིག་གསུམ་པའོ། །དེ་ནས་སྙིང་གའི་རྩ་དར་དཀར་གྱི་སྐུད་པ་འདྲ་བའི་ནང་དུ་ཁྲག་དབུགས་ཀྱི་དྭངས་མ་ཐིག་ལེ་ཨ་ཧཾ་རྫོགས་པར་ཐིམ་ཙ་ན་ཐོབ་པའི་ཡེ་ཤེས་ཀྱང་འཆི་བ་འོད་གསལ་ལ་ཐིམ་པས་སྲིད་པའི་ཆོས་ཐམས་ཅད་བག་ཆགས་ཀྱི་ཚུལ་དུ་ཡོད་པའི་རྒྱུན་དེ་ཀ་ལ་གནས་པ་ཡིན་ཀྱང་། བག་ཆགས་དེ་རྣམས་ནི་འདིར་མི་མངོན་ལ། ཚེ་འདིས་བསྡུས་པའི་རྣམ་རྟོག་དང་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་འོད་གསལ་དུ་ཐིམ། ཚེ་རབས་གཞན་གྱིས་བསྡུས་པ་རྣམས་འདིར་མ་ཤར་བས་རེ་ཞིག་ཕྱི་གཟུང་བ་དང་ནང་འཛིན་པའི་སྣང་བ་ཐམས་ཅད་དཀར་དམར་ནག་གསུམ་གྱི་སྣང་བ་ཡང་འགགས་པས། ཕྱི་རྟགས་སུ་སྤྲིན་དང་བྲལ་བའི་ནམ་མཁའ་གཡའ་དག་པ་དངས་གསལ་མཐའ་དབུས་དང་བྲལ་བའི་སྣང་བ་ལྟ་བུ་དང་། ནང་རྟགས་སུ་རྣམ་པར་མི་རྟོག་པ་ལྷན་ཅིག་ཅེས་པ་ཤིན་ཏུ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་དེ་ཁོ་ན་ལ་ཡུད་ཅིག་གནས་པ་ཐམས་ཅད་སྟོང་པ་
འོད་གསལ་གྱི་ཉམས་འཆར་བས་སེམས་དྲི་མ་དང་བྲལ་བ་ཉེ་བར་ཐོབ་པའི་ཡེ་ཤེས་ཞེས་བྱ་བ་སྐད་ཅིག་མ་བཞི་པ་སྟེ། གཉིས་མེད་རྣམ་རྒྱལ་ལས། ཉེ་བར་ཐོབ་པ་དྲི་མ་མེད་པ་སྟེ། །རང་བྱུང་རང་ཤར་བདེ་བ་དམིགས་སུ་མེད། །ཕྲ་རགས་རབ་ཞི་ཏིང་འཛིན་མཆོག་ཏུ་གྱུར། །སྐད་ཅིག་བཞི་པར་མི་འགྱུར་ཁྱབ་བྱེད་ཡིན། ཞེས་སོ། །དེ་རྣམས་ངོས་ཟིན་པ་ལ། སྣང་བ་ནི་གོམས་པའི་འོད་གསལ། མཆེད་པ་ནི་བསམ་གཏན་གྱི་འོད་གསལ། ཐོབ་པ་ནི་རྡུལ་བྲལ་ཟག་པ་མེད་པའི་འོད་གསལ། ཉེ་བར་ཐོབ་པ་ནི་ལྷན་ཅིག་སྐྱེས་པ་ཆོས་སྐུ་རང་བཞིན་གྱི་འོད་གསལ་བ་སྟེ། གཉིས་མེད་རྣམ་རྒྱལ་ལས། འོད་གསལ་བ་ནི་བསམ་གཏན་ཟག་པ་མེད། །རྡུལ་བྲལ་བ་ནི་མེད་པ་མི་གཡོ་བ། །ལྷན་ཅིག་སྐྱེས་པ་ཆོས་སྐུའི་སྙིང་པོ་ནི། །ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད། ཅེས་སོ། །དེ་ལྟར་རྫོགས་རིམ་གྱི་ལམ་ལ་ཤིན་ཏུ་སྦྱངས་ནས་ལུས་འཇའ་ལུས་སུ་མ་གྲུབ་ན་འཆི་སྲིད་ཆོས་སྐུའི་འོད་གསལ་འདིར་སྒེག་མོ་མེ་ལོང་ལ་ལྟ་བ་ལྟར་སྔར་གྱི་གོམས་འདྲིས་དང་བཅས་འོད་གསལ་མ་བུ་ངོས་ཟིན་པ་ཡིན་ཏེ། འཇམ་དཔལ་སྒྱུ་དྲྭ་ལས། སྐད་ཅིག་གཅིག་གིས་བྱེ་བྲག་བྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། ཞེས་སོ། །ལམ་གྱི་གོམ་འདྲིས་མེད་པ་དང་སྡིག་པོ་ཆེ་རྣམས་ལ་ཡང་མུན་ནག་ལ་གློག་འཁྱུག་པ་ལྟར་ཡུད་ཙམ་རེ་འཆར་ཡང་ངོས་ཟིན་པར་མི་འགྱུར་རོ། དེ་ལྟ་བུའི་འཆི་བ་འོད་གསལ་དེ་ཉིད་སྦྱང་བྱར་བྱས་ནས། སྦྱོང་བྱེད་ནི་འཆི་སྲིད་ཆོས་སྐུའི་འོད་གསལ་དེ་ཉིད་ལམ་དུ་ཁྱེར་ནས་འཆི་སྲིད་དག་པ་ཆོས་སྐུར སྙེམས་པའི་གཞི་འབྲས་སྦྲེལ་བའི་ང་རྒྱལ་དང་ལྡན་པའི་སྒོ་ནས་སྣང་གྲགས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་སྐུ་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སྒོམ་པ་ནི་ལམ་སྟོང་པ་ཆེན་པོའི་རྣལ་འབྱོར་ཏེ། འདིའི་དག་རྫོགས་སྨིན་གསུམ་རྩི་ན། སྟོང་པ་ཆེན་པོའི་ལམ་དེ་སྒོམ་པས་མར་འཆི་བའི་བག་ཆགས་དག་པར་བྱེད། ཡར་ཆོས་སྐུ་སྤྲོས་བྲལ་བདེ་བ་ཆེན་པོ་རིགས་ཀྱི་ནུས་པ་གསོས་འདེབས་པས་འབྲས་བུར་རྫོགས་པར་བྱེད། བར་དུ་ལམ་དེ་སྒོམ་པས་དོན་དམ་པའི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་འདིང་བས་ལམ་གོང་མའི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །
གཉིས་པ་བར་དོ་དང་རྗེས་སུ་མཐུན་པའི་ལམ་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་བཤད་པ་དེ་ཡང་། སྦྱང་བྱ་ནི་སྲིད་པ་བར་དོ་སྟེ། སྤྱིར་བར་དོ་ལ་ངོ་བོ། ངེས་ཚིག དབྱེ་བ་གསུམ་ལས། ངོ་བོ་ནི། གཞི་དབྱིངས་ཀ་དག་ལས་འཆར་ཞིང་གཞན་དུ་སྣང་བ་ཐམས་ཅད་ལ་བར་དོ་ཞེས་བྱ་སྟེ། དེ་ཡང་གཞི་དབྱིངས་ཀ་དག་ལས་འཆར་གཞི་དབྱིངས་སུ་མ་ནུབ་ཀྱི་བར་སེམས་པ་ས་བོན་དང་བཅས་པ་ནི་བར་དོའི་ངོ་བོའོ། ངེས་ཚིག་ནི་སྔ་མ་དང་ཕྱི་མའི་བར་གྱི་ཆ་ལས་བཏགས་པའོ། དབྱེ་ན་མའི་མངལ་དུ་ལུས་གྲུབ་པ་ནས་ཇི་སྲིད་འཆི་ནད་ཀྱིས་བཏབ་པ་ཚུན་ལ་རང་བཞིན་སྐྱེ་གནས་ཀྱི་བར་དོ་དང་། འཆི་ནད་ཀྱིས་བཏབས་ནས་ནང་དབུགས་ཆད་པའི་བར་ལ་འཆི་ཁའི་བར་དོ་དང་། ནང་དབུགས་ཆད་ནས་འོད་གསལ་བཞི་རིམ་གྱིས་འཆར་ཞིང་འོད་གསལ་ཡེ་ཤེས་ལ་ཐིམ། ཡེ་ཤེས་ལྷུན་གྲུབ་ལ་ཐིམ། ལྷུན་གྲུབ་ཀ་དག་ལ་ཐིམ་པའི་བར་མ་ཆོས་དབྱིངས་ཀྱི་བར་དོ་དང་། དེ་ལྟར་ལྷུན་གྲུབ་ཀ་དག་སོགས་ཀྱི་སྣང་བ་ནུབ་ནས་རིང་མཐའ་ཞག་ཞེ་དགུ་ན་གང་དུ་སྐྱེས་འགྱུར་གྱི་གནས་ལ་མཚམས་སྦྱར་བ་ཚུན་ལ་སྲིད་པ་བར་དོ་དང་། དེ་ལྟར་བར་དོ་རྣམ་པ་བཞི་སོ་སོ་སྒྲོ་འདོགས་གཅོད་པ་དང་། དཔེ་དང་དཔེ་ཅན་གྱི་སྒོ་ནས་ལམ་དུ་ཁྱེར་ཚུལ་སོགས་བླ་མ་གོང་མ་རྣམས་ཀྱིས་ཇི་ལྟར་གསུངས་པ་ལྟར་ལས། འདིར་སྦྱང་བྱའི་གཙོ་བོ་ནི་སྲིད་པ་བར་དོ་སྟེ། སྔར་གྱི་ཆོས་དབྱིངས་ཀྱི་བར་དོ་དེ་ནུབ་པའི་སྐད་ཅིག་ལ། ཕྱི་མའི་བག་ཆགས་སད་བྱེད་ཅི་རིགས་པའི་རྐྱེན་དང་། ནང་དུ་འབྱུང་བཞི་ཕྲ་བའི་རླུང་དང་བཅས་པས་བར་དོའི་ཡིད་ལུས་དྭ ངས་ཤིང་ཐོགས་པ་མེད་པ་དབང་པོ་ཀུན་ཚང་བ་ཞིག་གྲུབ་པ་ཡིན་ཏེ། མངོན་པ་མཛོད་ལས། སྔོན་འབྱུང་སོགས་དང་། མངོན་པ་གོང་མའི་ལུགས་ལྟར་ན་དགེ་བའི་སྤྱོད་སྟོངས་རྒྱ་ཆེན་པོས་སྐྱེ་གནས་བསྒྱུར་ཐུབ་པར་ཡང་གསུངས་ཤིང་། ཚེ་ཚད་ཀྱང་ཞག་བདུན་ཚན་རེ་རེར་སྐྱེ་འཆི་བྱས་ནས་རིང་མཐའ་ཞེ་དགུ་ན་གང་དུ་སྐྱེ་འགྱུར་གྱི་གནས་ལ་མཚམས་སྦྱོར་བ་ཚུན་ལ་སྲིད་པ་བར་དོ་ཞེས་བྱ་སྟེ། དེའི་ཚེ་ལས་སྣང་བར་དོའི་འཇིགས་སྐྲག་དང་འཁྲུལ་སྣང་བསམ་གྱིས་མི་ཁྱབ་པ་འབྱུང་བ་ཡིན་ནོ། །སྦྱོང་བྱེད་ནི། རྔམས་གློག་ལས། གཉིས་པ་ཀུན་སྣང་ནམ་མཁའི་ངང་། །
སྙིང་རྗེ་གསུམ་གྱིས་ཁྱབ་པའི་ཕྱིར། །ཁྱབ་བརྡལ་ཆེན་པོའི་ཏིང་འཛིན་བསྒོམ། །ཞེས་གསུངས་པ་ལྟར། དེ་བཞིན་ཉིད་མ་རྟོགས་པའི་འགྲོ་བ་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་བལྟས་ཏེ་སྒོམ་པ་སྟེ། འདི་ཉིད་ལས། དེ་བཞིན་གཤེགས་ནི་སྤྲོས་མེད་ཀྱང་སོགས༴ ཞེས་སོ། །ནམ་མཁའི་དབྱིངས་དག་པ་ལ་གློ་བུར་འཇའ་ཚོན་གྱི་རྣམ་པ་ཤར་བ་ཡང་། ནམ་མཁའི་ཆོ་འཕྲུལ་ཙམ་ལས་དོན་ལ་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་པ་བཞིན་དུ། སྟོང་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་དེའི་ངོས་ནས་འཁོར་འདས་གཉིས་སུ་མེད་པ་དེའི་ངང་ལས་མ་གཡོས་བཞིན་དུ་སྒྱུ་མའི་མཚང་མ་ཤེས་པ་ལྟར་རྩལ་སྣང་ལ་བདེན་པར་བཟུང་བས་འཁྲུལ་སྟེ་འཁོར་བའི་གནས་སུ་རང་དབང་མེད་པར་འཁྱམས་པའི་འགྲོ་བ་འདི་དག་སྡུག་བསྔལ་ལས་བསྒྲལ་བར་བྱའོ་སྙམ་དུ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་ཀུན་ཏུ་ཁྱབ་པའི་སྙིང་རྗེ་ཆེན་པོ་འཛིན་མེད་སྒྱུ་མ་ལྟར་བལྟས་ཏེ་སྒོམ་པ་ནི་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་ཏེ། འདིའི་དག་རྫོགས་སྨིན་གསུམ་ཡང་མར་འཁོར་བའི་བག་ཆགས་གང་སྦྱོང་ན། བར་དོའི་ཡིད་ལུས་སྒྱུ་མ་ལྟ་བུའི་བག་ཆགས་དག་པར་བྱེད། ཡར་ཆོས་སྐུ་སྤྲོས་བྲལ་བདེ་བ་ཆེན་པོ་ལས་ལོངས་སྐུ་མཚན་དཔེས་བརྒྱན་པའི་རིགས་ཀྱི་ནུས་པ་གསོས་འདེབས་པས་འབྲས་བུར་རྫོགས་པར་བྱེད། བར་དུ་ནི་ལམ་དེ་སྒོམ་པས་དོན་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་འདི ང་བས་ལམ་གོང་མ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །གསུམ་པ་སྐྱེས་པའི་རིམ་པ་དང་རྗེས་སུ་མཐུན་པའི་ལམ་དེ་ལ་དབྱེ་ན་གསུམ་ལས། སྐྱེས་པའི་རིམ་པ་དང་པོ་དང་རྗེས་སུ་མཐུན་པའི་ལམ་ལྷ་སྐུ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་བཤད་པ་དེ་ལ་ཡང་། ཕྲ་བ་ཡིག་འབྲུ་ལ་བསླབ་པ་དང་། རགས་པ་ལྷ་སྐུ་ལ་བསླབ་པ་གཉིས་ལས། དང་པོ་ལ་སྦྱང་བྱ་ནི། བར་དོའི་སེམས་ཅན་དེ་ཉིད་ཕྱི་མའི་སྐྱེ་བ་ལེན་པ་ལ་ཕྱོགས་པ་ན། གང་དུ་སྐྱེ་འགྱུར་གྱི་གནས་ལ་སྲེད་པ་སྐྱེས་པས་རྐྱེན་བྱས་ཏེ། རིང་མཐའ་ཞག་ཞེ་དགུ་ལ་སྐྱེ་གནས་བཞི་པོ་གང་རུང་ལ་འཇུག་ཅིང་། དེ་ཡང་ཕ་མའི་འདུ་འཕྲོད་ཀྱི་དབུས་སུ་ཞུགས་པའི་ཚེ། གནས་ལ་ཞེན་ན་རྫུས་སྐྱེས། དྲི་རོ་ལ་སྲེད་
ན་དྲོད་གཤེར་ལས་སྐྱེས། འདུ་འཕྲོད་ལ་ཆགས་ན་མངལ་སྐྱེས་སམ་སྒོང་སྐྱེས་ལ་འཇུག་ཅིང་། དེ་ཡང་ཕ་ལ་ཆགས་ན་བུ་མོ་དང་། མ་ལ་ཆགས་ན་བུ་ཕོ་གཉིས་སུ་འགྱུར་ཏེ། དེར་འཇུག་ཆ་རག་པའི་རླུང་སེམས་དེ་ཉིད་སྦྱང་བྱར་བྱས་ནས། སྦྱོང་བྱེད་ནི། འདི་ཉིད་ལས། རབ་ཏུ་བསྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། །ཕྱོགས་བཅུར་གང་བར་གསལ་གྱུར་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བསྟན། ཞེས་གསུངས་པ་ལྟར་སྟོང་སྙིང་རྗེ་ཟུང་དུ་འཇུག་པའི་རང་རིག་ཨ་དཀར་པོ་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པར་བསླབ་པའོ། །གཉིས་པ་རགས་པ་ལྷ་སྐུ་ལ་བསླབ་པ་ལ། སྦྱང་བྱ་ནི། དུས་འཁོར་རྩ་རྒྱུད་ལས། ཐིག་ལེ་ཟླ་བ་ཁུ་བ་སྐུ། །རྣམ་པར་དཔྱད་བྱ་རྡུལ་ཉིད་གསུང་། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། ཅེས་གསུངས་པ་ལྟར། དེ་ལྟར་བར་དོའི་སེམས་ཅན་དེ་ཉིད་ཕ་མའི་ཁུ་ཁྲག་གི་དབུས་སུ་ཞུགས་པ་ལ་ལུས་ངག་ཡིད་གསུམ་གྱི་རྟེན་ཁུ་རྡུལ་རླུང་གསུམ་བ སྐྱེད་དེ༑ དེ་ལ་ཕ་མ་གཉིས་ཀྱི་རེག་པ་སྲ་བ་དེ་ཉམས་སུ་མྱོང་བས་སའི་ཁམས་གྲུབ། དེ་བཞིན་དུ་བྱང་སེམས་ཁུ་བ་གཤེར་བ་ལས་ཆུ། བསྐྱོད་པ་ལས་དྲོད་བསྐྱེད་པའི་མེ། རྩ་གནས་ཐམས་ཅད་ནས་བྱང་ཆུབ་གཡོ་བས་རླུང་། བདེ་བ་ནམ་མཁའི་ཁམས་ཏེ་རྣམ་པར་ཤེས་པ་འབྱུང་ལྔ་ཡེ་ཤེས་ཀྱི་ཁམས་དང་དྲུག་འདུས་པ་ལས་ལུས་གྲུབ་སྟེ། དགྱེས་རྡོར་ལས། སེམས་ནི་ཆེན་པོ་གཅིག་ཉིད་ལས། །ལྔ་ཡི་གཟུགས་ཀྱིས་རྣམ་པར་བསྐོར། ཞེས་དང་། གསོ་བ་རིག་པའི་གཞུང་ལས། ས་ལས་ཤ་དང་རུས་པ་སྣ་དྲི་བསྐྱེད། །ཆུ་ལས་ཁྲག་དང་ལྕེ་རོ་བརླན་པར་བསྐྱེད། །མེ་ལས་དྲོད་དང་མདོག་གསལ་མིག་གཟུགས་བསྐྱེད། །རླུང་ལས་དབུགས་དང་པགས་པ་རེག་བྱ་བསྐྱེད། །མཁའ་ལ་བུ་ག་རྣ་བ་སྒྲ་བསྐྱེད་འགྱུར། ཞེས་སོགས་རྒྱ་ཆེར་གསུངས་སོ། །དེ་ཡང་ཞག་བདུན་ཚན་ལ་ཆགས་པ་དང་འཐོར་བ་སོགས་འབྱུང་བའི་བྱ་བ་བྱེད་པའི་ཞག་བདུན་ཕྲག་བཞི་ལ། རིམ་པར་འོ་ཞོ་མར་ལྟ་བུ་དང་། མེར་མེར་པོ་དང་། ནུར་ནུར་པོ་དང་། ལྟར་ལྟར་པོ་དང་། གོར་གོར་པོ་དང་གནས་སྐབས་བཞིར་ཞག་ཉེར་བརྒྱད་དང་། དེ་ནས་བདུན་ཕྲག་ལྔ་པ་མཁྲང་གྱུར་གྱི་ཞག་དང་པོ་ལ་མ་དང་འབྲེལ་བའི་ལྟེ་བ་ནས་
རང་སོར་ཕྱེད་དང་བཅུ་གསུམ་གྱི་དབུ་མ་ཆགས་ཏེ། ནང་དུ་སྲོག་རླུང་གིས་གང་བས་སྲོག་རྩའང་ཟེར། སྟེང་འོག་གཉིས་སུ་དཀར་དམར་གྱི་ཐིག་ལེ་དང་བཅས་པ་གྲུབ། ཞག་གཉིས་པ་ལ་རླུང་རྩའི་སྟེང་སྙིང་གའི་རྩ་འཁོར་ཆགས་ཤིང་། དེ་ནས་ཞག་རེ་ལ་རྩ་ཉིས་བརྒྱ་རེ་འཕེལ་བས་མངལ་གྱི་ཟླ་བ་བརྒྱད་དང་། ཕྱི་རོལ་གྱི་ཟླ་བ་བཞི་སྟེ་ཟླ་བ་བཅུ་གཉིས་ཀྱི་བར་དུ་རོ་རྐྱང་དབུ་གསུམ་གྱི་རིགས་འཛིན་པའི་རྩ་སྟོང་ཕྲག་ཉི་ཤུ་རྩ་བཞི་རེ་སྟེ་བསྡོམས་པས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འགྱུར་ཏེ། བདེ་མཆོག་སྡོམ་འབྱུང་གི་རྒྱུད་ལས། ལུས་ཀྱི་རྗེས་སུ་འགྲོ་བའི་རྩ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་བརྗོད། ཅེས་སོ། །དེ་ཡང་ཁྱབ་འཇུག་གི་འཇུག་པ་བཅུ་དང་སྦྱར་ན། ཉ་དང་རུ་སྦལ་ཕག་པ་དང་། མི་ཡི་སེང་གེ་ཞེས་གནས་སྐབས་བཞི་སྟེ། ལྟེ་འཁོར་ཆགས་ནས་ཉའི་རྣམ་པར་འགྱུར་ལ་དེ་ནས་ཡན་ལག་དོད་པ་དང་། རྐང་ལག་རྫོགས་པའི་གནས་སྐབས་སུ་རུས་སྦལ་ལྟ་བུ་དང་། དེ་ནས་བརྩམས་ཏེ་ཇི་སྲིད་བཙའ་བའི་ཉི ན་ཞག་ལ་ཐུག་གི་བར་དུ་གཙང་རྨེའི་ཐ་སྙད་མེད་པར་མས་གང་ཟོས་ཀྱི་བཅུད་ཐམས་ཅད་མྱོང་དགོས་པས་ན་ཕག་པའི་གནས་སྐབས་ཞེས་བྱ་ཞིང་། དེ་ནས་རིམ་པར་ཚིགས་རྣམས་ཀྱི་སར་རྩའི་འཁོར་ལོ་དང་ཤ་ཁྲག་རུས་ཚིགས་རྣམས་ཆགས་ཏེ། དེ་ཡན་ལ་བརྒྱལ་བ་ལྟར་སྣང་མེད་དུ་གནས་ལ། ཟླ་བ་དྲུག་པ་ནས་ཡིད་ཀྱི་བར་རྣམ་ཤེས་སྐྱེ་ཞིང་སྔོན་གྱི་སྐྱེ་བ་དྲན་པ་སོགས་ཚོར་བ་གསུམ་ཉམས་སུ་མྱོང་། བདུན་པ་ནས་སྐྲ་དང་བ་སྤུ་སོགས་སྐྱེ་ཤིང་ཕོ་མོའི་ཁྱད་པར་གྱི་དབང་རྟེན་རྣམས་གྲུབ། བརྒྱད་པ་ནས་དབང་པོ་རྫོགས་ཤིར་བཀྲེས་སྐོམ་དང་གཤང་གཅི་སོགས་འབྱུང་། དགུ་པའི་མཐར་སྡུག་བསྔལ་ཞིང་སྐྱེ་བ་སྟེ། དེ་ལྟར་ཟླ་དགུ་ངོ་བཅུ་ལ་བཙའ་བ་སྟེ། དེ་ལྟར་ཡང་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། དེ་ནས་མངལ་གྱི་སྒོར་ཚུད་ནས། །ཕ་དང་མ་ཡི་རྒྱུ་རྐྱེན་ལས། །མེར་མེར་པོ་དང་ནུར་ནུར་པོ༑ ༑ཏར་ཏར་པོ་དང་གོར་གོར་པོ། །མཁྲང་གྱུར་ཉ་ཡི་རྣམ་པ་དང་། །རུས་སྦལ་བཞིན་དང་ཕག་པ་བཞིན། །དེ་ལྟར་ཞག་ནི་བདུན་ཕྲག་བརྒྱད། །ལྟེ་བ་ལས་ནི་ལུས་རྣམས་བསྐྱེད། །ཟླ་དགུ་དེ་བཞིན་ངོ་བཅུ་ན། །ལུས་རྫོགས་མ་ཡི་མངལ་ནས་ཐོན། །ཞེས་སོ། ཇི་སྲིད་བཙའ་
བའི་ཉིན་ཞག་གི་ཉིན་མའི་རུས་མཚམས་ཐམས་ཅད་ཁྲོལ་བར་བྱེད་པས་ན་མི་ཡི་སེ ང་གེ་ཞེས་གནས་སྐབས་བཞི་སྐྱེ་བའི་རིམ་པ་དང་པོ་དང་སྦྱར་ཞིང་། ཞར་ལ་སེམས་ཅན་རྣམས་གང་དུ་སྐྱེ་བའི་སྣོད་ཀྱི་འཇིག་རྟེན་ནམ་མཁའི་ཁམས་དང་། ཆགས་པར་གྱུར་པ་རྒྱུའི་གཙོ་བོ་ནི་དབུ་མ་འཇུག་པར། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། །སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོད། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། །སེམས་སྤང་ན་ནི་ལས་ཀྱང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར། སྤྱིར་སེམས་ཅན་དང་བྱེ་བྲག་ཏུ་ལས་མཐུན་པར་བསགས་པས་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱི་བག་ཆགས་སེམས་ལ་དགོད་ནས་ཡུལ་རྣམ་འགྱུར་ཐུན་མོང་དུ་སྨིན་པས་འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་གྲུབ་པ་དང་། སེམས་ཅན་རྣམས་གང་དུ་རྒྱུ་ཞིང་ལོངས་སྤྱོད་པའི་གནས་སུ་གྱུར་པ་ཡུལ་དང་ཁང་ཁྱིམ་ལ་སོགས་པའི་ཞེན་རྟོག་སྦྱོང་བ། རྟེན་གཞལ་ཡས་ཁང་སྔར་ལོངས་སྐུའི་གླེང་གཞིར་བཤད་པ་བཞིན་སྒོམ་པས་སྦྱོང་བར་བྱེད། འདིའི་དག་རྫོགས་སྨིན་གསུམ་ཡང་། མར་གོང་དུ་བཤད་མ་ཐག་པའི་བག་ཆགས་དག་པར་བྱེད། ཡར་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་རིགས་ཀྱི་ནུས་པ་གསོས་འདེབས་པས་འབྲས་བུར་རྫོགས་པར་བྱེད། བར་དུ་ནི་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པ་ནི། རྩ་འཁོར་ལོ་ལྔ་དང་། དབུ་མ་དཀྱིལ་འཁོར་གྱི་གཞི་པད་ཉི་རྒྱ་གྲམ་ནི་རྩ་འཁོར་རྣམས་ཀྱི་ལྟེ་བའི་རླུང་ཐིག་དེ་རྣམས་དང་རོ་གཅིག་ཏུ་འདྲེས་པའི་སེམས་གསལ་སྟོང་བདེ་བའི་ཆ་ནི་རྟེན་གཞལ་ཡས་ཁང་སྟེ། དེ་ཉིད་ལེགས་པར་བསྒོམ་པས་རྩ་རླུང་ཐིག་ལེ་རྣམས་མཉེན་ཅིང་དུལ་བ། རྫོགས་རིམ་གྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་བས་དེའི་སྨིན་བྱེད་དུ་འགྲོ་བར་བྱེད་པ་ཡིན་ནོ། །གོང་དུ་བཤད་པའི་སྦྱང་བྱའི་ཆོས་དེ་རྣམས་ཀྱི་སྦྱོང་བྱེད་ལམ་དངོས་ལྷ་སྐུ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་བཤད་པ་ནི། གཞལ་ཡས་ཁང་གི་དབུས་སུ་གདན་ཉི་ཟླའི་སྟེང་དུ་ས་བོན་ཨ་ཡིག་གདན་སྟེང་དུ་བབ་པ་ནི་རིམ་པར་ཁུ་རྡུལ་རླུང་གསུམ་ཏེ། མངལ་དུ་ཁུ་རྡུལ་སེམས་གསུམ་འདྲེས་པ་ལ་མའི་འདུ་འཕྲོད་ཀྱི་འགྱུར་བའི་ཁམས་ལྔ་ཉམས་སུ་མྱོང་བ་ནི། རིགས་སོ་སོའི་ས་བོན་ཕྱག་
མཚན་དུ་འགྱུར་བས་མཚོན་པའོ། ཕྱག་མཚན་དེ་ལས་འོད་ཟེར་སྤྲོ་བསྡུ་དོན་གཉིས་བྱས་པས་མངལ་དུ་ལུས་ཆགས། དེ་ཚེ་ལུས་དེ་ཉིད་རླུང་གིས་འཕེལ་བར་བྱེད། མེས་སྨིན། ཆུས་སྡུད། སས་སྲ་བར་བྱེད། ནམ་མཁས་དེ་ཐམས་ཅད་ཀྱི་གོ་ཕྱེ་བས་ཕུང་ཁམས་སྐྱེ་མཆེད་གྲུབ་པ་དེ་སྦྱོང་བའོ། ཁུ་རྡུལ་སེམས་གསུམ་འདྲེས་པའི་དཀར་དམར་འོད་ཀྱི་གོང་བུ་དེ་འོད་ཟེར་སྤྲོ་བསྡུས་ལྷ་སོ་སོའི་རིགས་ཀྱི་ཕྱག་མཚན། སོ་སོར་ས་བོན་གྱིས་སྐུ་མཚན་པ་ལས་སྐུ་ཡོངས་སུ་རྫོགས་པར་བསྐྱེད་པ་སྟེ། དེ་ཡང་འདིར་མངལ་སྐྱེས་གཙོ་ཆེ་བ་ཙམ་དུ་བྱས་ནས་བཤད་ཀྱི་གཞན་དུ་སྒོང་སྐྱེས་ལ་སོགས་པའི་བག་ཆགས་སྦྱོང་བར་ནུས་ཏེ། ས་བོན་ནི་དྲི་ཟའི་ཤེས་པ། ཕྱག་མཚན་ནི་མངལ་དུ་ཁུ་ཁྲག་དཀར་དམར་གྱི་དབུས་སུ་ཞུགས་པ། སྤྲོ་བསྡུས་ཡོངས་སུ་གྱུར་པའི་གོང་བུ་ནི་སྒོ་ངར་གྱུར་པ་དང་། དེ་བཞིན་དུ་དྲོད་གཤེར་སྐྱེས་པ་ཡང་གདན་ཉི་མ་དྲོད། ཟླ་བ་གཤེར་བ། ས་བོན་ཕྱག་མཚན་ནི་བར་དོའི་རླུང་སེམས། སྤྲོ་བསྡུ་དང་སྐུ་ཡོངས་སུ་རྫོགས་པ་ནི་དྲོད་གཤེར་གྱི་དབུས་ན་ལུས་གྲུབ་པ། རྫུས་སྐྱེས་ལ་གདན་ནི་སྐྱེས་གནས། ས་བོན་ཕྱག་མཚན་ནི་བར་དོའི་རླུང་སེམས། སྤྲོ་བསྡུ་ནི་གནས་ལུས་ལ་སྲེད་པ་དང་ལེན་པའི་མཐུས་གསོས་བཏབ་པ། སྐུ་ཡོངས་སུ་རྫོགས་པ་ནི་ལུས་སྐད་ཅིག་གིས་གྲུབ་པ་དེ་མཚོན་བཞིན་སྦྱོང་བར་བྱེད་པའོ། མངོན་བྱང་ལྔའི་སྒོ་ནས་བསྐྱེད་ཚུལ་ནི། ཁུ་བ་མཚོན་བྱེད་ཟླ་གཟུགས་ནི་མེ་ལོང་ཡེ་ཤེས། རྡུལ་མཚོན་བྱེད་ཉི་མ་ནི་མཉམ་ཉིད་ཡེ་ཤེས། བར་སྲིད་དཀར་དམར་གྱི་དབུས་སུ་ཞུགས་པ་མཚོན་བྱེད་ས་བོན་ཕྱག་མཚན་ནི་སོར་རྟོག་ཡེ་ཤེས། ཁུ་རྡུལ་སེམས་གསུམ་འདྲེས་པ་མཚོན་བྱེད་འོད་ཟེར་སྤྲོ་བསྡུ་ཡོངས་སུ་གྱུར་པ་ནི་བྱ་གྲུབ་ཡེ་ཤེས། མངལ་དུ་ལུས་གྲུབ་པ་མཚོན་བྱེད་སྐུ་ཡོངས་སུ་རྫོགས་པ་ནི་ཆོས་དབྱིངས་ཡེ་ཤེས་ཏེ། དེ་ལྟར་སངས་རྒྱས་ཀྱི་ཉེ་ལམ་རྒྱུའི་ཏིང་ངེ་འཛིན་ཀྱིས་མངོན་པར་བྱང་ཆུབ་པ་ལྔ་ཐུགས་སུ་ཆུད་པ་ལས་ཡེ་ཤེས་ལྔའི་རང་བཞིན་འབྲས་བུའི་ངོ་བོར་སངས་རྒྱས་པ་སྟེ། དགྱེས་རྡོར་ལས། ཟླ་བ་མེ་ལོང་ཡེ་ཤེས་ཏེ། །བདུན་གྱི་བདུན་པ་མཉམ་པ་ཉིད། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་
གཅིག་གྱུར་ནན་ཏན་ཉིད། །རྫོགས་པར་ཆོས་དབྱིངས་དག་པ་སྟེ། །མཁས་པས་ཆོ་གར་ཤེས་པར་བྱ། ཞེས་སོ། གཞན་ཡང་། དཀྱིལ་འཁོར་གྱི་འཁོར་ལོ་བདག་སྲས་གཞན་སྲས་གཉིས་ཀྱི་སྒོ་ནས་བསྐྱེད་པ་དང་། རྡོ་རྗེའི་ཆོ་ག་བཞི་བསྐྱེད་ལ་སོགས་པ་བསྐྱེད་ཆོག་རྒྱས་པ་ཐམས་ཅད་མངལ་སྐྱེས་དང་སྒོང་སྐྱེས་སྦྱོང་བྱེད་ཀྱི་ལམ་ཡིན་ལ། ཆོ་ག་གསུམ་བསྐྱེད་ལ་སོགས་པ་བསྐྱེད་རིམ་བསྡུས་པ་ཐམས་ཅད་ཀྱི་སྐྱེས་གནས་གཞན་གཉིས་སྦྱོང་བྱེད་ཀྱི་ལམ་དུ་སྦྱར་བ་ཡིན་ནོ། འདིར་ཁ་ཅིག་ན་རེ། ལྷ་སྐུ་ཕྱག་རྒྱ་གཅིག་པ་ལ་ཡན་ལག་གི་ལྷ་དགུ་འབྱུང་བས་ཕྱག་རྒྱ་གཅིག་པ་མ་ཡིན་ནོ་ཟེར་ན། སྐྱོན་མེད་དེ། དཔེར་ན་ཤིང་སྡོང་རྩ་བ་གཅིག་ལ་ཡལ་འདབ་མང་དུ་ཡོད་ཀྱང་ཤིང་སྡོང་གཅིག་ཟེར་བ་དང་གནད་གཅིག་པ་ཡིན་ནོ༑ ༑དག་རྫོགས་སྨིན་གསུམ་སྦྱར་ན། ཕྱག་རྒྱ་གཅིག་པའི་ལམ་དེ་བསྒོམ་པས། མར་མའི་མངལ་དུ་ལུས་གྲུབ་ནས་ཉ་དང་རུས་སྦལ་ཕག་པ་དང་། མི་ཡི་སེང་གེ་ཞེས་སྐྱེས་པའི་རིམ་པ་དང་པོའི་བག་ཆག་དེ་དག་པར་བྱེད། ཡར་ལོངས་སྤྱོད་རྫོགས་པའི་སྐུ་དེས་གང་འདུལ་གྱི་སྤྲུལ་སྐུར་སྣང་ནས་ལྷུམས་སུ་ཞུགས་པ་ནས་བལྟམས་པའི་བར་གྱི་རིགས་ཀྱི་ནུས་པ་གསོལ་འདེབ་པས་འབྲས་བུར་རྫོགས་པར་བྱེད། བར་དུ་ནི་སྙིང་རྗེ་ཆེན་པོའི་འཕེན་པས་ཟུང་འཇུག་གི་ལྷ་སྐུར་ལྡང་བའི་གཞི་འདིང་བས་ལམ་གོང་མའི་སྨིན་བྱེད་དུ་འགྲོ་བའོ། །གཉིས་པ་སྐྱེས་པའི་རིམ་པ་བར་མ་དང་རྗེས་སུ་མཐུན་པའི་ལམ་ཕྱག་རྒྱ་སྤྲོས་བཅས་ཀྱི་རྣལ་འབྱོར་བཤད་པ་དེ་ལ། སྦྱང་བྱ་ནི་བྱིས་པ་དེ་ཉིད་བཙས་ནས་སོ་མ་སྐྱེས་ཀྱི་བར་ལ་མིའུ་ཐུང་དང་། སོ་སྐྱེས་ནས་ལྷུང་བའི་བར་ལ་རཱ་ལ་དགྲ་སྟ་ཁ་དང་། དེ་ནས་བརྩམ་སྟེ་ལོ་བཅུ་དྲུག་ནས་བུད་མེད་དང་འགྲོགས་པའི་གནས་སྐབས་སུ་རྒྱས་པ་ར་མ་ཎའི་གནས་སྐབས་གསུམ་པོ་སྦྱང་བྱར་བྱས་ནས། སྦྱོང་བྱེད་ནི། ལམ་རིམ་ལས། འཁོར་ལོ་ཚོམ་བུ་གྲངས་ཞལ་ཕྱག ། ཞེས་པས། དཀྱིལ་འཁོར་སྤྲོས་པ། ཚོམ་བུ༴ གྲངས༴ ཞལ་ཕྱག་སྤྲོས་པ་རྣམས་སུ་ཡོད་པ་ལས། དང་པོ་དཀྱིལ་འཁོར་སྤྲོས་པ་ལ་ཡང་ཞི་ཁྲོ་གཉིས་ལས། དང་པོ་ལ་ཡང་རྒྱས་འབྲིང་བསྡུས་གསུམ་ལས། རྒྱས་པ་ནི། རིགས་ལྔ་སོ་སོའི་རིགས་ཆུང་གི་སེམས་དཔའ་དང་བཅས་
པ་ཡབ་ཡུམ་ལྔ་བཅུའི་སྟེང་དུ་སེམས་དཔའ་སེམས་མ་བཅུ་དྲུག སྒོ་བ་ཡབ་ཡུམ་བརྒྱད། བྱ་བྱེད་གཉིས། ཐུབ་པ་དྲུག་དང་བཅས་བརྒྱད་ཅུ་རྩ་གཉིས་དང་། འབྲིང་པོ་ལ། རིགས་སོ་སོའི་རིགས་ཆུང་རྣམས་ཕྲི་བའི་རིགས་ལྔ་ཡབ་ཡུམ་བཅུའི་སྟེང་། སེམས་དཔའ་སེམས་མ། སྒོ་སྐྱོང་ཡབ་ཡུམ། བྱ་བྱེད། ཐུབ་དྲུག་རྣམས་བསྣན་པའི་ཞེ་གཉིས་དང་། བསྡུས་པར་རིགས་ལྔ་ཡབ་ཡུམ་བཅུའི་སྟེང་དུ། སྒོ་བ་ཡབ་ཡུམ་བརྒྱད་བསྣན་པས་ལྷ་བཅོ་བརྒྱད་དོ། །གཉིས་པ་ཁྲོ་བོ་ལ་ཡང་རྒྱས་འབྲི ང་བསྡུས་གསུམ་ལས། རྒྱས་པ་ལ་ཁྲག་འཐུང་རིགས་ལྔ་ཡབ་ཡུམ། རིགས་ཆུང་དང་བཅས་ལྔ་བཅུའི་སྟེང་། གནས་ཡུལ་སྒོ་མ་དབང་ཕྱུག་མ་ཉེར་བརྒྱད། ཁྲོ་བཅུ་ཡབ་ཡུམ་ལ་ཉི་ཤུ་བསྣན་པས་ལྷ་ཡབ་ཡུམ་བརྒྱ་དང་བཅོ་བརྒྱད་ནི་དཀྱིལ་འཁོར་རྒྱས་པ་དང་། འབྲིང་པོར་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་བཅུའི་སྟེང་གནས་ཡུལ་སོགས་སྔར་ལྟར་བགྲངས་པས་ལྷ་དོན་བརྒྱད། བསྡུས་པར་སྔ་མ་ལས་ཁྲོ་བཅུ་ཡབ་ཡུམ་ཉི་ཤུ་ཕྲི་བས་ལྷ་ང་བརྒྱད་དོ། །གཉིས་པ་ཚོམ་བུ་སྤྲོས་པ་ལ་ཡང་ཞི་ཁྲོ་གཉིས་ལས། དང་པོ་ལ་ཡང་ཚོམ་བུ་གཅིག །གསུམ། ལྔ་པ་རྣམས་སུ་ཡོད་པ་ལས། དང་པོ་ཚོམ་བུ་གཅིག་པ་ནི། འདི་ཉིད་ལས། རྡོ་རྗེའི་རིགས་སུ་ཐམས་ཅད་དཀྱིལ་འཁོར་བཅས། ཞེས་པས་དབུས་སུ་མི་བསྐྱོད་པ་ཡབ་ཡུམ་ལ་རྡོ་རྗེའི་རིགས་ཀྱི་རིགས་ཆུང་ཟུང་བཞི་དང་། སྒོ་བ་ཡབ་ཡུམ་བརྒྱད་དེ་བཅོ་བརྒྱད་ནི་ཚོམ་བུ་གཅིག་པ་དང་། ཡང་ན་སྐུ་གསུང་ཐུགས་ཉིད་དོ། །ཞེས་པས། དབུས་སུ་མི་བསྐྱོད་པ་དང་། ཤར་ནུབ་ཏུ་སྐུ་ཡི་བདག་ཉིད་རྣམ་སྣང་དང་མཐའ་ཡས་ཏེ་རང་རང་གི་རིགས་ཆུང་གིས་བསྐོར་བའི་སྟེང་། ཁྲོ་བཅུ་ཡབ་ཡུམ་ལས་སྟེང་འོག་གི་ཁྲོ་བོ་གཉིས་ཕྲི་བའི་ལྷ་ཞེ་དྲུག་ནི་ཚོམ་བུ་གསུམ་པ་དང་། ཡང་དེའི་སྟེང་དུ་ལྷོ་བྱང་གཉིས་སུ་རིན་འབྱུང་དང་དོན་གྲུབ་ཟུང་སོ་སོའི་རིགས་ཆུང་དང་། ཁྲོ་ཆུང་ཡབ་ཡུམ་དང་། ཡ་ཉི་ཤུ་བསྣན་པས་ལྷ་བདུན་ཅུ་ནི་ཚོམ་བུ་ལྔ་པའོ། ཁྲོ་བོ་ལ་རྩ་བའི་རྒྱུད་གཞུང་དུ་ཚོགས་སྒྲུབ་ཙམ་ལས་མ་གསུངས་ནའང་། འདིར་མན་ངག་ལམ་རིམ་ལས། དེ་ནས་ཚོམ་བུ་གཅིག་པ་དང་། །གསུམ་དང་ལྔ་རུ་བསྒོམ་པར་བྱ། ཞེས་གསུངས་པ་ལྟར། ཚོམ་བུ་གཅིག་གསུམ་ལྔ་པ་སྟེ་ཞི་བ་དང་མཚུངས་
པར་གནས་ཡུལ་སྒོ་སྐྱོང་དབང་མོ་དང་བཅས་པ་གཞིར་བཞག་གི་སྟེང་། དབུས་སུ་རྡོ་རྗེ་ཁྲག་འཐུང་ཡབ་ཡུམ་སོ་སོའི་རིགས་ཆུང་དང་བཅས་བསྣན་པའི་སྟེང་། མཐའ་སྐོར་དུ་མཁའ་འགྲོ་བཅུ་ཡབ་ཡུམ་ཡ་ཉི་ཤུ་སྟེ་དོན་བརྒྱད་ནི་ཚོམ་བུ་གཅིག་པ་དང་། ཡང་དེ་རྣམས་ཀྱི་སྟེང་དུ། ཤར་ནུབ་གཉིས་སུ་བུདྡྷ་དང་པདྨ་ཁྲག་འཐུང་ཡབ་ཡུམ་རིགས་ཆུང་དང་བཅས་བསྣན་པའི་ལྷ་གོ་བརྒྱད་ནི་ཚོམ་བུ་གསུམ་པ་དང་། དེ་རྣམས་ཀྱི་སྟེང་དུ་ལྷོ་བྱང་གཉིས་སུ་རཏྣ་དང་ཀརྨ་ཁྲག་འཐུང་ཡབ་ཡུམ་སོ་སོའི་རིགས་ཆུང་དང་བཅས་པ་བསྣན་པའི་ལྷ་བརྒྱ་དང་བཅོ་བརྒྱད་ནི་ཚོམ་བུ་ལྔ་པའོ། གསུམ་པ་གྲངས་སྤྲོས་པ་དེ་ལ་ཡང་གཉིས་ལས། དང་པོ་ཞི་བ་ལ་ཡང་། ཚོམ་བུ་སྟོང་ལ་བསླབ་པ་དང་། ཉི་ཁྲི་བཞི་སྟོང༴ བསམ་ཡས་ལྷུན་གྲུབ་ལ་བསླབ་པ་གསུམ་ལས། དང་པོ་ནི། འདི་ཉིད་ལས། ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །དེ་ཉིད་ཡན་ལག་སྤྲོས་བདག་སྟེ། །བཞི་བཅུ་རྩ་གཉིས་འབུམ་འཕྲོར་འགྱུར། ཞེས་པས། བདག་ཉིད་མི་བསྐྱོད་པ་ཡབ་ཡུམ་ཏུ་གསལ་བའི་ཡབ་ཀྱི་དབུ་ལ་རྣམ་སྣང་དང་། ལག་གཡས་སུ་ཀུན་བཟང་། གཡོན་པར་རིན་འབྱུང་། རྐང་གཡོན་པར་མཐའ་ཡས། གཡས་པར་དོན་གྲུབ། མིག་རྣ་བ་སྣ་ལྕེ་བཞི་གཡས་ཀྱི་ཆ་ཡི་རྩ་ལ་ནང་སེམས་བཞི། ས་སྙིང་ཕྱག་རྡོར་ནམ་སྙིང་། སྤྱན་རས་གཟིགས། གཡོན་གྱི་ཆའི་རྩ་ལ་ཕྱི་སེམས་བཞི་སྟེ་བྱམས་པ། སྒྲིབ་སེལ། ཀུན་བཟང་། འཇམ་དཔལ། ལག་མཐིལ་གཡས་སུ་གཤིན་རྗེ་གཤེད། གཡོན་པར་སྟོབས་པོ་ཆེ༑ རྐང་མཐིལ་ གཡོན་པར་རྟ་མགྲིན། གཡས་པར་བདུད་རྩི་འཁྱིལ་པ། དེ་བཞིན་དུ ་ཡུམ་རྡོ་རྗེ་དབྱིངས་ཕྱུག་མའི་ཡན་ལག་ལྔ་ལ། སྤྱན་མ་དང་། བཟང་མོ་སོགས་ཡུམ་ལྔ། མིག་སོགས་བཞི་ཡི་གཡས་པར་སྒེག་སོགས་ཡུམ་གྱི་རྡོ་རྗེ་བཞི་དང་། གཡོན་པར་དྷུཔྤེ་མ་ལ་སོགས་དུས་ཀྱི་ལྷ་མོ་བཞི། རྐང་ལག་གི་མཐིལ་བཞི་ལ་སྒོ་མ་བཞི་རྣམས་སུ་གོ་བ་ཡབ་ལྟར་རོ། ཡབ་ལ་ལྷག་པོར་འཚོག་མར་ལྷ། དཔུང་པའི་ལྟ་ཟུར་ལ་ལྷ་མིན། སྙིང་ཀར་མི། ལྟེ་བར་བྱོལ་སོང་། མགྲིན་པར་ཡི་དྭགས། གསང་གནས་སུ་དམྱལ་བའི་ཐུབ་པ་རྣམས། ཡབ་ཡུམ་བསྡོམ་པས་ཡན་ལག་གི་ལྷ་བཞི་བཅུ་ནི་རགས་པ་དང་ཕྱིར་གནས་པའི་ཆ་ནས་ཐབས་ཀྱི་
ལྷ་ཞེས་བྱའོ། །དེ་ལྟར་ཐབས་ལྷ་བཞི་བཅུ་པོར་སོ་སོའི་སྲོག་གི་གོར་རང་འདྲ་བའི་ཡན་ལག་གི་ལྷ་ཡེ་ཤེས་སེམས་དཔའ་རྒྱན་དང་ཕྱག་མཚན་སྤངས་པ་ཚོན་གང་པ་རེ་རེ་སྒོམ་དགོས་པ་ནི་ཕྲ་བ་དང་། ནང་ན་གནས་པའི་ཆ་ནས་ཤེས་རབ་ཀྱི་ལྷ་བཞི་བཅུ་ཞེས་བྱའོ། ཡན་ལག་གི་ལྷ་བཞི་བཅུ་ཐམ་པ་རྩ་ལྷ་གཉིས་ལ་བཀོད་པའི་ཐབས་ལྷ་བཞི་བཅུ་པོ་རེ་རེ་ལས་སྐུ་གསུང་ཐུགས་བྱིན་རླབས་ཀྱི་ལྷ་གསུམ་གསུམ་དང་། ཐབས་བྱིན་ཀྱི་ལྷ་བསྡོམ་པས་བརྒྱ་དྲུག་ཅུ་པོ་རེ་རེ་ལའང་རང་གི་རིགས་ཀྱི་བདག་པོས་གཙོ་བྱས་པའི་དབུ་རྒྱན་གྱི་ལྷ་ལྔ་ལྔ་སྟེ། ཀུན་དྲིལ་བས་སྟོང་འབྱུང་བས་ན་དེའི་དཀྱིལ་འཁོར་ལ་བསླབས་པ་ཞེས་བྱའོ། །གཉིས་པ་ཉི་ཁྲི་བཞི་སྟོང་ལ་བསླབ་པ་ནི། འདི་ཉིད་ལས། དེ་ལྟར་ལྡན་པའི་གཙོ་མཆོག་གིས། །རྒྱལ་བ་རྒྱལ་མཆོག་དེ་བཞིན་དེ། །བཅུ་གཉིས་དྲུག་གི་འོད་འཕྲོ་འབར། ཞེས་གསུངས་པ་ལྟར། མི་བསྐྱོད་པ་ལ་ཇི་ལྟར་བསྒོམ་པ་བཞིན་དུ། རྒྱལ་བ་རིགས་བཞི་རྒྱལ་མཆོག་ཀུན་ཏུ་བཟང་པོ༑ སེམས་དཔའ་བརྒྱད་དང་སྒོ་མ་བཞི་སྟེ་ཡབ་ཡུམ་ཟུང་བཅུ་བདུན་ཀྱི་ཡབ་ལ་ཡབ་དང་། ཡུམ་ལ་ཡུམ་རྣམས་སྒོམ་དགོས་པ་དང་། ཐུབ་པ་དྲུག་ལ་ཡུམ་མེད་པས་གཡས་ཀྱི་ཆ་ལ་ཡབ་དང་། གཡོན་གྱི་ཆ་ལ་ཡུམ་རྣམས་སྒོམ་དགོས་པ་དང་། སོ་སོར་ཐབས་ཤེས་ཀྱི་ལྷ་དང་། བྱིན་ལྷ། དབུ་རྒྱན་གྱི་ལྷ་ལ་སོགས་པ་ཀུན་དྲིལ་བས་ཉི་ཁྲི་བཞི་སྟོང་འབྱུང་བས་ན་དེ་ལྟར་དུ་བསླབ་པ་ཞེས་བྱའོ། གསུམ་པ་བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ལ་བསླབ་པ་ནི། འདི་ཉིད་ལས། དེ་ལ་སོགས་ཏེ་བསམ་མི་ཁྱབ། ཞེས་པས། མི་བསྐྱོད་པས་གཙོ་བྱས་པའི་དབུས་ཀྱི་དཀྱིལ་འཁོར་ལ་ཡན་ལག་གི་ལྷ་ཇི་ལྟར་བསྒོམ་པ་དེ་བཞིན་དུ། ཤར་གྱི་གློ་འབུར་ལ་རྣམ་སྣང་གི་གཙོ་བྱས་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་སོགས་རིགས་འགྲེ་བས་བསམ་གྱིས་མི་ཁྱབ་པར་སྤྲོ་བའོ། ཁྲོ་བོ་ལ། སྟོང་བཞི་བརྒྱ་ལྔ་བཅུ་ལ་བསླབ་པ་དང་། བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ་ལ་བསླབ་པ་དང་། བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ལ་བསླབ་པ་དང་གསུམ་ལས། དང་པོ་ནི། ལམ་རིམ་ལས། ཡན་ལག་བཀོད་པ་ལྔ་བཅུ་བརྒྱད། །ཆ་ལྔའི་གྲངས་ནི་ཉིས་བརྒྱ་དང་། །དགུ་བཅུའི་ལྷ་རྣམས་
ཡང་དག་ལྡན། ཞེས་པས། གཙོ་བོ་བཛྲ་ཧེ་རུ་ཀའི་ཡན་ལག་ལྔ་ལ་ཁྲག་འཐུང་ཡབ་ལྔ་དང་། ཡུམ་ལ་ཡུམ་ལྔ། ཡབ་ཀྱི་དབང་རྟེན་གྱི་ནང་རྩར་གཽོ་རི་མ་བརྒྱད་དང་། ཕྱི་ཆར་སེང་ཧ་མ་བརྒྱད། མཐིལ་བཞི་ལ་སྒོ་མ་བཞི། མཇིང་མཇུག་གི་ཚིགས་བསྣན་པའི་སྒལ་ཚིགས་ཉེར་བརྒྱད་ལ་དབང་མོ་ཉེར་བརྒྱད་དེ་ཐབས་ལྷ་ང་བརྒྱད། དེ་རྣམས་ལ་ཡེ་ཤེས་སེམས་དཔའ་དང་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་བསྣན་པས་ང་བརྒྱད་པ་ཆ་ལྔ་ལ་ཉིས་བརྒྱ་དགུ་བཅུ། དེ་ལས་ཤེས་རབ་ཀྱི་ལྷ་ང་བརྒྱད་བྱིན་ལྷ་དང་། ཐབས་ལྷ་གཉིས་པོ་རེ་རེར་དབུ་རྒྱན་གྱི་ལྷ་ལྔ་ལྔ་སྟེ། ཀུན་དྲིལ་བས་སྟོང་བཞི་བརྒྱ་ལྔ་བཅུ་འབྱུང་བས། དེས་དཀྱིལ་འཁོར་ལ་བསླབ་པ་ཞེས་བྱའོ། །གཉིས་པ་བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ་ལ་བསླབ་པ་ནི། ཁྲག་འཐུང་རིགས་ལྔ་ཡབ་ཡུམ་ཟུང་སྔར་ལྟར་གནས་ཡུལ་སྒོ་སྐྱོང་དབང་མོ་རྣམས་ལ་མགོའི་གཡས་དང་རྐང་ལག་གི་གཡས་ཀྱི་མདུན་རྒྱབ་ལ་ཡབ་ལྔ་དང་། མགོའི་གཡོན་དང་རྐང་ལག་གི་གཡོན་ཀྱི་མདུན་རྒྱབ་ལ་ཡུམ་ལྔ་བཀོད་དེ། དེ་རེ་རེ་ལ་ཐབས་བྱིན་དབུ་རྒྱན་གྱི་ལྷ་ལ་སོགས་པ་ཀུན་དྲིལ་བས་སྟོང་བཞི་བརྒྱ་ལྔ་བཅུ་སྒོམ་པའི་ངེས་པས་བདུན་ཁྲི་དྲུག་སྟོང་བརྒྱ་བརྒྱ་ལྔ་བཅུ་ལ་བསླབ་པ་ཞེས་བྱའོ། །གསུམ་པ་བསམ་ཡས་ལྷུན་གྲུབ་ལ་བསླབ་པ་ནི་སྔར་ཞི་བའི་སྐབས་བཞིན་ནོ། །བཞི་པ་ཕྱག་རྒྱ་སྤྲོས་པ་ནི། ཞི་བ་ལ་རྒྱས་པར་བཤད་རྒྱུད་རྡོ་རྗེ་ལས་ཐུབ་དྲུག་དང་ཡུམ་རྣམས་མ་གཏོགས་ཐམས་ཅད་ཞལ་གསུམ་ཕྱག་དྲུག་པར་བཤད་ཅིང་། འབྲིང་དུ་རིགས་ལྔ་ཙམ་མམ་གཙོ་བོ་ཞལ་གསུམ་ཕྱག་དྲུག་པ་དང་། བསྡུས་པ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་མའོ། །ཁྲོ་བོ་ལ་དབུ་ཕྱག་གྲངས་མེད་དང་། དབུ་དགུ་ཕྱག་བཅོ་བརྒྱད་པ་དང་། ཆ་མཐུན་གྱི་རྒྱུད་ལྷ་མོ་སྒྱུ་འཕྲུལ་དྲྭ་བ་ལས་གནས་ཡུལ་གྱི་མ་མོ་སོགས་ཀྱང་ཞལ་གསུམ་ཕྱག་དྲུག་པ་བཤད་ཀྱང་། ད་ལྟ་ཕྱག་བཞེས་སུ། རྒྱས་པར་རིགས་ལྔ་ཞལ་གསུམ་ཕྱག་དྲུག་པ་དང་། འབྲིང་དུ་གཙོ་བོ་ཙམ་ཞལ་གསུམ་ཕྱག་དྲུག་པ་དང་། བསྡུས་པ་ཐམས་ཅད་ཞལ་གཉིས་ཕྱག་གཉིས་པའོ། འདི་ལྟར་ཕྱག་རྒྱ་སྤྲོས་བཅས་ཀྱི་ལམ་དེ་བསྒོམ་པས། མར་འཁོར་བའི་བག་ཆགས་གང་དག་ན། བྱིས་པ་དེ་ཉིད་བཙས་
ནས་ནར་སོན་ཏེ་འདོད་པའི་ཚོར་བས་གདུང་སྟེ། དེ་དོན་དུ་གཉེར་བ་ཆུང་མ་ལེན་པ། སྒོ་གསུམ་གྱི་ནུས་པ་རིམ་ཀྱིས་འཕེལ་བ། རང་རིགས་ཀྱི་བྱ་བ་ལ་དབང་བསྒྱུར་བ་རྣམས་ཀྱི་བག་ཆགས་དག་པར་བྱེད། ཡར་སངས་རྒྱས་སྤྲུལ་པའི་སྐུ་དེས་གདུལ་བྱ་རྣམ་བྱང་ལ་འགོད་པའི་རིགས་ཀྱི་ནུས་པ་གསོས་འདེབས་པ་འབྲས་བུ་རྫོགས་པར་བྱེད། བར་དུ་ནི། ལམ་དེ་སྒོམ་པས་ཟུང་འཇུག་གི་ལྷ་སྐུའི་བཅས་སྣང་གོང་ནས་གོང་དུ་འཕེལ་བའི་གཞི་འདིང་བས་ལམ་གོང་མའི་སྨིན་བྱེད་དུ་འགྲོ་བའོ། །སྐྱེ་བའི་རིམ་པ་གསུམ་པ་དང་རྗེས་སུ་མཐུན་པའི་ལམ་ཚོམ་བུ་ཚོགས་ཀྱི་སྒྲུབ་པའི་རྣལ་འབྱོར་བཤད་པ་དེ་ལ། སྦྱང་བྱ་ནི་བྱིས་པ་དེ་ཉིད་ལོ་བཅུ་དྲུག་ནས་སྐྲ་དཀར་མ་སྐྱེས་ཀྱི་བར་ལ་ཞེ་གནག་པའི་ཕྱིར་ནག་པོའི་གནས་སྐབས་དང་། དེ་ནས་བརྩམ་ཏེ་ཇི་སྲིད་འཆི་བའི་ཉིན་ཞག་ལ་ཐུག་གི་བར་རང་གི་བུ་དང་ཆུང་མ་ལ་བྱ་བ་དང་བྱ་བ་མ་ཡིན་པའི་ཚུལ་འདོམས་པར་བྱེད་པས་སངས་རྒྱས་ཀྱི་གནས་སྐབས་དང་། འཆི་བའི་ཉིན་ཞག་གི་ཉིན་ནང་གི་ཁམས་དཀར་དམར་ཐམས་ཅད་གཅིག་ཏུ་འདྲེས་པར་འགྱུར་བས་རིགས་ལྡན་གྱི་གནས་སྐབས་ཏེ་གསུམ་སྦྱང་བྱར་བྱས་ནས་སྦྱོང་བྱེད་ནི། ཚོགས་ལམ་ལ་བརྟན་པ་ཐོབ་ནས། སྦྱོར་ལམ་འདིར་ཚོམ་བུ་ཚོགས་ཀྱི་སྒྲུབ་པའི་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་ནས་མཐོང་ལམ་དུ་སྦྱོར་བར་བྱེད་པ་ཡིན་ནོ། །དེ་ཡང་ཚོགས་སྒྲུབ་ཇི་ལྟར་བྱ་བའི་རིམ་པ་ལ༑ ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་བ། འབྲས་བུ་རིག་འཛིན་ཐོབ་པའི་དུས་བསྟན་པ་དང་གསུམ་ལས། དང་པོ་ལ་ཡང་གསུམ་ལས། དང་པོ་གང་དུ་སྒྲུབ་པའི་གནས་ཕུན་སུམ་ཚོགས་པ་ནི། ལམ་རིམ་ལས། སྡེ་དཔུང་ཆེན་པོས་མི་ཚུགས་ཤིང་། །ས་དང་བར་སྣང་ཤིས་པ་དང་། །ལོ་རྒྱུས་རྣམ་གཉིས་ལྡན་པའི་ཕྱིར། །ཡིད་འོང་ས་བཙལ་རྒྱས་པར་བྱ། ཞེས་དང་། བདེ་འདུས་རྩ་རྒྱུད་ལས། ཤར་རི་དམའ་ལ་ལྷོ་རི་གཞོལ། །ནུབ་རི་མཐོ་ལ་བྱང་རི་སྐྱོབས། །མདུན་ན་མེ་ཏོག་སྣམ་བུ་ཡོད། །བྱ་རྒྱལ་ཁུ་བྱུག་སྒྲ་ཡང་སྒྲོགས། །རྩི་ཤིང་མེ་ཏོག་ཡལ་ག་རྒྱས། །དྲི་ཞིམ་སྤོས་ཀྱི་ངད་ལྡན་པ༑ ༑འདོད་པའི་ལོངས་སྤྱོད་གྲུབ་པའི་གནས། ཞེས་དང་། དུས་འཁོར་རྩ་རྒྱུད་ལས། །
གང་ཞིག་ས་སྐྱོང་ཆོས་ལྡན་ཞིང་། །གང་ཞིག་ཁོ་ནར་མི་དེ་བདེ། །བདེ་གནས་ས་འཛིན་རྩོད་པ་མེད། །དེ་ནི་རྣལ་འབྱོར་ཡང་དག་གཅེས། ཞེས་གསུངས་པ་ལྟར་ཡུལ་དེའི་གནམ་ས་བར་གསུམ་གྱི་དཔྱད་ལེགས་ཤིང་། དམ་པ་གོང་མ་རྣམས་ཀྱིས་ཞབས་ཀྱིས་བཅགས་པའི་ཡོན་ཏན་དུ་མ་དང་ལྡན་ཞིང་། ཁྱད་པར་དུ་ས་སྐྱོང་དེ་ཉིད་ཆོས་ལ་དད་འདུན་ཆེ་ཞིང་ཡུལ་གྱི་དམག་འཁྲུག་ལ་སོགས་པ་འཚེ་བ་མེད་པའི་གནས་དབེན་ཞིང་ཉམས་དགའ་བར་ཚོགས་ཀྱི་ཁང་པ་རིམ་པ་གསུམ་ལྡན་བྱ་སྟེ། ལམ་རིམ་ལས། བསྐོར་ཁང་ཕྱི་ནང་བར་ལྡན་པས། ཞེས་གསུངས་པ་ལྟར། སྟེང་ནས་ཁ་ཆར་གྱི་འཇིགས་པ་སྐྱོབས་ཕྱིར་སྟེང་ཁང་དང་། འོག་ནས་ས་རླངས་ཀྱི་ལ་བ་སྐྱོབ་ཕྱིར་འོག་ཁང་དང་། བར་ཁང་དེ་ཉིད་རིམ་པ་གསུམ་དུ་བཅས་པའི་ནང་མ་སྤོགས་ཆོག་མུན་པའི་རྣལ་འབྱོར་དང་སྦྱོར་སྒྲོལ་གྱི་གནས། བར་དེར་ཚོམ་བུ་གང་སྒོམ་གྱིི་དཀྱིལ་འཁོར་ཆུ་ཚོན་གྱིས་བྲིས་ཏེ་སྒྲུབ་པའི་གནས་དང་། ཕྱི་དེར་གཡོས་དང་བཟའ་བཏུང་བྱ་བའི་གནས་སོ། །གཉིས་པ་གང་གི་ཚེ་སྒྲུབ་པ་ལ་འཇུག་པའི་དུས་ཕུན་སུམ་ཚོགས་པ་ནི། སྤྱིར་བསྙེན་པ་ཡར་ཀྱི་ངོ་དང་། སྒྲུབ་པ་མར་ངོའི་དུས་ལ་བཤད་ཀྱང་། འདིར་ནི་སྒྱུ་འཕྲུལ་རྒྱས་པ་ལས། ཚེས་གྲངས་ཡར་གྱི་བརྒྱད་ནས་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱོད་པ་ཆེར་སྤྱོད་པ། །གསང་མཆོག་དངོས་གྲུབ་མྱུར་བའི་ཕྱིར། །གཟའ་སྐར་ཤིས་པར་བླ ང་བར་བྱ། ཞེས་དང་། རྔམ་གློ ག་ལས། རིག་བྱེད་དག་གི་ཡན་ལག་ལས། །དུས་རྣམས་ཤེས་པར་བྱ་བ་ནི། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །འབྱོར་དང་དུས་ཚོད་བཟང་བ་ནི། །མཚན་མའི་རྟོག་པ་ཡིན་མོད་ཀྱང་། །བརྟགས་ན་དངོས་གྲུབ་མཚན་མ་འབྱུང་། ཞེས་སོ། །དེ་ཡང་ཕྱི་རོལ་དུ་གཟའ་སྐར་དུས་ཚོད་ཤིས་པའི་ཉིན་ནང་དུ་རྩ་རླུང་ཐིག་ལེ་ཁྱད་པར་ཅན་རྣམས་འདུ་བས། དེའི་དུས་སུ་སྒྲུབ་ན་དངོས་གྲུབ་མྱུར་བའི་ཕྱིར་དེ་ལྟར་དུ་བཤད་པའོ། །གསུམ་པ་གང་ལ་བརྟེན་ཏེ་སྒྲུབ་པའི་ཡོ་བྱད་ཕུན་སུམ་ཚོགས་པ་ནི། འཚོ་བ་ཟས་ཀྱི་ཡོ་བྱད། སྒྲུབ་པ་རྫས་ཀྱི་ཡོ་བྱད། མཆོད་པ་རྫས་ཀྱི་ཡོ་བྱད་ལ་སོགས་པ་དང་། གཞན་ཡང་ཕྱི་རོལ་དུ་
དགྲ་ཟློག་པའི་གོ་མཚོན། བགེགས་དང་ཉུལ་ལེ་འདུལ་བའི་ཕྱག་མཚན་ཡུངས་དཀར། གུ་གུལ། བསྒོ་བའི་གོས་དང་། གདགས་པའི་རྒྱན་ལ་སོགས་པ་དང་། ཁྱད་པར་རྡོ་དྲིལ་ཐོད་པའི་རྔེའུ་ཆུང་ལ་སོགས་པ་སྒྲུབ་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པ་བསགས་དགོས་ཏེ༑ ལམ་རིམ་ལས། བཟའ་བཏུང་གོས་རྒྱན་གསང་བ་དང་། །སྒྲུབ་པའི་ཡོ་བྱད་སོགས་རྣམས་དང་། །དཀྱིལ་འཁོར་ཡོ་བྱད་མཆོད་པའི་རྫས། །དངོས་གྲུབ་རྟེན་དང་བར་ཆད་ཟློག ། ཡོ་བྱད་དག་པ་བསྡུ་བྱ་སྟེ། ཞེས་སོ། །དེ་ཡང་འཚོ་བ་ཟས་ཀྱི་ཡོ་བྱད་དེ་ཉིད་ཆ་གསུམ་དུ་བཅད་དེ། ཆ་གཅིག་ཚོགས་སྒྲུབ་ཀྱི་དོན་དུ་མཆོད་སྦྱིན་བྱ། ཆ་གཅིག་མཇུག་ཏུ་དགའ་སྟོན་གྱི་ཚུལ་དུ་བཞག ཆ་གཅིག་རཾ་ཡཾ་ཁཾ་གིས་སྦྱངས་ལ་ཏྲཾ་ལས་འདོད་ཡོན་ཀྱི་ཕུང་པོར་བྱིན་གྱིས་རླབས་ཏེ་སྒྲུབ་པའི་ཆ་རྐྱེན་དུ་འཇོག་སྟེ། ལམ་རིམ་ལས། ཆ་གསུམ་བཅད་ལ་བྱིན་གྱིས་རླབས། ཞེས་སོ། བཞི་བ་གང་གིས་སྒྲུབ་པའི་སྒྲུབ་པ་པོ་ཕུན་སུམ་ཚོགས་པ་དེ་ཉིད་ལས། དང་པོ་གང་གིས་སྒྲུབ་པའི་སྟོན་པ་ཕུན་སུམ་ཚོགས་པ་དེ་ལ་མཚན་ཉིད་ཇི་ལྟར་ཞེ་ན༑ ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་དང་བརྒྱད་འཆང་བ། །རྣལ་འབྱོར་ཐར་ལྡན་ཤིན་ཏུ་བསྟེན། ཞེས་པས། ནང་རྒྱུད་སྡེ་གསུམ་གྱི་ལྟ་སྒོམ་སྤྱོད་པའི་མཛོད་དང་ལྡན་ཞིང་། ཕན་ནུས་ཟབ་མོའི་དབང་གི་ཆུ་བོ་རྫོགས་པ་དང་། སྣོད་ལྡན་ཡལ་བར་མི་གཏོང་བའི་གསང་བའི་གཉེར་ཁ་དང་ལྡན་པ། རྒྱུད་དོན་གྱི་དངོས་པོ་བཅུ་ལ་མཁས་ཤིང་སློབ་བུའི་ཤེས་རྒྱུད་འགྲོལ་ནུས་པ༑ ཏིང་ངེ་འཛིན་གྱི་ཉམས་དང་ལྡན་ཞིང་མན་ངག་གི་དྲོད་འཆང་བའི་ཡོན་ཏན་བརྒྱད་ལྡན་གྱི་སྟོན་པ་ཕུན་སུམ་ཚོགས་པ་དང་། གཉིས་པ་གང་དང་ལྷན་ཅིག་ཚོགས་པའི་འཁོར་ཕུན་སུམ་ཚོགས་པ་དེ་ལ་མཚན་ཉིད་ཇི་ལྟར་ཞེ་ན། ལམ་རིམ་ལས། སྟོན་པ་མཆོད་བརྩོན་རྟོག་པ་གསལ། །དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། ཞེས་པས་ཐར་ལམ་སྟོན་པའམ་རྡོ་རྗེ་སློབ་དཔོན་མཆོད་པ་ལ་བརྩོན་ཞིང་། རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་མ་ཉམས་ཤིང་རྒྱུ་རྐྱེན་ལས་ཀྱི་སྔགས་གསུམ་དང་ཡེ་ཤེས་ལས་
ཀྱི་ཕྱག་རྒྱ་བཞི་དང་ལྡན་ཞིང་། ཁྱད་པར་སློབ་དཔོན་དང་དགོངས་པ་མཉམ་པའི་རྡོ་རྗེ་རྒྱལ་ཚབ། སྐད་གདངས་ཆེ་ཞིང་ལས་ཁྲིགས་ལ་མཁས་པའི་ཀརྨ་གདངས་ཆེན། སྦྱོར་བའི་རྒྱུ་རྩལ་ཤེས་པའི་ལས་བཞིའི་གཟུངས་མ། མིག་རྣོན་གྱིས་མི་མ་ཡིན་མཐོང་རྟོག་ནུས་པའི་རྡོ་རྗེ་སྤྱན་མ། དྲོད་འཛིན་པའི་རྡོ་རྗེ་བྱ་རོག སྒྲོལ་བའི་ལས་ལ་མཁས་པའི་ཀེང་ཀ་ར། གཡོ་ལ་མཁས་པའི་རྡོ་རྗེ་བྱན་པོ། ཕྱི་ནང་གི་བརྡ་སྦྱོར་ལ་མཁས་པའི་རྡུལ་ཕྱག་སྐྱེས་བུ་སོགས་ཚོམ་བུར་འབྲེལ་པའི་འཁོར་ཕུན་སུམ་ཚོགས་པ་སྟེ། ལམ་རིམ་ལས། རྒྱལ་ཚབ་རྒྱལ་པོར་མཚུངས་པ་དང་། །ཀརྨ་གདངས་ཆེན་ཕྲེང་བར་ལྡན། །ལྗོན་ལྕུགས་སྡོམ་རིན་མཚན་རྫོགས་དང་། །རྣལ་འབྱོར་མིང་སྲིང་བརྩེ་གདུང་ཅན། །ཚོམ་བུ་ལྔའམ་ཟུང་གིས་བསྒྲུབ། །ཞེས་སོ༑ ༑ལྔ་པ་གང་སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་ནི། འདི་ཉིད་ལས། གནས་དང་ལོངས་སྤྱོད་ཅི་བདེར་དང༴ སོགས། གསུངས་པ་ལྟར། རང་དབང་ཞིང་བར་ཆད་མེད་པའི་གནས་སུ་སྒྲུབ་པའི་ཆ་རྐྱེན་ལོངས་སྤྱོད་ཐམས་ཅད་ཅི་བདེར་སྤྱད་དུ་ཡོད་པ་དང་། དམ་ཚིག་རྣམས་མ་ཉམས་ཤིང་ལྟ་སྒོམ་སྤྱོད་གསུམ་དང་ལྡན་པའི་བློ་རྩེ་གཅིག་པས། དང་པོ་སྒྲུབ་པ་ཚུགས་ནས་མཐར་འབྲས་བུ་མ་ཐོབ་ཀྱི་བར་སྐྱོལ་བའི་ཞེ་བཅད་དྲག་པོ་དང་བཅས། བརྩོན་འགྲུས་དོར་བའི་ལེ་ལོ། གཞན་དབང་དུ་ཐལ་བའི་སྒྱིད་ལུགས། འཇིག་རྟེན་པའི་བྱ་བ་སོགས་རྣམ་གཡེང་གི་སྙོམ་ལས་སུ་མ་སོང་ཞིང་ཐེ་ཚོམ་མེད་པའི་སྒོ་ནས་རྩེ་གཅིག་ཏུ་སྒྲུབ་ན་དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར་བ་ཡིན་ནོ། །གཉིས་པ་བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་བ་ནི། འདི་ཉིད་ལས། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། ཞེས་གསུངས་པ་ལྟར། སྤྱིར་བསྙེན་སྒྲུབ་ཡན་ལག་བཞི་ལ། ལམ་གྱི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་དང་། སྒྲུབ་པའི་དུས་ཀྱི༴ སྦྱོར་བའི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་རྣམས་སུ་ཡོད་པ་ལས། འདི་ནི་སྒྲུབ་པའི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་སྟེ། ཧེ་རུ་ཀ་འདུས་པ་ལས། དང་པོ་ས་ཡི་ཆོ་ག་བྱ། །གཉིས་པ་ལ་ནི་སྟ་གོན་བྱ། །གསུམ་པ་འཇུག་པའི་ཆོ་ག་བྱ། །དེ་དག་ཆོ་གར་འདུས་པའོ། །ཞེས་གསུངས་པ་ལྟར་ཕུན་སུམ་ཚོགས་པ་ལྔ་དང་
ལྡན་པའི་སྒྲུབ་པ་པོ་རྣམས་ཀྱིས་ནུབ་དང་པོ་སའི་ཆོ་ག ཁྲོ་བཅུའི་ཕུར་པ་ས་སྲུང་ཡན་བྱ། གཉིས་པ་ལ་བུམ་པ། རྡོར་དྲིལ། ཐོད་ཆུ། ཡན་ལག་གི་རབ་གནས་དང་། སྒྲུབ་ཆེན་དང་འབྲེལ་བ་ལ་སློབ་བུར་དབང་སྐུར་ན་དེའི་སྟ་གོན་དང་། རྡོ་རྗེ་ལས་རིམ་དུ་ས་བཟུང་བ་ཞེས་ཐ་སྙད་དུ་མཛད་པའི་ལྷ་སྟ་གོན་རྣམས་བྱའོ། །གསུམ་པ་བཤགས་པར་བྱ་བ། མཚམས་གཅོད་པ། ཕུར་བུས་གདབ་པ། དམ་སྲི་གནོན་པ། དཀྱིལ་འཁོར་བྲི་བ། ནུབ་དང་པོའི་བསྙེན་པ་མགོ་འཛིན་དུ་བྱ་བ་རྣམས་ཡོད་པ་ལས། དང་པོ་བཤགས་པ་བྱ་བ་ལ་ཡང་། ཕྱི་བར་ནང་གསུམ་ལས། ཕྱི་བཤགས་ནི། དཀོན་མཆོག་གསུམ་ལ་མཆོད་པ་དང་། གསུང་རབ་ཀློག་པ་དང་། ལམ་ཟམ་བཟོ་བ་དང་། ཉེའུ་འདོན་པ་དང་། སྲོག་བསླུ་བ་དང་། སྦྱིན་པ་གཏོང་བ་དང་། སཱཚྪ་འདེབས་པ་རྣམས། བར་བཤགས་སུ་དོང་སྤྲུག་འདོན། ནང་བཤགས་སུ་རུ་ཆེན་བཞིའི་བཤགས་པར་བྱའོ། །གསུམ་པ་མཚམས་གཅོད་པ་གསུམ་ལས། དང་པོ་ཕྱི་མཚམས་ནི། མན་ངག་རྩ་བ་ལས། འབྱུང་པོར་གཏོར་མ་སྦྱིན་ནས་ནི། །གསང་བཞི་དོན་ཕྱིར་ལས་རྣམས་བྱ། ཞེས་གསུངས་པ་ལྟར་འབྱུང་པོ་རྣམས་ལ་གཏོར་མ་བྱིན་ཏེ་ཕྱི་རོལ་དུ་བསྐྲད་རྗེས། སྒྲུབ་ཁང་གི་ཕྱི་རོལ་དུ་གོམ་པ་བདུན་ཅུའི་བར་རྒྱལ་པོ་ཆེན་པོ་བཞིའི་ཐོ་བྱང་བཙུགས་ལ་ཕྱོགས་སོ་སོ་ནས་སྲུང་མཚམས་མཛད་པའི་ཕྲིན་ལས་གསོལ་བ་ཡིན་ཏེ། གལ་པོ་ལས། ཕྱོགས་བཞིར་ཐོ་བཞི་བཙུག་ནས་ནི། །རྒྱལ་པོ་ཆེན་པོ་སྡེ་བཞི་ལ། །ཕྱི་མཚམས་སྲུང་བའི་ཕྲིན་ལས་བཅོལ། །ཕྱི་མཚམས་སྲུང་བར་ཞལ་བཞེས་པའི། །མཐུ་ཆེན་རྒྱལ་པོ་སྡེ་བཞི་ལ། །གཏོར་མ་ཆ་རེ་ཕུལ་ནས་ཀྱང་། །ཕྱི་མཚམས་སྲུང་བའི་ཕྲིན་ལས་མཛོད། ཞེས་སོ༑ ༑ནང་མཚམས་ལ་གཉིས་ལས། དམ་སྲི་མནན་པ་ནི། སྔོན་གསང་སྔགས་ཀྱི་སྒོར་ཞུགས་ཀྱང་། བཀའ་སྒོ་ལོག་པས་དམ་ཚིག་ཅན་ལ་གནོད་པའི་འདྲེར་གྱུར་པ་དེ་ཉིད། མཚམས་ཀྱི་སྦྱོར་བ་གཞན་གང་གིས་ཀྱང་མི་ཐུབ་པས་ར་སོག་ལ་ལིངྒ་བྲིས་ཏེ་སྒྲུབ་ཁང་གི་ཕྱི་རོལ་སྒོའི་ཐེམ་པའི་འོག་ཏུ་མནན་ཏེ་བྲོ་བ རྡུང་སྟེ་བསྐལ་པའི་བར་དུ་ལྡང་མི་ནུས་པར་བསམ་མོ། །གཉིས་པ་སྒོ་བྱང་གདགས་པ་ནི། ར་སོག་ལ་ལིངྒ་བྲིས་ཏེ་སྙིང་ཀར་ཕུར་བུ་
བཏབ་སྟེ་གཤིན་རྗེའི་གནས་སུ་བསྐྲད་པར་བསམ་མོ། །དེའི་ཐད་ཀའི་འོག་ཏུ་ཡེ་ཤེས་ལྷའི་སྒོ་བྱང་ལུག་གི་སོག་པར་གཤིན་རྗེ་གཤེད་ཀྱི་སྐུ་བྲིས་པ་ཇི་སྲིད་སྒྲུབ་པ་མ་གྲོལ་གྱི་བར་དུ་བཏགས་པས་ཕྱི་ཡི་བར་ཆད་ནང་དུ་མི་གཏོང་། ནང་གི་དངོས་གྲུབ་ཕྱིར་མི་གཏོང་བའི་དགོས་པ་ཡོད་ཏེ། མདོ་ལས། ཆོས་ཀྱི་རྒྱལ་པོ་བདུད་རྩི་ཡི། །ཕྱི་ནང་སྒོ་བྱང་གདགས་ཀྱང་རུང་། ཞེས་པས་ཁྲོ་བོ་བདུད་རྩི་འཁྱིལ་པའི་སྒོ་བྱང་ཀྱང་གདགས་རུང་བ་ཡིན་ནོ། །གསང་མཚམས་ནི། མཚམས་གཅོད་བྱ་དང་གཅོད་བྱེད་མེད་པ་མི་དམིགས་དེ་ཁོ་ན་ཉིད་དུ་རྒྱས་འདེབས་པ་ནི་མཚམས་གཅོད་ཀུན་གྱི་མཆོག་ཏུ་གྱུར་བ་ཡིན་ཏེ། རྒྱས་པ་ལས། མཚམས་མེད་པ་ལས་མཚམས་བྱ་བ། །དེ་ནི་རྣལ་འབྱོར་ཡན་ལག་ཙམ། ཞེས་པ་དང་། བདེར་འདུས་ལས། མ་བཅོས་ཐིག་ལེའི་ཀློང་ཡང་ལས། །འཁོར་འདས་ཆོས་རྣམས་མ་ལུས་པ། །སེམས་ཉིད་བདེ་ཆེན་དག་པའི་ཀློང་། །དེ་ལྟར་གསལ་བ་རབ་རྟོགས་ནས། །བགེགས་ཞེས་བྱ་བའི་མིང་ཡང་མེད། །མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ། ཅེས་སོ། གསུམ་པ་ཕུར་བུ་གདབ་པ་ནི། བྱུག་བདུག་བྲབ་གསུམ་གྱིས་ཕུར་བུ་གཟི་བྱིན་བསྐྱེད་ལ། བདག་ཉིད་ཞེ་སྡང་རྡོ་རྗེའི་ང་རྒྱལ་དང་ལྡན་པའི་སྒོ་ནས་ཕྱོགས་སྐྱོང་བཅུའི་སྙིང་གར་ཕུར་བུ་བཏབ་སྟེ་འོག་གི་གསེར་གྱི་ས་གཞི་ལ་སྦྲགས་པར་བསམ་མོ། དེ་ནས་ཕུར་བུའི་ཡེ་ཤེས་པ་སྤྱན་དྲངས། མཆོད་བསྟོད་ཕྲིན་ལས་བསྐུལ། གོང་དུ་ས་སྲུང་གི་ཚེ་ཕུར་བུ་བཏབ་ཟིན་ན་འདིར་ཕྲིན་ལས་བཅོལ་བ་ཙམ་རུང་བ་ཡིན་ནོ། །དེ་ལྟར་གྱི་གསང་བའི་མཚམས་གཅོད་རྣམས་ཚར་བའི་རྗེས་དེ་ནས། དུར་ཁྲོད་ཀྱི་ས་ལ་མ་ཏྲཾ་གྱི་གཟུགས་སྐྱེ་མཆེད་དོད་པར་བྱས་ལ། རྣམ་ཤེས་བཀུག མཚོན་ཆས་བསྒྲལ། ལས་བཞིས་གནས་སྤར་ཏེ། ཡན་ལག་ལྔ་དང་དོན་སྙིང་ནང་ཁྲོལ་མཚན་མ་དང་བཅས་པས་དུར་ཁྲོད་བརྒྱད་དུ་དགྲམ་ཞིང་། ཁོག་པ་བྷྲུཾ་ལས་གཞལ་ཡས་ཁང་དུ་བྱིན་གྱིས་རླབས་སོ། །དེ་དག་མཚམས་ཀྱི་དོད་དུའང་འགྱུར་ཏེ་རུ་ཏྲ་ནི་བགེགས་ཀྱི་གཙོ་བོ་ཡིན་པས། དེ་མནན་ན་བགེགས་ཕྲན་གཞན་རྣམས་ལྡང་མི་ནུས་པའོ། །དེ་ནས་ཐིག་ཚོན་གྱི་ཆོ་ག་དང་ལྡན་པས་ཚོམ་བུ་གང་སྒོམ་ཀྱི་དཀྱིལ་འཁོར་གཞུང་བཞིན་
བྲིས་ལ་སྒྲུབ་རྫས། མཆོད་རྫས། དཀྱིལ་འཁོར་གྱི་རྒྱན་འགྲེ མ་པ་སོགས་གྲུབ་རྗེས། བསྙེན་པ་དངོས་ལ་འཇུག་པ་ནི། ཐོག་མར་གྲལ་ཕྱག་དང་ཚུལ་ཕྱག་སྔོན་དུ་འགྲོ་བས། བརྡའ་སྒོ་དབྱེ་བ་ནི། སྣོད་བཅུད་གཞལ་ཡས་ཁང་དུ་གསལ་བ་ལ། ཡེ་ཤེས་བཞིའི་སྒོ་ནས་ཞུགས་པར་བསམ་མོ། །བརྡ་ཕྱག་འཚལ་བ་ནི། སྣོད་བཅུད་ཡེ་ནས་སྐུ་དང་ཡེ་ཤེས་སུ་འཆར་བ་ནི༑ ཡུལ་གུད་ན་ཡོད་པ་མ་ཡིན་ཏེ། རང་རིག་དཀྱིལ་འཁོར་དུ་ཤར་བ་ལས། དབྱིངས་རིག་གཉིས་སུ་མེད་པར་མཇལ་ན་ནི་ཕྱག་གི་དོན། དེ་ནས་བཤགས་པ་དང་། བྱིན་འབེབ། བདག་ཉིད་མ་མོ་དང་མཁའ་འགྲོའི་དཔུང་གི་རུ་དར་ལྟར་རང་རང་གི་སྡེ་ཚན་དུ་ཤེས་པའི་སྒོ་ནས་སྒྲུབ་པ་པོ་ཐམས་ཅད་ལ་དཔལ་གྱི་ཆས་གོས་ཀྱིས་མངའ་གསོལ་ལོ། །དེ་ནས་མཆོད་རྫས་རྣམས་བྱིན་ཕོབས་ལ། རྒྱུ་ཏིང་ངེ་འཛིན་གསུམ་སྤྱིས་ཁོག་དབུབ། འབྲས་བུ་རྟེན་བརྟེན་པར་བཅས་པའི་ཚོམ་བུ་གང་བསྒོམ་དང་བསྟུན་ནས་སྒོམ་དགོས་པ་ཡིན་ཏེ། འདི་ཉིད་ལས། རྣལ་འབྱོར་ཐབས་དང་ཤེས་རབ་ལྡན༴སོགས། གསུངས་པ་ལྟར། རྣལ་འབྱོར་པ་ཕོ་མོ་དང་ལྷ་ཡབ་ཡུམ་བྲང་སྤྲད་དེ་སྒོམ་པའམ། ཡང་ན་རྣལ་འབྱོར་པ་སྤྱིས་ཚོམ་བུ་སྤྱིར་སྒོམ་པ་སོགས་གང་མོས་སུ་བྱ་སྟེ། ལམ་རིམ་ལས། སྤྱིའམ་ཡང་ན་རེ་རེ་བཞིན། །ཚོམ་བུའི་དཀྱིལ་འཁོར་རིམ་བཞིན་སྒོམ། ཞེས་སོ། །དེ་ནས་ཡེ་ཤེས་ལྔ་དབང་བསྐུར། ཐུགས་དམ་ཀྱི་བྱིན་གྱིས་རླབས། ཡེ་ཤེས་པ་དབབ། དྲངས་བསྟིམ། མཆོད་བསྟོད་རྣམས་ཕུལ་ཏེ་བསྙེན་པ་དངོས་ནི༑ ལམ་རིམ་ལས། ཡེ་ཤེས་མདུན་དུ་ལྷག་པ་ལྷ། །བཟླས་པ་གསལ་བ་གསུམ་གྱིས་བྱ། ཞེས་པས། བདག་དམ་ཚིག་སེམས་དཔའ། ལྷ་ཡེ་ཤེས་སེམས་དཔའ། བར་ཀྱི་འོད་ཟེར་སྤྲོ་བསྡུས་སྟེ། མཆོད་བསྟོད་རྣམས་ཕུལ་ཏེ་བསྙེན་པ་དངོས་ནི། ལམ་རིམ་ལས་གསལ་བ་གསུམ་པའི་མན་ངག་བཞིན་བཟླའོ། །ཛབ་ཁང་དབྱེ་སྟེ་འོད་ཟེར་དཀར་པོ་ཕར་འཕྲོས་ཏེ་སྒྲིབ་པ་སྦྱོང་བཞིན་པར་བསྐུལ། ཚུར་བསྡུས་པས་དངོས་གྲུབ་ཀྱི་སྣོད་རུང་དུ་བསམ་མོ། །མཇུག་ཏུ་དཀྱིལ་འཁོར་ཕྱེ་བ་དེ་ཉིད་རང་ལ་བསྟིམ། རྗེས་ཀྱི་བྱ་བ་ཚོགས་དང་ལྷག་མ་གཏོང་བ་སོགས་བྱ། ཁམས་གསེང་ཐུན་མཚམས་སུ་ཕྲེང་བ་ཁྲོ་ཞལ་དུ་བྱིན་གྱིས་རླབས་ལ་གནས་
སྲུང་། དུས་དྲུག་ཏུ་བར་ཆད་ཀྱི་ཉུལ་ལེ་བརྟགས་ཤིང་དེ་དག་སོ་སོའི་གཉེན་པོས་བཟློག་པར་བྱེད་པ་སྟེ། ལམ་རིམ་ལས། ཟིན་ནས་བསྡུས་ཏེ་རྣལ་འབྱོར་ཚོགས། །ཚུལ་བཞིན་མཆོད་པའི་ཆོ་ག་བྱ། །ནང་ནུབ་མཁའ་འགྲོར་གཏོར་མ་སྦྱིན། །མཉེས་པར་བྱ་ཞིང་བར་ཆད་ཟློག དེ་རྣམས་ནི་ནུབ་དང་པོའི་བྱ་བ་མགོ་འཛིན་གྱི་རིམ་པའོ། །གཉིས་པ་ཉེ་བསྙེན་ནི༑ ཆོ་གའི་རྣམ་བཞག་གཞན་སྔར་དང་འདྲ་བ་ལས། ཁྱད་པར་དུ་དུས་དྲུག་དང་ཐུན་བཞིན་ཚོགས་དང་གཏོར་མ་དབུལ་ཞིང་སྦྱིན་བསྲེག་བྱ། ཛབ་ཀྱི་འོད་ཟེར་ཕར་འཕྲོས་ཏེ་ཐུགས་དམ་བསྐུལ། དམར་པོ་ཚུར་བསྡུས་ཏེ་དངོས་གྲུབ་ཀྱི་སྣོད་དུ་བསམ་མོ། གསུམ་པ་སྒྲུབ་པ་ནི༑ ཛབ་ཀྱི་ཚེ་འོད་ཟེར་དམར་པོ་སྤྲོ་བསྡུས་ཁྱད་པར་རོ། །བཞི་པ་སྒྲུབ་པ་ཆེན་པོ་ནི། ཇི་ལྟར་སྒྲུབ་པའི་ཞག་གྲངས་དབང་པོ་རབ་འབྲིང་ཐ་མའི་ཁྱད་པར་བཞིན་ཚངས་ནས། དམ་ཚིག་གི་བྲིས་སྐུ་བཞད་པ་དང་། མར་མེ རང་འབར་བ་དང་། དམ་རྫས་ཞག་ཏུ་འཁོལ་བ་དང་། འོད་འཕྲོ་བ་སོགས་སྒྲུབ་པའི་རྟ གས་དང་། ཡི་དམ་ལྷའི་ཞལ་མཐོང་ཞིང་གསུང་ཐོས་པ་དང་། སེམས་ལ་མངོན་ཤེས་འཆར་བ་སོགས་མཚན་མ་དང་། གཞན་ཡང་སྐུ་གསུང་ཐུགས་གསུམ་གྱི་དྲོད་ཐོབ་པ་སོགས་སྒྲུབ་པའི་རྟགས་མཚན་ཡིད་ཆེས་པ་སྔོན་དུ་གྱུར་ནས། དངོས་གྲུབ་དང་བར་ཆད་རྣམས་དམིགས་ཕྱེ་སྟེ། ནུབ་ཐ་མ་དངོས་གྲུབ་ལེན་པའི་ཆོ་ག་བྱ་སྟེ༑ དེའི་ལས་རིམ་ནི། སྤྱིར་རྒྱས་པའི་སྦྱིན་སྲེག་བྱ། ནང་དུ་དཀྱིལ་འཁོར་ཞལ་བསྒྱུར། དངོས་གྲུབ་ཀྱི་རྫས་བསགས། སྒྲུབ་པ་པོ་རྣམས་རྒྱན་གོས་བཟང་པོ་མནབ་ཏེ་སྒྲུབ་ཆེན་གྱི་ལས་གཞུང་བསྲངས། ཛབ་ཀྱི་དུས་འོད་ཟེར་ཕར་མི་སྤྲོ་བ་ཚུར་བསྡུ་བ་ཁོ་ན་བྱའོ། །དེ་ཡང་དངོས་གྲུབ་ལེན་པ་དངོས་ལ། ལྷ་ལས་བླངས་པ་དང་། རྫས་ལས༴ ཡུམ་གྱི་མཁའ་ལས་བླངས་པའོ། །དང་པོ་ལྷ་ལས་བླང་བ་ནི། ལྷ་སྤྱི་དང་བྱེ་བྲག་སོ་སོའི་བསྐུལ་ཚིག་སྟོང་ཚིག་མཆོད་པ་དང་འབྲེལ་བར་ལེན་པ་སྟེ། ལྷ་རྣམས་སྤྱན་དྲངས་ལ་མཆོད་ཅིང་དངོས་གྲུབ་བདག་ལ་བསྩ ལ་བར་བསམ་པའོ། །གཉིས་པ་རྫས་ལས་ལེན་པ་ནི། སོ་སོའི་བསྐུལ་ཚིག་གིས་རྗེས་ཐོབ་དངོས་གྲུབ་ཀྱི་རྫས་ལ་རོལ་བའོ། །གསུམ་པ་མཁའ་ལས་བླང་བ་ནི། ག་ན་སྦྱོར་
བ་སྟེ་བླ་མའི་མན་ངག་བཞིན་བླང་བའོ། །དུས་ནི་སྲོད་ཀྱི་ཆ་ལས་ལྷ་ལས་བླང་། ནམ་གུང་གི་ཚེ་ན་ཏ་ན་སྒྲོལ་བ་སྟེ་མངོན་སྤྱོད་ཀྱིས་དགྲ་ལས༴ ཐོ་རེངས་ཡུམ་དང་སྦྱོར་བའི་སྒོ་ནས་ཨ་ལིའི་མཛད་སྤྱོད་ཀྱིས་མཁའ་ལས་དངོས་གྲུབ་ལེན་པ་ནི་སྒྲུབ་པ་ཆེན་པོ་སྟེ། ཟླ་གཅིག་ལྟ་བུ་ལ་དཔེར་མཚོན་ལམ་རིམ་ལས། ཟླ་བ་ཕྱེད་ཞལ་ཉེ་བསྙེན་པ། །ལྷ་གསལ་འཕྲོ་འདུས་སྣོད་དུ་རུང་། །བཅོ་ལྔ་མར་ཕྱེད་སྒྲུབ་པ་སྟེ། །འཕྲོ་འདུ་བསྣོལ་མས་བསྒྲུབ་པར་བྱ། །ཞག་གྲངས་ཚངས་ནས་རྟགས་བྱུང་ན། །དངོས་གྲུབ་བཟླས་བླང་སྒྲུབ་ཆེན་པོ། ཞེས་སོ། །དེ་ནས་སྒྲུབ་དབང་བསྐུར། གཏོར་མ་དང་ལྷག་མ་ཕྱིར་གཏོང་། རྒྱལ་ཐོ་དང་སྒོ་བྱང་འགྲོལ། ནང་དུ་དཀྱིལ་འཁོར་བསྡུ། ཕུར་པ་དབྱུང་ཞིང་བཀྲུ། སྤྱོད་ལམ་རྒྱུན་ཏིང་གི་རྒྱས་བཏབ། གནས་སྲུང་། མར་མེ་སྨོན་ལམ་དང་ཤིས་བརྗོད་བྱ། མཚམས་གྲོལ་ཞིབ་པར་བླ་མ་དམ་པ་གདམས་ངག་ལག་ལེན་དང་ལྡན་ཅིང་ཉམས་མྱོང་ཅན་གྱི་ཞལ་ལས་བླང་བར་བྱའོ། །གསུམ་པ་འབྲས་བུ་རིག་འཛིན་ཐོབ་པའི་དུས་བསྟན་པ་ནི། དེ་ལྟར་ཟླ་བ་དྲུག་སྤོགས་ཆོག་དང་བཅས་པས་རིག་འཛིན་གྱི་འབྲས་བུ་འགྲུབ་སྟེ། འདི་བསྐྱེད་རིམ་ཡིན་པས་ཐུན་མོང་གི་དངོས་གྲུབ་ལས་རྒྱ་དང་ཡེ་རྒྱའི་ཁྱད་པར་ཀྱིས། འདོད་པའི་རིག་པ་འཛིན་པ་དང་གཟུགས་ཀྱི་རིག་པ་འཛིན་པ་གང་རིགས་ལ་སྦྱོར་བའོ། །ལམ་འདིས་འཁོར་བའི་བག་ཆགས་གང་དག་ན། ནག་པོ་དང་སངས་རྒྱས་སངས་རྒྱས་རིགས་ལྡན་གྱི་གནས་སྐབས་གསུམ་པོ་དེ་སྦྱོང་། ཡར་སངས་རྒྱས་ལ་མཆོད་པའི་སྤྲིན་ཕུང་མཐའ་ཡས་པའི་རོལ་མོ་ལ་དགྱེས་དགུར་སྤྱོད་པའི་རིགས་ཀྱི་ནུས་པ་གསོས་འདེབས་པས་འབྲས་བུར་རྫོགས་པར་བྱེད། བར་དུ་ནི། རང་རིག་རྣམ་པར་མི་རྟོག་པ་བདེ་སྟོང་གི་ལྷ་སྐུར་འགྲུབ་པར་བྱེད་པའི་ཕྱིར་མཆོག་གི་དངོས་གྲུབ་ལ་མྱུར་དུ་སྦྱོར་བའི་གཞི་འདིང་བས་ལམ་གོང་མའི་སྨིན་བྱེད་དུ་འགྲོ་བའོ། །གཉིས་པ་ལམ་ཀྱི་གཞུང་ཤིང་ཕྲ་བ་རྫོགས་རིམ་གྱི་སྦྱོར་བ་བཤད་པ་དེ་ལ་ཡང་། སྟོང་པ་ཆེན་པོ་ལ་སོགས་པའི་ལམ་ལྔ་ལས། དང་པོ་སྟོང་པ་ཆེན་པོའི་རྣལ་འབྱོར་ནི། དེ་ཡང་ལུས་ཅན་རྣམས་འཆི་བའི་ཚེ། འབྱུང་བ་ལྔ་དང་དཀར་དམར་ནག་གསུམ་གྱི་སྣང་བ་ཡང་རིམ་གྱིས་
ཐིམ་ནས། རྣམ་པར་མི་རྟོག་པའི་འོད་གསལ་གྱི་ཡེ་ཤེས་ཆེན་པོ་བཞི་འཆར་ཏེ། རྫོགས་པ་ཆེན་པོ་སྒྲ་ཐལ་འགྱུར་ལས། འགྲོ་བ་མ་ལུས་ཐམས་ཅད་དག །གནས་པའི་སྟོབས་ནི་ཟད་པ་ན། །འདུས་པ་ལྔ་ཡི་རིམ་པ་ཡིས། །བག་ཆགས་སྙིགས་མ་རང་ཟད་ནས། །འོད་གསལ་སྟོང་པར་སྣང་བས་ན། །རེ་དོགས་མེད་པ་ནམ་མཁའ་བཞིན། །ཞེས་གསུངས་པ་ལྟར། དེ་ལམ་དུ་ཁྱེར་དེ་དེ་དང་རྗེས་སུ་མཐུན་པའི་ལམ་སྒོམ་ཚུལ་ཡང་། ལྟ་བ་གཏན་ལ་འབེབ་པ་གཞིར་བཞག་གི་སྟེང་། བསམ་བསྟན་ལ་ཚེར་མ་མི་འབྱུང་བའི་གནས་སུ། ལུས་གནད་རྣམ་སྣང་གི་ཆོས་བདུན་ལྡན་དུ་བྱ་སྟེ། གང་ཞེ་ན། རྐང་པ་དཀྱིལ་ཀྲུང་། ལག་པ་མཉམ་བཞགམིག་སྣ་རྩེར། མཆུ་སོ་ལྷོད་པ། ལྕེ་རྩེ་ཡ་སྐན། མགྲིན་པ་ཡུད་ཙམ་འགུག་པ། རྐེད་པ་དྲང་པོར་བསྲངས་བའི་ལུས་གནད་དང་ལྡན་པས་ལུས་ཀྱི་རྩ་གནས་ཐམས་ཅད་ལ་རྩ་བ་དང་ཡན་ལག་གི་རླུང་ལྔ་ལྔ་ཕྱེ་སྟེ། ནང་གི་ཡོན་ཏན་རྣམས་འཆར་བ་ཡིན་ཏེ། དཔེར་ན་སྦྲུལ་གྱི་ལུས་གཅུས་པས་ཡན་ལག་ཕྱིར་འདོན་པ་བཞིན་ནོ། །དེ་ལྟར་ལུས་ཀྱི་ལྟ་སྟངས་དང་ལྡན་པའི་སྒོ་ནས་བླ་མ་དམ་པའི་གདམས་ངག་ལ་བརྟེན་ནས་རིག་པ་མ་བཅོས་པའི་ངང་དུ་སོ་མར་འཇོག་པའམ་རིག་པ་སྤྱི་བླུགས་སུ་འཇོག་པ་ནི་ནི་ཀུ་སུ་ལུའི་འཇོག་སྒོམ་ཀྱང་ཟེར། ཡང་སྔར་ཀྱི་ཐོས་བསམ་ཀྱི་ལྟ་བ་དྲན་པར་བྱས་ནས། དེའི་ངང་དུ་འཇོག་པའམ་མཐོང་བའི་རྗེས་ལ་འཇོག་པ་ནི། པཎྜི་ཏའི་དཔྱད་སྒོམ་ཀྱང་ཟེར། དེ་ལྟར་འཇོག་ཐབས་གཉིས་པོ་གང་རུང་གིས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ནི་ཉིན་མོའི་རྣལ་འབྱོར་དང་། མཚན་མོ་གཉིད་འཐུག་གི་འོད་གསལ་ངོས་འཛིན་པ་ནི་མན་ངག་གཉིས་སྦྲེལ་ཏེ་ཉིན་མཚན་ཁ་སྦྱོར་དུ་ཉམས་སུ་བླངས་པ་ལས། རླུང་དབུ་མར་ཚུད་པའི་རྟགས་སུ། དུ་བ་དང་། སྨིག་རྒྱུ་དང་། སྲིན་བུ་མེ་ཁྱེར་ལ་སོགས་པའི་རྟགས་བཅུ་འཆར་ཞིང་ཉམས་ལྔ་མཐར་ཕྱིན་པར་སློབ་པའོ། །གཉིས་པ་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་ནི། སྔར་ཀྱི་འཆི་ཁའི་འོད་གསལ་ངོས་མ་ཟིན་པ་ལས། སྣང་གསུམ་འབྱུང་ལྔའི་བསྒྲོད་པ་གོ་ལྡོག་གི་ཚུལ་དུ་ལངས་ཏེ་བར་དོའི་ཡིད་ལུས་སྒྱུ་མ་ལྟ་བུར་གྲུབ་སྟེ། སྔ་མ་ལས། བར་མ་སྒྱུ་མའི་
ལུས་ཐོབ་པས། །མ་སྤངས་ལོངས་སྤྱོད་རྫོགས་པར་བཤད། ཞེས་གསུངས་པ་ལྟར། དེ་ལམ་དུ་ཁྱེར་ནས་དེ་དང་རྗེས་སུ་མཐུན་པའི་ལམ་སྒོམ་ཚུལ་ཡང་། སྔར་གྱི་སྟོང་ཆེན་འོད་གསལ་གྱི་ངང་དུ་སེམས་འགགས་པས། དུ་བ་དང་། སྨིག་རྒྱུ་དང་། མེ་ཁྱེར་དང་། དཀར་དམར་ནག་གསུམ་ལ་སོགས་པའི་སྟོང་གཟུགས་ཀྱི་སྣང་བ་ཤར་བ་ན་ཉིན་གྱི་རྣལ་འབྱོར་སད་པའི་སྣང་བ་དེ་དང་། མཚན་མོ་རྨི་ལམ་གྱི་སྣང་བ་ཐམས་ཅད་སྒྱུ་མ་ཆུ་ཟླ་ལྟར་མཐོང་བ་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་མ་འགགས་པར་ཤར་བ་ལ་གོམས་ཤིང་འདྲེས་པར་བྱེད་པའོ། གསུམ་པ་སྐྱེ་བའི་རིམ་པ་དང་པོ་དང་རྗེས་སུ་མཐུན་པའི་ལམ་ལྷ་སྐུ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ནི། སྣང་བ་རིས་མེད་ལ་སྙིང་རྗེ་ཆེན་པོའི་འཕེལ་པ་དང་། ཏིང་ངེ་འཛིན་གྱིས་ཆུ་དངས་པ་ལ་གཟུགས་བརྙན་ཤར་བ་ལྟ་བུར་ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པའི་ལྷ་སྐུ་ཕྱག་རྒྱ་གཅིག་པ་རང་ཤར་གྱི་སྣང་བ་ཐམས་ཅད་ལ་རྒྱས་འདེབས་པ་སྟེ། དེ་ནི་སྣང་བ་མང་པོའི་ཞེན་པ་དགག་པའི་ཆེད་དུའོ། །བཞི་པ་ཕྱག་རྒྱ་སྤྲོས་བཅས་ཀྱི་རྣལ་འབྱོར་ནི། སྐྱེ་བའི་རིམ་པ་དང་པོ་བར་མའི་བག་ཆགས་སྦྱོང་བའི་ཕྱིར་དེ་དང་མཐུན་པའི་ལམ་སྟེ། སྔོན་གྱི་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལྷ་སྐུ་ཕྱག་རྒྱ་གཅིག་གི་ངང་དུ་རྒྱས་བཏབ་པ། དེ་ལས་ལྷ་སྐུའི་སྣང་བ་ཆེས་ཆེར་འཕེལ་བས་སྣང་བ་ཐམས་ཅད་ཟུང་འཇུག་གི་ལྷ་སྐུ་ཐམས་ཅད་གཙོ་འཁོར་དང་ཚོམ་བུའི་རྣམ་པར་མངོན་སུམ་དུ་མ་འདྲེས་ཡོངས་སུ་འཆར་བ་ལ་བསླབ་པའོ། །ལྔ་པ་ཚོམ་བུ་ཚོགས་སྒྲུབ་གྱི་རྣལ་འབྱོར་ནི༑ སྐྱེས་པའི་རིམ་པ་གསུམ་པའི་བག་ཆགས་སྦྱོང་བའི་ཕྱིར། དེ་དང་མཐུན་པའི་ལམ་དེ། ཚོམ་བུ་གཅིག་གསུམ་ལྔ་པ་གང་རུང་གི་སྒོ་ནས་སྤྲོས་བཅས་བསྐྱེད་རིམ་དང་ཕྱོགས་མཐུན་དུ་སྒྲུབ་པའམ་ཡང་ན་སྤྲོས་མེད་རྣལ་འབྱོར་ཕོ་མོ་གཙོ་བོ་ཡབ་ཡུམ་ཚོགས་པ་ལ་བརྟེན་པའམ། ཤིན་ཏུ་སྤྲོས་མེད་ཡབ་མི་འགྱུར་བའི་བདེ་བ་ཆེན་པོ་དང་། ཡུམ་རྣམ་ཀུན་མཆོག་ལྡན་ཀྱི་སྟོང་པ་ཉིད་དང་ཁ་སྦྱོར་དུ་སྒྲུབ་པ་སྟེ། གང་ལྟར་ཡང་དབང་པོ་རབ་འབྲིང་ཐ་གསུམ་གྱིས་དབྱེ་ན། ཟླ་བ་དྲུག་གམ། ལོ་གཅིག་དང་ཟླ་བ་གཅིག ལོ་གཅིག་དང་ཟླ་བ་བཞི་རྣམས་ཕྱི་
ནང་གི་མངོན་བྱང་ལྔ་ལ་བརྟེན་ནས་ཟག་མེད་མཐོང་ལམ་རྣམ་གཉིས་གང་རུང་ལ་སྦྱོར་བར་བྱེད་པ་སྟེ། ལམ་རིམ་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། ཞེས་སོ། །ཞར་ལ་ཟག་ལྡོག་ཡོད་མེད་ཀྱི་མུ་བཞི་རྩི་བར་བྱ་སྟེ། དེ་ཡང་ཟག་ལྡོག་གཉིས་ཀ་ཡོད་པའི་མུ་ནི་སྟོང་ཆེན། སྙིང་རྗེ་སྒྱུ་མ༑ ཕྱག་རྒྱ་གཅིག་སྤྲོས་ཏེ་ཚོགས་ལམ་གྱི་རྣལ་འབྱོར་བཞི་སྟེ། ལམ་རིམ་ལས། དེ་ཕྱིར་ལམ་བཞིར་ཟག་ལྡོག་ཡོད། ཅེས་སོ། །ཟག་པ་ཡོད་ལ་ལྡོག་པ་མེད་པའི་མུ་ནི། སྦྱོར་ལམ་ཚོམ་བུ་ཚོགས་སྒྲུབ་སྟེ། སྤྱོད་པའི་དུས་གྲངས་ངེས་པས་ཟག་མེད་ལ་དངོས་སུ་སྦྱོར་བའི་བར་ཆད་མེད་ལམ་ཡིན་པའི་ཕྱིར་རོ། ༼ཟག་པ་མེད་ལ་ལྡོག་པ་ཡོད་པའི་མུ་ནི༽དམན་ལམ་སྔོན་དུ་སོང་བའི་འཕགས་པ་དགྲ་བཅོམ་པ་སྔགས་ཀྱི་ཚོགས་ལམ་ལ་གནས་པ་ལྟ་བུ་སྟེ། དེ་ནི་རང་དོན་ཡིད་བྱེད་ཀྱི་བསམ་པ་ལྡོག་པའང་སྲིད་པའི་ཕྱིར་ཏེ། རྒྱུད་རྡོ་རྗེའི་རྩེ་མོ་ལས། ཇི་སྲིད་ས་བརྒྱད་མ་ཐོབ་པར། །དེ་སྲིད་ཐེག་པ་དམན་པས་འཇིགས། ཅེས་སོ། འོ་ན་ཟག་པ་ཞེས་པ་དེ་གང་ཞེ་ན། སྤྱིར་མངོན་པ་སོགས་ནས་ཟག་པའི་སྒོ་དྲུག་སོགས་བཤད་ཀྱང་འདིར་ཟག་པའི་གཙོ་བོ་དང་ཡན་ལག་གཉིས་ལས། གཙོ་བོ་ཀུན་ནས་ཉོན་མོངས་པ་དང་བཅས་པའི་ལས་ཀྱིས་ཁམས་གསུམ་དུ་ཟག་ཅིང་འཕོ་བ་སྟེ། སྤར་ཁབ་ལས། དེ་དག་འཇིག་རྟེན་པ་ལ་ཡོད་པ་ནི་འཛིན་པའི་ཕྱིར་ཟག་པར་འགྱུར་ལ། ཞེས་སོ། །ཡན་ལག་ནི། ལུས་རང་དབང་མེད་པར་སྐྱེ་བ་ལེན་པ་སྐྱེ་གནས་ཀྱི་ཟག་པ། ཁམས་བདེ་མི་བདེ་རང་དབང་མེད་པར་མྱོང་བ་ཁམས་ཀྱི་ཟག་པ། ལུས་རང་དབང་མེད་པར་འདོར་བ་ལུས་ཀྱི་ཟག་པ་དང་གསུམ། དེ་ཡང་ཚོགས་ལམ་བཞིར་འཁོར་བར་ལྡོག་ཏུ་ཡོད་པ་ནི་ཉོན་མོང་པ་རགས་པ་ཡོད་པས་སོ། །སྦྱོར་ལམ་ཡན་ལ་ལྡོག་ཏུ་མེད་པ་ནི་ཉོན་མོངས་པ་ཕྲ་བ་ལས་མེད་པས་སོ༑ ༑དེས་འཁོར་བར་ལྡོག་མི་ནུས་ཏེ། དཔེར་ན་མེ་ཤི་བའི་དུ་བས་མེ་ཕྱི་མ་བསྐྱེད་མི་ནུས་པ་བཞིན་ནོ། །མཐོང་ལམ་ཡན་ལ་ཤེས་བྱའི་སྒྲིབ་པ་ཙམ་ལས་མེད་པས་དེས་ནི་རྣམ་པ་ཐམས་ཅད་མཁྱེན་པར་སྒྲིབ་པ་ཙམ་མོ། །དེས་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་
གྱི་རྣམ་པར་བཤད་པའོ། །གསུམ་པ་ལམ་གྱུར་གྱི་འབྲས་བུ་རིག་འཛིན་རྣམ་པ་བཞི་ནི། ཟག་ལྡོག་གཉིས་ཀ་མེད་པའི་ལམ་མཐོང་སྒོམ་མཐར་གསུམ་གྱིས་བསྡུས་པའི་རིག་འཛིན་བཞི་སྟེ། དེ་ཡང་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་རང་མཚན་མངོན་སུམ་དུ་མཐོང་བ་ཆ་འདྲ་ཡང་། བློའི་ནུས་སྟོབས་ཆེ་ཆུང་གིས་འབྱུང་བ་སྙིགས་མའི་ལུས་ཡེ་ཤེས་ཀྱི་མེས་སྦྱོང་བར་མ་ནུས་པ་རྣམ་སྨིན་རིག་འཛིན་དང་། སྦྱོང་བར་ནུས་པས་སྐྱེ་འཆི་མེད་པ་དྭངས་མའི་ལུས་སུ་གྱུར་པ་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་རིག་འཛིན་གཉིས་ཏེ་ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་པའི། །མཐོང་ལམ་གཉིས་སུ་གྱུར་བ་ཡིན། ཞེས་སོ། །དེ་ཡང་རིག་འཛིན་བཞི་སོ་སོར་ཆོས་བདུན་གྱི་སྒོ་ནས་བཤད་ཀྱང་། འདིར་ས་བཅད་དུ་མ་ཕྱེ་བར་འཆད་དེ། ལྷག་མེད་མྱང་འདས་སམ་རྣམ་སྨིན་རིག་འཛིན་ནི། སྦྱོར་ལམ་ལ་བསྟན་པ་ཐོབ་ནས། མཐོང་ལམ་ལ་སྦྱོར་བས་རྣམ་སྨིན་རིག་འཛིན་དང་། དེ་ལའང་མཚན་ཉིད་གསུམ་སྟེ། ཡིད་ལྷའི་སྐུར་སྨིན་པ། ལུས་རྣམ་སྨིན་གྱི་ཕུང་པོ་དང་མ་བྲལ་བ། ལུས་རྒྱ་དང་བྲལ་མ་ཐག་ཕྱག་ཆེན་ལ་སྦྱོར་ངེས་པ་སྟེ། ལམ་རིམ་ལས། ཡིད་ཀྱིས་ལྷ་ཡི་གཟུགས་བཟུང་ཞིང་། །ཕྱག་རྒྱའི་སྐུ་གཉིས་གསལ་གྱུར་པས། །རྣམ་པར་སྨིན་ཞེས་དེ་ལ་བརྗོད། ཅེས་སོ། །དེ་ཡང་འབྱུང་བའི་ལུས་དང་ལས་ཀྱི་ལུས་མེད་པ་ཞེས་བྱ་སྟེ་རང་དོན་དུ་སྲིད་པ་མཐའ་མ་དང་། ཡིད་ལྷའི་སྐུར་སྨིན་ཀྱང་ལུས་རྣམ་སྨིན་ཤ་ཁྲག་གི་ཕུང་པོ་དང་མ་བྲལ་བས་རྣམ་སྨིན་རིག་འཛིན་དང་། ལུས་སྔོན་གང་ཡིན་པ་ལྟར་བཟུང་ཞིང་། མངོན་ཤེས་ཀྱི་ཡུལ་དོན་ཀྱང་ཟག་མེད་ལྷའི་སྤྱན་རྣམ་པར་དག་པས་གླིང་བཞི་པའི་འཇིག་རྟེན་ཙམ་གྱི་མཛད་ཅིང་མཁྱེན་པ་དང་། ལུས་རྒྱ་དང་བྲལ་མ་ཐག་ཕྱག་ཆེན་ལ་སྦྱོར་བའོ། །གཉིས་པ་ཚེ་དབང་རིག་འཛིན་ནི། ཤེས་རབ་གསུམ་གྱི་ལྟ་བ་དང་། ཏིང་ངེ་འཛིན་གྱི་རྟོགས་གོམ་ཁྱད་པར་དུ་གྱུར་པས་བློ་ཆེན་པོས་ཚོགས་སྒྲུབ་པས་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་སྟེ། ལམ་རིམ་ལས། དོན་མཐོང་འཇུག་པ་མཐར་ཕྱིན་པའི། །ཚོགས་སྤྱོད་སྒྲུབ་པའི་དངོས་གྲུབ་ཀྱིས། །ལུས་ཁམས་
སྐྱེས་གནས་ཟག་པ་ཟད། །རྡོ་རྗེའི་ལུས་གྱུར་ཚེ་ཡི་རིགས། ཞེས་སོ། །སྐུའི་ཚེ་ཚད་ཀྱང་རང་དོན་དུ་ལམ་སྦྱོང་བའི་ཕྱིར་ལོ་སྟོང་དྲུག་བརྒྱ་བཞུགས་ཤིང་། གཞན་དོན་དུ་ཚེ་ལ་རང་དབང་འབྱོར་བས་ཇི་ལྟར་འདོད་པ་བཞིན་བཞུགས་པ་སྟེ། དཔེར་ན་སྐུ་ལ་བསྒྲེས་རྒུད་མི་མངའ་བའི་སློབ་དཔོན་ཆེན་པོ་པདྨ་བཞིན་ནོ། །སྤྱིར་ཚེ་དབང་ལ། སྨན་གྱི་བཅུད་ལེན་ལ་བརྟེན་པའི༴ ཐིག་ལེ་དབབ་བཟུང་ལ་བརྟེན་པའི༴ མཁའ་འགྲོ་རླུང་གི་འཁོར་ལོ་ལ་བརྟེན་པའི༴ ལམ་མཆོག་ཡོངས་སུ་རྟོགས་པའི་ཚེ་དབང་དང་བཞི་ལས། དང་པོ་གསུམ་ལ་རྟོགས་གོམ་གྱི་མཐུ་མེད་པས། རྫས་དང་ཐབས་རྐྱང་པ་ལ་བརྟེན་པའི་ཕྱིར། ཚེ་ལ་དབང་བ་ཆ་འདྲ་ན་ཡང་། ཟག་པ་དང་བཅས་པ་ཡིན་ལ་འདི་ནི་ཕྱི་མ་སྟེ། ལམ་རིམ་ལས། ཟག་ཀུན་ཟད་པའི་རིགས་ཆེན་ཀྱིས། །ཇི་ལྟར་སྤྱད་ཀྱང་ལྡོག་པ་མེད། ཅེས་སོ། །མཛད་སྤྱོད་ནི་བདག་དོན་དུ་ཀུན་འགྲོའི་དྲི་མ་སྦྱོངས་ཤིང་། གཞན་དོན་དུ་ཆོ་འཕྲུལ་བཞིའི་སྒོ་ནས་འགྲོ་ཕན་མཛད་ཅིང་། ཆ་ལུགས་ཀྱང་མི་དང་འདོད་གཟུགས་ཀྱི་གཙོ་བོ་ལ་སོགས་པར་སྤྲུལ་ནས་དོན་མཛད་པ་སྟེ། ལམ་རིམ་ལས། མི་དང་ལྷ་དང་ཚངས་པ་ཡི། །སྐྱེ་བ་རྣམ་དག་འཛིན་མོད་ཀྱང་། །ཁྱད་པར་ས་ལ་གནས་འགྱུར་ཡིན། ཞེས་སོ། །མངོན་ཤེས་ཀྱི་ཡུལ་དོན་ཀྱང་སྤྱིར་མངོན་པར་ཤེས་པ་ཆེན་པོ་དྲུག་དང་། བྱེ་བྲག་ཏུ་དབང་པོ་སྒོ་ལྔའི་དབང་ཤེས་ཉི་ཤུ་རྩ་ལྔས་གླིང་བཞི་བྱེ་བ་ཕྲག་བརྒྱ་ཙམ་དུ་སྐུ་དངོས་དང་སྤྲུལ་པ་གང་རུང་གི་སྒོ་ནས་དུས་གཅིག་ཏུ་འགྲོ་དོན་མཛད་ནུས་པ་ཡིན་ནོ། །རིམ་གྱིས་སམ་ཐོད་རྒལ་བའི་ཚུལ་གྱིས་ལྷུན་གྲུབ་རིག་འཛིན་ནམ་སངས་རྒྱས་ཀྱི་ས་གང་རུང་ལ་སྦྱོར་བ་ནི་ཚེ་དབང་གི་འབྲས་བུའོ། །གསུམ་པ་སྒོམ་ལམ་ཕྱག་ཆེན་རིག་འཛིན་བཤད་པ་ནི། ལྟ་བ་ལ་ཆེད་དུ་འཛིན་པའི་ཀུན་འགྲོའི་དྲི་མ་དག་ནས། སྒོམ་བྱ་སྔོན་དུ་གྱུར་པས། ལུས་སྔོན་གང་སྒོམ་ཀྱི་ཆ་ལུགས་རང་མཚན་པར་འཛིན་ཅིང་། རང་གི་དགོངས་པ་མི་གཡོ་བའི་དོན་ཤེས་རབ་གསུམ་གྱིས་ལྷན་ཅིག་གནས་པ་ཕྲ་མོའི་དྲི་མ་སྦྱོང་བའི་དུས་ཏེ། ལམ་རིམ་ལས། རང་སེམས་ཕྱག་རྒྱ་ཆེན་པོ་གནས། །སྒོམ་པས་མངོན་དུ་གྱུར་པའི་ལྷ། །ཐུན་མོང་མཆོག་གི་མཚན་དཔེར་ལྡན། །
ལོངས་སྤྱོད་གཉིས་ལ་ཕྱག་རྒྱའི་རིགས། ཞེས་པ་དང་། ཡེ་ཤེས་སྐུ་ཡི་ཆ་ལུགས་ཅན། །འབྱུང་བ་རྡོ་རྗེའི་ལུས་ལས་གྲོལ། ཞེས་སོ། །དེའི་རྣམ་གྲངས་ཀྱང་། བྱ་རྒྱུད་ཀྱི་རིགས་གསུམ། སྤྱོད་རྒྱུད་ཀྱི་རིགས་བཞི། རྣལ་འབྱོར་རྒྱུད་ཀྱི་རིགས་ལྔ་སྟེ། སྔ་མ་ལས། དེ་ཉིད་རིགས་གསུམ་རིགས་བཞི་དང་། །ལྔ་དང་མཆོག་ལྔ་རིག་འཛིན་པ། ཞེས་སོ། །ཆ་བྱད་ཀྱ ང་ཟུང་འཇུག་གི་ལྷ་མཚན་དཔེ་རྫོགས་པའི་བདག་ཉིད་ཅན། བདག་དོན་དུ་ལྷན་ཅིག་གནས་པའི་དྲི་མ་སྦྱོང་ཞིང་། གཞན་དོན་དུ་སྤྲུལ་པའི་ཆ་བྱད་མ་ངེས་པར་རྔོ ན་དང་སྨད་འཚོང་ལ་སོགས་པའི་སྒོ་ནས་འགྲོ་དོན་མཛད་པ་སྟེ། ལམ་རིམ་ལས། རྔོན་དང་སྨད་ཚོང་ལ་སོགས་པའི། །སྤྲུལ་པའི་ལུས་ཀྱིས་འདུལ་བར་བྱེད། ཅེས་སོ། །མངོན་ཤེས་ཀྱི་ཡུལ་དོན་ཀྱང་ཚེ་དབང་དང་ཆ་འདྲ་བ་ལས། གསལ་བརྟན་གྱིས་ཁྱད་པར་དུ་བྱས་ནས་ཡུལ་ལོངས་སྐུའི་ཞིང་དང་མཉམ་པའི་དོན་ཡང་དེ་སྙེད་དུ་མཛད་ནུས་པ་དང་། སྒོ་གསུམ་གྱི་དྲི་མ་དག་ནས་སངས་རྒྱས་ཀྱི་སའམ་ལྷུན་གྲུབ་རིག་འཛིན་གང་རིགས་ལ་སྦྱོར་བ་སྟེ། ལམ་རིམ་ལས། ཁ་ཅིག་ཕྱག་རྒྱ་ཆེན་པོ་ནས། །བླ་མེད་ཀུན་ཏུ་བཟང་པོར་འགྱུར། ཞེས་སོ། །བཞི་པ་དྲུག་པའི་རྒྱལ་ཚབ་མཛད་པ་པོ་ལྷུན་གྲུབ་རིག་འཛིན་བཤད་པ་ནི། སྒོམ་ལམ་གྱི་རིགས་ལ་རྟོགས་དགོངས་ཀྱི་ནུས་པ་རྫོགས་པའི་མཐུས། ལྷན་ཅིག་གནས་པ་ཕྲ་མོའི་དྲི་མ་དག་ནས་དབྱེར་མེད་ངང་གིས་རྟོགས་པ་མཐར་ཕྱིན་ནས་སངས་རྒྱས་ཀྱི་སར་སྦྱོར་བར་བྱེད་པའོ། །རྣམ་གྲངས་ནི་བྱ་རྒྱུད་སྤྱོད་རྒྱུད་ལ་སོགས་པའི་སོ་སོའི་ལམ་གྱི་སྦྱངས་པས་མཐར་ཐུག་གི་འབྲས་བུའི་ས་ལ་བཞག་པའི་སངས་རྒྱས་རྣམས་དང་། ཁྱད་པར་བླ་མེད་ཀྱི་རྒྱུད་འདིར་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་ཆེན་པོའི་ཆ་ལུགས་འཛིན་པའི་རྒྱལ་ཚབ་རྣམ་པ་གསུམ་རྣམས་ཡོད་ཅིང་། ཆ་བྱད་ཀྱང་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་ཆ་ལུགས་འཛིན་པས་ཤས་ཆེར་ལོངས་སྤྱོད་རྫོགས་པ་ཆེན་པོ་དང་མཐུན་པ་སྟེ། སྔ་མ་ལས། ཆ་བྱད་རྒྱལ་བ་ཉིད་དུ་སྟེ། །སྐུ་ལྔ་ལྷུན་གྱིས་གྲུབ་ཕྱིར་ན། །དེ་འདྲ་དེ་ཉིད་རྒྱལ་ཚབ་སྟོན། ཞེས་སོ། །སྤྱོད་ཚུལ་ནི། བདག་དོན་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ནང་གི་མངོན་བྱང་གིས་ཤེས་སྒྲིབ་སྦྱོང་ཞིང་། གཞན་དོན་དུ་རྗེས་
ཐོབ་ལ་སངས་རྒྱས་དང་ཆ་འདྲ་བའི་དོན་མཛད་ཅིང་། སྤྲུལ་གཟུགས་ནི་མཆོག་གི་སྤྲུལ་སྐུ་དང་མཐུན་པ་སྟེ། མཛད་པ་བཅུ་གཉིས་ལ་སོགས་པ་སྟོན་ཅིང་། མངོན་ཤེས་ནི་ཇི་སྙེད་པ་མཁྱེན་པའི་ཡུལ་སངས་རྒྱས་དང་ཆ་འདྲ་བས་ནམ་མཁས་ཁྱབ་ཚད་ཀྱི་དོན་ཡང་བྱེད་ནུས་པ་ཡིན་ཏེ། སྔ་མ་ལས། ཀུན་མཁྱེན་ཡེ་ཤེས་མངའ་བའི་ཕྱིར། །ཡུལ་ནི་ཚད་མེད་རྒྱལ་བ་ཉིད། །འཇིག་རྟེན་མེ་ལོང་ལྟ་བུའི་ཚུལ། ཞེས་སོ། །འབྲས་བུ་ནི། རྒྱུན་མཐའ་འདིར་སྙིང་པོ་གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྣང་གསུམ་གྱི་དྲི་མ་དེ་ཉིད་བཅོམ་ནས་སངས་རྒྱས་ཀྱི་སར་སྦྱོར་བར་བྱེད་པ་སྟེ། ལམ་རིམ་ལས། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བདག་རྟོག་མཚན་མ་ཀུན་བཅོམ་ནས། །རྡོ་རྗེ་དབྱིངས་སུ་ཐིམ་པར་བཤད། ཅེས་སོ། །ཞར་ལ་ཐོད་རྒལ་འབྱུང་མི་འབྱུང་གི་ས་མཚམས་བཤད་པར་བྱ་སྟེ། དེ་ཡང་ཐོད་རྒལ་འབྱུང་བ་ལ་ཆོས་གསུམ་ཚང་དགོས་ཏེ། གང་ཞེ་ན། སྟོང་པ་ཉིད་དང་སྙིང་རྗེ་ཟུང་འཇུག་གི་ལམ་སྒོམ་རྒྱུ༑ ལམ་གཞན་བར་ནས་བོར་རྒྱུ། ངང་གིས་བློ་ཆེ་བ་རྣམས་ཏེ། དེ་ཡང་སྟོང་ཆེན་སྙིང་རྗེ་སྒྱུ་མ་གཉིས་ནས་ཐོད་རྒལ་མི་འབྱུང་སྟེ། ཅིའི་ཕྱིར་ཞེ་ན། ལམ་གཞན་པ་གཉིས་ཡོད་ཀྱང་ཟུང་འཇུག་གི་ལམ་པ་མ་ཡིན་པའི་ཕྱིར་རོ། །ཕྱག་རྒྱ་གཅིག་སྤྲོས་གཉིས་ནས་སྦྱོར་ལམ་བོར་ཏེ་ཐོད་རྒལ་འབྱུང་ལ། ཚོགས་སྒྲུབ་དང་། རྣམ་སྨིན་རིག་འཛིན་ལྷུན་གྲུབ་རིག་འཛིན་བཅས་ནས་ཐོད་རྒལ་མི་འབྱུང་སྟེ། གང་ཞེ་ན། ཚོགས་སྒྲུབ་ནི་ཟག་བཅས་ཀྱི་ལམ་ཡིན་པས་དེ་ལས་གཞན་པ་ཚེ་དབང་ཁོ་ན་ལས་སྦྱོར་བ་མེད་པ་དང་། རྣམ་སྨིན་ནི་རང་གི་སྔོན་འབྲས་རྒྱ་ཆེ་ཁོ་ན་ལས་གཞན་མེད་པ་དང་། ལྷུན་གྲུབ་རིག་འཛིན་ནི་སངས་རྒྱས་ཀྱི་ས་ལས་སྦྱོར་བ་མེད་པས་སོ། །ཚེ་དབང་དང་ཕྱག་ཆེན་གཉིས་ནས་ཐོད་རྒལ་འབྱུང་སྟེ་ཚེ་དབང་ནས་ལྷུན་གྲུབ་རིག་འཛིན་སངས་རྒྱས་ཀྱི་ས་དང་། ཚེ་དབང་ཕྱག་ཆེན་གཉིས་སངས་རྒྱས་ཀྱི་སར་སྦྱོར་བར་བྱེད་པའོ། །ཞར་བྱུང་རྒྱུའི་ཐེག་པའི་བྱང་སེམས་འཕགས་པ་རྣམས་དང་དགོངས་པ་མཉམ་ཚུལ་དང་། སའི་མུ་ཚོད་མཐུན་ཚུལ་ནི། ལམ་ཆུང་ལས། དེ་ཡང་དང་པོ་དང་པོ་དང་། །སྐལ་མཉམ་གཉིས་པའི་རིགས་མཆོག་སྟེ། །བརྒྱད་པའི་སེམས་དཔར་
སྐལ་བ་མཉམ། །གསུམ་པ་བཅུ་དང་སྐལ་མཉམ་མེད། །དགོངས་སྤྱོད་རྒྱ་མཚོས་ཁྱད་པར་འཕགས། ཞེས་གསུངས་པ་ལྟར། རྒྱུའི་ཐེག་པའི་བྱང་སེམས་འཕགས་པ་རྣམས་དང་། རྒྱུད་འདིའི་རང་འབྲས་ཀྱི་སྦྱང་པའི་རྣམ་སྨིན་གཉིས་དགོངས་པ་དང་སྐལ་བ་གཉིས་ཀ་མཉམ་ངེས་དང་། ཚེ་དབང་ནི་སྐལ་བ་མཉམ་ཡང་དགོངས་པ་རྒྱུའི་ཐེག་པའི་ས་བརྒྱད་པ་དང་མཉམ་ཞིང་། ཕྱག་ཆེན་ནི་སྐལ་བ་མཉམ་ཡང་དགོངས་པ་རྒྱུན་མཐའ་དང་མཉམ་པ་སྟེ། དབྱིག་གི་སྒྲོན་མ་ལས། ཁྱོད་ཀྱིས་མཐར་ཕྱིན་ཀུན་ཏུ་འོད། །ཐབས་ཆེན་ཐེག་པའི་བསྟི་གནས་ས། ཞེས་དང་། བསམ་གཏན་མིག་སྒྲོན་གྱི་རང་འགྲེལ་ལས། ཀུན་ཏུ་༼འོད་༽ བསྟི་གནས་ཀྱི་སའོ། །དེ་ནི་འདིར་ལྷུན་གྱིས་གྲུབ་པའི་རིག་འཛིན་དངོས་སུ། ཞེས་དང་། ལམ་རིམ་ལས། ལམ་གྱི་རྩོལ་བས་ངལ་བ་རྣམས། །བྲོད་པ་བསྐྱེད་ཕྱིར་ཀུན་ཏུ་འོད། །རྡོ་རྗེ་འཛིན་སྟུག་བཀོད་པར་བསྟན། །མཐར་ཐུག་ས་གསུམ་ཆ་ལས་བརྗོད། ཅེས་སོ། དོན་དུ་ན་རྒྱུའི་ཐེག་པའི་མཐར་ཐུག་ཀུན་ཏུ་འོད་མི་སློབ་པ། སྔགས་འདིར་ལྷུན་གྲུབ་རིག་འཛིན་དུ་བཞེད་པ་ཡིན་ནོ། །དེས་གང་གིས་རྟོོགས་ཤིང་བགྲོད་པ་ཐབས་སམ་ལམ་གྱི་རྒྱུད་བཤད་ཟིན་ཏོ། །གསུམ་པ་གང་དུ་མཐ ར་ཕྱིན་པ་འབྲས་བུའི་རྒྱུད་ནི། སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། གྲུབ་པའི་རྣལ་འབྱོར་རྣལ་འབྱོར་ཆེ། །ལྷུན་གྲུབ་ཇི་བཞིན་མངོན་བྱས་པའང་། །བཏགས་པ་ཙམ་སྟེ་གཉིས་པ་མེད། །དེ་ཕྱིར་དེ་ལ་དེ་བརྗོད་དོ། །ཞེས་པས་སྦྱང་གཞི་རྒྱུ་རྒྱུད་ལ་བརྟེན་ནས། སྦྱང་བྱ་གློ་བུར་གྱི་དྲི་མ་རྣམས་སྦྱོང་བྱེད་ཀྱིས་ལེགས་པར་སྦྱངས་བས་གཞི་ཇི་ལྟ་བུ་བཞིན་མངོན་དུ་གྱུར་པ་མཐར་ཐུག་པ་སྟེ། ཞེས་པ་དེས་བསྟན། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བདེ་གཤེགས་སྙིང་པོ་ཆོས་དབྱིངས་བྲི་གང་དང་བྲལ་བ་རང་ལ་རང་ཆས་སུ་ཡོད་ཀྱང་། དཔེ་འདམ་གྱི་དབུས་ན་གནས་པའི་ཡིད་བཞིན་ཀྱི་ནོར་བུ་བཞིན་ནོ། །དེ་ལ་སྦྱངས་བྱ་ནི་ལྷན་སྐྱེས་དང་ཀུན་བཏགས་གཉིས་ཀྱིས་བསྐྱེད་པའི་མེད་སྣང་གློ་བུར་གྱི་དྲི་མ་མཐའ་དག་སྟེ། དཔེར་ན་ནོར་བུའི་ཡོན་ཏན་སྒྲིབ་བྱེད་ཀྱི་ཆུ་དང་འདམ་རྫབ་བཞིན་
ནོ༑ ༑སྦྱོང་བྱེད་ནི་བཅོས་མ་ཀུན་བཏགས་བསྐྱེད་རིམ་གྱི་རྣལ་འབྱོར་དང་། མ་བཅོས་ཡོངས་གྲུབ་རྫོགས་རིམ་ཀྱི་རྣལ་འབྱོར་གཉིས་ཏེ། དཔེར་ན་ནོར་བུའི་དྲི་མ་འཁྲུད་བྱེད་ཀྱི་ཆུ་དང་འདམ་རྫབ་བཞིན་ནོ། །སྦྱང་འབྲས་ནི། དེ་ལྟར་སོ་སོའི་ལམ་གྱིས་སྦྱངས་བས་གཞི་ལ་ཇི་ལྟར་ཡོད་པའི་ཡོན་ཏན་མངོན་དུ་གྱུར་པ་མཐར་ཐུག་པ་སྟེ། དཔེར་ན་འདམ་རྫབ་ལས་གྲོལ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་འདོད་དགུའི་ཆར་འབེབ་པ་བཞིན་ནོ། །ངེས་ཚིག་ནི། ཅིའིི་ཕྱིར་འབྲས་བུ་རྒྱུད་དུ་འགྱུར་ཞེ་ན། ཁོག་གཞུང་ལས། གྲུབ་པ་མཐར་ཕྱིན་འབྲས་བུར་བརྗོད། ཅེས་པས་བླ་ན་མེད་པ་མཆོག་གི་འབྲས་བུ་མཐར་ཐུག་པ་དོན་དུ་གཉེར་བ་རྣམས་བསམ་པ་ཡོངས་སུ་རྫོགས་པས་ན་འབྲས་བུ་དང་། ནམ་ཡང་རྒྱུན་མི་ཆད་པས་ན་རྒྱུད་དོ། །གསུམ་པ་དབྱེ་བ་ནི། ཁོག་ག ཞུང་ལས། འབྲས་བུའི་ངོ་བོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྣམ་པ་བཞི། །དེ་ཡང་སྐབས་ཀྱི་ལྔ་ལྔ་སྟེ། ཞེས་པས། རྒྱས་པར་དབྱེ་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རེ་རེ་ལ་ཡང་བསམ་གྱིས་མི་ཁྱབ་སྟེ། འདི་ཉིད་ལས། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང་སོགས་ནས། གྱུར་ཏོ། །ཞེས་སོ། །ཡོན་ཏན་ནི། སྔ་མ་ལས། ཞིང་དང་ཡོན་ཏན་བསམ་མི་ཁྱབ། ཞེས་སོ། ཕྲིན་ལས་ནི། ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། སོགས། ཞེས་སོ། འབྲིང་དུ་དབྱེ་ན་རེ་རེ་ལ་ཡང་ལྔ་ལྔ་ཡོད་དེ། སྐུ་ལྔ་ནི། མཚན་མ་མེད་པའི་ཆོས་ཀྱི་སྐུ། མཚན་དཔེས་བརྒྱན་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། གང་འདུལ་དུ་སྤྲུལ་བ་སྣ་ཚོགས་སྤྲུལ་པའི་སྐུ་དང་། སྣ་ཚོགས་སུ་སྣང་ཡང་གསལ་ཆ་མ་འདྲེས་པའི་ཆ་ནས་མངོན་པར་བྱང་ཆུབ་པའི་སྐུ་དང་། ངོ་བོ་དབྱེར་མེད་པའི་རྡོ་རྗེའི་སྐུ་དང་ལྔའོ། གསུང་ལྔ་ནི། ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་། ལོངས་སྐུའི་དགོངས་པ་བརྡ༴ སྤྲུལ་སྐུ་བརྗོད་པ་ཚིག་གི༴ མངོན་བྱང་རིག་པ་བྱིན་གྱིས་རླབས༴ གྲགས་སྟོང་དབྱེར་མེད་རྡོ་རྗེའི་གསུང་དང་ལྔའོ། །ཐུགས་ལྔ་ནི། ཆོས་སྐུའི་ཐུགས་ཆོས་དབྱིངས་ཡེ་ཤེས། ལོངས་སྐུའི་ཐུགས་མེ་ལོང་ཡེ་ཤེས། སྤྲུལ་སྐུའི་ཐུགས་བྱ་གྲུབ༴ མངོན་བྱང་གི་ཐུགས་མཉམ་ཉིད། རྡོ་རྗེའི་ཐུགས་སོ་སོར་རྟོག་ཡེ་ཤེས་དང་ལྔའོ། །ཡོན་ཏན་ལྔ་ནི། རྣམ་
པར་དག་པའི་ཞིང་ཁམས། རྒྱ་ཚད་བྲལ་བའི་གཞལ་ཡས་ཁང་། ཕུལ་དུ་བྱུང་བའི་གདན་ཁྲི༑ གསལ་ཞིང་འཚེར་བའི་འོད་ཟེར། དགྱེས་དགུར་སྤྱོད་པའི་འདོད་ཡོན་དང་ལྔའོ། །ཕྲིན་ལས་ལྔ་ནི། རྣམ་རྟོག་དང་སྡུག་བསྔལ་རྣམས་ཞི་བ་དང་། ཡེ་ཤེས་དང་ཚེ་ལ་སོགས་པ་རྒྱས་པ་དང་། དུག་ལྔ་དང་འགྲོ་བ་རྣམས་དབང་དུ་བསྡུ་བ་དང་། གདུག་པ་ཅན་རྣམས་ཚར་གཅོད་པའི་དྲག་པོའི་ཕྲིན་ལས་དང་། ལས་བཞི་ཀ་འབད་མེད་དུ་འགྲུབ་པ་སྟེ་ཕྲིན་ལས་ལྔའོ། །བསྡུ་ན་རྟེན་སྐུ་དང་བརྟེན་པ་ཡེ་ཤེས་མཛད་པ་ཕྲིན་ལས་གསུམ་དུ་འདུ་སྟེ། དང་པོ་སྐུ་ནི་གསུམ་མམ་ལྔ་སྟེ། དབྱིངས་སྤྲོས་བྲལ་གྱི་ཀློང་ལས་རིག་པའི་ཡེ་ཤེས་འཆར་བ་ཟུང་འཇུག་ཆོས་ཀྱི་སྐུ་དང་། དེ་ལས་མ་གཡོས་བཞིན་དུ་སར་གནས་ཀྱི་བྱང་སེམས་མཐའ་དག་ལ་སྣང་བ་མཚན་དཔེས་བརྒྱན་པའི་ལོངས་སྤྱོད་རྫོགས་པའི་སྐུ་དང་། ས་བཅུ་པ་མན་ཆད་ཀྱིས་སྤྱོད་ཡུལ་དུ་གྱུར་པའི་ལོངས་སྐུ་གཉིས་སོ། །སྦྱོར་ལམ་ཡན་ཆད་ལ་སྣང་བ་གང་འདུལ་དུ་སྤྲུལ་པའི་སྣང་བ་འགོག་མེད་དུ་སྤྲོ་བ་གཞན་སྣང་སྤྲུལ་སྐུ་དང་། སྐུ་གསུམ་སྣ་ཚོགས་སུ་སྣང་ཡང་སྣང་ཆ་མ་འདྲེས་པའི་ཆ་ནས་མངོན་བྱང་གི་སྐུ། ངོ་བོ་དབྱེར་མི་བྱེད་པའི་ཆ་ནས་རྡོ་རྗེའི་སྐུ་སྟེ་སྐུ་ལྔའོ། །སྐབས་འདིར་ཟུར་པ་རྣམས་ཆོས་ལོངས་སྤྲུལ་གསུམ་སྐུ་མཚན་ཉིད་པ་དང་། གཞན་གཉིས་ལྡོག་ཆ་དང་ངོ་བོའི་ཆ་ནས་སྐུ་བཏགས་པ་བར་བཞེད་ཅིང་། ཀུན་མཁྱེན་ཆོས་རྗེ་ནི། ཆོས་སྐུ་མངོན་བྱང་རྡོ་རྗེའི་སྐུ་གསུམ་སྐུ་མཚན་ཉིད་པ་དང་། ལོངས་སྤྲུལ་གཉིས་གདུལ་བྱའི་སྣང་བས་སྐུ་བཏགས་པ་བར་བཞེད་ཅིང་འདིར་ཡང་དེ་འཐད་པར་མངོན་ནོ། །གཉིས་པ་ཡེ་ཤེས་ནི། དེ་ལྟར་ཚོགས་བརྒྱད་གནས་སུ་དག་པས་སྐུ་ལྔ་མངོན་དུ་གྱུར་པ་དེའི་ཚེ། ཀུན་གཞི་འབྱེད་པ་མེད་པའི་ཆ་ནས་དེ་ཉིད་གནས་སུ་དག་པ་སྤྱིར་ཡང་མི་དམིགས་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཆོས་དབྱིངས་ཡེ་ཤེས་དང་། ཀུན་གཞིའི་རྣམ་ཤེས་དྭངས་གསལ་ཡུལ་ལ་མི་སྤྲོ་བའི་ཆ་ནས། དེ་ཉིད་གནས་སུ་དག་པ་མེ་ལོང་ངོས་གཉིས་པ་ལྟར་རང་སྣང་གཞན་གྱི་ཆོས་ཐམས་ཅད་གསལ་བ་ལ་སྤུ་རིས་མི་ཕྱེད་པའི་ཆ་ནས་མེ་ལོང་ལྟ་བུའི་ཡེ་ཤེས་དང་། ཉོན་མོངས་པའི་ཡིད་ནི། ཕྱི་ནང་
གི་ཆོས་ཐམས་ཅད་ལ་བླང་དོར་གྱི་བྱ་བ་བྱེད་པའི་ཆ་ནས་དེ་ཉིད་གནས་སུ་དག་པ། འཁོར་འདས་གཉིས་བཟང་ངན་མེད་པ་མཉམ་པ་ཉིད་དུ་གཟིགས་པས་སྲིད་ཞིའི་མཐའ་ལ་མི་གནས་པ་མཉམ་ཉིད་ཡེ་ཤེས་དང་། རྣམ་ཤེས་ཚོགས་དྲུག་འགག་མ་ཐག་པའི་ཡིད་ཀྱིས་སྤྱོད་པ་མེད་པར་རྟོགས་པའི་ཆ་ནས། དེ་ཉིད་གནས་སུ་དག་པ་ཆོས་ཅན་མ་ལུས་པ་མངོན་སུམ་དུ་མ་འདྲེས་ཡོངས་རྫོགས་སུ་ས་ལེར་གཟིགས་པ་སོར་རྟོག་ཡེ་ཤེས་དང་། སྒོ་ལྔའི་རྣམ་ཤེས་ཀྱིས་བྱ་བ་ཐམས་ཅད་བྱེད་པའི་ཆ་ནས། དེ་ཉིད་གནས་སུ་དག་པ་འགྲོ་དོན་མཛད་པ་ལ་ཐོགས་པ་མེད་པའི་ཕྲིན་ལས་འཇུག་པ་བྱ་གྲུབ་ཡེ་ཤེས་དང་ལྔའོ། དེ་དག་གཉིས་སུ་བསྡུ་ཚུལ་ནི། ཟུར་པ་རྣམས་ཆོས་དབྱིངས་ཡེ་ཤེས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཕྱི་མ་བཞི་པོ་རྟེན་བརྟེ ན་པའི་ཆ་ནས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སུ་བཞེད་ཅིང་། ཀུན་མཁྱེན་པས་ནི། ཆོས་དབྱིངས་ཡེ་ཤེས་དང་། མཉམ་ཉིད་ཡེ་ཤེས་གཉིས་གནས་ལུགས་ལྟ་བ་གཟིགས་པའི་ཆ་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཕྱི་མ་གསུམ་ལས་མེ་ལོང་ཡེ་ཤེས་ནི་འཆར་གཞི་དང་། སོར་རྟོག་ཡེ་ཤེས་ནི་ཡུལ་གཟིགས་པ། བྱ་གྲུབ་ཡེ་ཤེས་ནི་འགྲོ་དོན་མཛད་པའི་ཆ་ནས་ཇི་སྙེད་མཁྱེན་པའི་ཡེ་ཤེས་སུ་བཞེད་ཅིང་གང་ལྟར་ཡང་མི་འགལ་ལོ། །གསུམ་པ་མཛད་པ་ཕྲིན་ལས་ནི། འབྲས་རྒྱུད་སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་བཞུགས་ཚུལ་ལ། ཐེག་ཆེན་ཐུན་མོང་པ་ལྟར་ན། ཤིང་ཟད་པའི་མེ་དཔུང་ལྟར་སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་བཞུགས་ཚུལ་མི་འདྲ་བ། དེ་དག་གི་དོན་མཛད་ཚུལ་ཀྱང་རྟེན་ཅན་གྱིས་དོན་མཛད་ཚུལ། རྟེན་མེད་ཀྱིས་དོན་མཛད་ཚུལ། གནས་ལུགས་ངོ་བོ་ཉིད་ཀྱིས་དོན་མཛད་ཚུལ་རྣམས་སུ་ཡོད་པ་ལས། དང་པོ་རྟེན་ཅན་གྱིས་དོན་མཛད་ཚུལ་ནི། དཔེར་ན་དྲང་སྲོང་ཆེན་པོས་མཆོད་སྡོང་གྲུབ་པ་ལྟ་བུ་སྟེ། དེ་ཡང་དྲང་སྲོང་ཞིག་གིས་མཆོད་སྡོང་བསྒྲུབས་ནས་ཁོ་རང་ཚེའི་དུས་བྱས་ཀྱང་། རྗེས་འཇུག་རྣམས་ཀྱི་རེ་བ་མཆོད་སྡོང་གིས་བསྐོང་བ་དེ་བཞིན་དུ། སྔོན་བསླབ་པའི་གནས་སྐབས་སུ་ཚོགས་གཉིས་རྫོགས་པའི་མཐུ་ལས་མི་དམིགས་པའི་དབྱིངས་སུ་མྱ་ངན་ལས་འདས་ཀྱང་། གང་འདུལ་གྱི་སྤྲུལ་གཟུགས་
སྣ་ཚོགས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་མཛད་པར་བཞེད་པ་ནི། རྒྱ་གར་གྱི་སློབ་དཔོན་སེངྒེ་བཟང་པོ། བོད་ན་ཞང་ཤེས་རབ་བླ་མ་སོགས་ཀྱི་བཞེད་པའོ། །གཉིས་པ་རྟེན་མེད་ཀྱིས་དོན་མཛད་ཚུལ་ནི། དཔེར་ན་དྲང་སྲོང་དམོད་མོ་འགྲུབ་པ་ལྟ་བུ་ཡིན་ཏེ། དཔེར་ན་དྲང་སྲོང་ཞིག་གིས་དམོད་པ་བསྒྲུབ་ནས་བཞག་པས། ཁོ་རང་ཚེའི་དུས་བྱས་ནས་ཀྱང་། གཞན་ངོར་ཁོའི་མོས་པ་ཇི་ལྟ་བ་བཞིན་དུ་འགྲུབ་པ་སྟེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པའི་སྨོན་ལམ་རྫོགས་པའི་མཐུས་སངས་རྒྱས་ཐམས་ཅད་དང་དགོངས་པ་རོ་གཅིག་གྱུར་ཀྱང་། མཐར་ཐུག་ཡེ་ཤེས་ཀྱང་མ་གྲུབ་པས་སེམས་ཅན་ཀྱི་དོན་མཛད་པར་བཞེད་པ་ནི། རྒྱ་གར་གྱི་མཁས་པ་སློབ་དཔོན་ཀླུ་སྒྲུབ་དང་། བོད་ན་རོང་ཟོམ་ཆོས་ཀྱི་བཟང་པོ་སོགས་ཀྱི་དགོངས་པའོ། །གསུམ་པ་གནས་ལུགས་ངོ་བོ་ཉིད་ཀྱིས་དོན་མཛད་ཚུལ་ནི། དཔེར་ན་ཡིད་བཞིན་གྱི་ནོར་བུ་ལ་བྱི་དོར་བྱས་པས་དགོས་འདོད་འབྱུང་བ་བཞིན་ཏེ། དེ་ཡང་ནོར་བུ་འདི་ཉིད་ལ་རྩོལ་རྟོག་དང་ཉེ་རིང་མེད་ཀྱང་གདུལ་བྱ་སོ་སོའི་བློའི་མོས་པ་དང་མཚམས་པར་དགོས་འདོད་ངང་གིས་འབྱུང་བ་བཞིན་དུ། སངས་རྒྱས་ཐམས་ཅད་དང་དགོངས་པ་རོ་གཅིག་ཏུ་གྱུར་ནས་རྟག་ཆད་ཀྱི་མཐའ་ལས་འདས་ཏེ། ངོ་བོ་ཉིད་སྐུ་མངོན་དུ་བྱས་ཀྱང་། གདུལ་བྱ་སོ་སོའི་མོས་པས་གཟུགས་སྐུ་རྣམ་པ་གཉིས་ཀྱི་སྒོ་ནས་འགྲོ་དོན་མཛད་པར་བཞེད་པ་ནི། རྒྱ་གར་གྱི་མཁས་པ་ཤྲཱྀ་སེངྷ་དང་། བོད་དུ་ཟུར་ཆུང་ཤེས་རབ་གྲགས་པ་རྣམས་ཀྱིས་བཞེད་པའོ། །ཐེག་ཆེན་ཐུན་མོང་མ་ཡིན་པའི་བཞེད་པ་ནི། ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་ཀྱིས་བསྡུས་པའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་མཐའ་དག་སྤངས་ཤིང་། ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་ཏེ་སྤངས་རྟོགས་མཐར་ཕྱིན་པའི་མཐུ་ལས། གདུལ་བྱའི་སྐལ་བ་དང་མཚམས་པའི་ཕྲིན་ལས་དུས་ལས་ཡོལ་བ་མེད་པར་ལྷུན་གྱིས་གྲུབ་པས་ནམ་མཁའ་ཇི་སྲིད་པར་འབྱུང་བ་ཡིན་ཏེ། མངོན་རྟོགས་རྒྱན་ལས། འཁོར་བ་ཇི་སྲིད་མ་སྟོང་པར། །ལས་ནི་རྒྱུན་མི་ཆད་པར་འདོད། ཞེས་དང་། རྒྱུད་བླ་མ་ལས། སྐུ་ནི་ནམ་མཁའ་ལྟ་བུ་ལ། །རྟག་དང་ཁྱབ་པའང་ཡོད་མ་ཡིན། ཞེས་དང་། ལས་
བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བར་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། སངས་རྒྱས་ཕྲིན་ལས་ཡོལ་མི་འགྱུར། ཞེས་པ་དང་། སྒྱུ་འཕྲུལ་རྒྱས་པ་ལས། ཐུགས་རྗེ་ཆེན་པོའི་བྱིན་རླབས་གྱིས། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །འགྲོ་བའི་ཕྲིན་ལས་བསམ་མི་ཁྱབ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས། །གདུལ་བྱ་རྣམས་ནི་ཆུད་མི་གཟན། །ངན་སོང་སྦྱོང་ཞིང་བྱང་ཆུབ་རིང་། ཡེ་ཤེས་ཚོགས་ཀྱང་ཀུན་ཏུ་འདོད། ཞེས་སོ། །དེས་བརྗོད་བྱ་གཙོ་བོའི་དབང་དུ་བྱས་ནས་རྒྱུད་གསུམ་གྱི་རྣམ་བཞག་སྤྱིར་བཤད་པའོ། །གཉིས་པ་རྗོད་བྱེད་གཙོ་ཆེ་བའི་དབང་དུ་བྱས་ནས་ལམ་གྱི་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་བཅུ་བྱེ་བྲག་ཏུ་བཤད་པ་ནི། ལམ་རིམ་ལས། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་ཚིག ། མཆོད་སྔགས་ཏིང་འཛིན་ཕྲིན་སྒྲུབ་ཀྱིས། །གསང་སྔགས་རྒྱུད་ཀྱི་དབྱེ་བ་བྱས། ཞེས་གསུངས་པ་ལྟར། དེ་ཁོ་ན་ཉིད་ལྟ་བ། ལ་དོར་བ་སྤྱོད་པ། བཀོད་པ་དཀྱིལ་འཁོར། རིམ་པར་བསྒྲོད་པ་དབང་། མི་འདའ་བ་དམ་ཚིག རོལ་པ་ཕྲིན་ལས། དོན་དུ་གཉེར་བ་སྒྲུབ་པ། མི་གཡོ་བ་ཏིང་ངེ་འཛིན། གནས་སུ་སྟོབས་པ་མཆོད་པ། འཆིང་ཟློས་སྔགས་དང་ཕྱག་རྒྱ་དང་བཅུ་ལས། དང་པོ་དེ་ཁོ་ན་ཉིད་ལྟ་བ་བཤད་པ་དེ་ལ་ཡང་། ངོ་བོ། ངེས་ཚིག དབྱེ་བ་གསུམ་ལས། དང་པོ་ངོ་བོ་ནི། ལམ་རིམ་ལས། ཐབས་ཀྱི་ལྟ་སྤྱོད་ཆེན་པོ་ནི། །བླ་མེད་ཐེག་པ་ལས་འཕགས་པ། །དོན་དམ་དུ་ནི་དཀོར་བདུན་ལ། །ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། །ཡང་དག་སྐྱེས་མཆོག་དམ་པ་ཡིས། །ཀུན་རྫོབ་དེ་བཞིན་དབྱེར་མེད་པར། །ཡན་ལག་ཉིད་དུ་རབ་ཏུ་རྟོགས། །ཞེས་པས། དེ་ཡང་རྒྱུའི་ཐེ ག་པའི་བྱང་སེམས་རྣམས་ནི་དོན་དམ་བདེན་ངོར་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་གཉིས་དང་ལྡན་པར་ལྟ། ཀུན་རྫོབ་བདེན་ངོར། ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་སྣང་བ་དེ་ལ། ལས་འབྲས་སྤང་བླངས་ཀྱི་བསྒྲུབ་བྱ་གཟུང་ནས་བདེན་གཉིས་ལ་བཟང་ངན་འཛིན་པ་ནི་རྒྱུའི་ཐེ ག་པའོ། །སྔགས་ཀྱི་ཐེག་པ་ནི་དེ་ལས་འཕགས་ཏེ། དོན་དམ་བདེན་ངོར་ཆོས་ཐམས་ཅད་དཀོར་བདུན་ངོ་བོ་ཉིད་སྐུར་ལྷུན་གྱིས་
གྲུབ་པ་དང་། ཀུན་རྫོབ་བདེན་ངོར། སྣོད་བཅུད་རྒྱུད་གསུམ་ཡེ་ནས་རིགས་ཀྱི་ཡབ་ལྔ་ད ང་ཡུམ་ལྔ་པོ་ཡེ་ཤེས་ལྔ་ཡི་རང་བཞིན་དུ་བལྟས་ཏེ་གཏན་ལ་ཕབ་ནས་བདེན་གཉིས་བཟང་ངན་མེད་པར་ཟུང་འཇུག་ལྷག་པའི་ཆོས་སྐུ་ཆེན་པོར་ལྟ་བ་སྟེ། དེ་ལས། རྒྱལ་འགྲོལ་མ་མཛད་མ་ཆོད་པར། །རང་བཞིན་ངང་གིས་དབྱེར་མེད་པར། །དེ་མིན་ཞེན་པ་གྲོལ་ཕྱིར་ལས། །ཐ་སྙད་གཉིས་པར་བསམ་བརྗོད་འདས། ཞེས་སོ། །ལྷག་པ་ཞེས་པའི་སྒྲ་ལ། ཡོན་ཏན་གཞན་ལས་ཁྱད་པར་དུ་འཕགས་པའི་དོན་གྱིས་ན་ཐ་སྙད་ཙམ་དུ་དེ་ལྟར་བརྗོད་པའོ། །གཞན་ཡང་རྒྱུ་འབྲས་ཀྱི་ཐེག་ཆེན་གཉིས་ཀ་འགྲོ་ཀུན་ཞི་བདེའི་ལམ་དུ་འགོད་པ་ཙམ་དོན་གཅིག་ན་ཡང་། སྔགས་ཁྱད་པར་བཞིས་འཕགས་ཏེ། གང་ཞེ་ན། བསྐྱེད་རིམ་དང་སྔགས་བཟླ་བ་ལ་སོགས་པ་ཐབས་ཀྱི་ཆ་ལ་མི་རྨོངས་པ་དང་། ཐབས་ཀྱི་སྒོ་དེ་ཡང་། གཅིག་ཏུ་མ་ཟད་གདུལ་བྱ་སོ་སོའི་བློ་དང་མཚམས་པ་གསང་སྔགས་ཕྱི་ནང་ལ་སོགས་པ་སྒོ་དུ་མ་མཐའ་ཡས་པ་དང་། རྒྱུའི་ཐེག་པ་ལྟར་བསྐལ་པ་གྲངས་མེད་གསུམ་ལ་སོགས་པའི་དཀའ་ཚེགས་མེད་པར། མི་ཚེ་བདུན་དང་ལྔ་དང་གསུམ་དང་ཚེ་འདི་ཉིད་ལ་སོགས་པར། རྣམ་མཁྱེན་གྱི་གོ་འཕང་མངོན་དུ་བྱེད་པའི་ཐབས་ཅིག་ཆར་བ་དང་། གང་ཟག་སྐལ་ལྡན་དབང་རྣོན་ཁོ་ནའི་དབང་དུ་གྱུར་པ་ཡིན་ཏེ། ཚུལ་གསུམ་སྒྲོན་མ་ལས། །དོན་གཅིག་ན་ཡང་མ་རྨོངས་ཤིང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ལྟ་བ་ཁྱད་པར་འཕགས། །ཞེས་དང་། ཐབས་ཞགས་ལས། གསང་སྔགས་ཚུལ་ཆེན་ཤིན་ཏུ་རྨད་བྱུང་འདི། །ལམ་གྱི་ནང་ནས་ཉེ་ལམ་དམ་པ་སྟེ། །ཐབས་ཀྱི་ནང་ནས་མ་ནོར་དམ་པ་མཆོག །ཤེས་རབ་ནང་ནས་ཤེས་རབ་ཁྱད་པར་འཕགས། །ཞེས་དང་། ལམ་རིམ་ལས། བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་དབྱེར་མེད་ལ། །ཀུན་རྫོབ་ཏུ་ནི་ཐམས་ཅད་དག །དག་དང་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་སོ། གཉིས་པ་ངེས་ཚིག་ནི། དྲིཥྚའི་སྒྲ་ལས་དྲི་ཤྲྀ་ལྟ་བ་ལའོ། །ཞེས་པའི་
བྱིངས་དོན་གྱིས་བསྒྲུབ་པས་ལྟ་བ་ཞེས་བྱ་བ་ལ་འཇུག་སྟེ། གནས་ལུགས་ཀྱི་དོན་ལ་དེ་དང་རྗེས་སུ་མཐུན་པར་ཤེས་རབ་ཀྱི་མིག་གིས་ལྟ་བས་ན་ལྟ་བ་ཞེས་བྱ་བ་ལ་འཇུག་ཅིང་། གསུམ་པ་དབྱེ་བ་ནི། དབང་རབ་ལ་གཏན་ཚིགས་ཀྱིས་རྟོགས་པར་བྱ་བ་སྟེ། རྒྱལ་པོ་ཛཿའི་ལམ་རྣམ་བཀོད་ལས། དེ་ལྟར་ཚུལ་གསུམ་བརྗོད་པ་ཡིས། །མཐོང་བ་གང་ཡིན་ཤེས་རབ་སྤྱན། །དེ་ཡང་མངོན་སུམ་གཞན་སྤངས་ཏེ། །སྒྲ་ཚིགས་རྟེན་འབྲེལ་ཞེན་ཙམ་མིན། །ཡུལ་མིན་རང་རིག་བདེན་དབྱེར་མེད། །བློ་ཡི་གཏིང་གོ་མངོན་སུམ་ཡུལ། ཞེས་སོ། །དབང་འབྲིང་ལ་རང་བཞིན་ནམ་འབྲས་བུའི་རྟགས་ལ་བརྟེན་ནས་རྟོགས་པར་བྱ་བ་སྟེ། ཤེས་རབ་སྤྱན་འབྱེད་ལས། དང་པོ་རང་གིས་རིག་པ་ཡིས། །ཆོ་འཕྲུལ་སྣང་བའི་འབྱུང་བ་དང་། །ཕྱོགས་དང་ཁ་དོག་ལ་སོགས་པས། །མཚོན་ནས་ཇི་བཞིན་ཉིད་རྟོགས་བྱེད། །ཅེས་གསུངས་པ་ལྟར། འདི་ལྟར་སྣང་བའི་མ་དག་པའི་སྣོད་བཅུད་འདི་ཡང་ཡེ་ནས་འབྲས་བུ་རང་ཆས་སུ་གནས་པས་རང་རིག་གི་ཆོ་འཕྲུལ་ཡིན་པའི་རྟགས་སུ། སུས་ཀྱང་མ་བྱས་པར་ཡུལ་དང་ཁ་དོག་ལ་སོགས་པར་སྣང་བ་སྟེ། བཤད་རྒྱུད་ཀྱི་རིགས་ལྔའི་དམ་ཚིག་གི་ལེའུ་ལས། ཁ་དོག་ལྔ་དང་ཡུལ་ལྔ་ལ་སོགས་པ། །ཡེ་ནས་རིགས་ལྔའི་ཏིང་འཛིན་ཡིན་པ་ལ། ཞེས་སོགས་སོ༑ འབྲས་བུའི་རྟགས་ནི། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ་བརྟེན་ནས་དོན་མཚོན་རྟོགས་པར་བྱེད་པ་ཡིན་ཏེ། སྔ་མ་ལས། ཅིག་ཤོས་མཐར་ཕྱིན་ཡེ་ཤེས་ཀྱི། །དཀྱིལ་འཁོར་རྟེན་དང་རྟེན་ཅན་ལྟར། ཞེས་སོ། དབང་རྟུ ལ་ཉེ་རིང་གཉིས་ལས། ཉེ་བ་ནི། ཐོས་ཆུང་བསམ་པའི་ཤེས་རབ་ཀྱིས་གོ་བར་མི་ནུས་པ་རྣམས་ཐབས་མེད་པ་མ་ཡིན་ཏེ། སྐུའི་སྒོ་ནས་ཕྱག་རྒྱ་ལ་སོགས་པ་བརྡ་ཐབས་ཀྱི་གནད་དང་། གསུང་གི་སྒོ་ནས་སྔགས་བསྡུ་བ་དང་། ཐུགས་ཀྱི་སྒོ་ནས་ཏིང་ངེ་འཛིན་ཁྱད་པར་ཅན་གྱིས་རྒྱུད་དོན་རྟོགས་བྱར་ཡོད་དེ། སྔ་མ་ལས། དམན་ལ་རྒྱ་གསུམ་གོམ་པ་ཡིས། །བརྟེན་ནས་རྟག་ཆད་རླུང་ཞུགས་མཐོང་། །སྒོམ་པའི་ལམ་དུ་བསྟན་པར་བྱ། །རིམ་པར་སྐྱེ་ལ་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་རོ༑ ༑གཞན་ཡང་དངོས་སུ་སྣང་བ་ནི། སློབ་དཔོན་སླུ་སྒྲུབ་ཀྱི་སློབ་མ་གྲུབ་ཐོབ་ཤིང་ཁཱི་
པ་ལྟ་བུའམ། རིང་བ་ནི། རྣམ་བཀོད་ལས། དེ་མིན་རྒྱུ་ཙམ་བསོགས་བྱེད་པ། །རྒྱུད་ལས་འདི་སྐད་གསུངས་པ་སྟེ། །ཆོས་ཉིད་རྟེན་ཅིང་འབྲེལ་བྲིས་ན། །ཆོས་ཉིད་དོན་དམ་རྟོགས་པར་འགྱུར། ཞེས་གསུངས་པ་ལྟར། ཚེ་འདིར་དངོས་སུ་མི་རྟོགས་པའི་གང་ཟག་རྣམས་ཀྱིས་རྟེན་འབྲེལ་སྙིང་པོའི་གཟུངས་བྲིས་ཏེ་མཆོད་རྟེན་དུ་བཅུག་ལ་ངག་ཏུ་བཟླ་བཞིན་བསྐོར་བ་སྐོར་བས་ཚེ་རབས་གཞན་རྣམས་སུ་རྟོགས་པར་བྱ་བ་ཡིན་ནོ། །གཞན་ཡང་ཚེ་འདིར་དངོས་སུ་རྟོགས་པ་ནི། རྒྱལ་བ་ཙོ ང་ཁ་བའི་བླ་མ་དོན་གྲུབ་རིན་པོ་ཆེ་བཞིན་ནོ། །གཉིས་པ་སྤྱོད་པ་ལའང་གསུམ་སྟེ། དང་པོ་ངོ་བོ་ནི། ལམ་པ་རྣམས་ཀྱི་སྒོ་གསུམ་གྱི་བྱ་བ་ཉམས་སུ་བླང་བྱར་གྱུར་པ་གང་ཡིན་པ་དེའོ། །གཉིས་པ་ངེས་ཚིག་ནི། ཙཪྱའི་སྒྲ་ལས་དྲངས་ན་སྤྱོད་པ་སྟེ། ལུས་ངག་ཡིད་གསུམ་དོན་ཡོད་པར་བྱ་བའི་ཕྱིར་སྔགས་ཀྱི་སྤྱོད་པ་དུས་ཚོད་དང་འབྲེལ་བའི་སྒོ་ནས་སྤྱོད་པའི་ལས་ཅན་ཏེ། ཁོག་གཞུང་ལས། སྒོ་གསུམ་ལས་ཕྱིར་ངེས་ཚིག་འགྲུབ། ཅེས་སོ། །གསུམ་པ་དབྱེ་བ་ལ། གང་གི་ཚེ་སྤྱོད་པའི་དུས་དང་། གང་སྤྱད་པར་བྱ་བ་གཉིས་ལས། དང་པོ་ནི། མཉམ་བཞག་ལས་ལངས་ཏེ་རྗེས་ཐོབ་ཀྱི་ཆོས་ཐམས་ཅད་བདེན་མེད་སྒྱུ་མ་ལྟར་བལྟས་ཏེ་སྤྱོད་པ་ཅི་ལ་ཡང་མ་ཆགས་མ་ཞེན་པར་སྤྱོད་པའོ། གཉིས་པ་གང་གི་ཚེ་སྤྱད་པར་བྱ་བ་དེ་ལ་ཡང་། སྤྱིར་སྤྱོད་པ་དང་། བྱེ་བྲག་ཏུ་སྤྱོད་པ་གཉིས་ལས། དང་པོ་ནི་གང་ཟག་རྣམས་ལས་དང་པོ་པའི་ཚེ་དགེ་སྦྱོང་གཞོན་ནུའི་སྤྱོད་པ་ལྟར་བག་དང་ལྡན་པར་སྤྱོད་པ་སྟེ། དེ་ལ་དབྱེ་ན། མི་མཐུན་པའི་རྐྱེན་འཇིག་རྟེན་ཆོས་བརྒྱད་སོགས་ཁ་ན་མ་ཐོ་བའི་ལས་མཐའ་དག་ལས་བྱོལ་ནས་མཐུན་འཇུག་ཚངས་པའི་སྤྱོད་པ་ལ་འཇུག་སྟེ། གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་རྩེ་མོ་ལས། བརྟན་པ་མ་ཐོབ་བར་དུ་ནི། །ཁ་ན་མ་ཐོ་རྡུལ་མེད་ཅིང་། །སྡོམ་པ་གསུམ་ལ་གནས་པར་བྱ། ཞེས་སོ༑ དེ་ཡང་གོང་དུ་བཤད་པའི་འཇིག་རྟེན་ཆོས་བརྒྱད་ནི། སྤྱོད་ཡུལ་སྦྱོང་བའི་བསམ་བསྟན་ལས། །སྙན་དགའ་མི་སྙན་མི་དགའ་དང་། །དེ་བཞིན་བསྟོད་སྨད་གྲགས་མི་གྲགས། །རྙེད་དང་རྙེད་མིན་ཆོས་བརྒྱད་རྣམས། །ཐམས་ཅད་རིང་དུ་བཏང་བར་བྱ། །ཞེས་སོ། །ཁ་
ན་མ་ཐོ་ཞེས་པ་རང་བཞིན་གྱི་བྱ་བ་མི་རིགས་པ་མཐའ་དག་ཡིན་ནོ། །མཐུན་རྐྱེན་བརྟེན་པའི་སྤྱོད་པ་ནི། མཉམ་བཞག་ཏུ་རྟོགས་པ་བག་ལྡན་དུ་སྲིང་ཞིང་། རྗེས་ཐོབ་ཏུ་ཐུན་མཚམས་སུའང་ཆོས་སྤྱོད་བཅུའི་བྱ་བ་ལ་གཙོ་བོར་སྤྱོད་པ་དང་། གཞན་ཡང་། ཉལ་བ་དང་ལྡང་བའི་རྣལ་འབྱོར། ཟས་དང་གོས་ཀྱི་རྣལ་འབྱོར། གཏོར་མ་ཆུ་སྦྱིན། སྐུ་གདུང་སཙྪ་འདེབས་པ། མཎྜལ། ཕྱག་སྐོར། རྒྱུན་བཤགས། མདོ་འདོན་པ་སོགས་སྔོན་འགྲོ་བྱང་ཆུབ་སེམས་ཀྱིས་ཟིན་པ། དངོས་གཞི་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ། མཇུག་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་འདེབས་པར་བྱའོ། །དེ་ནས་ཅུང་ཟད་གོམས་ཏེ་མཉམ་རྗེས་བསྲེ་བར་ནུས་པ་ན་དུར་ཁྲོད་ལ་སོགས་པའི་གནས་དབེན་པར་རྟོགས་པ་ལ་རྐྱེན་ཐུབ་ཏུ་བྱེད་པ་སྨྱོན་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། དེ་ལས་གོམས་ཏེ་འགལ་རྐྱེན་དང་། མཐུན་རྐྱེན་གཉིས་ཀྱིས་རྟོགས་པ་ལ་བྲི་གང་མེད་པ་གཞན་ཕན་ཁོ་ན་ལ་སྤྱོད་པ་རྒྱལ་པོ་ས་འཛིན་གྱི་སྤྱོད་པ་སྟེ་སྤྱོད་ཚུལ་གསུམ་པོ་དེ་ཉིད་སྤྱིར་སྤྱོད་པའོ། །གཉིས་པ་ཁྱད་པར་གྱི་སྤྱོད་པ་ལ་ཡང་། གྲོལ་ལམ་བག་ཡོད་ཀྱི་སྤྱོད་པ་དང་། ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་གཉིས་ལས། དང་པོ་ལ་ཡང་རིམ་གྱིས་པ་དང་། ཅིག་ཆར་བ་གཉིས་ལས། དང་པོ་རིམ་གྱིས་པ་བཤད་པ་དེ་ལ་ཡང་། དད་བརྩོན་གྱི་སྤྱོད་པ། ཤེས་རབ་ཀྱི༴ ཐབས་དང་མཐུན་པའི༴ ཕྱོགས་གཅིག་པའི༴ སྤྲོས་པ་དང་བཅས་པའི༴ ཚོགས་ཀྱི༴ ཟག་མེད་ལམ་གྱི་སྤྱོད་པ་དང་བདུན་ལས། དང་པོ་དད་བརྩོན་གྱི་སྤྱོད་པ་བཤད་པ་དེ་ལ་ཡང་། འདོད་པའི་དད་པ། དངས་བའི་དད་པ། ཡིད་ཆེས་ཀྱི་དད་པ་གསུམ་གྱི་སྒོ་ནས་ཉམས་སུ་བླངས་ཏེ། ཐོས་བསམ་གྱི་བསླབ་པའི་མཐའ་བཅུ་ལ་བསླབ་པ་སྟེ། དེ་ཡང་མཐའ་བཅུ་གང་ཞེ་ན། གཞི་དམ་ཚིག་གིས་བཟུང་བ་ལ་བསླབ་པ་ཞིང་ས་གཤིན་པོ་ལ་སོ་ནམ་བྱེད་པ་ལྟ་བུ་དང་། རྒྱུད་ཐོས་པས་གྲོལ་བ་ལ་བསླབ་པ་གྱི་ལིང་སྒྲོག་ལས་གྲོལ་བ་ལྟ་བུ་དང་། སྒོ་ཀུན་ནས་སྡུད་པ་ལ་སློབ་པ་བུང་བ་ཚང་ཚོལ་བ་ལྟ་བུ་དང་། ཕུ ལ་དུ་མཁས་པས་དབྱུང་བ་ལ་སློབ་པ་རི་རྒྱལ་ལྷུན་པོའི་རྩེར་ཕྱིན་པ་ལྟ་བུ་དང་། ཐག་ལྟ་བས་གཅོད་པ་ལ་སློབ་པ་ཁྱུང་ཆེན་ནམ་མཁའ་ལ་འགྲོ་བ་ལྟ་བུ་
དང་། ཉམས་སུ་ཏིང་ངེ་འཛིན་གྱིས་བླ ང་བ་ལ་སློབ་པ་དེད་དཔོན་ནོར་བུ་ལོན་པ་ལྟ་བུ་དང་། ལ་སྤྱོད་པས་དོར་བ་ལ་སློབ་པ་གླང་ཆེན་ཆུ་ལ་འགྲོ་བ་ལྟ་བུ་དང་། རིམ་པ་དབང་གིས་བསྒྲོད་པ་ལ་སློབ་པ་འཁོར་ལོས་བ སྒྱུར་རྒྱལ་རྒྱལ་སྲིད་ལ་དབང་སྒྱུར་བ་ལྟ་བུ་དང་། དོན་མན་ངག་གིས་སྒྲུབ་པ་ལ་སློབ་པ་གསེར་འགྱུར་གྱི་རྩིས་ཐེབས་པ་ལྟ་བུ་དང་། མདོ་དོན་གཅིག་ཏུ་བསྡུ་བ་ལ་སློབ་པ་སོ་ནམ་གྱིས་ཁེ་འདོད་པ་བཞིན་ཏེ། དོན་བསྡུས་ལས། སློབ་པའི་མཐའ་ནི་རྣམ་བཅུས་ཏེ། །དམ་ཚིག་གཞི་དང་རྒྱུད་བཀྲོལ་དང་། །སྒོ་ཀུན་སྡུད་དང་ཕུལ་དབྱུང་དང་། །ཐག་བཅད་པ་དང་ཉམས་བླང་དང་། །ལ་དོར་སྤྱོད་དང་དབང་རིམ་དང་། །མན་ངག་དོན་དང་མདོར་བསྡུ་དང་། །རྣལ་འབྱོར་སློབ་པའི་མཐའ་བཅུར་བཞེད། ཅེས་སོ། །སྐབས་འདིར་རྒྱུད་ཐོས་པས་གྲོལ་བ་གཙོ་བོར་བྱེད་པ་ནི། ཐོས་བསམ་གྱིས་ལྟ་བ་གཏན་ལ་ཕབ་པའི་དུས་ཡིན་པའི་ཕྱིར། གཉིས་པ་ཤེས་རབ་དང་མཐུན་པའི་སྤྱོད་པ་ནི། སྟོང་པ་ཆེན་པོའི་རྣལ་འབྱོར་ཏེ། མཉམ་བཞག་ཏུ་ཆོས་སྤྱོད་དགུའི་སྤྲོས་པ་དོར་ནས། སྟོང་ཆེན་འོད་གསལ་མི་རྟོག་པའི་ཤེས་རབ་སྒོམ་ཞིང་རྗེས་ཐོབ་ཏུའང་དེའི་ངང་བསྐྱངས་ཏེ་སྤྱོད་པའོ། །གསུམ་པ་ཐབས་དང་མཐུན་པའི་སྤྱོད་པ་ནི། སྙིང་རྗེ་སྒྱུ་མའི་རྣལ་འབྱོར་ཏེ། མཉམ་བཞག་ཏུ་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ངང་ལས་སྤྱོད་ཡུལ་ཐམས་ཅད་སྒྱུ་མར་ལྟ་ཞིང་རྗེས་ཐོབ་ཏུའང་དེའི་གཤིས་བསྐྱང་བའོ། །བཞི་པ་ཕྱོགས་གཅིག་པ་ནི་ཕྱག་རྒྱ་གཅིག་པ་སྟེ། མཉམ་བཞག་ཏུ་སྣང་བ་ཐམས་ཅད་ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པས་ལྷ་སྐུ་ཕྱག་རྒྱ་གཅིག་པ་སྒོམ་ཞིང་། རྗེས་ཐོབ་ཏུའང་དེའི་རྒྱུན་བསྲིང་བའོ། །ལྔ་པ་སྤྲོས་པ་དང་བཅས་པའི་སྤྱོད་པ་ནི༑ ཕྱག་རྒྱ་སྤྲོས་བཅས་ཏེ། མཉམ་རྗེས་གཉིས་ཀར་སྤྱོད་ཡུལ་གྱི་སྣང་བ་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་མ་འགགས་པར་སྤྱོད་པའོ། །དྲུག་པ་ཚོགས་ཀྱི་སྤྱོད་པ་ནི། ཚོགས་སྒྲུབ་ཀྱི་སྐབས་ཏེ། ཟག་མེད་ལམ་གྱི་སྤྱོད་པ་ཚོགས་སྒྲུབ་ཀྱི་ཡོ་བྱད་ལྔ་ལ་མ་ཆགས་པར་སྤྱོད་པ་སྟེ། ལམ་རིམ་ལས། གོས་རྒྱན་བཟའ་བཏུང་གླུ་དང་ཚིག །བྲོ་གར་ཕྱག་རྒྱའི་འདུ་འཕྲོ་ཡི། །ཧཱུྃ་དུ་ཤེས་པས་རབ་སྤྱད་ན། །ངོ་མཚར་དབྱུང་བའི་དཀྱིལ་འཁོར་བསྐྱེད། ཞེས་
དང་། འདི་ཉིད་ལས། ཨ་ལི་ཀ་ལིའི་ཕྱག་རྒྱ་ཡིས། ཞེས་པ་ནས། ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། ཞེས་གསུངས་པ་ལྟར་ཡོ་བྱད་ལྔ་ལ་མ་ཆགས་མ་ཞེན་པར་སྤྱོད་པའོ། །གྲོལ་ལམ་འདིར་ཚོམ་བུ་ཚོགས་ཀྱི་སྒྲུབ་པའི་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་ནས་མཐོང་ལམ་དུ་སྦྱོར་དགོས་པའོ། །སྔར་གྱི་རྒྱལ་བ་རྣམས་སྤྱོད་པའི་སར་གཤེགས་པ་ཞེས་སྐབས་འདིར་ཡིན་ཏེ་སྔགས་ཀྱི་སྤྱོད་པ་དུས་ཚོད་དང་འབྲེལ་བའི་སྒོ་ནས་སྤྱོད་པའོ། །བདུན་པ་ཟག་མེད་ལམ་གྱི་སྤྱོད་པ་ནི། བདག་དོན་དུ་བཀོད་པ་དཀྱིལ་འཁོར་གྱི་བྱ་བས་ཚོགས་གཉིས་རྫོགས་ཤིང་། ཕྲིན་ལས་བཞིའི་སྒོ་ནས་གཞན་དོན་དུ་སྤྱོད་པ་ནི་རྣམ་སྨིན་གྱི་སྤྱོད་པའོ། །རང་དོན་དུ་རང་གི་ལྟ་སྒོམ་ལ་རིགས་པ་དབྱུང་ཞིང་སྒོམ་ལ། ཆོ་འཕྲུལ་བཞིའི་སྒོ་ནས་གཞན་དོན་ལ་སྤྱོད་པའི་ཚེ་དབང་གི་སྤྱོད་པའོ། །བདག་དོན་དུ་ལྷན་ཅིག་གནས་པ་ཕྲ་མོའི་དྲི་མ་སྦྱོང་ཞིང་གཞན་དོན་དུ་རྔོན་དང་སྨད་འཚོང་ལ་སོགས་པར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་ནི་ཕྱག་ཆེན་གྱི་སྤྱོད་པའོ། །རང་དོན་དུ་སྐུ་ལྔའི་རྒྱལ་བ་བརྟེན་ཅིང་མཛད་པ་བཅུ་གཉིས་ལ་སོགས་པའི་སྒོ་ནས་གཞན་དོན་མཛད་པ་ནི་མཐར་ལམ་ལྷུན་གྲུབ་རིག་འཛིན་གྱི་སྤྱོད་པའོ། །གཉིས་པ་ཅིག་ཅར་བ་བཤད་པ་ནི། ཆོས་ཐམས་ཅད་ལ་མ་ཆགས་པར་བྱ་རྩོལ་འཛིན་རྟོག་དང་བྲལ་བར་སྤྱོད་པ་སྟེ། འདི་ཉིད་ལས། སྤྱོད་པས་ཅི་ལའང་ཐོགས་མེད་པའི། ཞེས་དང་། རྣམ་བཀོད་ལས། མི་དམིགས་པ་ལས་རྣམ་པར་སྤྱོད། །དེ་ལྟར་སྤྱོད་པ་ཀུན་སྤྱོད་བྱང་། །དམ་པའི་དོན་དེ་སྤྱོད་མཆོག་ཉིད། ཅེས་སོ། །གཉིས་པ་ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་ནི། ཆོས་ཐམས་ཅད་མི་གཉིས་པའི་བློ་དང་ལྡན་པའི་སྒོ་ནས་སྤྱོད་པ་དང་། དེར་མ་ཟད་མཚན་མ་མེད་པའི་ཤེས་རབ་ཀྱིས་ཟིན་པའི་གདེངས་དང་ལྡན་པའི་སྒོ་ནས་ཉོན་མོངས་པ་ལ་ཇི་ལྟར་སྤྱད་ཀྱང་ཉེས་པས་མི་གོས་ཏེ། འདི་ཉིད་ལས། བླ་མེད་ཐེག་པར་རབ་ངེས་ན་སོགས། ཞེས་སོ། །གསུམ་པ་བཀོད་པ་དཀྱིལ་འཁོར་བཤད་པ་དེ་ལ་ཡང་། ངོ་བོ། ངེས་ཚིག དབྱེ་བ་གསུམ་ལས། ངོ་བོ་ནི། ཐུགས་ཐིག་ལས། གནས་སྐབས་བདུན་དུ་སྙིང་པོ་ལེན། །བཀོད་
པ་གང་རྫོགས་དེའི་ངོ་བོ། ཞེས་པས་བཀོད་པ་ཐམས་ཅད་ལྷའི་འཁོར་ལོ་རྫོགས་པར་སྣང་བའོ། །ཚུལ་ཇི་ལྟ་བུ་ཞེ་ན། ཕྱི་ལྟར་ནང་ལྟར་གསང་བ་ལྟར་ཡང་གསང་ལྟར་འགོད་པ་དང་བཞིའོ། ངེས་ཚིག་ནི། མཎྜ་ལ་ཞེས་པའི་སྒྲ་ལས་དྲངས་ན། མཎྜ་ནི་སྙིང་པོའམ་བཅུད་དང་། ལ་ནི་འཛིན་པའི་དོན་ལེན་པ་སྟེ། སྙིང་པོའི་ཡོན་ཏན་གྱི་གཞི་འཛིན་པས་ན་སྙིང་པོ་ལེན་པའི་དོན་ཏེ། སྤར་ཁབ་ལས། མཎྜ་ཞེས་པ་སྙིང་པོའི་དོན། །ལ་ཞེས་པ་ནི་ལེན་པ་སྟེ། ཞེས་སོ༑ ༑སྤྱིར་གྲགས་པ་ལ། གང་གཙོ་བོ་ལ་འཁོར་གྱིས་བསྐོར་བའི་ཕྱིར་དཀྱིལ་འཁོར་རོ། །དབྱེ་ན། སངས་རྒྱས་གསང་བས་ཆོས་དོན་དུ། དབྱེ་བ་རང་བཞིན་ཏིང་འཛིན་དང་། །གཟུགས་བརྙན་དཀྱིལ་འཁོར་རྣམ་པ་གསུམ། ཞེས་པའམ། ཡང་ན་རྩ་རྒྱུད་ཕྱི་མ་ལས། སྐུ་གསུང་ཐུགས་ཀྱི་དབྱེ་བ་ལ། །དཀྱིལ་འཁོར་རྣམ་པ་གསུམ་དུ་འདོད། ཞེས་གསུངས་པ་ལྟར་གསུམ་དུ་དབྱེ་བའམ། ཡང་ན་འགྲེལ་ཆུང་ལས། དཀྱིལ་འཁོར་རྣམ་པ་བཅུ་གཉིས་ཏེ། །དེ་བཞིན་ཉིད་དང་རང་བཞིན་དང་། །ཐུགས་རྗེས་འདུལ་བའི་དཀྱིལ་འཁོར་དང་། །ཏིང་ངེ་འཛིན་དང་གཟུགས་བརྙན་དང་། །ལྷག་པའི་ཏིང་འཛིན་གཟུགས་བརྙན་དང་། །བྱང་ཆུབ་སེམས་དང་ལྷག་བྱང་སེམས། །ཚོགས་དང་ལྷུན་གྲུབ་དཀྱིལ་འཁོར་སྟེ། ཞེས་བཅུ་གཉིས་སུ་དབྱེ་བ་སོགས་ཡོད་པ་ལས། སྐབས་འདིར་རྒྱས་པ་ལས། འདིར་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་དང་། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཞེས་གསུངས་པ་ལྟར་བདུན་དུ་ཕྱེ་ནས་འཆད་དེ། དང་པོ་རང་བཞིན་ཀྱི་དཀྱིལ་འཁོར་ནི། ལམ་རིམ་ལས། དང་པོ་རང་བཞིན་དཀྱིལ་འཁོར་ནི། རང་བཞིན་ཉིད་དང་ལྷུན་གྲུབ་དང་། །འབྲས་བུ་མཐར་ཕྱིན་དཀྱིལ་འཁོར་སྟེ། །དེ་ཡང་སྐབས་ཀྱིས་རྣམ་པ་གསུམ། ཞེས་པ་ལྟར་གསུམ་ལས། དང་པོ་ནི། ཆོས་ཐམས་ཅད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པ་ནི་གནས་ལུགས་ངོ་བོ་ཉིད་ཀྱི་དཀྱིལ་འཁོར་ཏེ། ལམ་རིམ་ལས། ཆོས་ཉིད་རང་བཞིན་སྤྲོས་བྲལ་བ། །དངོས་པོ་ཀུན་ཀྱང་དེ་བཞིན་པས། །རང་བཞིན་ཉིད་ཀྱི་དཀྱིལ་འཁོར་རོ། །ཞེས་སོ། །གཉིས་པ་རང་
བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ནི། རྟོག་ཚོགས་ཐམས་ཅད་ཞི་ནས་རང་བཞིན་གྱིས་རྣམ་པར་དག་པས་སྐུ་དང་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པ་སྟེ། སྔ་མ་ལས། དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ཉིད། །ཁམས་དང་སྐྱེ་མཆེད་ལ་གནས་པ། །ལྷུན་གྱིས་གྲུབ་པར་རྒྱལ་བས་གསུངས། ཞེས་སོ། །གསུམ་པ་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་ནི། འོག་མིན་ཆོས་ཀྱི་དབྱིངས་ན་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བཞུགས་པ་ཡིན་ཏེ། སྔ་མ་ལས། འབྲས་བུ་མཐར་ཕྱིན་འོག་མིན་ན། བཞུགས་པ་དཀྱིལ་དང་འཁོར་གྱི་ཚུལ། ཞེས་སོ། །གཉིས་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི། །དོན་དམ་པའི་གཟུགས་བརྙན་ཀུན་རྫོབ་ལྷའི་དཀྱིལ་འཁོར་དུ་ཤར་བ་ལ་བཞེད་དོ། རྒྱས་པ་ལས། །གཟུགས་བརྙན་དཀྱིལ་འཁོར་ཡང་དག་ནི། །ཆེན་པོ་རགས་པ་ཐབས་སུ་རྟོགས། །སོ་སོའི་མཚན་ཉིད་ཤེས་རབ་རྟོགས། །གཉིས་མེད་འབྲེལ་བ་ཐབས་ཆེན་པོ། །ཞེས་སོ། །གསུམ་པ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་བཤད་པ་ནི། རྡོ་རྗེ་ལས་རིམ་ལས། ས་གཞི་མཉམ་དང་ཚད་ཐིག་དང་། །ཚོན་དང་བྲི་དང་རྣམ་པ་དང་། །རབ་གནས་སྦྱིན་སྲེག་དཀྱིལ་འཁོར་དུ། །འཇུག་དང་ཞུགས་པའི་ཡོན་ཏན་ནོ། །ཞེས་དོན་བཅུ་ལས། དང་པོ་ས་གཞི་མཉམ་པ་ནི། འདི་ཉིད་ལས། ཡང་ན་ས་གཞི་རབ་མཉམ་ལ། ཞེས་པ་དེ་ལ་དབྱེ་ན། ས་གཞི་ལ་བརྟགས་པ། ས་རང་གི་མཚན་ཉིད་ལ་བརྟགས་པ༑ བརླབས་བ། དབང་དུ་བྱ་བ། སྦྱང་བ། བྱིན་གྱིས་བརླབས་པ། སྲུང་བ། བཟུང་བ་དང་བརྒྱད་དེ། ལམ་རིམ་ལས། གཞི་དང་རང་མཚན་བསླང་བ་དང་། །སྦྱང་བྱིན་སྲུང་དང་བཟུང་བ་ནི། དང་པོའི་ཉིང་ལག་ཉིད་དུ་བཤད། །ཅེས་གསུངས་པ་ལྟར། དང་པོ་ས་གཞི་ལ་བརྟག་པ་ནི། རྔམ་གློག་ལས། གནམ་དང་ས་དང་བར་སྣང་ལ། །ལེགས་པར་བརྟགས་ཏེ་ལས་རྣམས་བྱ། ཞེས་པ་ལྟར་གསུམ་ལས། དང་པོ་ནི། ལམ་རིམ་ལས། ཟུར་བརྒྱད་ལ་སོགས་རྩེ་མང་དང་། །ཆུ་བོ་བཞིན་དུ་མ་བོ་བཞིན། །མཉམ་ཞིང་འོ་ཁ་ཆུ་ལྟར་དངས། །ཉི་མ་བཞིན་དུ་གནས་པ་སྟེ། །ནམ་མཁའི་མཚན་ཉིད་ཤེས་པར་བྱ། ཞེས་སོ། །གཉིས་པ་བར་གྱི་སྒྲོས་ལ་བརྟགས་པ་ཡང་། ཕྱོགས་ཀྱི་རི་ལ་བརྟགས་པ། མཚམས་ཀྱི་དགྲ་ལ་བརྟགས་པ་གཉིས་
ལས། དང་པོ་ནི་ལམ་རིམ་ལས། ཤར་ལྷོ་འཇམ་ཞིང་གཞོལ་བ་དང་། །མཐོ་དང་འདུད་པ་ནུབ་བྱང་ཡིན། ཞེས་སོ། །གཉིས་པ་མཚམས་ཀྱི་དགྲ་ལ་བརྟགས་པ་ནི། སྔ་མ་ལས། གཤིན་རྗེ་གདུག་པའི་མདུང་རྩེེ་དང་། སྲིན་མོ་ངུ་བའི་མཆིལ་རྗེས་དང་། གནོད་སྦྱིན་ཁྲོས་པའི་སྤར་རྗེས་དང་། །འབྱུང་པོ་རྐུན་པོའི་འཇོལ་ས་དང་། ཞེས་པ་ལྟ་བུ་ཤར་ལྷོ་ནས་གཡས་སྐོར་གྱིས་མེད་པའོ། །གསུམ་པ་འོག་གི་ས་གཞི་ལ་བརྟགས་པ་ནི། སྔ་མ་ལས། ལྷུན་སྟུག་རི་བོ་ནགས་ཚལ་ལྡན། །རབ་ཏུ་མཉམ་ཞིང་སྣུམ་བག་ཅན། །ཆུ་བོ་དབང་གི་ཕྱོགས་ཡིན་ཏེ། །ཅུང་ཟད་ཀྱིས་ནི་རླུང་ཉུང་ཞིང་། །མེ་ཏོག་ཤིང་ཚལ་བྱ་སྐད་བརྟགས། །ལོ་རྒྱུས་ཤིས་པར་མཆོག་ཏུ་གསུངས། ཞེས་སོ། །དེ་ཡང་ཆུ་བོ་དབང་གི་ཕྱོགས་ལ་བཞེད་ཚུལ་གཉིས་ཏེ། ལྷ་ས་དང་བསམ་ཡས་གཉིས་ཀྱི་འབབས་ཚུལ་གྱིས་མཚོན་པའོ། །གཉིས་པ་ས་རང་གི་མཚན་ཉིད་ལ་བརྟགས་པ་ལ་ཡང་ངན་པ་དང་བཟང་བ་གཉིས་ལས། དང་པོ་ནི། ལམ་རིམ་ལས། མཚན་ཉིད་སྦྱོང་བ་ཕྱོགས་གསུམ་སྟེ། ཞེས་པ་ལྟར། དང་པོ་ཕྱི་ངན་པ་ནི། སྔ་མ་ལས། ཐང་ཀ་སོག་ལེ་ལྟ་བུ་དང་། །དམའ་དང་འབོ་བའི་མཚན་ཉིད་དང་། ཚིག་སྒོ་ཉུང་རྡོ་རུས་སྦལ་བཞིན། ཞེས་པ་ལྟ་བུའོ། །གཉིས་པ་ནང་ངན་པ་ནི། དེ་ལས་ཁྲུ་གང་གྲུ་བཞིར་བརྐོས་པ་ན། །གྲམ་པ་ཐལ་བ་ཤིང་སོལ་དང་། །གྱོ་མོ་རུལ་པ་གསོམ་ལ་སོགས། ཞེས་པ་ལྟ་བུའོ། །གསུམ་པ་གཤིས་ག་ངན་པ་ནི། སྔ་མ་ལས། ནྱ་ཀྲོ་ཏ་དང་བ་ལ་ཤ །ཨུ་དུམ་ཝར་དང་ཨ་ཤྭཏྠ། །ཨུ་རྫུ་ན་ལ་སོགས་པའི་ཚུལ། །འདོད་པ་མི་སྦྱིན་སྦྱང་སྤོ་བྱ། ཞེས་སོ། །གཉིས་པ་བཟང་བ་ནི། སྔ་མ་ལས། བཀྲ་ཤིས་རྩྭ་དང་མེ་ཏོག་ཤིང་། །གནག་དང་ཁ་དོག་ལྡན་པ་དང་། །རྩིས་ལ་རྒྱུ་མ་རབ་ཉུང་ཞིང་། །ལྷག་པར་གྱུར་པ་མཆོག་ཏུ་བཤད། ཞེས་སོ། །ཁྱད་པར་དུ་ཁྲོ་བོ་སྒྲུབ་པའི་གནས་ནི་མ་མོ་རྒྱུ་བའི་དུར་ཁྲོད་དུ་ཤིས་པ་ཡིན་ཏེ། ཁྲོ་བོ་ལས་ལྡན་ལས། ཤིས་པ་མིན་པས་སྦྱང་སྤོ་བྱ། །ཉེས་པ་སྤང་པ་དུར་ཁྲོད་དུ། །དངོས་གྲུབ་ཁྲོ་བོ་སྒྲུབ་པར་བྱ། ཞེས་སོ༑ གསུམ་པ་བསླང་བ་ནི། རྔམ་གློག་ལས། རྩོད་པ་ཉེ་བར་ཞི་བའི་ཕྱིར། །མངོན་དང་མི་མངོན་བདག་པོ་ལ། །སེར་སྣ་སྤང་པའི་ཡིད་ཀྱིས་ནི། །རིན་བཙལ་བདེན་པ་བསྒོས་ལ་
བསླང་། །ཞེས་པས་སྣང་བ་མི་ལས་བསླང་བ་དང་། མི་སྣང་བ་ལྷ་ལས་བསླང་བ་གཉིས་ལས། །དང་པོ་ནི། ས་དེའི་བདག་པོར་གྱུར་པའི་རྒྱལ་པོ་སོགས་ལ་རིན་གཞལ་ཏེ་སློང་བའོ། །གཉིས་པ་མི་སྣང་བ་ལྷ་ལས་བསླང་བ་ལ་བདེ་བར་གཤེགས་པ་དང་། སའི་ལྷ་མོ་འཁོར་བཅས་ལ་བསླང་བ་གཉིས་ལས། དང་པོ་ནི། ལམ་རིམ་ལས། རབ་ཏུ་བརྟགས་པའི་ས་དབུས་སུ། །དཀྱིལ་འཁོར་གཅི་བ་དྲི་ཡིས་བྱུག །མཉམ་ཤིང་གླ་གོ་ཙམ་བྱས་ལ། །ག་བུར་ཙན་དན་ལྡན་པར་བྱ། །ཞེས་པས་ཆག་ཆག་གདབ་ཅིང་གཞུང་བསྲང་ལ། འདོད་གསོལ་གྱི་རེ་སྨོན་ཞེས་པའི་དོད་དུ་ས་ཡི་དངོས་གྲུབ་སྩལ་དུ་གསོལ། ཞེས་བརྗོད་པར་བྱའོ། །གཉིས་པ་སའི་ལྷ་མོ་འཁོར་བཅས་ལས་བསླང་བ་ནི། བདག་ཉིད་བདུད་རྩི་འཁྱིལ་བར་བསྐྱེད་པའི་མདུན་དུ། སའི་ལྷ་མོ་བསྐྱེད་ལ། སྤྱན་དྲང་མཆོད་ནས། ནམ་མཁར་དགེ་བའི་དཔ ང་དུ་བཞག་གོ །དེ་ནས་བགེགས་ཀྱིས་མི་ཚུགས་ཕྱིར་ཞེ་སྡང་རྡོ་རྗེའི་ང་རྒྱལ་གྱིས་མཚམས་བཅད་ལ། ཏྲི་ཤུ་ལའི་རྒྱ་དང་བཅས་ཏེ། ལམ་རིམ་ལས། ཇི་ལྟར་ཆེ་མཆོག་རྒྱལ་པོ་ཡིས། །བདུད་བཞི་བདུད་ཀྱི་སྡེ་བཏུལ་ནས། །རྒྱལ་སྲིད་ཆོས་ཀྱི་དཔུང་བཙུགས་པ། །དེ་བཞིན་དུ་ནི་བདག་གིས་ཀྱང་། །ངེས་པར་བྱ་ཕྱིར་དཀྱིལ་འཁོར་བྲི། །ས་ཡི་དངོས་གྲུབ་སྩལ་དུ་གསོལ། ཞེས་པས། རཏྣ་པ་ཤཾ་ཀུ་རུ་ས་མ་ཡ་སིདྡྷི་ཧཱུྃ། ཞེས་བརྗོད་པས་ལྷ་མོ་ཉིད་དགྱེས་པའི་མདངས་དང་བཅས་ཏེ་ས་གཞི་ལ་ཐིམ་པར་བསམ་མོ། །བཞི་པ་དབང་དུ་བྱ་བ་ནི། སྔ་མ་ལས། དངོས་གྲུབ་དབང་དུ་བྱ་བའི་ཕྱིར། །ཟངས་སོགས་ཕུར་བུ་ཟླ་གམ་ལས། །ཧཱུྃ་ལས་བྱུང་བའི་དབང་མཆོག་ཁྲོ། ཞེས་གསུངས་པ་ལྟར། ཕུར་བུ་དམར་པོ་པདྨ་ཀི་ལ་ཡར་བསྐྱེད་པའི་དབང་མཆོག་གི་ཕུར་བུ་བཏབས་པས་དེའི་འོད་ཟེར་གྱིས་ས་གཞི་ཐམས་ཅད་ཁྱབ་པར་བསྒོམ་པ་ནི་བགེགས་ཞི་བའི་དགོས་པ་ཡོད་དོ། །ལྔ་པ་སྦྱང་བ་ནི། ལམ་རིམ་ལས། སྦྱངས་པ་ལས་མེ་སྔགས་ཕྱག་རྒྱ། །ཏིང་ངེ་འཛིན་གྱིས་དག་པར་འགྱུར། ཞེས་པ་ལྟར་བཞི་ལས། དང་པོ་ལས་དང་བྱ་བས་སྦྱང་བ་ནི། ས་བདག་ལྟོ་འཕྱེ་ལས་བསླང་བར་བྱ་སྟེ། བམ་བརྒྱད་ཀྱི་འབྲེལ་བ་ལས། ལྟོ་འཕྱེ་གནས་པའི་མཚན་ཉིད་ནི། །སྟོན་ཟླ་གསུམ་གྱི་ཟླ་བ་
ལ༑ ༑ཉི་མ་འགྲོ་བའི་རིམ་པ་ཡིས། །མགོ་ཤར་ཁ་ལྷོ་གཡོན་གྱིས་ཉལ། །དགུན་ཟླ་གསུམ་གྱི་ཟླ་བ་ལ། ནུབ་ཏུ་ཁ་བལྟས་མགོ་བོ་ལྷོ། །དཔྱིད་ཟླ་གསུམ་གྱི་ཟླ་བ་ལ། །བྱང་དུ་ཁ་བལྟས་ནུབ་ཏུ་བསྐོ། །དབྱར་ཟླ་གསུམ་གྱི་ཟླ་བ་ལ། །ཤར་དུ་ཁ་བལྟས་མགོ་བོ་བྱང་། །ས་བདག་ལྟོ་འཕྱེ་དེ་ལྟར་གནས། །སྐྱེས་བུ་ཆེན་པོས་ལྟོ་འཕྱེ་བརྐོོ། ཞེས་པས། དེ་ཡང་མགོ་ནས་བརྐོས་ན་སློབ་དཔོན་འཆི། མཇུག་ནས་བརྐོས་ན་སློབ་མ་འཆི་བས་ལྟོ་བ་ནས་བརྐོས་ལ་དོང་ཚད་རྐེད་པའམ་པུས་མོ་ནུབ་ཙམ་དུ་བརྐོས་ལ་རོ་རྣམས་བསལ་ཏེ། སྔ་མ་ལས། ཆུས་བཀང་གོམ་པ་བརྒྱས་བརྟགས་བྱ། ཞེས་པས་གོམ་པ་ལྔ་བཅུ་ཕྱིར་ཕྱིན་ཏེ་ལོག་ནས་བརྟགས་ཏེ་ཆུ་བྲི་ན་ངན་པས་ཆོ་ག་བྱ། མ་བྲི་ན་བཟང་བས་བཟང་བའི་མཚན་མར་བྱ་སྟེ། དེ་ཉིད་དུ་གཏེར་གཞུག་ཅིང་སྟེགས་བུ་དབུས་བགས་ཀྱིས་མཐོ་ཞིང་ཤར་དང་བྱང་ཡུད་ཙམ་གཞོལ་བར་བརྩིགས་པ་ལ་བ་བྱུང་དང་རྫས་སུམ་ཅུས་རྐྱང་ནུལ་བྱའོ། །དེ་ཡང་རྫས་སུམ་ཅུ་ནི། ཕུང་ལྔ་སྐུ་ལྔར་དག་བྱེད་ནི། །ནས་འབྲས་གྲོ་དང་ཏིལ་དཀར་འབྲུའོ། །དབང་ལྔ་ཕྲིན་ལས་ལྔར་དག་བྱེད། གུར་གུམ་གླ་རྩི་ཛ་ཏི་དང་། །ཙན་དན་དཀར་དམར་སྤོས་ལྔའོ། ཡུལ་ལྔ་ཡོན་ཏན་ལྔར་དག་བྱེད། །བྱུ་རུ་མུ་ཏིག་མུ་མེན་དང་། །གསེར་དངུལ་རིན་ཆེན་སྣ་ལྔའོ། རྣམ་ཤེས་ཡེ་ཤེས་ལྔར་དག་བྱེད། །ལན་ཚྭ་སྦྲང་རྩི་བུ་རམ་དང་། །ཨ་འབྲས་མར་ཏེ་སྙིང་ལྔའོ། །འདོད་ཡོན་གསུང་ལྔར་དག་བྱེད་ནི། །ཧ་ས་དེ་བ་ཤྲི་ཧོ་རི། །སྭ་ར་ཀཎྜ་ཀ་རི་དང་། །ཨ་པཉྩི་སྟེ་སྨན་ལྔའོ། །ཁམས་ལྔ་རིགས་ལྔར་དག་བྱེད་ནི། །བྱང་སེམས་དཀར་དམར་དྲི་ཆེ་ཆུང་། །ཤ་ཆེན་བདུད་རྩི་ལྔ་རྣམས་སོ། །གཉིས་པ་མེས་སྦྱངས་པ་ནི། ལམ་རིམ་ལས། ཀུན་ནས་མཚན་མ་ངན་གྱུར་ན། །གཞན་དུ་བགྲོད་དང་ཞི་བ་ཡི། །མེ་ཡིས་རབ་ཏུ་དག་པར་འགྱུར། ཞེས་པས། གོང་གི་མཚན་མ་རྣམས་ཤིན་ཏུ་ངན་པར་མཐོང་ན་གནས་གཞན་དུ་སྤོ་བའམ། ཡང་ན་ཞི་བའི་སྦྱིན་སྲེག་ཚུལ་བཞིན་བྱས་པས་བསལ་བར་བྱའོ། །གསུམ་པ་སྔགས་དང་ཕྱག་རྒྱས་སྦྱང་བ་ནི། རང་གི་ལག་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཧཱུྃ་ཡིག་གི་མཚན་མ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་ཡིག་གིས་མཚན་
པར་གྱུར། རྡོ་རྗེ་དང་ཧཱུྃ་གི་འོད་ཀྱིས་སའི་ཉེས་སྐྱོན་ཐམས་ཅད་སྦྱངས་ནས་ཡེ་ཤེས་རང་སྣང་གི་གཞིར་གྱུར་བསམ་པ་སྦྱོང་བའོ། །བཞི་པ་ཏིང་ངེ་འཛིན་ཀྱིས་སྦྱང་པ་ལ་མཚན་མེད་དང་། མཚན་བཅས་གཉིས་ལས། དང་པོ་ནི། ཤུ་ནྱེ་ཏའི་སྔགས་ཀྱིས་སྟོང་ཉིད་དུ་སྦྱོོང་བའོ། །གཉིས་པ་ནི། ཞི་ཁྲོ་གང་བྱེད་ཀྱི་དཀྱིལ་འཁོར་འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ཅིང་གསལ་འདེབས་པའོ། །དྲུག་པ་བྱིན་གྱིས་བརླབ་པ་ནི། གནས་ཁང་ལེགས་པར་བརྒྱན་ཏེ་སློབ་དཔོན་རྒྱས་པའི་ཆས་སུ་ཞུགས་ནས་རྡོ་རྗེའི་འགྲོས་ཀྱིས་དཀྱིལ་འཁོར་ལ་བསྐོར་ཞིང་ཤར་སྒོ་ནས་ཞུགས་ཏེ་དབུས་སུ་འཁོད་པའི་ཤར་དུ་ཕྱོགས་པས། ཞི་ཁྲོ་གང་བྱེད་ཀྱི་གཙོ་བོ་ཡབ་ཡུམ་རྫོགས་པར་བསྐྱེད་པའི་སྦྱོར་མཚམས་ཀྱི་སེམས་སྤྲིན་ལས་འཁོར་རྣམས་རྫོགས་པར་བསྐྱེད་དེ། ཡུམ་བཞིའི་ང་རྒྱལ་འཛིན་པའི་ཕྱོགས་ཀྱི་སློབ་མ་བཞིས་ཕྱོགས་སོ་སོ་ནས། ཤར་ནས། ཞི་བའི་ཡེ་ཤེས་རང་སྣང་བའི། །རྣམ་པ་ཀུན་གྱི་རབ་མཛེས་པ། །སངས་རྒྱས་ཀུན་གྱི་སྐུ་ཡི་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། ལྷོ་ནས། ཡོན་ཏན་རིན་ཆེན་འབྱུང་བའི་གཙོ། །མ་ལུས་ཀུན་གྱི་རེ་སྐོང་པ། །ཡོན་ཏན་མཆོག དཀྱིལ་འཁོར༴ ནུབ་ནས། རང་བཞིན་དག་པས་གོས་པ་མེད། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས་། །གསུང་གི་དཀྱིལ་འཁོར༴ བྱང་ནས། བསམ་པ་ཐམས་ཅད་ཡོངས་རྫོགས་པས། །ཐམས་ཅད་སྒྲོལ་བའི་དེད་དཔོན་མཆོག །ཕྲིན་ལས༴ བདག །དཀྱིལ་འཁོར༴ ཞེས་སོགས་དང་། ཐམས་ཅད་ཀྱིས་ཐུན་མོང་དུ། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། ཞེས་གསོལ་བ་འདེབས་སུ་བཅུག་སྟེ། དེའི་མཇུག་ཏུ་སློབ་དཔོན་གྱི་རྡོར་དྲིལ་འཛིན་ཅིང་འཛུམ་པའི་མདངས་དང་བཅས་པས་ནམ་མཁར་བཞུགས་པའི་རྒྱལ་བ་རྣམས་སྦྱོར་བའི་བྱིན་བསྡུས་ཤིང་ཧཱུྃ་བཞིས་བསྡུས་ནས་ཞེ་སྡང་རྡོ་རྗེའི་ང་རྒྱལ་གྱིས་འབར་བའི་སྡང་མིག་དང་ལྡན་པས། རྡོ་རྗེ་འཛིན་པ་ཉི་མ་དང་། །ཆོས་རྣམས་སྣ་ཚོགས་སྣང་མཛད་ཀྱང་། །བདག་ཉིད་ཆེན་པོ་ང་ཉིད་ཡིན། །ཐམས་ཅད་བཀའ་ལས་
དེང་མ་འདའ། ཞེས་སུམ་བྷ་ནིའི་སྔགས་བརྗོད་ཅིང་རྡོ་རྗེའི་འགྲོས་ཀྱིས་བསྐོར་བས་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་རླབས་པའོ། །བདུན་པ་སྲུང་བ་ནི། བསྲུང་བའི་འཁོར་ལོ་དང་མཚོན་ཆ་ལྔས་མཚམས་གཅོད་པ་སྟེ། འདི་ཉིད་ལས། མཚོན་ཆ་ལྔ་ཡི་རིམ་པ་ཡི། །ངེས་པར་གཞུང་བཞིན་བྱ་བ་ཡིན། །གང་ཡང་བར་ཆད་སྐབས་མེད་ན། །སྲུང་བའི་མཆོག་ཏུ་དེ་གསུངས་སོ། ཞེས་སོ། །བརྒྱད་པ་ས་བཟུང་བ་ནི། དེ་ལྟར་ལྷ་ཚོགས་ཡབ་ཡུམ་རོལ་པའི་འོད་ས་གཞི་ལ་ཐིམ་པས་ས་གཞི་དཀྱིལ་འཁོར་གྱི་རང་བཞིན་དུ་གསལ་བར་བསམ་པ་ནི་ས་བཟུང་བའོ། །གཉིས་པ་དཀྱིལ་འཁོར་གྱི་ཚད་ནི། འདི་ཉིད་ལས། དཀྱིལ་འཁོར་ཁྲུ་གང་ཚད་དུ་བྱ། སོགས། ཞེས་སོ། །ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དངོས་བསྟན་པ་དེ་ནས་ཞར་བྱུང་ལྷག་པ་ཏིང་ངེ་འཛིན་གྱི་ཚད་ནི། ཡང་ན་རྒྱང་གྲགས་དཔག་ཚད་དམ་སོགས། ཞེས་སོ། །གསུམ་པ་ཐིག་ནི། སྔ་མ་ལས། རིག་པས་ཐིག་ནི་གདབ་པར་བྱ། ཞེས་དང་། ཕུར་བུ་ུ སྲད་བུ་མཚོན་བྱེད་དང་། སོགས། །ཞེས་པས་དེ་ཡང་སྤྱིར་ཐིག་ཞེས་པ་མི་འགྱུར་བའི་དོན་དེ། དེའི་རྒྱུར་འགྱིང་ཕུར་དང་། བསྐོར་ཕུར་ཏེ་ཕུར་བུ་གཉིས་འདུ་བྱས་ལ༑ སྲད་བུ་ལ་གཉིས་ལས། ཡེ་ཐིག་གི་རྒྱུ་ཞི་བ་ལ་པདྨའི་རྒྱུས་པ་དང་། ཁྲོ་བོ་ལ་རྒྱུས་ཆེན། གཉིས་གའི་དམ་ཐིག་གི་རྒྱུ་རས་བལ་གཙང་མ་ལ་དཔའ་བོའི་རིན་གྱིས་ཉོས་པའོ། །གྲོགས་ནི། གོས་རྒྱན་བཟང་པོས་མཛེས་པར་བརྒྱན་པའི་གྲོགས་ཕྱག་རྒྱ་མ་ལོ་བཅུ་དྲུག་མ་ལོན་པས་འཁེལ་ལོ། །ཚད་ནི། རིང་ཐུང་དཀྱིལ་འཁོར་གྱི་ཉིས་འགྱུར་ལ་སྦོམ་ཕྲ་སྒོའི་ཉི་ཤུའི་ཆའོ། །གྲངས་ནི། ཚོན་གྱིས་ཁ་དོག་སོ་སོར་དབྱེ་བ་སྟེ། ཡེ་ཤེས་ཀྱི་ཐིག་སྐུད་ཁ་དོག་ཉི་ཤུ་རྩ་ལྔའམ་ལྔ་སྒྲིལ་དང་། དམ་ཚིག་ཐིག་སྐུད་ཁ་དོག་དགུའི་གསུམ་སྒྲིལ་ལོ། །རབ་གནས་ནི། ཡེ་ཐིག་གདབ་པའི་སྲད་བུ་ཡེ་ཤེས་ལྔ་དང་། དམ་ཚིག་གི་ཐིག་སྐུད་སྐུ་གསུང་ཐུགས་ཀྱི་ངོ་བོར་བྱིན་གྱིས་རླབས་པའི་ཞི་ཁྲོ་གང་ཡིན་གྱི་ཡིག་འབྲུའི་རྣམ་པར་བསྐྱེད་ལ་མཁའ་ཁྱབ་ཀྱི་རྒྱལ་བ་རྣམས་སྦྱོར་བའི་བྱིན་ཞིང་བསྟིམ་པ་ལ་སོགས་པར་ཕུན་སུམ་ཚོགས་པར་བྱའོ། །གདབ་པའི་ཐོབ་ནི། ཐིག་གཡོག་རིག་མ་དངོས་སམ་དེར་མོས་པ་ལ་
ཐིག་སྣ་གཏད་དེ་ཡབ་ཡུམ་ལྷར་གསལ་བར་བྱས་པས་དམ་ཚིག་གི་ཐིག་སྐུད་སྐུ་གསུང་ཐུགས་ཀྱི་རང་བཞིན་ཅན་དུ་གསལ་བཏབ་པའི་སྟེང་གི་ནམ་མཁའ་ལ་ཡེ་ཤེས་ཀྱི་ཐིག་ནི་སྐུ་གསུང་ཐུགས་རེ་རེ་ལ་ཡང་ཡེ་ཤེས་ལྔ་ལྔའི་རང་བཞིན་དུ་རྒྱས་གདབ་པར་བྱའོ། །ཉེས་པ་སྤངས་པ་ནི། དཀྱིལ་འཁོར་ལས་ལ་མཁས་ཤིང་ལག་ལེན་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས་རིག་པ་མ་ཡེངས་པར་བསྒྲིལ་ལ་ཐིག་སྐུད་མ་ཆད་ཅིང་ཐིག་སྣ་མི་ཤོར་བ་ཐིག་ལ་མི་འགོམ་པའི་སྒོ་ནས་གདབ་ཅིང་། གལ་ཏེ་འགོམ་དགོས་ན། ཧྲཱིའི་སྒྲ་དང་འདེགས་པའི་རྒྱས་ཐིག་མཁའ་ལ་བཏེགས་པའི་འོག་ཏུ་འཛུལ་ནས་ལས་བྱའོ། །བཞི་པ་ཚོན་ནི། འདི་ཉིད་ལས། རིགས་ཀྱི་དཀྱིལ་འཁོར་ལྔ་རྣམས་སྒོམ་སོགས་ཞེས་སོ། ལྔ་པ་འབྲི་བ་ནི། ལྟེ་བ་རྩིབས་བཞི་ལྡན་པ་ཡི༴ སོགས། ཞེས་གསུངས་པ་ལྟར། ཞི་ཁྲོ་གང་བྱེད་ཀྱི་དཀྱིལ་འཁོར་རྒྱས་བསྡུས་གང་གིས་འདུལ་བའི་ཆོ་ག་བཞིན་དུ་འབྲི་བའོ། །དྲུག་པ་རྣམ་པ་འགོད་པ་ནི། འདི་ཉིད་ལས། སྐུ་གསུང་ཐུགས་ལྡན་གཟུགས་བྱང་དགོད། ཅེས་པའམ། ཡང་ན་གཙོ་འཁོར་གྱི་འགྲོས་སྦྱོར་ཏེ། རྔམ་གློག་ལས། གཙོ་བོ་གཟུགས་སུ་རྫོགས་པར་བྲི། །འཁོར་རྣམས་ཕྱག་རྒྱ་དག་ཏུ་འབྲི། །ཕལ་པ་ལ་ནི་ཡིག་འབྲུའོ། །ཞེས་སོ། །བདུན་པ་རབ་གནས་ལ། ནུབ་གཉིས་པའི་ལས་རིམ་སྤྱིར་བཤད་པ་དང་། སྐབས་ཐོབ་ཀྱི་ལས་རིམ་དཀྱིལ་འཁོར་གྱི་རབ་གནས་གཉིས་ལས། དང་པོ་ལ་ཡང་། ཡན་ལག་གི་རབ་གནས་དང་། ཡན་ལག་ཅན་གྱི་རབ་གནས་གཉིས་ལས། དང་པོ་ནི་ཁྲོ་བོ་མི་འཆི་ཐབ་སྦྱོར་བསྐྱེད་བཟླས་བཞུ་བའི་སྒོ་ནས་ཐོག་མར་ལས་བུམ་བསྒྲུབས་ཏེ་གནས་བྱ་ཐམས་ཅད་ལ་བསང་གཏོར་བྱ་བའི་ཆེད་དུའོ། །དེ་དང་རྗེས་འབྲེལ་དུ་རྡོར་དྲིལ། ཐོད་ཆུ་སྔར་བཤད་པའི་དཀྱིལ་འཁོར་རབ་གནས་རྣམས་སོ༑ ༑གཉིས་པ་ཡན་ལག་ཅན་གྱི་རབ་གནས་ནི། བུམ་པ། སློབ་མ། ལྷ་སྟ་གོན་རྣམས་ཀྱིས་བསྟན་ཏོ། །གཉིས་པ་དཀྱིལ་འཁོར་རབ་གནས་ནི། ལས་ཁྲིགས་རྣམ་པ་དགུ་ལ་སོགས་པ་བསྟན་ཏེ། འདི་ཉིད་ལས། ལུས་ངག་སེམས་དང་ཆོས་ཐམས་ཅད། ཞེས་སོགས་དང་། བཅོས་བུའི་རས་ནི་སྣ་ཚོགས་པ། ཞེས་སོགས། འཁྲུགས་སྡེབས་ཀྱི་སྒོ་ནས་བསྟན་ཏོ། །
བརྒྱད་པ་སྦྱིན་བསྲེག་ལ་གཉིས་ལས། སྦྱིན་ལྷ་ནི་དྲང་སྲོང་གི་ཆས་ཅན་ར་སྐྱེས་ལ་གནས་པ་ལས་བཞི་གང་ཡིན་གྱི་ཁ་དོག་ཅན་དུ་བསྐྱེད་དོ། །སྲེག་ལྷ་ནི། ཞི་བར་རྣམ་སྣང་དང་བུདྡྷ། རྒྱས་པར་རིན་འབྱུང་དང་རཏྣ། དབང་ལ་མཐའ་ཡས་དང་རྟ་མགྲིན། དྲག་པོར་མི་བསྐྱོད་པ་དང་ཀརྨ་ཧེ་རུ་ཀ་རྣམས་ཀྱིས་གཙོ་བྱས་པའི་ཞི་ཁྲོའི་ལྷ་ཀུན་ལས་བཞིའི་ཁ་དོག་ཅན་དུ་བསྐྱེད་ཅིང་སྐབས་ཐོབ་ཀྱི་ལས་བཞི་སྟེ། འདི་ཉིད་ལས། དབྱིབས་དང་ཁ་དོག་མཚན་ལྡན་པར༴ སོགས། ཞེས་སོ། །དགུ་པ་དཀྱིལ་འཁོར་དུ་འཇུག་པ་ནི། རྡོ་རྗེ་ལས་རིམ་ལས། དབང་ཕྱུག་འཇུག་དང་བཟོད་གསོལ་དང་། །ཁྲུས་དགབ་དྲི་དང་ལུས་དབུལ་དང་། །བགེགས་བསྐྲད་ལྷར་སློབ་དམ་ཚིག་སྦྱིན། །དེ་ཉིད་དབབ་དང་ཆུ་ནན་དང་། །སྦྲག་དང་རིན་ཆེན་དོར་བ་དང་། །ལྷ་དབབ་པ་དང་ནན་ཏན་དང་། །མིག་དབྱེ་དཀྱིལ་འཁོར་ལེགས་བསྟན་དང་། །ཚོགས་མཆོག་ཡོན་དང་རྣམ་བཅོ་བརྒྱད། །འདི་ཡི་ཡན་ལག་རྫོགས་པར་འགྱུར། །ཞེས་པས་སློབ་དཔོན་འཇུག་པའི་ཆོས་གཉིས་དང་། །སློབ་མ་འཇུག་པའི་ཆོས་བཅུ་དྲུག་ལས། །དང་པོ་ནི། འདི་ཉིད་ལས། ཀུན་བྱས་དབང་ཕྱུག་རིག་པས་འཇུག ཞེས་པས། དེ་ཏིང་རྫོགས་པའི་རྗེས་དེ་ནས་དཀྱིལ་འཁོར་བཞེངས་སྒྲུབ་ཀྱི་ལས་རིམ་ཀུན་བྱས་ནས་དབང་གིས་ཕྱུག་ཅིང་དབང་དོན་ཤེས་པའི་རང་ཉིད༴ རིག་པས་དཀྱིལ་འཁོར་དུ་ཞུགས་ཏེ། །སློབ་མ་ལ་དབང་ཇི་ཙམ་བསྐུར་བ་དེ། ཆོ་ག་རྒྱས་བསྡུས་ཅི་རིགས་པས་བླང་བའམ། ཡང་ན་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་ཀྱང་དཀྱིལ་འཁོར་དུ་འཇུག་པའི་གོ་ཆོད་ཅིང་། གང་ལྟར་ཡང་སློབ་མ་འཇུག་པར་གསོལ་བ་གདབ་པ་དང་བཟོད་གསོལ་གནང་བ་ནོད་པ་རྣམས་ཏེ༑ སློབ་དཔོན་འཇུག་པའི་ཆོ་ག་གཉིས་སོ། །གཉིས་པ་སློབ་མ་འཇུག་པ་ནི། དེ་ནས་སློབ་མ་འཇུག་པར་བྱ། ཞེས་པས། སློབ་དཔོན་ཞུགས་པའི་རྗེས་དེ་ནས་སློབ་མ་དཀྱིལ་འཁོར་དུ་ཆོས་བཅུ་དྲུག་གི་སྒོ་ནས་འཇུག་པར་བྱའོ། །བཅུ་པ་ཞུགས་པའི་ཡོན་ཏན་ནི། འདི་ཉིད་ལས། བྱས་ཏེ་དད་ལྡན༴ སོགས། ཞེས་དང་། མཉམ་སྦྱོར་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པའི། །འཁོར་ལོ་མངོན་དུ་མཐོང་བ་ཡིས། །བསོད་ནམས་བརྟགས་པ་གང་ཡིན་
པ༑ ༑ཕྱིས་བྱས་པ་ཡང་དེ་བཞིན་ནོ། །ཞེས་གསུངས་སོ། །བཞི་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། རང་བཞིན་གྱི་དཀྱིལ་འཁོར་ཏིང་ངེ་འཛིན་གྱི་ཡུལ་དུ་གྱུར་བར་བྱས་ཏེ་རང་རིག་མ་བཅོས་པའི་དོན་ལ་མཉམ་པར་བཞག་པས་རྣམ་པར་མི་རྟོག་པའི་རང་རྩལ་ཡེ་ཤེས་ལྔ་འགགས་མེད་དུ་འཆར་བ་སྟེ། འདི་ཉིད་ལས། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ༴ སོགས། ཞེས་དང་། རྒྱས་པ་ལས། དེ་བཞིན་ཏིང་འཛིན་དཀྱིལ་འཁོར་གྱིས། །ཐམས་ཅད་དབྱིངས་སུ་བསྡུས་ནས་ནི། །ཉིད་ཀྱི་ཐུགས་ལ་ཐིམ་བྱས་ཏེ། །ཐམས་ཅད་ཆོས་སྐུའི་ཕྱག་རྒྱ་ཆེ། །ཞེས་སོ། །ལྔ་པ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། །ཁོག་གཞུང་ལས། ལྷག་པ་ཏིང་འཛིན་རྣམ་པ་གཉིས། །འདུལ་བའི་དོན་ཕྱིར་ཞི་ཁྲོ་གཉིས། །ཞེས་གསུངས་པ་ལྟར། ཐུགས་རྗེ་ཞི་བའི་དཀྱིལ་འཁོར་དང་། །བདུད་འདུལ་ཁྲོ་བོའི་དཀྱིལ་འཁོར་གཉིས་ལས། །གཉིས་ཀ་ལ་མཚུངས་པར་སྔོན་འགྲོ་ལས་བདུན་སྔོན་དུ་འགྲོ་བས་དངོས་གཞི་ལ་གཉིས་ལས། དང་པོ་ཞི་བའི་དཀྱིལ་འཁོར་ནི། བདག་དང་མཐའ་ཡས་སེམས་ཅན་༴ སོགས་ཀྱིས་ཁྱད་པར་གྱི་སྦྱོར་བ་སེམས་བསྐྱེད། ཆོས་ཐམས་ཅད་སྟོང་ཉིད་དེ་བཞིན་ཉིད་དུ་སྒོམ་པ་ནི་དེ་ཏིང་དང་། དེ་མ་རྟོགས་པ་རྣམས་ལ་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་སྒོམ་པ་ནི་ཀུན་ཏིང་དང་། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་རྩལ་རྒྱུའི་ཡི་གེ་ཨ་དཀར་པོ་སྒོམ་པ་ནི་རྒྱུ་ཏིང་། དེ་ལས་ཡི་གེ་ཕྲ་མོའི་འཕྲོ་འདུ་ལ་སེམས་སྦྱང་ནས། འབྱུང་ལྔའི་ཞེན་རྟོག་སྦྱོང་ཕྱིར་གཞི་དབང་ཆེན་གྱི་དཀྱིལ་འཁོར་བསྐྱེད་པ་དང་། མ་དག་པ་སྣོད་ཀྱི་ཞེན་རྟོག་སྦྱོང་ཕྱིར་ས་བོན་བྷྲུཾ་ལས་གཞལ་ཡས་ཁང་དང་། ནང་བཅུད་ཀྱི་ཞེན་པ་བདག་སྲས་གཞན་སྲས་སམ། ཆོ་ག་སུམ་བསྐྱེད་ལྟ་བུས་རྒྱལ་བའི་དཀྱིལ་འཁོར་གསལ་བཏབ་ལ་རང་རིགས་ཀྱི་བདག་པོས་དབུ་བརྒྱན་ཏེ་དབང་བསྐུར། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་གྱིས་བརླབ་པ་རྣམས་བྱས་ཏེ། དེ་ལྟར་སྙན་གསན་དབབ་ཅིང་། སྤྱན་དྲངས་པ། མེ་ཏོག་དོར་ཞིང་དབྱེར་མེད་དུ་བསྟིམ་པ། ཕྱག་མཆོད་བཤགས་པ་བྱ་བ། དངོས་གྲུབ་གསོལ་ཞིང་དམ་བཅའ་བ། ཛཔ྄་ཁང་དབྱེ་ནས་འཕྲོ་འདུ་གསུམ་གསལ་བའི་ཛཔ྄་བཟླས་སྐབས་ཀྱི་མཇུག་བསྡུ་བཅས་
བྱའོ། །གཉིས་པ་ནི། འཛིན་པའི་དབང་གིས་སྡུག་བསྔལ་ཞིང་། ཞེས་སོགས་ཀྱི་ཁྱད་པར་གྱིས་སྦྱོར་བ་ཏིང་ངེ་འཛིན་གྱི་དགོས་ཆེད་བསྟན་པ་སྔོན་དུ་འགྲོ་བས། དེ་ཏིང་དང་ཀུན་སྣང་གཉིས་ཀྱི་མཐར། རང་རིག་ཧཱུྃ་ལས་རྒྱུའི་ཧེ་རུ་ཀར་ཆོ་ག་གསུམ་བསྐྱེད་དུ་ཏིང་འཛིན་རྣམ་གསུམ་དང་། དེའི་ཐུགས་ཀ་ནས་ས་བོན་སྤྲོས་ཏེ་འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་བརྟེན་པ་ལྷའི་དཀྱིལ་འཁོར་དང་བཅས་པ་བསྐྱེད་ཚུལ་ཆོ་ག་གཉིས་ལྟ་བུས་ཞི་བ་དང་འདྲ་བར་སྒོམ་ཞིང་། དབང་བསྐུར། བྱིན་གྱིས་བརླབས། སྙན་གསན་དབབ་པ་སོགས་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་རྣམས་ཞི་བ་དང་ཕྱོགས་མཚུངས་པར་བྱའོ། །མཇུག་གི་ཆོ་ག་ནི། གོ་བསྒོ་ལུས་སྲུང་གི་བར་དོན་ལྔས་བསྟན་པ་བཞིན་ནོ། །དྲུག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། སྤྱན་འགྲེ ལ་ལས། བྱང་སེམས་ཕྱི་ནང་གསང་བ་དང་། གནས་བཞི་ཁམས་གསུམ་ཡེ་ཤེས་ཆེ། ཞེས་པས་ཕྱི་བྱང་ཆུབ་ཀྱི་སེམས་རྩ་དང་རླུང་། ནང་བྱང་ཆུབ་ཀྱི་སེམས་ཐིག་ལེ༑ གསང་བ་བྱང་ཆུབ་ཀྱི་སེམས་བདེ་ཆེན་གྱི་ཡེ་ཤེས་དང་གསུམ་ལས། དང་པོ་ནི། སྒྱུ་འཕྲུལ་སྙིང་པོ་བཀོད་པའི་རྒྱུད་ལས། སྲིད་གསུམ་སེམས་ཅན་ཐམས་ཅད་ལས། །སྲོག་ཤིང་གསུམ་དང་འཁོར་ལོ་བཞི། ཞེས་གསུངས་པ་ལྟར། རྩ་དང་རླུང་ལ་སྦྱང་གཞི་ཡེ་ཤེས་ཀྱི་རླུང་དང་། སྦྱང་བྱ་ལས་ཀྱི་རླུང་གཉིས་ལས། །ཕྱི་མ་ལའང་རྩ་བ་དང་ཡན་ལག་གིས་བསྡུས་པའི་རླུང་བཅུར་སྣར་རྒྱུ་བའི་རླུང་དང་བཅས་པའོ། །གཉིས་པ་ནང་བྱང་ཆུབ་ཀྱི་སེམས་ཐིག་ལེ་ནི། །སྙིང་ཁ་ན་སྲོག་མི་ཤིགས་པའི་ཐིག་ལེ་སོགས་ཡེ་ཤེས་ཀྱི་ཐིག་ལེ་དང་། རྣམ་ཤེས་ཀྱི་ཐིག་ལེ་དང་། སྙིགས་མ་ལ་སོགས་པའོ། །གསུམ་པ་གསང་བ་བྱང་ཆུབ་ཀྱི་སེམས་བདེ་ཆེན་གྱི་ཡེ་ཤེས་ནི། སྟེང་འོག་གི་སྒོ་ལ་བརྟེན་ནས་བདེ་ཆེན་གྱི་ཡེ་ཤེས་བསྐྱེད་པ་སྟེ། དགྱེས་རྡོར་ལས། དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ༑ ༑ལེན་པར་བྱེད་པ་དཀྱིལ་འཁོར་ཉིད། །འདུས་པ་དཀྱིལ་འཁོར་ཉིད་དུ་བརྗོད། །ཅེས་སོ༑ ༑བདུན་པ་ཚོམ་བུ་ཚོགས་སྒྲུབ་ཀྱི་དཀྱིལ་འཁོར་ནི། ཞི་ཁྲོ་གཉིས་ཀ་ལ་མཚུངས་པར་ཚོམ་བུ་གཅིག་གསུམ་ལྔ་པ་སྟེ། ཁོག་གཞུང་ལས། ཚོགས་ནི་འབྱོར་བ་རྣམ་པ་གསུམ། །
ཚོམ་བུ་གཅིག་གསུམ་ལྔ་པའོ། །ཞེས་སོ། །བཞི་པ་དབང་ལའང་གསུམ་ལས། །དང་པོ་ངོ་བོ་ནི། ཐུགས་ཐིག་ལས། རྒྱུ་གཉིས་རྐྱེན་བཞི་ཡན་ལག་བསྙད། །དྲུག་ལ་གནས་པའི་ཐོབ་བྱ་དེ། །ངོ་བོ་ཉིད་ཅེས་རྣམ་པར་བཤད། །ཅེས་པས། རྒྱུ་གཉིས་དང་རྐྱེན་བཞི་ལས།དང་པོ་མཚུངས་ལྡན་གྱི་རྒྱུ་ནི། གདོད་མ་ནས་རང་ལ་རང་ཆས་སུ་བཞུགས་པའོ། །གཉིས་པ་ལྷན་ཅིག་བྱེད་རྒྱུ་ནི། དབང་རྫས་རབ་གནས་ཀྱིས་བྱིན་རླབས་ཅན་ནོ། །གཉིས་པ་རྐྱེན་བཞི་ནི། ཕན་ནུས་ཟབ་མོའི་དབང་གསུམ་བསྐུར་རུང་བའི་སློབ་མ་རྒྱུའི་རྐྱེན་དང་། དབང་གསུམ་བསྐུར་ནུས་པའི་སློབ་དཔོན་ཚད་ལྡན་བདག་པོའི་རྐྱེན་དང་། རྫས་སྔགས་ཏིང་ངེ་འཛིན་གསུམ་འཛོམ་པའི་ནུས་པ་ཁྱད་པར་དམིགས་པའི་རྐྱེན། དབང་སྔ་མ་སྔ་མས་གོ་འབྱེད་ནས་ཕྱི་མ་ཕྱི་མས་འབྱུང་བ་དེ་མ་ཐག་རྐྱེན། དེ་ལྟ ར་རྒྱུ་རྐྱེན་ཚོགས་པ་ལ་བརྟེན་ནས་ལས་ཀྱི་ཐར་བའི་མྱུ་གུ་མངོན་དུ་བསྐྱེད་པའམ་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པ་ནི་དབང་གི་ངོ་བོའོ། །གཉིས་པ་ངེས་ཚིག་ནི༑ ཨ་བྷི་ཥིཉྩའི་སྒྲ་ལས། མངོན་པར་གཏོར་བའམ་བླུག་པ་སྟེ། དབང་གིས་སྒོ་གསུམ་གྱི་དྲི་མ་འཁྲུད་པ་ཙམ་ལ་འཇོག་ཅིང་། དགྱེས་རྡོར་ལས། གཏོར་བའམ་བླུག་པ་ཞེས་བྱ་བས། །དེ་ལན་དབང་ཞེས་བརྗོད་པར་བྱ། ཅེས་སོ། །གསུམ་པ་དབྱེ་བ་ལ་རྒྱུ་ལམ་འབྲས་གསུམ་ལས། དང་པོ་རྒྱུ་དུས་ཀྱི་དབང་ནི། སློབ་དཔོན་ལས་དངོས་སུ་རང་གིས་བླང་དགོས་ཏེ་དེ་ནི་སྨིན་པར་བྱེད་པའི་དབང་གང་ཞིག དེ་ཡིན་ན། ལམ་སྒོམ་པའི་སྔོན་དུ་འགྲོ་དགོས་པའི་ཕྱིར་རོ། །གཉིས་པ་ལམ་དུས་ཀྱི་དབང་ནི། ཕྱིས་སློབ་དཔོན་ཉིད་ལས་སམ། སྡོམ་ལྡན་རང་ཉིད་ཀྱིས་བླང་ཀྱང་རུང་སྟེ། སྔར་དབང་གིས་རྒྱུད་སྨིིན་པའི་ལམ་དེ་ཉིད་གོང་འཕེལ་དུ་བྱེད་པའི་དབང་ངོ་། །གསུམ་པ་འབྲས་དུས་ཀྱི་དབང་ནི། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ལམ་གྱིས་གྲུབ་པའི་ཀུན་ཏུ་འོད་དང་། སྔགས་རང་ལུགས་སུ་སློབ་ལམ་རྫོགས་པའི་རྒྱུན་མཐའ་དེར་འགྱུར་བ་ཡིན་ནོ། །འཕྲོས་དོན་དུ་གང་དག་གསལ་སྒྲོན་ལས། གསང་བ་ཤེས་རབ་
དབང་བསྐུར་ནི། །ཚངས་པར་སྤྱོད་པས་བླང་མི་བྱ། ཞེས་པའི་གསུང་དེ་ཉིད་སྒྲ་ཇི་བཞིན་པར་བཟུང་ནས། རབ་བྱུང་ལ་དབང་དེ་དང་དེ་མི་བསྐུར་ཟེར་བ་མི་འཐད་དོ། །རབ་བྱུང་ཐམས་ཅད་བླ་མེད་ཟབ་ལམ་གྱི་སྣོད་མ་ཡིན་པར་ཐལ་བའི་ཕྱིར། དེ་འདོད་ན་དུས་འཁོར་དུ་སྔགས་ཀྱི་རྟེན་མཆོག་དགེ་སློང་ཡིན་པར་གསུངས་པ་དང་འགལ་བྱའི་ཕྱིར་རོ། །བྱེ་བྲག་ཏུ་ཕྱེ་ན། རྩ་རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ༑ ཞེས་པས། ཕྱི་ཕན་དབང་། ནང་ནུས་དབང་། གསང་བ་ཟབ་མོའི་དབང་དང་གསུམ་ལས། དང་པོ་ཕན་དབང་ནི། འདི་ཉིད་ལས། སྙིང་པོ་ལྔ་དང་དབུ་རྒྱན་དང་། །བུམ་པ་ཅོད་པཎ་ཕྲེང་བ་སྟེ། །གོ་ཆ་རྒྱལ་མཚན་གདུགས་ཕྱག་རྒྱ། །བཟའ་བཏུང་དབང་རྣམས་རིམ་བཞིན་བསྐུར། ཞེས་གསུངས་པ་ལྟར་སློབ་མ་ལྷའི་བདག་ཉིད་དུ་གསལ་བ་ལ་རིན་པོ་ཆེའི་དབུ་རྒྱན་མགོར་བཅིང་སྟེ་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་ནི། ཕྱིར་མི་ལྡོག་པར་མཚོན་པའོ། །དར་དམར་མཐིང་གི་ཅོད་པཎ་མགོའི་གཡས་ གཡོན་དུ ་འཕུར་ཞིང་དཔྱངས་པས་སྒྲིབ་གཉིས་དག་ནས་ཐབས་ཤེས་ཟུང་འཇུག་མཚོན་པའོ། །མེ་ཏོག་གི་ཕྲེང་བས་ནི་ལས་དང་བག་ཆགས་དག་ནས་བྱང་ཆུབ་ཀྱི་ཚོགས་རྫོགས་པར་མཚོན་པའོ། །གོ་ཆས་ནི། ཕས་ཀྱི་རྒོལ་བས་མི་ཚུགས་ཤིང་བདུད་ཀྱི་རྒྱུ་འདུལ་བར་མཚོན་པའོ། །རྒྱལ་མཚན་གྱིས་མུ་སྟེགས་ལ་སོགས་པའི་ལྟ་བ་ལོག་པ་ཟིལ་གྱིས་མནན་ཏེ། མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བ་མཚོན་པའོ། །གདུགས་ཀྱིས་ནི། ཉོན་མོངས་པ་ཚ་བའི་གདུང་བ་ལས་སྐྱོབས་ཅིང་ཐུགས་རྗེས་འགྲོ་བ་སྐྱོབ་པ་མཚོན་བྱེད་དོ། །རྡོ་རྗེ་ལ་སོགས་པ་རིགས་ལྔའི་ཕྱག་རྒྱས་ནི། ཉོན་མོངས་པ་ལྔ་གནས་སུ་དག་ནས། ཡེ་ཤེས་ལྔ་ཐུགས་སུ་ཆུད་པར་མཚོན་པའོ། །དེ་གསུམ་ནི་གཞན་དོན་ཕུན་སུམ་ཚོགས་པའི་དབང་ངོ་། །བུམ་པས་ནི། ཉོན་མོངས་པའི་དྲི་མ་འཁྲུད་ཅིང་རིགས་ལྔའི་ནུས་པ་འཇོག་པ་དང་། ཟག་མེད་ཀྱི་ཆུ་རྒྱུན་མཚོན་བྱེད་དོ། །བཟའ་བཏུང་གིས། འདོད་ཡོན་ལྔ་ལ་མ་ཆགས་པར་སྤྱོད་པའི་དབང་ཐོབ་ནས་ཏིང་ངེ་འཛིན་གྱི་རོས་རྒྱས་པ་མཚོན་བྱེད་དོ། །འདི་ཉིད་ནི་རང་དོན་ཕུན་སུམ་ཚོགས་པའི་
དག་པའོ། འབྲས་བུ་ལྔས་བརླབས་ནས་སྙིང་པོ་ལྔ་ཡི་བསྐུར་བ་ནི། ཕུང་པོ་ལྔ་སྐུ་ལྔར་དག་བྱེད་དང་། འབྱུང་ལྔ་ཡུམ་ལྔར་དག་བྱེད་དང་། རྣམ་ཤེས་ལྔ་ཡེ་ཤེས་ལྔར་དག་པར་བྱེད་དོ༑ ༑དེ་ནི་འཁོར་འདས་གཉིས་སུ་མེད་པར་སྟོན་པའི་དབང་ངོ་། །གཉིས་པ་ནང་ནུས་པའི་དབང་ལྔ་ནི། གང་ཟག་དད་པ་ཅན་ལ་ཕྱི་ཕན་པའི་དབང་བཅུ་བསྐུར་བའི་སྟེང་རྒྱུད་ལ་ཐོས་བསམ་བྱེད་ནུས་ཀྱི་གང་ཟག་ལ་ཉན་དབང་དང་། བསྐྱེད་རིམ་གྱི་ལམ་དང་རྫོགས་རིམ་རྗེས་མཐུན་ཙམ་སྒོམ་ནུས་ཀྱི་གང་ཟག་ལ་ཕྲིན་ལས་ཀྱི་དབང་དང་། རྒྱུད་འཆད་ནུས་ཀྱི་གང་ཟག་ལ་འཆད་དབང་དང་། རབ་གནས་དང་སློབ་བུར་དབང་སྐུར་བ་སོགས་བདག་གཞན་གཉིས་ཀའི་དོན་བྱེད་ཀྱི་རྡོ་རྗེ་སློབ་དཔོན་མཆོག་ཏུ་འོས་པ་རྣམས་ལ་རྡོ་རྗེ་སློབ་དཔོན་བཀའ་རབ་འབྱམས་ཀྱི་དབང་བསྐུར་བའོ། །གསུམ་པ་གསང་བ་ཟབ་མོའི་དབང་བསྐུར་ཚུལ་ནི། སློབ་དཔོན་ཡབ་ཡུམ་གཙོ་བོ་ཡབ་ཡུམ་ཏུ་བསྐྱེད་དེ་མཁའ་གསང་རློབས་ཅིང་བརྡའ་བཞིས་བསྐུལ་ཏེ། ཕྱག་རྒྱ་བཞིས་སྙོམ་པར་ཞུགས་པའི་ལྷན་སྐྱེས་བདེ་བའི་རང་བཞིན་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་ཧཱུྃ་ཡིག་གི་རྣམ་པར་ཡབ་ཀྱི་རྡོ་རྗེ་ནས་དབབ་ཐབས་ཀྱིས་ཕབ་སྟེ་ཡུམ་གྱི་པདྨོར་བཟུང་ནས་ཐབས་ཀྱིས་བསྐྱིལ་པ་དང་བཅས་པ་སྐུར་ཐབས་གསུམ་པོ་གང་རུང་གི་སྒོ་ནས་བསྐུར་ཏེ། འཇམ་དཔལ་དམར་པོའི་བང་མཛོད་ལས། བ་དང་བེའུ་ཚུལ་དག་གིས། །དེ་བཞིན་བུང་བ་སྦྲང་རྩིའི་ཚུལ། །ཡང་ན་བྱ་དང་བྱེའུ་ཚུལ་བཞིན། ཞེས་པས། ཐབས་ཀྱིས་གསང་དབང་། ཡབ་ཀྱི་རྡོ་རྗེ་ནས་ལེན་པ་བྱ་དང་བྱེའུའི་ཚུལ་དང་། ཤེས་རབ་ཀྱི་གསང་དབང་ཡུམ་གྱི་པདྨའི་སྣ་རྩེ་ལས་ལེན་པ་མེ་ཏོག་དང་བུང་བའི་ཚུལ་དང་། དེ་ལྟར་མི་ནུས་པས་ཐ བས་ཤེས་གཉིས་མེད་ཀྱི་གསང་དབང་ཡབ་ཀྱི་ལྕེས་པདྨ་ལས་བླང་སྟེ་བུ་ལ་སྟེར་བ་བྱ་དང་བྱེའུའི་ཚུལ་དུ་འགྱུར་བའོ། །དེ་ལ་ཅིའི་གསང་དབང་ཞེས་བྱ་ཞེ་ན། རྟོག་མེད་ཀྱི་བདེ་བའི་ཡེ་ཤེས་ངོས་ཟིན་དཀའ་བའི་དོན་དེ་རྟེན་ཁུ་བ་ཡེ་ཤེས་ཀྱི་རོ་དང་ལྡན་པ་ལ་བརྟེན་ནས་ཐོབ་པའི་ཕྱིར་དང་། དེ་བྱིན་ཡང་ད་དུང་བླ་མ་ཡབ་ཡུམ་ཀྱིས་མྱོང་བ་ལྟར་སློབ་མ་ལ་མི་སྣང་བ འི་ཕྱིར་དང་། གནས་སྐབས་སུ་ཐེག་པ་འོག་མ་རྣམས་ལ་གསང་བའི་
སྤྱོད་པ་ཡིན་པའི་ཕྱིར་གསང་དབང་ཞེས་བྱ་སྟེ། དེ་བསྐུར་བའི་དུས་ནི་ནུས་དབང་ཐོབ་ནས་སྟེང་སྒོ་རྣམ་པར་གྲོལ་བའི་རྫོགས་རིམ་ལ་སློབ་པའི་སྔོན་དུའོ། །གཉིས་པ་ཡེ་ཤེས་རང་གནས་ཀྱི་དབང་བསྐུར་ཐོབ་ནི། ཤེས་རབ་མ་ལོ་བཅུ་དྲུག་ལོན་པ་དང་བུ་གཉིས་སྔར་བཞིན་བྱིན་གྱིས་བརླབས་ཏེ་རོལ་བས། ཧཱུྃ་ཡིག་གི་རྣམ་པའི་ཉི་ཟླ་བྱང་ཆུབ་ཀྱི་སེམས་རྒྱུན་དགའ་བཞིའི་འགྲོས་ཀྱིས་རྡོ་རྗེ་ནས་པདྨའི་ལམ་དུ་དབབ་སྟེ་བཟུང་བའི་ཐབས་ཀྱིས་བསྐྱིལ་བ་དེ་ཉིད་བཞག་ནས་གསང་རྩ་ཕན་ཚུན་དུ་བསྣོལ་བར་བཀོད་པས་ཐིག་ལེ་གཉིས་རྩེ་སྤྲད་པའོ། །བསྟིམ་གནས་ནི་རིག་པའི་ཕོ་བྲང་སྟེ། ངེས་འབྱེད་ལས། གནས་ནི་རིག་པའི་ཕོ་བྲང་ངོ་། །ཞེས་སོ། །དེའི་མཚོན་བྱེད་དཔེའི་བདེ་བ་ནི་བྱང་སེམས་གཉིས་ཤོར་མཉམ་གྱི་ཚེ་ལྷན་སྐྱེས་ཀྱི་དགའ་བ་རྟོག་བཅས་སུ་མྱོང་ཞིང་། དེས་མཚོན་བྱ་དེ་སེམས་ཉིད་དོན་དམ་གྱི་ཡེ་ཤེས་སུ་བསྒྱུར་བ་སྟེ། ཐལ་རྒྱུད་ལས། རྗེས་སུ་འཇུག་པའི་ཕྱག་རྒྱ་ཉིད། །ཟིལ་བའི་ཐིག་ལེ་སྔོོན་ལམ་བཞིན། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་གཅིག །ཕན་ཚུན་འགོད་པའི་སྟོབས་ཀྱིས་བསྟིམ། །བདེ་བ་གཉིས་པའི་ངོ་བོ་ཉིད། །གསུམ་པའི་ཡེ་ཤེས་དཀྱིལ་འཁོར་དུ། །གསལ་བར་ཤར་བས་མྱུར་བའི་སྒྲ། །རང་བཞིན་འོད་གསལ་དཀྱིལ་འཁོར་རོ། །ཞེས་སོ། །དེ་ལ་ཡེ་ཤེས་རང་གནས་ཀྱི་དབང་ཞེས་བྱ་སྟེ། ཉམས་སུ་མྱོང་བའི་ཡེ་ཤེས་དེ་རང་ལ་གསལ་བའི་ཕྱིར་དང་། རང་གནས་མཚུངས་ལྡན་གྱི་རྒྱུ་དེ་ཤེས་རབ་མའི་ལྷན་ཅི ག་བྱེད་རྒྱུ་ལ་བརྟེན་ནས་རྒྱུད་ལ་མྱོང་དགོས་པའི་ཕྱིར་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་ཀྱང་གྲགས་སོ། །དེ་བསྐུར་བའི་དུས་ནི་གསང་དབང་ཐོབ་ནས་འོག་སྒོ་བདེ་བ་ཆེན་པོའི་རྫོགས་རིམ་ལ་སློབ་པའི་སྔོན་དུའོ། །གསུམ་པ་དབྱེར་མེད་བདེ་ཆེན་གྱི་དབང་ནི། ཤེས་རབ་མ་ལོ་བཅུ་གཉིས་དང་བུ་ཉིད་སྙོམས་པར་ཞུགས་པའི་ཡས་བབ་ཀྱི་དགའ་བཞིའི་འགྲོས་རེ་རེ་ལའང་། དགའ་བ་བཞི་བཞི་སྟེ་བཅུ་དྲུག་དང་། ཉི་ཟླ་གཉིས་འབྲེལ་གྱི་མཚན་སོ་གཉིས་དང་། ཟླ་བའི་ཐིག་ལེ་རེ་རེ་ལ་ཡང་ཡེ་ཤེས་ལྔ་ལྔའི་རོ་དང་ལྡན་པའི་ཕྱིར་དཔེ་བྱད་བརྒྱད་ཅུ་རྫོགས་ཤིང་མངོན་ཤེས་དྲུག་ཀྱང་འཆར་རོ། སླར་ཡང་ཡུམ་གྱི་རྩ་ཁ་ཁ་མུ་ཁའི་རྩེ་ནས་ཉི་ཟླ་གཉིས་འདྲེས་ཏེ་
ལྡོག་པའི་ཐབས་ཀྱིས་རྡོ་རྗེར་ཐིམ་ཞིང་། སླར་ཡང་མས་བསྟན་གྱི་དགའ་བ་བཞིའི་མཐར། ཉམས་སུ་མྱོང་བྱའི་ཡེ་ཤེས་དེ་དང་རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཉིས་རོ་གཅིག་ཏུ་ཚིག་ཙམ་གྱིས་བརྡ་སྤྲོད་པ་ཚིག་གི་བཞི་པ། བསམ་གྱིས་མི་ཁྱབ་པའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྐུ་དང་ཡེ་ཤེས་དབྱེར་མེད་བདེ་བ་ཆེན་པོའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པ་དོན་གྱི་བཞི་པ། ཡེ་ཤེས་ངོས་མ་ཟིན་ན་ལས་རྒྱ་ལ་བརྟེན་ནས་ཉམས་སུ་མྱོང་བ་རྟེན་ཅན་གྱི་བཞི་བ། དེ་ལམ་དུ་ཁྱེར་ནས་ཉམས་སུ་ལེན་པ་ལམ་གྱི་བཞི་པ། ཡས་འབབ་དང་དགའ་བཞིའི་འགྲོས་རེ་རེ་ལ་ཡང་དགའ་ཆུང་བཞི་བཞིར་ཕྱེ་བའི་དགའ་བ་བཅུ་དྲུག་གི་བཞིས་ཚོགས་ལམ། དེ་ནས་རེ་རེས་སྦྱོར་མཐོང་། དགུས་སྒོམ་ལམ། བཅུ་དྲུག་གི་མཐའ་ལ་མི་སློབ་ལམ་སྟེ་སྐུ་བཞི་མངོན་དུ་བྱེད་པའི་འབྲས་བུའི་བཞི་པའོ། །དེ་ལྟར་ཡང་རྡོ་རྗེ་ལས་རིམ་ལས། གནས་ནི་ཡེ་ཤེས་བཅུ་དྲུག་པོ། །ཚོགས་སྦྱོར་ལ་སོགས་དང་པོ་ནས། །མཐར་ཕྱིན་སངས་རྒྱས་ས་ཉིད་ཀྱི། །གནས་ཀྱི་རང་བཞིན་དབྱེ་བ་ལས། །ཕ་རོལ་ཕྱིན་དང་ས་མཚན་ཉིད། །མཚུངས་ཕྱིར་རྫོགས་པར་བཤད་པ་ཡིན། ཞེས་སོ། །ཁྲོ་བོ་ལ་ཡང་། གདན་དང་ལྷ་དབང་ཕྱག་མཚན་དང་། །ཆས་བཅུ་སྒྲུབ་རྫས་བཅོ་ལྔའོ། །ཞེས་པས་ཕན་དབང་ལ་ཉེར་བརྒྱད་དུ་ཕྱེ་བས། ནང་གསེས་ཀྱི་གྲངས་སོ་དྲུག་སྟེ། དེ་འདྲེན་ཚུལ་ནི། ཕྱག་རྒྱ་ལྷའི་དབང་། བསྒོམ་པ་ཕྱག་མཚན་གྱི་དབང་། དྲེགས་པ་གདན་གྱི་དབང་གསུམ་ནི་རེ་རེ་དང་། དེ་ལས་གཞན་རྣམས་ཀྱི་བྱེ་བྲག་བགྲང་བའི་སྡོམ་ཚིག་ནི། རྒྱན་ཆས་རྟགས་ལ་བཅུ་ཡིན་ཏེ། །དབུ་རྒྱན་བུམ་པ་སྙིང་པོ་ལྔ། །ཅོད་པཎ་གོ་ཆ་ཕྲེང་བ་རྒྱན། །ཐོད་ཕྲེང་རྟགས་གསུམ་མེ་དཔུང་ངོ་། །ནུས་པའི་དབང་ལ་ལྔར་ངེས་ཏེ། །ཉན་སྒོམ་འཆད་ལས་རབ་འབྱམས་དབང་། །སྒྲུབ་པའི་དབང་ལ་བཅོ་ལྔ་སྟེ། །བདུད་རྩི་ལྔ་དང་ཤ་ལྔ་དང་། །རཀྟ་རྒྱལ་མཚན་གདུགས་ཁ་ཊྭཱཾ། །ཕུར་པ་རྡོ་རྗེ་དྲིལ་རྔེའུ་ཆུང་། །ཡུངས་དཀར་གཟུངས་མ་ཕྲེང་བ་དང་། །ཚེ་དང་བཟའ་བཏུང་མིང་དབང་ངོ་། །ཟབ་དང་གསུམ་སྟེ་གསང་བ་དང་། །ཤེས་རབ་ཡེ་ཤེས་བདེ་ཆེན་པོ། །ཞེས་པ་ལྟར་རོ། །དེ་ལྟར་དབང་སྐུར་ཚུལ་ནི་ངེས་འབྱེད་ལས། བཞག་པའི་གནས་དང་
བསྟི མ་པའི་གནས། དེ་ནི་ཁོང་དུ་ཆུད་པ་གཅེས། ཞེས་གསུངས་པ་ལྟར། དང་པོ་བཞག་གནས་ནི། དེ་ལས། སྤྱི་དབང་ལུས་ལ་བསྐུར་བ་སྟེ། །ཁྱད་པར་སྙིང་པོ་དབུ་རྒྱན་བུམ། །གདུགས་དང་ཅོད་པཎ་ཕྲེང་བ་མགོ །གོ་ཆ་ལུས་ཏེ་རྒྱལ་མཚན་ལག །བཟའ་བཏུང་ངག་གི་ལམ་དུའོ། །ཕྱག་རྒྱ་སྤྱི་བོའམ་སྙིང་ག་སྟེ། ཞེས་སོ། །དབང་རྫས་ནི། ངེས་འབྱེད་ལས། རྫས་ནི་གླེགས་བམ་རྒྱ་གྲམ་དང་། །འཁོར་ལོ་ཕྲེང་བ་རྡོ་རྗེ་དྲིལ། །འབྱུང་བ་དོན་ཡོད་སྣང་མཐའ་ཡས། །ཡི་དམ་རིགས་ལྔའི་རབ་གནས་ལྡན། ཞེས་སོ། །ཟབ་དབང་ལས། རྫས་ནི་སྐབས་ཀྱིས་ཕྱག་རྒྱ་མོ། །ཟླ་བ་འཛག་པ་གཏད་པའོ། །ཞེས་སོ། །བསྟིམ་གནས་ནི། དབང་གི་གལ་པོ་ལས། སེམས་ཀྱི་དཀྱིལ་ནས་དྲང་བའི་ཆུ། །ཁྱོད་ཀྱི་ལྕེ་ལ་བཞག་པ་འདི། །སྙིང་གི་དཀྱིལ་དུ་བཟུང་བར་བྱེད། །ཞེས་སོ། །དེ་ལྟར་དབང་ཐོབ་པའི་ཚད་ནི། ཁོག་གཞུང་ལས། རྣོ་ལ་ངར་བཏགས་ནུས་པ་བཞིན། ནུས་པ་སྐྱེས་པའི་ཚད། ཅེས་སོ། །དབང་མ་ཐོབ་པའི་སྐྱོན་ནི། འདི་ཉིད་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། སོགས། ཞེས་གསུངས་པ་ལྟར། དབང་བསྐུར་བ་པོའི་སློབ་དཔོན་སྒོ་གསུམ་གྱིས་མཉེས་པར་མ་བྱས་ཤིང་། ཕན་ནུས་ཟབ་མོའི་དབང་རྣམས་རྒྱུད་ལ་ཐོབ་པར་མ་བྱས་པར་གསང་སྔགས་ཀྱི་རྒྱུད་དང་མན་ངག་ཉན་འཆད་སྒོམ་པ་ལ་སོགས་པའི་བྱ་བ་བརྩམས་པ་རྣམས་ཚེ་འདིར་སྒྲུབ་པའི་འབྲས་བུ་མེད་ཅིང་ཕྱི་མ་ངན་སོང་དུ་ལྟུང་བས་བརླག་པར་འགྱུར་བ་སྟེ། བྱ་རྒྱུད་ལས། གང་ཞིག་བྱང་ཆུབ་སེམས་ནི་མ་བསྐྱེད་ཅིང་། །གང་ཞིག་དཀྱིལ་འཁོར་དུ་ནི་མ་ཞུགས་པས། །ང་ཡི་གསང་སྔགས་བཟླས་ན་ཚིག་པར་འགྱུར། ཞེས་སོ། །དབང་ཐོབ་པའི་ཡོན་ཏན་ལ་ཡང་རྒྱལ་བའི་སྲས་སུ་ཆུད་པ། ཐེག་པ་དམན་པར་མི་ལྡོག་པ། དུས་ཉེ་བ། ལུང་བསྟན་ཐོབ་པ་དང་བཞི་ལས། རྒྱལ་བའི་སྲས་སུ་ཚུད་པ་ནི། དབང་ཐོབ་པ་དེ་ནས་བཟུང་སྟེ་སངས་རྒྱས་ཀྱི་སྲས་སུ་དགོངས་ཤིང་། ཚེ་འདི་ཉིད་ལ་འདོད་པ་འགྲུབ་ཅིང་། ཕྱི་མར་མཐོ་རིས་དང་ཐར་པ་འགྲུབ་ལ། ངན་སོང་ཐམས་ཅད་རྒྱུན་ཆད་པ་སྟེ། འདི་ཉིད་ལས། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས་སོགས། ཞེས་སོ། །ཐེག་པ་དམན་པར་མི་ལྡོག་པ་ནི་རྒྱུད་རྡོ་རྗེ་རྩེ་
མོ་ལས། ཇི་སྲིད་ས་བརྒྱད་མ་ཐོབ་པར། །དེ་སྲིད་ཐེག་པ་དམན་པས་འཇིགས། །གསང་ཆེན་ཐེག་པ་འདི་རུ་ནི། །ཞུགས་པ་གང་དང་གང་ཡིན་པ། །དེ་ནི་རྒྱལ་སྲས་ས་པ་ཡིན། །དུས་ཉེ་བ་ནི། འདི་ཉིད་ལས། གཞན་ཚེ་བཅུ་དྲུག་གིས་ཐོབ་པ། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་སོགས་དང་། ཡང་རྒྱུད་གསང་མཛོད་ལས། དབང་བསྐུར་ཡན་ལག་བྱིན་ལྡན་པ། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ན་ནི། །མ་སྒྲུབ་པ་ཡང་དངོས་གྲུབ་ཐོབ། ཅེས་སོ། ལུང་བསྟན་ཐོབ་པ་ནི། སངས་རྒྱས་མཉམ་སྦྱོར་ཀྱི་རྒྱུད་ལས། །སློབ་མ་དཀྱིལ་འཁོར་བཙུད་ནས་ཀྱང་། །ཡོན་གྱི་མཆོག་དག་བླང་ནས་ནི། །རྡོ་རྗེའི་མིང་གིས་དབང་བསྐུར་བས། །དེ་ནི་ལེགས་པར་དེ་ལུང་བསྟ ན། །ཕྱག་རྒྱའི་སྦྱོར་བ་དེ་དག་གིས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །རྡོ་རྗེའི་མིང་དུ་རབ་ཏུ་གྲགས། །དེ་ནས་སངས་རྒྱས་སུ་ཡང་འགྱུར། །ཞེས་སོ། །ལྔ་པ་མི་འདའ་བ་དམ་ཚིག་ལ་ཡང་གསུམ་ལས། དང་པོ་ངོ་བོ་ནི། རྒྱུད་ཕྱི་མ་ལས། གང་ཞིག་ནན་ཏན་ལས་མི་འགོང་། །རྨི་ལམ་དུ་ཡང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་པས། གང་སྲུང་བྱའི་དམ་ཚིག་ཁྱད་པར་ཅན་ནི་འོག་ནས་འབྱུང་བའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཡིན་ལ་དེ་ལས་མི་འདའ་བར་སྡོམ་པའི་བསམ་པ་རྒྱུན་ཆགས་པ་དང་། གཉིད་དང་སེམས་གཡེང་བའི་གནས་སྐབས་སུ་ཡང་སྡོམ་པའི་ས་བོན་དང་བཅས་པའོ། །གཉིས་པ་ངེས་ཚིག་ནི། ས་མ་ཡའི་སྒྲ་ལས་དྲངས་ན་དངོས་སུ་ཡལ་གམ་བཅས་པའི་ཐ་ཚིག་ལ་འཇུག་སྟེ། སྔོན་རང་གིས་ཇི་ལྟར་དམ་བཅས་པ་ལས་མི་འདའ་བའི་ཕྱིར་དམ་ཚིག་སྟེ། ཇི་སྐད་དུ། འདའ་དཀའ་རྡོ་རྗེའི་དམ་ཚིག་སོགས་ཞེས་སོ། །རྣམ་པ་གཅིག་ཏུ་ན། ངན་སོང་གི་གནས་སུ་རྒྱུད་ཚིག་པའི་ཉེས་དམིགས་སུ་བྱས་ནས་དམ་ཚིག་ཏུ་བརྗོད་པ་སྟེ། ཇི་སྐད་དུ། དམ་པ་སྐུ་གསུང་ཐུགས་ཡིན་ཏེ། དེ་ལས་འདས་ན་ཚིག་པར་འགྱུར། ཞེས་དང་། །གལ་པོ་ལས། མི་འདའ་དམ་པ་མཆོག་འགྱུར་ཞིང་། །འདས་པར་གྱུར་ན་ཚིག་པར་
འགྱུར། །ཞེས་དང་། བརྟག་གཉིས་ལས། དམ་པ་འདི་ལས་གང་འདའ་བ། །རྡོ་རྗེ་ཅན་ཡང་ཚིག་པར་འགྱུར། །ཞེས་སོ། །གསུམ་པ་དབྱེ་བ་ལ་ཡང་རྩ་བའི་དམ་ཚིག་ལྔ་དང་། ཡན་ལག་གི་དམ་ཚིག་ལྔ་ཚན་གཉིས། །སྤྲོ་ན་སུམ་བརྒྱ་དྲུག་ཅུའོ། །དང་པོ་རྩ་བའི་དམ་ཚིག་ལྔ་ནི༑ ༑འདི་ཉིད་ལས། བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་ཆད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ༑ ༑སྒྲུབ་དང་སྲུང་བའི་དམ་ཚིག་མཆོག །ཞེས་གསུངས་པ་ལྟར་ལྔ་ལས། བསྡུ་ན་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་དུ་འདུ་སྟེ། དེ་ཡང་དང་པོ་རྡོ་རྗེ་ལྟ་བུའི་དམ་ཚིག་ནི། སྒོ་གསུམ་གཡོ་ཟོལ་མེད་པས་བླ་མ་ཅི་མཉེས་ཀྱི་སྒོ་ནས་བཀུར་བ་སྟེ། བདེ་འདུས་ཞི་རྒྱུད་ལས། རྒྱུད་འགྲོལ་དབང་བསྐུར་དེ་ཉིད་བསྟན། །བླ་མ་ཉིད་དང་ལྷན་དུ་འགྲོགས། །ལུས་ངག་ཡིད་གསུམ་འགྱུར་བ་ནི། །རྡོ་རྗེ་སྐུ་ཡི་དམ་ཚིག་གོ །ཞེས་སོ། །བཀུར་ཚུལ་ནི། ཡུལ་གྱི་དབྱེ་བས་སྤྱིར་ཀུན་གྱི་དམ་པར་བཀུར་ཞིང་བཀའ་དྲིན་ཅུང་ཟད་ཐོབ་པ་སྤྱིའི་བླ་མ། རབ་བྱུང་གི་མཁན་པོ་ལྟ་བུ་ཆོས་སྒོར་འདྲེན་པའི་མཁན་པོ་དང་། དམ་ཚིག་འབོགས་ཤིང་དབང་བསྐུར་བ་པོ་དམ་ཚིག་དབང་གི་སློབ་དཔོན། ཉེས་ལྟུང་བཤགས་ཡུལ་དུ་གྱུར་པ་ཉམས་ཆགས་སྐོང་བའི་བླ་མ། ཆོས་འཆད་པའི་སློབ་དཔོན་ལྟ་བུ་ཤེས་རྒྱུད་འགྲོལ་བའི་བླ་མ། ཟབ་མོའི་གདམས་པ་སྟོན་པའི་བླ་མ་ལྟ་བུ་མན་ངག་ལུང་གི་སློབ་དཔོན་ཏེ་དྲུག་པོ་བཀུར་ཚུལ་གྱི་དཔེ་ཡང་རིམ་པ་བཞིན། དེ་ཉིད་ལས། ཡུལ་ལ་དབང་བའི་རྒྱལ་པོ་དང་། །ཁུ་བོ་ཕ་དང་མ་དང་མིག །སྙིང་པས་ལྷག་པའི་ཚུལ་བལྟས་ཏེ། ཞེས་པའི་གོ་རིམ་བཞིན་བཀུར་དགོས་ཏེ་ཁྱད་པར་དུ། དབང་བསྐུར་རྒྱུད་འཆད། མན་ངག་མནོས་པ་གསུམ་ནི་བཀའ་དྲིན་གསུམ་ལྡན་གྱི་བླ་མ་ཡིན་པས་ལྷག་པར་ཡང་བཀུར་དགོས་ཏེ། བདེ་འདུས་ཞི་རྒྱུད་ལས། རྒྱུད་འགྲོལ་དབང་བསྐུར་དེ་ཉིད་བསྟན། ཅེས་སོ། །དེ་ཡང་། སངས་རྒྱས་ལས་ལྷག་པར་བཀུར་བ་དང་། མཉམ་པར༴ དཀོན་མཆོག་བཞི་པ་བཀུར་བ་སྟེ། དང་པོ་ནི། དགོངས་འདུས་ལས། བསྐལ་པའི་སངས་རྒྱས་མཆོད་པ་བས། །བླ་མའི་བ་སྤུ་ཉག་ཅིག་ལ། །འབྲུ་མར་ཐིག་པ་གཅིག་
བྱུག་ན། །བསོད་ནམས་ཕུང་པོ་ཁྱད་པར་འཕགས། ཞེས་སོ། །སངས་རྒྱས་དང་མཉམ་པར་བལྟ་བ་ནི། རྣམ་སྣང་སྒྱུ་དྲྭ་ལས། བླ་མ་སངས་རྒྱས་ཀུན་དང་མཉམ། ཞེས་སོ། །དཀོན་མཆོག་བཞི་པར་བལྟ་བ་ནི། །སངས་རྒྱས་མཉམ་སྦྱོར་ལས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡང་ནི་བཞི་པ་ཡིན། །ཞེས་སོ། །གཉིས་པ་རྡོ་རྗེ་གསུང་གི་དམ་ཚིག་ནི། །དབང་པོ་དང་བརྩོན་པ་རབ་ཀྱིས་ཆུ་བོའི་རྒྱུན་བཞིན་ནམ། ཉིན་མཚན་དུས་དྲུག་གི་སྒོ་ནས་ཉམས་སུ་ལེན་པ་དང་། འབྲིང་གིས་ཟླ་རེར་དུས་དྲུག་གམ་དུས་བཞིའི་སྒོ་ནས་ཉམས་སུ་ལེན་པ་དང་། ཐ་མས་ཀྱང་ཉ་སྟོང་ངམ་དུས་དང་ཟླ་དུས་ཀྱི་མཆོད་པ་རྒྱུན་མ་ཆད་པར་ཉམས་སུ་ལེན་དགོས་པ་ཡིན་ཏེ། བདེ་འདུས་ཞི་རྒྱུད་ལས། རང་གི་ཡི་དམ་ལྷ་མཆོག་གི ། སྔགས་དང་ཕྱག་རྒྱ་རབ་འཛིན་པས། །དུས་གསུམ་རྒྱུན་དུ་མི་གཅོད་པ། །རྡོ་རྗེ་གསུང་གི་དམ་ཚིག་ཡིན། །ཞེས་སོ། །རྔམ་གློག་ལས། རབ་ཀྱིས་ཆུ་བོའི་རྒྱུན་བཞིན་ནམ། །ཉིན་གསུམ་མཚན་གསུམ་དུས་དྲུག་ཏུ། །མ་ཡེངས་ཙམ་དུ་ངང་གིས་བཟླ། །འབྲིང་གིས་ཟླ་རེ་དུས་དྲུག་གམ། །དུས་བཞིའི་བར་དུ་མི་བཅད་ཅིང་། །ཐ་མར་བྱ་བའི་རྣལ་འབྱོར་པས། །ཟླ་རེའམ་ར་བའི་དུས་དག་ཏུ། །བརྩོན་པས་འབད་དེ་མི་སྒྲུབ་ན། །བྱང་ཆུབ་ས་བོན་བརླག་པ་ཡིན། །ཚོགས་དང་གཏོར་མའང་དེ་བཞིན་དུ། །ཐ་མར་ལོ་ཟླར་མི་འདའོ། །ཞེས་སོ། །མཆེད་ལ་བྱམས་པ་ནི། སེམས་ཅན་ཐམས་ཅད་ཡེ་གདོད་མ་ནས་བདག་གི་སྤུན་ཡིན་པའི་ཕྱིར་སྤྱིའི་མཆེད་དང་། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་སོ་ཅོག་ནི་བསྟན་པ་གཅིག་པའི་མཆེད་དང་། ཉེ་བའི་མཆེད་བླ་མ་གཅིག་གིས་བསྡུས་པ་ཕ་གཅིག་གིས་སྤུ ན་དང་། དེའི་ཤུགས་ཀྱིས་དཀྱིལ་འཁོར་གཅིག་གིས་མ་གཅིག་གི་སྤུན་དང་། ཆོས་ལྷན་གཅིག་ཏུ་ཞུས་པ་ནི་ཉེ་བའི་མཆེད་དང་། དབང་ལྷན་ཅིག་ཏུ་ཞུས་པ་ནི་འདྲེས་པའི་མཆེད་དེ། རྔམ་གློག་ལས། རྡོ་རྗེའི་སྤུན་ལ་གདུང་སེམས་ཀྱང་། འདྲེས་དང་མ་འདྲེས་ཡོངས་ཀྱིས་སྤུན། །བསྙད་དང་བཅས་པའི་སེམས་ཙམ་ཀྱང་། །དྲག་ཏུ་སྤང་བར་བྱ་བ་ཡིན། ཞེས་སོ། །གསུམ་པ་རྡོ་རྗེ་ཐུགས་ཀྱི་དམ་ཚིག་ནི། གསང་བ་བཅུ་གཞན་ལ་མི་སྨྲ་བ་དང་། ཡུལ་བླ་ན་མེད་པའི་
བྱང་ཆུབ་ཀྱི་སེམས་གསུམ་མི་སྤང་བ་སྟེ། བདེ་འདུས་ཞི་རྒྱུད་ལས། བྱང་ཆུབ་སེམས་གསུམ་དགོངས་པ་ནི། རྡོ་རྗེ་ཐུགས་ཀྱི་དམ་ཚིག་ཡིན། ཞེས་སོ། །དེ་ཡང་གསང་བ་བཅུ་ནི། གསལ་བཀྲ་ལས། དམ་ཉམས་དམ་ལས་ལོག་པ་དང་། །དམ་མེད་དཀྱིལ་འཁོར་མ་མཐོང་དང་། འདྲེས་དང་མ་འདྲེས་ཐམས་ཅད་ལ། ཞེས་དང་པོས་གང་ལ་གསང་བའི་ཡུལ་བསྟན་ནས། གང་གསང་ན། སྔ་མ་ལས། སྤྱི་དང་བར་གསང་བཞི་བཞི་དང་། །འོས་དང་གཉེར་གཏད་རྣམ་པ་བཅུ། ཞེས་པས་སྤྱི་གསང་བཞི། བར་གསང་བཞི། གསང་བར་འོས་པ། གསང་བར་གཉེར་གཏད་པ་དང་བཞི་ལས། དང་པོ་ནི། སྔ་མ་ལས། ལྟ་ཟབ་སྤྱོད་པ་བརླང་པོ་དང་། །འོས་དང་གཉེར་གཏད་རྣམ་པ་བཞི། ལྷ་ཡི་གཟུངས་དང་གྲུབ་རྟགས་གསང་། ཞེས་པས་ལྟ་བ་བདེན་པ་དབྱེར་མེད། སྤྱོད་པ་བརླང་པོ། རང་གི་ཡི་དམ་གྱི་ལྷའི་མཚན་དང་། དེའི་སྔགས་དང་སྒྲུབ་པའི་རྟགས་མཚན་ལ་སོགས་པ་མ་འདྲེས་པ་ལ་བསྟན་ན་དམ་ཚིག་ཉམས་ཤིང་། འདྲེས་པ་ལའང་རང་དགར་བསྟན་ན་དངོས་གྲུབ་ཉམས་པར་གསུངས་པས་ཐམས་ཅད་དུ་གསང་བར་བྱ་བ་ཡིན་ཏེ། རྔམ་གློག་ལས། སྣོད་མ་ཡིན་པའི་གང་ཟག་ལ། །དུས་དང་གནས་སྐབས་ཀུན་ཏུ་གསང་། །སྣོད་དང་ལྡན་པ་རྣམས་ལ་ཡང་། །དབང་མ་ཐོབ་པར་བསྟན་མི་བྱ། །ཞེས་སོ། །བར་གསང་བཞི་ནི། གསལ་བཀྲ་ལས། སྒྲུབ་པའི་གནས་དུས་གྲོགས་དང་རྫས། །བར་དུ་གསང་ལ་སྒྲུབ་པར་བྱ། །ཞེས་པས་དེ་དག་ནི་སྒྲུབ་པ་ཇི་ཙམ་བྱ་བའི་བར་དེ་སྲིད་དུ་གསང་བའོ། །གསང་བར་འོས་པ་ནི། ཐེག་ཆེན་བླ་ན་མེད་པའི་ལྟ་སྤྱོད་ཟབ་མོ་དང་། མཆེད་ཀྱི་ངན་སྤྱོད་སོགས་མཐོང་ཐོས་སུ་མི་རུང་བ་རྣམས་སོ། །གསང་བར་གཉེར་གཏད་པ་ནི། སློབ་དཔོན་དང་མཆེད་ཀྱིས་གསང་བར་བཀའ་རྒྱས་བཏབ་པ་རྣམས་ཏེ། ཞི་རྒྱུད་ལས། གཞན་ཡང་སློབ་དཔོན་མཆེད་ལྕམ་གྱིས། །གསང་བར་བསྒྲགས་དང་གནས་སྐབས་སུ། །དེ་ལྟར་འོས་པ་ཤིན་ཏུ་གསང་། ཞེས་སོ། །གཉིས་པ་ཡན་ལག་གི་དམ་ཚིག་ལ་ཡང་། མི་སྤང་བ་ལྔ་དང་། མི་འདོར་བ་ལྔ་གཉིས་ལས། དང་པོ་ནི། འདི་ཉིད་ལས། གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །ཞེས་པས།
དེ་ལ་དབྱེ་ན། གསལ་བཀྲ་ལས། ཡང་དག་དུག་ལྔ་ལོག་དུག་ལྔ། ཞེས་པ་གཉིས་ལས། ཡང་དག་པའི་དུག་ལྔ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་ལྟ་བ་ལ་ཕྱོགས་རིས་དང་། སྤྱོད་པ་ལ་བླང་དོར་ཀྱི་དབྱེ་བ་མེད་པ་ནི་གཏི་མུག་དང་། དེ་མ་རྟོགས་པ་ལ་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོས་རྗེས་སུ་ཆགས་པའི་འདོད་ཆགས། རང་རིག་པའི་ཡེ་ཤེས་ཀྱིས་ལོག་རྟོག་འཇོམ་པའི་ཞེ་སྡང་། མཉམ་ཉིད་ལྟ་བའི་རྒྱལ་པོ་གཤོངས་སུ་མི་འབེབས་པའི་ང་རྒྱལ། གཉིས་འཛིན་ཀྱི་ལྟ་སྤྱོད་མཉམ་ཉིད་ཀྱི་ཀློང་དུ་མི་ཤོང་པའི་ཕྲག་དོག་སྟེ་རྟོགས་གོམས་ཀྱིས་མི་སྤང་ངོ་། །ལོག་པའི་དུག་ལྔ་ནི། དུག་ལྔ་རང་མཚན་པ་སྟེ། དེ་ཡང་ཉན་ཐོས་ཀྱི་ཐེག་པ་ལྟར་དགྲར་བལྟས་ཏེ་མི་སྤོང་ངོ་། །ཅིའི་ཕྱིར་ན། ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པས་སྤང་བྱའི་རྫས་མ་གྲུབ་པའི་ཕྱིར་ཏེ། དཔེར་ན་སྨིག་སྒྱུ་ལ་ཆུ་རགས་མི་དགོས་པ་བཞིན་ཏེ། རྡོ་རྗེ་ལས། ཉོན་མོངས་རྣམས་ནི་སྒྱུ་འདྲ་ངོ་བོས་སྟོང་། །རང་རིག་རྣལ་འབྱོར་རང་བཞིན་ཤེས་པས་གྲོལ། ཞེས་སོ། །གཞན་ཡང་ཐབས་དང་ལྡན་པའི་སྒོ་ནས་སྤྱད་ན་རྣམ་པར་གྲོལ་བའི་ཉེ་ལམ་ཡིན་པས་ཀྱང་མི་སྤོང་སྟེ་དཔེར་ན་རྣ་བར་ཆུར་ཞུགས་ན་སླར་ཆུས་འགུགས་པ་བཞིན་ནོ། །དེ་ལྟར་ཡང་རྒྱ་མཚོ་ལས། ཉོན་མོངས་ལམ་ནི་དག་པ་ཆེ། །ཐབས་ཀྱིས་འདོད་ཡོན་རྒྱན་དུ་འཇོག །ཐམས་ཅད་ཐམས་ཅད་རོལ་པ་ཡིས། །མྱུར་དུ་ཧེ་རུ་ཀ་དཔལ་འགྱུར། ཞེས་པ་དང་། མདོ་ལས། ཐབས་ཆེན་དག་དང་ལྡན་པ་ན། ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། ཞེས་སོ། །གཉིས་པ་མི་དོར་བ་ལྔ་ནི། འདི་ཉིད་ལས། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་དོར་རོ། །ཞེས་དཀར་རྩི་བྱང་སེམས་དཀར་པོ། དམར་རྩི་བྱང་སེམས་དམར་པོ། ཤ་ཆེན་དང་དྲི་ཆེན་དག་པའི་སྣོད་དེ་དངས་མ་དང་། དྲི་ཆུ་རྣམས་ནི་གཙང་རྨེ་ཞེན་རྟོག་སྦྱོང་བ་དང་། ནད་ལྔ་སེལ་ཞིང་། ཐུན་མོང་གི་ཡོན་ཏན་ལྔ་འབྱུང་བས། རིགས་ལྔ་ཡེ་ཤེས་ལྔ་སྒྲུབ་པའི་དམ་རྫས་ཁྱད་པར་ཅན་ཡིན་པའི་ཕྱིར་མི་དོར་བར་དང་དུ་བླང་བར་བྱ་བ་ཡིན་ཏེ། གསལ་བཀྲ་ལས། ནད་ལྔ་སེལ་ཕྱིར་བླང་བ་དང་། །གཙང་རྨེའི་དྲི་རྟོག་སྦྱང་ཕྱིར་དང་། །ཐུན་མོང་དགོས་པ་ལྔ་ཕྱིར་དང་། །རིགས་ལྔ་
སྒྲུབ་པའི་ཡོན་ཏན་དང་། །སྡུག་བསྔལ་ལས་གྲོལ་དངོས་གྲུབ་ཐོབ། ཅེས་སོ། །གསུམ་པ་སུམ་བརྒྱ་དྲུག་ཅུར་དབྱེ་བ་ནི། འདི་ཉིད་ལས། རྩ་བའི་དམ་ཚིག་ལྔ་ལ་ནི། །གཅིག་ལའང་གཉིས་དང་བཅུ་ཕྲག་གསུམ། །ཡན་ལག་དམ་ཚིག་ལྔ་ཉིད་ལ། །གཅིག་ལའང་བཅུ་ཕྲག་གཉིས་སུ་དབྱེ། ཞེས་པས་རྩ་བའི་དམ་ཚིག་ལྔ་པོ་རེ་རེ་ལའང་གཉིས་གཉིས་སུ་དབྱེ་བས་བཅུ་དང་། ཡང་རྩ་བ་ལྔ་པོ་རེ་རེ་ལའང་བཅུ་ཕྲག་གསུམ་དུ་ཕྱེ་བས་ཆི ག་བརྒྱ་ལྔ་བཅུ་སྟེང་སྔར་གྱི་བཅུ་དང་སྡོམ་པས་བརྒྱ་དྲུག་ཅུའོ། །སུམ་ཅུར་དབྱེ་ཚུལ་ནི། དཔེར་ན་བླ་མེད་མི་སྤང་བ་ལ་སུམ་ཅུར་དབྱེ་བ་ནི། ཕྲ་རྒྱས་ལས། བྱང་ཆུབ་སེམས་གཉིས་ཡི་དམ་བྱ། །ཞི་ཁྲོའི་དགུ་ཉིད་དང་གི་བཅུ། །བཅུ་གཉིས་བསམ་ཡས་མི་འདའ་ཞིང་། །ཐུན་མོང་མཆོག་གི་ཚད་མེད་བརྒྱད། །བདེན་གཉིས་བྱང་ཆུབ་རྣམ་པ་བཅུ། །བླ་མེད་གསལ་བས་ཉམས་མི་བྱ། ཞེས་སོ༑ ༑དེས་མཚོན་ནས་ལྷག་མ་བཞི་ལའང་རྒྱས་པར་བཤད་དོ། །གཉིས་པ་ཡན་ལག་གི་དམ་ཚིག་ནི། རེ་རེར་ཉི་ཤུར་དབྱེ་བའང་། ཡང་ན། ཞེ་སྡང་ལ་ཐ བས་ཤེས་ཀྱི་མི་སྤང་བ་བཅུ་བཅུ་སྟེ་ཉི་ཤུ་དེས་མཚོན་པའོ། །དེ་ལྟར་ཡན་ལག་གི་དམ་ཚིག་བཅུ་པོ་རེ་རེར་ཉི་ཤུ་ཉི་ཤུར་དབྱེ་བས་སྔར་གྱི་བརྒྱ་དྲུག་ཅུ་དང་བསྡོམ་པས་སུམ་བརྒྱ་དྲུག་ཅུའོ། །དེ་དག་གི་རྣམ་བཞག་རྒྱས་པར་ཕྱེ་ན་ཕྲ་རྒྱས་སུ་གསུངས་སོ། །དྲུག་པ་རོལ་པ་ཕྲིན་ལས་ལ་གསུམ་ལས། དང་པོ་ངོ་བོ་ནི། ཐུགས་ཐིག་ལས། ཕྱི་རོལ་ཚད་མེད་ཉིད་ལ་བཞི། ཞེས་པས། སེམས་ཅན་ཐམས་ཅད་རང་གི་ཕ་མར་ཤེས་པའི་བྱམས་པ། དེ་དག་རིགས་དྲུག་གི་གནས་ན་སྡུག་བསྔལ་གྱི་ཡོ་ལངས་ལ་སྤྱོད་པའི་སྙིང་རྗེ། སེམས་ཅན་འགའ་ཞིག་ལྷ་མིའི་དཔལ་འབྱོར་ལ་དགའ་བའི་དགའ་བ། ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཏེ། དེ་ལྟར་ཚད་མེད་པ་བཞིའི་རྒྱུ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་དང་། འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་གཙོ་བོར་སྒྲུབ་པ་ལ་དམིགས་པའི་ཐབས་མཁས་ཀྱི་མཛད་སྤྱོད་དོ། །གཉིས་པ་ངེས་ཚིག་ནི། ཀརྨ་ཞེས་པའི་སྒྲ་ལས་དྲངས་ན་སྒོ་གསུམ་གྱི་བྱ་བའི་མཚན་ཉིད་ཅན་གྱི་ལས་ཏེ་བྱེད་པ་པོའི་འདོད་
པའོ། །གསུམ་པ་དབྱེ་བ་ནི། རྒྱུད་ཕྱི་མ་ལས། ཞི་བ་ལ་སོགས་རབ་དབྱེ་བས། །ལས་ནི་རྣམ་པ་བཞིར་བསྡུས་སོ། ཞེས་པས། ནད་མཚོན་སོགས་མི་མཐུན་པའི་ཕྱོགས་རྣམས་ཞི་བ༑ ཚེ་དཔལ་སོགས་མཐུན་པའི་ཕྱོགས་རྣམས་རྒྱས་པ་དང་། ལོག་ལྟ་ཅན་རྣམས་དབང་དུ་བསྡུ་བ་དང་། གདུག་པ་ཅན་རྣམས་ཚར་གཅོད་པའི་ཕྲིན་ལས་དང་བཞིའོ། །དེ་ཡང་གང་གིས་བྱ་བའི་ཐབས་ཀྱི་རིམ་པ་ནི། མེ་དང་། རྫས་དང་། ལུ་གུ་རྒྱུད་དང་། མཆོད་རྟེན་དང་། ཕྱག་རྒྱའི་སྒོ་ནས་བྱ་བ་རྣམས་སོ། །དང་པོ་མེའི་སྒོ་ནས་ལས་བྱ་བ་ནི། སྦྱིན་སྲེག་རྩ་བ་ལས། གནས་རྫས་ཐབས་ཀྱི་རྣམ་པ་དང་། །བཟུང་དང་གཙོ་བོ་སྒྲུབ་བྱ་དང་། །ཕུར་དང་ལྷ་དུས་ལས་རིམ་རྣམས། །ལྷག་མ་བཅུ་གཉིས་ཤེས་པར་བྱ། ཞེས་པས། ལས་བཞི་ག་ལ་དོན་ཚན་བཅུ་གཅིག་གི་སྒོ་ནས་རྒྱས་པར་བསྟན་ཏེ། འདི་ཉིད་ལས། རབ་ཏུ་གཏུམ་ཆེན་རྔམ་པ་ལ༴ སོགས། མེའི་སྒོ་ནས་ལས་བྱ་ཚུལ་ཕན་ཡོན་དང་བཅས་པ་བསྟན་ཏོ། །གཉིས་པ། རྫས་ཀྱི་སྒོ་ནས་ལས་བྱ་བ་དེ་ལ། ལིངྒ་བཅའ་བ། དཀྱིལ་འཁོར་བསྐྱེད་པ། བསྒྲུབ་བྱའི་ལས། མཆོད་སྦྱིན་བྱ་བ། ཡོན་ཏན་དང་བཅས་པའོ། །དང་པོ་ལིངྒ་བཅའ་བ་ནི། སྒྲུབ་བྱའི་བདུད་རྩི་ལྔའམ། ཟག་རྫས་སམ། ཉྭ་ཤ་ཏིལ་སྦྲང་རྩི། བུ་རམ་སྟེ་ཟས་ལྔ་དང་། གཞན་ཡང་མི་ལ་རྐང་རྗེས་ཀྱི་ས་དང་། མི་མ་ཡིན་པར་གནས་རྟེན་གྱི་ས་སོགས་ལ་རྒྱུ་བྱས་པའི་ལིངྒ་ཕོ་མོ་གང་རུང་གི་མཚན་མ་ཅན་ཏེ། དཔྲལ་བར་རུས། སྙིང་ཀར་སོ་སོའི་སྲོག་དང་མིང་རྣམས་གྲོ་ཤོག་ལ་བྲིས་ཏེ་གནས་སོ་སོར་མནན་པའོ། །ཡང་ན་གྲོ་ཤོག་རང་ལ་ལིངྒ་བྲིས་ཏེ། ལྟེ་བར་མིང་། བླ་ལ་བླ་རྟགས། འདོམས་སུ་ཆྒཻ་མོ་མ་ར་ཡ་ཕཊཿཀྱིས་སྤུ་གྲི་བྲིས་ལ་ཐོད་པ་མཚན་ངན་གྱི་ནང་དུ་བཅུག་ལ་མགོ་ལྷོ་ནུབ་ཏུ་གཏད་དེ་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་གྲུ་གསུམ་པར་གཞུག་གོ །གཉིས་པ་དཀྱིལ་འཁོར་བསྐྱེད་པ་ནི། སྔགས་འཆང་རྣམས་དོན་ཡོད་པར་བྱ་བའི་ཕྱིར་ལས་དང་མཐུན་པའི་འདུག་སྟངས་དང་། སྔགས་ཀྱི་རིང་ཐུང་དྲག་ཞན། དབྱངས་ཀྱི་འགྱུར་གདངས། སྟོང་གི་སེམས་དང་ལྡན་པའི་སྒོ་ནས་ཕྱི་སྣོད་ཀྱི་འཇིག་རྟེན་ལས་བཞིའམ་དཀྱིལ་འཁོར་ཡིག་འབྲུའི་དབྱིབས་ཅན་འབྱམས་ཀླས་པར་བསྐྱེད་པ་སྟེ།
འདི་ཉིད་ལས། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༴ སོགས་དང་། འགོས་ལོའི་འགྱུར་དུ། ཨེ་ཡི་རྣམ་པའི་འཁོར་ལོ་དང་། །སྡེ་ཚན་དཀྱིལ་འཁོར་གྱི་ནི་མཆོག ཞེས་སོ། །འདིར་ལས་བཞིའི་གོ་རིམ་འཁྲུགས་སྡེབ་ཀྱི་དབང་དུ་བྱས་ཏེ། ཨཾ་རཾ་ལ་སོགས་པའི་སྔགས་ཀྱིས་ཞི་བའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། མ་རཾ་གྱིས་རྒྱས་པའི་གྲུ་བཞི་སེར་པོ། དབང་ལ་ཝཾ་ཡིག་གི་རྣམ་པའི་ཟླ་གམ། དྲག་པོ་ལ་ཨེ་ཡིག་གི་རྣམ་པའི་ནག་པོ་གྲུ་གསུམ་སྟེ། ཐམས་ཅད་ཀྱང་ཡངས་ཤིང་མེ་འོད་འཕྲོ་བ་ཅན་གྱི་ནང་དུ་ལས་གང་ལ་ཤེས་པའི་མཆོག ཞི་བར་བུདྡྷ་ཧེ་རུ་ཀ རྒྱས་པར་རཏྣ་ཧེ་རུ་ཀ དབང་ལ་པདྨ་ཧེ་རུ་ཀ དྲག་པོ་ལ་བཛྲ་ཧེ་རུ་ཀ་རྣམས་ཀྱིས་གཙོ་བྱས་པའི་ལྷ་ཚོགས་ལྷ་ཡབ་ཡུམ་ཐམས་ཅད་ལས་མཐུན་གྱི་སྐུ་མདོག་ཕྱག་མཚན་ཅན་ནོ༑ ༑ཞི་བ་ལ་ༀ་བུདྡྷ་ཤྲི་ཧེ་རུ་ཀ་བུདྡྷ་ཀྲོ་ཏི་ཤྭ་རི་སྟྭཾ། ཧཱུྃ་ཧ་ཧེ་ཕཊཿབྷྱོ་རཾ་ཞེས་བརྗོད་པས་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཁྲག་འཐུང་ང་བརྒྱད་དཀར་པོ་ཞི་བའི་ཚུལ་ཅན། ཕྱག་ན་འཁོར་ལོ་བསྣམས་པ་ཤ་སྟག་ཏུ་བསྐྱེད་དོ། དེ་བཞིན་དུ་རིགས་གཞན་རྣམས་ལ་ཡང་བསྐྱེད་དོ། །གསུམ་པ་སྒྲུབ་བྱའི་ལས་ནི། བ་ཧུའི་སྔགས་ཀྱིས་ལྷ་ལས་ལ་བཟུང་། བི་ཤྭས་སྤྲུལ་པ་སྤྲོ། སྒྲུབ་བྱ་བཀུག་སྟེ་ལིངྒ་ལ་བསྟིམ། དེ་ནས་ལས་གང་ཡིན་གྱི་ཕུར་བུ་རིགས་མཐུན་གྱི་ཀཱི་ལ་ཡར་བསྐྱེད་ནས། དབང་བསྐུར། བྱིན་དབབ། ཕུར་བསྐུལ་དང་། གྷ་ཏ་ཡའི་སྔགས་ཀྱི་མཇུག་ཏུ་ལས་བཞིའི་སྤུ་གྲི་བཏགས་ཏེ། ཞི་བ་ལ་ཡན་ལག་ལྔ་དང་སྙིང་ག་སྟེ་དྲུག་ཏུ་གདབ་ཅིང་། དེ་བཞིན་དུ་རྒྱས་པར་ཡན་ལག་བཞི། དབང་ལ་དབང་པོ་ལྔ། དྲག་པོ་ལ་གནས་གསུམ་དུ་གདབ་ཅིང་། ཧྲི་ཏྲིའི་སྔགས་ཀྱིས་གྲི་དང་། ༀ་བྷྲུཾ་སོགས་ཀྱི་མཚོན་ཆས་གཏུབ་ལ། ཆ་གཅིག་ལ་སྟོབས་པ་བྱའོ། །བཞི་པ་མཆོད་སྦྱིན་བྱ་བ་ཡོན་ཏན་དང་བཅས་པ་ནི། ལིང་རོ་ཆ་གཅིག་ལས་གང་ཡིན་གྱི་ཧོམ་ཁུང་དུ་སྟོང་ཉིད་བྱང་སེམས་དང་ལྡན་པས་བདེ་བར་གཤེགས་པ་རྣམས་མཆོད་ཅིང་། མ་མོ་དང་མཁའ་འགྲོ་རྣམས་ལ་སྦྱིན་པས། སྟོང་ཆེན་རྔམ་པའམ། ལྷན་ནེར་གྱུར་པ་སོགས་ལས་གང་བརྩམ་པའི་ཡོན་ཏན་རྣམས་ཐོབ་པར་འགྱུར་བའོ། །གསུམ་པ་ལུ་གུ་རྒྱུད་ཀྱི་སྒོ་ནས་ལས་བྱ་བ་ནི། ལིང་རོ་ཆ་
གཅིག་དབུས་སུ་སྤུངས་པའི་མཐར་མཆེད་རྣམས་ལག་གཡས་སྟེང་དུ་བསྣོལ་བའི་ཞི་རྒྱས་དབང་དྲག་བཞི་ལ་རིམ་པར་གུང་མཛུབ་སྲིན་ལག་བཞི་ལུ་གུ་རྒྱུད་དུ་བསྒྲེལ་ཏེ་ལས་བཞིའི་དབྱིབས་ཅན་ཀྱི་བྲོ་ར་བཅས་ལ། ལས་གང་ཡིན་གྱི་ལྷ་ཚོགས་སུ་བདག་ཉིད་བསྐྱེད་ལ། གཏི་མུག་རྡོ་རྗེ་ཞེས་སོགས་ཀྱི་ཚིག་དང་། སུམ་བྷའི་སྔགས་བརྗོད་ཅིང་བྲོ་བརྡུང་། ཕྱག་རྒྱ་དཀྲུགས་ཏེ་བཤིགས་ནས་ལིང་རོ་དེ་ཉིད་ཞི་བ་ལ་ལམ་གྱི་བཞི་མདོ། རྒྱས་པར་མཛོད། དབ ང་ལ་རང་གི་མལ་འོག དྲག་པོ་ལ་མི་མ་ཡིན་གདུག་པ་ཅན་གནས་པའི་སར་བྲུབ་ཁང་ལས་མཐུན་དུ་བྲུས་ལ་ཚུལ་བཞིན་པར་བྱའོ། །དེའང་ཧོམ་དང་རྫས་ཀྱི་སྒོ་ནས་ལས་བྱས་པ་ཟིན་རྗེས་འདིས་མཇུག་མ་བསྡུས་ན། ལས་བྱས་པོར་མི་རུང་བའི་ཕྱིར། ཁྲོ་བོ་སྒྲུབ་པའི་ལས་ཀྱི་གཙོ་བོ་ནི་འདི་ཡིན་ནོ་ཞེས་བྲོ་གླུ་ལ་བསྔགས་པར་མཛད། འཕྲོས་དོན། རིགས་གཞན་ཐམས་ཅད་ལ་བྲོ་འབྱུང་བ་འདིར་སྒོ་མ་རྣམས་ལ་བྲོ་མི་འབྱུང་བ་ཅི་ཡིན་སྙམ་ན། སྔ་རབས་པ་ཕལ་ཆེར་གྱི་བཞེད་པར་སྒོ་མ་ནི་སྤྱི་ལ་དགོས་པས་ལོགས་སུ་མ་སྨོས་སོ་ཞེས་འབྱུང་སྟེ། དེ་ཡང་མི་སྤང་མོད་ཀྱི་འོན་ཀྱང་རྒྱུད་གཞན་ནས་ཁ་བཀང་ན་ལེགས་པར་འགྱུར་ཏེ༑ ཕྱི་ཐ་བཻ་རོའི་འགྱུར་ལས། སྟག་གདོང་ལ་སོགས་ཁྲོ་གར་གྱིས། །འགུ ག་དང་འཆིང་དང་མྱོས་དང་བསྡོམས། །སྤེལ་བར་བྱེད་པའི་སྒྲ་སྦྱིན་འགྲུབ། ཅེས་འབྱུང་བས་སོ། །བཞི་པ་མཆོད་རྟེན་གྱི་སྒོ་ནས་ལས་བྱ་བ་ནི། བདག་ཉིད་ཞི་བའི་ལས་ལ་རྣམ་སྣང་། རྒྱས་པར་རིན་འབྱུང་། དབང་ལ་རྟ་མགྲིན། དྲག་པོར་བཛྲ་ཧེ་རུ་ཀར་བསྐྱེད་ནས། ལས་བཞི་གང་ཡིན་གྱི་མཆོད་རྟེན་དཀར་པོ་ཟླུམ་པོ་སོགས་དབྱིབས་མདོག་ཅན་དུ་བཏབ་ལ། དེའི་ནང་དུ་རིགས་མཐུན་གྱི་ལྷ་བསྐྱེད་ཅིང་འོད་ཀྱིས་སྒྲུབ་བྱ་བཀུག་ལ་མཆོད་རྟེན་གྱི་འོག་ཏུ་མནན་ལ༑ འོད་དེ་རེག་པས་ལས་གང་ཡིན་སྒྲུབ་པར་བསམ་པ་སྟེ། རྒྱས་པ་ལས། དྲག་པོ་གཏུམ་པོ་འདུལ་བའི་ཕྱིར། །བདག་ཉིད་དྲག་པོ ར་སྒོམ་ནས་ཞེས། །ཆོས་སྐུ་ནག་པོ་འོད་འབར་གྱིས། །བགེགས་ཀྱི་ལིངྒ་མནན་པར་བྱ། ཞེས་གསུངས་པ་ལྟར་རོ། །དེ་ལྟར་འབྱུང་བ་ས་ལ་དངོས་སུ་འདེབས་པའང་། ཏིང་ངེ་འཛིན་གྱིས་འབྱུང་བ་གཞན་ལ་བཏབ་ཀྱང་རུང་བ་
ཡིན་ཏེ། སྤྱན་འགྲེལ་ལས། མཆོད་རྟེན་འབྱུང་བ་གང་ལ་འདེབས་ཀྱང་། ཞེས་པས་འཇིམ་པ་ལ་དངོས་སུ་མི་འདོད་པ་ཡང་མིན་པའི་གདམ་ཀ་དང་། རྒྱུད་ཕྱི་མའི་ལུང་དྲངས་ཏེ། དངོས་སུ་བཞེངས་ཏེ་ཐབ་ཁུང་དུ་བཅས་པ་ལས་བཞི་གང་ཡིན་གྱི་སྦྱིན་བསྲེ ག་བྱ་བ་ཡང་བཤད་དོ༑ ༑ལྔ་པ་ཕྱག་རྒྱའི་སྒོ་ནས་ལས་བྱ་བ་དེ་ལ། ཕྱག་རྒྱ་བཅའ་བའི་སྒོ་ནས་བྱ་བ་དང་། སྒྱུར་བའི་སྒོ་ནས་ལས་བྱ་བ་གཉིས་ལས། དང་པོ་ནི། དཔལ་ཧེ་རུ་ཀའི་ཕྱག་རྒྱ་བཅའ་བ་སྟེ། རྒྱས་པ་ལས། ཡན་ལག་སྙིང་པོ་རྩེ་གཅིག་དང་། །རྩེ་ལྔ་རྩེ་དགུ་བཅུ་གཅིག་སྟེ། །ལས་རྣམས་སོ་སོར་རབ་ཏུ་སྒོམ། ཞེས་སོ། །གཉིས་པ་བསྒྱུར་པའི་སྒོ་ནས་ལས་བྱ་བ་ནི། སྔ་མ་ལས། རྡོ་རྗེ་རྩེ་གསུམ་གསོར་བ་ཡིས། །ལྷ་མོ་ཀླུ་མོ་རིགས་ངན་མོ། །དམ་ཅན་རྣལ་འབྱོར་དབང་དུ་འགྱུར། ཞེས་པས། རང་ཀུན་བཟང་ཡབ་ཡུམ་ཁྲོས་པའི་སྐུར་བསྐྱེད་ནས་གཟུང་ལ་དམ་ཅན་རྣམས་དབང་དུ་བྱ་བ་དང་། དེ་བཞིན་དུ་རིགས་ཀྱི་ཧེ་རུ་ཀ་བཞིར་བསྐྱེད་ནས། སོ་སོའི་ཕྱག་རྒྱ་བཞི་བཅས་པས། ལས་བཞི་འགྲུབ་པའོ། །དེས་རོལ་བ་ཕྲིན་ལས་བཤད་ཟིན་ཏོ༑ ༑ལེགས་བཤད་བུང་བའི་དབྱངས་སྙན་ལས། འབྲས་རྒྱུད་དང་དངོས་བཅུའི་ཕྲིན་ལས་ཡན་གྱི་སྐབས་ཏེ་བརྒྱད་པའོ། །སྨྲས་པ། རང་འབྲས་ཇི་བཞིན་མངོན་གྱུར་འབྲས་བུའི་རྒྱུད། །གསར་དུ་ཐོབ་མིན་གཞིར་གནས་རིག་པ་གང་། །ཐབས་ཀྱི་སྤྱོད་པས་རང་ངོ་ཤེས་པ་ལས། །ལོགས་ནས་འཚོལ་འདོད་དེ་ནི་བྱིས་པའི་ལུགས། །རྗོད་བྱེད་ལམ་གྱི་ཆ་རྐྱེན་དངོས་བཅུ་ལས། །ལྟ་སྤྱོད་དཀྱིལ་འཁོར་དབང་དམ་ཕྲིན་ལས་ཡན། །ངོ་བོ་ངེས་ཚིག་དབྱེ་བས་ལེགས་བརྟགས་ཚེ། །དངས་པའི་མཚོ་ལས་གཟའ་སྐར་བཞིན་དུ་གསལ། །ཐ་སྙད་ཕྲ་མོར་དབྱེ་བའི་མཛུབ་རིས་ཀྱི། །ཆ་ཤས་ཙམ་ཡང་མ་འདྲེས་འབྱེད་གསལ་བའི། །རྣམ་པར་དབྱེ་བའི་ལེགས་བཤད་ཚིག་གི་ཕྲེང་། །འདི་གོ་ངོ་མཚར་ཤེལ་གྱི་བཞིན་སྣོད་བཞིན། །བདུན་པ་དོན་དུ་གཉེར་བ་སྒྲུབ་པ་བཤད་པ་དེ་ལ་གསུམ་ལས། དང་པོ་ངོ་བོ་ནི། རྒྱུད་ཕྱི་མ་ཁ་ཆེའི་འགྱུར་ལས། འཇིག་རྟེན་པ་ཡི་དངོས་གྲུབ་ནི། །བསྐྱེད་པའི་རིམ་པའི་སྦྱོར་བས་ཐོབ། །འཇིག་རྟེན་འདས་པའི་དངོས་གྲུབ་ནི། །རྫོགས་པའི་རིམ་པའི་སྦྱོར་བས་སོ། །
ཞེས་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་གང་འདོད་དོན་དུ་གཉེར་བ་ནི་སྒྲུབ་པའོ། །གཉིས་པ་ངེས་ཚིག་ནི། སིདྡྷིའི་སྒྲ་ལས་དངོས་གྲུབ་སྟེ་སྒྲུབ་བྱ་དང་། སཱ་དྷ་ནའི་སྒྲ་ལས་ཀུན་ཏུ་ལེན་པ་སྟེ་འདོད་པའི་དོན་ལེན་ཅིང་ཐོབ་པར་བྱེད་པའམ་སྒྲུབ་པར་བྱེད་པས་ན་སྒྲུབ་པ་ཆེན་པོ་ཞེས་བྱའོ། །གསུམ་པ་དབྱེ་བ་ལ། ཐུན་མོང་དང་། མཆོག་གཉིས་ལས། དང་པོ་ནི། སྤྱིར་རྒྱུད་རྣམས་སུ་ཐུན་མོང་གི་སྒྲུབ་པ་ལ་ཆུང་འབྲིང་ཆེ་གསུམ་ལས། དང་པོ་ནི༑ ལས་ཆེན་བརྒྱད་དེ། དགྱེས་རྡོར་ལས། དབང་དང་། མངོན་བརྗོད་དང་། དགྲའི་སྡེ་འཇིག་པ་དང་། བསྐྲད་པ་དང་། བསད་པ་དང་། འགུག་པ་དང་། ཞི་བ་དང་། རྒྱས་པ་ཡང་དག་པ་སྒྲུབ་པའོ། །འབྲིང་དུ་སྒྲུབ་ཆེན་བརྒྱད་དེ། གུར་ལས། གང་ཕྱིར་དེ་ནི་དཀའ་བ་མིན། །མིག་སྨན་དང་ནི་རྐང་མགྱོགས་དང་། །རལ་གྱི་དང་ནི་ས་འོག་གྲུབ། །རིལ་བུ་དང་ནི་མཁའ་སྤྱོད་ཉིད། །མི་སྣང་བ་དང་བཅུད་ཀྱིས་ལེན། །གང་ཕྱིར་དེ་ནི་རྡོ་རྗེ་འཛིན། །མཉེས་པར་བྱས་ལས་མྱུར་དུ་ཐོབ། ཅེས་སོ། །ཆེན་པོ་ནི། དབང་ཕྱུག་གི་ཡོན་ཏན་བརྒྱད་དེ་ཇི་སྐད་དུ། གཟུགས་སྒྲ་རགས་པ་ཡངས་པ་དང་། །ཁྱབ་པ་ཡང་དག་གསལ་བ་དང་། །རབ་ཏུ་གསལ་བ་གཉིས་བརྟན་པ། །དབང་ཕྱུག་ཉིད་དང་འདོད་དགུར་བསྒྱུར། ཞེས་སོ། །གཞན་ཡང་གསང་བ་སྒྱུ་འཕྲུལ་བའི་ལུགས་ལ་ཐུན་མོང་གི་སྒྲུབ་པ་མང་དུ་གསུང་སྟེ། ཁོག་གཞུང་ལས། རོ་ལང་ཚེ་དང་པྲ་སྒྲུབ་དང་། །ལྷ་ཆེན་པོ་དང་རྒྱལ་པོ་བཞི། །གདུག་པ་ཀླུ་འདུལ་རྒྱལ་བློན་གྱི། །ཆུང་མ་དབང་དུ་བྱ་བ་གཉིས། །ཡུལ་ཁམས་ལྕེ་སྤྱང་རྐང་མགྱོགས་བསྐྲད། །མི་སྣང་གཟུགས་སྒྲུབ་ལྷ་ཀླུ་མོ། །རྒྱལ་བློན་དམག་དཔོན་ཞང་བློན་སྒྲུབ། །ཚེ་འདིའི་ཆེད་ཕྱིར་འཇིག་རྟེན་པའོ། །ཞེས་པ་རོ་ལང་ཏེ། རྡོ་རྗེ་ཞིང་ཆེན་སྒྲུབ་པའི་ལེའུ་བདུན་ཅུ་པ་ནས་བསྟན་ཅིང་། དེ་བཞིན་ཚེ་སྒྲུབ་པ་ཞི་ཁྲོ་གཉིས་སྤོགས་ཆོག་དང་བཅས་པའི་སྒོ་ནས་སྒྲུབ་ཚུལ་རེ་བཞི་པ་ནས། པྲ་སེ་ན་དབབ་པ་དྲུག་ཅུ་རེ་ལྔ་པ་ནས། ལྷ་ཆེན་པོ་མ་ཧཱ་དེ་བ་སྒྲུབ་པ་དང་། རྒྱལ་པོ་ཆེན་པོ་སྡེ་བཞི་སྒྲུབ་པ་རེ་དྲུག་པ་ནས། གནོད་བྱེད་གདུག་པའི་ཀླུ་གདོན་འདུལ་བ་ཞེ་དྲུག་པ་ནས། རྒྱལ་པོ་དང་བློན་པོའི་ཆུང་མ་དབང་དུ་བྱེད་པ་ཞེ་གཉིས་
ཞེ་ལྔ་པ་ནས། ཡུལ་ཁམས་དབང་དུ་བྱ་བ་སོ་བརྒྱད་པ་ནས། ཅེ་སྤྱང་ཞེས་པ་རྡོ་རྗེ་རིགས་ཀྱི་རྐང་མགྱོགས་བྱེ་བྲག་ཏུ་སྟོན་པ་ཞེ་གཅིག་པ་ནས། རྐང་མགྱོགས་ཀྱི་དངོས་གྲུབ་སྤྱིར་གྲུབ་པ་དང་། དགྲ་བགེགས་སོགས་ཡུལ་ཁམས་གཞན་དུ་བསྐྲད་པ་དང་། མི་སྣང་བའི་གཟུགས་སྒྲུབ་པ། ལྷ་མོ་ཀླུ་མོ་ཕྱག་རྒྱ་འགུག་དབང་དུ་བྱ་བ་རྣམས་སོ་བརྒྱད་པ་ནས། རྒྱལ་པོ་དང་སློབ་དཔོན་སྒྲུབ་པ། དམག་དཔོན་མཐུན་རྐྱེན་སྒྲུབ་པ་དང་། ཞང་བློན་སྒྲུབ་པ་ཞེ་གཅིག་པ་ནས་བསྟན་ཏོ། །ལས་དེ་རྣམས་ཀྱིས་རང་འབྲས་མཆོག་གི་འབྲས་བུ་མངོན་དུ་བྱེད་མི་ནུས་པའི་རྒྱུ་མཚན་གྱིས་ཚེ་འདིའི་ཆེད་ཕྱིར་འཇིག་རྟེན་པ་ཞེས་ཐུན་མོང་གི་སྒྲུབ་པ་བསྟན་ཏོ། །བྱེ་བྲག་ཏུ་རྩ་བའི་རྒྱུད་གཞུང་འདིར་ཐུན་མོང་གི་སྒྲུབ་པ་མང་དུ་གསུང་སྟེ། ཡོན་ཏན་འབྱུང་བའི་དངོས་གྲུབ་དྲུག འབྱུང་ལྔའི་དངོས་གྲུབ་ལྔ། ལས་ཕྲན་ཚེགས་བརྒྱད་དོ། །དང་པོ་ནི། འདི་ཉིད་ལས། བདུད་རྩིར་འགྱུར་ཞིང་འབྱུང་བ་དང་སོགས། ཞེས་པས་དུག་ཅན་ཟས་ལ་ཡི་གེ་བཀོད་དེ་འཇུག་འདུལ་གྱི་ལས་ཀྱིས་སྨན་མཆོག་བདུད་རྩིར་སྒྱུར་བ་ལ་སོགས་པ་དེ་ཐམས་ཅད་འགྲུབ་བོ། གཉིས་པ་འབྱུང་ལྔའི་དངོས་གྲུབ་ལྔ་ནི། འདི་ཉིད་ལས། ནམ་མཁའ་རྡོ་རྗེ་སྲ་འབྱུང་ཞིང་སོགས། ཞེས་པས་ནམ་མཁའ་ལ་ཧཱུྃ་ཞེས་རྡོ་རྗེའི་སྐས་བསམ་ན་མངོན་སུམ་དུ་འབྱུང་བ་ལ་སོགས་པ་དང་། གཞན་ཡང་འབྱུང་བ་ལ་ཐོགས་པ་མེད་པའི་རྫུ་འཕྲུལ་སྟོན་ནུས་པ་སྟེ། རྒྱས་པའི་སོ་བརྒྱད་པ་ལས། མི་གནས་ནམ་མཁའི་མཐའ་ཀླས་པར། །གོམས་པར་འདོད་པས་འགྲོ་བ་དང་། །ཆུ་ལ་ས་བཞིན་འགྲོ་བ་དང་། །སྲེག་བྱ་འབར་བའི་དབུས་གནས་དང་། །ཚངས་པའི་རླུང་གིས་བཏེགས་ནས་ཀྱང་། །ཕྱོགས་བཅུ་ཀུན་ཏུ་ཕྱིན་པར་འགྱུར། ཞེས་སོ། །གསུམ་པ་ལས་ཕྲན་ཚེགས་བརྒྱད་ནི། དགུག་དང་བཏང་དང་བཅིང་དང་དཀྲོལ། སོགས། ཞེས་སོ། །གཉིས་པ་མཆོག་གི་དངོས་གྲུབ་ནི། སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས༴ སོགས། ཞེས་མཚོན་ཙམ་དུ་གསུངས་པ་དེ་དག་བཤད་རྒྱུད་ནས་ཁ་བསྐང་སྟེ་བཤད་ན། ཁོག་གཞུང་ལས། ཡི་གེ་སྒྱུ་འཕྲུལ་ཚོགས་སྒྲུབ་དང་། །རྡོ་རྗེ་སེམས་དང་སྨན་སྒྲུབ་དང་། །རིགས་ལྔ་སྒྲུབ་དང་ཡུལ་ལྔ་སེམས། །བྱིན་དབབ་སྒྲུབ་
པ་རྣམ་གཉིས་སོ། །ཞེས་པས་ཡི་གེ་སྒྱུ་འཕྲུལ་ནི་དཔེར་ན་རིན་པོ་ཆེ་སྤྲིན་ལས་རིན་པོའི་ཆེ་ཆར་འབེབས་པ་བཞིན་དུ། ཡི་གེ་སྒྱུ་འཕྲུལ་གྱིས་ཏིང་ངེ་འཛིན་གྱི་དངོས་གྲུབ་སྣ་ཚོགས་སུ་འབྱུང་བ་སྟེ། འདི་ཉིད་ལས། སེམས་ཉིད་ཡི་གེའི༴ ཡི་གེ༴ སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། ཞེས་གསུངས་པ་ལྟར། ཡི་གེ་སྒྱུ་འཕྲུལ་གྱི་ཏིང་ངེ་འཛིན་གྱིས་དངོས་གྲུབ་སྣ་ཚོགས་སུ་སྒྱུར་ཐུབ་པས་ན་དེ་ལྟར་དུ་སྒྲུབ་པ་སྟེ། འདི་ནི་དངོས་གྲུབ་ཐམས་ཅད་ཀྱི་གཞིར་གསུངས་སོ། །ཚོགས་ཀྱི་སྒྲུབ་པ་ནི། ཚོགས་ཀྱི་འཁོར་ལོའི་སྒོ་ནས་ཨ་ལི་ཀ་ལི་ལ་སོགས་པའི་ཡོ་བྱད་ལྔ་ལ་རོལ་ཅིང་། དངོས་གྲུབ་སྒྲུབ་པའི་ཐབས་བསྟན་པ་རྣམས་སོ། །རྡོར་སེམས་སྒྲུབ་པ་ནི། རྒྱས་པའི་ཉེར་གཉིས་པ་སྒྲུབ་པའི་ལེའུ་དང་། དོན་བཞི་པ་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་ལ་ཡང་། ངོས་བཟུང་དུ་རུང་ངོ་། སྨན་སྒྲུབ་ནི། ཞེ་གཅིག་པ་ནས། མཚམས་བཅད་དེ་དཀྱིལ་འཁོར་བྲི་བ། སྨན་བཀོད་ལ་རིགས་བརྒྱས་སྦྱང་བ། འཐག་ཚགས་བྱས་ཏེ་རིགས་ལྔས་སྦྱང་བ། བུམ་པར་དྲིལ་བ་རིགས་གཅིག་གིས་སྦྱང་བའོ། རིགས་ལྔ་སྒྲུབ་པ་སོ་དགུ་པའི་སྟོད་དང་། དབབ་པ་ཞེ་གཉིས་པ་ནས་བསྟན་ཅིང་། སེམས་མ་སྒྲུབ་པ་དང་དབབ་པ་ཞེ་བཞི་པ་ནས་བསྟན་ཏོ། །ཇི་ལྟར་སྒྲུབ་པའི་ཚུལ་ནི། བྱེ་བྲག་སོ་སོའི་སྒྲུབ་ཐབས་གུད་དུ་ཕྱུང་བ་རྣམས་དང་། གཙོ་བོར་སྟོན་པ་ནི། ཚོམ་བུ་ཚོགས་ཀྱི་སྒྲུབ་པ་སྟེ། གཞི་ཕུན་ཚོགས་པ་ལྔ་ཚང་བའི་སྒོ་ནས་བསྙེན་སྒྲུབ་བཞིའི་ཐབས་ཀྱིས་སྒྲུབ་པའོ། །བརྒྱད་པ་མི་གཡོ་བ་ཏིང་ངེ་འཛིན་བཤད་པ་ལ་ཡང་། ངོ་བོ། ངེས་ཚིག །དབྱེ་བ་གསུམ་ལས། དང་པོ་ནི། ཧེ་རུ་ཀ་འདུས་པ་ལས། གང་དང་གང་དུ་གསལ་བའི་ཡིད། །མ་ཡེངས་པ་ཉིད་ཏིང་འཛིན་ཉིད། ཅེས་པས་སྒོམ་བྱའི་དོན་ཁྱད་པར་ཅན་བསྐྱེད་རིམ་དང་རྫོགས་རིམ་གཉིས་ཀྱི་ཏིང་ངེ་འཛིན་ལས་མི་གཡོ་བར་གནས་པའི་སེམས་རྩེ་གཅིག་པའོ། །གཉིས་པ་ངེས་ཚིག་ནི། ས་མ་དྷིའི་སྒྲ་ལས་དྲངས་ན། ས་མ་ནི་མཉམ་པ་དང་། དྷི་ནི་བློ་ལ་འཇུག་སྟེ། གང་སྒོམ་བྱའི་དོན་ལ་སེམས་རྩེ་གཅིག་ཏུ་གནས་པའི་དོན་གྱིས་ན་ཏིང་ངེ་འཛིན་ནོ། །གསུམ་པ་དབྱེ་བ་ནི། ཕྱི་མ་ཁ་ཆེ་འགྱུར་ལས། ལྷ་ཡི་རྣམ་པའི་སྦྱོར་བ་ཡི། །
ཟླ་བ་རྡོ་རྗེ་ལྷ་ཚོགས་རིམ། །བསྐྱེད་པའི་རིམ་པ་ཞེས་སུ་བཤད། །རང་བཞིན་གྲུབ་པའི་རྣལ་འབྱོར་བཞེད། །རྫོགས་པའི་རིམ་པ་ཞེས་བྱར་བརྗོད། ཅེས་པས། ཀུན་བརྟགས་བསྐྱེད་རིམ་གྱི་རྣལ་འབྱོར་དང་། ཡོངས་གྲུབ་རྫོགས་རིམ་གྱི་རྣལ་འབྱོར་གཉིས་ལས། དང་པོ་ནི་སྒྱུ་འཕྲུལ་དྲྭ་བ་ལས། སྐྱེ་གནས་བཞི་པོ་དག་བྱའི་ཕྱིར། །བསྐྱེད་པའང་དེ་བཞིན་རྣམ་པ་བཞི། །སྤྲོས་ཅན་སྤྲོས་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་བཞིའོ། །ཞེས་པས། སྤྲོས་བཅས་ནི་སྒོང་སྐྱེས་སྦྱོང་བའི་ལམ། །དབང་རྟུལ་སྤྲོས་པ་ཅན་གྱི་དབང་དུ་བྱས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་བདེ་ཆེན་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བའི་འོད་ཀྱི་ཐིག་ལེ་ལས་ཞུ་བ་གླུས་བསྐུལ་ཏེ་སླར་བཞེངས་ནས་དཀྱིལ་འཁོར་ཀྱི་འཁོར་ལོ་སྤྲོ་བ་བདག་སྲས་གཞན་སྲས་ཀྱི་ཆོ་ག་ལྟ་བུ་དང་། ཉི་ཟླ་གའུ་ཁ་སྦྱོར་གྱི་ནང་དུ་རང་ལྷའི་ས་བོན་ཕྱག་མཚན་དང་བཅས་པ་ཞུ་ཞིང་འདྲེས་པ་ལ་སྤྲོ་བསྡུས་ལྷར་བསྐྱེད་པ་རྡོ་རྗེའི་ཆོ་ག་བཞི་བསྐྱེད་དེ། དེ་ལྟར་ཡང་། སྒྱུ་འཕྲུལ་རྒྱ་མཚོ་ལས། རང་བྱུང་དངོས་དང་མི་འགལ་ཞིང་། །འབྲས་བུ་ཉིད་ལ་ལམ་གཤེགས་པས། །མ་ལུས་དཀྱིལ་འཁོར་ཐིག་ལེ་རྣམས། །བདག་གི་སྲས་སུ་སྒོམ་པར་བྱ། ཞེས་བདག་སྲས་དང་། ཡང་སྔ་མ་ལས། གང་གིས་གང་ལ་གསོལ་བཏབ་བས། །ཐུགས་རྗེས་བྱིན་རློབས་སྦྱངས་བྱས་ཏེ། །ཐུགས་ཞུགས་འདྲེས་པ་དབྱེར་མེད་ན། །སྲས་གྱུར་དགོངས་པ་ཅི་ལ་སྣང་། །ཞེས་པས་གཞན་སྲས་དང་། མངལ་སྐྱེས་སྦྱོང་བ་ནི། དབང་འབྲིང་སྤྲོས་པ་འབྲིང་གི་དབང་དུ་བྱས་ཏེ། ཧེ་རུ་ཀ་གལ་པོ་ལས། དང་པོ་སྟོང་པ་བྱང་ཆུབ་སེམས། །གཉིས་པས་ས་བོན་བསྡུ་བ་སྟེ། །གསུམ་པ་ལ་ནི་གཟུགས་རྫོགས་པ། །བཞི་པ་ལ་ནི་ཡི་གེ་འགོད། ཞེས་པས་འཆི་སྲིད་བར་དོ་དང་བཅས་པ་སྟོང་ཉིད་བྱང་ཆུབ། དྲི་ཟའི་སེམས་ཁུ་ཁྲག་གི་དབུས་སུ་ཚུད་པ་ནི་ས་བོན་བསྡུ་བ། དེ་ནས་རིམ་པར་ལུས་གྲུབ་པ་ནི་རྫོགས་པ་དང་། བཙས་ནས་ཕྱི་རོལ་དུ་དབང་པོ་ཡུལ་ལ་སད་པ་ནི་ཡི་གེ་འགོད་པ་དང་བཅས་པ་རྡོ་རྗེའི་ཆོ་ག་བཞི་བསྐྱེད་དེ༑ འདུས་པའི་རྒྱུད་ཕྱི་མ་ལས་ཀྱང་། དེ་དང་ཚིག་དོན་འདྲ་བར་འབྱུང་ཞིང་། ཡང་དེ་ལས་བསྡུས་པ་ཆོ་ག་གསུམ་བསྐྱེད་དང་། ལྷ་མངལ་འབྱིན་གྱིས་བསྐྱེད་པ་གཞན་སྲས་ཀྱི་འཁོར་
སྤྲོ་བ་ལྟ་བུ་ལ་སོགས་པའོ། །དེ་ཡང་སྒོང་སྐྱེས་དང་མངལ་སྐྱེས་སྦྱོང་བའི་སྒོམ་ཚུལ་གཉིས་པོ་འདི་ནི་གཙོ་བོ་མ་ཧཱ་ཡོ་ག་ལ་དཀྱིལ་འཁོར་རིམ་བསྐྱེད་ཀྱི་ལུགས་སོ། །དྲོད་གཤེར་སྐྱེས་སྦྱོང་བ་ནི། དབང་རབ་སྤྲོས་མེད་ཀྱི་དབང་དུ་བྱས་ཏེ། བསྐྱེད་སྔགས་བརྗོད་པ་ཙམ་གྱིས་སྣོད་བཅུད་དཀྱིལ་འཁོར་གྱི་འཁོར་ལོར་གསལ་བ་སྟེ། བང་མཛོད་འཕྲུལ་ལྡེ་ལས། ཨ་ནུ་ཡོ་གའི་ཐེག་པར་ནི། །སྙིང་པོ་ཙམ་ཞིག་བརྗོད་བྱས་པས། །མ་བསྐྱེད་རྫོགས་པའི་ལྷ་རུ་གསལ། ཞེས་གསུངས་པ་ལྟར་གཙོ་བོ་ཨ་ནུ་ཡོ་གའི་བསྐྱེད་ཚུལ་དང་མཐུན་པའོ། །རྫུས་སྐྱེས་སྦྱོང་བ་ནི། དབང་པོ་ཡང་རབ་ཤིན་ཏུ་སྤྲོས་མེད་ཀྱི་དབང་དུ་བྱས་པ་སྟེ་སྐད་ཅིག་དྲན་རྫོགས་སུ་བསྐྱེད་པ་སྟེ། གཙོ་བོ་ཨ་ཏི་ཡོ་གའི་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་སྒོམ་ཚུལ་དང་མཐུན་ཏེ། རྨད་བྱུང་རྒྱལ་པོ་ལས། ཡེ་ནས་ལྷུན་མཉམ་དཀྱིལ་འཁོར་ལ། །ཡིན་པར་ཤེས་ནས་སྒོམ་པ་ལས། །ཐ་དད་བློ་ཡི་རིམ་པ་ཡི། །སྤྱན་དྲངས་གཤེགས་གསོལ་འདིར་མི་དགོས། ཞེས་སོ། །དེ་ལྟར་སྒོམ་ཚུལ་བཞིས་སྐྱེས་གནས་རང་རང་གི་བག་ཆགས་སྦྱངས་པ་གཙོ་བོ་ཡིན་ལ། ཡང་གང་རུང་རེ་རེས་སྐྱེས་གནས་གཞན་གསུམ་གྱི་བག་ཆགས་ཀྱང་ཞར་ལ་སྦྱོང་བའི་ཕྱིར་རོ། །ཡང་ན་ལམ་རིམ་ལྟར་སྲིད་པ་མངལ་སྐྱེས་རྫུས་སྐྱེས་དང་བསྟུན་ཏེ་སྒོམ་ཚུལ་གཉིས་སུ་བསྡུས་ནས་གསུངས་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། གསང་སྔགས་བླ་ན་མེད་པའི་ལམ་གྱི་ཆེད་དུ་བྱ་བའི་གདུལ་བྱ་གཙོ་བོ་ནི་ཁམས་དྲུག་ལྡན་གྱི་མི་ལུས་འདི་ཉིད་ཡིན་ཏེ། སྔོན་སྦྱངས་པ་ཅན་གྱི་གང་ཟག་ཞིག་ལམ་འདིར་དང་པོར་ཞུགས་ནས་ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་གི་སྐུ་འགྲུབ་པའི་རྟེན་གྱི་མཆོག་ཏུ་ངེས་པའི་ཕྱིར་རོ༑ ༑དེ་ལྟར་མིའི་རྟེན་ཅན་དེ་ལ་ཕལ་ཆེར་མངལ་སྐྱེས་རྫུས་སྐྱེས་གཉིས་སུ་འགྱུར་བའམ་ཡང་ན་ཆེད་དུ་བྱ་བའི་གདུལ་བྱ་དེ་ལ་རིམ་གྱིས་པ་དང་ཅིག་ཆར་པ་གཉིས་སུ་ཡོད་པའི་ཕྱིར་རོ། །རིམ་གྱིས་པ་ནི། འཆི་སྲིད་གཅིག་ནས་འཆི་སྲིད་གཅིག་གི་བར་དུ་སྐྱེས་འཆི་བར་དོ་གསུམ་ཕྲུགས་གཅིག་ཏུ་ནི་སྦྱང་གཞི་དང་། དེ་ཏིང་དང་ཀུན་སྣང་ལ་སོགས་པ། སྦྱོང་བྱེད་ཀྱི་ལམ་ནི་སྔར་ལྷ་སྐུ་ཕྱག་རྒྱ་གཅིག་པའི་སྐབས་སུ་བཤད་པ་ལྟར་རོ། །ཅིག་ཆར་བ་ནི།
རྫུས་སྐྱེས་སྐད་ཅིག་གིས་ལུས་གྲུབ་པ་ལྟར། ལྷ་སྐུ་སྐད་ཅིག་དྲན་རྫོགས་སུ་བསྐྱེད་པ་ཡིན་ཏེ༑ ལྷ་སྐུ་སྒོམ་པའི་མན་ངག་ལས། རིག་པ་ལྷ་རུ་རྫོགས་པར་གསལ། ཞེས་སོ། །འདི་ལ་ཨིན་ཏྲ་བྷུ་ཏིས། བསྐྱེད་རིམ་པའི་རྫོགས་རིམ་དང་། རྫོགས་རིམ་པའི་བསྐྱེད་རིམ་ཞེས་གསུངས་ཏེ་རིམ་གཉིས་ལས། དེ་ལྟར་ལྷ་རྣམས་བསྐྱེད་པ་ནི། །བསྐྱེད་པའི་རིམ་པར་གསུངས་པའོ། །ཏིང་འཛིན་དེ་ལ་ལེགས་གནས་ན། །རྫོགས་པའི་རིམ་པར་འདོད་པ་ཡི། །སྐད་ཅིག་ཉིད་ལ་ལྷ་རྣམས་གསལ། །རྫོགས་པའི་རིམ་པའི་བསྐྱེད་རིམ་ནི། བསྐྱེད་པའི་རིམ་པར་རྫོགས་པའོ། །ཞེས་དང་། ཀུན་མཁྱེན་ཆོས་རྗེས། བསྐྱེད་རིམ་སྣང་འདིས་བདེན་ཞེན་འགོག་པ་སྟེ༑ ༑རྫོགས་རིམ་སྒྱུ་མར་ཞེན་པའི་རྟོག་པ་སྤོངས། །གང་ལ་སྣང་སྟོང་བདེན་ཞེན་མེད་པ་ཡིས། །བསྐྱེད་རྫོགས་གཉིས་གྱི་རང་བཞིན་དག་པ་ཡིན། ཞེས་སྔ་མས་སྣོད་བཅུད་རང་མཚན་པའི་ཞེན་པ་དང་། ཕྱི་མས་བསྐྱེད་རྫོགས་སྒྱུ་མ་ལྟ་བུར་སྣང་བའི་ཞེན་པ་སྦྱོང་བ་ཡིན། རྫོགས་རིམ་ལ་སྟེང་སྒོ་འཇུ་འདུལ་དང་། འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་ལ་བརྟེན་པ་དང་། གྲོལ་ལམ་ཟུང་འཇུག་གི་རྣལ་འབྱོར་རིམ་ཅིག་ཅར་བ་གཉིས་ཀྱིས་བསྡུས་པ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ནོ། །འོ་ན་ཐབས་ལམ་སྟེང་སྒོ་ལ་རྩ་འཁོར་གསལ་འདེབས་པ་དང་། འོག་སྒོ་ལ་ཡབ་ཡུམ་ལྷར་བསྐྱེད་པ་སོགས་ཀུན་བརྟགས་ཀྱི་ཆ་འདྲེས་པས་རྫོགས་རིམ་དུ་ཅིའི་ཕྱིར་འགྱུར་ཞེ་ན། བསྐྱེད་རྫོགས་གཉིས་ལམ་ཕན་ཚུན་གཅིག་ལ་གཅིག་ལྟོས་པ་ཅན་ཡིན་པའི་ཕྱིར་ཐོག་མར་ཀུན་བརྟགས་བསྐྱེད་རིམ་གྱི་ཉམས་མྱོང་གཏན་ལ་འབེབས་པ་ལ་དཀྲི་བ་ཙམ་ལས། རང་གི་ངོ་བོ་རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱི་ངོ་སྤྲོད་པར་བྱེད་པའི་ཐབས་རྣམ་པར་མི་རྟོག་པས་བསྡུས་པ་ཡོངས་གྲུབ་རྫོགས་རིམ་དུ་འགྱུར་བ་ཡིན་པས་སྐྱོན་མེད་དོ། །དགུ་པ་མཆོད་པ་ལའང་ངོ་བོ་ངེས་ཚིག་དབྱེ་བ་གསུམ་ལས། དང་པོ་ངོ་བོ་ནི། ཐུགས་ཐིག་ལས། བྱ་བྱེད་བྱ་བ་བྱེད་འདུས་པས། །དགྱེས་ཚིམ་གྱུར་པའི་དངོས་པོ་རྣམས། ཞེས་པས་མཆོད་པའི་ཡུལ་དུ་གྱུར་པ་རྣམས་བཀུར་ཞིང་མཆོད་པའི་བསམ་པས་སྒོ་གསུམ་གྱི་
མཉེས་པ་སྒྲུབ་པ་དང་། ད་ལྟ་ཡོངས་གྲགས་ལྟར་ན་སྤྱི་མིང་བྱེ་བྲག་ལ་བཏགས་པ་ཡོ་བྱད་སྟོབས་པའི་སྒོ་ནས་ཀྱང་མཉེས་པར་བྱེད་པའོ། །གཉིས་པ་ངེས་ཚིག་ནི། པཱུ་ཛའི་སྒྲ་ལས་དྲངས་ན་བྱ་བ་གང་བྱེད་ཀྱི་སྔོན་དུ་འགྲོ་བའི་རྒྱུ་མཚན་དུ་བྱས་ནས་སྔོན་དུ་བསྐྱེད་པའམ་ཡང་ནས་ཡང་དུ་དགྱེས་པ་བསྐྱེད་པ་དང་། བཀུར་བའི་དོན་གྱིས་གནས་སུ་སྟོབས་པའི་ཕྱིར་མཆོད་པའོ། །གསུམ་པ་དབྱེ་བ་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོད་པ་གཉིས་སུ་ཡོད་ཅིང་། གཉིས་ལ་མཚུངས་པར། དམིགས་ཡུལ་ཞིང་གི་ཁྱད་པར། འབྲས་བུ་ལ་དམིགས་པའི་ཁྱད་པར། ཡོངས་སུ་བསྔོ་བའི་ཁྱད་པར། དངོས་རྫས་དངོས་པོའི་ཁྱད་པར་རྣམས་སུ་ཡོད་པ་ལས། དང་པོ་དམིགས་ཡུལ་ཞིང་གི་ཁྱད་པར་ནི། བླ་མ་དང་སངས་རྒྱས་ལ་སོགས་པ་འཇིག་རྟེན་ལས་འདས་པའི་དམིགས་ཡུལ་དང་། ཚངས་པ་དང་བརྒྱ་བྱི ན་ལ་སོགས་པ་འཇིག་རྟེན་པའི་མཆོད་ཡུལ་ལོ༑ ༑གཉིས་པ་འབྲས་བུ་ལ་དམིགས་པའི་ཁྱད་པར་ནི། དེ་ལྟར་སྒྲུབ་པའི་མཆོད་པ་དེ་ཉིད་མཐར་ཐུག་སངས་རྒྱས་ཐོབ་པའི་ཕྱིར་དུ་འབུལ་བ་ཐར་པ་ཆ་མཐུན་ཏེ་འཇིག་རྟེན་ལས་འདས་པའི་མཆོད་པ་དང་། འདི་ཕྱིར་བདེ་འབྱོར་ཙམ་དུ་མཆོད་པ་བསོད་ནམས་ཆ་མཐུན་ཏེ་འཇིག་རྟེན་པའི་མཆོད་པའོ། །གསུམ་པ་ཡོངས་སུ་བསྔོ་བའི་ཁྱད་པར་ནི། མཆོད་པ་དེ་ཉིད་མྱང་འདས་ཐོབ་ཕྱིར་དུ་བསྔོ་བ་འཇིག་རྟེན་ལས་འདས་པའི་དང་། འདི་ཕྱིའི་བདེ་འབྲས་ཙམ་དུ་བསྔོ་བ་འཇིག་རྟེན་པའི་བསྔོ་བའོ། །བཞི་པ་མཆོད་རྫས་དངོས་པོའི་ཁྱད་པར་ནི། ཐོས་བསམ་སྒོམ་གསུམ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་མཆོད་པ་དང་། ཟང་ཟིང་གི་དངོས་པོ་ལ་སོགས་པ་འཇིག་རྟེན་པའི་མཆོད་རྫས་དེ་དག་ཀྱང་ཞིབ་ཏུ་ཕྱེ་ན། ཡུལ། དམིགས་པ། བསྔོ་བ། རྫས་བཞི་ཀ་ལ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་དབྱེ་བ་གོང་དུ་བཤད་པ་ལྟར་ཡིན་མོད། འོན་ཀྱང་མཐའ་གཅིག་ཏུ་མ་ངེས་ཏེ། དཔེར་ན་ཡུལ་བླ་མ་དང་སངས་རྒྱས་ལྟ་བུ་ཞིག་ལ་ཐོས་བསམ་སྒོམ་གསུམ་གྱིས་མཉེས་པར་སྒྲུབ་པའི་དངོས་པོ་ཁྱད་པར་ཅན་ཞིག་འདི་ཕྱིའི་བདེ་འབྲས་སམ། ལྷ་མིའི་གོ་འཕང་ཙམ་དང་། ངན་སོང་
ལས་ཐར་བའི་ཆེད་དུ་བསྔོ་ན། དེ་ལྟ་བུ་ནི་བསོད་ནམས་ཆ་མཐུན་ཏེ་འཇིག་རྟེན་པའི་མཆོད་པ་དང་། ཡུལ་དམན་པ་སྲང་མདོར་རྒྱུ་བའི་ཁྱི་ལྟ་བུ་ཞིག་ལ། དངོས་པོ་དམན་པ་ཟན་ཁམ་ཅིག་ཙམ་ཞིག་བྱིན་ཏེ་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ཕྱིར་དུ་བསྔོས་ན་དེ་ལྟ་བུ་ནི་ཐར་པ་ཆ་མཐུན་ཏེ་འཇིག་རྟེན་ལས་འདས་པའི་མཆོད་པ་སྟེ། དོན་དུ་ན་ཞིང་དང་དངོས་པོ་བཟང་ངན་གཙོ་མི་ཆེ་བར་དམིགས་ཡུལ་དང་བསྔོ་བའི་ཁྱད་པར་གཙོ་ཆེ་བ་ཡིན་ནོ། །བྱེ་བྲག་ཏུ་དབྱེ་ན། ཕྱི་ཉེར་སྤྱོད། ནང་དམ་རྫས་བདུད་རྩི། གསང་བ་སྦྱོར་སྒྲོལ་ཟབ་མོ་རྣམས་སུ་ཡོད་པ་ལས། དང་པོ་ཉེར་སྤྱོད་ནི། མེ་ཏོག་བདུག་སྤོས་ལ་སོགས་པ་སྟེ། དེ་ལ་ཕྱི་ཞེས་པའི་རྒྱུ་མཚན་ཡང་། མདོ་སྔགས་གཉིས་ཀར་ཡོངས་སུ་གྲགས་པ་ཙམ་དུ་མ་ཟད། འཇིག་རྟེན་དུའང་རྒྱལ་པོ་ནས་སྤྲང་པོའི་བར་དུ་ཡོ་བྱད་བཟང་ངན་ཙམ་མ་གཏོགས་ཐམས་ཅད་ཀྱིས་ལོངས་སྤྱོད་པས་ན་དེ་ལྟར་དུ་གྲགས་སོ། །ནང་དམ་རྫས་བདུད་རྩི་ནི། ཤ་ལྔ་དང་བདུད་རྩི་ལྔ་ལ་སོགས་པ་སྟེ༑ དེ་ལ་ནང་ཞེས་བརྗོད་པའི་རྒྱུ་མཚན་ཡང་མདོའི་ཐེག་པར་མ་གྲགས་པ་ཙམ་དུ་མ་ཟད་ཕྱི་རྒྱུད་སྡེ་གསུམ་ལའང་མ་གྲགས་པས་ནང་བ་བླ་མེད་ཁོ་ནའི་ཁྱད་ཆོས་ཡིན་པའི་ཕྱིར་རོ། །གསང་བ་སྦྱོར་སྒྲོལ་ཟབ་མོ་ནི། ཏ་ན་དང་ག་ན་ལ་སོགས་པ་སྦྱོར་སྒྲོལ་གྱི་སྤྱོད་པ་རྨད་དུ་བྱུང་བ་སྟེ། དེ་ནི་ཀྲི་ཡོག་སྡེ་གསུམ་དུ་མ་གྲགས་པ་ཙམ་དུ་མ་ཟད་དེ་དག་ལ་ཡང་ཤིན་ཏུ་གསང་བའི་སྒོ་ནས་སྤྱོད་དགོས་པའི་ཕྱིར་རོ། སྐབས་དོན་དང་ཉེ་བར་འབྲེ ལ་ཞི་ཁྲོའི་ཆོག་གཞུང་གི་དབང་དུ་བྱས་ན། ཞི་བ་ལ་ལྷག་ཏིང་དང་། ཁྲོ་བོ་ལ་དེའི་ཚབ་རཀྟ་ཚར་གསུམ་བྱས་པའི་མཉེས་པའི་ཕྱག་གི་མཆོད་པ་ལ་སོགས་པ་བཅུ་བཞི་སྟེ། སྡོམ་དུ་སྟོན་ན། གུས་པས་ཕྱག་དང་ཕྱག་རྒྱ་གར། །ཀུན་བཟང་ཞབས་བསིལ་བཞི་བསྣོལ་དང་། །བདུད་རྩི་གཏོར་མ་གསང་བསྣན་དང་། ལྷག་པ་ཏིང་འཛིན་སྦྱོར་དང་སྒྲོལ། །འདོད་ཡོན་རོལ་མོ་གླུ་ཡེ་ཤེས། །དེ་ལ་སོགས་པ་མཆོད་པའི་རྣམ་གྲངས་ཇི་སྙེད་མཆིས་པ་རྣམས་སོ། །བཅུ་པ་འཆིང་ཟློས་སྔགས་དང་ཕྱག་རྒྱ་བཤད་པ་དེ་ལ། ངོ་བོ་ངེས་ཚིག དབྱེ་བ་གསུམ་
ལས། དང་པོ་ངོ་བོ་ནི། ཐུགས་ཐིག་ལས། ཡི་གེ་འདུས་པ་གྲུབ་པ་བཞི། །མཐུ་ཅན་རེག་པ་གང་ཡིན་པ། །བཞི་རྫོགས་ཉིད་ལས་མི་འདའ་བ། །གང་ལ་སྣང་བ་དེ་ངོ་བོ། ཞེས་པས། ཐབས་ཤེས་ཀྱི་ཡི་གེ་ཨཱ་ལི་དང་ཀཱ་ལི་རྣམས་འདུས་ཤིང་བྱིན་རློབས་པའི་ནུས་པ་མཐུ་ཅན་དུ་གྱུར་པ་གང་ཡིན་པ་ནི་སྔགས་ཀྱི་ངོ་བོ་དང་། རིག་པ་ཕྱག་རྒྱ་བཞི་རྫོགས་ཀྱི་ལྷ་སྐུར་གསལ་བ་ལས་མི་འདའ་བ་ནི་ཕྱག་རྒྱའི་ངོ་བོའོ། །གཉིས་པ་ངེས་ཚིག་ནི། མནྟྲའི་སྒྲ་ལས་ཡིད་ཤེས་བདེ་མྱུར་དུ་སྐྱོབས་པའི་དོན་གྱིས་ན་སྔགས་ཏེ། དེ་ལ་བདེ་བའི་སྒོ་ནས་ཇི་ལྟར་སྐྱབས་ཚུལ་ནི། དངོས་པོ་ལྔ་ལ་མ་ཆགས་པར་སྤྱད་པས་འབྲས་བུར་འགྲུབ་པའི་ཕྱིར་རོ། མྱུར་བ་ནི༑ བསྐལ་པ་གྲངས་མེད་གསུམ་ལ་སོགས་པའི་དཀའ་ཚེགས་མེད་པར་ཚེ་གཅིག་ལུས་གཅིག་ལ་འབྲས་བུ་འགྲུབ་པའི་ཕྱིར་རོ། །ཕྱག་རྒྱའི་ངེས་ཚིག་ནི། མུ་དྲའི་སྒྲ་ལས་འདེབས་ཤིང་མཚོན་པར་བྱེད་པའང་། ཕྱག་རྒྱ་བཞིས་རྒྱས་བཏབ་པ་ལས་འདའ་བར་དཀའ་བའི་ཕྱིར་རོ། །གསུམ་པ་དབྱེ་བ་ནི། སྤྱིར་སྔགས་ལ་གསང་སྔགས། རིག་སྔགས། གཟུངས་སྔགས་གསུམ་ལས། གསང་སྔགས་ནི། ཐབས་དང་ཤེས་རབ་ཀྱི་བདག་ཉིད་དེའི་སྒོ་ཡིག་འབྲུར་སྣང་བ་ངག་ཏུ་བརྗོད་པ་དང་བཅས་ཤིང་འཆོས་སྐྱོབས་ཀྱི་ལས་ཀྱིས་མ་རྟོགས་པའི་གཉེན་པོར་གྱུར་པའོ། །རིགས་སྔགས་ནི། ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་དངོས་པོའི་དོན་རིག་པར་བྱེད་པའི་ལས་ཀྱིས་ལོག་རྟོག་གི་གཉེན་པོར་འཇོམ་པར་བྱེད་པའོ། །གཟུངས་སྔགས་ནི། དྲན་པ་དང་ཤེས་རབ་ཀྱི་བདག་ཉིད་ཆོས་ཀྱི་དོན་མི་བརྗེད་པར་འཛིན་པའི་ལས་ཀྱིས་དྲན་ཉམས་ཀྱི་གཉེན་པོར་གྱུར་པའོ། །དེ་གསུམ་ལྷར་སྣང་ཚུལ་ཡང་། གསང་སྔགས་ལྷ་ཕོའི་དབྱིབས་དང་། ཕྱི་མ་གཉིས་ལྷ་མོའི་དབྱིབས་སུ་བཞུགས་ཞེས་འབྱུང་ངོ་། །བྱེ་བྲག་ཏུ་དབྱེ་ན། གསལ་བཀྲ་ལས། རྩ་བ་བསྐྱེད་དང་ལས་སྔགས་དང་། ཞེས་པས་རྒྱུ་མ་ནོར་བ་རྩ་བའི་སྔགས། བསྐྱེད་པ་རྐྱེན་གྱི་སྔགས། བཟླས་པ་ལས་ཀྱི་སྔགས་སོ། །དང་པོ་ནི། གཞལ་བྱས་བསྐྱེད་པའི་རྒྱུ་ས་བོན་བྷྲུཾ་ཡིག་དང་། ལྷ་བསྐྱེད་པ་ལ་ཞི་བ་ལ། ཨ་ཀ་ཁ་ག་གྷ་ང་སོགས་ཡི་གེ་འཁོར་ལོའི་ས་བོན་དང་། ༀ་མཱུཾ། སོགས་རིགས་ཀྱི་ས་བོན་དང་། ཁྲོ་བོ་ལ་
ཧཱུྃ་ཧ་ཧེ་ཕཊ་སོགས་སོ། །གཉིས་པ་བསྐྱེད་པ་རྐྱེན་གྱི་སྔགས་ནི། ས་བོན་བོར་བའི་བསྐྱེད་སྔགས་རྐྱང་པ་སྟེ། བཛྲ་དྷྲིཀ྄་སོགས་དང་། མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ་ཕཊཿསོགས་སོ། །གསུམ་པ་བཟླས་པ་ལས་ཀྱི་སྔགས་ནི། ས་བོན་དང་བསྐྱེད་སྔགས་སྦྲེལ་ནས་ཛཔ྄་ཏུ་བཟླས་པའོ། །དེ་དག་རྫོགས་རིམ་དང་སྦྱར་ན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་གདོད་མ་ནས་རང་ལ་རང་ཆས་སུ་གནས་པ་རྒྱུ་མ་ནོར་བ་རྩ་བའི་སྔགས་སོ། །དེ་ལ་ཐབས་ཀྱིས་བྱེད་རྩོལ་གྱི་གནད་ཁྱད་པར་ཅན་གྱི་ཉམས་སུ་ལེན་པ་ནི་བསྐྱེད་པ་རྐྱེན་གྱི་སྔགས་དང་། དེ་ལྟར་དུ་སྒོམ་པ་བཟླས་པ་ལས་ཀྱི་སྔགས་སོ། །ཕྱག་རྒྱ་ལ་ཡང་དབྱེ་ན་རྟོག་ཚོགས་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་ཤར་བ་རང་བཞིན་གྱི་ཕྱག་རྒྱ། དེ་ལ་ངེས་ཤེས་ཁྱད་པར་ཅན་སྐྱེས་ནས་དེ་མངོན་དུ་བྱེད་པ་ལྟ་བའི་ཕྱག་རྒྱ། རང་འབྲས་ཇི་བཞིན་མངོན་དུ་གྱུར་ཏེ་འོག་མིན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ཆེན་པོར་བཞུགས་པ་འབྲས་བུའི་ཕྱག་རྒྱ་རྣམས་སོ། །བྱེ་བྲག་ཏུ་ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཤད་པ་ནི། གསལ་བཀྲ་ལས། དམ་ཚིག་ལས་དང་ཆོས་དང་ནི། །སྐུ་གཉིས་ཕྱག་རྒྱ་ཆེན་པོ་བཞི། ཞེས་པའི་ཕྱག་རྒྱ་བཞི་ལྡན་ནམ་ནང་གསེས་སུ་དབྱེ་ན་བདུན་ལྡན་ཏུ་འགྱུར་ཏེ། དེ་ལ་ཡང་ཞི་ཁྲོ་གཉིས་ལས་ཞི་བ་ལ་ཡང་ཕྱག་རྒྱའི་རྒྱུ་དང་དེ་ལས་འབྱུང་བའི་རིག་སྔགས་སྤྱིའི་དམ་རྒྱ། དེ་ལས་འཕྲོས་པ་ལྷ་སོ་སོའི་ཕྱག་རྒྱ་རྣམས་སུ་ཡོད་པ་ལས། དང་པོ་ཕྱག་རྒྱའི་རྒྱུ་ནི། འགྲེལ་ཆུང་ལས། དབུ་ནི་བདེ་གཤེགས་རིགས་ཡིན་ཏེ། །ལག་གཡས་རྡོ་རྗེ་མི་བསྐྱོད་པ། །ལག་གཡོན་རིན་ཆེན་སེམས་དཔའི་རིགས། །རྐང་གཡོན་ཆོས་ཀྱི་སེམས་དཔའ་སྟེ། །རྐང་གཡས་ལས་ཀྱི་སེམས་དཔའ་འོ། །ཞེས་པས་ལུས་ཀྱི་ཡན་ལག་ལྔ་དང་ཉིང་ལག་གི་གུང་མོ་རྡོ་རྗེའི་རིགས་སོགས་ངེས་པར་བྱས་ནས། མི་བསྐྱོད་པའི་ལག་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་ དུ་ཧཱུྃ་ༀ་སྭཱ་ཨཱཾ་ཧཱ་སྟེེ་ཡབ་ལྔའི་ས་བོན་དང་། གཡོན ་གྱི་སོར་མོ་ལྔ་ལ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་མཱུཾ་ལཱཾ་མཱཾ་པཱཾཾ་ཏཱཾ་སྟེ་ཡུམ་ལྔའི་ས་བོན་རྣམས་བཀོད་ནས་ཐལ་མོ་སྦྱར་བ་ནི་ཕྱག་རྒྱའི་རྒྱུའམ་རྡོ་རྗེའི་ཐལ་མོ་ཞེས་བྱའོ། །གཉིས་པ་དེ་ལས་བྱུང་བའི་རིགས་ལྔ་སྤྱིའི་དམ་རྒྱ་ནི། འདི་ཉིད་
ལས། ༀ་དང་མཱུཾ་གཉིས་རྩེ་སྦྱར་ཏེ། ཞེས་སོགས་ཀྱིས་བསྟན་ཏེ། ཐབས་ཞགས་ལས། སོ་སོར་ནང་དུ་བསྣོལ་ནས་བཀན། །གུང་མཛུབ་མཐེ་བོང་མཐེའུ་ཆུང་རྣམས། །སོ་སོར་རྩེར་སྤྲད་ཕྱིར་བསྐྱེད་དེ། །སྲིན་ལག་གཤིབས་སྒྲེང་དམ་ཚིག་རྒྱ། ཞེས་དང་། རྔམ་གློག་ལས། །ༀ་དང་མཱུཾ་གཉིས་རྩེ་སྤྲད་པ། །དེ་བཞིན་ཧཱུྃ་དང་ལཾ་དུ་སྦྱར། །ཧཱ་དང་པཱཾ་ཡང་དེ་བཞིན་ཏེ། །ཨཱཾ་དང་ཏཱཾ་དུ་སྦྱར་བ་ལས། །རྒྱབ་སྦྱར་སྭཱ་དང་མཱཾ་དུ་སྒྲེང་། །འདི་ནི་ཡབ་ཀྱི་སྤྱི་རྒྱ་ཡིན། །ལག་པ་ཐལ་མོ་སྦྱར་བ་ལས། །ༀ་དང་མཱུཾ་སྦྱར་ཧཱུྃ་དང་ནི། །ལཱཾ་སྦྱར་སྭཱ་དང་པཱཾ་དུ་སྦྱར། །ཨཾ་དང་མཱཾ་སྦྱར་ཧཱ་ཏཱཾ་སྒྲེ ང་། །ཡུམ་གྱི་སྤྱི་རྒྱ་ཡིན་པར་བཤད། ཅེས་སོ། །གསུམ་པ་དེ་ལས་འཕྲོས་པ་ལྷ་སོ་སོའི་ཕྱག་རྒྱ་ལ་ཡང་ལྔ་ལས། དང་པོ་རིགས་ལྔའི་ཕྱག་རྒྱ་ནི། བདག་ཉིད་གཙོ་བོ་མི་བསྐྱོད་པའི་སྐུར་གསལ་བ་ཕྱག་ཆེན། ལག་གཡས་ཀྱི་སོར་མོ་གཞན་བཞི་སྤངས་པའི་ཚུར་གྱིས་དྲིལ་བུ་བསིལ་བའི་སྒྲ་ཅན་གུང་མཛུབ་ཐུགས་ཀར་བཀན་ཐབས་སུ་སྒྲེང་བ་བཅའ་བ་དམ་རྒྱ། དེའི་རྩེ་མོར་ཧཱུྃ་སྒོམ་པ་བསམ་པ་ཆོས་རྒྱ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འོད་འབར་བསམ་པ་དམ་རྒྱ། ལག་ གཡོན་གྱི་འབྲུ་བཞི་ནང་དུ ་སྦས་པའི་ཁུ་ཚུར་གྱིས་དྲིལ་བུ་བསིལ་བའི་སྒྲ་ཅན་ཟླ་༼བརླ་༽ གཡོན་པ་ཆོས་ལ་བརྟེན་པ་བཅའ་བ་ལས་རྒྱ། དེ་ལྟར་བསམ་པ་ལས་རྒྱ། དེ་ནས་ཕྱག་རྒྱ་གཡས་སུ་བཅས་ནས་མདུན་དུ་སྒྱུར་ཏེ་ གཡོན་དུ ་ཡུམ་གྱི་ཐུགས་ཀར་སེ་གོལ་གྱི་སྒྲ་དང་བཅས་ཧཱུྃ་བཛྲ་དྷྲཱིཀ་ཞེས་བརྗོད་ཅིང་བཀྲོལ་བ་བརྗོད་པ་ཆོས་རྒྱ་སྟེ། འདི་ཉིད་ལས། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱུྃ་སྒྲེང་རྩེ་མོར་རྡོ་རྗེ་འབར་སོགས་སོ༑ ༑དེའི་ གཡོན་དུ ་ཡུམ་ནམ་མཁའི་དབྱིངས་ཕྱུག་མ་སྒོམ་པ་ཕྱག་ཆེན། ལག་ གཡོན་གྱི་འབྲུ་བཞི་ནང་དུ ་སྦས་པའི་གུང་མོ་ཐུགས་ཀར་བཀན་ཐབས་སུ་སྒྲེེང་བ་བཅའ་བ་དམ་རྒྱ། དེའི་རྩེ་མོར་ཧཱུྃ་སྒོམ་པ་བསམ་པ་ཆོས་རྒྱ། དེ་འོད་དུ་ཞུ་བ་ལས་དྲིལ་བུ་འོད་འབར་བར་བསམ་པ་དམ་རྒྱ། ལག་གཡས་ཀྱི་ཟེའུ་འབྲུ་ལྔ་མ་བཅིངས་པའི་བསྣོལ་མས་ཡབ་ཀྱི་བརླ་གཡས་པར་འཁྲིལ་ནས་དབུ་ཡབ་ལ་ཅུང་ཟད་བཏུད་དེ་འཛུམ་ཞལ་བལྟ་བའི་ཚུལ་དུ་བཅའ་བ་དམ་རྒྱ། དེ་ལྟར་བསྒོམ་པ་བསམ་པ་ལས་རྒྱ། ཕྱག་རྒྱ་ གཡོན་དུ ་བཅས་ནས་མདུན་དུ་
བསྒྱུར་ཏེ་གཡས་སུ་ཡབ་ཀྱི་ཐུགས་ཀར་མཱུཾ་དྷཱ་ཏི་ཤྭ་རི་ཞེས་བརྗོད་ཅིང་འཁྲོལ་བ་བརྗོད་པ་ཆོས་རྒྱ་སྟེ་ཐབས་ལ་ཤེས་རབ་ཀྱིས་རྒྱས་འདེབས་པར་བྱེད་པ་ཡིན་ཏེ། འདི་ཉིད་ལས། འབྲུ་བཞི་སྦས༴ མཱུཾ་སྒྲེང༴ ཉི་ཟླ༴ བཏུད་དེ༴ ཞེས་སོ། །དེས་མཚོན་ནས་རིགས་གཞན་བཞི་ལའང་བཅའ་བའོ། གཉིས་པ་སེམས་དཔའ་རྣམས་ཀྱི་ཕྱག་རྒྱ་ནི། མཐེ་བོང་སྤང་བའི་སོར་མོ་གཞན་བཞི་ལ་གདན་དང་སོ་སོའི་ཕྱག་མཚན་རྣམ་པའི་ངེས་པས་ཕྱག་རྒྱ་བདུན་ལྡན་དུ་བཅའ་བ་རིགས་ལྔའི་སྐབས་བཞིན་ནོ། །གསུམ་པ་སྒོ་བ་ཡབ་ཡུམ་ལ་རིགས་ལྔའི་སྐབས་ལྟར་དུ་བྱའོ། །བཞི་པ་ཐུབ་དྲུག་གི་ཕྱག་རྒྱ་ནི་གདུལ་བྱ་མ་ངེས་པ་སྣ་ཚོགས་འདུལ་བའི་ཕྱིར་ཕྱག་མཚན་ཡང་མ་ངེས་པ་སྣ་ཚོགས་འཛིན་ཅིང་། མདོར་བསྡུ་ན་དྲུག་ཏུ་འདུ་སྟེ། སྒྲུབ་ཐབས་ལས། པི་ཝཾ་དང་ནི་སྲེག་པར་དང་། །གོ་ཆ་པུསྟི་རིན་ཆེན་སྒྲོམ། །མེ་དང་ཆུ་ནི་རབ་ཏུ་བརྟན། ཞེས་སོ། །ལྔ་པ་ཀུན་བཟང་ཡབ་ཡུམ་གྱི་ཕྱག་རྒྱ་ནི། ཡབ་ཀུན་ཏུ་བཟང་པོ་ཕྱག་གཡས་སྟེང་དུ་བྱས་ཏེ་མཉམ་བཞག་ལས་ཡེ་ཤེས་ལྔའི་འོད་ཟེར་འཕྲོ་བ། ཡུམ་ཀུན་ཏུ་བཟང་མོའི་ཕྱག་ གཡོན་སྟེང་དུ ་བྱས་པའི་མཉམ་བཞག་གམ་ཡང་ན་ཡབ་ལྟར་རམ། ཡང་ན་རྡོ་རྗེ་ཐལ་མོ་ཐུགས་ཀར་སྦྱར་བ་ཡིན་ཏེ། འདི་ཉིད་ལས། གཞན་ཡང་ཕྱག་རྒྱ༴ ཡང་ན་དེ༴ ཡང་ན་རྡོ་རྗེ༴ ཞེས་སོ། །གཉིས་པ་ཁྲོ་བོའི་ཕྱག་རྒྱ་ནི། །དབུས་ཀྱི་ཁྲོ་བོའི་ཕྱག་རྒྱ་ནི༑ ཞེས་སོགས་ཀྱིས་རྒྱུད་གཞན་ལས་ཇི་ལྟར་གསུངས་པ་ལྟར་རིགས་ལྔ་ཡབ་ཡུམ། གནས་ཡུལ། སྒོ་སྐྱོང་། དབང་ཕྱུག་མ་རྣམས་ཀྱི་ཕྱག་རྒྱ་བཅའ་བ་སྟེ། རྒྱས་པ་ལས། དབུས་ཀྱི་ཧེ་རུ་ཀའི་ཕྱག་རྒྱ་ནི། ཞེས་སོགས་ཀྱིས་རིགས་ལྔའི་ཕྱག་རྒྱ་དང་། གནས་དང་ཡུལ་གྱི་ཕྱག་རྒྱ་ནི། །རྒྱུད་གཞན་དག་དང་མཐུན་པར་བཤད། །མ་མོ་རྣམས་ཀྱི་ཕྱག་རྒྱ་ནི། །འཇིག་རྟེན་འདས་མདོ་ཆེ་ལས་བཤད། ཞེས་པས་གནས་ཡུལ་སྒོ་སྐྱོང་རྣམས་ཀྱི་ཕྱག་རྒྱ་ནི། ཧེ་རུ་ཀ་གལ་པོ་དང་སྒྱུ་འཕྲུལ་དྲྭ་བ་སོགས་ནས་བསྟན་ནོ། །མ་མོ་རྣམས་ཀྱི་ཕྱག་རྒྱ་ནི་འཇིག་རྟེན་འདས་མདོ་ཆེ་ལ་ཁ་བསྐང་བ་ཡིན་ནོ། །དེ་དག་ཀྱང་ཕྱག་རྒྱ་བཞི་ལྡན་ཏེ། ཧེ་རུ་ཀ་འདུས་པ་ལས། སྐུ་ནི་ཕྱག་རྒྱ་ཆེན་པོ་བཞི། །གསུང་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། །ཐུགས་ནི་དམ་ཚིག་
ཕྱག་རྒྱ་དང་། །ཕྲིན་ལས་ལས་ཀྱི་ཕྱག་རྒྱའོ། །ཞེས་སོ། །མདོར་ན་ལྷ་གང་དང་གང་གི་ཕྱག་རྒྱ་བསྒྱུར་བ་དེའི་ཚེ། བདག་ཉིད་རིགས་གང་ཡིན་གྱི་ལྷ་སྐུར་གསལ་བ་ཕྱག་ཆེན། ཐུགས་ཀར་རང་རང་གི་ས་བོན་བསམ་ཞིང་ངག་ནས་ཚིག་བརྗོད་པ་ཆོས། ཕྱག་མཚན་འཛིན་པའི་ཕྱག་རྒྱ་བཅའ་བ་དམ་རྒྱ། ཕྱག་རྒྱ་བཅས་ནས་མདུན་དུ་བསྒྱུར་སྟེ་བཀྲོལ་བ་ལས་རྒྱའོ། །དེས་འབྲས་བུ་ཡོངས་ཤེས་ཀྱི་རྒྱུད་དོན་བཤད་ཟིན་ཏོ། །བཞི་པ་རྒྱུད་ཀྱི་དགོས་འབྲེལ་བཤད་པ་དེ་ལ་ཡང་། ངོ་བོ། ངེས་ཚིག དབྱེ་བ་གསུམ་ལས། དང་པོ་ནི་ཐུགས་ཏིག་ལས། བརྗོད་འབྲེལ་དགོས་པ་ཉིང་དགོས་དང་། །རྒྱུ་རྐྱེན་ཡན་ལག་བཞི་རུ་འགྱུར། ཞེས་པས། བརྗོད་བྱ་དང་། རྗོད་བྱེད། དགོས་པ་དང་། ཉིང་དགོས་བཞི་ལས། དང་པོ་བརྗོད་བྱ་ནི། གཞི་མཚོན་བྱ་རང་བཞིན་གྱི་རྒྱུད་བདེ་བར་གཤེགས་པའི་སྙིང་པོ་དེ་ཉིད་རང་ལ་རང་ཆས་སུ་གནས་པ་དེ་བརྗོད་པར་བྱ་བ་སྟེ། ཁོག་གཞུང་ལས། མཚོན་བྱ་རང་བཞིན་གཞི་ཡི་རྒྱུད། ཅེས་སོ། །རྗོད་བྱེད་ནི། དེ་ཉིད་ཁོང་དུ་ཆུད་པར་བྱ་བའི་ཕྱིར་མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་སྒྱུ་འཕྲུལ་དྲྭ་བ་སྒྲར་གྲགས་ཤིང་སྒྲར་གྲགས་པའི་བདག་ཉིད་ཅན་བརྡའ་རྟགས་གླེགས་བམ་གྱི་བར་དུ་བཀོད་པ་དེ་ཉིད་རྗོད་པར་བྱེད་པ་སྟེ། སྔ་མ་ལས། སྒྲོ་སྐུར་མེད་པར་བསྟན་པ་ནི། །མཚོན་བྱེད་སྒྱུ་འཕྲུལ་དྲྭ་བའོ། །ཞེས་སོ༑ ༑དགོས་པ་ནི། རྗོད་བྱེད་ལ་ཐོས་བསམ་བྱས་པ་ལ་བརྟེན་ནས་བརྗོད་བྱའི་དམིགས་ཡུལ་དོན་སྤྱིའི་ཚུལ་དུ་ཤེས་པ་ནི་དགོས་པ་སྟེ། སྔ་མ་ལས། མཛུབ་མོས་རི་བོང་ཅན་བཞིན་ནོ༑ ༑ཅེས་སོ། ཉིང་དགོས་ནི། དེ་ལྟར་ཤེས་པའི་དོན་བསྐྱེད་རྫོགས་གཉིས་གང་རུང་གི་སྒོ་ནས་ཉམས་སུ་བླངས་པས་ཐུན་མོང་གི་དངོས་གྲུབ་རོ་ལང་དང་ཚེ་ལ་སོགས་པ་སྒྲུབ་པ་ནི་ཉིང་དགོས་ཕྲ་མོ་དང་། སློབ་པའི་ཟུང་འཇུག་རིག་འཛིན་རྣམ་པ་བཞི་དང་། མི་སློབ་པའི་ལམ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་ས་སྟེ་བླ་ན་མེད་པ་མཆོག་གི་དངོས་གྲུབ་མངོན་དུ་གྱུར་པ་ནི་ཉིང་དགོས་མཆོག་སྟེ། སྔ་མ་ལས། དགོས་པའི་དགོས་པ་འབྲས་བུ་ཉིད། ཅེས་སོ། །དེ་དག་གི་འབྲེལ་བཤད་ནི། བརྗོད་བྱ་དང་རྗོད་བྱེད་གཉིས་ཤེས་བྱ་ཤེས་བྱེད་
དང་། རྗོད་བྱེད་དང་དགོས་པ་གཉིས་ཐབས་ལས་ཐབས་བྱུང་དང་། དགོས་པ་དང་ཉིང་དགོས་གཉིས་དེ་ལས་དེ་བྱུང་དང་། ཉིང་དགོས་དང་བརྗོད་བྱ་གཉིས་ངོ་བོ་བདག་གཅིག་ཏུ་འབྲེལ་བ་ཡིན་ནོ། །གཉིས་པ་ངེས་ཚིག་ནི། ཅིའི་ཕྱིར་རྒྱུད་ཀྱི་དགོས་འབྲེལ་ཞེས་བྱ་ཞེ་ན༑ སྔར་བཤད་པའི་དགོས་སོགས་ཆོས་བཞི་པོ་དེ་དག་ཕན་ཚུན་འབྲེལ་བ་ཅན་དུ་གྲུབ་པའི་ཕྱིར། ཐོབ་བྱ་མཐར་ཐུག་གི་འབྲས་བུ་སྒྲུབ་པ་ལ་མེད་ན་མི་འབྱུང་གི་འབྲེལ་པར་གྲུབ་པའི་ཕྱིར་རོ། །དབྱེ་ན་གྲོལ་ལམ་དབང་བཙན་དུ་བྱས་པ་དང་། ཐབས་ལམ་དབང་བཙན་དུ་བྱས་པ་གཉིས་ལས། གྲོལ་ལམ་དབང་བཙན་དུ་བྱས་པ་ནི། སྔར་ངོ་བོའི་སྐབས་སུ་བཤད་པ་བཞིན་ནོ། །ཐབས་ལམ་དབང་བཙན་དུ་བྱས་པ་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་གདོད་མ་ནས་རང་ལ་རང་ཆས་སུ་ཞུགས་པ་ནི་མཚོན་བྱ་རང་བཞིན་གཞིའི་རྒྱུད། དེ་ཉིད་རྟོ གས་བྱེད་ཀྱི་ཐབས་ཐིག་ལེ་ཆེན་པོ་ཐབས་དང་བཅས་པ་ནི་མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་དང་། དེའི་དོན་ཉམས་སུ་བླངས་པས་བདེ་ཆེན་ཀྱི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་ནི་དགོས་པའོ། །དེ་ཉིད་གོམས་པར་བྱས་པས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཆེན་པོ་མངོན་དུ་བྱས་པ་ནི་ཉིང་དགོས་སོ། །ལྔ་པ་གདམས་གཏད་ལ་ཡང་། ངོ་བོ། ངེས་ཚིག དབྱེ་བ་གསུམ་ལས། དང་པོ་ངོ་བོ་ནི༑ བསྟན་པའི་སྙིང་པོ་རང་བཞིན་གསང་བའི་སྙིང་པོ་མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་དང་བཅས་པ་འདི་ཉིད་མི་ཉམས་ཤིང་སྲུང་བའི་ཆེད་དུ་འཁོར་རྣམས་ལ་གདམས་ཤིང་གཏད་པའོ། །ངེས་ཚིག་ནི། ཅིའི་ཕྱིར་གདམས་གཏད་ཅེས་བྱ་ཞེ་ན། རང་བཞིན་གྱི་རྒྱུད་ལས་མི་འགྱུར་བ་གདམས་པའང་ཡིན་ལ། ལམ་གྱི་རྒྱུད་དེ་གཞི་རྫོགས་བྱེད་ཀྱི་ཐབས་སུ་མི་ནུབ་པར་ཟུངས་ཤིག་ཅེས་གཏད་པའང་ཡིན་པའི་ཕྱིར་གདམས་གཏད་ཅེས་བྱའོ། །དབྱེ་ན་གདམས་པ་དང་གཏད་པ་གཉིས། དང་པོ་གདམས་པ་ལ། གཞི་རང་བཞིན་གྱི་སྣང་བ་རྟོགས་བྱར་གདམས་པ། ལོག་རྟོག་འཁྲུ ལ་བའི་སྣང་བ་དག་བྱར་གདམས་པ། གདུལ་བྱ་ལམ་གྱི་སྣང་བ་བསྒྲོད་བྱར་གདམས་པ། འབྲས་བུ་བདེ་གཤེགས་ཀྱི་སྣང་བ་ཐོབ་བྱར་གདམས་པ་དང་
བཞི་ལས། དང་པོ་ནི། འདི་ཉིད་ལས། ཕྱོགས་བཅུ༴ དམ་ཅན༴ ཅེས་སོ། །གཉིས་པ་ལོག་རྟོ ག་འཁྲུ ལ་པའི་སྣང་བ་དག་བྱར་གདམ་པ་ནི། སྔ་མ་ལས། གཟུང་འཛིན༴ རྣམ་རྟོག༴ ཞེས་སོ། །གསུམ་པ་གདུལ་བྱ་ལམ་གྱི་སྣང་བ་བསྒྲོད་བྱར་གདམས་པ་ནི། སྔ་མ་ལས། ས་རྣམས༴ གསང་བའི༴ ཞེས་སོ། །བཞི་པ་འབྲས་བུ་བདེ་གཤེགས་ཀྱི་སྣང་བ་ཐོབ་བྱར་གདམས་པ་ནི། སྔ་མ་ལས། ཡེ་ཤེས༴ དོན་དུ༴ ཞེས་སོ། །མདོར་ན་སྦྱང་གཞིའི་གཞི་རྒྱུད་རྟོགས་བྱ། སྦྱང་བྱ་གློ་བུར་བའི་དྲི་མ་དག་བྱ། སྦྱོང་བྱེད་ཐུན་མོང་དང་ཁྱད་པར་གྱིས་བསྡུས་པའི་ལམ་བསྒྲོད་བྱ། སྦྱངས་འབྲས་སྐུ་གསུམ་གྱི་འབྲས་བུ་ཐོབ་བྱར་གདམས་པའོ། །རྒྱུ་མཚན་དེས་ན་རྒྱུད་དབུ་ཞབས་ཀྱི་དོན་ཐམས་ཅད་སྣང་བ་བཞིར་བསྡུས་ནས་གསུངས་པའི་ཕྱིར། རལ་གྲི་ལྟ་བུར་ཡུ་བ་ནས་བཟུང་སྟེ་འཆད་པ་ཞེས་ཀྱང་བྱའོ། །གཉིས་པ་གཏད་པ་ནི༑ ཁོག་གཞུང་ལས། སྡུད་པ་པོ་དང་བུད་མེད་དང་། །རྣལ་འབྱོར་མིག་ལྡན་སོགས་ལའོ། །ཞེས་པས། ལྷན་ཅིག་པའི་འཁོར་སྡུད་པ་པོ་དང་། གོ་ཕྱེ་བའི་འཁོར་ཕྱི་རབས་ཀྱི་གང་ཟག་དང་། མ་མོ་དང་མཁའ་འགྲོ་རྣམས་ལ་གཏད་པའོ། །དང་པོ་ལྷན་ཅིག་པའི་འཁོར་སྡུད་པ་པོ་ལ་གཏད་པ་ནི། འདི་ཉིད་ལས། དེ་བཞིན༴ གསང་བ༴ སྒྲོ་དང་༴ གསང་བའི༴ ཉིད་དེ༴ ཞེས་པའི་དོན་ཕྱོགས་དུས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་དགོངས་པ་གསང་བ་སྙིང་པོ་འདི་ལས་ལྷག་པའི་དོན་གཞན་ཅུང་ཟད་ཀྱང་མི་མངའ་བས་འདིའི་བརྗོད་བྱ་ནི་ཟབ་པའི་ཕྱིར་ཡོད་པར་སྒྲོ་འདོགས་དང་མེད་པར་སྐུར་བ་འདེབས་པ་སོགས་མཐའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་རང་བཞིན་ཏེ། མངོན་རྟོགས་རྒྱན་ལས། ཟབ་པ་ཉིད་ནི་སྒྲོ་འདོགས་དང་། །སྐུར་བའི་མཐའ་ལས་གྲོལ་བ་ཉིད། ཅེས་སོ། །དེ་མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བ་འདི་ཉིད་ཀྱང་སྒྲོ་སྐུར་ཐམས་ཅད་དང་བྲལ་བའོ། །དེ་ལྟར་སྟོན་པའི་བདག་ཉིད་ཀྱི་རང་བཞིན་ཆོས་ཉིད་དེ་བཞིན་ཉིད་ངེས་པའི་དབྱིངས་རུམ་ནས་ཕྱུང་བའི་རྒྱུད་འདི་མི་ནུབ་པར་ཟུངས་ཤིག་ཅེས་སྡུད་པ་པོ་ལ་གཏད་པའོ། །གཉིས་པ་གོ་ཕྱེ་བའི་འཁོར་ཕྱི་རབས་ཀྱི་གང་ཟག་ལ་གཏད་པ་དེ་ལ་ཡང་།
གང་ཟག་ཆོས་མིག་ཅན་ལ་གཏད་པ་དང་། ངེས་པར་ལུང་བསྟན་པའི་སྒོ་ནས་གཏད་པ་གཉིས་ལས། དང་པོ་ནི། འདི་ཉིད་ལས། དེ་བཞིན༴ ཕྱག་རྒྱ༴ རྟོགས་ནས༴ དེ་ཉིད༴ ཞེས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ཕྱག་རྒྱ་གསང་ཆེན་སྙིང་པོ་མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་འདི་ཕྱི་རབས་ཀྱི་རྣལ་འབྱོར་པ་གང་ཞིག་རང་གིས་ཚུལ་བཞིན་དུ་རྟོགས་ནས་གཞན་ལ་མ་ནོར་བ་སྟོན་པར་བྱེད་པ་དེ་ནི་ཀུན་ཏུ་བཟང་པོ་ང་དང་ཐ་མི་དད་པ་ཡིན་ཅིང་། ཕན་ནུས་ཟབ་མོའི་དབང་རྣམས་ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར། ཚིག་དེས་རྒྱུད་འཆད་པ་ལ་སྟོན་པས་ཐོག་མ་མེད་པའི་དུས་ནས་དབང་བསྐུར་ཟིན་པས་ཚེ་འདིར་དངོས་སུ་མ་ནོས་ཀྱང་རྒྱུད་ལ་དབང་བས་བདག་དོན་དང་གཞན་དོན་བྱོས་ཤིག ང་ཀུན་ཏུ་བཟང་པོ་དངོས་ཀྱི་བྱིན་གྱིས་རླབས་ཤིང་ཡེ་ནས་སངས་རྒྱས་པ་དང་། གསང་བ་ཟབ་མོའི་དོན་ལ་མོས་པར་གྱིས་ལ་མི་སྐྲག་པར་ཟུངས་ཤིག །ཅེས་བྱ་བ་བསྟན་ཏོ། །གཉིས་པ་ངེས་པར་ལུང་བསྟན་པའི་སྒོ་ནས་གཏད་པ་ནི། སྔ་མ་ལས། དེ་ནི༴ སྲས་ནི༴ ས་རབ༴ ཞེས་པས། རྒྱུད་འདི་འཛིན་ཅིང་སྟོན་པའི་སྐྱེས་བུ་དེ་ནི་ངེས་པ་ཁོ་ནར་། གཞན་ལ་འཆད་པའི་སྐྱེས་བུ་དང་། །དེ་ཉིད་ང་ཡི་དབང་ཡང་རྫོགས། ཞེས་སངས་རྒྱས་སུ་ལུང་བསྟན་པ་ཡིན་ཏེ༑ རྡོ་རྗེ་ལས། རང་རིག་ཡེ་ཤེས་རྒྱུད་དོན་ཕྱིར། །རང་སྣང་རིག་པ་མངོན་བྱས་པས། །རིག་འཛིན་མཆོག་དེ་ལྷུན་གྲུབ་པའོ། །ཏིང་འཛིན་ནུས་པའི་མཐུ་མེད་ཀྱང་། །ས་སྐྱོང་སེམས་པས་བསྐྱེད་དུ་མེད། །བདེ་གཤེགས་ཉིད་དང་སྤྱོད་ཡུལ་གཅིག །རིག་པའི་སྐྱེས་བུར་ལུང་ཐོབ་པའོ། །ཞེས་སོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་དངས་མ་ཡིན་ཏེ༑ དེ་ནི་ཀུན་ཏུ་བཟང་པོའི་ཐུགས་ཀྱི་གསང་བ་ཟབ་མོ་འདི་ལས་སྐྱེས་པ་ཡིན་པའི་ཕྱིར། ས་རབ་སྟེ་ས་ཐམས་ཅད་ཀྱི་མཆོག་རིག་པ་འཛིན་པའམ་རྡོ་རྗེ་འཛིན་པ་ལ་གནས་པ་ཡིན་ཏེ༑ དེ་ཉིད་ང་ཡི་དབང་ཡང་རྫོགས། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་རང་གིས་དོན་ཕྱིན་ཅི་མ་ལོག་པར་རྟོགས་པར་བྱས་ནས་སྣོད་ལྡན་རྣམས་ལ་སྟོན་ཅིག་ཅེས་གཏད་དོ༑ ༑གསུམ་པ་མ་མོ་དང་མཁའ་འགྲོ་ལ་གཏད་པ་ནི། རྒྱས་པ་ལས། ང་ཡི་ཐུགས་ཀྱི་སྙིང་
པོ་འདི། །ཕྱོགས་བཅུ་ཀུན་ཏུ་སྤེལ་བ་དང་། །དེ་ཡི་གཟུངས་ལས་གཏད་པ་ནི། །ཡིད་བཞིན་མཛོད་འབྱོར་བཀའ་ཡི་གནས། །བསྟན་པ་འཛིན་པར་ནུས་པ་ལ། །གསང་བའི་སྙིང་པོ་མཆོག་ཏུ་གཏད། ཅེས་མ་མོ་དང་མཁའ་འགྲོ་རྣམས་ལ་བསྟན་པ་སྐྱོང་ཞིང་ཕྱོགས་བཅུར་སྤེལ་བར་གཉེར་གཏད་པའོ། །དེས་དོན་གྱི་རྣམ་གྲངས་རྣམ་པར་དབྱེ་བ་བཤད་པ་དེ་སོང་ནས། གཉིས་པ་ཚིག་གི་རྣམ་གྲངས་རྣམ་པར་དབྱེ་བས་བཤད་པ་དེ་ལ་ཡང་། ངོ་བོ། ངེས་ཚིག དབྱེ་བ་གསུམ་ལས། དང་པོ་ནི་རྒྱུད་ཕྱི་མ་ལས། གང་གི་བརྗོད་བྱ་འཆད་བྱེད་པ། དེ་ནི་རྗོད་བྱེད་དུ་བཤད་དོ། །ཞེས་པས་བརྗོད་བྱ་འཆད་པར་བྱེད་པ་རྗོད་བྱེད་ཀྱི་སྒྲ་སྣང་ཞིང་སྒྲར་གྲགས་པའི་བདག་ཉིད་ཅན་རྗོད་བྱེད་སྒྲའམ་རྒྱུད་དམ་གླེགས་བམ་དུ་སྣང་བའི་ཡི་གེའི་རྒྱུད་དུ་གྲགས་པ་གང་ཡིན་པ་དེའོ། །དེ་ཡང་ངོ་བོ་ཚོགས་པ་གསུམ་ལྡན་ཏེ། གདུང་འདེགས་ཀྱི་ཤིང་ལ་ཀ་བ་ཞེས་འདོགས་པ་ལྟ་བུ་ཆོས་གང་ལ་སྒྲ་གང་ཞིག དེ་ཉིད་ཡིན་པ་ལྟ་བུར་བརྟགས་ནས་བརྗོད་པ་ནི་མིང་ཡིན་ལ། དེ་མང་པོ་འདུས་པ་ནི་མིང་གི་ཚོགས་ཏེ། དཔེར་ན་མངོན་བརྗོད་ཀྱི་བསྟན་བཅོས་ལྟ་བུའོ། །མིང་དེ་ཉིད་སྤྱིར་ཡན་དུ་མ་བཅུག་པར་དང་པོ་ངོ་བོ་ཙམ་སྟོན་པ། གཉིས་པ་ལས་སུ་བྱ་བ་ལ་སོགས་པ་རྣམ་དབྱེ་རྣམས་ཀྱི་བྱེ་བྲག་སོ་སོར་ཕྱེ་ནས་ཆོས་དེ་དང་དེའི་དོན་གྱི་ཁྱད་པར་དུ་སྟོན་པ་ནི་ཚིག་ཡིན་ཏེ། རྟ་བབས་གྱི་སྟེང་ན་ཆོས་འཁོར་གདུགས་དང་བཅས་པའི་གཡས་ གཡོན་དུ ་རི་དྭགས་ཕོ་མོས་རྟེན་པ་ཞེས་འབྱུང་བ་ལྟ་བུའོ། །མིང་ཚིག་དེ་དག་གསལ་བར་བྱེད་པའི་འབྲུ་ལ་ནི་ཡི་གེ་རྣམས་སོ། །དེ་ལྟར་ན༑ ཡི་གེ་འདུས་པ་ལས་མིང་འབྱུང་སྟེ། ཀའ་བ འ་ཞེས་གསལ་བྱེད་བཞི་དང་དབྱངས་ཨ་གཉིས་རྣམས་འདུས་པ་ལ་ཀ་བ་ཞེས་གྲུབ་པ་ལྟ་བུའོ། །མིང་འདུས་པ་ལས་ཚིག་འབྱུང་སྟེ། ཀ་བ་དང་། གདུང་མ་དང་། རིན་པོ་ཆེ་དང་། ཕྲ་ཚོམ་ཞེས་སོགས་མིང་དུ་མ་འདུས་པ་རྣམས་རྣམ་དབྱེས་མཚམས་སྦྱར་ན། ཀ་བས་བཏེགས་པའི་གདུང་མ་རིན་པོ་ཆེ་ཕྲ་ཚོམས་གྱིས་མཛེས་པ་ཞེས་གྲུབ་པ་ལྟ་བུའོ། །དེ་འདུས་པ་ལས་ཚིགས་སུ་བཅད་པ་དང་། ལྷུག་མ་
དང་། ལེའུ་ལ་སོགས་པའི་རིམ་པས་གླེགས་བམ་གྱི་བར་དུ་རྒྱུན་ཆགས་པ་ལས་གཞུང་ཚོགས་ཡི་གེའི་རྒྱུད་དམ་བརྗོད་བྱ་དོན་གྱི་རྒྱུད་མཚོན་པར་ནུས་པའི་རྗོད་བྱེད་སྒྲའི་རྒྱུད་དུ་གྲུབ་པ་ཡིན་ཏེ། འདི་ཉིད་ལས། ཡི་གེ་སྒྲ་བཏགས་མིང་ཚོགས་ལས། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། ཞེས་གསུངས་པའི་ཕྱིར། དེ་ལ་བཅད་ལྷུག་སྤེལ་མ་གསུམ་གྱི་མཚན་ཉིད་ནི། ཚིགས་སུ་བཅད་པ་ལ་ཡང་རྐང་པ་གཅིག་པ་ནས་བདུན་པའི་བར་དུ་ཡོད་དོ། །སྤྱི་མདོ་ལས། བྲམ་ཟེ་ཆུ་ལ་ཅི་ཙམ་ཞིག ཅེས་དྲིས་པའི་ལན་དུ། མི་ཡི་བདག་པོ་པུས་ནུབ་ཙམ། ཞེས་ཚིགས་བཅད་རྐང་པ་གཅིག་པའི་དཔེར་བརྗོད་དང་། མཚོ་ཡི་ནང་གི་པདྨ་དེ། །འདར་བར་བྱེད་པའི་རྒྱུ་གང་ཞིག ཅེས་པ་ལྟ་བུ་རྐང་པ་གཉིས་པའི་དཔེར་བརྗོད་དང་། ཇི་ལྟར་ཆུ་དང་ཐང་ལས་བསྐྱེད། །མེ་ཏོག་རྣམ་པ་སྣ་ཚོགས་པ། །མཆོད་འོས་གྱུར་པ་སུ་ཞིག་ཡོད། ཅེས་པ་ལྟ་བུ་རྐང་པ་གསུམ་པའི༴ ཁྱད་པར་སྙན་ངག་མེ་ལོང་དང་། སྡེབ་སྦྱོར་རིན་འབྱུང་དུ། ཚིགས་བཅད་རྐང་བཞི་དེ་ཡང་ནི། ཞེས་ཚིག་རྐང་བཞིར་ལོངས་པ་ལ་ཤོ་ལོ་ཀ་གཅིག་དང་། གཞན་ཡང་དེ་བཞིན་དུ་རྐང་པ་ལྔ་པ་དྲུག་པ་བདུན་པའི་བར་དུ་བརྗོད་པ་རིགས་སོ། །ཚིག་ལྷུག་མ་རྒྱུན་ཆགས་སུ་སྤེལ་བ་ལ་ལྷུག་མ་དང་། བཅད་ལྷུག་སྤེལ་མར་འབྱུང་བ་ལ་སྤེལ་མའི་མཚན་ཉིད་དང་། དེ་དག་ལས་ཀྱང་དོན་མཚན་མ་འདྲེས་པར་སྐྱོབ་པ་ལ་ལེའུ་སྟེ་པ་ཊ་ལའི་སྒྲ་ལས་དྲངས་ན་རིས་སུ་བཅས་པ་དང་། ཡང་ན་པ་ཊ་ནི་གོས་ཀྱི་དོན་ཡིན་པས་སྐྱོབ་པའི་མཚན་ཉིད་དང་། ལ་ནི་འཛིན་པའི་དོན་ལ་འཇུག་པས་གཞུང་དུམ་བུར་བཅད་པ་དོན་མཚན་མ་འདྲེས་པ་སྐྱོབ་པའི་བདག་ཉིད་ཅན་ཁ་ཡར་ལྟ་བའོ། །བམ་པོ་ནི་ཤོ་ལོ་ཀ་སུམ་བརྒྱ་ལོངས་པ་ལ་རྩི་བས་ཁ་མར་ལྟའོ། །དེ་དག་དཔྱད་ན་སྟོན་པའི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་བ་ལས། ལོངས་སྐུ་དགོངས་པ་བརྡའི་གསུང་གིས་ཚིག་ཏུ་མི་གསུང་པའི་གསུང་པ་ཆེན་པོའི་སྒོ་ནས་དངོས་ཀྱི་འཁོར་རྣམས་འབྲས་དབང་ཐོབ་པས་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པ་རྣམས་ཀྱི་ཡིད་ལ་རྒྱུད་དོན་རང་སྣང་བའོ། །དེ་ཉིད་མ་འོངས་པའི་གདུལ་བྱ་གོ་ཕྱེ་བའི་འཁོར་རྣམས་ཀྱི་ཡིད་ལ་རྒྱུད་དོན་སྒྲ་སྤྱིའི་རྣམ་པར་ཤར་
བའི་མིང་ཚིག་ཡི་གེ་གསུམ་ཚོགས་པའི་རྒྱུད་གཞུང་སྒྲར་སྣང་བའི་རྒྱུད་དང་། དེ་དང་མཐུན་པའི་སྒྲ་བརྗོད་འདོད་ཀྱི་དབང་གིས་སྤྱི་བོ་ལ་སོགས་པའི་གནས་དང་། ལྕེ་མཆུའི་སྦྱོར་བ་བྱེད་པ་སོགས་ཕྲད་པ་ལ་བརྟེན་ནས་ངག་ཏུ་བརྗོད་པ་ནི་སྒྲར་གྲགས་པའི་རྒྱུད་དང་། དེ་བརྗོད་པའི་རྟེན་ཕྱི་རོལ་དུ་ཡི་གེའི་གཟུགས་ཅན་གླེགས་བམ་ལ་བཀོད་པ་ནི་བརྡར་གྱུར་པའི་རྒྱུད་གཞུང་དེ་རྗོད་བྱེད་ཀྱི་སྒོ་ནས་ཕྱེ་ན་དེ་ཙམ་མོ། །ངེས་ཚིག་ནི། ཅིའི་ཕྱིར་སྒྲའི་རྒྱུད་ཅེས་བྱ་ཞེ་ན། བརྗོད་བྱའི་དོན་ཉིད་རྟོགས་བྱེད་ཀྱི་ཐབས་རྗོད་བྱེད་ཀྱི་སྒྲར་སྣང་ཞིང་སྒྲར་གྲགས་པའི་དོན་གྱིས་ན་སྒྲ་དང་ཚིགས་སུ་བཅད་པ་སོགས་གཞུང་གི་ཚོགས་རྒྱུན་ཆགས་པའམ་གླེང་གཞི་ལ་སོགས་པ་ལྔ་རྒྱུ་རྐྱེན་འབྲས་བུའི་ཚུལ་དུ་འགྲེལ་བས་ན་རྒྱུད་དོ། །གཞན་དུ་ན་བརྗོད་བྱ་ལ་རྒྱུད་ཀྱི་མིང་ཐོབ་པས་རྗོད་བྱེད་ལ་ཡང་རྒྱུད་ཅེས་བཏགས་སོ། །དབྱེ་ན་རྩ་བའི་རྒྱུད་འཆད་གཞིར་གྱུར་པ་དང་། འཆད་བྱེད་དུ་གྱུར་པ་བཤད་པའི་རྒྱུད་གཉིས་སོ། །རྩ་བའི་རྒྱུད་ལའང་ཚིག་གི་ཚོགས་པ་ལེའུ་ཉི་ཤུ་རྩ་གཉིས་སུ་བཅད་དེ་གནས་ལ། དེ་ཡང་ལེའུ་གང་དང་གང་གིས་རྒྱུད་ཀྱི་དངོས་པོ་བཅུ་ཇི་ལྟར་སྟོན་ཚུལ་ཀྱང་རྒྱུད་གཞུང་ལས་ཇི་ལྟར་གསུངས་པ་ལྟར་དང་། ཞི་ཁྲོ་སྤྱི་བྱེ་བྲག་གི་ཆོས་སྟོན་ཚུལ་ལ། ཞི་བ་སྟོན་པའི་ལེའུ་དགུ་ནི་དང་པོ་གཉིས་པ་གསུམ་པ་རྣམས་ནི་ཞི་བ་སྔོན་བྱུང་གི་ལེའུ་མཐར་ཕྱིན་འབྲས་བུའི་དཀྱིལ་འཁོར་ཡིན་ཅིང་། ལེའུ་བཞི་པ་ལྔ་པ་དྲུག་པ་བདུན་པ་བརྒྱད་པ་བཅུ་གཉིས་པ་རྣམས་རྗེས་འཇུག་ཉམས་ལེན་གྱི་ལེའུ་དང་། དེ་བཞིན་དུ་ཁྲོ་བོ་སྟོན་པའི་ལེའུ་ལ་ཡང་། ལེའུ་བཅོ་ལྔ་པས་ཁྲོ་བོ་སྔོན་བྱུང་གི་ལེའུ་སྟེ་མཐར་ཕྱིན་འབྲས་བུའི་དཀྱིལ་འཁོར་དང་། ལེའུ་བཅུ་བདུན་པ་བཅུ་དྲུག་པ་བཅོ་བརྒྱད་པ་ཉེར་གཅིག་པ་རྣམས་ཀྱིས་རྗེས་འཇུག་ཁྲོ་བོ་ཉམས་ལེན་གྱི་ལེའུ་དང་། ཞི་ཁྲོ་ཐུན་མོང་དུ་སྟོན་པའི་ལེའུ་བརྒྱད་པོ་ནི་དགུ་པ་བཅུ་པ་བཅུ་གཅིག་པ་བཅུ་གཉིས་པ་བཅུ་གསུམ་པ་བཅུ་བཞི་ཉི་ཤུ་པ་ཉེར་གཉིས་པ་རྣམས་ཀྱིས་བསྟན་ཏོ། །དེས་རྒྱུད་གསང་བ་སྙིང་པོ་ལ་གདུལ་བྱ་དབང་པོ་རབ་འབྲིང་ཐ་གསུམ་ཡོད་པའི་དབང་པོ་རབ་དང་འབྲིང་ལ་དགོངས་པའི་བཤད་པ་རགས་རིམ་ཙམ་བརྗོད་ཟིན་ཏོ། །ལེགས་བཤད་བུང་བའི་དབྱངས་
སྙན་ལས། རྒྱུད་དངོས་བཅུའི་འཕྲོོས་དང་གདམས་གཏད་ཀྱི་སྐབས་ཏེ་དགུ་པའོ། །དེ་ཡང་ཇི་སྐད་ཞེ་ན། གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས། འདྲེན་པ་མཐོང་བ་ཤིན་ཏུ་རྙེད་པར་དཀའ། །ཞི་བའི་ཆོས་གསུངས་ཐོས་པའང་ཤིན་ཏུ་དཀའ། །དལ་འབྱོར་མིར་སྐྱེ་རྙེད་པའང་ཤིན་ཏུ་དཀའ། །ཚུལ་ཁྲིམས་དྭངས་པའང་རབ་ཏུ་རྙེད་པར་དཀའ། ཞེས་གསུངས་པ་ལྟར། རྙེད་པར་དཀའ་བ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་རྟེན་བཟང་པོ་ཐོབ་ཅིང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས། མཐའ་ཡས་པའི་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་རང་གཟུགས་འཁོར་ལོའི་མགོན་པོ་ཁྲི་ཆེན་རྡོ་རྗེ་འཆང་ཡབ་སྲས་ཀྱི་རྗེས་སུ་བཟུངས་ཤིང་། བཀའ་གཏེར་སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་རིས་སུ་མེད་པའི་དབང་བསྐུར་རྒྱུད་བཤད་མན་ངག་ནོད་པ་སོགས་བཀའ་དྲིན་གསུམ་ལ་ལྷག་པར་སྤྱོད་པའི་སྐལ་པ་བཟང་པོ་ཐོབ་པ་ནི་དུས་བརྒྱའི་ཟ་མ་ལན་གཅིག་ལྟ་བུ་སྟེ། ཨོ་རྒྱན་ཆེན་པོས། ཡང་ཡང་རྙེད་དཀའ་ཨུ་དུམ་ཝ་ར་འདྲ། །རྙེད་པ་དོན་ཅན་ཡིད་བཞིན་ནོར་བུ་འདྲ། ཞེས་གསུངས་ཤིང་། ཚུལ་དེ་ལ་བསམ་ཀྱང་སྐྱེས་བུ་ཆེན་པོའི་འབད་པ་ལྷུར་བྱས་པས་དཀར་པོ་དགེ་བའི་ལས་ལ་བརྩོན་ཞིང་ཐར་པ་བྱང་ཆུབ་ཀྱི་གོ་འཕང་སྒྲུབ་དགོས་པ་ནི་ཤིན་ཏུ་རིགས་པ་ཉིད་དེ། ཞི་བ་ལྷས། མི་ཡི༴ སྡུག་བསྔལ༴ གྲུ་འདི༴ རྨོངས༴ ཅེས་སོ། །བྱེ་བྲག་ཏུ་ཡང་ཐེག་བསྡུས་ལས། འཇིག་རྟེན་དོན་སྒྲུབ་ཚུལ་ལ་མཐུ་མེད་པས། །ཐེག་པ་གཉིས་པོ་གཏན་དུ་སྤང་བྱ་ཞིང་། །ཐུབ་རྒྱལ་རྒྱ་ཆེན་སྙིང་པོའི་ཐེག་པ་ལ༑ ༑གཞན་ཕན་རོ་གཅིག་རང་བཞིན་དེ་ལ་འཇུག །ཞེས་སྐྱེས་བུ་ཆེན་པོའི་འཇུག་ངོགས་ཐེག་པ་ཆེན་པོ་ཁོ་ནར་གསུངས་ཤིང་། དེ་ལ་ཡང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ལས། འདི་ཉིད་ཕྱི་མ་སྟེ། དེ་ལ་ཡང་ཕྱི་ནང་གཉིས་ལས་འདི་ནི་ནང་མ་སྟེ་དེ་ལ་ཡང་བསྐྱེད་རྫོགས་གསུམ་དུ་དབྱེ་བའི་སྔ་མ་སྟེ་མ་ཧཱ་ཡོ་ག དེ་ལ་ཡང་ཕ་མ་གཉིས་མེད་ཀྱི་རྒྱུད་གསུམ་དུ་ཕྱེ་བའི་ཕྱི་མ་གཉིས་མེད་ཀྱི་རྒྱུད་དེ་སེམས་དང་ཡེ་ཤེས་རང་སྣང་དབྱེར་མེད་དུ་སྟོན་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་དཔལ་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་
རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་སྤྱི་དོན་ལྔའི་སྒོ་ནས་གཏན་ལ་འབེབས་པའི་སྙན་ནས་སྙན་དུ་བརྒྱུད་པའི་བཤད་བཀའ་ལྷའི་ཆུ་བོའི་གངྒ་མ་ལྟ་བུ་མ་རྟོགས་ལོག་རྟོགས་ཐེ་ཚོམ་གསུམ་སོགས་ཤེས་རྨོངས་ཀྱི་དྲི་མ་མཐའ་དག་དྲུང་ནས་འཁྲུད་ཅིང་གསང་ཆེན་རིང་ལུགས་ཀྱི་བསྟན་པ་རིན་པོ་ཆེའི་སྲོག་གི་ཟུང་དམ་པར་གྱུར་པ་འདི་ཉིད་རང་གི་དྲན་གསོ་དང་རང་འདྲ་བའི་བློ་དམན་འགའ་ལ་ཕན་འདོད་ཀྱི་བསམ་པ་ཟླ་ལྟར་དཀར་བས་ཀུན་ནས་བསླངས་ཏེ་ཟིན་བྲིས་སུ་སྤེལ་བ་ལེགས་པར་བཤད་པ་བུང་བའི་དབྱངས་སྙན་ཞེས་བྱ་བ་འདི་ཉིད་གསར་དུ་བསྐྲུན་པའི་དགེ་བའི་ཆ་ཤས་མཆིས་སོ་ཅོག་དང་ཆབ་གཅིག་པར་མར་གྱུར་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཀྱིས་དུས་གཅིག་དུ་བསགས་དང་བསགས་ཡོད་ཀྱི་དགེ་ཚོགས་རྣམ་པར་དཀར་བའི་ཕུང་པོ་མཐའ་དག་གཅིག་ཏུ་བསྡོམ་སྟེ་རྣམ་མཁྱེན་ཡེ་ཤེས་ཆེན་པོའི་རྒྱུར་ཡོངས་སུ་བསྔོ་བ་ནི་བྱང་ཆུབ་སྤྱོད་པའི་ཚུལ་དུ་རིགས་ཏེ། བཟང་སྤྱོད་ལས། གང་ཡང་ཕྱོགས་བཅུའི་སོགས། ཞེས་གསུངས་པ་ལྟར་ལས། དེ་ཡང་ཇི་ལྟར་བསྔོ་བའི་ཚུལ་ནི། སྡུད་པ་ལས། ཇི་སྲིད་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། ཞེས་གསུངས་པ་ལྟར་ལན་དང་རྣམ་པར་སྨིན་པ་ལ་རེ་བའི་དུག་གིས་མ་བསླད་པར། བདག་ནི་འཕགས་པ་ཀུན་ཏུ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྗེས་མཐུན་དུ་འཁོར་གསུམ་དམིགས་མཐའ་དང་བྲལ་བ་བླ་ན་མེད་པའི་བསྔོ་བ་རྣམ་པར་དག་པས་མཚམས་སྦྱོར་བར་བྱ་བ་ཡིན་ཏེ། གང་ཞེ་ན། ཇི་སྐད་དུ། བླ་ན་མེད་པའི་གསང་གསུམ་རང་བཞིན་འཁོར་ལོས་སྒྱུར་པའི་མཚན་དཔེར་རང་སྣང་རིགས་རྣམས་ཀུན་བདག་རྡོ་རྗེ་སེམས། །གང་གི་ཆོ་རོལ་ཚོམ་བུར་ཤར་བ་བཞི་བཅུ་རྩ་གཉིས་དེ་ཡི་རྩལ་ལས་ལྔ་བཅུ་བརྒྱད་དེ་གཞན་ཡང་ནི། །རབ་འབྱམས་ཞི་དང་ཁྲོ་བོའི་སྤྲིན་ཕུང་མཐའ་ཡས་པར་ནི་འགོག་པ་མེད་འཆར་དེ་དག་ཀུན་ཀྱང་རང་རིག་གི། ངོ་བོ་གཅིག་ལ་གཤེགས་བཞུགས་མཚན་མར་དམིགས་སུ་མེད་ཀྱང་ཡེ་ཤེས་སྒྱུ་མར་རོལ་བའི་གར་གྱིས་གཤེགས་སུ་གསོལ། །རང་རིག་ཡེ་ནས་སྒྲིབ་བྲལ་ཡེ་ཤེས་ལ། །ཕྱོགས་འཛིན་མཚན་མའི་རྟོག་པས་དབེན་མོད་ཀྱང་། །མ་རྟོགས་གཟུང་འཛིན་དྲྭ་བས་བཅིངས་པའི་
འགྲོར། །ཕན་བདེའི་དཔལ་སྦྱིན་ཁོ་ནར་རྩེ་གཅིག་འདུན། །སྣང་སྲིད་ཡེ་དག་རང་བྱུང་གཞི་རྫོགས་ལ། །སྐུ་དང་ཡེ་ཤེས་རོལ་པར་འབྱམས་ཀླས་ཀྱང་། །མེད་སྣང་ཞེན་པས་འཁྲུལ་བའི་བདག་སོགས་འགྲོ། །ཀུན་ཀྱང་གནས་ལུགས་མཇལ་བར་ཕྱག་བགྱིའོ། །མ་སྤངས་རྒྱན་རྫོགས་འདོད་ཡོན་དམ་ཚིག་རྫས། །ཀུན་བཟང་རོལ་བར་ཤར་བའི་མཆོད་པའི་སྤྲིན། །ནམ་མཁའ་མཛོད་ཀྱི་སྒོ་འཕར་བརྒྱར་ཕྱེ་ནས། །མཉམ་ཞིང་བླང་དོར་མེད་པར་འབུལ་གྱིས་བཞེས། །རྡོ་རྗེ་གསང་བ་མི་འདའ་ཡལ་གམ་ལས། །འགལ་ཉམས་འདས་རལ་དུཿ ཁའི་རྒྱུར་ནོངས་དང་། །ལྷན་ཅིག་ཉོན་མོངས་དབང་གིས་མི་དགེ་ལས། །བསགས་གང་སྙིང་ནས་མི་འཆབ་མཐོལ་ཞིང་བཤགས། །རྒྱལ་དང་དེ་སྲས་སློབ་མར་བཅས་ཀུན་གྱིས། །དམ་པའི་བདུད་རྩི་འགྲོ་ལ་སྨན་བསྩ ལ་དང་། །སེམས་ཅན་ཀུན་གྱི་ལེགས་བྱས་བསོད་ནམས་གང་། །དེ་ལ་བདག་ནི་དགའ་བས་རྗེས་ཡི་རང་། །བྱང་ཆུབ་རྡོ་རྗེའི་ས་བརྙེས་མགོན་རྣམས་ལ། །འགྲོ་ལ་ཕན་སྦྱིན་བདུད་རྩི་ཟིལ་དངར་གྱི། །ཆོས་ཀྱི་འཁོར་ལོ་བླ་མེད་རབ་བསྐོར་བས། །ཐུགས་རྗེའི་སྣང་བའི་སྒྲོན་མེ་སྦར་བར་བསྐུལ། །མྱང་འདས་ཞི་བ་ཆེན་པོར་མནལ་བཞེད་པའི། །འཇིག་རྟེན་སྒྲོན་མ་གང་བཞུགས་དེ་དག་ལ། །སྲིད་པར་འཕྱན་པའི་འགྲོ་ལ་རྗེས་བརྩེའི་སླད། །བསྐལ་བ་རྒྱ་མཚོར་འཚོ་གཞེས་བརྟན་པར་གསོལ། །དེང་བདག་ལེགས་བྱས་འདི་ཡི་ཉེར་མཚོན་པའི། །དུས་གསུམ་བསགས་ཡོད་དགེ་བསྡོམ་གངྒ་ལ༑ ༑འཛད་མེད་ཀླུང་དུ་གཞིབ་གང་མཁའ་མཉམ་འགྲོ། །བྱང་ཆུབ་མཆོག་གི་དཔྱིད་དུ་རབ་བསྔོའོ། །དེ་ལྟར་ཟག་བཅས་དགེ་བའི་དངོས་གང་ཟག་མེད་དབྱིངས་སུ་བསྔོ་བགྱིས་མཐུས། །ཐུབ་གང་འདས་དང་འཚོ་གཞེས་ཚོགས་ནི་དགྱེས་དགུའི་རབ་མཆོད་གང་མ་བྱོན། །དེ་དག་བཞེད་པ་ཇི་བཞིན་རབ་རྫོོགས་སྣོད་བཅུད་རྒྱལ་བའི་ཞིང་དུ་དག །འགྲོ་གང་ཆོས་ཀྱི་བསམ་པས་བདེར་འཚོར་སྨོན་པའི་རེ་འབྲས་བདོ་གྱུར་ཅིག །བདག་ནི་བྱང་ཆུབ་སྤྱོད་ལ་ཉེར་གནས་གང་དུ་སྐྱེ་དེར་སྐྱེ་དྲན་ཞིང་། །རྟག་པར་རབ་ཏུ་བྱུང་དང་དེ་ཡང་ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཏེ། །འགྲོ་ཁམས་དང་མཚམས་རང་རང་སྐད་ཀྱིས་མཐུན་པར་
ཆོས་སྟོན་སྦྱིན་སོགས་ཀྱི། །སྤྱོད་ལ་བརྩོན་པས་སྡིག་པ་གང་རྣམས་སྒྲིབ་པར་གྱུར་གང་ཉེར་སྤོངས་ཤོག །འཁོར་བར་སྐྱེས་ཀྱང་འཁོར་བའི་ཉེས་པས་གོས་པར་མི་འགྱུར་པདྨོ་དང་། །བྱང་ཆུབ་སྤྱོད་པ་ཆགས་ཐོགས་མེད་པ་ཉི་ཟླ་ཡི་ནི་རྗེས་གྱུར་ཏེ། །གནས་སྐབས་དུཿ ཁའི་ཉེས་ཚོགས་གཞི་ལས་མངོན་མཐོའི་བདེ་འབྱོར་མཐར་ཐུག་འབྲས། །ངེས་ལེགས་གོ་འཕང་མཐོན་པོར་འཇུག་པའི་ཕན་བདེའི་སྤྱོད་པ་མཐར་ཕྱིན་ཤོག །བསྐལ་བ་ཀུན་ཏུ་བྱང་ཆུབ་རྒྱུར་གྱུར་སྤྱོད་པ་རྫོགས་པས་རབ་སྨིན་ཅིང་། །སེམས་ཅན་གང་གི་སྤྱོད་དང་རྗེས་མཐུན་དགེ་བའི་སྤྱོད་པ་རབ་སྟོན་པའི། །གོ་ཆ་བཙན་པོ་སྐྱོ་ངལ་མེད་བགོས་དེ་དང་མཚུངས་པར་སྤྱོད་པའི་གྲོགས། །དེ་དང་ལྷན་ཅིག་བྱང་ཆུབ་སྤྱོད་ལ་སྒོ་གསུམ་བརྩོན་པས་སྤྱད་པར་སྨོན། །རྟག་པར་བདག་ནི་དགེ་བའི་སྤྱོད་ལ་བླ་ན་མེད་སྟོན་ཕན་འདོགས་པའི། །དགེ་བའི་བཤེས་གཉེན་ཉིད་དང་རབ་ཕྲད་དེ་ཡི་ཡིད་ནི་དབྱུང་མ་གྱུར། །སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས་ལ་མངོན་སུམ་རྟག་བལྟས་དེ་ལ་བདག །བསྐལ་བ་ཀུན་ཏུ་སྐྱོ་ངལ་མེད་པས་མཆོད་ལ་འབད་པ་ལྷུར་ལེན་ཤོག །དམ་པའི་ཆོས་ནི་ཡོངས་སུ་འཛིན་དང་བྱང་ཆུབ་སྤྱོད་པས་སྣང་བྱེད་ཅིང་། །ཀུན་བཟང་སྤྱོད་པ་རྣམ་པར་སྦྱོང་ལ་བསྐལ་པར་སྤྱོད་གང་སྐྱོ་མི་བྱེད། །གལ་ཏེ་ལས་ཀྱིས་སྲིད་པར་འཁོར་ཡང་བསོད་ནམས་དང་ནི་ཡེ་ཤེས་ཚོགས། །ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་ཡོན་ཏན་བྱེ་བའི་མཛོད་གྱུར་ཅིག །རྡུལ་སྙེད་ཞིང་གི་ཐུབ་དབང་སྲས་ཀྱིས་ཡོངས་སུ་བསྐོར་དག་སྐྲ་རྩེ་ཡི། །ཁྱོན་ཙམ་ལ་ཡང་དུས་གསུམ་ཚད་ཀྱི་རྒྱལ་དང་དེའི་ཞིང་རྒྱ་མཚོ་དང་། །ཐབས་དང་ཤེས་རབ་བསྐལ་པ་རྒྱ་མཚོའི་བར་དུ་བདག་ནི་བྱང་ཆུབ་སྤྱོད་བཞིན་ཞལ་བལྟ་ཞིང་། །གསུང་གཅིག་ཡན་ལག་རྒྱ་མཚོར་སྣང་བའི་ཆ་ཀུན་འཐོབ་ལ་རྟག་འཇུག་ཤོག །དུས་གསུམ་གཤེགས་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་མི་ཟད་གསུང་། །གཅིག་ཏུ་སྙན་པའི་བློ་ཡིས་འཇུག་དང་མ་འོངས་བསྐལ་པ་མཐའ་ཡས་པར། །འཇུག་པར་འགྱུར་བ་དེ་སྲིད་ཀྱང་ནི་བདག་གིས་སྐད་ཅིག་གཅིག་གི་སྟེ། །དེ་གཅིག་མ་ཟད་དུས་གསུམ་ཚད་ཀྱི་བསྐལ་ལའང་སྐད་ཅིག་ཆ་ཡིས་སོ། །སྐད་ཅིག་གིས་ནི་རྒྱལ་རྣམས་མངོན་
ལྟ་རྟག་ཏུ་དེ་ཡི་སྤྱོད་ཡུལ་ལ། །རྣམ་ཐར་སྟོབས་ཀྱིས་འཇུག་དང་དེ་ཡི་ཞིང་བཀོད་རྣམས་སུ་དེ་སྙེད་རྡུལ་གཅིག་སྟེང་། །མངོན་དུ་བསྒྲུབ་དང་དེ་ལྟ་བུ་ནི་ཕྱོགས་བཅུའི་ཞིང་རྣམས་བཀོད་ལ་འཇུག །ཐུབ་རྣམས་བཅུ་གཉིས་མཛད་པས་རིམ་པར་དུས་གཅིག་དྲུང་མཆིས་རྟག་མཆོད་ཤོག །རྫུ་འཕྲུལ་སྒོ་དང་སྤྱོད་དང་བྱམས་དང་དགེ་དང་ཆགས་མེད་ཡེ་ཤེས་དང་། །ཤེས་རབ་ཐབས་དང་ཏིང་འཛིན་སྟོབས་གྱིས་བྱང་ཆུབ་སྟོབས་ནི་རབ་སྒྲུབ་ཅིང་། །ལས་ཀྱི་སྟོབས་དང་ཉོན་མོངས་སྟོབས་འཇོམས་བདུད་ཀྱི་སྟོབས་ནི་རབ་གཞིལ་ནས། །ཀུན་ཏུ་བཟང་པོ་སྤྱོད་པའི་སྟོབས་ཀྱིས་རྫོགས་པར་བསྒྲུབ་པར་བགྱིད་གྱུར་ཅིག །ཞིང་རྣམས་རྣམ་དག་སེམས་ཅན་རྣམས་སྒྲོལ་ཆོས་རྣམས་རབ་མཐོང་ཡེ་ཤེས་རྫོགས། །སྤྱོད་རྣམས་རྣམ་དག་སྨོན་ལམ་དབང་རྫོགས་ཐུབ་རྣམས་མཆོད་སོགས་རྒྱ་མཚོ་ནི། །བསྐལ་པ་རྒྱ་མཚོར་མི་སྐྱོ་སྤྱད་དང་དུས་གསུམ་རྒྱལ་བའི་སྤྱོད་པ་སྨོན། །བདག་གི་དགེ་བའི་སྤྱོད་པ་ལ་བརྟེན་བྱང་ཆུབ་མངོན་བྱས་རྫོགས་བགྱིད་ཤོག །རྒྱལ་བའི་སྲས་པོ་ཀུན་བཟང་གིས་བཞིན་ལུས་ངག་ཡིད་སྤྱོད་ཞིང་རྣམས་ཏེ། །དག་པ་ལྔའི་ཕྱིར་བདག་ཀྱང་བྱང་ཆུབ་ཡོངས་སུ་བསྔོ་གང་འཇམ་དཔལ་བཞིན། །དགེ་བའི་སྤྱོད་པ་ཕྱོགས་གཅིག་མ་ཡིན་དེ་ཡི་སྨོན་ལམ་ཇི་ལྟ་བར། །བསྐལ་པ་ཀུན་ཏུ་སྐྱོ་བ་མེད་པས་བྱ་བ་མ་ལུས་མཐར་སོན་ཤོག །བདག་གི་བྱང་ཆུབ་སྤྱོད་པའི་ཚད་དང་གཟུངས་དང་སྤོབས་སོགས་ཡོན་ཏན་དང་། །རླབས་ཆེན་སྨོན་པའི་ཚད་རྣམས་ཉིད་ནི་མཁའ་དང་སེམས་ཅན་རྣམས་ཀྱི་དང་། །ལས་དང་ཉོན་མོངས་དག་གི ༼མ་དཔེ་ནས་ཆད༽ ཅེས་སྐབས་དོན་འགྲེེལ་བ་ཞར་བྱུང་བསྔོ་སྨོན་གྱི་ཚིགས་སུ་བཅད་པའོ། །ལེགས་བཤད་བུང་བའི་དབྱངས་སྙན་ལས་དགེ་བ་ཡོངས་སུ་བསྔོ་བའི་སྐབས་ཏེ་བཅུ་པའོ། །འདིར་སྨྲས་པ། སྡེ་སྣོད་ཀུན་གྱི་ངེས་དོན་མ་ལུས་པའི། །དཔྱིད་གྱུར་རྒྱུད་རྒྱལ་གསང་བ་སྙིང་པོ་ལྟའི། །ཐར་འདོད་ལམ་གྱི་འཇུག་ངོགས་གཞན་མེད་པས། །མཚུངས་མེད་སྙིང་པོའི་ཏནྟྲ་ཡིད་བཞིན་ནོར། །དེ་དོན་ཇི་བཞིན་འཆད་ལ་ཟླ་བྲལ་བ། །བླ་མེད་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཡིས། །དྷརྨ་ཤྲྀ་ལ་སོགས་སྙན་ཁུང་དུ། །བརྒྱུད་དེ་བདག་གི་ས་མཁན་
ཐུགས་མཚོར་འཁྱིལ། །གང་དེའི་གསུང་བཤད་བདུད་རྩིའི་དལ་ཀླུང་དུ། །གཞིབ་ལས་བདག་གི་རྣ་བའི་ཡོལ་གོར་ནི། །ཐིག་པ་བསགས་པའི་རྒྱ་མཚོ་ཇི་བཞིན་དུ། །མན་ངག་བཤད་པ་འཆི་མེད་བདུད་རྩིའི་རྒྱུན། །ལྷུང་ལྷུང་བདག་གི་རྣ་བའི་བུམ་པ་རུ། །དད་བརྩོན་རྔ་ཡབ་རྩེ་མོས་རིམ་པར་བླངས ། །གཏིང་མཐའ་བྲལ་བ་གསང་ཆེན་སྙིང་པོའི་མཚོར། །བྱིས་བློའི་རྩལ་གྱིས་གཞལ་འདོད་ཁོང་དགོད་ཀྱི། །གནས་སུ་གྱུར་ཀྱང་ཚིག་དོན་གཅེས་དགུའི་དཔལ། །བསམ་གྱིན་ཡི་གེར་མི་སྤེལ་རང་དབང་ཅི། །མཁས་དབང་ཞལ་སྐྱུགས་ལེགས་བཤད་བདུད་རྩིའི་ཆབ། །རང་བློའི་བུམ་པར་འཁྱིལ་ལ་དབྲི་བསྣན་སོགས། །རང་བཟོས་བསླད་དང་སྦ་གསང་གིས་མ་གབ། །གསོང་པོའི་རང་བཞིན་ལྷུག་པར་འདི་ན་བཀོད། །རྒྱ་ཆེ་དོན་ཟབ་ངེས་གསང་རྒྱུད་ཀྱི་མཐའ། །རྟོགས་པར་ལྟ་ཅི་བདག་གི་སྐལ་བ་ཡང་། །ཅུང་ཟད་ཐོབ་འདིར་བསམ་གཞིག་བློ་བསྐྱེད་ཀྱང་། །བྱིས་པ་ཉུང་མའི་དཔེར་མཐོང་རྣལ་དུ་ལྷུང་། །དེ་ཕྱིར་བློ་གྲོས་ན་ཕྲ་གྱི་ན་བདག །གཞུང་འདིར་བསམ་འཇུག་གོམས་འདྲིས་ཆ་ཙམ་ལ། །རྩེ་གཅིག་སེམས་མོས་དེ་སྲིད་བརྗེད་ཕངས་དང་། །བློ་དམན་རང་འདྲར་ཕན་པའང་སྲིད་དམ་སྙམ། །ཁུང་ཐུབ་ལོ་རྒྱུས་བརྗོད་སོགས་གཞུང་གི་དཀྱུས། །སྐབས་ཀྱི་རེ་ཁ་དགུ་དང་མཐའ་རྒྱས་ཀྱི། །སྨོན་བྱང་ཕྲན་བུ་དང་བཅས་བཅུ་ཕྲག་གིས། །མཛེས་པར་བྱས་འདི་སྔོན་མེད་བདག་གིས་སོ། །སྐབས་དང་ལེའུ་རིམ་པར་དབྱེ་བ་སོགས། །བཀའ་བསྟན་ཀུན་ལ་གྲགས་མོད་དེ་ཕྱིར་བདག །འདིར་ནི་གཞུང་ཚོགས་སྤྱི་ལ་འཇུག་བདེའི་སླད། །སྐབས་ཀྱིས་དུམ་བུར་བྱས་ལ་སྐྱོན་ཡོད་མིན། །དེ་ལྟ་ནའང་བློ་གསར་ཐོས་ཆུང་དག །རྟོག་གེར་སེམས་མོད་འོ་ན་མདོ་རྒྱུད་དང་། །མངོན་རྟོགས་རྒྱན་དང་བློན་པོ་བཀའི་ཐང་ཡིག །རྩིས་གཞུང་ཉིན་སྣང་སོགས་ལའང་བསྙོད་དམ་ཅི། །བཀའ་བསྟན་འཇི ངས་མཐའ་རྒྱ་མཚོའི་རང་བཞིན་ལ། །གཞལ་འདོད་དྲང་སྲོང་ཕུར་བུའང་ངལ་བའི་རྒྱུ། །ཕྱོགས་རེས་ཐོས་ལ་ཞེན་པའི་གོར་མོག་ཉས། ནམ་ཡང་མིན་ནོ་བློ་བདེར་ཉོལ་ཅིག་གུ། །མཁས་སྙེམས་གྲགས་པའི་ཆུ་འཛིན་འཁྲིགས་མིན་པའི། །གཞན་ཕན་སེམས་བསྐྱེད་ལྷ་ཡི་རྫིང་རིང་ལས། །ཤར་བའི་
ལེགས་བཤད་འོད་ཀྱི་དྲྭ་བ་འདིས། །མ་རིག་བློ་ཡི་མུན་པ་སེལ་བར་ངེས། །ཕལ་ཆེར་དབང་དང་ལོངས་སྤྱོད་གྲགས་པ་ཡིས། །རྒྱགས་པས་དྲེགས་དག་ཚུལ་འདིར་དམའ་འབེབ་ཅིང་། །རིགས་རྒྱུད་ཀྱིས་དབེན་མུ་ཏོས་བྱས་སོ་ཞེས། །དྲེགས་ཚིག་སྨྲ་ནའང་རང་ཉིད་ངལ་བའི་རྒྱུ། །གཞོན་དུས་ཐོས་པའི་བརླན་གྱིས་མ་རེག་ཅིང་། །དར་མའི་དུས་སུ་སྒྱུ་མའི་ཁེ་ལ་བྲེལ། །རྒས་ཁར་སྨྲ་འཆལ་ཉི་བདེའི་བདེ་བ་ལ། །ཆགས་པ་དེ་འདྲས་ཚུལ་འདིར་བསྙོན་ནམ་དོར། །བརྗོད་དོན་དཔག་མེད་ལེགས་པར་བཤད་པའི་གཏམ། །བུང་བའི་དབྱངས་ལྟར་སྙན་པའི་ཟིན་ཐོ་འདི། །རང་དང་བློ་དམན་རང་འདྲར་ཕན་ཕྱིར་དུ། །འབད་པས་སྒྲུབ་འདིར་སུ་ཞིག་རྟོག་གེར་ལྟ། །འཕགས་བློ་མ་ཐོབ་ཐོས་པའི་བློ་དམན་པས། །ཐ་སྙད་ཚིག་སྡེབས་རྣམ་དབྱེ་དོན་ལ་སོགས། །འགལ་འཁྲུལ་འབྱུང་བ་སོ་སྐྱེའི་གཤིས་ལུགས་ཡིན། །དེ་བས་དམ་པ་རྣམས་ཀྱིས་བཟོད་པར་མཛོད། །ཚུལ་འདིར་འབད་བྱས་རྣམ་པར་དཀར་པའི་ཆ། །དེ་ཡང་བདག་གིས་མར་གྱུར་མཁའ་མཉམ་འགྲོ། །ཀུན་བཟང་གཞི་རིག་སྒྲིབ་བྲལ་གཉུག་མའི་ཞལ། །མཐོང་བའི་རྒྱུ་རུ་ུ སྨོན་ལས་གཞན་ཡོད་མིན། །དེས་མཚོན་རྒྱལ་བསྟན་སྤྱི་དང་ཁྱད་པར་དུ། །གསང་ཆེན་སྙིང་པོའི་རིང་ལུགས་ཉིན་མོའི་དཔལ། །ཀུན་ཏུ་བརྡལ་བ་སྐྱེ་དགུའི་མུན་སེལ་ཞིང་། །ཡིད་སྲུབ་འབྱུང་པོའི་བྱ་ཚོགས་ལོང་གྱུར་ཅིག །ཀུན་བཟང་ལྷ་དང་ཞལ་མི་གཉིས་པའི་མགོན། །ས་གསུམ་འགྲོ་བའི་མཆོད་སྡོང་གཅིག་པུ་པ། །ཕྲིན་ལས་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ། །ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་གྱུར་ཅིག ། བསོད་ནམ་ཞིང་གྱུར་ངུར་སྨྲིག་འཛིན་པའི་སྡེ། །སྤྱི་དང་ཁྱད་པར་ཨོ་རྒྱན་སྨིན་གྲོལ་གླིང་། །འདུས་པའི་ཚོགས་ཀྱང་དབྱར་མཚོ་ལྟར་འཕེལ་ཞིང་། བཤད་སྒྲུབ་བསྟན་པའི་སྲོག་ཤིང་བརྟན་གྱུར་ཅིག །བློ་དམན་བདག་ཀྱང་སྐྱེས་དང་སྐྱེ་བར་ནི། །དྲིན་ལྡན་བླ་མའི་ཐུགས་རྗེས་ཡོངས་བཟུང་ནས། །བསྐྱེད་རྫོགས་གསུམ་གྱི་མན་ངག་བདུད་རྩིའི་གསུང་། །ངོམས་མེད་སྤྱོད་པའི་སྐལ་བཟང་ཉིད་གྱུར་ཅིག །དེ་ལྟར་ལྷག་བསམ་ཟླ་བའི་བཞིན་རས་གཅིག་ཏུ་དཀར་བའི་འོད་སྣང་གིས། །གཞན་ཕན་སེམས་བསྐྱེད་ཀུན་དའི་ནགས་ཚལ་སྟུག་པོར་
འཁྲིགས་ལ་རེག་པའི་མོད། །རྣམ་དག་སྨོན་པའི་ལོ་མའི་ཁུར་གྱིས་ཉེ་བར་དུད་ལས་རེ་འབྲས་ཀྱི། །འདབ་བརྒྱ་གཞོན་ནུའི་འཛུམ་དཀར་ལང་ཚོ་ཕང་ཕུང་གཡོ་བ་ཉིད་གྱུར་ཅིག །དེ་ལྟར་རྒྱུད་རྒྱལ་གསང་བ་སྙིང་པོའི་དགོངས་འགྲེལ་གསང་བདག་དགོངས་རྒྱན་གྱི་སྤྱི་དོན་ཡན་གྱི་བཤད་བཀའ་སྙན་ནས་སྙན་དུ་བརྒྱུད་པའི་བླ་མའི་མན་ངག་གིས་བརྣག་པ་ཟིན་བྲིས་སུ་སྤེལ་བ་ལེགས་བཤད་བུང་བའི་དབྱངས་སྙན་ཞེས་བྱ་བ་འདི་ཉིད་ལུགས་འདི་ལ་མངའ་དབང་འབྱོར་ཞིང་སྲིད་པའི་ཆོས་ལ་ཐུགས་མི་རྟོན་པ། བློ་དམན་བདག་ལྟ་བུར་ལེགས་བཤད་ཀྱི་བདུད་རྩི་ངལ་མེད་དུ་སྟོན་ལ་དཀྱེལ་ཆེ་ཞིང་གཞན་དྲིང་མི་འཇོག་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན་ཡོངས་རྫོགས་དགེ་བའི་བཤེས་གཉེན་རམ་འབྱམས་སྨྲ་བའི་དབང་ཕྱུག་དགེ་སློང་འགྱུར་མེད་ཀུན་ལྡན་གང་གི་བཀའ་དྲིན་ལས་རང་ལོ་ཉེར་ལྔ་པ་ལྕགས་སྤྲེལ་ས་གའི་དུས་ཚེས་དགེ་བ་ནས་དབུ་བརྩམ་སྟེ་ཚུལ་འདི་ལ་ཐོས་བསམ་བྱ་བའི་སྐལ་བཟང་ཐོབ་ཀྱང་། སྐྱབས་མགོན་རྒྱལ་བའི་མྱུ་གུ་རྒྱལ་སྲས་རིན་པོ་ཆེ་རིག་འཛིན་འགྱུར་མེད་པདྨ་དབང་གི་རྒྱལ་པོ་འདི་ཉིད་སྐུ་ན་ཕྲ་བའི་ཞབས་རིམ་ལ་བརྩོན་པ་ལྷུར་ལེན་པའི་སྲི་ཞུར་བྲེལ་བས་རེ་ཞིག་རྫོགས་ཐུབ་མིན་ཐེ་ཚོམ་དུ་གྱུར་ཅིང་སྔ་མ་རྣམས་བརྗེད་ཀྱིས་དོགས་ནས་རང་གིས་བརྗེད་བྱང་ལ་ཕན་པ་ཙམ་ཟིན་ཐོར་བཏབ་ན་ཨེ་རུང་ཞུས་པར། འཆད་པ་པོའི་གསུངས་ལས། དེ་ལྟར་བྱུང་ན་ལེགས་མོད། ཕྱིས་རང་གི་དྲན་གསོ་དང་། བློ་གསར་འགའ་ལ་ཡང་ཕན་པར་སྲིད་ཀྱི་དེ་བས་ན་ཐུན་རེ་བཞིན་རིམ་པར་འཕྲལ་འཕྲལ་དུ་ཡི་གེར་ཐོབ་ཅིག་ཅེས་བཀའ་ཡི་གནང་བ་ཐོབ་ཀྱང་། བརྗོད་བྱ་དོན་གྱི་ཆ་ནས་རྒྱུད་རྒྱལ་གསང་བ་སྙིང་པོའི་དགོངས་འགྲེ ལ་གྱི་མན་ངག་སྙན་ནས་སྙན་དུ་བརྒྱུད་པའི་བཤད་བཀའ་ཡིན་གཤིས་དབྲི་བསྣོན་མེད་པར་ཟིན་བྲིས་སུ་སྤེལ་བ་ལ་ནོངས་པའི་རྒྱུ་ཅི་ཞིག་ནའང་། འབྲི་བྱེད་ཀྱི་གང་ཟག་ལ་ལྟོས་ན་ཐོས་བསམ་གྱིས་རྒྱུད་མ་བརླན་ཅིང་སྐྱེས་ཐོབ་ཀྱི་བློ་མིག་ཕྲ་མོར་གྱུར་པ་རྨོངས་བཙུན་བདག་ལྟ་བུས་ནི་ཚུལ་འདི་ལ་ཟིན་བྲིས་ཙམ་སྤེལ་བ་ཅི་ཞིག་སྤོབས། འོན་ཀྱང་རྒྱལ་ཡུམ་དྲུང་འཆི་མེད་དབྱངས་ཅན་དང་། ཕྱག་མཛོད་བླ་མ་ལགས། སློབ་གྲྭ་ཁང་དགེ་རྒན་ཆེན་མོ་གླུ་ཆུ་རབ་བརྟན། ཁམས་རྫོགས་བླ་མ་བསྟན་དར་སོགས་མཆོག་དམན་འགའ་ཞིག་ནས་ཀྱང་ལེགས་པའི་བསྐུལ་མ་གན ང་བ་དང་། རང་ཉིད་ཀྱང་བརྗོད་བྱ་ལ་ལྟོས་ནས་འདི་བཞིན་བྲིས་ན་ནོངས་པའི་རྒྱུར་མི་འགྱུར་རམ་སྙམ་པའི་བློ་བསྐྱེད་དེ་ཅུང་ཟད་བྲི་བའི་མགོ་བརྩམས་སོ། །དེ་ནས་རིམ་པར་ཉིན་རེ་བཞིན་ཆོས་ཐུན་གཉིས་གསུམ་དང་ཐ་མ་ཐུན་རེ་ཆགས་མེད་ཞུས་ཏེ་ཕྱིས་ཆུ་ཁྱི་ས་ཟླའི་ཚེས་བདུན་དུས་སྦྱོར་བཟང་པོ་ལ་སྐྱབས་རྗེ་འཁོར་ལོའི་མགོན་པོ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོར་གཞུང་ཚོགས་རྣ་བར་སིམ་པའི་ཚིག་གི་རྒྱུག་འབུལ་ཀུན་བཟང་རྣམ་པར་རོལ་བའི་མཆོད་སྤྲིན་དུ་བཏབ་པའི་ཚེ་ལེགས་པའི་གསུང་གི་སྐྱེས་བཟང་བླ་ན་མེད་པས་དབུགས་དབྱུང་བ་སོགས་ཀྱི་བཀའ་དྲིན་
ཐོབ་པས་རབ་དགའི་ས་མཆོག་བརྙེས་པ་ལྟ་བུའི་དགའ་སྟོན་ཐོབ། དེ་ནས་བཟུང་ཟིན་བྲིས་འདི་ཉིད་ལ་གཏི་ཐུག་སྡུག་བཙིར་གྱི་དོན་གཉེར་ཆེན་པོས་འབད་པ་ལྷུར་བླངས་ཏེ། ས་གསུམ་ན་འགྲན་པའི་ཟླ་མེད་ཀྱིས་འགྲོ་བ་ཀུན་ཀྱི་དཔུང་གཉེན་གཅིག་པུར་གྱུར་པ་སྐྱབས་མགོན་ཡབ་སྲས་དམ་པ་འདི་ཉིད་རིགས་བདག་ཏུ་ཐོབ་ཅིང་བཀའ་དྲིན་གྱིས་རྟག་ཏུ་འཚོ་བའི་རྨོངས་བཙུན་དཱ་རི་དྲ་བ་སྔགས་མིང་འཛིན་པ་འགྱུར་མེད་ནོར་བུས་རང་ལོ་ཉེར་བདུན་པ་ཆུ་ཁྱི་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་རྒྱལ་བ་ཡུམ་གྱི་ལྷུམས་སུ་ཞུགས་པའི་དུས་ཆེན་ཐོག་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭ་ཆེན་པོར་རྫོགས་པར་རང་གིས་སུག་ལས་སུ་བགྱིས་པ་འདིས་ཀྱང་གསང་ཆེན་རིང་ལུགས་ཀྱི་བསྟན་པ་གསལ་བའི་རྒྱུར་གྱུར་ཅིག །བཀྲ་ཤིས།