Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

2 occurrences of གུར་ཁང་
[Clear Hits]


  
  
  
  
  
  
  
  
 
ཡང་དག་སྙིང་པོའི་བསྙེན་ཡིག་ཉུང་གསལ། རིག་འཛིན་འགྱུར་མེད་རྡོ་རྗེ།
  
 
  
  
  


2 occurrences of གུར་ཁང་
[Clear Hits]

 
previousཡང་དག་སྙིང་པོའི་བསྙེན་ཡིག་ཉུང་གསལ། རིག་འཛིན་འགྱུར་མེད་རྡོ་རྗེ། next

ཡང་དག་སྙིང་པོའི་བསྙེན་ཡིག་ཉུང་གསལ། རིག་འཛིན་འགྱུར་མེད་རྡོ་རྗེ།


MLP021_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་སྙིང་པོའི་བསྙེན་ཡིག་ཉུང་གསལ་བཞུགས་སོ། །རིག་འཛིན་འགྱུར་མེད་རྡོ་རྗེ། ༀ་སྭ་སྟི། བདེ་ཆེན་ཁྱབ་བདག་ཧེ་རུ་ཀ །སྟོང་ཉིད་དབྱིངས་ཀྱི་དབང་ཕྱུག་མ། །ཟུང་འཇུག་བླ་མ་ཡང་དག་ལྷར། །བཏུད་ནས་བསྙེན་ཡིག་འཇུག་བདེར་སྤེལ། །འདིར་དཔལ་ཡང་དག་གི་བསྙེན་པ་ལ་འཇུག་པར་འདོད་པས་ཤེས་པར་བྱ་བ་ནི་གསུམ་སྟེ༑ དམིགས་པའི་ཡུལ། སྒྲུབ་པའི་ཐབས། གྲུབ་པའི་འབྲས་བུའོ། །དང་པོ་དམིགས་པའི་ཡུལ་ནི་གང་སྒྲུབ་གཞིའི་ལྷ་དེ་རང་ལ་ཡེ་ནས་གནས་པས་ལམ་རྐྱེན་དང་འཕྲད་ན་འབྲས་བུའི་ཡོན་ཏན་འབྱུང་རུང་དུ་ངེས་པའི་ཕྱིར། འཐོབ་བྱའི་འབྲས་བུ་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་ཀྱི་ཡོན་ཏན་ལ་སྤྲོ་བ་བསྐྱེད་ནས་ལམ་ལ་བསླབ་དགོས་པའི་ཕྱིར། ཡང་དག་གྲུབ་པ་གཅིག་པོ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཅེས་ཀྱང་གསུངས་སོ། །གཉིས་པ་སྒྲུབ་པའི་ཐབས་ལ་ལྔ་སྟེ། སྒྲུབ་པའི་གང་ཟག །སྒྲུབ་པའི་གནས། སྒྲུབ་པའི་དུས། བསྟེན་པའི་ཡོ་བྱད། ཇི་ལྟར་སྒྲུབ་པའི་ཚུལ་ལོ། །དང་པོ་གང་ཟག་ནི། དབང་གིས་སྨིན་ཅིང་དམ་ཚིག་ལ་གནས་པ་གཞིར་བྱས་ནས། དེའི་སྟེང་དུ་དངོས་གྲུབ་ཐོབ་པ་ལ་རྒྱུ་རྐྱེན་གཉིས་ཚང་དགོས་ཏེ། བསྒྲུབ་བྱའི་འབྲས་བུ་ཐོབ་འདོད་ཀྱི་བསམ་པ་དང་ལྡན་པ་ནི་རྒྱུ། ལྷ་དང་གདམས་ངག་ལ་ཡིད་ཆེས་ཀྱི་དད་པས་ཐང་ལྷོད་མེད་པའི་བརྩོན་འགྲུས་དང་། དག་བྱ་དག་བྱེད་ཀྱི་གནད་རྟོགས་པའི་ཤེས་རབ་དང་ལྡན་པ་ནི་རྐྱེན་ཡིན་ནོ། །གཉིས་པ་གནས་ནི། རྡོ་རྗེའི་ཚིག་བདུན་མར། ཆུ་གླིང་ངམ། གངས་ཕུག་གམ། དུར་ཁྲོད་དམ། ལྷ་སྲིན་འཁྲུག་པའི་


MLP021_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སམ་མི་མི་འགྲིམ་པའི་ས་སྔོན་སྒྲུབ་པ་པོས་གྲུབ་པ་བརྙེས་པ་ཤིན་ཏུ་དབེན་པ་བཙལ། ཞེས་གསུངས་ཀྱང་རྒྱུན་གྱི་ཉམས་ལེན་དང་བསྙེན་པ་ཙམ་ལ་གནས་དེ་དག་འགྲུབ་དཀའ་བས་གང་དུ་ཡིད་སྤྲོ་ཞིང་འཚེ་བ་མེད་པའི་གནས་དབེན་པ་ཞིག་ནི་ངེས་པར་དགོས་ཏེ། ལྷ་དགུའི་སྒྲུབ་ཐབས་རྩ་བར། རྣལ་འབྱོར་པ་གང་༼དུ་༽འདུག་པ་དེ་ཕྱིའི་གནས། སྒྲུབ་པ་པོའི་ལུས་ནི་ནང་གི་གནས། རང་སེམས་རང་ལ་གནས་པ་གསང་བའི་གནས། ཞེས་གསུངས་སོ༑ ༑གསུམ་པ་དུས་ནི། བསྙེན་པ་ལ་འཇུག་པའི་དུས་དང་། ཇི་ཙམ་སྒྲུབ་པའི་དུས་སོ། །དང་པོ་ནི། བསྙེན་སྒྲུབ་ཀྱི་གཞུང་ལས། ལོ་དང་ཟླ་བ་ཡར་གྱི་ངོ་ལ། ཚེས་བརྒྱད་དམ། ཉའམ་བཟང་པོ་ལ་དཀྱིལ་འཁོར་བཞེངས་ལ་བསྒྲུབ་པར་བྱའོ། །ཞེས་དང་སྒྱུ་འཕྲུལ་རྒྱས་པ་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །ཞེས་གསུངས་ཤིང་། འོན་ཀྱང་གཟའ་སྐར་འཕྲོད་སྦྱོར་དགེ་ན་མར་ངོ་ལ་ཡང་རུང་ངོ་། །གཉིས་པ་ནི། གཞུང་ལས། ཞག་གྲངས་ཐེམ་པའམ། རྟགས་ཕེབས་ཚེ་དངོས་གྲུབ་བླང་། ཞེས་པས་དུས་ལོའམ། ཟླ་བ་དྲུག་གམ། གསུམ་སོགས། གྲངས་ནི་འབུམ་ཕྲག་ཉི་ཤུ་རྩ་ལྔའམ། བཅུ་དྲུག་དང་། གཅིག་གི་བར་དང་། མཚན་མ་ནི་རྟགས་དང་ནུས་པ་ཅི་རིགས་པ་མ་འཐོན་གྱི་བར་དེ་སྲིད་དུ་བཟླ་བའོ། །བཞི་པ་ཡོ་བྱད་ནི། རྩ་བ་ལས། ཕྱི་ཐོད་པ་ལ་དཔལ་ཆེན་པོའི་ཞལ་དང་བཅས་པ། ཐོད་ཚལ་ཀེའུ་རི་མའི་ཞལ་དང་བཅས་པ་དགུ། ནང་གི་རྫས་དཔལ་བཤོས་རཀྟའི་ཐིག་ལེ་དགུ་བཏབ་པ། གསང་བའི་རྫས་ཀོང་བུ་གཅིག་ལ་མར་མེ་དགུ་བཏང་བའོ། །ཞེས་གསུངས་པས་མཚོན་ནས་དཀྱིལ་འཁོར་སོགས་བསྙེན་སྒྲུབ་ཀྱི་རྫས་དང་། འཚོ་བའི་ཟས་སྐོམ་རྐྱེན་བཟློག་གི་སྨན་དང་སྨན་པ། མཆོད་རྫས་ཀྱི་ཡོ་བྱད་སོགས་འོག་ཏུ་དགོས་པ་ཐམས་ཅད་ཚོགས་པར་བྱའོ། །ལྔ་པ་ཇི་ལྟར་སྒྲུབ་པའི་ཐབས་ལ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་ནི། རྡོ་རྗེའི་ཚིག་བདུན་མར། དེ་ཡང་རྣལ་འབྱོར་པའི་ལས་དང་བག་ཆགས་ཀྱི་དྲི་མ་དག་པར་བྱ་བའི་ཕྱིར་དགེ་བའི་ལས་ཁ་ལྕོགས་ཚད་བྱ། ཞི་ཁྲོ་དང་མཁའ་འགྲོ་ལ་ཚོགས་འཁོར་བྱ། རྒྱུ་འབྲས་གཉིས་བསགས་པས་སྒྲིབ་པ་གཉིས་དག་ནས་


MLP021_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་དངོས་གྲུབ་མི་འདོད་ཀྱང་ཤུགས་ལ་ཡོང་བ་ཡིན་ནོ། །ཞེས་སོགས་གསུངས་པས། དཀོན་མཆོག་གི་རྟེན་ལ་མཆོད་འབུལ། འབུམ་ལྔ་སོགས་གསུང་སྒྲོག དགེ་འདུན་ལ་བསྙེན་བཀུར། སཱཙྪ་གདབ་པ། སྲོག་བསླུ། ཉེའུ་འདོན། བྱིས་སྟོན། ཆབ་གཏོར་སོགས་རང་ངམ། གཞན་ལ་བཅོལ་ཡང་རུང་སྟེ་དགེ་བའི་དཔུང་བསྐྱེད་པ་ཅི་ནུས་སུ་འབད་དོ། །གནས་དེ་སྒྲུབ་ཁང་གསར་པ་ཡིན་ན་ས་ཆོག་སྒྲུབ་གཞུང་ལྟར་བྱ་དགོས་ཀྱང་འདིར་སྒྲུབ་ཁང་རྙིང་པའི་དབང་དུ་བྱས་ཏེ། གནས་ཁང་ལ་ཕྱག་དར་བྱས་ལ། དེར་བདག་གི་རྣལ་འབྱོར་བཟླས་པའི་བར་ཆོ་ག་མདོར་བསྡུས་པ་ཙམ་བསྒོམས་རྗེས། དཀྱིལ་འཁོར་གྱི་འཁོར་ལོ་འོད་གསལ་དུ་བསྡུས་ནས། བདག་ཉིད་དཔལ་ཆེན་པོ་གཙོ་རྐྱང་གི་སྐུར་ལངས་ཏེ། ཞིང་སྐྱོང་གཞི་བདག་སོགས་དཀར་ཕྱོགས་པ་རྣམས་ལ་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ། ནག་ཕྱོགས་པ་རྣམས་ལ་བགེགས་གཏོར་བཏང་ནས་བཀའ་བསྒོ་དྲག་སྔགས་ཐུན་བྲབ་གུ་གུལ་གྱིས་བདུག་པ་སོགས་ཚམ་རྔམ་གྱིས་བགེགས་སྐྲོད་ནན་ཏན་བྱས་ནས། སྒོ་དྲུང་དུ་ཐོ་བརྩིགས་པ་ལ་རྒྱལ་ཆེན་བཞིའི་ཙཀླི་རབ་གནས་ཅན་གཟུགས། དེའི་མདུན་དུ་མཆོད་གཏོར་བཤམས་ལ་བྱིན་གྱིས་བརླབས། ཐོ་ལྷར་བསྐྱེད་བསྟིམ་མཆོད་ནས་འཕྲིན་ལས་གསོལ་བ་རྣམས་བྱས་ཁོར་ཡུག་ཐམས་ཅད་རྒྱལ་ཐབས་བཞིའི་བསྲུང་བའི་ར་བས་མཚམས་བཅད་པར་བསམ་པ་ནི་ཕྱི་མཚམས་སོ། །ནང་མཚམས་ནི། བདག་ཉིད་དཔལ་ཆེན་ཁྲག་འཐུང་ཐུགས་ཀ་ནས་སོགས་ཤོ་ལོ་ཀ་གཅིག་དང་། ཧཱུྃ་བཛྲ་ཙཀྲ་ཏིཀྞ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ། ཞེས་པས་རྡོ་རྗེ་འཁོར་ལོ་རལ་གྲི་ཕུར་བུ་སོགས་མཚོན་ཆ་སྣ་ཚོགས་སྤྲོས་པས་ཕྱོགས་མཚམས་སྟེང་འོག་ཐམས་ཅད་མཚོན་ཆའི་ གུརཁང next hit་མེའི་ར་བ་དང་བཅས་པས་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་མོ༑ ༑གསང་མཚམས་ནི། བར་དུ་གཅད་བྱ་གཅོད་བྱེད་ཐམས་ཅད་རྣམ་པར་རྟོག་པ་ཙམ་སྟེ་སེམས་ཉིད་སྟོང་གསལ་ཆོས་སྐུར་རྟོགས་པས་བར་ཆད་ཀྱི་མིང་ཡང་མ་གྲུབ་པ་ནི་མི་ཤིགས་པ་རྡོ་རྗེའི་མཚམས་གཅོད་ཡིན་པས་སུས་ཀྱང་གཞིག་ཏུ་མེད་པའོ། །དེ་ལྟར་མཚམས་བཅད་ཕྱིན་ཆད་ནས་སྔར་དམིགས་ཁོངས་སུ་མ་བཅུགས་པའི་ངོ་གསར་དང་མི་འཕྲད་ཅིང་ཆས་


MLP021_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་གཏོང་ལེན་ཡང་མི་བྱ། སྲུང་འཁོར་འདི་ཉིད་མཚམས་འགྲོལ་རྒྱུའི་ཐུན་ཐ་མའི་ཚེ་མ་གཏོགས་མི་བསྡུ་ཞིང་། ཐུན་འགོ་ཐམས་ཅད་དུའང་གསལ་འདེབས་སྐྱོར་རེ་བྱ་སྟེ་བར་ཆད་མི་འཇུག་པའི་དགོས་པ་ཡོད་དོ། །དེ་ནས་ཡོ་བྱད་བཤམས་པ་ནི། རང་གི་མདུན་ངོས་སུ་དམ་ཚིག་གི་བྲིས་སྐུ་རབ་གནས་ཅན་དགྲམ། དེའི་མདུན་དུ་སྟེགས་བུ་བདུད་རྩི་ལྔས་ཆག་ཆག་བཏབ་པ་ལ། ཐིག་ཚོན་གྱི་བྱིན་རླབས་དང་ལྡན་པས་དཀྱིལ་འཁོར་སྒོ་རྫོགས་ལྟེ་བ་གླིང་དགུ་ཟླ་གམ་དང་བཅས་པ་བྲི་བའམ་སྐབས་འདིར་ཡུན་རིང་བས་ཟུབས་པ་སོགས་ཀྱི་དགག་བྱ་ཆུང་ཞིང་འཇུག་པ་བདེ་བས་རས་བྲིས་དགྲམ། དེ་ཡང་མ་འབྱོར་ན་སྟེགས་བུ་ཁེབས་ལྡན་མེ་ཏོག་གི་ཚོམ་བུ་དགུ་བཀོད་པའི་སྟེང་དུ་ཕྱི་རྟེན་ཐོད་པ་མཚན་ལྡན་ལ་བྱང་སེམས་དཀར་དམར་སྦྱར་བའི་ཚོན་གྱིས་དཔལ་ཆེན་པོའི་སྐུ་རྫོགས་པའམ། སྔགས་དང་ཕྱག་མཚན་གང་འབྱོར་བྲིས་པ་དང་། དེའི་ཕྱོགས་མཚམས་བརྒྱད་དུ་བྲམ་ཟེ་ལ་སོགས་པའི་ཐོད་ཚལ་བརྒྱད་ལ་མ་མོ་བརྒྱད་ཀྱི་སྐུའམ་སྔགས་དང་ཕྱག་མཚན་བྲིས་པའམ། མ་འབྱོར་ན་ཐོད་པ་གཅིག་གི་ནང་ལ་དཔལ་ཆེན་པོ་དང་ཕྱོགས་མཚམས་བརྒྱད་ལ་ཧ་བརྒྱད་མགོ་ཕྱིར་བསྟན་དུ་བྲིས་པ་དབུས་སུ་བཀོད། ནང་རྟེན་དཔལ་གཏོར་རཀྟའི་ཐིག་ལེ་དགུས་མཚན་པ་དཀྱིལ་འཁོར་གྱི་ནུབ་དང་། གསང་རྟེན་ཀོང་བུ་གཅིག་ལ་སྡོང་བུ་དགུ་པའི་མར་མེ་བྱས་པ་ཐོད་སྐུའི་མདུན་ངོས་སུ་བཤམ། གཞན་ཡང་ཡི་དམ་ཆོས་སྐྱོང་དང་གཏེར་སྲུང་སོགས་ཀྱི་གཏོར་མ་དང་དེའི་གཡས་གཡོན་དུ་སྨན་ཕུད་དང་རཀྟའི་ཞལ་བུ། མཐའ་སྐོར་དུ་ཕྱི་ནང་གི་མཆོད་པའི་ཁྱད་པར་སོགས་ལག་ལེན་ལྟར་བཀོད་ལེགས་པར་བཤམ། རང་ཉིད་རྟེན་དང་ཁ་སྤྲོད་དུ་ཡོང་བའི་སར་འབྲས་སམ་ས་དཀར་གྱིས་གཡུང་དྲུང་ཆོས་སྐོར་དུ་བྲིས་ཤིང་ཀུ་ཤ་བཀྲམ་པའི་ཁར་སྟན་ནང་ཚངས་ཅན་འཇམ་ཞིང་བདེ་བ་གདི ང་། དེའི་མདུན་དུ་རྡོར་དྲིལ་ཌཱ་མ་རུ་ནང་མཆོད་འཐོར་ནས་སོགས་བཞག གཞན་ཡང་ཚོགས་རྫས་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་ཚང་བར་འདུ་བྱས་ནས། ཐོག་མར་རྙེད་པར་དཀའ་ཞིང་འཇིག་པར་སླ་བའི་རྟེན་ལ་བསམ་ནས། ཏིང་ངེ་འཛིན་སྐྱེ་བའི་རྒྱུ་ལུས་ཀྱི་བྱ་བྱེད། ངག་


MLP021_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྨྲ་བརྗོད། སེམས་ཀྱི་ཆགས་སྡང་སོགས་སྲིད་པའི་ཕུན་ཚོགས་ལ་སྲེད་པའི་བློ་ཐག་བཅད། རྐྱེན་ཅི་བྱུང་ཡང་ཆོས་མིན་པ་བྱ་རྒྱུ་མེད་པའི་ཉམས་ལེན་མཐར་སྐྱེལ་གྱི་ཞེ་དམ་དྲག་པོས་བླ་མ་ལ་མོས་གུས། སེམས་ཅན་ལ་སྙིང་རྗེ། ཏིང་ངེ་འཛིན་གྱི་ཕན་ཡོན་ཤེས་པས་ལྷ་འདི་སྒྲུབ་ཏུ་ཡོད་པ་སྐལ་བ་རེ་བཟང་སྙམ་དུ་ཡང་ཡང་གསལ་གདབ། ཚུལ་དེ་ལྟ་བུས་རྒྱུད་བསྐུལ་ནས་ལྷ་སྔགས་མཚན་བཅས་ཀྱི་རྣལ་འབྱོར་དང་། དེ་ཉིད་རང་བཞིན་མེད་རྟོགས་འཁོར་གསུམ་ཡོངས་དག་མཚན་མེད་ཀྱི་རྩིས་ཟིན་པར་བྱས་ནས། ཐུན་མཚམས་སུ་ཡང་ཉམས་ཆག་བཤགས་སྡོམ་གྱི་བསམ་པ་དྲག་པོས་ཕྱག་མཆོད་སོགས་བསགས་སྦྱང་དང་བསྙེན་པ་ལ་བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་དུ་ཐོབ་པའི་གསོལ་འདེབས་ལ་ནན་ཏན་དུ་བྱའོ། །དེ་ལྟར་བསྙེན་པ་དངོས་མ་ཚུགས་པའི་གོང་གི་ཞག་བདུན་ནམ་གསུམ་དང་གཅིག་སོགས་གང་འབྱོར་ལ་ཐུན་བཞིའམ་གཉིས་སོགས་གང་འོས་ཁོང་གྲིམས་ཤིང་སྤྱོད་ལམ་སྙོམས་པས་བྱ་ཞིང་། འདི་རྣམས་ཐོ་མཚམས་མ་བཅད་པའི་གོང་དུ་བྱེད་པའང་ཡོད་དེ་དགོས་པ་ལྷག་པོ་མེད་ན་སྐབས་འདིར་བྱེད་པ་གཞུང་གིས་ཟིན་ཅིང་རྣམ་གཡེང་གཞན་གྱིས་བར་མ་ཆོད་པས་ལེགས་པར་འགྱུར་རོ། །གཉིས་པ་དངོས་གཞི་ནི་ཐུན་བཞིའི་རིམ་པས་བསྒྲུབ་སྟེ། དེ་ཡང་། ཐོ་རེངས་དང་། སྔ་དྲོ་དང་། ཕྱི་དྲོ་དང་། སྲོད་ཐུན་བཞིར་བྱས་པས་སྤྱོད་ལམ་འཇུག་པ་བདེ་ཞིང་ཁྲིགས་འཚམས་པར་འགྱུར་བས་སྔར་སྨོས་པའི་བསག་སྦྱོང་རྣམས་རེ་ཞིག་ཆོག་པའི་དབང་དུ་བྱས་པའི་དགོང་མོ་དེ་ནས་སམ། སང་སྔ་ཐུན་གང་བདེ་ནས་འགོ་འཛིན་པ་ལས་འདིར་ཕྱི་མའི་དབང་དུ་བྱས་ཏེ། ནངས་པར་ལྡང་བའི་རྣལ་འབྱོར་གྱིས་ལངས་ནས་བདེ་བའི་སྟན་ལ་བསམ་གཏན་གྱི་འདུག་སྟངས་བཅས་ལ་མཚམས་གཅོད། བརྡའ་སྒོ། བརྡའ་ཕྱག །དམ་བཅའ། བྱིན་འབེབས། མཆོད་རྫས་བརླབས་པ། བཤགས་པ་སྟེ་སྔོན་འགྲོའི་ལས་བདུན་ཡོངས་རྫོགས་ལས་བྱང་ལྟར་བྱས་ནས། དངོས་གཞི་ཏིང་འཛིན་གསུམ་ནས་བཟུང་སྒྲུབ་རྫས་སྒྲུབ་གཞི་བསྒྲུབ་བྱ་ཐམས་ཅད་བདག་མདུན་དབྱེར་མེད་དམ་ཚིག་གི་དཀྱིལ་འཁོར་གཅིག་གིས་


MLP021_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པར་བསྒོམ་པ་ནི་གཞུང་འདིའི་དོན་ལ་གནས་པ་ཡིན་ཏེ། དེ་ཡང་ཆོས་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་སྟོང་ཉིད་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་སོ་སྙམ་དུ་གནས་ལུགས་ལ་མཉམ་པར་འཇོག་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་ཁྱབ་ཏུ་བསྒོམ་པ་ཀུན་སྣང་། སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་རང་བཞིན་ཧཱུྃ་ཡིག་མཐིང་གར་བསྒོམ་པ་རྒྱུ་ཏིང་སྟེ། འདི་གསུམ་གྱིས་སྐྱེ་འཆི་བར་དོ་གསུམ་གྱི་བག་ཆགས་སྦྱོང་བ་དང་སྦྱོར་ཏེ། དེ་ཏིང་གིས་འཆི་བ་སྦྱོང་ཞིང་ཆོས་སྐུ་ལམ་དུ་བྱེད། ཀུན་ཏིང་གིས་བར་དོ་སྦྱོང་ཞིང་ལོངས་སྐུ་ལམ་དུ་བྱེད། རྒྱུ་ཏིང་འབྲས་བུའི་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པས་སྐྱེ་སྲིད་དང་ལས་སྣ་ཚོགས་ཀྱི་བྱེད་པ་སྦྱོང་ཞིང་སྤྲུལ་སྐུའི་མཛད་པ་དང་བཅས་པ་ལམ་དུ་བྱེད། མཐར་དཀྱིལ་འཁོར་གྱི་འཁོར་ལོ་འོད་གསལ་དུ་བསྡུ་ཞིང་ལྡང་བས་ནི་ཕྱིས་ཉིང་མཚམས་སྦྱོར་བ་ལ་ལྟོས་པའི་སྲིད་པ་ཕྱི་མ་རྣམས་ཀྱི་བག་ཆགས་སྦྱོང་ཞིང་རང་བཞིན་ཆོས་སྐུའི་ངང་ནས་འགྲོ་བའི་དོན་མཛད་པ་མཚོན་པ་ཡིན་ནོ། །དེ་ཡང་སྔགས་ལམ་གྱི་སྦྱང་བྱར་གྱུར་པའི་སྡུག་བསྔལ་ནི་དོན་དུ་ཐ་མལ་གྱི་སྣང་ཞེན་ཉིད་ལས་གཞན་དུ་མེད་ཅིང་། དེ་ཡང་སྣང་བ་ནི་སེམས་འཁྲུལ་པའི་སྣང་བ་མ་དག་པའི་སྣོད་བཅུད་འདི་ཡིན་ལ། ཞེན་པ་ནི་ཡུལ་སྔ་མ་ལ་ཕྱི་མ་མུ་མཐུད་པའི་རྟོག་པ་ལུ་གུ་རྒྱུད་དེ་ཡིན་ཞིང་། རྟོག་པ་ལ་མཚམས་སྦྱོར་བཅོལ་ནས་དེའི་ངང་རང་སར་བཞག་པའི་སྣང་ཆ་ལྷར་སློང་བ་ཡིན་ལ། མཚམས་སྦྱོར་གྱི་རྟོག་པ་དེ་ལ་ནང་གི་ཡིད་བྱེད་ཕྲ་མོ་ཟེར་ཡང་མུ་མི་མཐུད་པའི་ཕྱིར་རྟོག་པ་ཕལ་བ་མ་ཡིན་ནོ། །དེས་ན་མ་དག་པའི་སྣང་བ་ཐམས་ཅད་དེ་ཏིང་གི་སྟོང་ཉིད་དེས་སྦྱངས་པའི་ངང་ལས་རྩལ་སྙིང་རྗེར་ལངས་པའི་འཕེན་ཤུགས་ལྷ་སྐུའི་གསལ་སྣང་ལམ་མེ་བ་ཅིག་ཅར་དུ་གསལ་བ་ལ་སེམས་བཟུང་ཞིང་། དེ་ལྟར་མི་གསལ་ན་བྱིང་རྒོད་ཀྱི་མཐའ་བ རྟགས་ནས། བྱིང་ན་མས་རིམ་དང་རྒོད་ན་ཡས་རིམ་གྱིས་སྐུའི་ཆ་ཤས་ལ་སེམས་བཟུང་ནས་མཐར་ཅིག་ཅར་དུ་གསལ་བ་ལ་སྦྱངས་པས་དང་པོ་ཡིད་ཀྱི་ཡུལ་དུ་ལྷའི་རྣམ་པ་ཝལ་ཝལ་འཆར། དེ་ནས་རེག་མཐོང་གི་མཚན་


MLP021_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡོད་པ་ལྟར་དབང་པོའི་མངོན་སུམ་དུ་གསལ། དེ་ནས་རང་ལུས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་ནུབ་ནས་ལྷའི་གསལ་སྣང་དང་ང་རྒྱལ་ལ་རྩེ་གཅིག་ཏུ་གནས་པར་འབྱུང་། དེ་གསུམ་ལ་ཡིད་ཀྱི་ཡུལ། སྣང་བའི་ཡུལ། ཞེན་པའི་ཡུལ་དུ་གསལ་བ་ཟེར། དེ་ལྟར་ཡུལ་གསུམ་གསལ་ནས་སྐུའི་ཆ་ཤས་དང་རྒྱན་ཆ་ཕྲ་མོ་རེ་རེ་ནས་ཀྱང་གསལ་སྣང་འདོན་ཞིང་། དེ་ལས་ལྷ་སྐུ་ཆེ་ཆུང་མང་ཉུང་ཐུན་རིང་ཐུང་སོགས་མ་ངེས་པ་ལ་རྩལ་སྦྱངས་པས་ལྷ་གྱད་དུ་གྱུར་པ་ཞེས་བྱ་སྟེ། ཇི་ལྟར་བསྒོམས་ཀྱང་བདེ་བར་འགྱུར་བ་ལ་བསླབ་ཅིང་། ཚུལ་དེས་རྟེན་དང་བརྟེན་པའི་གསལ་སྣང་ཐོན་པ་ན་སེམས་ཉིད་གདོད་ནས་ལྷར་དག་པ་ལས་གཞན་ནས་བཙལ་དུ་མེད་པ་དང་། སེམས་དང་ལྷ་སྐུ་དབྱེར་མེད། དེ་ཡང་གསལ་སྟོང་འཛིན་མེད་དུ་ཤེས་པ་ནི་གནད་དམ་པའོ། །དེ་ལྟར་ངེས་པར་བྱས་ནས་ཏིང་འཛིན་གསུམ་ནས་བསྟོད་པའི་བར་ལས་བྱང་བཞིན་གཞུང་བསྲངས་རྗེས་བཟླས་པ་ལ་འཇུག་སྟེ། རྩ་བའི་གཞུང་ལས་སྐུ་གསུང་ཐུགས་ཀྱི་བསྙེན་པ་བྱ་སྟེ། ཞེས་གསུངས་པས། ཐོག་མར་ཕྲེང་བ་བྱིན་རློབ་སྔོན་དུ་འགྲོ་བས། དང་པོ་སྐུའི་བསྙེན་པ་ནི། བདག་དཔལ་ཆེན་པོ་ཡབ་ཡུམ་དུ་བསྒོམས་པའི་སྐུ་ལ་ལྷ་དགུ་རང་བཞིན་ལྷུན་གྲུབ་ཏུ་རྫོགས་པའི་ངེས་ཤེས་བསྐྱེད་ཅིང་། ཁྱད་པར་གཙོ་བོའི་རྒྱན་ཆ་ཕྲ་མོའི་བར་ཡང་གསལ་བའི་ངང་ནས་བཟླས་པར་བྱའོ། །གཉིས་པ་ཐུགས་ཀྱི་བསྙེན་པ་ནི། བདག་ཉིད་དཔལ་ཆེན་པོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རིན་པོ་ཆེ་ཟུར་བརྒྱད་པ་མཐིང་གསལ་བཻ་ཌཱུཪྱ་ལྟ་བུའི་ཟུར་བརྒྱད་ལ་འབྲུ་བརྒྱད་ལྗང་དམར་ཡུངས་འབྲུ་ཕྱེད་པ་ཙམ་གྱིས་བསྐོར། དེའི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དོང་རྩེ་ཙམ་གྱི་སྟེང་དུ་ཡེ་ཤེས་སེམས་དཔའི་རྡོར་སེམས་ཚོན་གང་ཙམ་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་ཐུགས་ཀར་གསོར་ཞིང་གཡོན་དྲིལ་བུ་དཀུར་བརྟེན་པ་དེའི་ཐུགས་ཀར་མ་ལས་ཉི་དཀྱིལ་སྲན་མ་ཕྱེད་ཚལ་ཙམ་གྱི་སྟེང་དུ། རྡོ་རྗེ་ནས་ཙམ་གྱི་ལྟེ་བར་ཧཱུྃ་ཡིག་མཐིང་ག་སྤུས་བྲིས་པ་ལྟ་བུ་རུ་ལུ་འབྲུ་བརྒྱད་ཀྱིས་བསྐོར་བ་དང་། རྡོ་རྗེའི་ལྟེ་བའི་ཕྱིར་ཡང་འབྲུ་བརྒྱད་ཀྱིས་བསྐོར་བར་བསམས་ནས་སྔགས་བཟླས་པས་


MLP021_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ལུ་ལས་ཡེ་ཤེས་ལྔའི་འོད་ཟེར་དབུགས་དང་ལྷན་ཅིག་ཕྱོགས་བཅུར་འཕྲོས། འཕགས་པ་དང་མ་མོ་བརྒྱད་ཀྱི་ཐུགས་ཀར་འཕོག་ཐུགས་དམ་གྱི་རྒྱུད་བསྐུལ། དངོས་གྲུབ་ཐམས་ཅད་བསྡུས་ནས་དབུགས་དང་བསྟུན། བདག་གི་ཐུགས་ཀར་ཐིམ་པའི་འཕྲོ་འདུ་མགལ་མེ་བསྐོར་བ་ལྟ་བུས་བཟླས་པ་བྱའོ། །གསུམ་པ་གསུང་གི་བསྙེན་པ་ནི། ཡང་ཐུགས་ཀའི་རུ་ལུའི་འོད་ཟེར་སྲོག་དག་པ་ནས་བྱུང་སྟེ་ལྗགས་པདྨ་འདབ་མ་བརྒྱད་པའི་སྟེང་ན་རྡོ་རྗེ་ནས་འགྲེང་ཙམ་གྱི་འཆང་བཟུང་གི་དབུས་སུ་ཟླ་བ་དམར་པོའི་སྟེང་ན་ཨཾ་དམར་པོ་རུ་ལུ་འབྲུ་བརྒྱད་ཀྱིས་བསྐོར་ཏེ་ཡོད་པ་ལ་འཕོག་རྐན་དང་ལྕེའི་བར་ནས་འོད་ཟེར་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ཁྱབ་པར་འཕྲོས་པས། གཟུགས་སུ་སྣང་བ་ཐམས་ཅད་དཔལ་ཆེན་ཁྲག་འཐུང་གི་ལྷ་ཚོགས་རུ་ལུའི་སྒྲ་སྒྲོག་པར་བསམས་ནས་བཟླའོ། །དེ་ལྟར་དམིགས་སྐོར་གསུམ་པོ་ཕྲུག་གཅིག་ཏུ་གསལ་ནུས་ན་ཐུན་སུམ་ཆའི་དབྱེ་བས་བཟླ་མི་དགོས་ལ། མི་ནུས་ན་འཛབ་དགོངས་གསུམ་པོ་རེ་རེ་ལ་ཐུན་གྱི་སུམ་ཆ་བགོས་ཏེ་སྔར་གྱི་སྒོམ་རྒྱུ་དེ་རྣམས་རིམ་པ་བཞིན་གསལ་བ་ལ་སེམས་རྩེ་གཅིག་པས་བཟླའོ། །བཟླ་བྱའི་སྔགས་ནི་དེ་གསུམ་ག་ལ།ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཞེས་པ་ཁོ་ན་ཡིན་ཏེ། རྩ་བར། འབྲུ་བརྒྱད་མ་མོ་བརྒྱད་དང་རེ་རེ་བཞིན་སྦྱར་བའི་རྗེས་ཉིད་དུ། ཀུན་འདུས་དཔལ་ཆེན་ཡབ་ཡུམ་གཉིས། །ཡང་དག་དོན་གྱི་ལྷ་དགུ་གསལ། །ཞེས་གསུངས་པས་སོ། །དེ་ཡང་སྔགས་ཧ་ཅང་མྱུར་བ་དང་བུལ་བ་དང་། སྒྲ་དྲག་པ་དང་། ཞན་པ་དང་། གཉིད་རྨུགས་སོགས་བྱིང་བ་དང་། འཕྲོ་རྒོད་སོགས་སྔགས་དང་ཏིང་ངེ་འཛིན་གྱི་སྐྱོན་རྣམས་སྤངས་ཏེ། ཏིང་ངེ་འཛིན་གྱི་གསལ་སྣང་དང་ང་རྒྱལ་བརྟན་པོས་སྔགས་སྒྲ་གསལ་ཞིང་དག་པར་བཟླ་བ་ལ་རྩེ་གཅིག་ཏུ་བསླབ་ཅིང་ཐུན་མཐར་དབྱངས་གསལ་ཁ་ཤས་བཟླ་ཞིང་སྟོང་ཚིགས་ཀྱི་མཆོད་བསྟོད་བསྡུས་པ་རེ་བྱས་ནས་ཧཱུྃ་ཧཱུྃ་ཧཱུྃ་ཞེས་དཀྱིལ་འཁོར་གྱི་འཁོར་ལོ་མི་དམིགས་པའི་དབྱིངས་སུ་བསྡུ་ཞིང་ཕཊ་གསུམ་གྱིས་ཐུན་མཚམས་ཀྱི་ལྷ་སྐུར་ལངས་ཏེ་སྣོད་བཅུད་ལྷ་སྔགས་འོད་གསལ་གྱི་འཁོར་ལོར་རྒྱས་བཏབ་ནས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་སྦྱར་རོ། །དེ་ལ་ཐུན་གྱི་གཅོད་ཚུལ་ནི། ཐོག་མར་


MLP021_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཐོར་མཐུན་ནས་མགོ་བཟུང་ན་སྨོས་མ་དགོས། གཞན་དུ་ཉིན་གཉིས་པ་མན་ཆད་ཐོར་ཐུན་གྱི་འགོར་སྔོན་འགྲོ་ལས་བདུན་ཚང་བར་བྱ་ཞིང་། བཟླས་པའི་འགོར་ཕྲེང་བར་བྱིན་རླབས་ཀྱང་བྱ། དེ་ཕྱིན་ཐུན་གཞན་གསུམ་གྱི་འགོར་སྲུང་འཁོར་གསལ་འདེབས་ཙམ་བྱས་རྗེས་ཏིང་འཛིན་གསུམ་ལ་ཞུགས་ཆོག་ཅིང་། འཕྲེང་བ་བྱིན་རླབས་ཀྱང་མི་དགོས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པ་བློ་ཡུལ་དུ་གསལ་ཐེབས་ནུས་ན་ཕྱི་ཐུན་གསུམ་པོར་མངོན་རྟོགས་སྒོམ་བྱང་རྣམས་ངག་ཏུ་མ་བརྗོད་ཀྱང་ཆོག་ཅིང་། དབང་སྐུར་བྱིན་རླབས་དང་སྤྱན་འདྲེན་མཆོད་བསྟོད་སོགས་ཀྱང་མདོར་བསྡུས་ཀྱིས་ཁྱབ། གང་ལྟར་སྲོད་ཐུན་གྱི་མཐར་སྤྱི་བྱེ་བྲག་གི་གཏོར་བསྔོ་རྣམས་དང་ཚོགས་མཆོད་རེ་ཡང་བྱ། གལ་ཏེ་ཚོགས་མཆོད་མ་འབྱོར་ན་ཚུགས་གྲོལ་གཉིས་ཀྱི་ཐུན་ཐོག་མཐའ་དང་ཡར་ངོ་མར་ངོའི་བརྒྱད་གཉིས་དང་ཉ་སྟོང་སྟེ་དུས་བཞིར་ཆག་ཏུ་མི་རུང་ཚོགས་གཏོར་རྣམས་དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ནས་ཐུན་མཚམས་ཀྱི་ལྷས་བྱས་ཀྱང་མི་འགལ། རྒྱུན་གྱི་དགེ་སྦྱོར་ཆག་མེད་དམ་བཅའ་ཅན་ཡོད་ན་ཐུན་མཚམས་གང་བདེར་བྱས་ཆོག་ཅིང་། གཞན་ཐུན་མཚམས་སུ་ཡང་ལྷའི་གསལ་སྣང་དང་མ་བྲལ་བའི་ངང་ནས་བཟླས་པ་བྱ་ཡང་གྲངས་ལ་མི་བརྩི། ཁམས་གསེང་བ་སོགས་ཀྱི་ཚེ་ཕྲེང་བ་ལ་མདུད་པ་བརྒྱབ་པ་ཁྲོ་ཞལ་དུ་དམིགས་ནས་གདན་ཁར་བཞག་པས་སྟན་བསྲུང་། གཞན་འགྲོ་འཆག་སོགས་རྣམ་གཡེང་ཐམས་ཅད་སྤངས་ནས་སྟན་གྱི་དྲོད་མ་ཡལ་བ་བྱེད་པ་གལ་ཆེ། སྲོད་ཐུན་གྱི་མཐར་དཀྱིལ་འཁོར་ཡོངས་རྫོགས་བསྡུས་ནས་གཏོར་བསྔོ་སོགས་བྱས་པ་ཡིན་ན་ཐུན་མཚམས་ཀྱི་ལྷ་དེ་འོད་གསལ་དུ་བཅུག་སྟེ་བརྗོད་མེད་བསམ་འདས་ཆོས་ཉིད་བདེ་ཆེན་གྱི་ངང་ནས་སེང་གེའི་ཉལ་སྟབས་ཀྱི་ཉལ། ཐོ་རེངས་གཞོམ་མེད་སྔགས་ཀྱི་རང་སྒྲ་གྲགས་པས་སད་པར་མོས་ལ་སྣང་གྲགས་རིག་གསུམ་ལྷ་སྔགས་འོད་གསལ་གྱི་འཁོར་ལོར་གསལ་བས་རྒྱས་བཏབ་སྟེ་ལྡང་ཞིང་། ཐུན་མཚམས་སུ་བཟའ་བཏུང་བདུད་རྩིར་བྱིན་གྱིས་བརླབས་ནས་ནང་གི་སྦྱིན་སྲེག་གིས་ལོངས་སྤྱོད་པ་སོགས་ཉལ་ལྡང་འགྲོ་འདུག་ཟ་གྱོན་གྱི་བྱ་བ་ཐམས་ཅད་རྣལ་འབྱོར་དང་ལྡན་པས་དོན་ཡོད་པར་


MLP021_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ལྟར་ཐུན་བཞིའི་རིམ་པས་དུས་གྲངས་མཚན་མའི་བསྙེན་པ་གསུམ་གང་རུང་བྱ་སྟེ༑ ལས་གཞུང་ལས། ཞག་གྲངས་ཐེམས་པའམ་རྟགས་ལ་ཕེབས་ཚེ་དངོས་གྲུབ་བླང་ངོ་༑ ༑ཞེས་གསུངས་པས། ཞག་ནི་དུས་ཀྱི་དབང་དུ་བྱས་པས་ལོའམ་ཟླ་གྲངས་འདི་ཙམ་ཞིག་བྱའོ་ཞེས་དམ་བཅས་པ་ལས་མ་འདས་པར་བྱ་ཞིང་། དེ་ཡང་རབ་ལོ། འབྲིང་ཟླ་དྲུག ཐ་མ་ཟླ་བ་གཅིག་སོགས་ཀྱིས་མཚོན་པའོ། །གྲངས་ཐེམས་པའམ་ཞེས་པས་གྲངས་ཀྱི་དབང་དུ་བྱས་པས། འབུམ་ཕྲག་ཉི་ཤུ་རྩ་ལྔའམ་བཅུ་བདུན་དང་དགུ་ལ་སོགས་པ་སྟེ་མ་མཐའ་ཡང་འབུམ་ཕྲག་གཅིག་གི་མཐའ་བརྟེན་པའོ། །རྟགས་ལ་ཕེབས་པ་ཞེས་པ་མཚན་མའི་དབང་དུ་བྱས་པས། དངོས་ཉམས་རྨི་ལམ་གང་རུང་དུ་དངོས་གྲུབ་ཐོབ་པའི་མཚན་མ་མཐོང་གི་བར་དེ་སྲིད་དུའོ། །གསུམ་པ་རྗེས་ནི་དངོས་གྲུབ་ལེན་པ་སྟེ། དེ་ལྟར་དུས་གྲངས་མཚན་མའི་བསྙེན་པ་གང་ཡིན་ཡང་། ནངས་པར་འགྲོལ་རྒྱུའི་དགོང་ཐུན་ནས་བཟུང་མཆོད་གཏོར་གསོས། བསྟོད་པའི་བར་སྔར་ལྟར་ལས་བཟླས་པའི་ཚེ་བདག་དམ་ཚིག་པ་ལས་མདུན་རྟེན་ཡེ་ཤེས་སེམས་དཔའི་ངོ་བོར་ལོགས་སུ་ཕྱེ་ནས་མདུན་གྱི་ནམ་མཁར་བཞུགས་པ་ལ་རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས་པས་སྐུ་གསུང་ཐུགས་དགྱེས་པ་བསྐྱེད། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་མཚོ་ལ་ཁ་བ་བབས་པ་ལྟར་རང་གི་གནས་གསུམ་དུ་ཐིམ་པས་དངོས་གྲུབ་ཐོབ་པར་བསམ་ཞིང་སྔགས་མཐར་སརྦ་སིདྡྷི་ཕ་ལ་ཧཱུྃ་ཞེས་བཏགས་པ་བཟླ་ཞིང་། སླར་ཡང་བགེགས་བསྐྲད། སྲུང་འཁོར་བསྒོམ། འཁོན་བཅུག་སྦྱང་བའི་བཤགས་པ་དང་ཡིག་བརྒྱ། འགྲོ་དོན་མཐར་དབྱུང་ཕྱིར་དམ་བཅའ། གཟི་བྱིན་བསྐྱེད་པའི་བྱིན་དབབ། སྨན་གཏོར་རཀྟས་མཆོད་ནས་རུ་ལུས་སྣ་དྲངས་ཏེ། ཧཱུྃ། དཔལ་ཆེན་བཛྲ་ཧེ་རུ་ཀ །བཛྲ་ཀྲོ་དྷཱི་ཤྭ་རཱི་ཡུམ། །སྔོན་ཚེ་བདག་གིས་བསྙེན་པའི་ལྷ། །ད་ལྟ་གཉིས་སུ་མེད་པར་བསྒྲུབ། །བསྙེན་ཅིང་བསྒྲུབ་པའི་ལྷ་ལགས་ཀྱིས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། །ཀཽའུ་རཱི་ཙཽ་


MLP021_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རི་པྲ་མོ་ཧཱ། །བཻ་ཏ་པུ་ཀྐ་གྷ་སྨ་རཱི། །སྨ་ཤ་ནཱི་དང་ཙཎྜ་ལཱི། །གནས་ཀྱི་མ་མོ་བརྒྱད་རྣམས་ཀྱང་། །སྔོན་ཚེ་བདག་གིས་བསྙེན་པའི་ལྷ། །ད་ལྟ་གཉིས་སུ་མེད་པར་བསྒྲུབ། །བསྙེན་ཅིང་བསྒྲུབ་པའི་ལྷ་ལགས་ཀྱིས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། །ཧཱུྃ། མི་འགྱུར་གཡུང་དྲུང་ཚེ་ཡི་དངོས་གྲུབ་དང་། །ཅི་ཡང་ཐོགས་པ་མེད་པའི་དངོས་གྲུབ་དང་། །རྒྱུན་གྱི་ཏིང་ངེ་འཛིན་གྱི་དངོས་གྲུབ་དང་། །རིག་འཛིན་མཁའ་འགྲོའི་དངོས་གྲུབ་དང་། །མི་འབྲལ་གཟུངས་ཀྱི་དངོས་གྲུབ་རྣམས། །བདག་ཅག་སྒྲུབ་པ་པོ་ལ་ད་སྩོལ་ཅིག །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། དུག་གསུམ་རྩད་ནས་གཅོད་པའི་དངོས་གྲུབ་དང་། །ཐུགས་དམ་དབྱིངས་ནས་བསྐུལ་བའི་དངོས་གྲུབ་དང་། །ཆགས་མེད་དབང་དུ་བསྡུ་བའི་དངོས་གྲུབ་དང་། །ཕྲིན་ལས་འགྲུབ་པར་བྱེད་པའི་དངོས་གྲུབ་དང་། །དུག་གསུམ་གཏིང་ནས་འབྱིན་པའི་དངོས་གྲུབ་དང་། །རྒྱུད་དྲུག་གནས་ནས་འདྲེན་པའི་དངོས་གྲུབ་དང་། །སྣ་ཚོགས་དབྱིངས་སུ་བསྡུས་པའི་དངོས་གྲུབ་དང་། །རྒྱུ་འབྲས་ལྷུན་གྱིས་གྲུབ་པའི་དངོས་གྲུབ་རྣམས། །བདག་ཅག་སྒྲུབ་པ་པོ་ལ་ད་སྩོལ་ཅིག །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་དངོས་གྲུབ་བསྐུལ་ཞིང་སྒྲུབ་རྟེན་རྣམས་གནས་གསུམ་དུ་གཏུགས། མཐར་མདུན་གྱི་ལྷ་འོད་དུ་ཞུ་ནས་བདག་གི་ཐུགས་སྲོག་ལ་བསྡུ་ཞིང་དབྱེར་མེད་དུ་གྱུར་པར་བསམ་ཞིང་། གཏོར་རྫས་སོགས་དངོས་གྲུབ་ཀྱི་བདུད་རྩིར་མོས་ནས་མྱོང་བས་ཟག་མེད་ཀྱི་བདུད་རྩིས་རྩ་ཁམས་ཐམས་ཅད་ཁྱབ་པས་བདེ་བ་ཆེན་པོའི་ཡེ་ཤེས་འབར་བར་བསམ་ཞིང་མཉམ་པར་བཞག །དེ་ནས་ཚོགས་མཆོད་དང་སྤྱི་བྱེ་བྲག་གི་གཏོར་འབུལ་རྣམས་ཀྱང་བྱ་དགོས་ཏེ། དེ་དག་དངོས་གྲུབ་ལེན་པའི་གོང་དུ་བྱ་བའམ། སྐབས་འདིར་བྱས་ཀྱང་མི་འགལ་ཞིང་ལག་ལེན་བདེ། གང་ལྟར་གཏང་རག་གི་མཆོད་བསྟོད་དང་བཟོད་གསོལ། རྡུལ་ཚོན་ཡིན་ན་ཡེ་ཤེས་པ་གཤེགས་སུ་གསོལ་བའམ་བྲིས་སྐུ་སོགས་རྟེན་ལ་བསྟིམ། རས་བྲིས་ཡིན་ན་བརྟན་བཞུགས་བྱ༑ དམ་ཚིག་པ་སྲུང་འཁོར་དང་བཅས་པ་བསྡུ་ཞིང་། ཐུན་མཚམས་ཀྱི་ལྷར་ལྡངས་ཏེ། སྨོན་ལམ་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །དེ་ནས་ཐོ་ལ་མཆོད་གཏོར་སྔར་


MLP021_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཕུལ་ལ་གཤེགས་སུ་གསོལ་ནས་ཐོ་འགྲོལ། དེ་ནས་ཀྱང་བག་གསེང་ཞིང་གནས་སྲུང་བ་རྣམས་གསང་བ་སྤྱིའི་འགྲོས་བཞིན་དང་། བསྙེན་པ་ཁ་སྐོང་གི་ཞི་བའི་སྦྱིན་སྲེག་བཅུ་ཆའི་གྲངས་ལོངས་སུ་བསགས་ཤིང་། འགྲུབ་ན་ཐོ་འགྲོལ་གོང་དང་སྐབས་འདི་དག་ཏུ་བྱས་ཀྱང་འགལ་བ་མེད་དོ། །གསུམ་པ་གྲུབ་པ་འབྲས་བུའི་ཚུལ་ནི། རྩ་སྒྲུབ་ལས། འགྲུབ་པའི་རྟགས་ནི་དྲོད་ཆེན་པོ་གསུམ་འབྱུང་སྟེ། མངོན་སུམ་གྱི་དྲོད་དང་། འོད་ཀྱི་དྲོད་དང་། དྲོད་ཀྱི་དྲོད་དང་གསུམ་མོ། །ཞེས་གསུངས་པས་དང་པོ་ནི། བདག་དཔལ་ཆེན་པོ་རང་ཤུགས་སུ་གསལ་ཞིང་རྐྱེན་གྱིས་མི་གཡོ་བ་དང་། བྲིས་སྐུ་འཛུམ་པ་དང་། གཏོར་མ་འབར་ཞིང་རཀྟ་ཁོལ་བ་སོགས་སོ། །གཉིས་པ་ནི། རང་ལུས་ལས་འོད་འཕྲོ་བ་དང་། མར་མེ་སྲིད་རྨེ་བར་འབར་བ་སོགས་སོ། །གསུམ་པ་ནི། ལྷ་སྔགས་ཆོས་ཉིད་གདེང་དུ་གྱུར་པས་ཐ་མལ་གྱི་རྣམ་རྟོག་མི་འབྱུང་། ལུས་ཤིང་བལ་ལྟར་ཡང་ཞིང་ཡོད་དུ་མི་ཚོར་བ་དང་། སྲིན་བུ་མི་འབྱུང་ཞིང་དྲི་ཞིམ་པ་དང་། མཁའ་འགྲོ་རྣམས་རུ་ལུའི་དབྱངས་ཀྱིས་མཚོ་ལ་ངང་པ་ལྟར་འདུ་ཞིང་ལས་བྱེད་པའོ། །དེ་ཡང་ཕྱིའི་སྒྲུབ་རྫས་རྣམས་བསྒྲུབ་བྱའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་མཚོན་པའི་བརྡར། ནང་བདག་གི་སྒོ་གསུམ་དཔལ་ཆེན་པོའི་སྐུ་གསུང་ཐུགས་སུ་ཡེ་ནས་རྫོགས་པའི་ཆོས་ཉིད་རྩ་རླུང་ཐིག་ལེ་དྲི་མ་དྭངས་པར་བྱས་ཏེ། འབྲས་བུ་མི་ཤིགས་པ་སྐུ་གསུམ་གྱི་ངོ་བོར་བྱང་ཆུབ་པར་བྱེད་པའི་ཕྱིར། སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །ཞེས་གསུངས་པ་དང་། མདོར་ན་དངོས་གྲུབ་རྣམ་པ་གཉིས་ཐོབ་པ་ལ་དང་པོ་སྣེ་ཟིན་པ་ནས་ཕྱིས་མཐར་ཕྱིན་པར་གྱུར་གྱི་བར་ཉམས་རྟོགས་ཡོན་ཏན་གྱིས་མཚོན་པ་སྟེ། རྩ་བའི་སྒྲུབ་ཐབས་འདིར་ཟླ་གམ་གཅིག་པ་དང་། ལྔ་བཅུ་རྩ་བརྒྱད་པ་དང་། ལྷ་དགུ་པ་རྣམས་གསུངས་པ་ལས། ཡང་དག་གྲུབ་པའི་དོན་གྱི་སྙིང་པོ་ལྷ་དགུ་པ་ཉིད་ཡིན་ཏེ། གཙོ་བོའི་གཡས་གཡོན་གྱི་ཞལ་དང་ཕྱག་དྲུག་ལ་མ་མོ་བརྒྱད་སྦྱོར་བས་ཀྱང་ལྷ་དགུར་ངེས་པ་དང་། འདི་ཉིད་ལས། གདམས་པ་ཁྱད་འཕགས་མན་ངག་སྙིང་པོའི་སྐོར༔ སྤྲོས་བཅས་ལྷ་སྒོམ་བསམ་གྱིས་མི་ཁྱབ་ཀྱང༔ དོན་གྱི་སྙིང་པོ་


MLP021_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དགུ་ཁོ་ན་ཡིན༔ ཞེས་ལྷ་དགུའི་སྒྲུབ་པ་ཕུལ་དུ་བྱུང་བར་རྐང་ཚུགས་སུ་གསུངས་ཤིང་། ཉམས་ལེན་ཡང་འཇུག་པ་བདེ་བས་གནད་འདྲིལ་བ་དང་། རྒྱས་བསྡུས་འཚམས་པའང་ཡིན་པས་བསྙེན་སྒྲུབ་ཆིག་ཆོད་ཀྱི་དབང་དུ་བྱས་ནས་བཀོད་པ་ཡིན་ལ། ཡང་ཤིན་ཏུ་བསྡུས་པ་ཉམས་ལེན་གནད་འདྲིལ་དུ་བྱེད་ན་རུ་ལུ་འབྲུ་བརྒྱད་བདུན་ཚན་གསུམ་དུ་བྱས་པའི། དང་པོ་ཆོ་ག་བདུན་གྱི་ལུས་ཐ་མལ་གྱི་སྣང་ཞེན་སྦྱངས་ནས་ལྷ་སྐུའི་ལམ་ཁྱེར་དང་། གཉིས་པ་ཡན་ལག་བདུན་གྱིས་ངག་ཐ་མ ལ་གྱི་སྣང་ཞེན་སྦྱངས་ནས་གྲགས་པ་གསུང་གི་ལམ་ཁྱེར་དང་། གསུམ་པ་ཐིམ་པ་བདུན་གྱིས་ཡིད་ཐ་མལ་གྱི་སྣང་ཞེན་སྦྱངས་ནས་དྲན་རྟོག་ཐུགས་ཀྱི་ལམ་ཁྱེར་དང་སྦྱར་ཏེ་རིམ་པ་བཞིན་དུ་རུ་ལུའི་བཟླས་པ་ཉིད་ལ་རྩེ་གཅིག་ཏུ་འབད་ཅིང་། སྤྱོད་ལམ་ཀུན་ཏུ་ཡང་སྒོ་གསུམ་ལྷ་སྔགས་ཆོས་ཉིད་དུ་ཤེས་པས་རྩལ་སྦྱོང་བ་སོགས་ཉིན་མཚན་གྱི་རྣལ་འབྱོར་བྱ་བའི་ཚུལ་རྣམས་ནི་རྩ་བའི་གཞུང་ཉིད་བློའི་རིམ་པ་དང་འཚམས་པར་ཉམས་སུ་བླང་བར་བྱའོ། །དཔལ་ཆེན་ཡང་དག་སྙིང་པོ་ལྷ་དགུའི་བསྙེན་པའི་ཡི་གེ་ཉུང་ངུར་བསྡུས་པ་འདི་ནི་དད་བརྩོན་བློ་གྲོས་ཀྱི་ནོར་ལྡན་ངག་དབང་པདྨའི་གསུང་གིས་བསྐུལ་བ་ལས་སྙོམ་ལས་པ་རྒན་པོ་འགྱུར་མེད་རྡོ་རྗེས་རང་ལོ་ང་དགུ་པ་ལ་བཀོད་པའོ།། །། སརྦ་དཱ་མངྒ་ལཾ།།


previousཡང་དག་སྙིང་པོའི་བསྙེན་ཡིག་ཉུང་གསལ། རིག་འཛིན་འགྱུར་མེད་རྡོ་རྗེ། next