དགུ་པ། གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་པ།
དགུ་པ་ནི། དེ་ལྟ་བུའི་མཛད་པ་མཐའ་དག་རྫོགས་པའི་མཐར། བྲིན་སྡིངས་མ་ན་དགེ་བཤེས་རྩག་ཕུ་པ་བྱ་བའི་སྟོན་པ་ནོར་ཕྱུག་ལ་ཁ་དྲག་པ༑ བྲིན་པ་རྣམས་ཚོགས་པའི་གྲལ་མགོར་འདུག་པ་ཞིག་ཡོད་པ་དེས། རྗེ་བཙུན་ལ་འཕྲལ་གུས་གུས་ལྟར་བྱེད་ཅིང་། ཕུགས་ཕྲག་དོག་གིས་བརྒྱལ་བས་རྗེ་བཙུན་ལ་ཡོན་བདག་མང་པོ་འཛོམ་སར་དམའ་དབབ་པའི་བསམ་པས་དོགས་པ་ཞུ་བ་ལྟར་བྱས་ནས་དྲི་བ་མང་པོ་བྱེད་པ་ཞིག་ཡོད་པ་ལ། ཤིང་ཕོ་སྟག་གི་ལོ་སྟོན་ཟླ་ར་བར་སོང་བའི་ཚེ། བྲིན་དུ་ཆང་ས་ཆེན་པོ་ཞིག་གི་སར་རྗེ་བཙུན་གྲལ་དབུ་ལ་གདན་དྲངས། དེ་འོག་དགེ་བཤེས་རྩག་ཕུ་པ་ཡང་བྱུང་སྟེ༑ རྗེ་བཙུན་ལ་ཕྱག་ཕུལ་ནས་མི་མང་པོ་ཚོགས་སར་ཕྱག་ལན་
ཞིག་གནང་དུ་རེ་བ་ལས། རྗེ་བཙུན་སྔར་ནས་བླ་མ་མ་གཏོགས། སུ་གང་ལའང་ཕྱག་དང་ཕྱག་ལན་མི་མཛད་པས། སྔར་ལུགས་ལྟར་ཕྱག་ལན་མ་མཛད་པས། ཁོའི་བསམ་པ་ལ་ང་ཡོན་ཏན་འདི་ཀ་ཙམ་ཤེས་པའི་སྟོན་པ་བཟང་པོ་ཞིག་གིས་ཁོ་ཅི་ཡང་མི་ཤེས་པའི་བླུན་པོ་ཞིག་ལ་ཕྱག་འཚལ་བས་ལན་མི་བྱེད་ན། དམའ་ཕབ་རེས་ཤིག་བྱའོ་སྙམ་ནས། ཚད་མའི་གཞུང་ཞིག་བཏོན་ནས། རྗེ་བཙུན་འདི་ལ་བདག་གི་དོགས་པ་སེལ་བའི་འབྲུ་གནོན་དང་། འཕྲོས་ལུགས་ཀྱི་གླེང་མོ་ཞིག་མཛོད་དང་ཟེར་བྱུང་བས། རྗེ་བཙུན་གྱི་ཞལ་ནས། གཞུང་རྣམས་ཀྱི་ཚིག་རིགས་ཀྱི་འབྲུ་གནོན་ཁྱེད་རང་གིས་ཤེས་འོང་། དོན་གྱི་འབྲུ་གནོན་ལ་འཇིག་རྟེན་ཆོས་བརྒྱད་བློས་བཏང་ཞིང་མགོ་སྙོམས། གང་ཟག་གི་བདག་འཛིན་འདུལ། འཁོར་འདས་རོ་སྙོམས་ནས་ཆོས་ཀྱི་བདག་འཛིན་འདུལ་ཞིང་རི་ལ་སྒོམ་པ་འདི་ཀ་ཡིན། དེ་མིན་ཉམས་སུ་མི་ལེན་པའི་ཚིག་འདིའི་ལན་དུ་འདི་ཟེར་དང་། འདིའི་རྗེས་སུ་འདི་ཡོད་རྣམས་ལ་དགོས་པ་མི་འདུག་པས། ངས་བསླབས་ཀྱང་མ་བསླབས། ཤེས་ཀྱང་མི་ཤེས། ཤེས་རུང་བརྗེད་དེ་ཐལ་བའི་རྒྱུ་མཚན་གྱི་གླུ་འདི་ཉོན་ཅིག་གསུང་མགུར་འདི་གསུངས་སོ༑ །སྒྲ་སྒྱུར་མར་པའི་ཞབས་ལ་འདུད། །ཐ་སྙད་བྲལ་བར་བྱིན་གྱིས་རློབས། །རྗེ་བླ་མའི་བྱིན་རླབས་སེམས་ལ་ཞུགས། །སེམས་རྣམ་གཡེང་ཆོས་ལ་འཆོར་
མ་མྱོང་། །ང་བྱམས་དང་སྙིང་རྗེ་བསྒོམས་བསྒོམས་ནས། །རང་གཞན་འཛིན་པ་བརྗེད་དེ་ཐལ། །བླ་མ་སྤྱི་བོར་བསྒོམས་བསྒོམས་ནས། ཁ་དྲག་དཔོན་པོ་བརྗེད་དེ་ཐལ། །ཡི་དམ་འབྲལ་མེད་དུ་བསྒོམས་བསྒོམས་ནས། །དམན་པའི་ཕུང་ཁམས་བརྗེད་དེ་ཐལ། །སྙན་བརྒྱུད་ཀྱི་གདམས་པ་བསྒོམས་བསྒོམས་ནས། །ཡིག་རིགས་ཀྱི་དཔེ་ཆ་བརྗེད་དེ་ཐལ། །ཐ་མལ་གྱི་ཤེས་པ་བསྐྱངས་བསྐྱངས་ནས། །མ་རིག་འཁྲུལ་བ་བརྗེད་དེ་ཐལ། །སྐུ་གསུམ་རང་ཆས་བསྒོམས་བསྒོམས་ནས། །རེ་དོགས་ཀྱི་སྒོམ་པ་བརྗེད་དེ་ཐལ། །ཚེ་འདི་ཕྱི་མཉམ་དུ་བསྒོམས་བསྒོམས་ནས། །སྐྱེ་འཆིའི་འཇིགས་པ་བརྗེད་དེ་ཐལ། །གཅིག་པུར་ཉམས་མྱོང་བསྐྱངས་བསྐྱངས་ནས། །མཆེད་གྲོགས་ཀྱི་ངོ་སྲུང་བརྗེད་དེ་ཐལ། །ཉམས་ལེན་རྒྱུད་ལ་སྦྱར་སྦྱར་ནས། །གྲུབ་མཐའི་ཁ་འཛིན་བརྗེད་དེ་ཐལ། །སྐྱེ་འགག་གནས་མེད་བསྒོམས་བསྒོམས་ནས། ཁས་ལེན་གྱི་ལྟ་བ་བརྗེད་དེ་ཐལ། །སྣང་བ་ཆོས་སྐུར་སེམས་སེམས་ནས། །དམིགས་བཅས་ཀྱི་སྒོམ་པ་བརྗེད་དེ་ཐལ། །མ་བཅོས་ལྷུག་པར་བཞག་བཞག་ནས། །ཚུལ་འཆོས་ཀྱི་སྤྱོད་པ་བརྗེད་དེ་ཐལ། །ལུས་ངག་དམན་ས་བཟུང་བཟུང་ནས། །མི་ཆེན་གྱི་དྲེགས་འགྱིང་བརྗེད་དེ་ཐལ། །སྒྱུ་ལུས་ལ་དགོན་པ་བྱས་བྱས་ནས། །བདེ་འཚམས་ཀྱི་དགོན་པ་བརྗེད་དེ་ཐལ། །ཚིག་བྲལ་ཉམས་སུ་བླངས་བླངས་ནས། །ཚིག་
གི་འབྲུ་གནོན་བརྗེད་དེ་ཐལ། །གཞུང་གི་འབྲུ་གནོན་སྟོན་པས་མཛོད། །ཅེས་གསུངས་པས། ཁོ་ན་རེ་ཁྱེད་རང་སྒོམ་ཆེན་རྣམས་ཀྱི་ལུགས་ལ་དེ་སྐད་ཡིན་པ་སྲིད། ངེད་མཚན་ཉིད་པའི་རིགས་པས་དེད་ན་ཆོས་སྐད་རྣམས་ཀྱིས་གང་དུའང་མི་ཕྱིན་པར་འདུག་རྗེ་བཙུན་གང་ཟག་བཟང་པོ་ཡིན་དུ་རེ་ནས་ངེད་ཀྱིས་ཀྱང་ཕྱག་བཙལ་བ་ཡིན་ཟེར་བས། ཡོན་བདག་རྣམས་ཀྱི་བློ་ལ་མ་འཐད་དེ། ཀུན་ཁ་འཆམ་པར་དགེ་བཤེས་སྟོན་པ་ཁྱེད་ཀྱིས་ཆོས་ཅི་ཙམ་ཤེས་ཀྱང་འདྲ་སྟེ། ཁྱེད་ལྟ་བུའི་ཆོས་པས་ས་སྟེང་ཐམས་ཅད་གང་རུང་། རྗེ་བཙུན་གྱི་བ་སྤུའི་བུ་ག་གཅིག་ཀྱང་མི་དོ། དེ་བས་ཁྱེད་རང་ཁ་རོག་པར་ངེད་རྣམས་ཀྱི་གྲལ་དབུ་ལ་བཞུགས། ཁྱེད་རང་གི་ནོར་རྣམས་སྐྱེད་འཕེལ་དུ་ཅི་འགྲོ་མཛོད་དང་། ཆོས་ཀྱི་དྲི་མས་མ་གོས་གདའ་ཡིས་བྱས་པས། དེར་ཁོ་ཁོང་ཁྲོ་སྐྱེས་སྤྲོ་ལངས་རུང་ཀུན་ཁ་འཆམ་སྟེ། འཛིང་པས་ནི་མ་ཐུབ་པར་ནག་རོག་གེ་འདུག་དེར་ཁོའི་བསམ་པ་ལ། མི་ལ་རས་པས་ཅི་ཡང་མི་ཤེས་པའི་སྨྱོན་སྤྱོད་དང་ཐོ་ཅོ། ཟོག་དང་རྫུན་འདི་ཀ་ཙམ་བྱེད་པ་ཞིག་གིས་བསྟན་པའི་ཞབས་འདྲེན་ཅིང་། སེམས་ཅན་གྱི་མགོ་བསྐོར་ནས་དཀོར་མང་པོ་ཟ་བར་འདུག་ངས་ཡོན་ཏན་འདི་ཀ་ཙམ་ཞིག་བསླབས། ཡུལ་འདི་ན་ནོར་ཆེ་ཤོས་དང་། ཁ་དྲག་ཤོས་ཡིན་རུང་ཆོས་ཕྱོགས་ནས་ཁྱི་རུ་ཡང་མི་མཐོང་བར་འདུག་པས་འདི་ལ་ཐབས་ཤིག་
བྱེད་དགོས་སྙམ། ཁོ་རང་དང་ལུས་འབྲེལ་བའི་བུད་མེད་ཅིག་ཡོད་པ་དེ་ལ་གཡུ་ཆེན་པོ་ཞིག་སྟེར་བར་བྱས་ནས། གསོལ་ངན་པ་ཞོ་ལ་སྦྱར་ཏེ། རྗེ་བཙུན་བྲིན་གྱི་བྲག་མཁར་ན་བཞུགས་ཚེ་འདྲེན་དུ་བཏང་བྱུང་བས། རྗེ་བཙུན་གྱིས་ལས་འབྲེལ་ཡོད་པའི་སྐལ་ལྡན་རྣམས་སྨིན་གྲོལ་ལ་བཀོད་ཟིན་པ་དང་། མོའི་ཟས་ངན་མེད་ཀྱང་སྐུ་ཚེའི་དུས་ལ་བབ་པར་མཁྱེན་རུང་། མོ་ལ་གཡུ་དེ་ཐོག་མར་མ་བྱུང་ན་ཕྱིས་མི་འོང་བ་མཁྱེན་ནས། ང་ད་ལན་ཁྱོད་ཀྱི་ཟས་དེ་མི་ཟ། རྟིང་སོར་ཁྱེར་ཤོག་ཅིག་ཟ་བ་ཡིན་ནོ་གསུངས་པས། རྗེ་བཙུན་གྱིས་དགོངས་པ་ཡིན་ནམ་སྙམ་མོ་འཇིགས་པ་དང་ཁ་སྐྱེངས་པའི་ངང་ནས་ལོག་ཕྱིན་ཏེ། དགེ་བཤེས་རྩག་ཕུ་པ་ལ་རྗེ་བཙུན་གྱི་མངོན་མཁྱེན་གྱིས་དགོངས་ནས་མི་བཞེས་པར་འདུག་བྱས་ལོ་རྒྱུས་རྣམས་བཤད་པས། ཁོ་ན་རེ། མངོན་ཤེས་ཡོད་ན་རྟིང་སོར་ཁྱེར་ཤོག་མི་ཟེར་བར་ཁྱོད་རང་ལ་སྤྲད་ནས་ཟར་བཅུག་འོང་སྟེ། དེ་སྐད་མི་བྱེད་པར་རྟིང་སོར་ཁྱེར་ཤོག་ཟེར་བ་དེ་ཀ་མངོན་ཤེས་མེད་པའི་རྟགས་ཡིན། ད་ཁྱོད་རང་གཡུ་འདི་ཁྱེར་ལ་ཟས་འདི་ཁོའི་ཁར་སོང་ངེས་པ་ཞིག་གྱིས་ཤིག་ཟེར་གཡུ་བཏང་བས། མོ་ན་རེ། ཐུགས་མཁྱེན་མངའ་བར་ཀུན་གྱིས་ཡིད་ཆེས་བྱེད་ཅིང་ཐག་ཆོད་གདའ་བ། ཐུགས་མཁྱེན་མངའ་བས་ཁ་སང་ཡང་མ་གསོལ་བ་ཡིན་མོད། ད་དུང་
ཡང་མི་གསོལ་བར་ཁག་ཐེག་པས། ང་ལ་གཡུ་ཡང་མི་དགོས། ང་འཇིགས་ནས་ཀྱང་མི་ཚུགས་པར་འདུག་པས་འདི་དོན་ལ་ང་འགྲོ་ཡང་མི་འགྲོ་བྱས་པས། ཁོ་ན་རེ། མི་ནག་པ་རྣམས་མངོན་ཤེས་ཡོད་པར་ཐག་གཅོད་པ་དེ་ཁོང་ཚོས་དཔེ་ཆ་མ་མཐོང་བར་ཁོའི་ཟོག་གིས་མགོ་བསྐོར་བ་ཡིན་མོད། ངེད་ཀྱི་དཔེ་ཆའི་ནང་ན་མངོན་ཤེས་ཡོད་པའི་མི་དེ་འདི་འདྲ་མིན་པ་ཞིག་ཡོད་པར་བཤད་པ་ཡིན། མངོན་ཤེས་མེད་པ་ངས་ཁག་ཐེག་གིས། ད་ཁྱོད་ཀྱིས་ཁོ་ལ་ཟས་འདི་བྱིན་ནས་དོན་མཐོང་བྱུང་ན། རང་རེ་གཉིས་སྔ་ནས་ལུས་འབྲེལ་རྟིང་ད་ཡང་སྒོག་པ་ཆེ་བཟའ་ཆུང་བཟའ་ཁྱད་མི་འདུག་པས་རང་རེ་གཉིས་བཟའ་མི་བྱས་ཏེ༑ གཡུ་འདིར་མ་ཚད་ངའི་ཕྱི་ནོར་ནང་ནོར་ཀུན་གྱི་གཉེར་ཁག་ཁྱོད་ཀྱིས་ཁུར་ཞིང་སྐྱིད་སྡུག་གཅིག་བྱེད་པ་ཡིན། དེས་ན་རང་རེ་གཉིས་མཚང་གཅིག་པས་རེམ་ཤོག་ཅིག་ཟེར་བ་ལ། མོ་ཡང་ཁོས་ལབ་པ་ལྟར་བདེན་ཞིང་འོང་དུ་རེ་ནས། ཡང་ཟས་ངན་དེ་ཞོ་ཞིག་ལ་སྦྱར་ཏེ། རྗེ་བཙུན་སྤྲོ་བདེ་བཀྲ་ཤིས་སྒང་ན་བཞུགས་ཚེ་འདྲེན་དུ་བྱུང་བས། རྗེ་བཙུན་ཞལ་འཛུམ་མཛད་ནས་ཕྱག་ཏུ་བཞེས་པས། མོའི་བསམ་པ་ལ་དགེ་བཤེས་རྩག་ཕུ་པས་ཟེར་བ་བཞིན་མངོན་མཁྱེན་མི་འོང་བ་འདྲ་སྙམ་པའི་ཚེ། རྗེ་བཙུན་གྱི་ཞལ་ནས་ཁྱོད་ལ་ལས་འདི་བྱེད་པའི་རྔན་པའི་གཡུ་དེ་བྱུང་ཨང་གསུངས་པས། མོ་ཁ་སྐྱེངས་ཤིང་
འཇིགས་སྐྲག་དང་དངངས་པའི་ངང་ནས། ཕྱག་འཚལ་ཞིང་ངུ་བ་དང་འདར་བའི་སྐད་ཀྱིས་གཡུ་བྱུང་ལགས། ད་དེ་མི་བཞེས་པར་ཅི་ཡང་དྲན་པའི་ཕུང་མོ་བདག་རང་ལ་གནང་བར་ཞུ་ཞུས་པས། ཁྱོད་ཅི་བྱེད་པ་ཡིན་གསུངས་པས། ལས་ངན་ཅན་མ་བདག་རང་འཐུང་བ་ལགས་ཞུས་པས། རྗེ་བཙུན་གྱི་ཞལ་ནས། སྤྱིར་ངས་འདི་ཁྱོད་འཐུང་ཕྱིར་གཏོད་པ་སྙིང་རྗེ་ནས་ཀྱང་མི་བཟོད་པ་འདུག་ཅིང་། བྱང་སེམས་ཀྱི་བསླབ་བྱ་དང་འགལ་ཞིང་། རྩ་ལྟུང་འཕོག་པ་ཡིན། ཁྱད་པར་ང་རང་གི་འདུལ་སྐལ་དང་ཚེ་ཚད་གཉིས་ཀ་རྫོགས་ནས་ཞིང་ཁམས་གཞན་དུ་འགྲོ་བའི་དུས་ལ་བབ་པ་ཡིན། ཁྱོད་ཀྱི་ཟས་འདི་རང་གིས་ང་ལ་མི་གནོད་པས་འཐུངས་མ་འཐུངས་ལ་ཁྱད་མེད་ནའང་། སྔར་འཐུངས་ན་ཁྱོད་ཀྱི་སྡིག་གླའི་གཡུ་དེ་མི་ཐོབ་པར་འདུག་པས་མ་འཐུངས་པ་ཡིན། ད་གཡུ་ལག་ཏུ་བྱུང་འདུག་པས། ཁོའི་བསམ་པ་རྫོགས་པ་དང་། ཁྱོད་ཀྱིས་གཡུ་ཐོབ་ཕྱིར་འཐུང་བ་ཡིན་ནོ། །ལར་ཁྱེད་གཉིས་འདི་བྱས་རྟིང་འདི་བྱེད་བྱ་བའི་གྲབས་ཤོམས་མང་པོ་བྱེད་ཅིང་འདུག་སྟེ་ཁྱོད་རེ་བ་བཞིན་མི་བྱེད། ཁོས་ངའི་ཡིན་ལུགས་མང་པོ་འཆད་ཅིང་གདའ་སྟེ། བདེན་པ་ཚིག་གཅིག་ཀྱང་མེད་པས་རྟིང་སོར་གཉིས་ཀ་འགྱོད་པ་དྲག་པོ་སྐྱེ་བའི་དུས་ཤིག་འོང་། དེའི་ཚེ་འགྱོད་ཚངས་ལ་རབ་ཚེ་དང་སྒྲུབ་པ་སྙོམས། དེ་མ་བྱུང་ནའང་ད་
ཕྱིན་ཆད་སྲོག་ལ་བབ་རུང་སྡིག་པའི་ལས་ཆེན་འདི་ལྟ་བུ་མ་བྱེད་པར། ང་དང་རྒྱུད་པ་ལ་སྙིང་ཐག་པ་ནས་གསོལ་བ་ཐོབ་ཅིག་ཁྱེད་གཉིས་དག་དུས་རྟག་ཏུ་སྐྱིད་སྤོང་ཞིང་སྡུག་ཉོ་བ་གཉིས་འདུག་སྟེ། ད་ལན་གྱི་སྡིག་པ་འདི་ངས་འདག་པ་ཞིག་ཨེ་འོང་ལྟ་བ་ཡིན། ད་ཁྱོད་རང་ལས་འདིའི་གཏམ་ང་མ་ཤིའི་བར་དུ་སུ་ལའང་མ་འཆད། རྟིང་སོར་ཀུན་གྱིས་རིག་པ་ཞིག་འོང་བ་ཡིན། མི་རྒན་ངས་སྔར་ཟློས་པའི་གཏམ་རྣམས་བདེན་པར་མིག་གིས་མ་མཐོང་རྣ་བས་མི་ཐོས་རུང་། ད་ལན་གྱི་འདི་བདེན་པར་ཡིད་ཆེས་པའི་དུས་ཤིག་འོང་གིས་རྣ་བར་ཞོག་ལ་ཨེ་བདེན་ལྟོས་ཤིག་གསུངས་ནས་གསོལ་ལོ། །དེ་ནས་མོས་དགེ་བཤེས་རྩག་ཕུ་པ་ལ་གསུངས་དེ་དག་བསྐྱར་བས། ཁོ་ན་རེ། ཟེར་ཚད་མི་བདེན། ཚོ་ཚད་མི་བཤའ། ང་ལ་རྫས་དེ་ཁོའི་ཁར་སོང་བས་ཀ་ཆོག་ད་ཁ་རོག་སྡོད་ཤེས་པ་གྱིས་ཟེར་རོ། །དེ་ནས་རྗེ་བཙུན་གྱི་ཞལ་ནས། གཉའ་ནང་དང་དིང་རིའི་མིས་གཙོ་བྱས་པའི་ང་དང་འབྲེལ་བ་ཡོད་པའི་ཡོན་བདག་དད་པ་ཅན་རྣམས་ལ་ཚོགས་ཀྱི་ཡོ་བྱད་རེ་ཁྱེར་ལ། ང་དང་འཕྲད་དུ་ཤོག་གྱིས། འབྲེལ་མེད་རྒྱལ་ཁམས་ཀྱི་མི་ང་དང་འཕྲད་པར་འདོད་པ་རྣམས་ལའང་ཤོག་གྱིས་གསུངས་པ་ལྟར། བུ་སློབ་རྣམས་ཀྱིས་ཀུན་ལ་དྲིལ་བསྒྲགས་ཏེ། གཏམ་དེ་ཐོས་པའི་མི་ཕལ་ཆེར་རྗེ་བཙུན་གྱི་གསུང་དེ་ལ་ཡིད་མ་ཆེས་པར། སྔར་ཆོས་
འབྲེལ་ཡོད་པའི་ཉ་མ་བུ་སློབ་དད་པ་ཅན་རྣམས་དང་། མཇལ་བར་འདོད་པའི་སྐལ་ལྡན་མང་པོ་ཆུ་དབར་དུ་འདུས་པ་ལས། རྗེ་བཙུན་གྱིས་ཀྱང་དྲང་དོན་ལས་རྒྱུ་འབྲས་ཀྱི་རྣམ་བཞག་དང་། ངེས་དོན་སྙིང་པོའི་དོན་གྱི་ངོ་སྤྲོད་རྣམས་ཉི་མ་མང་པོའི་བར་དུ་གསུངས། དེའི་བར་ལ་ཆོས་ཉན་རྣམས་ཀྱི་ནང་ནས་སྐལ་ལྡན་གྱི་བུ་སློབ་འགས། ནམ་མཁའ་ལྷའི་ཆོས་ཉན་གྱིས་གང་བ་མངོན་སུམ་དུ་མཐོང་བ་དང་། འགའ་དང་འགའ་ལ་ལྷ་མིའི་ཆོས་ཉན་གྱིས་ས་དང་བར་སྣང་ཀུན་གང་ཡོད་སྙམ་པའི་ངང་ནས་ཉམས་དགའ་ཡལ་ལེ་བ་དང་། མངོན་སུམ་ཀུན་གྱི་མཐོང་སྣང་དུ་ལྟས་ཁྱད་པར་ཅན་ནམ་མཁའ་གཡའ་དག་པ་ལ་འཇའ་འོད་ཀྱི་གུར་དང་། ཁ་དོག་སྣ་ལྔའི་སྤྲིན་གྱི་གདུགས་རྒྱལ་མཚན་ལ་སོགས་ཏེ་མཆོད་རྫས་དཔག་མེད་ཀྱིས་གང་བ་དང་། མེ་ཏོག་ཁ་དོག་སྣ་ལྔའི་ཆར་འབབ་པ་དང་། ཡིད་འཕྲོག་པའི་རོལ་མོའི་སྒྲ་སྙན་མང་པོ་ཐོས་པ་དང་། སྔར་ཚོར་མ་མྱོང་བའི་དྲི་ཞིམ་པོ་ཚོར་བྱུང་བས། ཆོས་ཉན་བློ་འབྲིང་པོ་ལྟས་བཟང་པོ་ཉམས་ལ་ཤར་བ་རྣམས་ཀྱིས་རྗེ་བཙུན་ལ། ངེད་རྣམས་ཀྱི་ཉམས་ལ་གནམ་ས་ཐམས་ཅད་ལྷ་མིའི་ཆོས་ཉན་གྱིས་གང་ཡོད་སྙམ་པའི་ཉམས་དགའ་ཡལ་ལེ་བ་དང་། མངོན་སུམ་དུ་ལྟས་བཟང་པོ་འདི་འདྲ་བྱུང་བའི་རྒྱུ་མཚན་ཅི་ལགས་ཞུས་པས། རྗེ་བཙུན་གྱི་ཞལ་ནས།
ཁྱེད་མིའི་ཆོས་ཉན་རྣལ་འབྱོར་པ་ས་ཐོབ་པ་དང་། ཉ་མ་སྐལ་ལྡན་ཁོ་ནར་འདུག་པས་བཟང་བ་མ་གཏོགས་མང་པོ་མི་འདུག་དཀར་ཕྱོགས་ཀྱི་ལྷའི་ཆོས་ཉན་གྱིས་བར་སྣང་གང་བ་འདུས་འདུག་པ་རྣམས་ཀྱིས་ང་ལ་ལྷ་རྫས་ཀྱི་འདོད་ཡོན་ལྔའི་མཆོད་པ་འབུལ་ཞིང་ཁྱེད་མི་རྣམས་ལའང་སྤྲོ་བ་སྐྱེད་ཅིང་འདུག་པས། ཁྱེད་རྣམས་ལ་ཉམས་དང་མངོན་སུམ་གྱི་ལྟས་བཟང་པོ་འོང་བའི་རྒྱུ་མཚན་དེ་ཡིན་གསུངས། འོ་ན་བདག་ཅག་རྣམས་ཀྱིས་མི་མཐོང་བའི་རྒྱུ་མཚན་ཅི་ལགས་ཞུས་པས། ལྷ་རྣམས་ཀྱི་ནང་ན་ཕྱིར་མི་ལྡོག་པ་དང་། ས་ཐོབ་པ་མང་པོ་རང་འདུག་དེ་རྣམས་མཐོང་བ་ལ་ཤའི་མིག་ཐོབ་ནམ་ཡང་དགོས། དེ་མིན་ནའང་ཚོགས་གཉིས་ལ་འདུན་པ་དྲག་པོ་དང་། སྒྲིབ་གཉིས་ཀྱི་བག་ཆགས་སྲབ་པ་ཞིག་ཅིས་ཀྱང་དགོས་པ་ཡིན། ལྷའི་གཙོ་བོ་ས་ཐོབ་པ་རྣམས་མཐོང་ནས་འཁོར་རྣམས་ཞར་ལ་མཐོང་བ་ཡིན་པས། ལྷ་མཐོང་བར་འདོད་ན་བསགས་སྦྱང་ལ་འབད་འཚལ། དེ་ལྟར་འབད་ན་ལྷའི་དམ་པ་རང་སེམས་མཐོང་བ་ཡིན་གསུངས། ལྷ་ཞལ་མཐོང་ལུགས་ཀྱི་མགུར་འདི་གསུངས་སོ། །དྲིན་ཅན་མར་པའི་ཞབས་ལ་འདུད། །འབངས་བུ་རྒྱུད་བཟང་བར་བྱིན་གྱིས་རློབས། །རྣལ་འབྱོར་མི་ལ་རས་པ་ལ། །དགའ་ལྡན་ལ་སོགས་ལྷ་གནས་ནས། །དཀར་ཕྱོགས་ལྷ་ཡི་ཆོས་ཉན་འདུས། །ཕྱོགས་མཚམས་མེད་པར་གང་བ་
དེ། །སྤྱན་ལྔ་ལྡན་པ་མ་ལགས་པ། །མི་ཕལ་པ་རྣམས་ཀྱིས་ག་ལ་མཐོང་། །ངས་ནི་ཐམས་ཅད་ས་ལེར་མཐོང་། །འོན་ཀྱང་ཀུན་གྱི་ཐུན་མོང་དུ། །མི་བདག་ལྷ་ཡི་མཆོད་པའི་རྫས། །ནམ་མཁའ་འཇའ་དང་འོད་ཀྱིས་གང་། །ལྷ་རྫས་མེ་ཏོག་ཆར་པ་བབས། །དྲི་ཞིམ་སྤོས་ཚོར་སྒྲ་སྙན་ཐོས། །ཀུན་ལ་དག་སྣང་བདེ་ཉམས་ཤར། །དེ་བཀའ་བརྒྱུད་བླ་མའི་ཐུགས་རྗེ་ཡིན། །ཐུགས་རྗེ་དེ་ཡི་སྐྱབས་འོག་ནས། །ལྷ་དང་མཁའ་འགྲོའི་ཆོས་ཉན་ཀུན། །མཐོང་བར་འདོད་ན་གླུ་ལ་ཉོན། །ཁྱེད་སྔོན་ནས་ལས་ངན་བསགས་པའི་མཐུས། །མ་ལ་སྐྱེས་ནས་སྡིག་ལ་དགའ། །ཅིས་ཀྱང་དགེ་བ་མི་འདོད་ཅིང་། །རྒས་ཀྱང་བསམ་པ་མི་དགེ་བས། །ལས་ཀྱི་རྣམ་སྨིན་མྱོང་ངེས་པས། །སྡིག་བཤགས་པས་ཨེ་འདག་བསམས་པ་ན། །དགེ་བ་དྲན་ན་འདག་པ་ཡིན། །ལར་བསམ་པ་ཤེས་བཞིན་སྡིག་སྤྱོད་པ༑ ཁམ་ཟན་དང་གཏམ་ངན་བརྗེ་བ་ཡིན། །རང་ཡང་གར་འགྲོ་མི་ཤེས་པའི། །གཞན་གྱི་ལམ་སྣ་བྱེད་པ་དེ། །རང་གཞན་གཉིས་ལ་གནོད་པ་ཡིན། །ངེས་པར་སྡུག་བསྔལ་མི་འདོད་ན། །གཞན་ལ་གནོད་པ་ཐམས་ཅད་སྤོངས། །ལྷ་དང་བླ་མའི་ཞབས་དྲུང་དུ། །སྔར་བྱས་སྡིག་ལ་འགྱོད་ཚངས་གྱིས། །ཕྱིན་ཆད་མི་བྱེད་དམ་བཅས་ན། །མྱུར་དུ་འདག་པའི་གདམས་ངག་ཡིན། །ལར་སྡིག་ཅན་
ཕལ་ཆེར་དབང་པོ་རྣོ། །གཏད་ཚུགས་མེད་པ་ཡེངས་ལ་དགའ། །ཆོས་ཀྱི་སྣང་བ་མི་ལྡན་ན། །ད་དུང་སྡིག་པ་ཡོད་པའི་རྟགས། །དེ་ལ་བཤགས་པ་ཡང་ཡང་གྱིས། །ཚོགས་གསོག་སྒྲིབ་སྦྱོང་རྣམ་གཉིས་ལ། །གཡེལ་བ་མེད་པར་འབད་འཚལ་ལོ། །དེ་ལྟར་བྱས་ན་དཀར་ཕྱོགས་ཀྱི། །ཆོས་ཉན་ལྷ་རུ་མ་ཟད་དེ། །ལྷ་རྣམས་ཀུན་གྱི་དམ་པ་མཆོག །རང་སེམས་ཆོས་སྐུ་མཐོང་བར་འགྱུར། །དེ་ཉིད་མཐོང་ན་འཁོར་འདས་ཀྱི། །ལྟད་མོ་ཐམས་ཅད་མཐོང་བ་ཡིན། །བྱ་བ་ཐམས་ཅད་ཟིན་པ་ཡིན། །ཞེས་གསུངས་པས། དེར་ཚོགས་པའི་ལྷ་མིར་གྱུར་པའི་ཆོས་ཉན་རྣམས་ཀྱི་ནང་ནས་རབ་རྣམས་ཀྱིས་སེམས་ཆོས་སྐུའི་དོན་ཕྱིན་ཅི་མ་ལོག་པ་གཏན་ལ་ཕབ། འབྲིང་རྣམས་ལ་བདེ་གསལ་མི་རྟོག་པའི་ཉམས་ཁྱད་པར་ཅན་རྒྱུད་ལ་སྐྱེས་ཤིང་ལམ་སྣ་ཟིན། ཐ་མས་ཀྱང་བྱང་ཆུབ་མཆོག་ཏུ་སེམས་མ་བསྐྱེད་པ་མེད་དོ། །དེ་ནས་རྗེ་བཙུན་གྱི་ཞལ་ནས་འདིར་ཚོགས་པའི་གྲྭ་པ་བུ་སློབ་ལྷ་མིར་བཅས་པ་རྣམས། འོ་སྐོལ་ཚེ་སྔོན་སྨོན་ལམ་བཟང་པོས་མཚམས་སྦྱར་བས་ད་ལན་ཕྲད་ནས་དཀར་པོའི་ཆོས་ཀྱིས་འབྲེལ་བ་ཡིན་ནོ། །ང་མི་རྒན་ཡང་ན་སོ་རྒས་པ་ཚུན་ཆད་ཀྱིས་ཡང་ཡང་རང་ཨེ་འཕྲད་མི་ཤེས་པས། ངས་ཁྱེད་རྣམས་ལ་བཤད་པའི་ཆོས་རྣམས་ཆུད་མ་གསོན་པར་ཉམས་སུ་ཅི་ལོངས་གྱིས་ཤིག་དེ་ལྟར་བྱས་ན་ང་གང་དུ་
སངས་རྒྱ་བའི་སངས་རྒྱས་ཀྱི་ཞིང་དེར་ཁྱེད་རྣམས་འཁོར་གྱི་ཐོག་མར་སྐྱེ་བ་ཡིན་ནོ་དགའ་བར་གྱིས་ཤིག་ཅེས་གསུངས་པས། གཉའ་ནང་གི་ཉ་མ་རྣམས་ཀྱིས་རྗེ་བཙུན་གྱི་གསུང་རིགས་འདིས་གཞན་དོན་ལ་ཐེགས་དགོངས་པ་ནི་མིན་འོང་། དེ་ལྟར་ལགས་ན་མཁའ་སྤྱོད་ལ་གཉའ་ནང་ནས་འབྱོན་དགོས། དེ་ལྟར་མིན་རུང་ལན་གཅིག་ཅིས་ཀྱང་འབྱོན་དགོས་ཞེས་དད་པའི་གདུང་ཤུགས་ཀྱི་སྒོ་ནས་ཞབས་ལ་འཇུས་ཏེ་ངུ་ཞིང་སྨྲེ་སྔགས་མང་པོ་བཏོན་ནས་གསོལ་བ་ནན་ཆེར་བཏབ། དེ་བཞིན་དུ་དིང་རི་བ་སོགས་ཉ་མ་གཞན་རྣམས་ཀྱིས་ཀྱང་རང་རང་གི་ཡུལ་ཕྱོགས་སུ་འབྱོན་དགོས་ཟེར་གསོལ་བ་དྲག་པོ་བཏབ་པ་ལས། རྗེ་བཙུན་གྱི་ཞལ་ནས། ང་མི་རྒན་གཉའ་ནང་དང་དིང་རིའི་ཕྱོགས་སུ་མི་འགྲོ། བྲིན་དང་ཆུ་དབར་གྱི་ཕྱོགས་སུ་འཆི་བ་སྒུག་ཅིང་སྡོད་པ་ཡིན། ཁྱེད་རང་རྣམས་སྨོན་ལམ་བཟང་པོ་ཐོབ་ལ་སོངས་ང་དང་དག་པ་མཁའ་སྤྱོད་དུ་འཕྲད་པ་ཡིན་གསུངས་པས། འོ་ན་རྗེ་བཙུན་ད་མི་ཕེབས་རུང་། སྔར་ཕེབས་པའི་ཡུལ་ཕྱོགས་བཀྲ་ཤིས་ལ་ས་ཕྱོགས་བྱིན་ཆགས་པ། རྗེ་བཙུན་རང་གི་ཞལ་མཐོང་བ་དང་། གསུང་དང་མཚན་ཐོས་པ་ལ་སོགས་ཏེ་འབྲེལ་བ་ཡོད་ཚད་ཀྱིས་ཐོག་དྲངས་སེམས་ཅན་ཐམས་ཅད་ལ་སྨོན་ལམ་བཟང་པོ་རྗེ་བཙུན་གྱིས་གནང་བར་ཞུ་ཞུས་པས། རྗེ་བཙུན་གྱི་ཞལ་ནས། འོ་ན་ཁྱེད་རྣམས་
ཀྱིས་ང་ལ་དད་པའི་སྒོ་ནས་རྒྱགས་སྦྱངས་པས་བཀའ་དྲིན་ཆེ། ངས་ཀྱང་སེམས་བསྐྱེད་བཟང་པོས་ཁྱེད་རྣམས་ལ་ཆོས་བཤད་པས་བཀའ་དྲིན་ཆེ་བ་ཡིན། ང་བདེན་ཚིག་གྲུབ་པའི་རྣལ་འབྱོར་པ་ཡིན་པས། རང་རེ་ཀུན་ལ་གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་འབྱུང་བའི་སྨོན་ལམ་བཟང་པོ་ཞིག་ངས་འདེབས་པར་རིགས་གསུངས། སྨོན་ལམ་གྱི་མགུར་འདི་གསུངས་སོ། །ཕ་སྨོན་ལམ་མཐར་ཕྱིན་འགྲོ་བའི་མགོན། །སྒྲ་སྒྱུར་མར་པའི་ཞབས་ལ་འདུད། །འདིར་ཚོགས་གསོན་ཅིག་བུ་སློབ་ཀུན། །ཁྱེད་རྣམས་བདག་ལ་བཀའ་དྲིན་ཆེ། །བདག་ཀྱང་ཁྱེད་ལ་བཀའ་དྲིན་ཆེ། །བཀའ་དྲིན་ཆེ་མཉམ་དཔོན་སློབ་རྣམས། །མངོན་དགའི་ཞིང་དུ་མཇལ་བར་ཤོག །འདིར་བཞུགས་ཡོན་བདག་ཐམས་ཅད་ཀྱང་། །ཚེ་རིང་བསོད་ནམས་ལྡན་པར་ཤོག །བསམ་པ་ལོག་པ་མི་སྐྱེ་ཞིང་། །ཆོས་མཐུན་བསམ་པ་འགྲུབ་པར་ཤོག །ཡུལ་ཕྱོགས་འདིར་ཡང་བཀྲ་ཤིས་ཤིང་། །མི་ནད་འཁྲུག་པ་མེད་པ་དང་། །ལོ་ལེགས་འབྲུ་འཕེལ་བདེ་སྐྱིད་དང་། །ཀུན་ཏུ་ཆོས་ལ་སྤྱོད་པར་ཤོག །བདག་གི་ཞལ་མཐོང་གསུང་ཐོས་དང་། །རྣམ་ཐར་ཡིད་ལ་དྲན་པ་དང་། །མཚན་ནམ་རྣམ་ཐར་ཐོས་ཚད་རྣམས། །མངོན་དགའི་ཞིང་དུ་མཇལ་བར་ཤོག །གང་ཞིག་བདག་གི་རྣམ་ཐར་ལ། །སྤྱོད་ཅིང་སྒྲུབ་པ་བྱེད་པ་དང་། །འདྲི་ཞིང་འཆད་ཉན་བྱེད་པ་དང་། །ཀློག་དང་ཕྱག་མཆོད་འབུལ་བ་དང་། །རྣམ་ཐར་ཚུལ་བཞིན་སྐྱོང་བ་རྣམས། །མངོན་དགའི་
ཞིང་དུ་མཇལ་བར་ཤོག །མ་འོངས་གང་ཟག་ཐམས་ཅད་ལ། །གལ་ཏེ་སྒོམ་པ་ནུས་སྲིད་ན། །མི་ཁོ་བོས་དཀའ་བ་སྤྱད་སྤྱད་པས། །གེགས་དང་གོལ་ས་མེད་པར་ཤོག །ཆོས་ཕྱིར་དཀའ་ཐུབ་སྤྱོད་པ་ལ། །བསོད་ནམས་དཔག་ཏུ་མེད་པ་ཡོད། །དེ་ལ་འཇུག་ཅིང་བསྐུལ་བ་ལ༑ །བཀའ་དྲིན་དཔག་ཏུ་མེད་པ་ཡོད། །མི་ཁོ་བོའི་རྣམ་ཐར་ཐོས་པ་ལ། །བྱིན་རླབས་དཔག་ཏུ་མེད་པ་ཡོད། །དཔག་མེད་གསུམ་གྱི་བྱིན་རླབས་ཀྱིས། །ཐོས་པ་ཙམ་གྱིས་གྲོལ་གྱུར་ནས། །བསམས་པ་ཙམ་གྱིས་འགྲུབ་པར་ཤོག །བདག་གི་གནས་དང་གནས་མལ་དང་། །དངོས་པོ་མཆིས་པ་ཐམས་ཅད་ཀྱིས། །གར་སོང་ཡུལ་དུ་བདེ་སྐྱིད་ཤོག །ས་དང་ཆུ་དང་མེ་དང་རླུང་། །ནམ་མཁའ་འབྱུང་བས་གར་ཁྱབ་པ། །དེ་བཞིན་བདག་གིས་ཁྱབ་པར་ཤོག །ལྷ་ཀླུ་ལ་སོགས་སྡེ་བརྒྱད་དང་། །དེ་བཞིན་གཞི་བདག་འབྱུང་པོའི་ཚོགས། །གནོད་པ་སྐད་ཅིག་མི་སྐྱེལ་ཞིང་། །བསམ་པ་ཆོས་བཞིན་འགྲུབ་པར་ཤོག །སྲོག་ཆགས་སྲིན་བུ་ལ་སོགས་པ། །གཅིག་ཀྱང་འཁོར་བར་མི་ལྟུང་ཞིང་། །མ་ལུས་ང་ཡིས་འདྲེན་པར་ཤོག །ཅེས་གསུངས་པས། ཉ་མ་རྣམས་དགའ་བཞིན་པའི་ངང་ནས། རྗེ་བཙུན་འགྲོངས་པ་ནི་མིན་ལས་ཆེ་སྙམ་བློ་ཐེ་ཚོམ་ལོག་གེ་བ་ཞིག་ལ་གཉའ་ནང་དང་དིང་རིའི་ཉ་མ་ཀུན་བྱིན་རླབས་ཞུ་བ་དང་།
སྨོན་ལམ་འདེབས་པ་སྔར་བས་ནན་ཆེ་བ་བྱས་ཏེ། ཆོས་ཉན་རྣམས་རང་རང་སོ་སོའི་གནས་སུ་གྱེས་པ་ལས། ནམ་མཁའི་འཇའ་འོད་ལ་སོགས་པའི་ལྟས་རྣམས་ཀྱང་རང་ཡལ་ལ་སོང་ངོ་། །དེ་ནས་བྲིན་པ་རྣམས་ཀྱིས་རས་པ་ཞི་བ་འོད་ལ་སོགས་པའི་ཐུགས་སྲས་རྣམས་ངོ་ཆེན་དུ་སྦྲན་ནས་ཞུ་བ་ནན་གྱིས་ཕུལ་ཏེ། བྲིན་གྱི་ཀླུ་གདོལ་བ་ནག་པོའི་ཁ་གནོན་དུ་ཀླུ་ཁོ་རང་གི་སྤྱི་བོ་སྦྲུལ་མགོའི་གདེངས་ཀ་ཕ་བོང་རེག་པ་དུག་ཅན་གྱི་རྩེ་མོར་བརྩེགས་པའི་སྒྲུབ་ཕུག་དེར་བཞུགས་ནས། བྲིན་གྱི་ཡོན་བདག་རྣམས་ལ་ཆོས་གསུངས་པའི་མཐར་རྗེ་བཙུན་གྱི་ཞལ་ནས་གྲྭ་པ་རྣམས་ལ་གདམས་ངག་གི་སྒྲོ་འདོགས་གཅད་དགོས་ཡོད་པ་རྣམས་མྱུར་དུ་ཆོད་ཅིག་ཁོ་བོ་ཡུན་རིང་ཨེ་སྡོད་མི་ཤེས་སོ་གསུངས་པས། གྲྭ་པ་རྣམས་ཀྱིས་ཀྱང་ཚོགས་འཁོར་བསྐོར་ནས་གདམས་ངག་རྣམས་རྫོགས་པར་ཞུས་པའི་ཚོགས་གྲལ་དུ། འབྲི་སྒོམ་དང་སེ་བན་གཉིས་ཀྱིས། རྗེ་བཙུན་གྱི་གསུང་རིགས་འདི་ལ་བརྟགས་ན། བདག་རྣམས་ཡིད་ཅིག་མ་ཆེས་པས་མྱུར་དུ་མྱ་ངན་ལས་འདའ་བ་ནི་མིན་འོང་། སྐུ་ཚེའི་འཕེན་པ་ནི་མ་རྫོགས་ལས་ཆེ་ཞུས་པས། ད་ཁོ་བོའི་ཚེ་ཚད་དང་འདུལ་སྐལ་གཉིས་ཀ་རྫོགས་པས་སྐྱེས་པའི་རྟགས་ཤིག་སྟོན་པ་ཡིན་གསུངས། དེ་ནས་ཞག་འགའ་ནས་རྗེ་བཙུན་ཆེན་པོ་སྐུ་བསྙུང་བའི་ཚུལ་བསྟན། དེའི་ཚེ་ངན་རྫོང་
རས་པས་རྗེ་བཙུན་སྐུ་བསྙུང་བ་འདི་ལ་བདག་སློབ་འབངས་རྣམས་ཀྱིས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་ཚོགས་གཏོར་ཕུལ། རྗེ་བཙུན་རང་ལ་ཡང་བརྟན་བཞུགས་ཀྱི་སྐུ་རིམ་དང་སྨན་དཔྱད་ཕུལ་བ་ལེགས་པ་འདུག་ཞུས་ནས་ཡོན་བདག་རྣམས་ལ་སྐད་བཏང་སྟེ་སྟ་གོན་བྱེད་པར་བརྩམས་པས། རྗེ་བཙུན་གྱི་ཞལ་ནས་སྤྱིར་རྣལ་འབྱོར་པ་ན་བ་དགེ་སྦྱོར་གྱི་བསྐུལ་མ་ཡིན་པས་རིམ་གྲོ་མི་བྱེད་པར་ཅི་བྱུང་ལམ་དུ་ཁྱེར་ཏེ། ན་ནུས་འཆི་ནུས་ཤིག་དགོས་པ་ཡིན། ཁྱད་པར་ང་མི་ལ་རས་པས་དྲིན་ཅན་མར་པའི་ལུགས་ཀྱི་རིམ་གྲོ་སྔར་ནས་བྱས་ཟིན་པའི་དོན། ད་དཔུང་དང་བར་བ་མ་དགོས་པར་རྐྱེན་གྱི་དགྲ་བོ་སྙིང་གི་གྲོགས་སུ་ཁུགས་པས་རྐྱེན་ལ་རིམ་གྲོ་མི་དགོས། གླུད་དང་རྔ་བརྡུངས་མ་དགོས་པར་ལྟས་ངན་རྣམ་རྟོག་གི་གདོན་གྱི་རང་ཞལ་བསྟན་ནས། འཕྲིན་ལས་རྣམ་བཞི་སྒྲུབ་པའི་ཆོས་སྐྱོང་དུ་གྱུར་པས་གདོན་ལ་རིམ་གྲོ་མི་དགོས། བཟང་དྲུག་སོགས་ཀྱི་སྨན་སྦྱོར་མ་དགོས་པར་དུག་ལྔའི་ནད་ཡེ་ཤེས་ལྔའི་བདེ་བར་ཤར་བས་སྨན་སྦྱོར་མི་དགོས། ད་དུས་ལ་བབ་ནས་ལུས་བསྐྱེད་རིམ་སྒྱུ་མ་ལྟ་བུའི་ལྷ་སྐུ་རྫོགས་རིམ་འོད་གསལ་གྱི་ངང་དུ་ཐིམ་འགྲོ་བ་ལ་བརྟན་བཞུགས་བྱ་དོན་མེད། འཇིག་རྟེན་པ་རྣམས་རང་སྡིག་པ་སྔོན་དུ་སོང་བའི་འབྲས་བུ་སྐྱེ་རྒ་ན་འཆི་སོགས་ཀྱི་སྡུག་བསྔལ་ཚེ་འདིར་མྱོང་བ་སྨན་དཔྱད་
རིམ་གྲོ་བྱས་རུང་བཟློག་པའི་ཐབས་མེད་དེ། རྒྱལ་པོའི་དབང་། དཔའ་བོའི་རྩལ། མཛེས་མའི་གཟུགས། ཕྱུག་པོའི་ནོར། སྡར་མའི་བང་། སྨྲ་མཁས་ཀྱི་ཤགས་ལ་སོགས་པའི་ཐབས་ཞི་རྒྱས་དབང་དྲག་གང་གིས་ཀྱང་མི་ཟློག་པར་རང་གིས་ངེས་པར་མྱོང་དགོས་པར་འདུག་སྡུག་བསྔལ་ལ་འཇིགས་ཤིང་བདེ་བ་འདོད་ན་ཕྱིས་སྡུག་བསྔལ་མི་མྱོང་ཞིང་། རྟག་ཏུ་བདེ་བར་འགྱུར་བའི་ཐབས་རིམ་གྲོ་ཟབ་མོ་ཞིག་ང་ལ་ཡོད་དེ་གསུང་། དེ་གནང་བར་ཞུ་ཞུས་པས། འོ་ན་འཁོར་བའི་བྱ་བ་བསགས་ན་འཛད། བཅོས་ན་འཇིག་འདུས་ན་འབྲལ། སྐྱེས་ན་འཆི་བ་སོགས་ཀྱི་སྡུག་བསྔལ་ཡོད་ངེས་པ་རང་སྡུག་རང་གིས་གཤོམ་པའི་ལས་འདི་དང་པོ་ནས་བློས་བཏང་སྟེ། མི་གསོག་མི་འཆོས། མི་འདུ་བར་མཚན་ལྡན་བླ་མའི་བཀའ་བཞིན། སྐྱེ་མེད་ཀྱི་དོན་ཉམས་སུ་ལེན་པ་རྣམས་ཐབས་དང་རིམ་གྲོ་མཆོག་ཡིན། དེ་མིན་ཁ་ཆེམས་གནང་ཆེན་ཡོད་པ་དེ་རྟིང་སོར་འཆད་པས་མ་བརྗེད་པར་གྱིས་གསུངས་པས། རས་པ་ཞི་བ་འོད་དང་ངན་རྫོང་རས་པ་གཉིས་ཀྱིས་རྗེ་བཙུན་སྐུ་ཁམས་བཟང་ན་ད་དུང་སེམས་ཅན་མང་པོའི་དོན་འོང་བ་ལགས་ཤིང་། བརྒྱ་ལ་གསོལ་བ་མ་ཐེབས་རུང་བདག་རྣམས་མི་འགྱོད་པ་ལགས་པས། གསང་སྔགས་ཟབ་མོའི་ཆོ་ག་ཞིག་མཛད་པ་དང་། བརྟན་བཞུགས་དང་སྨན་དཔྱད་ཅིག་ཅེས་ཀྱང་བཞེས་
པར་ཞུ་ཞུས་པས། རྗེ་བཙུན་གྱི་ཞལ་ནས་ང་དུས་ལ་མ་བབ་ན་ཁྱེད་གཉིས་ཟེར་བ་བཞིན་བྱས་པས་ཆོག་དེ་མིན་གཞན་ཕན་སེམས་བསྐྱེད་ཀྱིས་མ་ཟིན་པའི་རང་གི་ཚེ་འདིའི་ཆེད་དུ། གསང་སྔགས་ཟབ་མོའི་ཆོ་ག་བྱེད་པ་ཡེ་ཤེས་ཀྱི་ལྷ་རྣམས་རྒྱལ་པོ་ཁྲིའི་སྟེང་ནས་ཕྱག་དར་གྱི་ལས་ལ་སྤྱན་འདྲེན་པ་ལྟ་བུའི་ཉེས་པ་ཡོད་པས། ཁྱེད་རྣམས་ཀྱང་རང་དོན་ཚེ་འདི་ཁོ་ནའི་ཆེད་དུ་གསང་སྔགས་ཟབ་མོའི་ཆོ་ག་མ་བྱེད། སོ་སོའི་སྐྱེ་བོ་རྣམས་ལ་གྱོང་མེད། ངས་སེམས་ཅན་ཐམས་ཅད་ཀྱི་དོན་དུ། གསང་སྔགས་དོན་གྱི་ཆོ་ག་དབེན་གནས་སུ་རྒྱུན་དུ་བྱས་པས་རིམ་གྲོ་དེ་གས་ཆོག་པར་གདའ། དེས་ན་ངའི་སེམས་ཆོས་ཉིད་ཀྱི་གདན་ལས་གཡོ་མི་ཤེས་པར་འདུག་པས། བརྟན་བཞུགས་ཀྱང་དེ་གས་ཆོག་པར་གདའ། མར་པའི་སྨན་དཔྱད་ཀྱིས་དུག་ལྔའི་ནད་རྩ་བ་ནས་བུད་འདུག་པས་སྨན་དཔྱད་ཀྱང་དེ་གས་ཆོག་པར་གདའ། ཁྱེད་རང་རྣམས་རྐྱེན་ངན་ལམ་དུ་མི་ལོངས་ན་ཆོས་པ་ཡིན་པ་རང་གིས་མི་ཆོག་པས། དུས་ལ་མ་བབ་པར་རྐྱེན་གྱིས་བྱང་ཆུབ་སྒྲུབ་པའི་གེགས་སུ་གྱུར་ན་སྨན་དཔྱད་དང་རིམ་གྲོ་བྱས་ཀྱང་མི་སྐྱོན། འཕྲལ་གྱི་རྐྱེན་རྟེན་འབྲེལ་གྱི་ཆེ་བས་ལྡོག་ཅིང་ཡོན་ཏན་དུ་འགྱུར་བའི་སྐབས་ཡོད། དེ་ལྟ་བུའི་གདུལ་བྱ་དམན་པ་རྣམས་ལ་དགོངས་ནས། སྔོན་བཅོམ་ལྡན་འདས་ཀྱིས་ཀྱང་འཚོ་བྱེད་གཞོན་ནུ་ལ་ཕྱག་
བསྟན་པ་དང་སྨན་གསོལ་བ་ལ་སོགས་པའི་རྣམ་པ་མཛད་པ་ཡིན། དུས་ལ་བབ་ནས་སངས་རྒྱས་ཀྱང་མྱ་ངན་ལས་འདའ་བའི་ཚུལ་བསྟན། ད་ང་ཡང་དུས་ལ་བབ་པས་སྨན་དང་རིམ་གྲོ་མི་བྱེད་གསུངས་མ་གནང་བས། ཡང་ཐུགས་སྲས་རས་པ་གཉིས་ཀྱིས། ངེས་པར་རྗེ་བཙུན་གཞན་དོན་ལ་ཐེགས་ན་རྗེས་སུ་ཐུགས་དགོངས་རྫོགས་ཐབས་ཀྱི་མཆོད་འབུལ་སྐུ་གདུང་གི་ཞབས་ཏོག་ཚ་ཚ་དང་མཆོད་རྟེན་བཞེངས་ལུགས། གདན་ས་སུས་འཛིན་དང་དུས་མཆོད་འབུལ་ལུགས། བདག་སློབ་མ་རྣམས་ཀྱིས་ཐོས་བསམ་སྒོམ་པའི་ཉམས་ལེན་བྱེད་ལུགས་རྣམས་ཀྱི་ཞལ་བཀོད་ཅིག་གནང་བར་ཞུ་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ངས་དྲིན་ཅན་མར་པའི་བཀའ་དྲིན་གྱིས། འཁོར་འདས་ཀྱི་བྱ་བ་ཐམས་ཅད་ཟིན་པ་ཡིན། སྒོ་གསུམ་ཆོས་ཉིད་དུ་གྲོལ་བའི་རྣལ་འབྱོར་པ་ལ། རོ་འོང་བའི་ངེས་པ་མེད་པས། འཇིམ་པའི་ཚ་ཚ་དང་མཆོད་རྟེན་བཞེངས་མི་དགོས། ང་ལ་བདག་ཏུ་གཟུང་བའི་དགོན་པ་མེད་པས་གདན་ས་འདིས་གྱིས་བྱ་རྒྱུ་མེད། གཡའ་རི་དང་གངས་རི་ལ་སོགས་པ་མི་མེད་ཀྱི་དབེན་གནས་རྣམས་ཁྱེད་ཀུན་གྱིས་ཟུངས་ལ་བུ་སློབ་རིགས་དྲུག་གི་སེམས་ཅན་རྣམས་བརྩེ་བས་སྐྱོངས། ཚ་ཚ་ཐུན་བཞིའི་རྣལ་འབྱོར་མ་བཅག་པར་མཆོད་རྟེན་ཆོས་ཐམས་ཅད་ལ་དག་སྣང་སྦྱོངས་ལ་སྒྲུབ་པའི་རྒྱལ་མཚན་ཚུགས། དུས་མཆོད་ཁ་
ཞེ་ངོ་ལྐོག་མེད་པར་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་ཐོབ། ཉམས་ལེན་བྱེད་ལུགས་བདག་འཛིན་དང་ཉོན་མོངས་པ་འཕེལ་བའི་གྲོགས་སུ་འགྲོ་ཞིང་སེམས་ཅན་ལ་གནོད་ན་དགེ་བའི་རྣམ་པ་ཡང་སྤོངས། དུག་ལྔའི་གཉེན་པོར་འགྲོ་ཞིང་སེམས་ཅན་ལ་ཕན་ན་རྣམ་པ་སྡིག་པར་སྣང་ཡང་ངོ་བོ་དམ་པའི་ཆོས་ཡིན་པས་བྱས་པས་ཆོག་གོ་ནས་ཉམས་སུ་མི་ལེན་པར་ཁྱད་དུ་གསོད་ན་ཐོས་པ་རྒྱ་ཆེ་ཡང་ཤེས་བཞིན་གྱི་སྒྲིབ་པས་ངན་སོང་གཏིང་ཟབ་ཏུ་གཏང་བས་ཚེ་ཐུང་ནམ་འཆི་ཆ་མེད་ཀྱི་སྒོམ་ལ་དྲིལ། རང་གིས་ཤེས་པའི་དགེ་སྡིག་རྣམས་སྲོག་དང་བསྡོས་ལ་འདོར་ལེན་གྱིས། དོན་ཧྲིལ་གྱིས་དྲིལ་བ་ལ་རང་ལ་རང་གིས་མ་ཁྲེལ་བ་ཞིག་དགོས་པ་ཡིན་པས། དེ་ལྟར་གྱིས་ཤིག་དེ་ལྟར་བྱས་ན་ཡིག་ནག་གི་དཔེ་ཆ་འགའ་ཞིག་དང་འགལ་རུང་། རྒྱལ་བ་གོང་མའི་དགོངས་པ་དང་མི་འགལ་བས། ཐོས་བསམ་ཐམས་ཅད་ཀྱི་དགོངས་པ་འདིར་འདུས་པ་ཡིན་ཞིང་། མི་རྒན་ངའི་བསམ་པ་ཡང་འདི་ཀས་རྫོགས་པ་ཡིན་ནོ། །ངའི་བསམ་པ་རྫོགས་ན་ཁྱེད་རྣམས་ཀྱི་འཁོར་འདས་ཀྱི་བྱ་བ་ཐམས་ཅད་ཚར་བ་ཡིན་ནོ། །དེ་མིན་འཇིག་རྟེན་དང་མཐུན་པའི་བསམ་པ་རྫོགས་ཐབས་གང་གིས་ཀྱང་ཕན་པ་མེད་དེ་འདི་ལྟར་ཡིན་གསུང་ཅི་ལ་ཕན་གྱི་མགུར་འདི་གསུངས་སོ། །སྒྲ་སྒྱུར་མར་པའི་ཞབས་ལ་འདུད། །འདིར་
ཚོགས་དད་འདུས་བུ་སློབ་རྣམས། །ཕ་རྒན་མི་ལ་རས་པ་ངའི། །ཐ་ཚིག་ཁ་ཆེམས་གླུ་ལ་ཉོན། །རྣལ་འབྱོར་མི་ལ་རས་པ་ངས། །ལྷོ་བྲག་མར་པའི་བཀའ་དྲིན་གྱིས། །བྱ་བ་ཐམས་ཅད་ཚར་ནས་ཡོད། །ཁྱེད་རྗེས་འཇུག་གྲྭ་པ་བུ་སློབ་རྣམས། ཁ་ལ་ཉན་ན་གོང་བཞིན་མཛོད། །ང་དང་རྒྱལ་བ་གོང་མ་ཡི༑ །ཐུགས་དགོངས་རྫོགས་ཕྱིར་རང་གཞན་གྱི། །དོན་ཆེན་ཚེ་འདིར་འགྲུབ་པ་ཡིན། །དེ་མིན་བྱ་བ་ཐམས་ཅད་ནི༑ །རང་གཞན་དོན་དུ་མི་འགྲོ་བས། །ཁོ་བོའི་བསམ་པ་མི་རྫོགས་ཏེ། །རྒྱུད་ལྡན་གྱི་བླ་མ་མ་བསྟེན་པའི། །དབང་བསྐུར་ཞུས་པས་ཅི་ལ་ཕན། །རང་རྒྱུད་ཆོས་དང་མི་བསྲེ་བའི། །རྒྱུད་སྡེ་བཟུང་བས་ཅི་ལ་ཕན། །འཇིག་རྟེན་བྱ་བ་མ་བཏང་བའི། །གདམས་ངག་བསྒོམས་པས་ཅི་ལ་ཕན། །སྒོ་གསུམ་ཆོས་དང་མི་བསྟུན་པའི། །ཆོ་ག་བྱས་པས་ཅི་ལ་ཕན། །ཚིག་ངན་གཉེན་པོས་མི་ཟིན་པའི། །བཟོད་པ་བསྒོམས་པས་ཅི་ལ་ཕན། །ཕྱོགས་རིས་ཆགས་སྡང་མ་སྤངས་པའི། །མཆོད་པ་ཕུལ་བས་ཅི་ལ་ཕན། །རང་འདོད་རྩ་བ་མ་སྤངས་པའི། །སྦྱིན་པ་བཏང་བས་ཅི་ལ་ཕན། །འགྲོ་དྲུག་ཕ་མར་མ་ཤེས་པའི། །གདན་ས་བཟུང་བས་ཅི་ལ་ཕན། །སེམས་ལ་དག་སྣང་མ་སྐྱེས་པའི། །མཆོད་རྟེན་བཞེངས་པས་ཅི་ལ་ཕན། །ཐུན་བཞིའི་རྣལ་འབྱོར་མི་ནུས་པའི། །ཚ་ཚ་བཏབ་པས་ཅི་ལ་ཕན། །གསོལ་
བ་སྙིང་ནས་མི་འདེབས་པའི། །དུས་མཆོད་ཕུལ་བས་ཅི་ལ་ཕན། །གདམས་ངག་རྣ་བར་མི་འཇོག་པའི། །སྡུག་བསྔལ་བྱེད་པས་ཅི་ལ་ཕན། །གསོན་ཚེ་དད་གུས་མ་སྐྱེས་པའི། །གདུང་ཞལ་བལྟས་པས་ཅི་ལ་ཕན། །སྐྱོ་ཤས་ངེས་འབྱུང་མ་སྐྱེས་པའི། །སྤོང་དག་བྱས་པས་ཅི་ལ་ཕན། །བདག་པས་གཞན་གཅེས་མི་བསྒོམ་པའི། ཁ་བཟང་སྙིང་རྗེས་ཅི་ལ་ཕན། །ཉོན་མོངས་འདོད་པ་མ་སྤངས་པའི། །ཞབས་ཏོག་བྱེད་ལོས་ཅི་ལ་ཕན། །ཅི་གསུང་ཚད་མར་མི་འཛིན་པའི། །བུ་སློབ་མང་པོས་ཅི་ལ་ཕན། །ཕན་པ་མེད་པའི་བྱ་བྱེད་དེ། །གནོད་པར་འགྱུར་བས་ཅོག་གེ་ཞོག །བྱ་བ་བྱས་པའི་རྣལ་འབྱོར་ལ། །བྲེལ་བ་མང་པོས་དགོས་པ་མེད། །ཅེས་གསུངས་པ་དེ་བུ་སློབ་རྣམས་ཀྱི་ཐུགས་ལ་ཤིན་དུ་གཙིགས་པར་གྱུར་ཏོ། །དེ་ནས་རྗེ་བཙུན་ཆེར་བསྙུང་བའི་ཚུལ་བསྟན་པའི་ཚེ། དགེ་བཤེས་རྩག་ཕུ་པས་ཤ་ཆང་གི་འབུལ་བ་མཚོན་པ་ཞིག་ཁྱེར་ཏེ་སྙུན་དྲི་བ་ལྟར་བྱས་བྱུང་བ་ན་རེ། རྗེ་བཙུན་ལྟ་བུའི་གྲུབ་ཐོབ་ལ་ཡང་སྙུང་གཞི་འདི་ལྟ་བུ་ཡོང་མ་ཐད་ལགས་ཏེ་བྱུང་། འདི་ལ་བགོ་ཐབས་ཡོད་ན་བུ་སློབ་རྣམས་ལ་བགོ སྤོ་ཐབས་ཡོད་ན་བདག་ལྟ་བུ་ལའང་སྤོས་པས་ཆོག་པར་འདུག་སྟེ། ཐབས་ནི་མེད་ད་ཅི་དྲག་ན་ཞུ་བ་ལ། རྗེ་བཙུན་ཞལ་འཛུམ་མཛད་ནས། ང་ལ་ནད་འདི་འོང་དོན་མེད་དེ་མི་འོང་
དབང་མེད་ཅིག་བྱུང་བ་ཁྱེད་རང་ལ་གསལ་ལས་ཆེ། སྤྱིར་གང་ཟག་ཕལ་བའི་ནད་དང་ཆོས་པའི་ནད་མི་འདྲ་རྐྱེན་ཐོག་ཏུ་བཞག་པས་ཆོག་པ་ཡིན། ཁྱད་པར་ངའི་ནད་རྒྱན་ཡིན་གསུང་སྟེ་མགུར་འདི་གསུངས་སོ། །འཁོར་འདས་འོད་གསལ་གྱི་དབྱིངས་སུ་གསལ། །ཕྱག་གི་རང་ས་ཟིན་པ་ལ། །ཕྱག་རྒྱ་ཆེན་པོའི་རྒྱས་བཏབ་པས། །གཉིས་སུ་མེད་པའི་ཆེ་བ་ཡོད། །ཐོགས་རྡུགས་མེད་པའི་སྤོབས་པ་ཅན། །ནད་དང་གདོན་དང་སྡིག་སྒྲིབ་རྣམས། །རྣལ་འབྱོར་ང་ཡི་རྒྱན་དུ་མཛེས། །རྩ་ཐིག་རླུང་གསུམ་རྣམ་པར་གནས། །སྦྱིན་སོགས་མཚན་དཔེའི་རྒྱན་དུ་སྦྱོར། །བསམ་ངན་གྱི་སྡིག་པ་འདག་པར་ཤོག །རྒྱན་དུ་ཆེ་བའི་ན་ཚ་འདི། །སྤོ་ཐབས་ཡོད་དེ་སྤོ་དོན་མེད། །ཅེས་གསུངས་པས། ཁོའི་བསམ་པ་ལ་དུག་གི་དོགས་པ་དེ་ང་ལ་ཟ་བར་འདུག་སྟེ། ཐག་ཆོད་པ་མེད། ནད་སྤོ་དོན་ཡོད་རུང་སྤོ་ཐབས་མེད་པ་ཁག་ཐེག་སྙམ་ནས་བདག་ལ་རྗེ་བཙུན་གྱི་བསྙུང་གཞི་དེ་རྒྱུས་ཡོད་ན་དག་འདྲེ་གདོན་གྱི་ཡིན་ན་བརྡུང་། སྐུ་ཁམས་འཁྲུགས་པ་ཡིན་ན་འཆོས་པ་ལགས་ཏེ། རྒྱུས་ཀ་མེད་ལགས། སྙུང་གཞི་སྤོར་རུང་ན་བདག་ལ་སྤོ་བར་ཞུ་ཞུས་པས། རྗེ་བཙུན་གྱི་གསུང་ནས་སེམས་ཅན་གཅིག་གི་རྒྱུད་ལ་གདོན་ཆེ་ཤོས་བདག་འཛིན་གྱི་འགོང་པོ་གནོད་པའི་རྐྱེན་གྱིས་ངའི་འབྱུང་བ་འཁྲུགས་པའི་ནད་འདི་བྱུང་བ་ཡིན་ཏེ། ད་འདི་ལ་
ཁྱེད་ཀྱིས་བརྡུང་ཐབས་དང་འཆོས་ཐབས་མེད། ངའི་ནད་འདི་ཁྱེད་ལ་སྤོས་རུང་སྐད་ཅིག་ཀྱང་མི་ཐེག་པས། མི་སྤོ་གསུངས་པས། ཁོའི་ཡིད་ལ་ནད་སྤོ་མི་ཐུབ་པའི་ཟོབ་བྱེད་པར་འདུག་སྙམ་ནས། ཅིས་ཀྱང་བདག་ལ་སྤོ་བར་ཞུ་ཞེས་ནན་གྱིས་ཞུས་པས། འོ་ན་ཁྱོད་ལ་མི་སྤོ། སྒོ་ཕ་གི་ལ་སྤོ་ཡིས་ལྟོས་ཤིག་གསུང་། སྒྲུབ་ཁང་གི་སྒོ་ལ་སྤོས་པས། སྒོ་ཚེག་ཚེག་སྐད་འདོན་ཅིང་ཞིག་འགྲོ་བ་ཙམ་དུ་མེར་མེར་ཤིག་ཤིག་བྱེད་ཅིང་འདུག་དེ་བར་རྗེ་བཙུན་སྙུན་མེད་དུ་བཞུགས་པ་ལ། ཡང་ཁོའི་ཡིད་ལ་མིག་འཁྲུལ་ཡིན་ནམ་སྙམ་ངོ་མཚར་ཆེ་བདག་རང་ལ་སྤོ་བར་ཞུ་ཞུས་པས། འོ་ན་དགེ་བཤེས་ལ་ཚད་སྟོན་པ་ཡིན་གསུངས། སྒོའི་ནད་ཚུར་བཞེས་ཏེ་སླར་རྩག་ཕུ་པ་ལ་སྤོས་པས། ཁོ་ཟུག་རྔུས་བརྒྱལ་ཏེ་འགུལ་མི་ནུས་ཤིང་དབུགས་མི་ཐོན་པར་དྲན་མེད་དུ་འཆི་ཚད་པའི་ཚེ། རྗེ་བཙུན་གྱིས་ནད་ཕལ་ཆེར་ཚུར་བཞེས་ཏེ། ཁྱེད་ལ་ནད་ཀྱི་ཕྱེད་ཙམ་སྤོས་པ་ཡིན་ཨེ་བཟོད་པར་འདུག་གསུངས་པས། ཁོ་རང་གིས་སྡུག་བསྔལ་དེ་མྱོང་བའི་མཐུས་འགྱོད་པ་དྲག་པོ་བཟོད་གླགས་མེད་པ་ཞིག་སྐྱེས་ནས། རྗེ་བཙུན་གྱི་ཞབས་སྤྱི་བོར་བླངས། སྙིང་ཐག་པའི་མཆི་མ་དྲག་པོ་བཏང་ཞིང་སྨྲེ་སྔགས་ཀྱི་ཚིག་གིས། རྗེ་བཙུན་རིན་པོ་ཆེ། སྐྱེས་བུ་དམ་པ་ཁྱེད་ཀྱི་སྙུང་གཞི་འདི། ཁྱེད་རང་གསུང་བ་བཞིན་ཕུང་པོ་བདག་གི་བློ་ཕུང་འགོང་གིས་བསྐྱོད་ནས་བགྱིས་པ་ལགས།
ད་བདག་རང་གི་ནོར་ཁང་གཞིས་དང་བཅས་པ་ཐམས་ཅད་རྗེ་བཙུན་ལ་འབུལ། འདིའི་རྣམ་སྨིན་མི་མྱོང་བ་ཞིག་རྗེ་བཙུན་མཁྱེན་མཁྱེན་ཞེས་ཞུ་ཞིང་། ཁ་ཞེ་མེད་པའི་བཤགས་པ་ཕུལ་བས། རྗེ་བཙུན་ཡང་ཐུགས་ཤིན་ཏུ་མཉེས་ཏེ། ནད་ལྷག་མ་རྣམས་ཀྱང་ཚུར་བཞེས་ནས། ང་ཚེ་གང་ལ་ཡུལ་གཞིས་ཁང་ནོར་མི་དགོས་པའི་འཆི་ཁར་ཡུལ་གཞིས་ཁང་ནོར་གྱིས་དགོས་པ་མེད་པས་འབུལ་བ་རྣམས་ཁྱེད་རང་ཁྱེར་ལ། ད་ཕྱིན་ཆད་སྲོག་ལ་བབ་རུང་ཆོས་འགལ་གྱི་ལས་མ་བྱེད་ཅིག་ད་ལན་གྱི་འདིའི་རྣམ་སྨིན་མི་མྱོང་བའི་སྨོན་ལམ་ང་རང་གིས་བྱེད་པ་ཡིན་གསུང་མགུར་འདི་གསུངས་སོ། །མཚན་ལྡན་མར་པའི་ཞབས་ལ་འདུད། །མཚམས་མེད་ལྔ་ཡི་སྡིག་པ་ཡང་། །འཕྲལ་དུ་བཤགས་པས་འདག་པར་ཤོག །ང་ཡི་དགེ་བ་བདེ་སྐྱིད་དང་། །དུས་གསུམ་སངས་རྒྱས་དགེ་བ་ཡིས། །འགྲོ་ཀུན་སྡིག་པ་འདག་པར་ཤོག །ཁྱོད་ཀྱི་སྡུག་བསྔལ་ཐམས་ཅད་ཀྱང་། །བདག་གིས་བླངས་ནས་སྦྱོང་བར་ཤོག །བླ་མ་སློབ་དཔོན་ཕ་མ་ལ། །གནོད་པ་བྱེད་པ་སྙིང་རེ་རྗེ། །དེ་ཡི་ལས་ཀྱི་རྣམ་སྨིན་དེ། །བདག་གིས་བླངས་ནས་སྦྱོང་བར་ཤོག །དུས་དང་རྣམ་པ་ཐམས་ཅད་དུ། །སྡིག་པའི་གྲོགས་དང་བྲལ་བར་ཤོག །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །དགེ་བའི་གྲོགས་པོ་རྙེད་པར་ཤོག །བསོད་ནམས་འཛད་ཐབས་བསམ་ངན་དང་། །སྦྱོར་རྩུབ་སུ་ཡང་མི་བྱེད་
ཤོག །བསམ་པ་བཟང་པོའི་བྱང་ཆུབ་སེམས། །སེམས་ཅན་ཀུན་གྱིས་ཐོབ་པར་ཤོག །ཅེས་གསུངས་པས། ཁོ་དགའ་སྤྲོ་དཔག་ཏུ་མེད་པ་ཐོབ་ནས། རྗེ་བཙུན་གྱི་བཀའ་བཞིན་ད་ཕྱིན་ཆད་ཆོས་མིན་གྱི་ལས་མི་བགྱིད་པར་ཚེ་དང་སྒྲུབ་པ་སྙོམས་ལགས། སྔར་གྱི་སྡིག་པ་ཡང་ཁང་གཞིས་དང་ནོར་གྱིས་ལན་པ་ལགས་པས། ད་བདག་རང་ལའང་ཁང་ཞིང་དང་ནོར་གྱིས་དགོས་པ་མེད་པས། རྗེ་བཙུན་མི་བཞེས་རུང་བུ་སློབ་རྣམས་ཀྱི་སྒྲུབ་པའི་མཐུན་རྐྱེན་དུ་ཅིས་ཀྱང་བཞེས་དགོས་ཞེས་ཞུ་བ་ནན་གྱིས་ཕུལ་རུང་རྗེ་བཙུན་གྱིས་མ་བཞེས་པ་ཕྱིས་བུ་སློབ་རྣམས་ཀྱིས་བཞེས་ནས། རྗེ་བཙུན་གྱི་དུས་མཆོད་ཀྱི་གཞི་རྐྱེན་དུ་བཙུགས་པའི་མཆོད་པ་ཆུ་དབར་ན་དུས་ད་ལྟ་ཡང་ཡོད་དོ། །དགེ་བཤེས་རྩག་ཕུ་པ་དེ་ཡང་ཕྱིས་ཚེ་འདི་བློས་བཏང་བའི་ཆོས་པ་དགའ་མོ་ཞིག་བྱུང་བ་ཡིན་ནོ། །དེ་ནས་རྗེ་བཙུན་གྱི་ཞལ་ནས་གནས་འདིར་བསྡད་པའི་དགོས་པ་སྡིག་པོ་ཆེས་འགྱོད་ཚངས་ཕུལ་ནས་སྡིག་པ་ལས་གྲོལ་བ་དེ་ཡིན། ང་ཡང་སྒོམ་ ཆེན་གྲོང་ཡུལ་དུ་འཆི་བ་རྒྱལ་པོ་དམངས་ཁྱིམ་ཏུ་འཆི་བ་དང་འདྲ་བས། ད་ཆུ་དབར་དུ་དུར་ས་སྙོག་ཏུ་འགྲོ་གསུང་བ་ལ། སེ་བན་རས་པས། འོ་ན་བསྙུང་གཞི་འདིས་འབྱོན་པ་འོ་བརྒྱལ་བ་གདའ་བས་འདོ་ལི་ལ་གདན་འདྲེན་དགོས་ཞུས་པས། ང་ན་ཡིན་འོང་བའི་ངེས་པ་ཡང་མེད། འཆི་བའི་ངེས་པ་ཡང་མེད་
དེ། ན་ཚུལ་འདིར་བསྟན། འཆི་ཚུལ་སྟོན་དུ་ཆུ་དབར་དུ་འགྲོ། དེ་ལ་འདོ་ལི་མི་དགོས། རས་པ་གཞོན་པ་འགའ་ཆུ་དབར་དུ་སྔོན་ལ་སོངས་གསུངས། དེར་གཞོན་པ་རྣམས་ཆུ་དབར་དུ་ཕྱིན་པས། རྗེ་བཙུན་འབྲི་ལྕེ་ཕུག་ན་སྔོན་ལ་ཕེབས་འདུག་གྲྭ་པ་བགྲེས་པ་རྣམས་ལ་ཕྱག་ཕྱི་བྱས་འོང་རྒྱུ་གཅིག་བྱུང་། ཕ་བོང་རེག་པ་དུག་ཅན་གྱི་སྟེང་ན་བསྙུང་ཚུལ་སྟོན་མཁན་གཅིག་ཆུ་དབར་དུ་ཕྱིས་མཇལ་དུ་འགྲོ་བའི་ཉ་མ་དད་པ་ཅན་རྣམས་ལ་ཕྱག་ཕྱི་བྱེད་རྒྱུ་གཅིག་སྡིངས་མའི་ཡོན་བདག་ཕྱི་ན་ཡོད་པ་རྣམས་ལ་བྲག་མཁར་སྟེང་དུ་ཆོས་གསུང་མཁན་གཅིག་ནང་ན་གནས་པ་རྣམས་རེ་རེའི་མདུན་ན་བསྙེན་བཀུར་གསོལ་མཁན་རེ་རེ་བྱུང་། དེའི་ཚེ་ཆུ་དབར་དུ་སྔོན་ལ་ཕྱིན་པ་རྣམས་ན་རེ། རྗེ་བཙུན་སྔོན་ལ་ཆུ་དབར་ན་ཕེབས་འདུག་ཟེར། བགྲེས་པ་རྣམས་ན་རེ་རྗེ་བཙུན་ངེད་ཀྱིས་ཕྱག་ཕྱི་བྱས་ནས་ཕེབས་ཟེར། ཕྱི་ནས་འོང་མཁན་རྣམས་རེ་རེ་ཞིང་ཕྱག་ཕྱི་ངེད་རྣམས་ཀྱིས་བྱས་འོངས་པ་ཡིན་ཟེར། ཁ་ཅིག་ན་རེ་གཟིམས་ཁང་ན་བཞུགས་ཟེར། ཆོས་ཉན་རྣམས་ན་རེ་དེའི་ཉིན་བྲག་མཁར་དུ་ཆོས་གསུང་ཞིང་བཞུགས་ཟེར། བསྙེན་བཀུར་ཞུ་མི་རྣམས་རེ་རེ་བཞིན་དེའི་ཉིན་རྗེ་བཙུན་ངེད་ཀྱི་ནང་དུ་བསྙེན་བཀུར་ལ་སྤྱན་དྲངས་ཡོད་ཟེར། ཀུན་ཐ་དད་ནས་ཡུས་མ་དག་པས་ཁ་མ་འཆམ་སྟེ། རྗེ་བཙུན་ལ་ཞུས་པས། ཀུན་བདེན་ངས་རྩེད་མོ་བྱས་པ་ཡིན་གསུངས། དེ་
ནས་རྗེ་བཙུན་ཆུ་དབར་གྱི་འབྲི་ལྕེ་ཕུག་ཏུ་བསྙུང་ཚུལ་བསྟན་ནས་བཞུགས་སོ། །དེའི་ཚེ་སྔར་ཆོས་གསུང་དུས་བྱུང་བའི་ལྟས་འཇའ་འོད་ལ་སོགས་པ་རྣམས་ཆུ་དབར་གྱི་ནམ་མཁའ་དང་རི་རྩེ་ལུང་པ་ཀུན་ཁྱབ་པ་བྱུང་ངོ་། །དེ་ནས་རྗེ་བཙུན་ཞིང་ཁམས་གཞན་དུ་འབྱོན་པར་ཀུན་གྱིས་ཐག་ཆོད་པ་དང་། རས་པ་ཞི་བ་འོད། ངན་རྫོང་སྟོན་པ། སེ་བན་རས་པ་རྣམས་ཀྱིས་རྗེ་བཙུན་ཞིང་ཁམས་གང་དུ་འབྱོན་པའི་ཐུགས་འདུན་ཡོད། བདག་ཅག་རྣམས་གསོལ་བ་གང་དུ་འདེབས། རྟིང་སོར་ཞལ་ཏ་གནང་རྒྱུ་ཞིག་ཡོད་གསུངས་པ་དེ་གང་ལགས། ད་དུང་བདག་རྣམས་ལ་ཉམས་ལེན་བྱེད་ལུགས་ཀྱི་ཞལ་ཏ་རེ་ཡང་གནང་བར་ཞུ་ཞུས་པས། རྗེ་བཙུན་གྱི་ཞལ་ནས་གསོལ་བ་ཁྱེད་རང་རྣམས་གང་མོས་སུ་ཐོབ་དང་། གང་དང་གང་དུ་དད་གུས་དང་ལྡན་པས་གསོལ་བ་བཏབ་པ་དེའི་མདུན་ན་ང་ཡོད་ཅིང་། གང་འདོད་པའི་དོན་སྩོལ་བ་ཡིན་པས་གསོལ་བ་ཞེ་ཐག་པ་ནས་ཐོབ་ཅིག་ད་ལན་རེ་ཞིག་མངོན་དགའི་ཞིང་དུ་བཅོམ་ལྡན་འདས་མི་བསྐྱོད་པ་དང་མཇལ་དུ་འགྲོ་དགོས་པར་འདུག་རྟིང་སོར་ལབ་ཟེར་བའི་ཁ་ཆེམས་ལ། ང་མི་ལ་རས་པ་ཤི་བའི་རྗེས་སུ་ཁྱེད་རང་རྣམས་ལ་རྒྱུས་ཡོད་པའི་ནོར་སྦ་འཁར་འདི་དང་། རས་གོས་འདི་རས་ཆུང་པ་མྱུར་དུ་སླེབ་འོང་བར་འདུག་པས་ཁོ་ལ་སྤྲོད། རླུང་སྒོམ་པའི་རྟེན་འབྲེལ་ཡོད་པ་ཡིན། རས་
ཆུང་པ་མ་སླེབ་བར་དུ་ངའི་རོ་ལ་མ་རེག་པར་ཞོག་མངའ་བདག་མཻ་ཏྲི་པའི་དབུ་ཞྭ་འདི་དང་། ཨ་ག་རུ་ནག་པོའི་འཁར་བ་འདི་ལ། ལྟ་སྒོམ་བཟང་པོས་བསྟན་པ་འཛིན་པའི་རྟེན་འབྲེལ་ཡོད་པས་དབུས་པ་སྟོན་པ་ལ་ཅིས་ཀྱང་འཕྲོད་པར་གྱིས། ཤིང་ཕོར་འདི་ཞི་བ་འོད་ཁྱེར། ཐོད་ཕོར་འདི་ངན་རྫོང་སྟོན་པ་ཁྱེར། མེ་ལྕགས་འདི་སེ་བན་རས་པ་ཁྱེར། རུས་པའི་ཐུར་མ་འདི་འབྲི་སྒོམ་རས་པ་ཁྱེར། གཞན་ཁྲིད་བཏབ་པའི་བུ་སློབ་རྣམས་རས་གོས་འདི་དུམ་བུར་གྱིས་ལ་ཁྱེར། ནོར་ཆེན་པོ་མིན་ཏེ་རྟེན་འབྲེལ་སྣ་རེ་ཡོད་པ་ཡིན། ད་གནད་ཆེ་བའི་ཁ་ཆེམས་ཀུན་ལ་རྒྱུས་མེད་པའི་གྲྭ་བུ་སློབ་ཉ་མ་དང་བཅས་པ་ཀུན་གྱི་སྐལ་བར་འགྱེད་རྒྱུ་ལ། ང་མི་ལ་རས་པས་ཚེ་གང་དུ་བསོགས་པའི་གསེར་ཐམས་ཅད་གཅིག་ཏུ་དྲིལ་ནས་འགྱེད་ལུགས་ཀྱི་ཡི་གེ་དང་བཅས་ཏེ། ཐབ་ཁ་འདིའི་འོག་ན་སྦས་ཡོད་པས། ང་ཤི་བའི་རྗེས་སུ་ལྟོས་ལ་ཡི་གེའི་ནང་བཞིན་གྱིས། ཁྱེད་རྣམས་ཀྱི་ཉམས་ལེན་བྱེད་ལུགས་ལ། ད་ལྟ་ཆོས་པ་བཟང་པོར་རློམ་པའི་མི་བསོད་ནམས་ཅན་འགའ་བསམ་པ་ཚེ་འདིའི་ཆེ་ཐབས་ཁོ་ནས། སྦྱོར་བ་རང་ལ་མི་དགོས་པ་དང་། དགོས་པ་བརྒྱ་བཤིགས་ནས་སྟོང་འགུགས་ཐབས་ཀྱི་སྦྱིན་གཏོང་དང་། ཡེ་ཤེས་སྤྱན་ཅན་རྣམས་ཐུགས་ཁྲེལ་རུང་ཉོན་མོངས་པ་སོ་སྐྱེ་རྣམས་ཀྱིས་ལྐོག་ཏུ་སྤྱད་ནས་ཚེ་འདིའི་རྩི་ཞུས་དོགས་ཀྱི་དགེ་བ་ལ་བརྩོན་བརྩོན་མོ་
མང་ཡང་གཏམ་ལ་གྱོང་མ་ཐོངས་པར་ཟས་བཟང་པོ་བཙན་དུག་དང་བསྲེས་ནས་ཟ་བ་ཡིན་ནོ། །དེས་ན་ཁྱེད་རྣམས་ཚེ་འདིར་སྙན་གྲགས་འདོད་པའི་དུག་ཆུ་མ་འཐུང་བར། ཆོས་སུ་མིང་བཏགས་པའི་འཇིག་རྟེན་འདིའི་ཆེ་ཐབས་སྒྲུབ་པའི་བྱ་བ་སྤྲོས་པ་ཐམས་ཅད་བློས་ཐོངས་ལ་དགེ་སྦྱོར་ལ་འབུངས་ཤིག་གསུངས་པས། རས་པ་རྣམས་ཀྱིས་གཞན་དོན་དུ་འགྱུར་ན་སྤྲོས་པ་ཅུང་ཟད་རེ་བགྱིས་པས་ཆོག་ལགས་སམ་ཞུས་པ་ལ། རྗེ་བཙུན་གྱི་ཞལ་ནས། རང་འདོད་ཀྱི་འཁྲི་བ་ཡེ་མེད་ན་ཆོག་སྟེ། དེ་ཀ་དཀའ་མོ་ཡིན། རང་གི་ཚེ་འདིའི་འདོད་པ་དང་ལྡན་པས། འགྲོ་དོན་བྱེད་པ་དེས་གཞན་དོན་དག་ལྟ་ཅི་སྨོས་ཏེ། རང་དོན་ཡང་མི་འགྲུབ། སྟོབས་མེད་ཆུས་ཁྱེར་བས་ཆུས་ཁྱེར་གཞན་སྒྲོལ་ཟེར་བ་དང་འདྲ་བས། གནས་ལུགས་མ་རྟོགས་ཀྱི་བར་དུ་གཞན་དོན་ལ་མ་རིངས། ལོང་བས་ལོང་བ་ཁྲིད་པ་དང་འདྲ་ཞིང་རང་འདོད་དུ་ཤོར་ཉེན་ཡོད་དོ། །ནམ་མཁའ་མ་ཟད་བར་དུ་སེམས་ཅན་ཟད་པ་མེད་པས། ཉམས་ལེན་ནུས་ན་འགྲོ་དོན་བྱས་པས་ཆོག་པའི་དུས་ཤིག་འོང་གིས། དེ་བར་ཁྱེད་རང་རྣམས་བསམ་པ་བདག་པས་གཞན་གཅེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱིས། སྦྱོར་བ་དམན་པའི་ས་ཟུངས། ཧྲུལ་པོའི་གོས་གྱོན། གྱོང་ལྟོ་གོས་གཏམ་གསུམ་ལ་ཐོངས། ལུས་ལ་བབ་སྐུར། སེམས་
ལ་ཁུར་བཀུར་ལ་ཉམས་སུ་ལོངས་ཤིག་སེམས་ཅན་གྱི་དོན་དེ་ཀ་ཡིན་ནོ། །དེ་ཡང་ཉམས་ལེན་ལམ་དུ་གཏོང་བ་ལ་འདི་ཀུན་ཡིད་ལ་ཟུངས་ཤིག་གསུངས་མགུར་འདི་གསུངས་སོ། །རྗེ་སྒྲ་སྒྱུར་མར་པའི་ཞབས་ལ་འདུད། །ཆོས་མཛད་ཉམས་ལེན་བྱེད་འདོད་རྣམས། །མཚན་ལྡན་བླ་མ་མ་བསྟེན་པའི། །མོས་གུས་བྱས་ཀྱང་བྱིན་རླབས་ཆུང་། །དབང་བསྐུར་ཟབ་མོ་མ་ཞུས་པའི། །རྒྱུད་རྐྱང་ཚིག་གིས་རང་ཉིད་འཆིང་། །རྒྱུད་སྡེ་དཔང་པོར་མ་བཞག་པའི། །ལག་ལེན་ཐམས་ཅད་གོལ་སའི་རྒྱུ། །མན་ངག་ཟབ་མོ་མི་སྒོམ་པའི། །བྱ་བ་བཏང་ཟེར་རང་སྡུག་ཡིན། །ཉོན་མོངས་གཉེན་པོས་མི་ནོན་པའི། །ཁ་བཤད་སྐམ་པོ་སྟོང་སྒྲ་ཡིན། །ཟབ་མོའི་ཐབས་ལམ་མི་ཤེས་པའི། །བརྩོན་འགྲུས་བྱས་ཀྱང་སྙིང་པོ་ཆུང་། །གནད་འགག་ཟབ་མོ་མི་ཤེས་པའི། །སྙིང་རུས་བྱས་ཀྱང་ལམ་ཡུན་རིང་། །བསོད་ནམས་མང་དུ་མ་བསགས་པའི། །རང་དོན་གཅིག་པུ་འཁོར་བའི་རྒྱུ། །བསགས་པ་ཆོས་ལ་མ་བཏང་བའི། །བསྒོམས་ཀྱང་ཡོན་ཏན་སྐྱེ་བ་མེད། །ཆོག་ཤེས་ནང་ནས་མ་སྐྱེས་པའི། །མང་པོ་གསོག་འདོད་མི་ཡི་ནོར། །ནང་གི་བདེ་སྐྱིད་མ་ཤར་བའི། །ཕྱི་ཡི་བདེ་སྐྱིད་སྡུག་བསྔལ་རྒྱུ། །ཆེ་འདོད་འགོང་བོ་མ་ཐུལ་བའི། །གྲགས་འདོད་རང་ཕུང་ཁ་མཆུའི་རྟེན། །ལེགས་འདོད་ཉོན་མོངས་དུག་ལྔ་འཁྲུག །དངོས་འདོད་
བྱམས་པའི་གྲོགས་དང་འབྲལ། །ང་ཆེ་རེ་འཁང་མང་བའི་རྒྱུ། །ཁ་རོག་བཞུགས་དང་ཁ་མཆུ་མེད། །མ་ཡེངས་སྐྱོངས་དང་གཡེང་བ་བྲལ། །གཅིག་པུར་སྡོད་དང་གྲོགས་དང་མཇལ། །དམན་ས་ཟུངས་དང་མཐོ་སར་སླེབ། །ག་ལེ་སྐྱོད་དང་མགྱོགས་པར་སླེབ། །བྱ་བ་བཏང་ན་དོན་ཆེན་འགྲུབ། །ཟབ་ལམ་སྐྱོངས་དང་མྱུར་ལམ་འགྲུབ། །སྟོང་ཉིད་རྟོགས་ན་སྙིང་རྗེ་སྐྱེ། །སྙིང་རྗེ་སྐྱེས་ན་བདག་གཞན་མེད། །བདག་གཞན་མེད་ན་འགྲོ་དོན་འགྲུབ། །འགྲོ་དོན་འགྲུབ་ན་ང་དང་མཇལ། །ང་དང་མཇལ་བས་སངས་རྒྱས་ཐོབ། །བདག་དང་སངས་རྒྱས་བུ་སློབ་གསུམ། །དབྱེར་མེད་གཅིག་ཏུ་གསོལ་བ་ཐོབ། །ཅེས་གསུངས་སོ། །ཡང་རྗེ་བཙུན་གྱི་ཞལ་ནས། ད་ང་ཡུན་རིང་ཨེ་སྡོད་མི་ཤེས་པས། ཁྱེད་རྣམས་ང་ལ་ཉན་ནས་ང་བཞིན་བྱེད་ན་ང་ཕྱིར་འབྲངས་ཤིག་གསུང་མཉམ་བཞག་གི་ངང་དུ་བཞུགས་པ་ལས། དགུང་ལོ་བརྒྱད་ཅུ་རྩ་བཞིར་ཕེབས་པ། ཤིང་མོ་ཡོས་ཀྱི་ལོའི་དགུན་ཟླ་ཐ་ཆུང་། སྐར་མ་སྐག་ལ་བབ་པའི་ཚེས་བཅུ་བཞིའི་ཉི་མ་ལྷག་ཤར་བ་ལ་རྗེ་བཙུན་ཆེན་པོའི་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ། །དེའི་ཚེ་ལྷ་དང་མཁའ་འགྲོ་འདུས་པའི་རྟགས་རྣམས་སྔར་བས་ཀྱང་རྒྱ་ཆེ་ཞིང་ཡ་མཚན་པ། ནམ་མཁའ་དག་པ་ལ་གཟུང་དུ་རུང་བ་ལྟ་བུའི་འཇའི་རི་མོ་མིག་མངས་རིས་སུ་བྲིས་པའི་རེའུ་མིག་
རྣམས་ཀྱི་དབུས། སྣ་ཚོགས་པདྨ་འདབ་བརྒྱད་དང་། ཕྱོགས་མདོག་ཏུ་ཡོད་པའི་འདབ་མ་བཞི་པས་གང་བའི་སྟེང་དུ། བྲིས་པ་དང་བློས་བསླང་བའི་དཀྱིལ་འཁོར་བཟོ་བོ་མཁས་པས་བྱས་པ་བས་ཀྱང་ཡ་མཚན་ཞིང་ངོ་མཚར་བས་གང་བ་དང་། བར་སྣང་ལ་འཇའ་དང་སྤྲིན་ཁ་དོག་ལྔའི་གདུགས་དང་རྒྱལ་མཚན། ཡོལ་བ་དང་བླ་རེ། དར་དཔྱངས་དང་ལྡ་ལྡི། འཕན་དང་བ་དན་ལ་སོགས་ཏེ། མཆོད་རྫས་དཔག་མེད་སྣང་བ་དང་། དབྱིབས་དང་ཁ་དོག་སྣ་ཚོགས་ཀྱི་མེ་ཏོག་གི་ཆར་ཆེན་པོ་འབབ་པ་དང་། རི་མགོ་ཐམས་ཅད་སྤྲིན་ཁ་དོག་ལྔའི་མཆོད་རྟེན་གྱིས་མཛེས་པ་དེ་ཐམས་ཅད་ཀྱི་དབུ་ཆུ་དབར་གྱི་ཕྱོགས་སུ་ཕྱོགས་པ་དང་། ཡིད་འཕྲོག་པའི་རོལ་མོའི་སྒྲ་དབྱངས་ཀྱི་བསྟོད་ཚིག་དང་། སྤོས་ཀྱི་དྲི་བཟང་པོ་མཆོག་ཏུ་གྱུར་པས་ས་སྟེང་ཁྱབ་པ་ཀུན་གྱིས་མཐོང་བ་བྱུང་། ལྷ་དང་མཁའ་འགྲོས་གདན་འདྲེན་མཆོད་རྫས་དུ་མ་ཐོགས་ནས་མཆོད་པ་འབུལ་བ་རྣམས་མི་ཕལ་ཆེར་གྱིས་མཐོང་བ་ལས། མི་རྣམས་ཀྱིས་ལྷའི་ལུས་གཅེར་བུ་སྐྱོན་དུ་མི་མཐོང་བ་དང་། ལྷ་རྣམས་ཀྱིས་མིའི་ལུས་ཀྱི་དྲི་ང་བ་མི་ཚོར་བར། ཕན་ཚུན་གཏམ་སྨྲ་བ་དང་། རྩེད་འཇོ་བྱེད་པ་ལ་སོགས་པའི་ལྟས་ཁྱད་པར་ཅན་རྣམས་པུར་གྱི་བྱ་བ་མ་རྫོགས་ཀྱི་བར་དུ་བྱུང་ངོ་། །དེའི་ཚེ་གཉའ་ནང་གི་ཡོན་བདག་རྣམས་ཀྱིས་རྗེ་བཙུན་སྐུ་ཡལ་བ་ཐོས་ནས། ཆུ་
དབར་དུ་ཕྱིན་ནས་ཐུགས་སྲས་བུ་ཆེན་རྣམས་དང་། བྲིན་པའི་ཡོན་བདག་རྣམས་ལ་པུར་གཉའ་ནང་དུ་གདན་འདྲེན་དགོས་པའི་ལོ་རྒྱུས་བྱས་པས། བྲིན་པ་རྣམས་ཀྱིས་གདན་འདྲེན་དུ་མ་བཅུག་པར་བཞུ་བའི་སྟ་གོན་བྱས་པ་ལ། གཉའ་ནང་པ་རྣམས་ཀྱིས་འོ་ན་ངེད་གཉའ་ནང་གི་ཡོན་བདག་རྣམས་པུར་ཞལ་ལྟ་རུ་འོང་བས་དེ་བར་མ་བཞུ་ཞིག་བྱས་མྱུར་དུ་ལོག་ནས། དམག་དྲངས་འོངས་ཏེ། པུར་ལ་རྩོད་པ་བྱས་པས། བུ་ཆེན་རྣམས་ཀྱིས་གཉའ་བྲིན་གྱི་ཡོན་བདག་ཀུན་རྗེ་བཙུན་ལ་མོས་གུས་ཅན་མཉམ་པོ་ཡིན་ནའང་། སྐུ་ཡལ་ས་ཆུ་དབར་དུ་བྱུང་བས་པུར་གཉའ་ནང་དུ་གདན་འདྲེན་པ་མི་རིགས། གཉའ་ནང་པ་རྣམས་ཀྱང་པུར་བཞུ་སར་སྡོད་ལ། གདུང་སྐལ་མཉམ་པོར་ཁྱེར་སོང་བྱས་འཆམ་པ་བཏང་བས། གཉའ་ནང་པ་རྣམས་དམག་དཔུང་ཆེ་བའི་སྙེམས་ཀྱིས་འཐབ་རྩོད་བྱེད་གྲབས་བྱས་པས། ནམ་མཁའ་འཇའ་འོད་ཀྱི་དབུས་སུ་ལྷའི་བུ། རྗེ་བཙུན་གྱི་གསུང་འདྲ་བ་ཞིག་བྱུང་བས། དབྱངས་འདི་སྐད་དོ། །ཀྱེ་ཀྱེ་འདིར་ཚོགས་ཐུགས་སྲས་དང་། །ཡོན་བདག་པུར་ལ་རྩོད་པ་རྣམས། །ང་ཡིས་ཞལ་ལྕེ་བཅད་ཀྱིས་ཉོན། །ང་རྗེ་བཙུན་སློབ་མ་ལྷ་ཡི་བུ། །ཞལ་ལྕེས་འཐབ་རྩོད་སྡུམ་མཁན་ཡིན། །སྐྱེས་མཆོག་མི་ལ་རས་པ་དེའི། །ཐུགས་ནི་སྐྱེ་མེད་ཆོས་
སྐུར་ཐིམ། །ཐུགས་ལས་གཞན་པའི་སྐུ་མེད་པས། །གཟུགས་སྐུ་ཆོས་སྐུར་ཐིམ་པའི་ཚེ། །དངོས་པོའི་སྐུ་གདུང་མི་འབྱུང་ན། །པུར་ལ་རྩོད་པ་རྨོངས་པ་ཡིན། །རྨོངས་པའི་སྐྱེས་བུ་ཐམས་ཅད་ནི། །མི་ལ་རས་པའི་གདུང་ལ་རྩོད། །རྩོད་པས་ཐོབ་པར་མི་འགྱུར་བས། །མོས་གུས་གྱིས་ལ་གསོལ་བ་ཐོབ། །གསོལ་བ་སྙིང་ནས་བཏབ་པ་ན། །ཆོས་སྐུ་སྐྱེ་བ་མེད་གྱུར་ཀྱང་། །སྨོན་ལམ་ཐུགས་རྗེས་འགག་མེད་འཆར། །རང་རང་སྐལ་བ་དང་མཐུན་པའི། །སྤྲུལ་སྐུའི་གདུང་སྐལ་ཐོབ་པར་འགྱུར། །ཟེར་ནས་འཇལ་ཡལ་བ་ལྟར་སོང་ངོ་། །དེ་ནས་ཉ་མ་རྣམས་ཀྱང་རྗེ་བཙུན་དང་མཇལ་སྙམ་པའི་དགའ་སྤྲོ་བྱུང་སྟེ། འཐབ་རྩོད་བོར་ནས་གསོལ་བ་བཏབ་པས། བུ་ཆེན་རྣམས་དང་བྲིན་པ་རྣམས་ལ་པུར་ཤོར་བའི་འདུ་ཤེས་མེད་པའི་ངང་ནས། གཉའ་ནང་པ་རྣམས་ལ་པུར་ཐོབ་པའི་འདུ་ཤེས་དང་། གདན་དྲངས་འོང་རྒྱུ་ཞིག་བྱུང་བ། ལ་ཕྱིའི་བདུད་འདུལ་ཕུག་མོ་ཆེའི་ཁྱུང་གི་སྒོ་ངའི་སྟེང་དུ་བཞུས་པས། འཇའ་འོད་ཀྱི་གུར། མེ་ཏོག་གི་ཆར། དྲི་བཟང་དང་རོལ་མོའི་སྒྲ་ལ་སོགས་པའི་ལྟས་རྣམས་ཆུ་དབར་དང་ཁྱད་མེད་དུ་བྱུང་ངོ་། །ཆུ་དབར་གྱི་པུར་དེ་ལ། ཐུགས་སྲས་རྣམས་དང་ཉ་མ་རྣམས་ཀྱིས་གསོལ་བ་བཏབ་སྟེ། ཞག་དྲུག་སོང་བ་དང་བལྟས་པས། ལྷ་སྐུའི་རྣམ་པ་ལྟ་བུ་འོད་ཡལ་ལེ་བ་ལོ་བརྒྱད་
ལོན་པའི་ཁྱེའུ་ཙམ་ཞིག་ཏུ་གྱུར་པ་ལས། ཐུགས་སྲས་བུ་ཆེན་རྣམས་ཀྱིས་བཀའ་བགྲོས་ཏེ། རྗེ་བཙུན་རས་ཆུང་པ་མི་འབྱོན་པ་ཡིན། ད་པུར་ཞག་ཡུན་རིང་ན་རང་རེ་ཚོ་ལ་མཆོད་པ་འབུལ་བ་དང་གསོལ་བ་འདེབས་པའི་རྟེན་ཡེ་མ་ལུས་པའི་ཉེན་འདུག་པས། བཞུ་བ་ལེགས་པ་འདུག་ཅེས་ཞལ་འཆམ་ནས། ཀུན་ལ་པུར་ཞལ་བསྟན་ནས། འབྲི་ལྕེ་ཕུག་གི་མདོ་ན་ཆོས་ཁྲིའི་བྲག་ཅིག་ཡོད་པ་དེའི་སྟེང་དུ་པུར་ཁང་བརྩིགས་པའི་ནང་དུ་པུར་གདན་དྲངས། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས། ལྷ་རྫས་ཀྱི་མཆོད་པས་ཟིལ་གྱིས་མནན་རུང་། མི་རང་གི་ལུགས་ཀྱི་མཆོད་པ་བཟང་པོ་བཤམས་ནས། ནམ་སྨད་པུར་མཆོད་འབུལ་བར་བརྩམས་ཏེ། པུར་ལ་མེ་མཆོད་ཕུལ་བས་མེ་བཞེས་སུ་མ་འདོད་དོ། །དེའི་ཚེ་ནམ་མཁར་ཡང་འཇའ་འོད་སྤྲིན་གྱི་ གུར་ཁང ་གི་ནང་ནས། ཡེ་ཤེས་མཁའ་འགྲོ་སྡེ་ལྔས་མགྲིན་གཅིག་ཏུ་བསྡེབས་ནས་དབྱངས་འདི་སྐད་དོ། །རཾ་ཡེ་ཤེས་གཏུམ་མོ་ལྷ་ཡི་མེ། །སྐྱེས་བུས་རྟག་ཏུ་བསྒོམས་བསྒོམས་པས། །ལས་ཀྱི་མེ་ཡིས་ཅི་ཞིག་བྱ། །མཚན་ལ་ལུས་ཀྱི་ཕུང་པོ་དེ། །སྔ་ནས་ལྷ་སྐུར་བསྒོམས་བསྒོམས་པས། །དེ་རིང་ཕུང་པོ་ཅི་ལ་ལྡུས། །མཛེས་པ་ལྷ་ཡི་དཀྱིལ་འཁོར་དེ། །རྣལ་འབྱོར་ལུས་ལ་རྫོགས་པ་ལ། །ས་ཡི་རི་མོས་ཅི་ཞིག་བྱ། །རླུང་སེམས་དབྱེར་མེད་མར་མེ་དེ། །
རྒྱུན་ཆད་མེད་པར་འབར་བ་ལ། །སེར་སྣའི་ཀོང་བུས་ཅི་ཞིག་བྱ། །བདུད་རྩི་ལྔ་ཡི་ཞལ་ཟས་དེ། །རྒྱུན་ཆད་མེད་པར་གསོལ་བ་ལ། །ཟན་གྱི་བཤོས་བུ་སུ་ལ་འདྲེན། །ཚུལ་ཁྲིམས་གཙང་མའི་གོས་གྱོན་པས། །སྒྲིབ་གཉིས་བག་ཆགས་དག་པ་ལ། །དེ་རིང་ཁྲུས་བུམ་སུ་ལ་འཆའ། །དུད་པའི་སྤྲིན་ཚོགས་སྤོས་དྲིས་གང་། །བར་སྣང་མཆོད་པའི་དཀྱིལ་འཁོར་རྒྱས། །དེ་རིང་བདུག་སྤོས་བྱེད་རྒྱུ་མེད། །མཁའ་འགྲོ་སྡེ་བཞིས་མཆོད་དབྱངས་མཛད། །ཡེ་ཤེས་ཌཱ་ཀིས་མཆོད་པ་འབུལ། །དེ་རིང་ཆོ་ག་ཇི་ལྟར་བརྗོད། །རིག་འཛིན་ཀུན་གྱི་འཁོར་གྱིས་བསྐོར། །དཔའ་བོ་ཡོངས་ཀྱིས་ཞབས་ཏོག་བྱེད། །དེ་རིང་པུར་ལ་རེག་དོན་མེད། །དེ་ཉིད་རྟོགས་པའི་སྐྱེས་བུའི་པུར། །བཅས་བཅོས་མི་དགོས་བཞག་པས་ཆོག །ལྷ་མི་ཀུན་གྱི་མཆོད་རྟེན་ལ། །བདག་པོ་མི་དགོས་དགེ་སྦྱོར་མཛོད། །ལྷ་དང་བླ་མའི་དམ་ཚིག་ལ། ཁ་ཏ་མི་དགོས་ཐུགས་དམ་སྐྱོངས། །རིན་ཆེན་གཏེར་གྱི་ཕུང་པོ་ལ། །ང་བདག་མ་བྱེད་མཉམ་པར་ཞོག །བླ་མ་སངས་རྒྱས་གསང་ཚིག་ལ། །བཤད་འདོད་མ་མང་སྨྲ་གཅད་མཛོད། །གདམས་ངག་མཁའ་འགྲོའི་ཁ་རླངས་ལ། །གྲིབ་ཀྱིས་འཕོག་གིས་སྐུ་མཚམས་སྡོམས། །རྩེ་གཅིག་སྒྲུབ་པའི་རྣམ་ཐར་ལ། །འགལ་རྐྱེན་མང་བས་གསང་སྒྲུབ་མཛོད། །ཡ་མཚན་ཕ་ཡི་ཕམ་འབབས་ལ། །དངོས་གྲུབ་འབྱུང་བས་ཐེ་ཚོམ་ཆོད། །བླ་
མ་རྗེ་བཙུན་རྣམ་ཐར་ལ། །སྙན་པ་ཁྱེད་ཀྱིས་བསྒྲག་མི་དགོས། །ཡེ་ཤེས་མཁའ་འགྲོའི་གླུ་དབྱངས་ལ། །བྱིན་རླབས་འབྱུང་ངོ་མོས་གུས་སྐྱེད། །མི་ལ་རས་པའི་བུ་རྒྱུད་ལ། །གྲུབ་ཐོབ་མང་ངོ་སྐལ་ལྡན་ཀུན། །ཡུལ་ཕྱོགས་འདི་ཡི་མི་ཕྱུགས་ལ། །ནད་ཡམས་མེད་དོ་ལྷ་མི་རྣམས། །དེ་རིང་འདིར་ཚོགས་སེམས་ཅན་ལ། །ངན་སོང་མེད་དོ་སྐྱེས་བུ་ཀུན། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་ལ། །སྣང་སེམས་གཅིག་གོ་གཉིས་འཛིན་ཤིགས། །རྗེ་བཙུན་འདའ་ཀའི་ཞལ་ཆེམས་ལ། །དགོས་པ་ཆེའོ་བཀའ་བཞིན་སྒྲུབས། །བདེ་ཞིང་སྐྱིད་པའི་ལྷ་ཆོས་ལ། །ཀུན་ཀྱང་རྟག་ཏུ་སྤྱོད་པར་ཤོག །ཅེས་གསུངས་བྱུང་བས། ངན་རྫོང་སྟོན་པ་ན་རེ། རྗེ་བཙུན་གྱི་ཞལ་ནས། རས་ཆུང་པ་མ་སླེབས་བར་དུ་པུར་ལ་མ་རེག་གསུང་བ་དེ་དང་། མཁའ་འགྲོའི་དབྱངས་དེ་མཐུན་པར་འདུག་སྟེ། རས་ཆུང་པ་ཨེ་འབྱོན་མི་ཤེས་པས་པུར་བཞག་རུང་དངོས་མེད་ལ་འགྲོ་བར་འདུག་ཟེར། རས་པ་ཞི་བ་འོད་ན་རེ། རྗེ་བཙུན་དང་མཁའ་འགྲོའི་གསུང་པུར་མེ་མཆོད་མི་བཞེས་ལུགས་ཀྱིས་རྗེ་བཙུན་རས་ཆུང་པ་མྱུར་དུ་ཕེབས་འབྱོན་ཐག་ཆོད། དེ་བར་རང་རེ་རྣམས་གསོལ་བ་ཐོབ་ཟེར་བ་ལྟར་གསོལ་བ་བཏབ་བོ། །དེའི་ཚེ་རས་ཆུང་པ་ལོ་རོ་དོལ་གྱི་དགོན་པ་ན་བཞུགས་པའི་ནམ་ཕྱེད་ཡོལ་གྱི་མནལ་དང་འོད་གསལ་འདྲེས་པའི་ཉམས་ལ་ཆུ་དབར་ན་ཤེལ་གྱི་མཆོད་
རྟེན་འོད་ཀྱིས་ནམ་མཁའ་གང་བ་ཞིག་མཁའ་འགྲོ་རྣམས་ཀྱིས་བཏེགས་ནས་ཞིང་ཁམས་གཞན་དུ་གདན་དྲངས་འགྲོ་གྲབས་སུ་འདུག་པ་དེ་ལ། མཆེད་གྲོགས་རྡོ་རྗེ་སྤུན་རྣམས་དང་། རྗེ་བཙུན་གྱི་ཡོན་བདག་རྣམས་ཀྱིས་གཙོ་བྱས་པའི་མི་ས་གཞི་གང་བ་དང་། ལྷ་དང་མཁའ་འགྲོ་ནམ་མཁའ་གང་བས་དབྱངས་ལེན་ཞིང་། མཆོད་པ་བསམ་གྱིས་མི་ཁྱབ་པ་འབུལ་ཞིང་འདུག་པ་ལ། རས་ཆུང་པས་ཀྱང་མཆོད་རྟེན་དེ་ལ་ཕྱག་ཕུལ་བས། མཆོད་རྟེན་གྱི་ནང་ནས་རྗེ་བཙུན་དབུ་སྙེང་བྱུང་སྟེ། བུ་རས་ཆུང་པ་ཁྱོད་ཤོག་བྱས་པའི་དུས་ལ་མ་སླེབས་རུང་། ཕ་བུ་ཕྲད་པ་འདི་སེམས་སྤྲོ། ད་རང་རེ་ཕ་བུ་གཉིས་ཡང་ཡང་ཨེ་འཕྲད་མི་ཤེས་པས་དཀོན་པའི་འདུ་ཤེས་སྐྱེད་ལ་གླེང་མོ་གྱིས་ཤིག་གསུངས། ཕྱག་རས་ཆུང་པའི་དབུ་ལ་ཞུལ་ཞུལ་དང་མཉེས་མཉེས་མཛད་པ་ལ། ཤིན་ཏུ་དཀོན་པའི་འདུ་ཤེས་ཀྱིས་སྔར་མ་སྐྱེས་པའི་དད་པ་སྐྱེས་པ་ཞིག་ཤར་རོ། །དེ་ནས་མནལ་སད་པ་དང་། སྔར་གྱི་གསུང་རྣམས་རྗེས་སུ་དྲན་ནས། བླ་མ་གྲོངས་ཡོད་པ་ནི་མིན་ནམ་སྙམ་པ་དང་། བཟོད་གླགས་མེད་པའི་མོས་གུས་ཀྱི་ངང་ནས་གསོལ་བ་བཏབ་སྟེ། དུས་ལ་མ་སླེབས་རུང་མྱུར་དུ་མཇལ་བ་ལ་འགྲོ་དགོས་སྙམ་ཡོད་པའི་ཚེ། ནམ་མཁར་བུད་མེད་གཉིས་བྱུང་སྟེ། རས་ཆུང་པ་མྱུར་དུ་བླ་མ་དང་མཇལ་དུ་མ་ཕྱིན་ན། བླ་མ་དག་པ་མཁའ་སྤྱོད་དུ་གཤེགས་ནས་ཚེ་འདིར་མི་
མཇལ་བར་འདུག་གོ །ད་ལྟ་རང་སོངས་ཤིག་ཟེར་བ་དང་། ནམ་མཁའ་འཇའ་འོད་ཀྱིས་གང་བ་དང་རྨི་ལྟས་དེས་བསྐུལ་ནས་བླ་མ་དྲན་དུ་རང་སོང་སྟེ། ད་ལྟ་རང་འགྲོ་སྙམ་བཞེངས་ཏེ་བྱོན་པས། ལོ་རོ་དོལ་གྱི་བྱ་སྐད་རྣམས་ཨོ་ཆོ་དི་རེ་བ་ལ་འདུག་རས་ཆུང་པས་ཀྱང་མོས་གུས་བླ་མའི་རྣལ་འབྱོར་གྱི་ངང་ནས། རླུང་དཔག་ཆེན་གྱིས་མདའ་འཕངས་པ་འདྲ་བ་ཞིག་བཟུང་སྟེ་བླ་མ་དང་མཇལ་དུ་བྱོན་པས། བོང་འགྲོས་པའི་ཟླ་ལམ་གཉིས་ཀྱི་ས་སྔ་དྲོ་གཅིག་ལ་ཆོད་དེ། དིང་རི་དང་བྲིན་གྱི་སོ་མཚམས་སྤོ་ཟེ་ལའི་རྩེ་མོར་ཉི་མ་རྩེ་ཤར་ལ་ཕེབས། དེར་ཅུང་ཟད་ཅིག་བཞུགས་པས། ནམ་མཁའ་དང་བར་སྣང་རི་མགོ་དང་ས་གཞི་ཐམས་ཅད་ལྟས་བཟང་པོས་གང་བའི་གཟིགས་མོ་མཐའ་ཡས་པ་དེས་ཐུགས་སྤྲོ་བ་དང་སྐྱོ་བ་གཉིས་ཀ་བྱུང་། ཁྱད་པར་ཇོ་བོ་ར་བཟངས་ཀྱི་རྩེ་ན་འཇའ་འོད་སྤྲིན་གྱི་ གུར་ཁང ་ལ་བརྟེན་པའི་ལྷའི་བུ་དང་བུ་མོ་དཔག་ཏུ་མེད་པ་འདོད་ཡོན་ལྔའི་མཆོད་རྫས་དཔག་ཏུ་མེད་པ་ཐོགས་པ་དེ་རྣམས་ཆུ་དབར་གྱི་ཕྱོགས་ལ་གུས་གུས་ཀྱིས་ཕྱག་འཚལ་བ་དང་མཆོད་པ་འབུལ་ཞིང་སྨོན་ལམ་འདེབས་པ་དེ་དག་མཐོང་ནས། རྗེ་བཙུན་རས་ཆུང་པ་ཐེ་ཚོམ་ཟོས་ཏེ། ལྷ་རྣམས་ལ་ལྟས་བཟང་པོ་འདི་ལྟ་བུ་དང་། ཁྱད་པར་ཁྱེད་རྣམས་ཀྱི་མཆོད་པ་འདི་སུ་ལ་འབུལ་བ་ཡིན་གསུངས་པས། དེའི་ནང་ནས་ལྷ་མོ་འགའ་
ཞིག་ན་རེ༑ སྐྱེས་བུ་ཁྱོད་ཀྱིས་མིག་དང་རྣ་བ་བཀག་ནས་བསྡད་པ་ཡིན་ནམ། ལྟས་འདི་དག་ས་སྟེང་ན་ལྷ་མི་ཀུན་གྱི་མཆོད་གནས་དམ་པར་གྱུར་པ་མི་ལ་བཞད་པ་རྡོ་རྗེ་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་སུ་འབྱོན་པ་ལ་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་མཆོད་པ་འབུལ་བ་ཡིན། མི་རྣམས་ཀྱང་ཆུ་དབར་ན་ཚོགས་ནས་མཆོད་པ་འབུལ་ཞིང་ཡོད་ཟེར་བ་ཐོས་ནས་ཐུགས་ཐོན་འགྲོ་བ་ལྟ་བུ་ཞིག་བྱུང་སྟེ། མྱུར་དུ་བྱོན་པས། ཆུ་དབར་གྱི་ཉེ་འཁོར་གྱི་ལམ་ཁ་ན་ཕ་བོང་མཆོད་རྟེན་གྱི་ཞབས་འདྲ་བ་ཞིག་ཡོད་པ་དེའི་སྟེང་ན་རྗེ་བཙུན་ཕེབས་འདུག་སྟེ། ངའི་བུ་རས་ཆུང་པ་འོངས་པ་ཡིན་ནམ་གསུང་རྨི་ལམ་ལྟར་མཉེས་མཉེས་མཛད་ཅིང་འདུག་པ་ལ། རྗེ་བཙུན་སྐུ་ཡལ་བ་མི་བདེན་པར་འདུག་སྙམ་དགའ་སྤྲོ་དཔག་ཏུ་མེད་པ་ཞིག་བྱུང་སྟེ་ཞབས་སྤྱི་བོར་བླངས། གསོལ་བ་བཏབ་པས་གང་ཞུས་ཀྱི་ལན་ཐམས་ཅད་གནང་བར་མཛད་དོ། །དེ་ནས་རྗེ་བཙུན་གྱི་ཞལ་ནས། བུ་རས་ཆུང་པ་རང་ཕྱི་ནས་ཤོག་ཅིག་ངས་ཁྱོད་ཀྱི་སྣ་ལེན་གྲབས་བྱེད་འོང་གིས་གསུང་། སྔོན་ལ་ཕེབས་སོང་བ་སྐད་ཅིག་ལ་མི་སྣང་བར་གྱུར་ཏོ། །དེར་རས་ཆུང་པ་ལམ་ལ་ཞུགས་ཏེ་ཆུ་དབར་དུ་བྱོན་པས། རྗེ་བཙུན་གྱི་གཟིམས་ཕུག་ན་གྲྭ་པ་བུ་སློབ་ཉ་མ་དང་བཅས་པ་རྣམས་ཚོགས་ཏེ་མྱ་ངན་གྱི་ངང་ནས་པུར་ལ་མཆོད་པ་འབུལ་བ་དང་ཐུག་བྱུང་བ། རས་ཆུང་པ་རྒྱུས་མེད་པའི་རས་པ་གཞོན་པ་འགས་རས་ཆུང་པ་
བཟུང་ནས་པུར་གྱི་དྲུང་དུ་མ་བཏང་བ་ལས་ཐུགས་ཤིན་ཏུ་སྐྱོ་བ་ཞིག་བྱུང་ནས། བླ་མ་ལ་སྨྲེ་སྔགས་ཀྱི་གདུང་དབྱངས་ཀྱིས་ཡན་ལག་བདུན་པ་འདི་ཕུལ་ལོ། །རྗེ་དུས་གསུམ་སངས་རྒྱས་འགྲོ་བའི་མགོན། །ཐུགས་མཁྱེན་བརྩེ་ཆེན་པོའི་ངང་ཉིད་ནས། །འབངས་སྐལ་མེད་རས་ཆུང་རྡོར་གྲགས་ངའི། །ཉམ་ཐག་པའི་སྨྲེ་སྔགས་གསན་ལགས་སམ། །འོ་དོད་གདུང་དབྱངས་ཐལ་ལོ་བླ་མ་རྗེ། །ཕ་མཇལ་བར་འདོད་ནས་ཞབས་དྲུང་བསྙེགས། །བུ་བསོད་ནམས་མེད་པས་ཞལ་མ་མཐོང་། །ཕ་ཐུགས་རྗེས་གཟིགས་ཤིག་བཀའ་དྲིན་ཅན། །མཁྱེན་བརྩེ་ནུས་པ་ཀུན་ལྡན་པའི། །རྗེ་དུས་གསུམ་སངས་རྒྱས་ཁྱོད་ཉིད་ལ༑ །སྤྲང་སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད། །བཀའ་བཞིན་སྒྲུབ་པའི་མཆོད་པ་འབུལ། །མི་དགེ་ལོག་ལྟའི་སྡིག་པ་བཤགས། །མཛད་མཆོག་རྣམས་ལ་རྗེས་ཡི་རང་། །ཟབ་དོན་ཆོས་འཁོར་སྐོར་བཞིན་དུ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །སྒོམ་སྒྲུབ་ལ་སོགས་དགེ་རྩ་རྣམས། །རྗེ་བཙུན་ཐུགས་དགོངས་རྫོགས་ཕྱིར་བསྔོ། །བསྔོ་བ་གྲུབ་ན་སྐལ་དམན་ངས། །རྗེ་བཙུན་པུར་ཞལ་མཐོང་བར་ཤོག །དང་པོ་བླ་མའི་ཐུགས་ཟིན་ང་། །ད་ལྟ་པུར་ལ་མཇལ་དབང་མེད། །དངོས་སུ་མཇལ་བའི་སྐལ་མེད་ཀྱང་། །པུར་ཞལ་མངོན་སུམ་མཐོང་བར་ཤོག །པུར་ཞལ་མངོན་སུམ་མཐོང་ནས་ཀྱང་། །དངོས་
སམ་ཉམས་ཀྱི་སྣང་བ་ལ། །རིམ་གཉིས་ཉམས་སུ་ལེན་པའི་ཚེ༑ །གེགས་སེལ་གཅེས་པའི་གདམས་ངག་ཞུ། །ཞུ་དོན་གསོལ་བ་བཏབ་པ་བཞིན། །བུ་ལ་བརྩེ་བས་མི་སྐྱོང་ན། །ཕ་ཡི་མཁྱེན་བརྩེས་སུ་ལ་སྐྱོང་། །ཕ་ཐུགས་རྗེའི་ལྕགས་ཀྱུས་མ་བཏང་བར། །མི་མངོན་དབྱིངས་ནས་ཐུགས་རྗེས་གཟིགས། །འབངས་བློ་གྲོས་རྨོངས་པའི་རས་ཆུང་ལ། །རྗེ་དུས་གསུམ་མཁྱེན་པའི་ཐུགས་རྗེས་གཟིགས། །བུ་དུག་ལྔས་གཟིར་བའི་རས་ཆུང་ལ། །ཕ་ཡེ་ཤེས་ལྔ་ལྡན་ཁྱེད་ཀྱིས་གཟིགས། །སྤྱིར་སེམས་ཅན་ཡོངས་ལ་ཐུགས་རྗེས་གཟིགས། །སྒོས་རས་ཆུང་བདག་ལ་ཐུགས་རྗེས་གཟིགས། །ཞེས་པའི་སྨྲེ་སྔགས་ཀྱི་མགུར་དེ་ཕུལ་བས། རས་ཆུང་པའི་གསུང་ལྷང་བྱུང་མ་ཐག་པུར་གྱི་ཞལ་རས་མདངས་ཡལ་འོང་བ་དང་པུར་ལ་མེ་རང་འབར་དུ་འོང་བ་དུས་མཉམ་དུ་བྱུང་ངོ་། །དེར་རས་ཆུང་པའི་གསུང་ཐོས་མ་ཐག་རས་པ་ཞི་བ་འོད་དང་། ངན་རྫོང་སྟོན་པ། སེ་བན་རས་པ་ལ་སོགས་ཏེ་རྡོ་རྗེའི་སྤུན་རྣམས་དང་། ཉ་མ་རྣམས་བསུ་རུ་བྱོན་རུང་། ཞལ་མི་མཚོན་པའི་རས་ཆུང་རྣམས་ཀྱིས་པུར་གྱི་དྲུང་དུ་མ་བཏང་བས་ཐུགས་ཡུས་ཏེ། དབྱངས་མ་རྫོགས་ཀྱི་བར་དུ་འབྱོན་མ་ཉན། རས་ཆུང་པའི་མོས་གུས་ཆེན་པོའི་གདུང་དབྱངས་དེས་རྗེ་བཙུན་ཆེན་པོ་འོད་གསལ་དུ་ཐིམ་ཚར་ཚར་བ་སླར་ཡང་བཞེངས་ཏེ་གསུང་བྱོན་པ་ནི། རས་པ་གཞོན་པ་རྣམས་ལ།
ཁོ་རེ་ཚོ་སྔར་གྱི་དེ་སྐད་མ་བྱེད་དང་། འབག་བརྒྱ་བས་སེང་གེ་གཅིག་དགའ་བ་དེ་རས་ཆུང་པ་ཡིན་པས་ཡར་ཐོངས་ཤིག་གསུངས། རས་ཆུང་པ་ལ། བུ་རས་ཆུང་ཡང་དེ་ཙམ་ཡི་ཆད་མི་དགོས། ཡུས་ཀྱིས་མ་བརྣང་བར་ཕའི་གམ་དུ་ཤོག་ཅིག་གསུངས་པའི་ཚེ། ཀུན་ཡ་མཚན་ཞིང་ཧ་ལས་པ་ལྟར་དགའ་བར་གྱུར་ཏོ། །དེ་ནས་རས་ཆུང་པས་རྗེ་བཙུན་ལ་འཆངས་ནས་མང་དུ་བཤུམས་ཤིང་ཐུགས་འོད་གསལ་དུ་ཐིམ་པ་དྲན་སོས་པ་དང་། གྲྭ་པ་བུ་སློབ་ཀུན་པུར་ཁང་གི་མདུན་ན་ཕར་བསྒྲིགས་ཏེ་བཞུགས་པ་ལ༑ རྗེ་བཙུན་གྱིས་སྙུན་བྲལ་ཟུང་འཇུག་རྡོ་རྗེའི་སྐུར་བཞེངས་ནས་མེ་ལྕེ་རྣམས་ཕྱག་གིས་མནན་པས། པད་མ་འདབ་བརྒྱད་ལྟ་བུའི་དབུས་ན། སྐུ་ཟེའུ་འབྲུ་ལྟ་བུའི་ཞབས་ཕྱེད་ཀྲུང་ལོ་གེ་བ་དང་། ཕྱག་གཡས་བརྐྱངས་པའི་ཆོས་འཆད་ཀྱིས་མེ་ལྕེ་མནན་ཞིང་གཡོན་ཞལ་འགྲམ་སྐྱོར་བའི་ངང་ནས། བུ་སློབ་རྣམས་ལ་རས་ཆུང་པའི་གླུ་ལན། མི་རྒན་ངའི་ཐ་ཚིག་འདི་ཉོན་ཅིག་གསུངས། པུར་ཁང་ནང་ནས་རྡོ་རྗེ་གླུའི་མགུར་ནས་བྱུང་བའི་གསུང་གི་ཐ་མ་སྙིང་པོ་གནད་དྲུག་གི་མགུར་འདི་གསུངས་སོ། །བུ་སྙིང་དང་འདྲ་བའི་རས་ཆུང་པ། །ཁ་ཆེམས་གདམས་ངག་གླུ་འདི་ཉོན། །ཁམས་གསུམ་འཁོར་བའི་རྒྱ་མཚོ་ན༑ །སྒྱུ་ལུས་ཀྱི་ཕུང་པོ་སྡིག་པོ་ཆེ། །ལྟོ་གོས་ཀྱི་ཞེན་པ་བསྒྲུབས་བསྒྲུབས་ནས། །འཇིག་རྟེན་
བྱ་བ་ཐོངས་དུས་མེད། །འཇིག་རྟེན་བྱ་བ་ཐོངས་ཤིག་རས་ཆུང་པ། །སྒྱུ་མ་ལུས་ཀྱི་གྲོང་ཁྱེར་ན། །རང་སེམས་དངོས་མེད་སྡིག་པོ་ཆེ༑ །ལུས་ཤ་ཁྲག་གི་རྗེས་སུ་འབྲངས་འབྲངས་ནས། །ཆོས་ཉིད་དོན་ལ་རྟོགས་དུས་མེད། །སེམས་ཉིད་བརྡར་ཤ་ཆོད་ཅིག་རས་ཆུང་པ། །བེམ་རིག་གཉིས་ཀྱི་སོ་མཚམས་ན༑ །རང་བྱུང་ཡེ་ཤེས་སྡིག་པོ་ཆེ། །གློ་བུར་གྱི་རྐྱེན་ཁ་འགྲིམས་འགྲིམས་ནས། །སྐྱེ་མེད་ཀྱི་དོན་ལ་རྟོགས་དུས་མེད། །སྐྱེ་མེད་བཙན་ས་ཟུངས་ཤིག་རས་ཆུང་པ། །ཚེ་འདི་ཕྱི་གཉིས་ཀྱི་སོ་མཚམས་ན། །བར་དོའི་རྣམ་ཤེས་སྡིག་པོ་ཆེ། །ལུས་མེད་ལུས་དང་འགྲོགས་འགྲོགས་ནས། །གནས་ལུགས་དོན་ལ་རྟོགས་དུས་མེད། །གནས་ལུགས་གཏན་ལ་ཕོབ་ཅིག་རས་ཆུང་པ། །རིགས་དྲུག་འཁྲུལ་བའི་གྲོང་ཁྱེར་ན། །ལས་ངན་སྡིག་སྒྲིབ་ཚན་པོ་ཆེ༑ །ཆགས་སྡང་རྗེས་སུ་འབྲངས་འབྲངས་ནས། །མཉམ་པ་ཉིད་ལ་རྟོགས་དུས་མེད། །ཆགས་སྡང་སྤོངས་ཤིག་རས་ཆུང་པ། །མི་མངོན་ནམ་མཁའི་དབྱིངས་ཤིག་ན། །རྫོགས་པའི་སངས་རྒྱས་ཞལ་རྫུན་མཁན། །དྲང་དོན་གྱི་བསླུ་བྲིད་གསུངས་གསུངས་ནས། །ངེས་པའི་དོན་ལ་རྟོགས་དུས་མེད། །ཐ་སྙད་སྤོངས་ཤིག་རས་ཆུང་པ། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །གཅིག་ཏུ་དྲིལ་ལ་གསོལ་བ་ཐོབ། །ལྟ་བ་སྒོམ་པ་སྤྱོད་པ་གསུམ། །གཅིག་ཏུ་དྲིལ་ལ་
ཉམས་སུ་ལོངས། །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །གཅིག་ཏུ་དྲིལ་ལ་འདྲིས་སུ་ཆུག །དེ་གདམས་ངག་ཀུན་གྱི་ཐ་མ་ཡིན། ཁ་ཆེམས་ཀུན་གྱི་མཇུག་མ་ཡིན། །དོན་དེ་ལས་མེད་དོ་རས་ཆུང་པ། །དེ་ཉམས་སུ་ལོངས་ཤིག་ཕ་ཡི་བུ། །ཞེས་གསུངས་ནས། ཡང་འོད་གསལ་དུ་ཐིམ་མོ། །ཐིམ་མ་ཐག་པུར་ཁང་འཇའ་འོད་ལས་གྲུབ་པའི་གཞལ་ཡས་ ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པའི་སྟེང་དུ་འཇའ་འོད་ཀྱི་གུར ་དང་བླ་བྲེ༑ པུ་ཤུའི་རྩེ་མོར་གདུགས་དང་རྒྱལ་མཚན་ལ་སོགས་པ་མཆོད་རྫས་དཔག་མེད་ཀྱིས་གང་བ་ཞིག་ཏུ་གྱུར་པ་དང་། མེ་ལྕེ་ཡང་རྩ་བ་ཐམས་ཅད་པད་མ་འདབ་བརྒྱད་ལ། རྩེ་མོ་བཀྲ་ཤིས་རྟགས་བརྒྱད་དང་། རིན་ཆེན་སྣ་བདུན་ལ་སོགས་པའི་མཆོད་རྫས་སུ་འབར་བ། མེ་སྟག་ཐམས་ཅད་མཆོད་རྫས་དུ་མ་ཐོགས་པའི་ལྷ་མོ་མང་པོ་འཕྲོ་ཞིང་། མཆོད་པ་འབུལ་བ་དང་མེ་འབར་བའི་སྒྲ་ཐམས་ཅད་པི་ཝང་གླིང་བུ་དུང་དང་ཌཱ་མ་རུ་ལ་སོགས་པའི་རོལ་མོའི་སྒྲ་སྙན་སྣ་ཚོགས་སུ་འབྱུང་བ་དང་། དུད་པ་རྣམས་ལ་དྲི་བཟང་འབྱུང་ཞིང་། འཇའི་གདུགས་རྒྱལ་མཚན་ལ་སོགས་པའི་མཆོད་སྤྲིན་སྣ་ཚོགས་སུ་འཁྲིགས་པར་གྱུར་ཏོ། །དེའི་ཚེ་པུར་ཁང་སྟེང་གི་ནམ་མཁའ་ལ་ལྷའི་བུ་དང་བུ་མོ་བུམ་པ་ཐོགས་པས་བདུད་རྩིའི་ཆར་རྒྱུན་དང་། འདོད་ཡོན་ལྔའི་མཆོད་པས་
ལྷ་མིའི་མཆོད་འོས་ཀུན་ཚིམ་པར་བྱས་སོ། །དེའི་ཚེ་གྲྭ་པ་བུ་སློབ་ཉ་མ་དང་བཅས་པ་ཀུན་གྱི་མཐོང་སྣང་ལ་པུར་ཁང་གཞལ་ཡས་ཁང་དུ་གཅིག་པ་ལ། པུར་དགྱེས་པ་རྡོ་རྗེ། འཁོར་ལོ་སྡོམ་པ། གསང་བ་འདུས་པ། རྡོ་རྗེ་ཕག་མོ་ལ་སོགས་པའི་མཐོང་སྣང་མི་གཅིག་པ་དུ་མ་བྱུང་ངོ་། །དེའི་ཚེ་མཁའ་འགྲོ་མང་པོས་མགྲིན་གཅིག་ཏུ་བསྡེབས་ནས་དབྱངས་འདི་བླངས་སོ། །རྗེ་ཡིད་བཞིན་ནོར་བུ་གཤེགས་ཤུལ་དུ། །ལ་ལ་ངུ་ཞིང་ལ་ལ་འབོག །བརྒྱལ་ཏེ་མྱ་ངན་བྱེད་དུས་འདིར། །རང་བྱུང་མེ་ནི་རང་འབར་གྱུར། །མེ་ལྕེ་པད་མ་འདབ་བརྒྱད་དང་། །བཀྲ་ཤིས་བརྒྱད་དང་རིན་ཆེན་བདུན། །ཡིད་འོང་མཆོད་རྫས་དུ་མ་འབར། །མེ་སྒྲ་དུང་དང་ཆ་ལང་དང་། །པི་ཝང་གླིང་བུ་ཏིང་ཏིང་ཤགས། །ཅང་ཏེའུ་རྔ་ཆུང་སྒྲ་སྙན་འཁྲོལ། །མེ་སྟག་སྐར་མདའ་འཕྲོས་པ་ལས། །ཕྱི་ནང་གསང་བའི་ལྷ་མོར་གྱུར། །བཀོད་ལེགས་མཆོད་པ་སྣ་ཚོགས་འབུལ། །དུ་བ་འཇའ་འོད་མཆོད་སྤྲིན་འཁྲིགས། །གདུགས་དང་རྒྱལ་མཚན་བ་དན་དང་། །བཀྲ་ཤིས་དཔལ་བེའུ་གཡུང་དྲུང་འཁྱིལ། །ཡིད་འོང་མཁའ་འགྲོ་དུ་མ་ཡིས། །པུར་སྦྱངས་གདུང་ནི་བཤིགས་ནས་ཁྱེར། །ཕུང་པོ་ལྷག་མེད་གྲུབ་པ་ལ། །ཁྱེད་རྣམས་གདུང་ལ་བཞུ་སྦྱངས་མཚར། །བླ་མ་ཆོས་སྐུའི་ནམ་མཁའ་ལ། །ལོངས་སྐུ་སྨོན་ལམ་ཆོས་སྤྲིན་འཐིབས། །སྤྲུལ་སྐུ་འཕྲིན་ལས་མེ་
ཏོག་ཆར། །རྒྱུན་ཆད་མེད་པར་འབབ་པ་ཡིས། །གདུལ་བྱའི་ལོ་ཏོག་སྨིན་པར་མཛད། །གང་ཡང་སྐྱེ་བ་མེད་པ་ཡི། །ཆོས་ཉིད་སྐྱེ་མེད་སྟོང་པ་ཉིད། །སྟོང་པ་ཉིད་ལ་སྐྱེ་འགག་མེད། །སྐྱེ་ཞིང་འགག་པའང་སྟོང་ཉིད་རང་། །ཡིན་ཕྱིར་ཐེ་ཚོམ་སོམ་ཉི་སྤོངས། །ཞེས་པའི་དབྱངས་དེའི་རྗེས་སུ་ཉི་མ་དགོང་མོར་སོང་བ་དང་། མེ་འབར་བའི་རྣམ་པ་དེ་ཡང་ཞི་ནས་པུར་ཁང་ཕྱི་གསལ་ནང་གསལ་ཀུན་གྱིས་ཐོགས་མེད་དུ་མཐོང་བ་ལ། །གྲྭ་པ་བུ་སློབ་ཉ་མ་དང་བཅས་པ་ཀུན་གྱིས་པུར་གདུང་ལ་བལྟས་པས། པུར་ཁང་ནང་དུ་ལ་ལས་འོད་ཀྱི་མཆོད་རྟེན་ ཆེན་པོ་ཞིག་མཐོང་། དེ་བཞིན་དུ་ལ་ལས་དགྱེས་རྡོར། བདེ་མཆོག་གསང་འདུས། ཕག་མོ་ལ་སོགས་པའི་ལྷ་སྐུ་དང་། རྡོ་རྗེ་དྲིལ་བུ་བུམ་པ་ལ་སོགས་པའི་ཕྱག་མཚན་དང་། སྐུ་གསུང་ཐུགས་ཀྱི་ས་བོན་ལ་སོགས་ཏེ་ཡིག་འབྲུ་དང་། པུར་ཁང་འོད་ཀྱིས་གང་བ་དང་། གསེར་བཙོ་མ་གར་བུས་གང་བ་དང་། མཚོ་འཁྱིལ་བ། མེ་འབར་བ། རླུང་གཡོ་བ། ཅི་ཡང་མི་སྣང་བ་དང་། འདོད་ཡོན་ལྔའི་མཆོད་རྫས་ཀྱིས་གང་བ་ལ་སོགས་ཏེ། མཐོང་སྣང་མི་འདྲ་བ་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །དེ་ནས་གྲྭ་པ་བུ་སློབ་ཉ་མ་དང་བཅས་པ་རྣམས་ནངས་པར་པུར་ཁང་ཞལ་ཕྱེ་སྟེ། གདུང་དང་རིང་བསྲེལ་ལ་སོགས་པའི་མོས་གུས་ཀྱི་རྟེན་རྣམས་འགྱེད་དེ་ངོ་མཚར་ཅན་མང་པོ་འབྱོན་པར་
འདུག་སྙམ་དགའ་ཡལ་ལེ་བའི་ངང་ནས། པུར་ཁང་ལ་མགོ་བསྟན་ནས་གཟིམས་པས་ཐམས་ཅད་མནལ་དུ་སོང་བའི་ཚེ། ཐོ་རངས་རས་ཆུང་པ་མནལ་སད་པའི་གཟིགས་སྣང་ལ། མཁའ་འགྲོ་སྡེ་ལྔ་དར་གྱི་ན་བཟའ་གསོལ་ཞིང་། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་རང་འདྲ་བའི་འཁོར་སྔོ་སེར་དམར་ལྗང་དཀར་བ་དུ་མས་འདོད་ཡོན་ལྔའི་མཆོད་རྫས་དཔག་ཏུ་མེད་པ་ཐོགས་ནས་པུར་ཁང་ལ་མཆོད་པ་འབུལ་ཞིང་། གཙོ་མོ་རྣམས་ཀྱིས་དར་དཀར་གྱི་ཡོལ་བས་པུར་ཁང་བསྒྲིབས་པའི་ནང་ནས་འོད་དཀར་པོ་གཅིག་རིལ་གྱིས་སྤྱན་འདྲེན་ཞིང་འདུག་པའི་གཟིགས་མོ་ལ་ཅུང་ཟད་ཡེངས། དེ་ནས་མཁའ་འགྲོས་གདུང་རིང་བསྲེལ་རྣམས་གདན་འདྲེན་པ་སྲིད་སྙམ་དེར་བྱོན་པས། མཁའ་འགྲོ་རྣམས་ནམ་མཁར་བྱོན་སོང་། མཆེད་གྲོགས་རྡོ་རྗེ་སྤུན་རྣམས་བོས་ཏེ་པུར་ཁང་ལ་གཟིགས་པས། གདུང་ཐལ་ཙམ་ཡང་མ་ལུས་པར་གདན་དྲངས་ཚར་འདུག་པ་ལ། རས་ཆུང་པ་ཐུགས་སྐྱོ་ནས། མཁའ་འགྲོ་རྣམས་ལ་ངེད་རྣམས་ཀྱི་གདུང་སྐལ་དགོས་གསུངས་པས། མཁའ་འགྲོ་རྣམས་ན་རེ། ཁྱེད་བུ་ཆེན་རྣམས་ལ་གདུང་དང་རིང་བསྲེལ་གྱི་དམ་པ་སེམས་ཆོས་སྐུར་ངོ་སྤྲད་པས་མི་ཆོག་ན། གསོལ་བ་ཐོབ་དང་རྗེ་བཙུན་གྱི་ཐུགས་རྗེས་གནང་སྟེ་འོང་། གཞན་མི་རྣམས་ཀྱིས་རྗེ་བཙུན་ཉི་ཟླ་ལྟ་བུ་ལ་མེ་ཁྱེར་གྱི་མཐོང་ཙམ་ཡང་མ་བྱས་པས་གདུང་དང་
རིང་བསྲེལ་མི་འོང་། འདི་ངེད་རང་རྣམས་ཀྱི་སྐལ་བ་ཡིན་ཟེར་ནམ་མཁའ་ན་བསྡད་འདུག་པ་ལ། བདེན་སྙམ་གདུང་བའི་དབྱངས་ཀྱིས་གསོལ་བ་འདི་ལྟར་བཏབ་བོ། །རྗེ་བླ་མའི་དྲུང་ན་བཞུགས་པའི་ཚེ། །དད་པས་ཅི་གསུང་བཀའ་བསྒྲུབས་པས། །ཟབ་དགུ་དོན་གྱི་གདམས་ངག་ཐོབ། །སྐལ་ལྡན་སྨིན་ཅིང་གྲོལ་མཛད་པ། །གདུང་དང་རིང་བསྲེལ་མོས་པའི་རྟེན། །སེམས་ཅན་ཡོངས་ལ་ཐུགས་རྗེས་ཟུངས། །རྗེ་གཅིག་པུར་རི་ལ་བཞུགས་པའི་ཚེ། །ཞེ་བཅད་དྲག་པོས་བསྒོམས་པའི་མཐུས། །གྲུབ་རྟགས་རྫུ་འཕྲུལ་མངོན་གྱུར་པས། །རྒྱལ་ཁམས་ཡོངས་ལ་གྲགས་གྱུར་པ། །གདུང་དང་རིང་བསྲེལ་མོས་པའི་རྟེན། །མཐོང་ཐོས་རྣམས་ལ་ཐུགས་རྗེས་ཟུངས། །རྗེ་བུ་སློབ་ནང་ན་བཞུགས་ཙམ་ན། །ཉེ་རིང་མེད་པའི་ཐུགས་རྗེ་ཅན། །མངོན་ཤེས་རིག་པའི་ཡེ་ཤེས་རྒྱས། །འགྲོ་བའི་དོན་ལ་བརྩེ་བ་ཅན། །གདུང་དང་རིང་བསྲེལ་མོས་པའི་རྟེན། །སྐལ་ལྡན་བུ་ལ་ཐུགས་རྗེས་ཟུངས། །རྗེ་མང་པོའི་ཁྲོད་དུ་བཞུགས་ཙམ་ན། །བྱང་སེམས་རྒྱས་པའི་བཀའ་དྲིན་ཅན། །འབྲེལ་ཚད་ཐར་པའི་ལམ་ལ་འདྲེན། །སྡུག་བསྔལ་ཅན་ལ་ལྷག་པར་བརྩེ། །གདུང་དང་རིང་བསྲེལ་མོས་པའི་རྟེན། །
ནུས་པ་མེད་ལ་ཐུགས་རྗེས་ཟུངས། །རྗེ་སྒྱུ་མའི་སྐུ་ལུས་འདོར་བའི་ཚེ། །མཁའ་སྤྱོད་གྲུབ་པའི་རྣལ་འབྱོར་པ། །སྣང་སྲིད་ཆོས་སྐུར་བསྒྱུར་མཛད་ཅིང་། །མཁའ་འགྲོ་ཡོངས་ཀྱི་གཙོ་བོ་ཡིས། །གདུང་དང་རིང་བསྲེལ་མོས་པའི་རྟེན། །འདིར་ཚོགས་བུ་ལ་ཐུགས་རྗེས་ཟུངས། །ཞེས་ངུ་འབོད་ཀྱི་གདུང་དབྱངས་ཀྱིས་གསོལ་བ་བཏབ་པས། མཁའ་འགྲོའི་ཕྱག་གི་འོད་དེའི་ནང་ནས། འོད་ཟེར་ཁ་དོག་སྣ་ལྔ་འཕྲོ་བའི་རིང་བསྲེལ་བྱ་མོའི་སྒོ་ང་ཙམ་གཅིག་པུར་ཁང་གི་སྟེང་དུ་འོད་མེར་འཕྲོས་བྱུང་བ་ལ། བུ་ཆེན་རྣམས་ཀྱིས་ཕྱག་རུབ་མཛད་ནས། ངའི་ཡིན་གསུང་ཞིང་གདན་འདྲེན་དུ་ཕྱིན་པ་ལ། རིང་བསྲེལ་དེ་སླར་ཡང་ནམ་མཁར་བྱོན་ནས་མཁའ་འགྲོའི་ཕྱག་གི་འོད་དེ་ལ་ཐིམ་པས་འོད་དེ་ཆ་གཉིས་སུ་གྱེས་ཏེ། ཆ་གཅིག་སེང་གེའི་ཁྲི་པད་མ་ཉི་ཟླ་དང་བཅས་པའི་གདན་དུ་གྱུར་པའི་སྟེང་དུ། ཆ་གཅིག་ཤེལ་དཀར་ལྟ་བུའི་མཆོད་རྟེན་ཕྱི་གསལ་ནང་གསལ་ཁྲུ་གང་ཙམ་ལ་འོད་ཟེར་ཁ་དོག་ལྔ་འཕྲོ་བའི་མཐའ་སངས་རྒྱས་སྟོང་རྩ་གཉིས་ཀྱིས་བསྐོར་བ། བང་རིམ་རྣམས་ན་རིམ་པ་བཞིན་རྒྱུད་སྡེ་བཞིའི་ལྷ་ཚོགས་རྣམས་ཁྲ་ལམ་མེ་གསལ་བ་ཞིག་ཏུ་གྱུར་པའི་ནང་ནས་རྗེ་བཙུན་མཐོ་གང་ཙམ་ཞིག་ལ་མཁའ་འགྲོ་རྣམས་ཀྱིས་
ཕྱག་འཚལ་མཆོད་པ་འབུལ་བ་ཞིག་གི་རམ་འདེགས་མཆོད་རྟེན་དེའི་དཀོན་གཉེར་གྱི་ཚུལ་དུ་འདུག་པའི་མཁའ་འགྲོ་གཉིས་ཀྱིས་བྱས་ནས་མགུར་འདི་གསུངས་སོ། །བུ་བདེ་བ་སྐྱོང་དང་ཞི་བ་འོད། །ངན་རྫོང་སྟོན་པ་ལ་སོགས་པའི། །སྐལ་ལྡན་རས་པའི་བུ་སློབ་རྣམས། །མོས་གུས་གདུང་བ་དྲག་པོ་ཡིས། །ཕ་ཡི་མིང་ནས་འབོད་བཞིན་དུ༑ །གདུང་དང་རིང་བསྲེལ་མོས་པའི་རྟེན། །སེམས་ཅན་ཡོངས་ལ་གནང་དགོས་ཞེས། །གསོལ་བ་སྙིང་ནས་བཏབ་པའི་མཐུས། །ཐུགས་རྗེས་སྐུ་གསུམ་སྤྲུལ་པའི་རྟེན། །མཐོང་བས་འཁོར་བར་མི་ལྟུང་སྟེ། །དད་པ་བྱས་ན་རྫོགས་སངས་རྒྱ། །ཆོས་སྐུ་ཐིག་ལེ་ཉག་གཅིག་ལ། །རིང་བསྲེལ་བྱ་མོའི་སྒོ་ང་ཙམ། །འགྲོ་བ་ཡོངས་ཀྱི་མོས་པའི་རྟེན། །བདག་གིར་བྱས་པས་མི་ཐོབ་ཅིང་། །ཕལ་པའི་ཡུལ་དུ་ག་ལ་སྡོད། །འོན་ཀྱང་གསོལ་བ་བཏབ་གྱུར་ན། །ཐུགས་རྗེ་ཆུང་དུ་མི་འགྲོ་བ། །སངས་རྒྱས་སྤྱི་ཡི་དམ་ཚིག་ཡིན། །ཡི་དམ་བདེ་མཆོག་ཡབ་ཡུམ་ལ། །དུར་ཁྲོད་རུས་པའི་རྒྱན་གྱིས་མཛེས། །ནམ་མཁར་དཀྱིལ་འཁོར་རྫོགས་པ་ལ། །དཔའ་བོ་དཔའ་མོའི་མཆོད་སྤྲིན་འཁྲིགས། །ལོངས་སྤྱོད་རྫོགས་པའི་ཡེ་ཤེས་ལྷ། །དབང་བསྐུར་དངོས་གྲུབ་མྱུར་དུ་འབྱུང་། །འདི་ལ་གསོལ་བ་འདེབས་ནུས་ན། །བྱིན་རླབས་ཆུང་དུ་མི་འགྲོ་བ། །མཁའ་འགྲོ་སྤྱི་ཡི་དམ་
ཚིག་ཡིན། །ཐུབ་པ་ཆོས་སྐུའི་འཕྲིན་ལས་ཀྱིས། །སྤྲུལ་སྐུ་སྣ་ཚོགས་ཅིར་ཡང་སྟོན། །ཤེལ་གྱི་མཆོད་རྟེན་ཁྲུ་གང་ལ། །མདོ་ཡི་སངས་རྒྱས་སྟོང་རྩ་དང་། །རྒྱུད་སྡེ་བཞི་ཡི་ཕྲ་བཏབ་སྟེ༑ །དངོས་སུ་བྱོན་པ་ངོ་མཚར་ཆེ། །མ་ཡེངས་གསོལ་བ་འདེབས་ནུས་ན། །འཕྲིན་ལས་ཆུང་དུ་མི་འགྲོ་བ། །ཆོས་སྐྱོང་སྤྱི་ཡི་དམ་ཚིམ་ཡིན། །བླ་མ་སྐུ་གསུམ་དབྱེར་མེད་ནི༑ །རྫུ་འཕྲུལ་བཀོད་པ་ཅིར་ཡང་སྟོན། །ཆུང་ལ་དོད་པའི་སྐུ་འབྲས་ཅན། །དངོས་སུ་འབྱོན་པ་ངོ་མཚར་ཆེ། །མོས་གུས་གདུང་བ་དྲག་པོ་ཡིས། །སྙིང་ནས་གསོལ་བ་འདེབས་ནུས་ན། །དངོས་གྲུབ་ཆུང་དུ་མི་འགྲོ་བ། །གྲུབ་ཐོབ་ཡོངས་ཀྱི་དམ་ཚིག་ཡིན། །དམ་ཚིག་དངོས་སུ་སྲུང་བ་ན། །དམ་ཅན་ཡོངས་ཀྱིས་དངོས་གྲུབ་སྟེར། །གཅིག་པུར་རི་ཁྲོད་ཟིན་པ་ན། །མ་དང་མཁའ་འགྲོ་ངང་གིས་འཁོར། །ཆོས་ལ་ངོ་ལྐོག་མ་བྱས་ན། །མྱུར་དུ་གྲུབ་པའི་སྔ་ལྟས་ཡིན། །ནང་དུ་སྐྱིད་འདོད་མི་འདུག་ན། །ཉོན་མོངས་རྩ་བ་བུད་པ་ཡིན། །བདག་དང་དངོས་པོར་མི་འཛིན་ན། །འདྲེ་བདུད་བར་ཆད་སོད་པ་ཡིན། །ཕྱོགས་དང་རིས་སུ་མི་འདུག་ན། །ལྟ་བ་ཡོངས་སུ་དག་པ་ཡིན། །འཁོར་འདས་སྟོང་པར་འཆར་ནུས་ན། །སྒོམ་པ་ཡོངས་སུ་དག་པ་ཡིན། །བརྟུལ་ཞུགས་ཁོང་ནས་བརྟོལ་བ་ན། །སྤྱོད་པ་ཡོངས་སུ་དག་པ་ཡིན། །བླ་མའི་ལུང་བསྟན་ཐོབ་པ་ན། །དམ་ཚིག་ཡོངས་སུ་དག་པ་ཡིན། །
སེམས་ཅན་ཀུན་གྱི་དོན་གྲུབ་ན། །འབྲས་བུ་ཡོངས་སུ་དག་པ་ཡིན། །དཔོན་སློབ་ཐུགས་ཡིད་འདྲེས་པ་ན། །འབྲེལ་བ་ཡོངས་སུ་དག་པ་ཡིན། །རྟགས་དང་དངོས་གྲུབ་མཐོང་བ་ན། །སྣང་བ་ཡོངས་སུ་དག་པ་ཡིན། །དམ་ཚིག་ཉམས་མྱོང་དྲོད་རྟགས་ཆོས། །ཁྱེད་བུ་སློབ་རྣམས་ཀྱི་གདུང་སྐལ་མཛོད། །ཅེས་གསུངས་པའི་མཐར། མཁའ་འགྲོ་རྣམས་ཀྱིས་མཆོད་རྟེན་དེ་བུ་སློབ་རྣམས་ལ་ལེགས་པར་བསྟན་ནས། རིན་པོ་ཆེའི་ཁྲིའི་སྟེང་དུ་བཞག་སྟེ། ཞིང་ཁམས་གཞན་དུ་གདན་འདྲེན་པའི་གྲབས་བྱེད་ཅིང་འདུག་པའི་རས་པ་ཞི་བ་འོད་ཀྱི་བསམ་པ་ལ། མཁའ་འགྲོའི་ཕྱག་གི་མཆོད་རྟེན་འདི་ངེད་མིའི་བུ་སློབ་རྣམས་ཚོགས་གསོག་པའི་རྟེན་དུ་ཞུ་དགོས་སྙམ་ནས་གདུང་དབྱངས་ཀྱིས་གསོལ་བ་འདི་ལྟར་བཏབ་བོ། །ཕ་གཞན་དོན་སྤྲུལ་པའི་མི་གཟུགས་ཅན། །ལོངས་སྤྱོད་རྫོགས་པའི་རྣལ་འབྱོར་པ། །མི་མངོན་ཆོས་དབྱིངས་ཐམས་ཅད་ཁྱབ། །རྗེ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །མཁའ་འགྲོའི་ཕྱག་གི་མཆོད་རྟེན་དེ། །ངེད་བུ་སློབ་
རྣམས་ལ་གནང་བར་ཞུ། །རྗེ་གྲུབ་ཐོབ་རྣམས་དང་མཇལ་དུས་ན༑ །རིན་ཆེན་གསེར་གྱི་སྒྲོམ་བུ་འདྲ། །རྗེ་རིན་ཐང་མེད་པའི་རྣལ་འབྱོར་པ། །སྦྱངས་པ་ཅན་ལ་གསོལ་བ་འདེབས། །མཁའ་འགྲོའི་ཕྱག་གི་མཆོད་རྟེན་དེ། །ངེད་བུ་སློབ་རྣམས་ལ་གནང་བར་ཞུ། །མཁའ་འགྲོའི་ཕྱག་གི་མཆོད་རྟེན་དེ། །ངེད་བུ་སློབ་རྣམས་ལ་གནང་བར་ཞུ། །རྗེ་བླ་མའི་ཞབས་ཏོག་བྱེད་དུས་སུ། །གཡང་དཀར་ལུག་གི་བལ་དང་འདྲ། །ཀུན་ལ་ཕན་པའི་རྣལ་འབྱོར་པ། །ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །མཁའ་འགྲོའི་ཕྱག་གི་མཆོད་རྟེན་དེ། །ངེད་བུ་སློབ་རྣམས་ལ་གནང་བར་ཞུ། །རྗེ་འཇིག་རྟེན་བྱ་བ་བཏང་བའི་ཚེ། །དྲང་སྲོང་རིག་པའི་རྒྱལ་པོ་འདྲ། །འགྱུར་བ་མེད་པའི་རྣལ་འབྱོར་པ། །སྙིང་སྟོབས་ཅན་ལ་གསོལ་བ་འདེབས། །མཁའ་འགྲོའི་ཕྱག་གི་མཆོད་རྟེན་དེ། །ངེད་བུ་སློབ་རྣམས་ལ་གནང་བར་ཞུ། །རྗེ་བླ་མའི་གདམས་ངག་སྒོམ་ཙ་ན། །སྟག་མོ་མི་རོ་ཟ་བ་འདྲ། །ཐེ་ཚོམ་མེད་པའི་རྣལ་འབྱོར་པ། །སྙིང་རུས་ཅན་ལ་གསོལ་བ་འདེབས། །མཁའ་འགྲོའི་ཕྱག་གི་མཆོད་རྟེན་དེ། །ངེད་བུ་སློབ་རྣམས་ལ་གནང་བར་ཞུ། །རྗེ་མི་མེད་ལུང་པ་འགྲིམ་ཙ་ན། །ལྕགས་ཀྱི་ཕ་བོང་སྲུབས་མེད་འདྲ། །འགྱུར་བ་མེད་པའི་རྣལ་འབྱོར་པ། །བཅོས་མ་སྤངས་ལ་གསོལ་བ་འདེབས། །མཁའ་འགྲོའི་ཕྱག་གི་མཆོད་རྟེན་དེ། །ངེད་བུ་སློབ་རྣམས་ལ་གནང་བར་ཞུ། །རྗེ་རྟགས་དང་ཆོ་འཕྲུལ་སྟོན་ཙ་ན། །གླང་ཆེན་དར་སེང་དཀར་མོ་འདྲ། །ཉམ་ང་མེད་པའི་རྣལ་འབྱོར་པ། །འཇིགས་པ་བྲལ་ལ་གསོལ་བ་འདེབས། །མཁའ་འགྲོའི་ཕྱག་གི་མཆོད་རྟེན་དེ། །ངེད་བུ་སློབ་རྣམས་ལ་གནང་བར་ཞུ། །རྗེ་ཉམས་དང་དྲོད་རྟགས་བསྐྱེད་ཙ་ན། །བཅོ་ལྔའི་ཟླ་བ་ཉ་
རྒྱས་འདྲ། །འཛམ་གླིང་ཁྱབ་པའི་རྣལ་འབྱོར་པ། །གཅེས་འཛིན་མེད་ལ་གསོལ་བ་འདེབས། །མཁའ་འགྲོའི་ཕྱག་གི་མཆོད་རྟེན་དེ། །ངེད་བུ་སློབ་རྣམས་ལ་གནང་བར་ཞུ། །རྗེ་སྐལ་ལྡན་སློབ་མ་སྐྱོང་ཙ་ན། །ཉི་མ་མེ་ཤེལ་ཕྲད་པ་འདྲ། །གྲུབ་ཐོབ་མཛད་པའི་རྣལ་འབྱོར་པ། །བཀའ་དྲིན་ཅན་ལ་གསོལ་བ་འདེབས། །མཁའ་འགྲོའི་ཕྱག་གི་མཆོད་རྟེན་དེ། །ངེད་བུ་སློབ་རྣམས་ལ་གནང་བར་ཞུ། །རྗེ་ཟང་ཟིང་ནོར་དང་ཕྲད་ཙ་ན། །དངུལ་ཆུ་ས་ལ་ལྷུང་བ་འདྲ། །དྲི་མས་མ་གོས་རྣལ་འབྱོར་པ། །ཉེས་སྐྱོན་མེད་ལ་གསོལ་བ་འདེབས། །མཁའ་འགྲོའི་ཕྱག་གི་མཆོད་རྟེན་དེ། །ངེད་བུ་སློབ་རྣམས་ལ་གནང་བར་ཞུ། །རྗེ་མང་པོའི་ཚོགས་པ་སྐྱོང་ཙ་ན། །འཛམ་གླིང་ཉི་མ་ཤར་བ་འདྲ། །མུན་པ་སེལ་བའི་རྣལ་འབྱོར་པ། །མཁྱེན་བརྩེ་ཅན་ལ་གསོལ་བ་འདེབས། །མཁའ་འགྲོའི་ཕྱག་གི་མཆོད་རྟེན་དེ། །ངེད་བུ་སློབ་རྣམས་ལ་གནང་བར་ཞུ། །རྗེ་འཛམ་གླིང་མི་ཡིས་མཇལ་ཙ་ན། །མ་དང་བུ་གཉིས་ཕྲད་པ་འདྲ། །ཅི་ཕན་མཛད་པའི་རྣལ་འབྱོར་པ། །བྱམས་པ་ཅན་ལ་གསོལ་བ་འདེབས། །མཁའ་འགྲོའི་ཕྱག་གི་མཆོད་རྟེན་དེ། །ངེད་བུ་སློབ་རྣམས་ལ་གནང་བར་ཞུ། །རྗེ་མཁའ་སྤྱོད་གནས་སུ་གཤེགས་ཙ་ན། །དངོས་གྲུབ་གཏེར་གྱི་བུམ་པ་འདྲ། །དགོས་འདོད་འབྱུང་བའི་རྣལ་འབྱོར་པ། །ངོ་མཚར་ཅན་ལ་གསོལ་བ་འདེབས། །མཁའ་འགྲོའི་ཕྱག་
གི་མཆོད་རྟེན་དེ། །ངེད་བུ་སློབ་རྣམས་ལ་གནང་བར་ཞུ། །རྗེ་མངོན་ཤེས་ལུང་བསྟན་མཛད་ཙ་ན། །ཁ་དང་ལག་པ་སྤྲོད་པ་འདྲ། །འཆུག་པ་མེད་པའི་རྣལ་འབྱོར་པ། །དུས་གསུམ་མཁྱེན་ལ་གསོལ་བ་འདེབས། །མཁའ་འགྲོའི་ཕྱག་གི་མཆོད་རྟེན་དེ། །ངེད་བུ་སློབ་རྣམས་ལ་གནང་བར་ཞུ། །རྗེ་དངོས་གྲུབ་མྱུར་དུ་གནང་ཙ་ན། །ཕ་ཡིས་བུ་ལ་ནོར་འབོགས་འདྲ། །ཕངས་པ་མེད་པའི་རྣལ་འབྱོར་པ༑ །ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །མཁའ་འགྲོའི་ཕྱག་གི་མཆོད་རྟེན་དེ། །ངེད་བུ་སློབ་རྣམས་ལ་གནང་བར་ཞུ། །ཞེས་གསོལ་བ་བཏབ་པས། ཡང་མཆོད་རྟེན་ནང་གི་རྗེ་བཙུན་གྱི་སྐུ་དེས། རས་པ་ཞི་བ་འོད་ཀྱིས་ཞུས་པའི་ལན་དུ་འདྲ་མིན་གོལ་ས་གཅོད་པའི་མགུར་འདི་གསུངས་སོ། །འོ་ན་སྐལ་ལྡན་དད་པ་ཅན། །ལྷང་ལྷང་གདུང་བས་གསོལ་འདེབས་པ། །ཡ་མཚན་རས་པའི་བུ་སློབ་ཉོན། །ཁོ་བོ་མི་ལ་རས་པ་ང་། །ཆོས་སྐུ་ཀུན་ལ་ཁྱབ་པ་ཡིས། །སྟོང་པ་ཉིད་ལ་ཤོར་ཐོབ་མེད། །གཟུགས་སྐུ་དབྱིངས་སུ་ཐིམ་པ་ཡིས། །ཀུན་རྫོབ་གདུང་དང་རིང་བསྲེལ་རྣམས། །རིལ་པོ་གཅིག་ཏུ་གྱུར་པ་དེ། །འོད་ཟེར་འབར་བའི་མཆོད་རྟེན་གཅིག །འདི་འགྲོ་བ་ཡོངས་ཀྱི་ཚོགས་ཀྱི་ཞིང་། །བཞུགས་གནས་དག་པའི་ཞིང་དུ་བྱེད། །དཀོན་གཉེར་མཁའ་འགྲོ་སྡེ་ལྔས་བྱེད། །
ཕྱག་མཆོད་ལྷ་དང་མཁའ་འགྲོས་འབུལ། །མི་ཡུལ་བཞག་ཀྱང་ཡལ་ནས་འགྲོ། །ཁྱེད་བུ་སློབ་རྣམས་ཀྱི་སྐལ་བ་ལ། །རང་སེམས་ཆོས་སྐུར་ངོ་སྤྲད་པས། །གདུང་དང་རིང་བསྲེལ་དམ་པ་ཡོད། །དེ་ཉམས་སུ་ལེན་པའི་ལམ་དུས་སུ། །འདྲ་མིན་གོལ་ས་འདི་འདྲ་འབྱུང་། །མ་བརྗེད་ཟུངས་ལ་སྤོང་ལེན་གྱིས། །ཕ་མཚན་ལྡན་བླ་མ་བསྟེན་པ་དང་། །མི་བསོད་ནམས་ཅན་ལ་བརྟེན་པ་གཉིས། །འདྲ་དང་འདྲ་ལ་ནོར་དོགས་མཛོད། །ཡེ་སྟོང་སེམས་ལ་ཤར་བ་དང་། །མི་རྟོག་བློ་ཡིས་བཅོས་པ་གཉིས། །འདྲ་དང་འདྲ་ལ་ནོར་དོགས་མཛོད། །སྒོམ་གཉུག་མའི་རང་ས་ཟིན་པ་དང་། །ཞི་གནས་རྩི་ལ་འབྱར་བ་གཉིས། །འདྲ་དང་འདྲ་ལ་ནོར་དོགས་མཛོད། །རང་བྱུང་ལྷུག་པའི་རང་ཤར་དང་། །མཐོང་མཐོང་མང་པོའི་དྲན་པ་གཉིས། །འདྲ་དང་འདྲ་ལ་ནོར་དོགས་མཛོད། །སེམས་ཉིད་དྲི་མེད་གཅེར་མཐོང་དང་། །བསམ་པ་བཟང་པོས་ཕན་འདོགས་གཉིས། །འདྲ་དང་འདྲ་ལ་ནོར་དོགས་མཛོད། །དངོས་གྲུབ་རྟེན་འབྲེལ་ཤར་བ་དང་། །ཟང་ཟིང་མང་པོའི་བསོད་ནམས་གཉིས། །འདྲ་དང་འདྲ་ལ་ནོར་དོགས་མཛོད། །མ་དང་མཁའ་འགྲོའི་ལུང་བསྟན་དང་། །ས་བླ་འབྱུང་པོའི་ལྷང་འབོད་གཉིས། །འདྲ་དང་འདྲ་ལ་ནོར་དོགས་མཛོད། །མཁའ་འགྲོས་སྒྲུབ་པའི་འཕྲིན་ལས་དང་། །བདུད་ཀྱིས་སྒྲུབ་པའི་བར་ཆད་
གཉིས། །འདྲ་དང་འདྲ་ལ་ནོར་དོགས་མཛོད། །ཆོས་སྐུ་དྲི་མེད་གོང་བུ་དང་། །མཚན་མ་རྫས་ཀྱི་རིང་བསྲེལ་གཉིས། །འདྲ་དང་འདྲ་ལ་ནོར་དོགས་མཛོད། །སྤྲུལ་པ་དབྱིངས་ཀྱི་མེ་ཏོག་དང་། །འདོད་ཁམས་ལྷ་ཡི་མེ་ཏོག་གཉིས། །འདྲ་དང་འདྲ་ལ་ནོར་དོགས་མཛོད། །གདོན་ལས་སྐྱེས་པའི་མཆོད་རྟེན་དང་། །སྤྲུལ་པ་ལྷ་ཡི་མཆོད་རྟེན་གཉིས། །འདྲ་དང་འདྲ་ལ་ནོར་དོགས་མཛོད། །སྣང་སྲིད་འཇའ་འོད་ གུར་ཁང ་དང་། །འབྱུང་བ་རྐྱེན་གྱི་འཇའ་འོད་གཉིས། །འདྲ་དང་འདྲ་ལ་ནོར་དོགས་མཛོད། །སྔོན་གྱི་ལས་འཕྲོའི་དད་པ་དང་། །རྐྱེན་ལས་སྐྱེས་པའི་དད་པ་གཉིས། །འདྲ་དང་འདྲ་ལ་ནོར་དོགས་མཛོད། །དད་པ་སྙིང་ནས་སྐྱེས་པ་དང་། །ངོ་ཚ་ཁྲེལ་གྱི་དད་པ་གཉིས། །འདྲ་དང་འདྲ་ལ་ནོར་དོགས་མཛོད། །སྙིང་ནས་སྒྲུབ་པ་བྱེད་པ་དང་། །ཚེ་འདི་བླ་མའི་ངོ་སྲུང་གཉིས། །འདྲ་དང་འདྲ་ལ་ནོར་དོགས་མཛོད། །བསམ་དོན་ལག་ཏུ་འགེལ་བ་དང་། ཁ་དོན་རླུང་ལ་བསྐུར་བ་གཉིས། །འདྲ་དང་འདྲ་ལ་ནོར་དོགས་མཛོད། །མ་དང་མཁའ་འགྲོའི་མཆོད་རྟེན་འདི། །དུས་གསུམ་སངས་རྒྱས་ཞིང་ཁམས་ཡིན། །དཔའ་བོ་དཔའ་མོའི་ཚོགས་ཁང་ཡིན། །བླ་མ་རྗེ་བཙུན་སྒོམ་ཁང་ཡིན། །ང་ནི་ཤར་ཕྱོགས་ཞིང་ཁམས་སུ། །མཁའ་འགྲོ་མང་པོ་འདུས་པའི་ནང་། །མངོན་པར་དགའ་བའི་ཞིང་དེ་ན། །བཅོམ་ལྡན་བདེ་མཆོག་འཁོར་
ལོ་དང་། །སྤྱན་རས་གཟིགས་མགོན་སྒྲོལ་མའི་ཚོགས། །ཀུན་བཟང་བདེ་བའི་གནས་དེ་རུ། །མཁའ་འགྲོ་མང་པོའི་བསུ་མ་ཡོད། །ཁྱོད་གསོལ་བ་སྙིང་ནས་འདེབས་ནུས་ན། །ཁ་ཞེ་མེད་པའི་མཆི་མ་འཁྲུག །བཅོས་མ་མེད་པའི་ཕྱག་རྟེན་མཚར། །ཤེས་རབ་རྣོན་པོའི་མེ་ཏོག་འཐོར། །བྱང་ཆུབ་སེམས་ཀྱི་བུམ་ཁྲུས་གྱིས། །དད་པ་འགྱུར་མེད་སྲུང་བ་བཟང་། །ཡེ་ཤེས་གཉིས་མེད་དབང་ཞུ་ན། །མགོ་བོ་འདི་ཡི་འོག་ཏུ་ཞུགས། །ཞེས་གསུངས་ཤིང་། མཁའ་འགྲོ་རྣམས་ཀྱིས་མཆོད་རྟེན་བུ་ཆེན་རྣམས་ཀྱི་སྟེང་གི་ནམ་མཁར་ཁྱེར་བྱུང་སྟེ། མཆོད་རྟེན་ལས་བུ་ཆེན་རེ་རེའི་དབུ་ཐོག་ཏུ་འོད་ཟེར་རེ་རེ་འཕྲོས་ཏེ་དབང་བསྐུར་མཛད་དོ༑ །དེ་ནས་ཕལ་ཆེར་གྱིས་མཆོད་རྟེན་དེའི་ནང་ནས་རྗེ་བཙུན་གྱི་སྐུ་དེ་ཕྱིར་འཕྲོས་ཏེ། ནམ་མཁའ་ན་ལ་ལས་དགྱེས་པ་རྡོ་རྗེ། འཁོར་ལོ་བདེ་མཆོག་གསང་བ་འདུས་པ། རྗེ་བཙུན་མའི་དཀྱིལ་འཁོར། ལྷ་དང་ལྷ་མོ་དཔག་ཏུ་མེད་པས་བསྐོར་བ་དངོས་སུ་མཐོང་ཞིང་གཙོ་བོའི་ཐུགས་ཀར་ཐིམ་པ་དང་། དཀྱིལ་འཁོར་དེ་ཡང་ནམ་མཁར་འོད་དུ་ཧྲིལ་འདྲིལ་ནས་མཐར་ཤར་ཕྱོགས་སུ་ཏལ་སོང་བ་ལ། མཆོད་རྟེན་དེ་ལ་མཁའ་འགྲོ་རྣམས་ཀྱིས་དར་སྣ་ཚོགས་ཀྱི་ན་བཟའ་གསོལ་ནས་རིན་པོ་ཆེའི་སྒྲོམ་བུ་ཞིག་གི་ནང་དུ་བཅུག་སྟེ། མཆོད་པ་དང་རོལ་ཆ་དཔག་མེད་དང་བཅས་ཏེ་ཤར་ཕྱོགས་སུ་གདན་དྲངས་སོང་བ་
མཐོང་། ལ་ལས་རྗེ་བཙུན་ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་ཅན། རྒྱན་གྱིས་བརྒྱན་པའི་སེང་གེ་ལ་ཆིབས་པའི་རྐང་ལག་ནས་མཁའ་འགྲོ་རིགས་བཞིས་བཏེགས་འགྲོ་བའི་ཆིབས་མཐུར་རྡོ་རྗེ་ཕག་མོས་ཁྲིད་དེ། དཔའ་བོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་གདུགས་རྒྱལ་མཚན་ལ་སོགས་པའི་མཆོད་པ་དང་རོལ་ཆ་སྣ་ཚོགས་འབུལ་བའི་འཁོར་གྱིས་བསྐོར་ནས་ཤར་ཕྱོགས་སུ་འབྱོན་པ་མཐོང་བ་དང་། མཆོད་རྟེན་དེ་ཡང་མཁའ་འགྲོ་མ་དཀར་མོ་ཞིག་གིས་དར་དཀར་གྱི་འདོ་ལི་ལ་གདན་དྲངས་པར་མཐོང་བ་ལ་སོགས་ཏེ། ཡ་མཚན་ཞིང་ངོ་མཚར་བའི་རྟགས་བསམ་གྱིས་མི་ཁྱབ་བོ། །དེ་ནས་གྲྭ་པ་བུ་སློབ་རྣམས་ཀྱིས། གདུང་སྐལ་ཆད་པའི་མྱ་ངན་བྱས། སྨྲེ་སྔགས་ཀྱིས་གསོལ་བ་དྲག་ཏུ་བཏབ་པས། སྐུ་མེད་པའི་རྗེ་བཙུན་གྱི་གསུང་འདྲ་བ་ཞིག་ནམ་མཁར་བྱུང་ནས། བུ་རྣམས་དེ་ཙམ་སྡུག་བསྔལ་བྱེད་མི་དགོས། ཁྱེད་རང་རྣམས་ཀྱི་མཚན་མའི་གདུང་སྐལ་དུ། རྡོ་ཨ་མོ་ལི་ཀའི་ངོས་ལ་ཡིག་འབྲུ་བཞི་བྱོན་པ་མོས་གུས་ཀྱི་རྟེན་ཡོད་པས་བྲག་གི་འོག་ཏུ་ཚོལ་ཅིག་བྱ་བ་ཐོས་ནས། པུར་བཞུ་བའི་བྲག་སྟེགས་ཀྱི་སྐོར་ལ་བཙལ་བས། ལུང་བསྟན་ཇི་ལྟ་བ་བཞིན་པུར་རྡོ་རྙེད་པས། གདུང་སྐལ་ཆད་པའི་མྱ་ངན་སངས་པར་གྱུར་ཏོ། །ངོ་མཚར་ཅན་གྱི་པུར་རྡོ་དེ། དུས་ད་ལྟའི་བར་དུ་ཡང་འགྲོ་བའི་དོན་ལ་དབེན་གནས་དཔལ་གྱི་ཆུ་དབར་ན་བཞུགས་
པ་ཡིན་ནོ། །དེ་ནས་བུ་ཆེན་རྣམས་འཕྲལ་རྗེ་བཙུན་ཞིང་ཁམས་གཞན་དུ་ཐེགས་པས་ཐུགས་སྐྱོ་རུང་། ཕུགས་རྗེ་བཙུན་གང་དུ་སངས་རྒྱ་བའི་ཞིང་དེར་འཁོར་གྱི་ཐོག་མར་སྐྱེ་བར་ཐག་ཆོད་ཅིང་། རྗེ་བཙུན་གྱི་མཛད་པ་ཐམས་ཅད་ཀྱིས་ཀྱང་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་གྲུབ་པ་དང་། རང་རང་གི་ཐུགས་དམ་གྱིས་ཀྱང་དོན་གཉིས་གྲུབ་པའི་གདེང་དང་ལྡན་པའི་ངང་ནས་ཀུན་ཞལ་འཆམ་སྟེ་ད་ཞལ་ཆེམས་ལྟར། ཐབ་ཁའི་འོག་གི་གསེར་ལ་ལྟ་དགོས་ཏེ། རྗེ་བཙུན་གྱི་མཛད་པ་དེ་ལ་གསེར་འོང་དོན་རང་མེད་ནའང་། བཀའ་ཡིན་པས་ལྟ་དགོས་ཟེར་ཐབ་ཁ་བྲུས་ཏེ་བལྟས་པས། ཀ་ཤི་ཀའི་རས་ཁ་གང་ལ། གྲི་ཆུང་རྩེ་མོས་སྙུང་འོང་བ། ལྟག་པས་མེ་ཐོན་པ། སོས་གྲི་འོང་བ་གཅིག་དང་། ཀ་ར་རྡོག་པོ་གཅིག་ཡི་གེ་གཅིག་དྲིལ་འདུག་པ་བཀླགས་པས། སྟོད་ན། བུར་རྡོག་འདི་དང་རས་འདི་གྲི་ཆུང་འདིས་གཏུབས་པས་ཟད་པར་མི་འགྱུར་གྱིས་གཏུབས་ལ་སེམས་ཅན་ལ་ཅི་ཁྱེད་གྱིས། བུ་རམ་མྱོང་ཚད་རས་ལ་རེག་ཚད་ངན་སོང་ལས་ཐར་པ་ཡིན་ཏེ། མི་ལ་རས་པའི་ཏིང་ངེ་འཛིན་གྱི་ཟས་དང་གོས་ལ་རྒྱལ་བ་གོང་མ་རྣམས་ཀྱིས་ཀྱང་བྱིན་གྱིས་བརླབས་པ་ཡིན་ནོ། །སེམས་ཅན་སུ་གང་གི་རྣ་བར་ངའི་མིང་ལན་གཅིག་ཐོས་པ་ལ་དད་པ་སྐྱེས་པ་དེ་རྣམས་ལ། སྐྱེ་བ་བདུན་གྱི་བར་དུ་ངན་སོང་མེད་ཅིང་། ཚེ་རབས་
བདུན་དྲན་པར་འགྱུར་བ་རྒྱལ་བ་གོང་མ་རྣམས་ཀྱི་ལུང་བསྟན་ཡིན་ནོ། །མི་ལ་རས་པ་ལ་གསེར་ཡོད་ཟེར་བའི་མི་རྣམས་ཀྱི་ཁར་སྐྱག་གོང་ཞིག་ཆུག་ཅིག་བྱ་བ་ཞིག་འདུག་པས། བུ་ཆེན་རྣམས་ཐུགས་ཁྲལ་དང་མྱ་ངན་ཆེ་བར་ཡོད་པའི་ཚེ་ཡང་། གསུང་དེ་བྱུང་བའི་མོད་ལ། ཀུན་བཞད་གད་ཐེག་པ་ཞིག་བྱུང་ངོ་། །སྨད་ན། རྣལ་འབྱོར་ང་ཡི་ཏིང་འཛིན་ཟས། །མི་ཚེའི་རིང་ལ་ཟས་ཟོས་པ། །དངོས་གྲུབ་གཉིས་འབྱུང་སྙིང་རྗེའི་ཟས། ཁ་རུ་སོང་བའི་སེམས་ཅན་རྣམས། །ཡི་དྭགས་སྐྱེ་བའི་སྒོ་བཅད་དོ། །རས་དཀར་གཏུམ་མོ་ཤེས་རབ་གོས། །ལུས་སམ་མགུལ་དུ་བཏགས་པ་རྣམས། །ཚ་གྲང་དམྱལ་བའི་སྐྱེ་སྒོ་བཅད། །བྱིན་རླབས་ཐོབ་པ་ཐམས་ཅད་ནི། །ངན་སོང་གསུམ་གྱི་གནས་ལས་ཐར། །ཆོས་འབྲེལ་ཡོད་པ་ཐམས་ཅད་ནི། །དེང་ནས་ངན་སོང་མི་སྐྱེ་ཞིང་། །རིམ་གྱིས་རྫོགས་པའི་སངས་རྒྱས་ཐོབ། །མིང་ཙམ་རྣ་བར་སོང་བ་ལ། །དད་པ་སྐྱེས་པའི་སེམས་ཅན་ཀུན། །ཚེ་རབས་བདུན་དུ་མིང་རུས་དྲན། །ཕོ་རྒོད་མི་ལ་རས་པ་ང་༑ །སྣང་སྲིད་གསེར་དུ་སོང་བ་ལ། །ཕུར་ཐུམས་ཐིག་པོས་དགོས་པ་མེད། །བུ་སློབ་ཁོ་བོའི་བཀའ་བཞིན་སྒྲུབས། །དེ་ཡིས་གནས་སྐབས་མཐར་ཐུག་གི །དགོས་དོན་མཆོག་རབ་གྲུབ་པ་ཡིན། །ཞེས་བྱ་བ་འདུག་པས། གྲི་དེས་བུར་རྡོག་གྲངས་མེད་ཀྱི་བར་དུ་གཏུབས་པས། དང་པོ་དང་
ཆེ་ཆུང་སྙོམས་པ་རེ་རེ་བྱུང་། དེ་བཞིན་དུ་རས་གཏུབས་པས་ཀྱང་ཁ་རེ་རེ་བྱུང་བ་སེམས་ཅན་རྣམས་ལ་བཀྱེ་བ་སེམས་ཅན་རྣམས་ཀྱིས་ལོངས་སྤྱད་པས། ནད་པ་དང་སྡུག་བསྔལ་ཅན་རྣམས་ནད་དང་སྡུག་བསྔལ་ལས་གྲོལ། བློ་ངན་ཉོན་མོངས་ཅན་རྣམས་ཀྱང་དད་བརྩོན་ཤེས་རབ་སྙིང་རྗེ་ཆེ་བར་གྱུར་ཅིང་མཐར་ངན་སོང་ལས་ཐར་པ་དང་། བུ་རམ་དང་རས་མི་རབས་རེ་རེའི་བར་དུ་ཟད་མི་ཤེས་པ་བྱུང་ངོ་། །པུར་ལ་མཆོད་པ་ཕུལ་བའི་ཚེ། མེ་ཏོག་གི་ཆར་ཁ་དོག་ལྔ་ལྡན་དང་བཞི་ལྡན་བབས་པ་རྣམས་ནི། ས་ལ་མི་འབབ་པར་མིས་མི་ཟིན་ཙམ་ནས་སླར་གྱེན་དུ་ལོག་ནས་ནམ་མཁར་ཡལ་འགྲོ་ཞིང་། རེ་རེ་གཉིས་གཉིས་ས་ལ་བབས་པ་རྣམས་ཀྱང་མིས་རེག་མ་ཐག་ཡལ་འགྲོ་བ་མང་ཞིང་། མ་ཡལ་བ་རྣམས་བལྟ་བས་ཆོག་མི་ཤེས་སོ། །ཁ་དོག་གསུམ་ལྡན་མན་སྦྲང་མའི་གཤོག་པ་ལྟ་བུ་ས་ལ་ཆགས་པས་ཆུ་དབར་དུ་བོལ་ནུབ་ཙམ་དང་། ས་ཕྱོགས་གཞན་དུ་སའི་མདོག་འགྱུར་བ་ཙམ་དུ་གྱུར་ཏོ། །པུར་མཆོད་ཕུལ་ཟིན་པའི་རྗེས་སུ་ནམ་མཁའི་འཇའ་འོད་ལ་སོགས་པའི་ལྟས་རྣམས་ཇེ་ཕྲ་ཇེ་ཕྲ་ལ་སོང་ནས་ཡལ་བ་ཡིན་ཞིང་། །སྐུ་མྱ་ངན་ལས་འདས་པའི་དུས་ཆེན་རྣམས་སུ། ནམ་མཁའ་གཡའ་དག་པ་ལ་མེ་ཏོག་གི་ཆར་འཇའ་འོད་དང་དྲི་བཟང་། རོལ་མོའི་སྒྲ་ལ་སོགས་པའི་ལྟས་རྣམས་སྔར་ཇི་ལྟ་བ་བཞིན་དུ་བྱུང་ཞིང་།
གཞན་ཡང་ནམ་ཟླ་དགུན་དུ་གྱུར་ཀྱང་། ས་ལས་མེ་ཏོག་སྣ་ཚོགས་འཁྲུངས་པ་དང་། འཇིག་རྟེན་དུ་ལོ་ལེགས་དང་སྐྱ་རྒྱལ་བྱུང་ཞིང་། དུས་ཀྱི་འཁྲུག་པ་དང་ཡམས་དང་རིམས་ནད་ཞི་བ་ལ་སོགས་ཏེ། ཡ་མཚན་ཞིང་ངོ་མཚར་བའི་རྟགས་རྣམས་རྒྱས་པར་བརྗོད་ན་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་བར་འདུག་པས། ཡི་གེ་མང་བ་ལ་འཇིགས་ནས་མ་བཀོད་དོ། །དོན་དྲིལ་བ་ལ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པ་དག་པའི་ཞིང་དུ་གཤེགས་པའི་མཐར་རྣམ་ཐར་མཆོག་གི་མིག་རྐྱེན། ཐུགས་རྗེ་ཆེན་པོ་དང་སྨོན་ལམ་བཟང་པོའི་མཐུས། སློབ་རྒྱུད་རྣམས་ལ་གྲུབ་པ་ཐོབ་པའི་སྐྱེས་བུ་ནམ་མཁའི་སྐར་མ་ལྟ་བུ་དང་། ཕྱིར་མི་ལྡོག་པ་སའི་དྲེག་པ་ལྟ་བུ། ལམ་ཞུགས་ཀྱི་སྐྱེས་བུ་རྣལ་འབྱོར་ཕོ་མོ་དཔག་གིས་མི་ལང་ཞིང་། གཞལ་དུ་མེད་པ་བྱུང་བས། སངས་རྒྱས་ཀྱི་བསྟན་པ་ཉིན་མོར་བྱས་ཤིང་། སེམས་ཅན་རྣམས་གནས་སྐབས་དང་མཐར་ཐུག་གི་སྡུག་བསྔལ་རྒྱུ་འབྲས་དང་བཅས་པ་ལས་ལྡོག་ཅིང་། བདེ་བ་རྒྱུ་འབྲས་དང་བཅས་པ་ལ་བཀོད་པ་འདི་ཡིན་ནོ། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་མི་ལ་རས་པའི་རྣམ་བྱང་གི་མཛད་པ་དང་། འཕྲིན་ལས་རྣམས་རྫོགས་ནས། འགྲོ་རྣམས་ཆོས་ལ་བསྐུལ་ཕྱིར་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་ཞིང་། འཕྲིན་ལས་རྒྱ་ཆེན་པོ་སྲིད་མཐའི་
བར་དུ་རྒྱུན་མི་འཆད་པས་ནམ་མཁའ་དང་མཉམ་པའི་འགྲོ་བའི་དོན་མཛད་པའི་མཛད་པ་སྟེ་དགུ་པའོ། །རྗེ་བཙུན་རང་ལ་ཡི་དམ་མཁའ་འགྲོས་ལུང་བསྟན་པ་ལྟར་གྱི་བུ་སློབ་ལས་རས་པ་ཞི་བ་འོད་དང་མཇལ་དུས་ཀྱི་མནལ་ལྟས་ལྟར་གྱི་ཉི་མ་ལྟ་བུའི་མཉམ་མེད་དྭགས་པོ་རིན་པོ་ཆེ། ཟླ་བ་ལྟ་བུའི་གུང་ཐང་གི་རས་ཆུང་རྡོ་རྗེ་གྲགས་པ། རྒྱུ་སྐར་ལྟ་བུའི་ལྕིམ་ལུང་གི་ངན་རྫོང་སྟོན་པ་བྱང་ཆུབ་རྒྱལ་པོ། རྒྱལ་ཁྲོམ་སྨད་ཀྱི་རས་པ་ཞི་བ་འོད། མདོ་བཀྲའི་སེ་བན་རས་པ། གཉི་ཤང་གི་ཁྱི་ར་རས་པ། མུས་ཀྱི་འབྲི་སྒོམ་རས་པ༑ རག་མའི་རས་པ་སངས་རྒྱས་སྐྱབས་ཏེ་ཐུགས་ཀྱི་སྲས་བརྒྱད། གཤེན་སྒོམ་རས་པ། གླན་སྒོམ་རས་པ། མེས་སྒོམ་རས་པ། རྩ་ཕུ་རས་པ། མཁར་ཆུང་རས་པ། རོང་ཆུང་རས་པ། སྟག་སྒོམ་རས་པ་རྡོ་རྗེ་དབང་ཕྱུག་ཇོ་སྒོམ་རས་པ་དར་མ་དབང་ཕྱུག་དམ་པ་རྒྱགས་ཕུ་པ༑ ལི་སྐོར་ཕྱ་རུ་པ། ལོ་སྟོན་དགེ་འདུན། སྐྱོ་སྟོན་ཤཱཀྱ ་གུ་ན། །འབྲེ་སྟོན་བཀྲ་ཤིས་འབར་ཏེ་ཉེ་བའི་སྲས་བཅུ་གསུམ། ཐུགས་སྲས་དྭགས་པོ་རིན་པོ་ཆེ་དང་། ཉེ་བའི་སྲས་ཕྱི་མ་ལྔ་ནི་སྟོན་སྒོམ་སོ་ཐར་གྱི་ཆ་ལུགས་ཅན་ཡིན་ནོ། །མཚོ་ལྔའི་རས་ཆུང་མ། གཉའ་ནང་གི་ས་ལེ་འོད། གཅུང་གི་དཔལ་དར་འབུམ། ལྕམ་མོ་པེ་ཏ་མགོན་སྐྱིད་རྣམས་ནི་སྲས་རྣམས་ཀྱི་སྲིང་བཞི་སྟེ། །
ས་ལམ་མཐར་ཕྱིན་པའི་རྣལ་འབྱོར་ཕོ་མོ་ཉེར་ལྔ། རྫི་བོ་རས་པ་ལ་སོགས་ཏེ་སྐར་ཕྲན་ལྟ་བུའི་གནས་ལུགས་རང་ཞལ་མཐོང་བའི་རྟོགས་ལྡན་ཕྱིར་མི་ལྡོག་པ་བརྒྱ། རང་བྱུང་གི་སྒོམ་ཉམས་བཟང་པོ་འཁྲུངས་པ་གོང་འཕེལ་དུ་གྱུར་ཅིང་ལམ་ལ་དྲོད་ཐོབ་པའི་སྐྱེས་ཆེན་བརྒྱ་རྩ་བརྒྱད། འཇིག་རྟེན་འདིའི་བྱ་བ་བཏང་བའི་ཆོས་དང་མཐུན་ངེས་ཀྱི་སྒོམ་ཆེན་ཕོ་མོ་ལམ་སྣ་ཟིན་པ་སྟོང་རྩ་གཅིག་ཆོས་འབྲེལ་ཐོབ་པས་ངན་སོང་གི་ལམ་རྒྱུན་ཆད་པའི་གདུལ་བྱ་སྐལ་ལྡན་སྐྱེ་བོ་ཕལ་བ་རྩིས་ལས་འདས་པ་སྟེ་མིའི་བུ་སློབ་རྣམས་དང་། ཚེ་རིང་མཆེད་ལྔ་དང་ལིང་པ་བྲག་སྲིན་མོ་ལ་སོགས་ཏེ་དཀར་ཕྱོགས་སྐྱོང་བའི་མི་མ་ཡིན་གྱི་བུ་སློབ་དཔག་གིས་མི་ལང་བ་རྣམས་བྱུང་བ་ཡིན་ནོ། །དེ་རྣམས་ཀྱི་ནང་ནས་ཞི་བར་གཤེགས་ཚེ་བཞུགས་པ་རྣམས་པུར་གྱི་བྱ་བ་རྣམས་རྫོགས་པའི་མཐར། རྗེ་བཙུན་གྱི་བཀའ་བཞིན། ཕྱོགས་བཅུ་དབེན་པའི་རི་ཁྲོད་སོ་སོ་ལ་བྱོན་ནས་ཀུན་གྱི་སྐུ་ཚེ་དང་སྒྲུབ་པ་མཉམ་པ་ཡིན་ཞིང་། ཁྱད་པར་རས་ཆུང་པས་དྭགས་པོ་རིན་པོ་ཆེའི་སྐུ་སྐལ་རྣམས་བསྣམས་ནས་སླར་ཡང་དབུས་ཕྱོགས་སུ་བྱོན་པ་དང་། སྒམ་པོ་པ་ཡང་ཅུང་འཕྱིས་རུང་བླ་མའི་བཀའ་དྲན་ནས་ཡར་བྱོན་པ་ཡར་ལུང་ཕུ་ཤར་དུ་མཇལ་ཏེ་མཻ་ཏྲི་པའི་དབུ་ཞྭ་དང་། ཨ་ཀ་རུའི་ཕྱག་འཁར་ཕུལ། ལོ་རྒྱུས་རྣམས་བཏང་བས་ཡུག་ཅིག་ཐུགས་དྲན་མེད་དུ་སོང་བ་
བཞེངས་པའི་མཐར། བླ་མ་ལ་སྨྲེ་སྔགས་ཀྱི་གསོལ་འདེབས་མང་པོ་མཛད་པ་རྣམས། སྒམ་པོ་པའི་རྣམ་ཐར་ན་གསལ་ལོ། །སྒམ་པོ་པས་རས་ཆུང་པ་ཁོང་རང་གི་བཞུགས་གནས་སུ་གདན་དྲངས་ཏེ། བདེ་མཆོག་སྙན་བརྒྱུད་ཀྱི་ཆོས་སྐོར་རྣམས་རྫོགས་པར་གསན། རས་ཆུང་པས་ཀྱང་ཆོས་དང་ཁོང་རང་གི་སྐུ་སྐལ་རས་ཀྱི་ན་བཟའ་རྣམས་ཕུལ་ནས་ལོ་རོ་དོལ་གྱི་དགོན་པར་བྱོན་ཏེ་བཞུགས་པའི་མཐར་སྐུ་ལུས་འདི་ཉིད་ཀྱིས་མཁའ་སྤྱོད་དུ་བྱོན་པ་ཡིན་ནོ། །གཞན་ཡང་ཐུགས་སྲས་ཞི་བ་འོད་དང་ཁྱི་ར་རས་པ། སྲིང་བཞིའི་རས་ཆུང་མ་དཔལ་དར་འབུམ་ས་ལེ་འོད་རྣམས་ཀྱང་སྐུ་ལུས་འདི་ཉིད་ཀྱིས་མཁའ་སྤྱོད་དུ་བྱོན་པ་ཡིན་ཞིང་། གཞན་རྣམས་སྐུ་ཡལ་ཚུལ་བསྟན་པའི་མཐར་མཁའ་སྤྱོད་དུ་བྱོན་པ་ཡིན་ནོ། །ཐུགས་སྲས་སྐུ་ཚེ་འདི་ཉིད་ལ་མཁའ་སྤྱོད་དུ་བྱོན་པ་རྣམས་ཀྱི་ཡ་མཚན་ཞིང་ངོ་མཚར་བའི་ཆེ་བ་དང་། སྐུ་ཡལ་ཚུལ་བསྟན་པ་རྣམས་ཀྱི་སྐུ་གདུང་རིང་བསྲེལ་མཛད་པ་དང་འཕྲིན་ལས་རྣམས་ཀྱི་འབྲས་བུ་མཆོག་གིས་བསྟན་པ་དང་སེམས་ཅན་གྱི་དོན་ནམ་མཁའ་དང་མཉམ་པ་བགྱིས་པ་ཡིན་ནོ། །དེ་ལྟར་ཐུན་མོང་སྲིད་པ་འཇིག་རྟེན་པའི་མཛད་པ་གསུམ་དང་། མཆོག་གྱུར་ཞི་བ་མྱ་ངན་ལས་འདས་པའི་མཛད་པ་དགུ་སྟེ། ཡ་མཚན་ཞིང་ངོ་མཚར་བའི་མཛད་པ་བཅུ་གཉིས་ཀྱི་སྒོ་ནས། ཚེ་གཅིག་དང་ལུས་གཅིག་གིས་སྐུ་
བཞི་ཡེ་ཤེས་ལྔའི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་བརྙེས་ཏེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་བྱང་ཞིང་དག་པ་དང་། སེམས་ཅན་རྣམས་སྨིན་ཅིང་གྲོལ་བར་མཛད་པའི་སྐྱེས་བུ་མཆོག་རབ་དམ་པ་མི་ལ་བཞད་པ་རྡོ་རྗེའི་རྣམ་པར་ཐར་པ། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན། མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ལ་སྲིད་ཞིའི་དཔལ་འབྱོར་རྒྱུན་མི་འཆད་དུ་སྩོལ་བར་མཛད་པའི་དགེ་ལེགས་ཀྱི་དགའ་སྟོན་ཆེན་པོ་འདི་ཉིད། དགེ་ཞིང་བཀྲ་ཤིས་པ་དགེ་ལེགས་འཕེལ་བར་གྱུར་ཏོ། །སྐྱེས་བུ་མཆོག་རབ་རྗེ་བཙུན་མི་ལ་དེའི། །རྣམ་ཐར་ནོར་བུ་འཕྲིན་ལས་འོད་འཕྲོ་བས། །སངས་རྒྱས་ཀུན་གྱི་བསྟན་པ་ཉིན་མོར་མཛད། །སེམས་ཅན་ཀུན་གྱི་དགོས་འདོད་རེ་བ་བསྐངས། །རྒྱལ་བ་གོང་མ་མཉེས་པའི་མཆོད་མཆོག་མཛོད། །རྣམ་ཐར་ཐོག་མཐའ་སྙན་དངགས་རྒྱན་གྱིས་མཛེས། །མཁས་པ་སྤྲོས་པ་ཅན་ཚོའི་དགའ་སྟོན་མཛོད། །རྣམ་ཐར་ཚིག་གིས་དད་གུས་སྤུ་ལོང་གཡོ། །བཙུན་པོ་ངེས་འབྱུང་ཅན་ཚོའི་དགའ་སྟོན་མཛོད། །རྣམ་ཐར་དོན་གྱིས་བདེན་གཉིས་དབྱེར་མེད་སྟོན། །བཟང་པོ་ཉམས་མྱོང་ཅན་ཚོའི་དགའ་སྟོན་མཛོད། །རྣམ་ཐར་མཐོང་བས་ཆོས་བརྒྱད་སྒྲོག་ལས་གྲོལ། །བྱ་བཏང་མངོན་ཞེན་སྤངས་པའི་དགའ་སྟོན་མཛོད། །རྣམ་ཐར་ཐོས་པས་དད་པ་དབང་མེད་སྐྱེ། །
སྐལ་ལྡན་ལས་འཕྲོ་ཅན་ཚོའི་དགའ་སྟོན་མཛོད། །རྣམ་ཐར་དྲན་པས་འཁྲི་བ་བཙན་ཐབས་ཆོད། །ཀུན་མཁྱེན་ཚེ་འདིར་སྒྲུབ་པའི་དགའ་སྟོན་མཛོད། །རྣམ་ཐར་རེག་པས་དོན་གཉིས་ལྷུན་གྱིས་གྲུབ། །བསྟན་འཛིན་འགྲོ་དོན་མཛད་པའི་དགའ་སྟོན་མཛོད། །རྣམ་ཐར་བསྐྱངས་པས་རྒྱུད་པའི་དགོངས་པ་རྫོགས། །རྒྱུད་འཛིན་བཀའ་བཞིན་སྒྲུབ་ཚོའི་དགའ་སྟོན་མཛོད། །རྣམ་ཐར་ཐུགས་རྗེས་སྡུག་བསྔལ་མ་ལུས་སྐྱོབ། །ཁམས་གསུམ་སེམས་ཅན་ཀུན་གྱི་དགའ་སྟོན་མཛོད། །དགའ་སྟོན་འབྱུང་གནས་ཐུབ་བསྟན་རྒྱལ་མཚན་ཏོག་ཏུ་གྱུར་པའི་བཞད་པ་རྡོ་རྗེའི་རྣམ་ཐར་ནོར་བུ་ཚད་མེད་རྣམ་བཞིའི་དཔལ་གཟི་ལྡན་པས་འགྲོ་བ་ཀུན་ལ་སྲིད་ཞིའི་དགོས་འདོད་དགའ་སྟོན་འགྱེད་བྱེད་བཻ་ཌཱུཪྱ་དེ་ལ། ལྷག་བསམ་རྣམ་དག་མཆོད་པ་ཕུལ་ཞིང་དགོས་འདོད་སྩོལ་བར་གསོལ་བ་བཏབ་པས་འཁོར་བའི་མལ་དུ་དུག་ལྔའི་ནད་ཀྱིས་མནར་བ་རྣམས་ལ་ནད་དོ་ཅོག་གི་གཉེན་པོར་གྱུར་པ་ཡེ་ཤེས་ལྔ་ཡི་སྨན་མཆོག་ཆར་དང་ནི། ཟག་མེད་ནོར་གྱིས་ཕོངས་པར་གྱུར་ནས་སྡུག་བསྔལ་ཆེན་པོས་བྲེལ་བར་གྱུར་པའི་སེམས་ཅན་རྣམས་ལ་འདོད་ཡོན་འཕགས་པའི་ནོར་བདུན་དག་གིས་དགའ་སྟོན་བཀྱེ་བའི་དགེ་བ་མཆོག་དེས་འགྲོ་ཀུན་སྲིད་ཞིའི་དབུལ་ཕོངས་ཀུན་བསལ་ནས། མི་ལ་རས་པའི་མཚན་ཐོས་པས་ཀྱང་ཚེ་
འདིར་རྡོ་རྗེ་འཆང་དབང་ཐོབ་ནས་དཔག་མེད་བསྐུལ་བས་མཁའ་ཁྱབ་འགྲོ་ཀུན་སྐུ་བཞིའི་དཔལ་ལ་འགོད་པའི་མཐུ་དང་ནུས་པ་ཐོབ་ཕྱིར་བསྔོ་བས་བསྔོས་པ་བཞིན་དུ་གྲུབ་གྱུར་ཅིག་རྣལ་འབྱོར་གྱི་དབང་ཕྱུག་དམ་པ་རྗེ་བཙུན་མི་ལ་རས་པའི་རྣམ་པར་ཐར་པ། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་མགུར་ཆིངས་དང་བཅས་པ་འདི་ཉིད། རྗེ་བཙུན་གྱི་རྣམ་ཐར་མང་དུ་མཐོང་ནའང་། ཐུན་མོང་མ་ཡིན་པའི་སློབ་དཔོན་གྱི་ཞལ་ནས་བྱུང་བ་ཇི་ལྟ་བ་བཞིན་དུར་ཁྲོད་ཉུལ་བའི་རྣལ་འབྱོར་པ་རུས་པའི་རྒྱན་ཅན་གྱིས། ཕུར་བུའི་ལོ་སྟོན་ཟླ་འབྲིང་པོའི་ཡར་ཚེས་བརྒྱད་ལ། མ་དང་མཁའ་འགྲོ་འདུ་བའི་གནས་ཆེན་འབྲོག་ལ་ཕྱི་གངས་ཀྱི་ར་བར་དག་ཅིང་རྫོགས་པར་ཡི་གེར་བཀོད་པ་འདིས་ཀྱང་། བསྟན་པ་དང་སེམས་ཅན་ལ་ཕན་བདེ་རྒྱ་ཆེན་པོ་འཁོར་བ་མ་སྟོངས་ཀྱི་བར་དུ་འབྱུང་བར་གྱུར་ཅིག །སརྦ་མངྒ་ལཾ། །གང་ཞིག་སྙིང་སྟོབས་རྡོ་རྗེ་ལྟར་བརྟན་པའི། །རྣམ་ཐར་སྙན་པའི་དཔྱིད་དེ་ཐོས་མ་ཐག །བསྔགས་པའི་མེ་ཏོག་དང་བཅས་ནཱ་རོ་པས། །ཕྱག་བཙལ་གྱུར་ན་ཁྱོད་ལ་མི་འདུད་སུ། །དཔག་མེད་མཛད་པའི་ངོ་མཚར་བསྟན་ནས་ལོ། །བརྒྱ་ཕྲག་བཅུ་ལས་ཡང་མགོད་པར། །ཀུན་ཏུ་གྲགས་པ་འདི་ལ་འགྲན་བཟོ་དང་། །ཐུབ་པའི་དབང་པོའི་སྐྱེས་རབ་གཅིག་པུ་ལགས། །ད་དུང་ཉི་ཟླས་གར་ཁྱབ་ཡོངས་ཁྱབ་ཕྱིར། །གཅིག་ལས་དུ་མར་འཆར་བའི་ཨཱ་དར་ཤ །ང༵ག་དབ༵ང་ཡེ༵་ཤེ༵ས་རང་གྲོལ་ཐུགས་བསྐྱེད་ལས། །བྱུང་བའི་ལེགས་བྱས་འདི་དང་དུས་གསུམ་དགེས། །བདེ་
བར་གཤེགས་པ་མཆོག་གི་དགོངས་པའི་ཚོགས། །ཇི་བཞིན་གེགས་མེད་ཡོངས་སུ་རྫོགས་པ་དང་། །རབ་དཀར་རྟོགས་པའི་བ་དན་ཆེར་གཡོ་བའི། །སྙིང་པོ་དོན་གྱི་བསྟན་པའི་རྒྱལ་མཚན་ཆེ། །སྐལ་ལྡན་ལྷ་མིས་མངོན་པར་སྒྲེང་བཞིན་དུ། །མི་ནུབ་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །ཅེས་ཞི་བར་གཤེགས་པ་མཆོག་གི་དགོངས་རྫོགས་དང་། ཧོ་ལནྜའི་ངག་དབང་དངོས་གྲུབ། །དབྱིན་ཇི་ཡེ་ཤེས་མཁའ་འགྲོས་ཡོན་སྦྱར་སྐབས་འབྲུག་གསང་གླིང་མཁན་པོ་འཛི་དགོན་ནོར་གཡང་ནས་བྲིས་པ་དགེ་ལེགས་འཕེལ། །པར་འདི་ཀུ་ལུ་མུ་ན་ལི་ཅི་ཊ་རིའི་སྒྲུབ་སྡེར་བཞུགས།