Nitartha Digital Library
Tibetan
 
no previousརྒྱལ་པོ་ལུགས་ཀྱི་བསྟན་བཅོས་གཞི་སྐྱོང་བའི་རྒྱན།next

རྒྱལ་པོ་ལུགས་ཀྱི་བསྟན་བཅོས་གཞི་སྐྱོང་བའི་རྒྱན།


MR01_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་ཛ་ནཱི་ཏི་ཤཱསྟྲ་བྷཱུ་མི་པཱ་ལ་སྱཱ་ལངྐཱར་ནཱ་མ་བི་ཧ་ར་ཏིསྨ། །
རྒྱལ་པོ་ལུགས་ཀྱི་བསྟན་བཅོས་གཞི་སྐྱོང་བའི་རྒྱན་ཞེས་བྱ་བ་བཞུགས་སོ།།


MR01_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། རཱ་ཛ་ནཱི་ཏི་ཤཱསྟྲ་བྷཱུ་མི་པཱ་ལ་སྱ་ཨ་ལངྐཱ་ར་ནཱ་མ། བོད་སྐད་དུ། རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ཞེས་བྱ་བ། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རྒྱལ་མཆོག་སྟོན་པ་ཚད་མའི་སྐྱེས་བུ་དང་། །རྣམ་གྲོལ་འཇུག་ངོགས་བསྟན་པ་རིན་པོ་ཆེ། །དེ་འཛིན་འཕགས་ཚོགས་འཇིག་རྟེན་རྒྱན་གྱུར་པ། །དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ། །མཁའ་དང་མཉམ་པ་ཡེ་ཤེས་འོད་ཟེར་ཅན། །འགྲོ་བའི་ཡིད་ཀྱི་མུན་པ་རྣམ་སེལ་བ། །འཇམ་དཔལ་སྨྲ་བའི་ཉི་མ་གང་དེ་ཡིས། །སྐྱེ་རྒུའི་བློ་གྲོས་པད་ཚལ་སྐྱོང་བར་མཛོད། །རྒྱལ་དང་རྒྱལ་སྲས་འཕགས་པ་ཆེན་པོ་རྣམས། །བསམ་བཞིན་སྐྱེ་རྒུའི་མགོན་དུ་ལེགས་བཞུགས་པ། །ལྷ་དང་མི་ཡི་


MR01_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་མཆོག་རྣམས་དང་། །འཇིག་རྟེན་སྐྱོང་བའི་ཚོགས་ཀྱིས་ཤིས་པར་མཛོད། །གང་འདིར་ཕན་དང་བདེ་བའི་ལེགས་ལམ་སྒོ། །དམ་པ་རྣམས་ཀྱི་མཛད་པར་རག་ལས་ཕྱིར། །མི་བདག་རྣམས་དང་ཕལ་བ་དག་གིས་ཀྱང་། །དོན་གཉིས་ཡིད་བཞིན་གྲུབ་པར་བྱ་བའི་སླད། །རྒྱལ་བ་མཆོག་དང་རྒྱལ་སྲས་ཆེ་རྣམས་དང་། །མཁས་པའི་དབང་པོ་རྣམས་ཀྱི་བསྟན་བཅོས་ལས། །སྙིང་པོ་བསྡུས་ཤིང་གོ་སླའི་ངག་གིས་ནི། །གསལ་བར་ཕྱེ་སྟེ་བརྩེ་བས་བཤད་པར་བྱ། །བློ་གྲོས་རབ་ཏུ་གསལ་གྱུར་ཅིང་། །ལུགས་ལས་མི་གཡོ་བརྟན་པ་དང་། །བརྩེ་བས་འཁོར་འབངས་མཉམ་པར་སྐྱོང་། །བསོད་ནམས་རྒྱ་ཆེར་འདུ་བྱེད་པས། །ཉི་མ་ལྷུན་པོ་ས་གཞི་དང་། །ཆུ་གཏེར་ལྟ་བུར་བསྔགས་


MR01_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

འོས་པའི། །མི་བདག་གང་ན་གནས་པ་ནི། །འཁོར་གྱི་སྐྱེ་བོ་ཉེར་འཚོའི་གཞི། །མི་ཤེས་སློབ་ཕྱིར་བླང་དོར་གནས། །འཆུག་མེད་ཁྲིམས་ཀྱིས་ལེགས་འཛིན་པའི། །ས་སྐྱོང་བཟང་ན་སྐྱེ་རྒུ་བདེ། །ངན་ན་འཁོར་འབངས་སྡུག་བསྔལ་འཐོབ། །དེ་ཕྱིར་སྐྱེ་བོ་ཕལ་མོ་ཆེ། །ཀུན་ལས་རྒྱལ་པོ་གཉན་པའི་ཕྱིར། །མི་དབང་རྣམས་ཀྱི་སྤྱོད་པ་ལས། །ཕན་གནོད་འབྲས་བུ་རྒྱ་ཆེར་འབྱིན། །ཀུན་གྱིས་ལྟ་ཞིང་རྟོག་པའི་གནས། །ཡིན་ཕྱིར་རྒྱལ་པོ་རྒྱལ་རིགས་ཀྱི། །སྤྱོད་པ་བཟང་ངན་ཕྲ་མོ་ཡང་། །འཇིག་རྟེན་ན་ནི་བརྗོད་ཅིང་དཔྱོད། །ས་བདག་བློ་གྲོས་ལྡན་པ་རྣམས། །ཡ་རབས་ལུགས་ལ་ཤིན་ཏུ་མོས། །འོད་ཟེར་སྟོང་དང་ལྡན་པ་ཡི། །ཉི་མ་འཇིག་རྟེན་འདི་ན་མཛེས། །ཡ་རབས་དམ་པའི་ཚུལ་ལ་ནི། །མི་མོས་གདོལ་བའི་སྤྱོད་པ་ཅན། །ཕལ་པ་ཡིན་ཡང་མི་མཛེས་ན། །རྒྱལ་པོའི་རིགས་ལ་སྨོས་ཅི་དགོས། །རིགས་ངན་སྐྱེ་བོའི་ཚོགས་རྣམས་དང་། །ལྷན་ཅིག་སྤྱོད་པ་འདྲེས་གྱུར་ན། །སུས་ཀྱང་བཀུར་བར་མི་འགྱུར་ཞིང་། །བརྙས་བཅོས་མི་སྙན་རྗོད་པར་བྱེད། །དབང་དང་འབྱོར་པ་ལྡན་པ་ཡི། །རྒྱལ་རིགས་ཕལ་ཆེར་བག་མེད་པས། །མྱོས་པའི་གླང་ཆེན་བཞིན་དུ་འཁྱམས། །དེ་ཡི་འཁོར་ཀྱང་དེ་འདྲར་འགྱུར། །གཞན་ཡང་རྒྱལ་པོ་རྒྱལ་རིགས་ཀྱི། །སྤྱོད་པ་བཟང་ངན་ཅི་འདྲ་བ། །དེ་འདྲའི་ཚུལ་ལ་བལྟས་ནས་སུ། །འབངས་རྣམས་དེ་དང་དེ་འདྲ་སྟེ། །རྒྱལ་པོ་ནོར་ལ་བསྐམས་


MR01_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ན། །ནོར་གྱིས་རྒྱལ་ཁྲིམས་བསླུ་བར་རྩོམ། །མི་བདག་གཡེམ་ལ་དགའ་གྱུར་ན། །འཕྱོན་མའི་ཚོགས་རྣམས་མགོ་འཕང་མཐོ། །ཕྲ་མར་ཉན་ན་དབྱེན་གྱིས་གཏོར། །བརྟག་དཔྱད་མི་ཤེས་རྫུན་གྱིས་བསླུ། །ང་ལོ་ཡང་ན་ཀུན་གྱིས་བསྐྱོད། །ངོ་དགར་བརྩི་ན་ཟོལ་ཚིག་སྨྲ། །དེ་དང་དེ་ལ་སོགས་པ་ཡི། །མི་བདག་དེ་ལ་གང་གང་གིས། །བསླུ་བར་རུང་བའི་སྐབས་མཐོང་ན། །གཡོན་ཅན་ཚོགས་ཀྱིས་ཐབས་དེ་སེམས། །མི་རྣམས་རང་འདོད་སྣ་ཚོགས་ལ། །རྒྱལ་པོ་ཀུན་གྱི་ཐུན་མོང་ཕྱིར། །རྒྱལ་པོས་བསམ་གཞིགས་མ་བྱས་ན། །ཐ་མར་རྒྱལ་སྲིད་འཇིག་པར་འགྱུར། །ཆེན་པོའི་གོ་སར་གནས་པ་ལ། །སྐྱོན་ཀྱང་ཡོན་ཏན་ཡིན་ཚུལ་དུ། །འཁོར་ངན་རྣམས་ཀྱིས་ངོ་བསྟོད་སྨྲ། །དེ་ཕྱིར་སྐྱོན་ཡོན་ཤེས་པ་དཀའ། །ལྷག་པར་རྩོད་ལྡན་སྙིགས་མའི་ཚེ། །འཁོར་གྱི་ནང་ན་མ་རབས་མང་། །སྐྱོན་ཡང་ཡོན་ཏན་ལྟར་མཐོང་ལ། །རང་འདོད་ཆེ་ཞིང་རྒྱལ་པོ་བསླུ། །ཆུས་དང་འཁོར་གྱི་བདེ་ཐབས་ལ། །བསམ་གཞིགས་བྱེད་པ་དཀོན་པའི་ཕྱིར། །རྒྱལ་པོས་ལེགས་པར་དཔྱད་ནས་སུ། །བདེན་པའི་ངག་ལས་གཞན་པ་དོར། །རྒྱལ་པོ་ནོར་གྱིས་མི་དབུལ་ཞིང་། །འཁོར་གྱི་ངོ་བསྟོད་མི་ཐོས་མིན། །ནོར་གྱིས་བསླུ་དང་ངོ་བསྟོད་དང་། །ཟོལ་ཚིག་རྣམས་ལ་དགའ་མི་བྱ། །རྒྱལ་རིགས་རྣམས་ཀྱིས་རྣམ་ཀུན་ཏུ། །འདི་ལྟར་བསམ་གཞིགས་བཏང་བྱ་སྟེ། །འཁོར་དུ་གཏོགས་


MR01_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྱེ་རྒུ་འདིའི། །བདེ་སྡུག་བདག་ལ་རག་ལས་ཤིང་། །འདི་ཀུན་བདག་གིས་འཆོས་དགོས་ན། ཐོག་མར་བདག་གིས་རིགས་པ་དང་། །མི་རིགས་གང་ཡིན་མ་ཤེས་པར། །སྐྱེ་རྒུའི་བླང་དོར་བྱ་བ་ལ། །རང་ཉིད་དཔང་པོར་མི་འོས་པས། །རྒྱལ་བ་མཆོག་དང་རྒྱལ་སྲས་ཀྱི། །རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ལས། །ཇི་སྐད་གསུངས་པ་མཉན་པར་བྱ། །ཐོས་པའི་དོན་ལ་རྩེ་གཅིག་ཏུ། །བརྟགས་ནས་ཡིད་ཆེས་རྙེད་གྱུར་ཚེ། །བདག་ནི་སྐྱེ་རྒུ་སྐྱོང་བ་ཡི། །མགོན་དང་མིག་ཏུ་བསྔགས་པས་ན། །ཕལ་ལས་མཆོག་ཏུ་མ་གྱུར་ནའང་། །དམན་དང་མཉམ་པ་ག་ལ་ཞེས། །བདག་ལ་རྟོགས་ཤིང་བག་ཡོད་པའི། །མི་བདག་དེ་ནི་དོན་དང་ལྡན། །ས་སྐྱོང་ཡོན་ཏན་ལྡན་གྱུར་ན། །འཁོར་གྱི་སྐྱེ་བོའི་ཚོགས་རྣམས་ཀྱང་། །རང་འདོད་མ་རབས་བྱ་བ་ལ། །འཇུག་པའི་གོ་སྐབས་འགག་པར་འགྱུར། །ཡོན་ཏན་གང་ཡང་མི་འཚོལ་བར། །རིགས་ཀྱི་ང་རྒྱལ་ཙམ་ཞིག་གིས། །རང་གི་འཁོར་ལ་འཚེ་བ་ནི། །རྒྱལ་རིགས་ཡིན་ཀྱང་ཐ་མར་ཉམས། །རྒྱལ་པོའི་མངའ་ཐང་ཆེ་ཆུང་ནི། །འཁོར་གྱི་དར་རྒུད་རྗེས་སུ་འགྲོ། །དེ་ཕྱིར་འབངས་ཀྱི་བདེ་ཐབས་ལ། །ལེགས་པར་གཞིགས་པ་རྒྱལ་པོ་ཡིན། །ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། བག་ཡོད་པའི་རབ་ཏུ་བྱེད་པ་སྟེ་དང་པོའོ།། །།མི་ཡི་བདག་པོ་མཆོག་རྣམས་ཀྱིས། །ལུགས་དང་ལུགས་


MR01_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཤེས་པའི་སླད། །སྣ་ཚོགས་བསྟན་བཅོས་བསླབ་བྱ་ཞིང་། །ཡོན་ཏན་ཅན་ལ་བསྟེན་པར་བྱ། །བསྟན་བཅོས་རྣམས་ལ་མ་བྱང་ན། །བློ་གྲོས་ཆུང་ངུའི་ཤེས་པ་ཡིས། །བླང་དོར་རྒྱ་ཆེན་མི་འབྱེད་པས། །བཀའ་དང་དགོངས་འགྲེལ་བལྟ་བར་བྱ། །ཡོན་ཏན་བསླབ་པའི་དུས་ཉིད་ན། །ཆེ་ཚུགས་སྤངས་ཏེ་བླ་མ་བསྟེན། །དམ་པ་རྣམས་ལ་བསྟེན་བྱས་ན། །ཡོན་ཏན་དབྱར་གྱི་ཆུ་བཞིན་འཕེལ། །མཐོང་དང་མ་མཐོང་ཡོན་ཏན་ནི། །ཀུན་གྱི་རྩ་བ་ཤེས་རབ་ཡིན། །ཤེས་རབ་མེད་ན་ཡུལ་འཁོར་ལ། །བྱམས་པ་ཙམ་གྱིས་སྐྱོང་མི་ནུས། །ཤེས་རབ་ལྡན་པས་བརྩམས་བྱས་ན། །མི་འགྲུབ་པ་ནི་གང་ཡང་མེད། །ཤེས་རབ་སྟོབས་ཀྱིས་སངས་རྒྱས་ཀྱང་། །འགྲུབ་པར་ནུས་ན་གཞན་ལྟ་ཅི། །ཤེས་རབ་རྒྱ་ཆེར་འཕེལ་བའི་སྒོ། །ཐོས་པ་ཡིན་པ་དེ་ཡི་ཕྱིར། །འབད་དེ་ཐོས་པ་མི་འཚོལ་བར། །མནོག་ཆུང་བྱ་བས་ཅི་ཞིག་བྱ། །ཆོས་དོན་འདོད་དང་ཐར་པ་ཡི། །འབྱུང་གནས་ཆེན་པོ་རིག་པ་ཡིན། །རིག་པ་སྤེལ་བའི་གཞུང་བཟང་པོ། །བྱིན་ཀྱང་མི་མཁོ་ཕྱུགས་མིན་ནམ། །ཤེས་རབ་ལྡན་པ་གཅིག་པུས་ཀྱང་། །སྟོབས་ལྡན་དགྲ་ཚོགས་ཕམ་པར་ནུས། །འོད་ཟེར་མཆོག་ཏུ་འཕགས་པ་ཡི། །ཉི་མས་སྐར་ཚོགས་མནན་པ་བཞིན། །ཤེས་རབ་མེད་ན་འབྱོར་བ་སོགས། །ཡོད་ཀྱང་དགྲ་ཡི་གསོས་སུ་འགྲོ། །སྟོབས་དང་ལྡན་ཡང་གཞན་དབང་འགྱུར། །ལྕགས་ཀྱུས་


MR01_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

གླང་ཆེན་བཀོལ་བ་འདྲ། །གང་ཞིག་མཁས་པར་འདོད་པ་ན། །ཉི་མ་རེ་ལ་ཚིག་རེ་ཟུང་། །ཆ་ཡིས་བསགས་པར་གྱུར་པ་ན། །ཟླ་བ་ཡར་ངོ་བཞིན་དུ་འཕེལ། །མ་བསླབས་ཁ་རོག་འདུག་པ་ལ། །ལོ་བརྒྱ་སོང་ཡང་བཟང་སྐྱེད་མེད། །མཁས་པའི་སྤྱོད་ཡུལ་ཐོབ་འདོད་ན། །བརྩོན་པས་དཀའ་བ་དང་དུ་ལོངས། །བརྩོན་པ་མེད་ལ་ཡོན་ཏན་མེད། །ཡོན་ཏན་མེད་ན་དཔལ་འབྱོར་ལ། །རེ་བསྒུག་བྱེད་པ་འབྲས་མེད་དེ། །དགུན་གྱི་ལྗོན་ཤིང་ཇི་བཞིན་ནོ། །གལ་ཏེ་ཡོན་ཏན་ཡོད་གྱུར་ན། །རེ་ཞིག་རྒུད་པར་གྱུར་ཀྱང་བླ། །མི་རིང་བདེ་བའི་འབྲས་འབྱིན་ཏེ། །དཔྱིད་ཀའི་ལྗོན་ཤིང་བཟང་པོ་བཞིན། །རྒྱལ་པོ་རང་གི་ཡུལ་ན་རྩི། །ཡོན་ཏན་ལྡན་པ་ཡུལ་གཞན་བཀུར། །རྒྱལ་སྲིད་ལས་ཀྱང་དོན་ཆེ་བའི། །ཡོན་ཏན་རང་གིས་ལེན་པས་ཆོག །ཡོན་ཏན་བླང་བས་ཆོག་བཞིན་དུ། །རང་ལ་ཡོན་ཏན་མི་སྦྱོར་ཞིང་། །ཡོན་ཏན་ཅན་ལ་འཁུ་བ་རྣམས། །ཀྱེ་མ་ལས་ཀྱི་མཐུ་ཡིས་བཅོམ། །ཤེས་རབ་རྩལ་དང་བྲལ་བ་ཡི། །སྐྱེ་བོ་མང་དུ་ཚོགས་ན་ཡང་། །སེང་གེས་གླང་ཆེན་ཁྱུ་བཞིན་དུ། །བློ་ལྡན་གཅིག་གིས་ཆོམ་ལ་འབེབས། །ཕ་རོལ་སྟོབས་དང་ལྡན་གྱུར་ཀྱང་། །བློ་དང་ལྡན་ན་བཀོལ་དུ་བཏུབ། །འཐབ་ཚེ་མཁའ་ལྡིང་རྒྱལ་ན་ཡང་། །ཐ་མར་ཁྱབ་འཇུག་བཞོན་པར་བྱས། །ཤེས་རབ་རྩལ་དང་ལྡན་པ་ཡིས། །ས་རྣམས་མ་ལུས་སྐྱོང་བྱེད་པའི། །རྒྱལ་པོ་གཅིག་པུ་ཁོ་ནས་ཀྱང་། །ནོར་འཛིན་མཐའ་དག་བདག་གིར་


MR01_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ནུས། །ཤེས་རབ་མར་མེ་ཐོགས་གྱུར་ན། །རྒུད་པའི་མུན་པ་དེར་མི་གནས། །གཙུག་ལག་ཤེས་པའི་བློ་གྲོས་ཅན། །ཉི་མ་བཞིན་དུ་འཇིག་རྟེན་རྒྱན། །ཆོས་དང་སྲིད་ཀྱི་ལེགས་ཚོགས་ཀུན། །ཤེས་རབ་སྟོབས་ལ་རག་ལས་ཕྱིར། །ཐོག་མར་ཤེས་རབ་མིག་བསྒྲུབ་སྟེ། །དེ་ནས་གང་འདོད་བསྒྲུབ་པར་བྱ། །བྱ་བ་མིན་དང་བྱ་བའི་གནས། །མི་ཤེས་པ་ཡིས་དོན་ཆུང་ངུ་། །འབད་པས་བསྒྲུབས་ཀྱང་འགྲུབ་དཀའ་ན། །དོན་ཆེན་འགྲུབ་པ་ལྟ་ཅི་སྨོས། །ཕལ་པས་སྒྲུབ་པར་མི་ནུས་པ། །ཤེས་རབ་ལྡན་པས་ཐབས་ཀྱིས་འགྲུབ། །གང་པོས་མ་ཐུལ་གཅེར་བུའི་ཚོགས། །འཇམ་དཔལ་ཤེས་རབ་ལྡན་པས་བརྟུལ། །ཤེས་རབ་རྒྱ་ཆེར་འཕེལ་བ་ན། །བྱ་བ་ཀུན་ལ་ཐོགས་རྡུག་མེད། །དམུས་ལོང་སྟོང་གིས་བགྲོད་དཀའ་བའི། །ལམ་རྣམས་མིག་ལྡན་གཅིག་གིས་གཅོད། །ཤེས་རབ་ལྡན་པའི་ངག་ཙམ་གྱིས། །ཕལ་པ་རྣམས་ཀྱིས་དོན་ཆེན་འགྲུབ། །རྒྱལ་པོ་མེ་ལོང་གདོང་ཞེས་པའི། །ཚིག་ལས་གཞན་དག་བདེ་བ་ཐོབ། །མཁས་པ་ལེགས་བཤད་ཀྱིས་མི་ངོམས། །དམ་པ་ཡོན་ཏན་གྱིས་མི་ངོམས། །རྒྱ་མཚོ་ཆུ་ཡིས་ངོམས་པ་མེད། །བྱིས་པ་འདོད་ཡོན་གྱིས་མི་ངོམས། །སྐྱོན་དང་ཡོན་ཏན་འདྲེས་པ་དང་། །དུས་དང་དུས་མ་ཡིན་པ་དང་། །མཁས་དང་མི་མཁས་ཁྱད་པར་སོགས། །མཁས་པས་འབྱེད་ཀྱི་བླུན་པོས་མིན། །བསྟན་བཅོས་ཟབ་མོའི་དོན་དང་ནི། །གལ་ཆེན་གནད་ཀྱི་བྱ་བ་ལ། །སྦྱར་ཚེ་མཁས་


MR01_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བླུན་ཁྱད་པར་རྟོགས། །ལྟར་སྣང་མཁས་དང་བླུན་པོ་མཉམ། །མཁས་པས་སྐྱོན་སེལ་ཡོན་ཏན་སྒྲུབ། །བླུན་པོས་སྐྱོན་སྒྲུབ་ཡོན་ཏན་སྤོང་། །བླུན་པོས་མཁས་ལ་འཕྱ་བྱེད་ཀྱང་། །མཁས་པས་བླུན་ལ་སྙིང་རྗེ་སྐྱེ། །བླུན་པོ་ཇི་ལྟར་འབྱོར་གྱུར་ཀྱང་། །སྨྱིག་མ་འབྲུ་ཆགས་བཞིན་དུ་འཛད། །མཁས་པ་ཇི་ལྟར་རྒུད་གྱུར་ཀྱང་། །ས་བོན་གྲུང་པོ་བཞིན་དུ་འཕེལ། །མཁས་པ་ཡོན་ཏན་ལྡན་པ་རྣམས། །ལེགས་བཤད་བྱིས་པ་ལས་ཀྱང་ལེན། །བླུན་པོ་རང་མཐོང་ཆེ་བ་རྣམས། །མཁས་པ་བྱུང་ཚེ་གཞན་དུ་བྱོལ། །ལེགས་པར་བཤད་པས་མི་མགུ་ཞིང་། །ཟབ་དོན་ཐོས་ན་མི་ཉན་ལ། །དོན་ཆུང་གནས་ལ་ཆེར་བརྩོན་པ། །བླུན་པོ་རྣམས་ཀྱི་རྟགས་ཡིན་ནོ། །ཕན་པའི་གདམས་པ་ཆུད་གསོན་ཅིང་། །དམ་པ་མིན་ལ་ལྷག་པར་དད། །དམ་པའི་སྐྱེ་བོར་ཡིད་འཁུ་བ། །འདི་ཡང་བླུན་པོར་མཚོན་པའི་སྒོ། །བདེན་པར་སྨྲས་ན་ཡིད་མི་ཆེས། །གྱ་གྱུར་འཁྲིད་ན་དེ་རྗེས་འབྲངས། །ངོ་བསྟོད་ཙམ་གྱིས་མགུ་བྱེད་པ། །འདི་འདྲ་རྨོངས་པ་རྣམས་ཀྱི་རྟགས། །མཐོང་མ་ཐག་ཏུ་ཡིད་རྟོན་བྱེད། །གང་སྨྲས་པ་ལ་བདེན་པར་འཛིན། །གང་བྱུང་ལས་ལ་ནན་གྱིས་འཇུག །འདི་ཡང་བླུན་པོར་མཚོན་པའི་བརྡ། །མི་འགྲུབ་བྱ་བར་ཁས་ལེན་བྱེད། །མ་བརྟགས་གང་ཐོས་དེ་བཞིན་སྨྲ། །མ་ཤེས་དོན་ཡང་གྱ་ཚོམ་སྒྲོགས། །འདིས་ཀྱང་བླུན་པོར་ཤེས་པར་བྱེད། །མ་དྲིས་རང་གི་ཡོན་ཏན་སྨྲ། །རྒྱུ་མཚན་མེད་པར་གཞན་ལ་འཚེ། །བརྙས་ཐབས་


MR01_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅིང་རང་མཐོང་ཆེ། །འདི་འདྲ་གང་བྱུང་བླུན་པོ་ཡིན། །བླུན་པོའི་རྟགས་ལ་ཚད་མེད་ཀྱང་། །འདི་ལས་མཚོན་ཏེ་མཁས་རྣམས་ཀྱིས། །བླུན་པོའི་རང་བཞིན་ཤེས་སླ་ཞིང་། །དེ་ལས་གང་ལྡོག་མཁས་པར་ཤེས། །བླུན་པོ་ང་རྒྱལ་ཆེ་བ་དང་། །རྒྱལ་པོ་ངན་དང་ཆུང་མ་ངན། །ཡུལ་ངན་རྣམས་ནི་སྤངས་བྱས་ན། །རང་ཉིད་བདེ་བ་འཐོབ་པར་འགྱུར། །མཁས་པ་དུལ་ཞིང་བརྟན་པ་དང་། །རྒྱལ་པོ་བཟང་དང་མཛའ་བཟང་དང་། །ཡུལ་བཟང་རྣམས་ལ་བརྟེན་བྱས་ན། །བདག་ཉིད་དགའ་བ་འཕེལ་བར་འགྱུར། །དེ་ཕྱིར་མཁས་དང་བླུན་པོ་ཡི། །སྐྱོན་དང་ཡོན་ཏན་ཤེས་བྱས་ནས། །རྒྱལ་པོ་ལུགས་ལ་མཁས་པ་ཡིས། །མཁས་པའི་ཡོན་ཏན་བླང་བར་བྱ། །འཇིག་རྟེན་སྒྱུ་རྩལ་རིག་པ་དང་། །ཁྱད་པར་རྒྱལ་པོ་ལུགས་ཀྱི་གཞུང་། །བཟོ་དང་གསོ་བ་སྒྲ་ཚད་དང་། །ནང་དོན་རིག་པའི་གཞུང་ལུགས་བསླབ། །རྩིས་རིག་སྙན་ངག་སྡེབ་སྦྱོར་སོགས། །བསླབ་པར་བྱ་བ་གང་ལ་ཡང་། །རྒྱལ་རིགས་མཁས་པས་མི་སློབ་མེད། །མཁས་པ་རྒྱལ་པོའི་རྒྱན་གྱི་མཆོག །ཁྱད་པར་རྒྱལ་བའི་བཀའ་དང་ནི། །དགོངས་འགྲེལ་རྣམས་ཀྱི་དོན་བསླབས་ན། །ཤེས་པར་བྱ་བའི་གནས་རྣམས་ལ། །འཇིགས་པ་མེད་པའི་སྤོབས་པ་ཐོབ། །དེ་ལྟར་རྒྱལ་པོ་བློ་གྲོས་མཆོག་ལྡན་པ། །ས་ཡི་སྟེང་ན་མཚུངས་མེད་རྒྱན་གྱུར་ཏེ། །ས་སྟེང་མུན་པ་མཐའ་དག་འཇོམས་བྱེད་པའི། །ཉི་མ་ལས་ཀྱང་


MR01_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་འདི་འཕགས་སོ། །ཉིན་མོར་བྱེད་པས་གཞོམ་པར་མ་ནུས་པའི། །སྐྱེ་རྒུའི་ནང་གི་མུན་པ་མ་ལུས་པ། །མི་བདག་ཉི་མའི་སྣང་བས་མངོན་སེལ་ཕྱིར། །ས་སྐྱོང་དེ་ལ་ངོ་མཚར་འབུམ་དང་ལྡན། །ས་འོག་ས་སྟེང་ས་བླའི་འཇིག་རྟེན་གྱི། །བློ་ལྡན་ཡིད་ཀྱི་པད་ཚལ་ཇི་སྙེད་པ། །མི་དབང་མཁས་པའི་ཉི་མ་དེ་དང་གཉེན། །དེ་ཕྱིར་ས་གསུམ་དཔལ་དུ་ཤར་བའོ། །ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། མི་བདག་མཁས་པ་བརྟག་པའི་རབ་ཏུ་བྱེད་པ་སྟེ་གཉིས་པའོ།། །།མི་བདག་རྣམས་ཀྱི་སྤྱོད་ལམ་ནི། །ཤིན་ཏུ་བརྟགས་ཏེ་བསྒྲིམ་པར་བྱ། །གང་ཕྱིར་མ་བརྟགས་སྤྱོད་པ་ཕལ། །ཆུང་ཡང་གྲགས་པ་ཉམས་པའི་རྒྱུ། །ས་སྐྱོང་རང་གི་གནས་ཁང་དུ། །ནོར་བུ་བཞིན་དུ་སྦ་བར་བྱ། །རྒྱལ་པོ་ཁྲི་དང་མི་འབྲལ་ཞེས། །འཇིག་རྟེན་གྲགས་པ་དོན་དང་ལྡན། །མ་མཐོང་རྒྱང་ནས་རྩི་འགྱུར་ལ། །མཐོང་ཐོས་མང་ན་ཕལ་དང་འདྲ། །རྒྱལ་ཁབ་དང་ནི་རྒྱལ་པོའི་རྒྱུས། །གཞན་གྱིས་ཤེས་པར་མི་བྱའོ། །རྒྱལ་པོ་ལམ་དུ་འགྲོ་བ་ན། །དཔུང་དང་བཅས་ཏེ་ཆེ་རྟགས་ཀྱིས། །རྒྱལ་མཚན་བཞིན་དུ་ཕྱར་ཏེ་འགྲོ། །དུས་མིན་འཁྱམས་པ་ནམ་ཡང་མིན། །ང་རྒྱལ་མེད་ཀྱང་རྒྱལ་རིགས་རྣམས། །ཆེ་བའི་རྟགས་དང་འབྲལ་མི་བྱ། །ཆེ་བ་སྤངས་ནས་ཕལ་པ་བཞིན། །རྒྱུ་བ་མངའ་ཐང་ཉམས་པའི་རྟགས། །ཕྱི་ནས་ཆེ་བའི་སྤྱོད་ལམ་གྱིས། །མེ་དང་འདྲ་བར་བཟོད་དཀའ་ཡང་། །དྲུང་དུ་ཕྱིན་


MR01_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཞུན་མར་བཞིན། །དུལ་བའི་སྤྱོད་ལམ་མཁས་པས་སྤྱད། །བླ་མ་དགེ་སྦྱོང་བྲམ་ཟེ་སོགས། །བཀུར་འོས་རྣམས་ལ་ཆེར་འདུད་ཅིང་། །རིགས་ཀྱི་རྒན་རབས་བཀུར་བྱས་ན། །རྒྱལ་རིགས་རང་ཉིད་ཆེ་བ་འཐོབ། །མི་འོས་སྐྱེ་བོའི་ཆེ་ཐབས་དང་། །འོས་པའི་ཆེ་ཚུགས་ཤོར་བ་གཉིས། །སྐྱེ་བོ་ཁྲེལ་བའི་རྒྱུ་རུ་མཚུངས། །དེ་སླད་འོས་ཤིང་རིགས་པར་སྤྱད། །སེམས་ཀྱིས་བག་ཡོད་བྱས་གྱུར་ན། །ལུས་དང་ངག་གི་སྤྱོད་པ་ལ། །བཅོས་སུ་མི་བཏུབ་གང་ཡང་མེད། །དེ་བས་དུས་སུ་བག་ཡོད་བྱ། །གང་ཞིག་སྔོན་ཆད་བག་མེད་ཀྱང་། །ཕྱིས་ནས་བག་དང་ལྡན་གྱུར་ན། །སྤྲིན་བྲལ་ཟླ་བ་ལྟར་འགྱུར་ཏེ། །དགའ་བོ་མཐོང་ལྡན་ལ་སོགས་བཞིན། །སྐྱེ་བོའི་ཆ་ལུགས་ལྟས་དག་ལས། །ཕྱི་ནས་འབྱུང་འགྱུར་བཟང་ངན་མངོན། །དེ་བས་གནའ་བོ་ཡ་རབས་ཀྱི། །ལུགས་སྲོལ་དག་ལས་འདའ་མི་བྱ། །ནང་ན་ཡོན་ཏན་ཀུན་ལྡན་ཡང་། །ཆ་ལུགས་ངན་ན་ཀུན་གྱིས་བརྙས། །དེ་ཕྱིར་འབྱོར་པའི་འོས་དང་བསྟུན། །ཆས་རྒྱན་ཡ་རབས་ལུགས་སུ་བྱ། །ནོར་མེད་རྒྱན་དགའ་ཆེ་བ་དང་། །འབྱོར་ལྡན་ཧྲུལ་པོའི་ཆས་ཞུགས་པ། །གཉིས་ཀ་འཇིག་རྟེན་བཞད་གད་རྒྱུ། །དེ་ཕྱིར་རྒྱན་ཆས་འཚམས་པར་སྤྱད། །རྒྱན་ཆས་བཟང་པོས་བརྒྱན་པ་ཡི། །འཁོར་ནི་གཙོ་བོའི་ཆེ་རྟགས་འགྱུར། །རྟ་ལ་རྒྱན་གྱིས་བརྒྱན་པ་ནི། །བདག་པོ་ཉིད་ལ་མཛེས་པ་བཞིན། །སྣ་ཚོགས་སྐད་དུ་གཏམ་


MR01_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་ཀྱང་། །ཀླ་ཀློ་མགུ་བར་མི་འགྱུར་ལ། །ཀླ་ཀློ་རང་གི་སྐད་སྨྲས་ན། །དེ་ཉིད་མགུ་བར་འགྱུར་བ་བཞིན། །བསམ་པ་ཆུང་ངུའི་འཇིག་རྟེན་རྣམས། །ནང་གི་ཡོན་ཏན་མི་ཤེས་པས། །ཕྱི་ཚུལ་བཟང་པོ་འཇིག་རྟེན་དང་། །མཐུན་པར་བྱས་ན་འཇིག་རྟེན་མགུ། །དེ་ཕྱིར་སེམས་དཔའ་མཆོག་རྣམས་ལ། །འཕྱོར་པོའི་འདུ་ཤེས་མི་མངའ་ཡང་། །འཇིག་རྟེན་ཡིད་རབ་དྲང་བའི་ཕྱིར། །ཡ་མཚན་ཆ་ལུགས་སྟོན་པར་མཛད། །བློ་ལྡན་གོ་འཕང་མཐོ་གྱུར་པ། །དེ་ལྟ་དེ་ལྟར་སྤྱོད་པ་བཟང་། །ནོར་བུ་རྒྱལ་མཚན་རྩེར་མཆོད་ན། །དགོས་རྒུ་ཡིད་བཞིན་སྩོལ་བར་བྱེད། །མ་རབས་མཐོ་བའི་སར་བཞག་ན། །སྤྱོད་ངན་ཇེ་བས་ཇེ་མང་འཕེལ། །ཐེའུ་རང་ཕུག་གི་ལྷར་བསྟེན་ན། །འཁུ་ལྡོག་ཆོ་འཕྲུལ་ཇེ་ཆེར་འགྲོ། །ཀུན་སྤྱོད་ངན་པའི་སྐྱེ་བོ་རྣམས། །འཁོར་དུ་སྡུད་པར་མི་བྱ་སྟེ། །འཁོར་གཡོག་ངན་པའི་སྐྱོན་དག་གིས། །རྒྱལ་པོ་ལ་ཡང་འཕྱར་ཀ་གཏོང་། །འཁོར་བཟང་སྤྱོད་པ་བཟང་མཐོང་ནས། །སྐྱེ་རྒུ་ཀུན་ཀྱང་དགའ་བ་སྐྱེད། །དེ་ཕྱིར་ཡ་རབས་སྤྱོད་པ་ཅན། །ཁོ་ན་འཁོར་དུ་བསྡུ་བར་བྱ། །དུས་ཀྱི་དགའ་སྟོན་མ་གཏོགས་པ། །རྒྱུན་ཆགས་རྩེད་མོས་གཡེང་གྱུར་ན། །ཕལ་པ་ཡིན་ཡང་དོན་ཉམས་ན། །ཆེ་བའི་རིགས་ལ་སྨོས་ཅི་དགོས། །ཆང་གིས་སེམས་འཆལ་བག་མེད་སྐྱེ། །དེས་ནི་བླང་དོར་སྤྱོད་པ་ཉམས། །རང་བློ་མུན་པར་བྱས་པ་ལ། །བླུན་པོ་རྣམས་ཀྱིས་བདེ་བར་བསྒོམ། །ཉིན་གྱི་དུས་སུའང་


MR01_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀུན་ཏུ། །ས་བདག་རྒྱུ་བ་མི་མཛེས་ན། །མཚན་མོའི་དུས་ན་འབྱུང་པོ་བཞིན། །ཀུན་ཏུ་འཁྱམས་པ་ལྟ་ཅི་སྨོས། །ཉིན་རེ་བཞིན་ཡང་དྲན་ཤེས་ཀྱིས། །བསླབ་དང་བཟླས་སྒོམ་ཅི་ནུས་བྱ། །འབངས་ཀྱི་སྐྱེ་བོའི་དོན་ལ་བརྟག །ལེ་ལོ་བྱས་ན་དོན་ཀུན་འཆོར། །སྡིག་པའི་གྲོགས་པོ་བསྟེན་གྱུར་ན། །སྡོང་བོ་སྲིན་གྱིས་ཟོས་པ་ལྟར། །ལེགས་ཚོགས་འགྲིབ་ཅིང་ཉེས་པ་འཕེལ། །སྐྱོན་ཀུན་རྩ་བ་གྲོགས་ངན་ཡིན། །འདུས་པའི་ཚོགས་ལ་ལྟ་བ་སོགས། །འཕྱར་གཡེང་ཆེ་ན་སྡོད་མི་ཚུགས། །ཤིང་བལ་རླུང་གིས་བསྐྱོད་འདྲ་བའི། །རྒྱལ་རིགས་སྤྱོད་པ་ཇི་ལྟར་མཛེས། །དེ་ཕྱིར་མགོན་པོ་ཀླུ་སྒྲུབ་ཀྱིས། །རྒྱན་པོ་འགྱེད་དང་འདུས་ལ་ལྟ། །ལེ་ལོ་དང་ནི་སྡིག་གྲོགས་བསྟེན། །ཆང་འཐུང་མཚན་མོར་རྒྱུ་བ་ནི། །གྲགས་པ་ཉམས་པའི་རྒྱུ་དྲུག་ཅེས། །བཤེས་པའི་སྤྲིང་ཡིག་དག་ལས་གསུངས། །དེ་དག་རྣམས་ཀྱིས་མཚོན་ནས་སུ། །ཆོས་མིན་བྱ་བ་ཀུན་ཀྱང་སྤང་། །བྱ་བ་མིན་དང་བྱ་འོས་པ། །གང་ལ་ཞུགས་ཀྱང་གོམས་ནས་འཕེལ། །དེ་བས་དྲན་ཤེས་བག་ཡོད་ཀྱིས། །རང་རྒྱུད་འཆོས་ན་བཟང་པོར་འགྱུར། །སྤྱོད་པ་བག་དང་ལྡན་པ་ལ། །མཐའ་དག་སྐྱེ་བོས་བཀུར་འགྱུར་ཞིང་། །བག་མེད་རྣམས་ཀྱང་དེ་མཐོང་ཚེ། །འཇིགས་བཅས་ཟིལ་གྱིས་གནོན་པར་འགྱུར། །འདོད་པ་ཕུང་ཁྲོལ་ཀུན་གྱི་རྒྱུ། །རྒྱལ་བས་ཀིམ་པའི་འབྲས་འདྲར་གསུངས། །འདོད་ལ་ཞེན་པ་མ་ལོག་ཀྱང་། །


MR01_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ཅང་འདོད་ཆེན་ཉིད་མི་བྱ། །ཚངས་པར་སྤྱོད་པའམ་དགེ་བསྙེན་གྱི། །ཁྲིམས་ལྡན་རྒྱལ་པོ་འཇིག་རྟེན་ན། །རྒྱུ་སྐར་དབུས་སུ་ཟླ་བ་བཞིན། །སྐྱེ་བོའི་ཀུན་དགའ་འཕེལ་བར་བྱེད། །རྒྱལ་རིགས་རང་གི་ཆུང་མ་ལས། །གཞན་ལ་ལོག་པར་གཡེམ་གྱུར་ན། །ཚེ་འདིར་གྲགས་པ་ངན་པ་དང་། །ཕྱི་མར་ངན་སོང་ལྷུང་བར་འགྱུར། །འདོད་པའི་ལྕགས་ཀྱུས་ཟིན་པ་ན། །རྒྱལ་རིགས་ཡིན་ཀྱང་གཞན་དབང་འགྲོ། །གླང་ཆེན་ལུས་སྟོབས་ལྡན་ནའང་། །མཆིལ་པས་བཏབ་ཚེ་བྲན་བཞིན་བྱེད། །འདོད་པ་རྣམས་ནི་ཆེར་བསྟེན་ན། །ཕྱིར་ཞིང་རྩྭ་ལ་མེ་བཞིན་འཕེལ། །དེ་ཡིས་དཔལ་དང་གྲགས་པ་ཉམས། །དེ་ཕྱིར་ཆོག་ཤེས་བྱས་ན་བདེ། །ས་སྟེང་འདོད་པའི་ལོངས་སྤྱོད་ཀུན། །སྐྱེ་བོ་གཅིག་ལ་བདོག་གྱུར་ཀྱང་། །ངོམས་པ་མེད་པར་སླར་ཡང་བརྐམ། །དེ་བས་འདོད་ལ་ཆོག་ཤེས་བྱ། །ཆོག་ཤེས་ལྡན་ན་འབྱོར་བའི་མཆོག །རན་ཚོད་ཟིན་ན་བྱ་བའི་རབ། །བྱ་བ་སྙོམས་ན་ཕྱི་ཐག་རིང་། །ཕན་སེམས་ཆེ་ན་རྗེ་བོའི་ཕུལ། །དེ་བས་བག་ཡོད་སེམས་ཀྱིས་སུ། །སྤྱོད་ལམ་ཀུན་ཏུ་མཛེས་བྱ་སྟེ། །སངས་རྒྱས་ཀྱིས་ཀྱང་གདུལ་བྱ་ཕལ། །སྤྱོད་ལམ་གྱིས་ནི་འདུལ་བར་མཛད། །གཉའ་ཤིང་གང་ཙམ་བལྟ་བྱས་ནས། །གོམ་པ་སྙོམས་ཤིང་དལ་བུས་འདོར། །འགྲོ་ན་ལེགས་པར་མཛེས་པ་ནི། །འཁོར་དུ་གླང་པོའི་དབང་པོ་བཞིན། །སྟན་ལ་གཡོ་མེད་དྲང་པོར་འདུག །བག་ཕེབས་དལ་བུའི་སྤྱོད་ལམ་ཅན། །


MR01_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ན་གསེར་གྱི་རི་བཞིན་དུ། །བརྟན་པར་གྱུར་ན་ཀུན་ཏུ་མཛེས། །ཟས་ཀྱི་ཚོད་ཟིན་རྒྱུག་བྲེལ་ཉུང་། །སྔ་བར་ལྡང་ཞིང་གོས་ཚགས་བཅོས། །དུས་སུ་རན་པར་སྨྲ་བ་ཡི། །མི་བདག་དེ་ནི་བདེ་བ་ལྡན། །ཁྱི་ར་བ་དང་རི་དྭགས་གཤོར། །སྨད་འཚོང་སྡུད་དང་འཁོར་མེད་པར། །དགོན་པའི་ནགས་སུ་རྒྱུ་བ་རྣམས། །རྒྱལ་པོས་ནམ་ཡང་མི་བྱའོ། །དོན་མེད་ཆུ་ཆེན་བརྒལ་བ་དང་། །སྦྲུལ་གདུག་གཅན་གཟན་སོགས་དང་རྩེ། །མི་སྲུན་རྟ་ལ་ཞོན་པ་སོགས། །བྱས་ན་རང་ཉིད་ཉམས་པ་སྲིད། །དེ་བས་རྒྱལ་པོ་རྒྱལ་རིགས་ཀྱི། །ལུས་དང་སྤྱོད་ལམ་མཐའ་དག་ནི། །བཀའ་དང་བསྟན་བཅོས་ལས་གསུངས་བཞིན། །ལེགས་པར་བསྒྲིམས་ཏེ་བསྲུང་བར་བྱ། །མཐོང་བ་ཙམ་གྱིས་དགའ་བ་རབ་སྐྱེད་པའི། །རྒྱུ་སྐར་བདག་པོ་འཆི་མེད་ལམ་ན་གནས། །སྐྱེ་རྒུའི་མིག་གི་ཡུལ་དུ་མངོན་མཛེས་པའི། །ས་ཡི་བདག་པོ་ས་སྟེང་འདིར་ནི་རྒྱུ། །འཁོར་ཚོགས་རྒྱུ་སྐར་དབུས་ན་མངོན་མཐོ་ཞིང་། །ལུགས་བཟང་ལྷ་ལམ་ཡངས་པོར་གནས་བཞིན་དུ། །ཡ་རབས་སྤྱོད་པ་བཟང་པོའི་འོད་བཟང་ཅན། །ས་ཡི་བདག་པོ་ཟླ་བ་རྒྱས་པ་འདིས། །ས་བླའི་ལྷ་རྣམས་དགའ་བ་སྐྱེད་ནུས་ན། །ས་སྟེང་མི་ཡི་འགྲོ་བ་སྨོས་ཅི་དགོས། །དེ་ཕྱིར་ས་བདག་སྤྱོད་པ་བཟང་པོ་རྣམས། །གང་དུ་བཞུགས་པའི་ཡུལ་དེར་བཀྲ་ཤིས་འཕེལ། །ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་


MR01_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ལས། སྤྱོད་པ་བརྟག་པའི་རབ་ཏུ་བྱེད་པ་སྟེ་གསུམ་པའོ།། །།འཇིག་རྟེན་འཇུག་ལྡོག་བྱ་བ་རྣམས། །ངག་གི་ལམ་ནས་ཤེས་བྱེད་ཕྱིར། །སྨྲ་བའི་ཚིག་རྣམས་གང་ལའང་། །སྐྱོན་ཡོན་བསམས་ཏེ་སྨྲ་བར་བྱ། །རེས་འགའ་མ་སྨྲས་དོན་མི་འགྲུབ། །རེས་འགའ་མི་སྨྲ་དོན་དག་བསྒྲུབ། །སྨྲ་དང་མི་སྨྲ་མ་ཤེས་ན། །སྨྲ་འཆལ་འགྱུར་ཏེ་ཉེས་པ་མང་། །ཚིག་བདེན་པ་ནི་ཡོན་ཏན་མཆོག །དེ་ཕྱིར་རྒྱལ་རིགས་བདེན་པར་སྨྲ། །བདེན་པར་སྨྲ་རྣམས་བསྟོད་བྱ་ཞིང་། །རྫུན་སྨྲ་སྨད་ཅིང་སྤང་བར་བྱ། །གསང་བར་འོས་པ་མ་བཤད་ཀྱང་། །དགོས་པའི་དབང་གིས་འགལ་བ་མེད། །དེ་མིན་ཐ་མལ་གཏམ་དག་ནི། །ཅུང་ཟད་རྫུན་ཀྱང་ཐ་ཤལ་རྟགས། །སྐྱེ་བོ་མཁས་ཤིང་དྲང་བ་ལ། །དྲང་པོར་སྨྲས་ན་མགུ་འགྱུར་ཏེ། །བླུན་ཅིང་གྱ་གྱུར་སྤྱོད་རྣམས་ལ། །ཇི་བཞིན་བཤད་ཀྱང་དགོས་པ་ཆུང་། །བྱམས་ལྟོས་ཅན་གྱི་སྐྱེ་བོ་ལ། །འཁྱོགས་བཤད་མི་བསྲེ་དྲང་པོར་བཤད། །ཁ་ནས་ཅི་འབྱུང་ཚོད་ཉུལ་ལ། །དྲང་པོར་མི་བཤད་ཅི་འོས་བརྗོད། །ཕན་གནོད་མེད་པའི་གཏམ་རྣམས་ལས། །དོན་ཆེན་ཡིད་ལ་བརྣག་པའི་ལས། །དུས་མིན་པར་ནི་ཁར་དབྱུང་ན། །ཀུན་གྱིས་ཐོས་ཤིང་དོན་མི་འགྲུབ། །ཤིན་ཏུ་གསང་བར་འོས་པ་ནི། །རང་ལས་གཞན་པ་སུ་ལའང་མིན། །མཛའ་བས་མཛའ་བར་ཚིག་སྤེལ་ནས། །ཐ་མ་རྒྱལ་ཁམས་ཁྱབ་པར་འགྱུར། །ཇི་ལྟར་མཛའ་བར་གྱུར་


MR01_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ནི། །དགོས་མེད་གསང་ཚིག་སྨྲ་མི་བྱ། །གསང་ཚིག་བུད་མེད་ལ་སྨྲས་པས། །སྐྱེ་བོ་ཕལ་ཆེར་ཉམས་ལ་ལྟོས། །ཚིག་ཀུན་མི་སྨྲ་གསང་མི་དགོས། །ཐམས་ཅད་བཤད་པར་བྱ་བའང་མིན། །དུས་ལ་བབ་ནས་གྲོས་བྱེད་ཚེ། །ཆེ་ཐབས་མི་བྱ་གནད་དོན་བརྗོད། །བསྟོད་པས་འཇིག་རྟེན་མགུ་འགྱུར་ཏེ། །ཕ་རོལ་དུའང་རང་ཉིད་བདེ། །དེ་བས་གཞན་གྱི་ཡོན་ཏན་ལ། །འཁུ་བར་མི་བྱ་བསྟོད་པར་བྱ། །གཞན་ལ་བསྟོད་པ་བྱས་གྱུར་ན། །རང་ཉིད་གཞན་གྱིས་བསྟོད་པར་བྱེད། །གཞན་ལ་ཇི་ཙམ་སྨད་བྱས་པ། །དེ་ཙམ་རང་ཉིད་གཞན་གྱིས་སྨད། །བསོད་ཆུང་ཕྲག་དོག་ལྡན་པ་རྣམས། །གཞན་ལ་སྨད་པ་འབའ་ཞིག་བྱེད། །དེ་ཡིས་གཞན་ལ་མི་གནོད་ལ། །རང་གི་གྲགས་པ་བརླག་པར་འགྱུར། །བློ་དང་བསོད་ནམས་ལྡན་པ་ཡིས། །གཞན་གྱི་ཡོན་ཏན་ཆུང་ངུ་ལའང་། །སྙན་པར་སྨྲ་ཞིང་ལེགས་པར་བརྗོད། །དེ་ཡིས་རང་ཉིད་སྙན་གྲགས་འཐོབ། །བསྟོད་བསྔགས་འཇིག་རྟེན་རྒྱན་ཡིན་ཀྱང་། །བླུན་པོ་ང་རྒྱལ་ཅན་ལ་དུག །རྫུན་དང་འདྲེས་པའི་ཟོལ་ཚིག་གིས། །སུ་ལ་ཡང་ནི་བསྟོད་མི་བྱ། །དངོས་སུ་བསྟོད་ཅིང་ལྐོག་ཏུ་སྨད། །ལྕེ་གཉིས་སྦྲུལ་དང་མཚུངས་པ་ཡི། །སྐྱེ་བོ་ངན་པ་ཅིར་མི་རུང་། །དོན་ལྡན་སྨྲ་བ་འཇིག་རྟེན་རྒྱན། །སྦྱིན་སོགས་ཕན་པ་རྒྱ་ཆེ་ཡང་། །ཚིག་རྩུབ་སྨྲས་ན་གཞན་ཡིད་ལྡོག །མ་བྱིན་མ་ཕན་མ་


MR01_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱངས་ཀྱང་། །སྙན་པར་སྨྲ་བས་འཇིག་རྟེན་སྡུད། །མ་བཏབ་གནད་དུ་ཟུག་པའི་མཚོན། །མ་འཐུང་ཁོང་དུ་སོང་བའི་སྨན། །མ་ཟོས་ཡིད་འཕྲོག་སྦྲང་རྩིའི་རོ། །ཚིག་གི་ཁྱད་པར་རྣམས་ལ་ཡོད། །དགྲ་དང་གཉེན་དུ་གྱུར་པ་ཕལ། །བྱ་བ་གཞན་ལས་བྱུང་བ་ཉུང་། །ཚིག་ལས་བྱུང་བ་ཤིན་ཏུ་མང་། །དེ་ཕྱིར་ཚིག་རྣམས་བརྟགས་ཏེ་སྨྲ། །དུས་སུ་མ་བབ་པ་ཡི་གཏམ། །གང་སྨྲ་དེ་ལ་ཀུན་གྱིས་བརྙས། །དུས་སུ་བབས་ཤིང་འཐད་པ་ཡི། །ངག་ཚིག་བཟང་པོས་རང་གཞན་ཕན། །ཆར་གྱི་རྒྱུན་ཆེན་ཕབ་ན་ཡང་། །སྣོད་ཆུང་ནང་དུ་ཇི་ལྟར་ཆུད། །བློ་རྒྱུད་དམན་ལ་གདམས་བྱས་ཀྱང་། །ཕན་པ་རྒྱ་ཆེར་འབྱུང་མི་སྲིད། །བློ་བཟང་དམ་པའི་སྐྱེས་བུ་ལ། །ཟུར་ཙམ་སྨྲས་ཀྱང་ཕན་པ་ཆེ། །ཕན་ཚིག་སྨན་དང་འདྲ་བ་དེ། །བཤད་དང་ཉན་པར་བྱེད་པའང་དཀོན། །དབྱེ་ཕྱིར་ཕྲ་མའི་ངག་རྣམས་ནི། །སྨྲ་བ་ལྟ་ཅི་མཉན་མི་བྱ། །གལ་ཏེ་མཉན་པར་འོས་པ་ལའང་། །བརྟགས་ཤིང་ངེས་པའི་བར་དུ་བསྒུག །ཚིག་རྩུབ་མང་ན་འཁོར་རྣམས་འབྱེར། །རྫུན་གྱིས་རང་གཞན་ཐམས་ཅད་ཕུང་། །འཁྱལ་བའི་ངག་གིས་དོན་ཉམས་སྡུད། །དེ་ཕྱིར་དེ་དག་སྤང་བར་བྱ། །འདི་ལས་བརྩམས་ཏེ་ངག་རྣམས་ལ། །སྐྱོན་དང་ཡོན་ཏན་རབ་མང་པོ། །སོ་སོར་ཤེས་པར་བྱས་ནས་སུ། །སྨྲ་དང་མི་སྨྲ་ཤེས་པར་བྱ། །རྒྱལ་ཁམས་ཆེ་ལ་བཟང་ངན་གྱི། །སྐྱེ་བོ་སྣ་ཚོགས་ཡོད་པའི་ཕྱིར། །བླུན་


MR01_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་མི་སྲུན་གྱུར་རྣམས་ལ། །ཕན་པའི་ཚིག་གིས་གདུལ་དཀའ་ཡང་། །རྒྱལ་ཁྲིམས་དྲང་པོའི་ཐིག་བཏབ་ནས། །འདི་ལས་འགལ་བར་གྱུར་རྣམས་ལ། །ཆད་པ་འདི་ལྟར་འབྱུང་ངོ་ཞེས། །རྣ་བའི་ཡུལ་དུ་ཐོས་པར་བསྒྲག །ཅི་ནས་བཅོས་སུ་མེད་རྣམས་ལ། །འོས་པའི་ཆད་པ་མ་བཅད་ན། །མི་སྲུན་འཕེལ་བས་རྒྱལ་ཁམས་འཇིག །དེ་བས་དང་པོར་སྨྲས་བཞིན་བྱ། །འཁོར་འབངས་གང་ཕན་སྐྱོང་བ་སོགས། །རྒྱལ་པོའི་ཆུས་ལ་ཕན་པའི་མི། །གང་ཡིན་ཤེས་ནས་དེ་དག་ལ། །ཕན་པའི་ཚིག་གིས་བསྔགས་པར་བྱ། །ལས་བྱེད་དཔོན་དུ་བསྐོས་གྱུར་ཀྱང་། །རང་འདོད་ཁོ་ནས་ཕྱོགས་བཟུང་ན། །དེ་ལ་གནད་ཀྱི་མཚང་བརྟོལ་ཏེ། །ཕྱིན་ཆད་ལས་འདི་བཟློག་ཅེས་བསྒོ། །རྒྱལ་རིགས་ཆོས་དང་ལྡན་པ་རྣམས། །འཁོར་ལ་བུ་བཞིན་བྱམས་པའི་ཕྱིར། །དང་པོར་འཇམ་པོས་བསྒོ་བ་ལས། །ཐོག་མ་ཁོ་ནར་ཚར་གཅོད་མིན། །དེ་ལྟར་བྱས་ན་སྐྱེ་བོ་ཕལ། །ལོག་པའི་ལམ་ནས་བཟློག་ཀྱང་སྲིད། །ཅིས་ཀྱང་བཟློག་པར་མ་གྱུར་ནའང་། །བདག་པོར་འཁུ་བའི་བློ་མི་འབྱུང་། །ཡ་རབས་རྣམས་ལ་བསྟོད་བྱ་ཞིང་། །མ་རབས་རྣམས་ཀྱི་མགོ་འཕང་སྨད། །དེ་ལྟར་ལེགས་ཉེས་ཤན་འབྱེད་པའི། །མི་བདག་གང་ན་ཡོད་པ་དེར། །སྐྱེ་བོ་ཡ་རབས་དགའ་འགྱུར་ཞིང་། །མ་རབས་རྣམས་ཀྱང་བག་ཡོད་འགྱུར། །ལྡོག་ན་མ་རབས་སྐྱེ་བོ་ཡིས། །ས་སྟེང་


MR01_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

གང་གྱུར་ཆུས་སྲིད་བརླག །མི་ཡི་དབང་པོས་ལེགས་བརྟགས་ནས། །སྨྲས་པའི་ཚིག་ལས་འགྱུར་མི་བྱ། །རྒྱལ་པོའི་སྨྲ་བ་ལན་གཅིག་ཅེས། །འཇིག་རྟེན་ན་ནི་ཡོངས་སུ་གྲགས། །སྔོན་བྱོན་ཆོས་ལྡན་རྒྱལ་རྣམས་ཀྱིས། །བཀའ་ལས་གང་བྱུང་དེ་མི་བཟློག །བཀའ་ཁྲིམས་ལེགས་བཅད་སླར་འགྱུར་ན། །བཀའ་ལ་རྩིས་ཐང་ཆུང་བར་འགྱུར། །སྨྲ་བའི་ངག་ལ་མཁས་པ་ཡི། །མི་བདག་དེ་ནི་འཇིག་རྟེན་ན། །ཉི་མ་བཞིན་དུ་གསལ་གྱུར་ཏེ། །དགོས་པའི་དོན་ཀུན་འགྲུབ་པར་འགྱུར། །མངོན་ཤེས་མེད་པའི་སྐྱེ་བོ་ཡིས། །འཇིག་རྟེན་ལེགས་ཉེས་རྣམ་པ་ཀུན། །ངག་ཚིག་ལ་བརྟེན་རྟོགས་པའི་ཕྱིར། །སྨྲས་པའི་ངག་ལ་ལེགས་པར་བརྟག །སྐྱེ་བོ་འདུ་ཤེས་སྣ་ཚོགས་པས། །བརྗོད་པའི་ཚིག་ཀྱང་སྣ་ཚོགས་སྨྲ། །ཕལ་ཆེར་བསམ་པ་དཀར་ན་ཡང་། །བློ་མི་གསལ་བས་གང་བྱུང་སྨྲ། །གཡོན་ཅན་རྣམས་ཀྱིས་རང་འདོད་དོན། །གྲུབ་པར་བྱ་ཕྱིར་སླུ་ཚིག་སྦྱོར། །ཕལ་ཆེར་ཕྲག་དོག་གྱ་གྱུ་ཡིས། །གཞན་ལ་གནོད་པ་འབའ་ཞིག་སྨྲ། །ལྷག་པར་སྙིགས་མའི་དུས་འདི་ན། །གཞི་མེད་རྫུན་གྱིས་རྒྱལ་ཁམས་ཕུང་། །དེ་ཕྱིར་སུ་དང་གང་གིས་ཀྱང་། །སྨྲས་ཚད་རྗེས་སུ་མི་འབྲང་ལ། །སྨྲས་ཚད་རྫུན་དུའང་མི་བཟུང་བར། །བདེན་ནམ་རྫུན་པ་གང་ཡིན་པ། །མ་གསལ་བར་དུ་ཡིད་ལ་བཞག །གསལ་བར་གྱུར་ནས་དོན་ལ་འཇུག །འབངས་ཀྱི་བདེ་སྡུག་ཞུ་ཚིག་


MR01_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །བཤད་ཚུལ་མཁས་དང་མི་མཁས་དང་། །རྒྱབ་སྐྱོར་མགོ་འདྲེན་བཟང་ངན་གྱི། །ཚིག་གི་གཡམ་ལ་མི་རྒྱུག་པར། །བདེན་རྫུན་མཐའ་ལ་བསྐྱལ་ཏེ་དཔྱད། །དེ་ཡིས་འབངས་ཀྱི་ལེགས་ཉེས་དང་། །ཞུ་བྱེད་བློན་གྱི་ངང་ཚུལ་ཤེས། །རང་ཉིད་ཁྲིམས་ལ་མཁས་པར་འགྱུར། །བླང་དོར་གནད་ལ་ཕན་པ་ཡི། །མ་ཤེས་གསར་དུ་སྦྲོན་བྱེད་ཚིག །སྨྱོན་པའི་ངག་ལས་བྱུང་ཡང་རུང་། །རང་དོན་ཤེས་པས་དེ་ཉིད་བཟུང་། །གང་ཞིག་དེ་བཞིན་བཟུང་བ་ན། །འཕྲལ་ཡུན་གནོད་པར་འགྱུར་བའི་ངག །བླ་མའི་གསུང་ལས་བྱུང་ན་ཡང་། །སྤང་བར་བྱ་ན་གཞན་ལྟ་ཅི། །ཡུལ་གྱི་བདེ་སྡུག་སྐྱོན་ཡོན་རྣམས། །ཕལ་ཆེར་དོན་མེད་ངག་ལས་གསལ། །བདེན་པའི་མི་ལ་དྲི་ཞིང་དཔྱད། །དོན་མེད་ངག་ལས་དོན་རྟོགས་མང་། །དེ་ཕྱིར་རྒྱལ་རིགས་མཁས་པ་རྣམས། །སུ་ལའང་གཏམ་གྱི་དྲི་རྨེད་དག །འགོག་པའི་ཆེ་ཐབས་མི་སྦྱོར་བར། །དུས་སུ་འདྲི་བ་མཁས་པའི་གནད། །ཁྱེད་ལ་བསྟོད་དོ་སྨད་དོ་ཞེས། །ནང་མིས་རྟོག་པ་སྣ་ཚོགས་ངག །མི་འདྲི་མི་རྨེད་བཏང་སྙོམས་བཞག །དོན་ལྡན་ཡིན་ན་འདྲི་བར་བྱ། །སྨྲས་པའི་ཚིག་ལས་སྐྱེ་བོ་ཡི། །ནང་གི་བསམ་པ་ཕལ་ཆེར་ཤེས། །དེ་ལས་བྱ་དང་མི་བྱ་བ། །འགའ་ཞིག་ཁོང་དུ་ཆུད་པར་འགྱུར། །རང་ཉིད་སྨྲ་བའི་ཚུལ་ལ་ལེགས་མཁས་ཤིང་། །གཞན་གྱིས་སྨྲས་ལ་རིགས་དང་མི་རིགས་རྟོགས། །སྨྲ་བའི་ངག་


MR01_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཚུལ་བཞིན་ལེགས་འཇུག་པ། །ངག་གི་དཔལ་མོ་ལྟ་བུར་གྲགས་པ་འཐོབ། །གཟུགས་མེད་གྱུར་ཀྱང་གཞན་ཡིད་འཕྲོག་བྱེད་ལ། །གཏོང་བ་མེད་ཀྱང་རྣམ་མང་སྐྱེ་རྒུ་སྡུད། །འོད་མེད་གྱུར་ཀྱང་ནང་གི་མུན་སེལ་བའི། །སྨྲ་བ་བཟང་པོ་ངོ་མཚར་རྣམ་མང་ལྡན། །མི་བདག་སྨྲ་ལ་མཁས་པ་འཇིག་རྟེན་ན། །ཉི་མ་ལས་ཀྱང་ཤིན་ཏུ་འོད་གསལ་ཞིང་། །སྐྱེ་རྒུའི་ཡིད་ཀྱི་མུན་པ་རྣམ་བསལ་ནས། །དགའ་སྟོན་པདྨའི་ཚལ་ཆེན་རྒྱས་པར་བྱེད། །ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། བདག་དང་གཞན་གྱི་ངག་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཞི་པའོ།། །།མི་ཡི་བདག་པོས་རང་གི་ཡུལ། །བདེ་བར་བསྲུང་བར་བྱ་བའི་ཕྱིར། །ཡ་རབས་ཚུལ་ལ་གནས་རྣམས་ལ། །ཇི་ལྟར་འོས་པའི་གོ་འཕང་སྦྱིན། །དམ་པ་དཔོན་དུ་བསྐོས་གྱུར་ན། །རང་གི་འབངས་ལ་ལྷག་པར་བྱམས། །ཚུལ་དེས་རང་གི་ཆོས་སྲིད་བརྟན། །མང་པོས་བཀུར་བའི་རྒྱལ་པོ་བཞིན། །མ་རབས་མཐོ་སར་བཞག་གྱུར་ན། །རང་གི་རིས་ལ་ལྷག་པར་འཚེ། །ཐ་མ་རང་ཉིད་བརླག་འགྱུར་ཏེ། །པགས་པ་སྔོན་པོའི་ཝ་བཞིན་ནོ། །བློ་ཁོག་ཡངས་ཤིང་ཕྱི་མཐར་བལྟ། །བླང་དོར་ཚུལ་བཞིན་དཔྱོད་ལ་མཁས། །རང་འདོད་ཆུང་ཞིང་འབངས་ལ་སེམས། །དེ་འདྲ་གང་ཡིན་བློན་པོར་འོས། །རིགས་བཟང་ངོ་ཚ་ཁྲེལ་ཡོད་ཀྱིས། །ལུས་ཚུགས་སྲུང་ཞིང་ཆོས་ལ་དཀར། །ཡིད་མཐུན་ཡ་རབས་སྤྱོད་པ་


MR01_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །རྒྱལ་རིགས་རྣམས་ཀྱི་བཙུན་མོར་འོས། །སྤྱོད་པ་བཟང་ཞིང་བསྒོ་བ་ཉན། །འཆལ་གཏམ་སྲུང་ཞིང་རྗེ་ལ་བརྩེ། །བདེན་པར་སྨྲ་བའི་སྐྱེ་བོ་རྣམས། །ནང་མི་མདུན་ན་འདོན་ལ་དབང་། །བརྡ་སྤྲོད་གཞུང་ལ་མ་རྨོངས་ཤིང་། །སྙན་ངག་ལ་སོགས་རིག་བྱེད་ཤེས། །ཡིག་གཟུགས་འབྲི་ལ་ལེགས་མཁས་པ། །སྨྱུག་འཛིན་དྲུང་ཡིག་པ་རུ་བཤད། །ལུགས་བཞིན་གཏོང་ལ་མི་འཇུངས་ཤིང་། །ནོར་རྫས་དོན་མེད་ཆུད་མི་གཟན། །དུས་ལ་སྒྲིན་ཞིང་བློ་ལྡན་པ། །མཛོད་འཛིན་ཕྱག་ཚད་བྱ་བར་འཐད། །ཁྲིམས་ལ་མཁས་ཤིང་ཕྱོགས་ལྷུང་མེད། །དྲང་ཞིང་བརྟག་དཔྱད་གཟོབ་པ་དང་། །རྒྱུ་འབྲས་བླང་དོར་ཚུལ་བཞིན་སེམས། །དེ་འདྲས་ཞལ་ལྕེ་བཅད་ན་ལེགས། །སྙིང་སྟོབས་ཆེ་ཞིང་ཞེ་གནག་ལ། །ཕ་རོལ་གནོན་པའི་སྒྱུ་ཐབས་ཤེས། །སེམས་བརྟན་འགྱར་འགྱུར་མེད་པ་རྣམས། །དམག་དཔོན་དག་གི་གོ་སར་དབང་། །བློ་གྲོས་རྒྱ་ཆེ་བསམ་པ་དཀར། །བསོད་ནམས་རྒྱས་ཤིང་ཀླུང་རྟ་དར། །ལྷ་དང་སྲུང་མ་འཁོར་གྱུར་པ། །གང་ཡིན་གྲོས་བྱེད་གྲོགས་སུ་འོས། །བསླབ་ལྡན་མང་ཐོས་རྣལ་འབྱོར་ཅན། །ཆོས་ཀྱི་བྱ་བར་གཅིག་ཏུ་གཞོལ། །ཁྲིམས་ཀྱི་ཞུ་སྣ་མི་བྱེད་པ། །དེ་འདྲ་ཡོངས་འཛིན་བླ་མར་བྱ། །རྒྱལ་པོའི་ཕོ་བྲང་དག་ཏུ་ནི། །རྩིས་རིག་རྣམས་ལ་མཁས་པ་དང་། །གསོ་དཔྱད་ཚུལ་བཞིན་ཤེས་པ་སོགས། །གཙུག་


MR01_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ལག་མཁས་རྣམས་རྒྱུན་ཏུ་བཞག །སྒོ་པ་དང་ནི་ཉུག་རུམ་པ། །བང་མི་བྲན་དང་ལས་བྱེད་སོགས། །སོ་སོའི་མཚན་ཉིད་ཇི་ལྟ་བུར། །བཤད་པ་བཞིན་དུ་བཞག་པར་བྱ། །གང་ན་རྒྱུ་འབྲས་མི་བསྣོལ་ཞིང་། །སྤྱི་ལ་སྙོམས་པའི་སེམས་ཡོད་པ། །དེ་འདྲ་དཔོན་དུ་བསྐོས་གྱུར་ན། །གྲོང་ངམ་གྲོང་ཁྱེར་དག་ཏུ་བདེ། །འདི་དག་རྣམས་ལས་བཟློག་པ་ལ། །གང་བྱུང་གོ་ས་སྟེར་གྱུར་ན། །སོ་སོའི་ལས་དོན་མི་འགྲུབ་ཅིང་། །རྒྱལ་སྲིད་དམའ་བའི་རྒྱུ་རུ་འགྲོ། དེ་ཕྱིར་མི་བདག་མཁས་པ་ཡིས། །ཡོན་ཏན་དག་གི་གོ་རིམ་བཞིན། །མི་ལ་གོ་འཕང་སོ་སོར་སྦྱིན། །སྟེས་དབང་གོ་ས་སྟེར་མི་བྱ། །ནད་ལ་གཏོང་བའི་སྨན་བཞིན་དུ། །སོ་སོའི་རང་སྐལ་ཡོན་ཏན་གནད། །ཇི་ལྟར་ཚང་པས་དོན་འགྲུབ་ཀྱི། །ཐམས་ཅད་འགྲུབ་པའི་མི་དེ་དཀོན། །སྙིགས་མའི་དུས་ཀྱི་རྒྱལ་རིགས་རྣམས། །རང་བློ་གང་ལ་འཐད་པའི་མིས། །ཅི་བྱེད་ཁ་ལོ་བསྒྱུར་ནས་སུ། །ཐ་མར་རང་གཞན་འགྱོད་པར་སྦྱོར། །ས་སྐྱོང་བློ་དང་ལྡན་པ་རྣམས། །རྟག་ཏུ་རང་དབང་ཡོད་བྱས་ནས། །གཞན་ངོའི་དབང་དུ་མི་བཏང་ཡང་། །གཞན་དག་མགུ་བར་བྱེད་ལ་མཁས། །ལུས་ཀྱི་རྒྱན་དང་བྲན་གྱི་ཚོགས། །ཇི་ལྟར་འོས་པའི་གནས་སུ་བཞག །མངགས་པའི་ཕོ་ཉ་བཟོ་ཡི་སྤྱད། །ཇི་ལྟར་འཚམས་པའི་ལས་ལ་སྦྱར། །མི་ཡི་བདག་པོའི་ལས་བྱེད་རྣམས། །གང་ཡང་རུང་བས་མི་ཆོག་གི །རྡོ་ལས་གསེར་ལྟར་བཀྲབས་


MR01_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སུ། །ཡོན་ཏན་ལྡན་པ་གཞག་པར་བྱ། །བརྒྱ་སྟོང་ནང་ནས་རེས་འགའ་ཙམ། །ཡོན་ཏན་ཆེ་ལྡན་འབྱུང་ན་ཡང་། །ཁྲོན་སྦལ་གྱིས་ནི་རྒྱ་མཚོ་བཞིན། །མི་རྣམས་ཕལ་གྱིས་དེ་མི་ཤེས། །བྱ་བའམ་སྐྱེས་བུའི་བཟང་ངན་ནི། །མངོན་དུ་གྱུར་ཚེ་སུས་ཀྱང་ཤེས། །ས་བོན་ལ་ནི་ནུས་པ་བཞིན། །སྔ་ནས་ཤེས་ན་མཁས་པ་ཡིན། །ཅང་ཤེས་རྟ་དང་སྐྱེས་བུ་མཆོག །ཕལ་པའི་ཚུལ་དང་སྦྱར་མི་རུང་། །སྐྱེ་བོ་ངན་དང་སྲིན་མོའི་གཟུགས། །ཡ་མཚན་གནས་སུ་འཛིན་མི་རུང་། །བློ་ལྡན་གཙུག་ལག་ཤེས་པ་དང་། །བསོད་ནམས་ཆེ་ཞིང་ཡ་རབས་རྣམས། །ཡུལ་གྱི་རྒྱན་དུ་གྱུར་པས་ན། །དེ་ལ་རྒྱལ་པོ་དགའ་བར་བྱ། །ཡ་རབས་ཡོན་ཏན་ཅན་ལ་དགའ། །མ་རབས་རྐུ་ཁྲམ་རྔོན་པར་དགའ། །ཆགས་ཅན་སྨད་འཚོང་མ་ལ་དགའ། །འཇུངས་པ་ཟས་དང་ནོར་ལ་དགའ། །སྙིགས་མའི་དུས་ཀྱི་རྒྱལ་རིགས་ཕལ། །བཟང་པོ་བྱེད་ལ་རྗེས་འཛིན་མེད། །ངན་བྱེད་ཚར་གཅོད་མེད་གྱུར་ཚེ། །བཟང་པོ་རྣམས་ཀྱང་ཡི་ཆད་འགྱུར། །གང་ན་མི་བདག་བཟང་པོ་ཡིས། །བཟང་བྱེད་རྣམས་ལ་ཐུགས་བརྩེ་ན། །བཟང་པོའི་ཕྱོགས་རྣམས་སྤྲོ་འགྱུར་ཞིང་། །ངན་པའང་བཟང་པོའི་ཕྱོགས་སུ་གཞོལ། །གང་ན་མི་བདག་ངན་པ་ཡིས། །ངན་པ་རྣམས་ལ་རྗེས་བརྩེ་ན། །ངན་པའི་ཕྱོགས་རྣམས་སྤྲོ་འགྱུར་ཞིང་། །བཟང་པོའང་ངན་པའི་ཕྱོགས་སུ་གཞོལ། །ལས་ཀྱི་དབང་གིས་


MR01_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོས་གཞན། །བརྩེ་བའི་གནས་སུ་གྱུར་ན་ཡང་། །ཇི་ལྟར་འོས་པར་དགའ་བྱ་ཡི། །མི་འོས་དབང་གཏད་ཅི་ལ་བྱ། །ནང་མི་འཁོར་གྱི་སྐྱེ་བོ་ཡིས། །མི་རིགས་བྱ་བ་བྱེད་ན་ཡང་། །ཤིན་ཏུ་ཚར་གཅོད་མི་བྱ་སྟེ། །འཇམ་པོའི་ཐབས་ཀྱིས་རྒྱང་དུ་འདོར། །ཉེ་བའི་འཁོར་དུ་གྱུར་རྣམས་ལ། །རྒྱུ་མཚན་ཆུང་ངུས་ཁྲོ་མི་བྱ། །འཁོར་རྣམས་བུ་བཞིན་ལེགས་བསྐྱངས་ན། །ཀུན་གྱིས་རྒྱལ་པོ་ཕ་བཞིན་སེམས། །བློན་དང་ལས་བྱེད་མི་རྣམས་ལ། །རྟག་ཏུ་བརྩེ་བས་བསྐྱང་བྱ་སྟེ། །གང་ཕྱིར་རྒྱལ་པོའི་བདེ་སྡུག་ནི། །འཁོར་གྱི་སྐྱེ་བོའི་ལག་ན་གནས། །ལས་བྱེད་རྣམས་ལ་ཅི་འོས་པའི། །ཟ་ཐང་དང་ནི་ལེགས་པའི་ལས། །བསྒྲུབས་པའི་དགའ་སྟོན་གནང་སྦྱིན་རྣམས། །རྒྱལ་པོས་དགག་པར་མི་བྱའོ། །ལེགས་བྱས་བརྗེད་པར་མི་བྱ་བར། །དྲིན་དུ་གཟོ་ཞིང་བསྔགས་པ་བརྗོད། །འཁོར་ལ་བྱམས་པས་སྙོམས་ཁྱབ་ན། །འཁོར་རྣམས་འདུ་ཞིང་དོན་ཀུན་འགྲུབ། །འཁོར་རྣམས་ཀྱིས་ཀྱང་རྒྱལ་པོ་ལ། །བུ་གཅིག་བཞིན་དུ་བརྩེ་བྱ་སྟེ། །འཁོར་གྱི་ཆེ་བ་གང་ཐོབ་པ། །རྒྱལ་པོ་ཉིད་ཀྱི་དཔལ་ལས་བྱུང་། །རྒྱལ་རིགས་མི་སྲུན་གྱུར་ན་ཡང་། །འཁོར་གྱིས་རྒྱལ་པོ་ཇི་ནུས་བསྲུང་། །མིག་ལ་ནད་ནི་བྱུང་གྱུར་ཀྱང་། །བཅོས་པར་བྱ་ཡི་འབྱིན་མི་རིགས། །བློན་དང་ཞལ་ལྕེ་གཅོད་རྣམས་ཀྱིས། །ལེགས་ཉེས་ཚུལ་བཞིན་རྟིང་གཅོད་བྱ། །གཉེན་གྱི་ངོ་དང་


MR01_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

གསུག་འབུལ་ལ། །ལྟ་ན་རྒྱལ་ཁམས་བརླག་པར་འགྱུར། །རྒྱལ་པོའི་ཆུས་ལ་མི་ལྟ་བའི། །རང་འདོད་ཆེ་དེ་བློན་ཡིན་ན། །རྐུ་དང་རྔོན་པ་སྨད་འཚོང་མ། །བློན་གྱི་གོ་སར་ཅིས་མི་དབང་། །རང་འདོད་མེད་པར་རྒྱལ་ཁམས་ལ། །ལྟ་ཞིང་སྙོམས་པ་བློན་པོ་ཡིན། །རྒྱལ་ཁམས་བདེ་བའི་ཐབས་བྱས་ན། །རང་དོན་ཕུན་ཚོགས་ཞར་ལ་འབྱུང་། །གང་ན་ཚུལ་དང་མཐུན་པ་ཡི། །བློན་པོ་རིན་ཆེན་གཅིག་ཡོད་ཀྱང་། །རྒྱལ་པོའི་ཆུས་ལ་ཕན་པས་ན། །རྒྱལ་ཁམས་དེ་ན་དེ་ཉིད་བཙུན། །མི་ལ་བཟང་ངན་སྣ་ཚོགས་ཀྱི། །སྐྱོན་ཡོན་ཁོང་ན་གནས་གྱུར་པ། །ཁ་ནས་བཤད་པ་ཅི་འདྲ་ཡང་། །ལག་གི་བྱ་བས་ངེས་པར་རྟོགས། །དེ་ཕྱིར་རྒྱལ་པོ་རྒྱལ་རིགས་ཀྱི། །ལས་བྱེད་བློན་དུ་འོས་མི་འོས། །ཡོངས་སུ་བརྟགས་ནས་འབྱེད་བྱ་ཡི། །གང་བྱུང་བྱས་ན་རྒྱལ་སྲིད་དམའ། །དེ་ལྟར་ཤེས་ནས་རྒྱལ་པོ་ཡིས། །བཟང་པོ་རྣམས་ལ་དབང་གཏད་ཅིང་། །ངན་པ་རྣམས་ལ་དབང་མི་བསྐུར། །རྒྱལ་ཁམས་བདེ་འདོད་དེ་ལྟར་བྱ། །རྒྱལ་པོ་རབ་ཏུ་གྱུར་པ་རྣམས། །ཆོས་ལ་སེམས་པ་གཙོ་བོར་བྱེད། །རྒྱལ་ཁམས་བདེ་བའི་ཐབས་ལ་བརྩོན། །དེ་ཡིས་རྒྱལ་སྲིད་ཡར་ཟླ་བཞིན། །རྒྱལ་པོ་འབྲིང་དུ་གྱུར་པ་རྣམས། །མངའ་ཐང་རྒྱས་པའི་ཐབས་ལ་སེམས། །རང་གི་སྡེ་རིས་ལེགས་པར་སྐྱོང་། །དེ་ཡིས་རྒྱལ་སྲིད་ཡུན་དུ་བརྟན། །རྒྱལ་པོ་ཐ་མར་གྱུར་པ་རྣམས། །


MR01_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

འབངས་ལ་མི་སེམས་ནོར་ལ་སེམས། །རྩ་བ་ཉམས་པའི་ཤིང་བཞིན་དུ། །དེ་ཡིས་རྒྱལ་སྲིད་མྱུར་དུ་འཇིག །འབངས་ལ་ཆད་པས་མནར་བ་ཡི། །ནོར་གྱིས་རྒྱལ་པོ་བརྔན་བྱས་པས། །མི་བདག་ངན་པ་མགུ་འགྱུར་ཏེ། །ཀྱེ་མ་སྙིགས་མའི་བློ་གྲོས་མཚར། །མི་ལ་ཆོས་ནི་གཙོ་བོ་སྟེ། །ཆོས་ཀྱིས་འདི་ཕྱི་ཀུན་ཏུ་ཕན། །དེ་འོག་མངའ་ཐང་སྙན་གྲགས་གཙོ། །དེ་ཡིས་ཚེ་འདིར་དཔལ་དང་ལྡན། །དེ་གཉིས་གཙོ་བོར་མི་བྱེད་པར། །ནོར་ལ་བལྟས་ནས་ཁྲིམས་འཕྱུགས་པ། །སྐྱེ་རྒུའི་དབང་པོར་མི་འོས་པས། །ཆེན་པོའི་གོ་སར་མི་དབང་ངོ་། །དེ་སླད་རྒྱལ་པོའམ་བློན་པོའམ། །གྲོང་གི་རྗེ་བོ་ཡིན་ཀྱང་རུང་། །འོས་ཤིང་དབང་བའི་ནོར་བླང་གི །གནས་མིན་ནོར་ལ་བསམ་མི་བྱ། །མི་ལས་ཆེ་བའི་གོ་ས་ནི། །རིན་ཆེན་གསེར་གྱིས་ཉོས་ནའང་དཀོན། །ཆེན་པོའི་གོ་སར་བཞག་པ་གང་། །དེ་ཉིད་རྒྱལ་པོའི་བདག་རྐྱེན་ཡིན། །བཀྲེན་པ་རྣམས་ལ་ཟས་གཙོ་སྟེ། །འབྱོར་ལྡན་རྣམས་ལ་རིན་ཆེན་གཙོ། །ཡ་རབས་རྣམས་ལ་གོ་འཕང་གཙོ། །དེ་ཕྱིར་གོ་ས་དེ་སྲུང་གི །གོ་ས་ཐོབ་ནས་ཕ་རོལ་ལ། །ཇི་ལྟར་ཕན་པར་འགྱུར་སྙམ་དུ། །སྦྱིན་པའི་བསམ་པ་བསྐྱེད་བྱ་ཡི། །འཕྲོག་པའི་བསམ་པ་བསྐྱེད་མི་བྱ། །གོ་འཕང་མཐོན་པོར་གནས་རྣམས་ཀྱིས། །ཕ་རོལ་ཚུལ་བཞིན་བསྐྱངས་བྱས་ན། །ཟས་ནོར་མ་བསྡུས་ངང་གིས་འདུ། །ནོར་མེད་གྱུར་ནའང་གོ་འཕང་བརྟན། །


MR01_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་ཆེན་པོའི་གོ་ས་ལ། །གནས་པ་རྣམས་ཀྱིས་ཚུལ་བཞིན་དུ། །རྒྱལ་པོའི་ཆུས་དང་རྒྱལ་ཁམས་ལ། །ཕན་པ་འབའ་ཞིག་བསམ་པར་བྱ། །ལུགས་བཞིན་བྱེད་པའི་ས་སྐྱོང་ལ། །དེ་ཡི་ཉེ་དུའི་ཚོགས་རྣམས་ཀྱིས། །སྣ་ཚོགས་བསམ་པའི་ཕྱོགས་བཟུང་བའི། །གནས་མིན་ངོ་ཆེན་ཞུ་མི་བྱ། །གལ་ཏེ་ཕ་མའམ་བླ་མས་ཀྱང་། །མི་འོས་པ་ཡི་ཞུ་སྦྱོར་ན། །རྒྱལ་པོས་དེ་ལ་གནད་བཀྲོལ་ཏེ། །ཁྲིམས་འགལ་བྱ་བ་སྐབས་མི་དབྱེ། །ཁྲིམས་དང་ལུགས་ལས་མི་འགལ་བའི། །ཕན་པ་གང་དང་ཅི་ཡིས་ཀྱང་། །གཉེན་དང་འཁོར་གྱི་སྐྱེ་བོ་ཡི། །བསམ་པ་ཡོངས་སུ་རྫོགས་པར་བྱ། །རྒྱལ་པོའི་གྲོས་སུ་གཏོགས་རྣམས་ཀྱིས། །རང་འདོད་ཕྱོགས་ཞེན་མི་སྨྲ་བར། །བཟང་ངན་བླང་དོར་བྱ་བའི་གནད། །གང་ཤེས་ཚུལ་བཞིན་ཞུ་བར་བྱ། །རྒྱལ་པོས་བླ་མར་བཟུང་རྣམས་ཀྱིས། །རྒྱལ་པོ་དེ་ཉིད་ཚེ་འདི་དང་། །ཁྱད་པར་འཇིག་རྟེན་གཞན་དག་ཏུ། །བདེ་བའི་ཐབས་ལ་ཡང་དག་བསམ། །ཆོས་མིན་བྱས་ན་མི་རིགས་ཞེས། །རྒྱལ་པོ་ལ་ནི་གཞེན་བསྐུལ་གདབ། །ཆོས་དང་མཐུན་པའི་བྱ་བ་ལ། །ཇི་ལྟར་ནུས་པར་བཀོད་པར་བྱ། །སྲོག་ལ་བབ་པའི་ཆད་ལས་སོགས། །ལུགས་དང་མི་འགལ་འགའ་ཞིག་ལས། །འཇིག་རྟེན་ཁྲིམས་ཀྱི་བྱ་བ་ལ། །ངོ་ཆེན་བླ་མས་གསུང་མི་བྱ། །བླ་མ་ཤིན་ཏུ་གཉན་པའི་ཕྱིར། །བཀའ་ལས་བཟློག་


MR01_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་རིགས་པས། །ཞུ་བ་མང་ན་རྒྱལ་པོས་ཀྱང་། །བགྱི་བར་དཀའ་བ་དག་ཏུ་འགྱུར། །དེ་ཕྱིར་བླ་མས་རྒྱལ་པོ་བསྲུང་། །རྒྱལ་པོས་བླ་མ་བསྲུང་བགྱིས་ན། །ཚེ་འདིར་ཐུགས་མཐུན་བཀྲ་ཤིས་ལ། །ཕྱི་མའི་དུས་ན་བདེ་བར་འགྱུར། །གང་ལ་རྒྱལ་པོ་ཐུགས་བརྩེ་བ། །དེ་ཡིས་རྒྱལ་པོ་དེ་ཉིད་ལ། །གང་ཕན་འབའ་ཞིག་བསྒྲུབ་བྱ་སྟེ། །བདག་ལ་ཐུགས་ནི་བརྩེའོ་ཞེས། །རང་དོན་སྣ་ཚོགས་ཞུ་སྦྱོར་གྱིས། །རྒྱལ་པོ་གནས་མིན་སྦྱོར་བྱེད་པ། །དེ་འདྲ་ཁྲེལ་མེད་ཡིན་པའི་ཕྱིར། །རྒྱལ་པོས་ཤེས་ནས་དོར་བར་བྱ། །འཁོར་དང་བཅས་ཏེ་རྒྱུད་དག་པ། །བཟང་པོའི་གསེར་དང་མཚུངས་རྣམས་ཀྱིས། །སྐྱེ་རྒུ་སྐྱོང་བའི་ཐབས་བསྟན་པའི། །ལུགས་ཀྱི་བསྟན་བཅོས་བརྟག་པར་བྱ། །དེ་ལྟར་རྒྱལ་རིགས་བསོད་ནམས་ལྡན་པ་ཡིས། །བློ་གྲོས་སྟོབས་ཀྱིས་སྐྱེ་བོ་ལེགས་བརྟགས་ནས། །ཡོན་ཏན་ལྡན་པའི་འཁོར་གྱིས་ལེགས་མཛེས་པ། །སཱ་ལའི་ཤིང་ཆེན་བཞིན་དུ་མངོན་པར་མཐོ། །འཁོར་བཟང་དག་དང་ངེས་པར་ལྡན་གྱུར་ན། །དམན་པའི་མི་ཡང་རྒྱལ་རིགས་ཆེ་དང་མཉམ། །རྒྱལ་པོ་བཟང་ཞིང་འཁོར་ཡང་བཟང་གྱུར་ན། །ཡངས་པའི་ས་ཆེན་དཔུང་པས་འཛིན་པར་ནུས། །རྒྱལ་པོ་གཅིག་པུས་ས་རྣམས་མཐའ་དག་གི །སྐྱེ་རྒུའི་ལེགས་ཉེས་གཏན་ལ་དབབ་པར་དཀའ། །འཁོར་ཚོགས་བཟང་པོ་འཁོར་དུ་བསྡུ་བྱས་ན། །འཁོར་གྱི་དཀྱིལ་འཁོར་ཀུན་ཏུ་དགེ་བར་འགྱུར། །མི་ཡི་བདག་པོས་


MR01_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རྣམས་ལེགས་བསྐྱང་ཞིང་། །འཁོར་གྱི་སྐྱེ་རྒུས་རྗེ་ལ་མངོན་མཆོད་པ། །དེ་དང་ལྷན་ཅིག་བདེ་དང་སྐྱིད་པ་ཡིས། །རྒྱལ་ཁམས་ཕྱུར་བུར་གང་བ་བཞིན་དུ་འགྱུར། །ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། འཁོར་གྱི་སྐྱེ་བོ་བརྟག་པའི་རབ་ཏུ་བྱེད་པ་སྟེ་ལྔ་པའོ།། །།ཐབས་ཀྱི་རྣམ་འཕྲུལ་བསྟན་པའི་མདོར། །བྱང་སེམས་བདག་ཉིད་ཆེན་པོ་གང་། །མུ་སྟེགས་འདུལ་བའི་གཟུགས་བཟུང་བ། །བདེན་པར་སྨྲ་བའི་སྐྱེས་བུ་ལ། །མི་བདག་གཏུམ་པོ་རབ་སྣང་གིས། །རྒྱལ་པོ་རྣམས་ཀྱིས་སྐྱེ་རྒུ་ནི། །ཇི་ལྟར་བསྐྱང་བར་བྱ་ཞེས་སུ། །དྲིས་ཤིང་བསྟན་པའི་དོན་རྣམས་ནི། །གསལ་བར་འདི་རུ་བརྗོད་བྱ་ན། །མི་བདག་རྣམས་ཀྱིས་གུས་པས་ཉོན། །སྐྱེ་རྒུ་ཞེས་ནི་བྱ་བ་ཡང་། །ཕུང་པོ་ལྔ་སྟེ་འདི་ལ་གཉིས། །སྐྱེ་བ་བཞིས་བསྡུས་སེམས་ཅན་དང་། །འབྱུང་ལྔས་བསྡུས་པ་སྣོད་ཀྱི་ཁམས། །སྐྱོང་ཚུལ་རང་རང་ལས་དང་ནི། །སྐྱེ་རྒུའི་བདག་པོས་སྐྱོང་བ་གཉིས། །དང་པོ་སྒྲ་མི་སྙན་པ་དང་། །བསྐལ་བ་དང་པོའི་མི་རྣམས་བཞིན། །ལོངས་སྤྱོད་དག་གིས་མི་ཕོངས་ལ། །ཕན་ཚུན་འཚེ་དང་རྩོད་པ་མེད། །གཞན་ཡང་བསྐལ་བཟང་དུས་ཀྱི་མི། །ཕ་མ་བཀུར་ཞིང་དགེ་ཆོས་སྤྱོད། །རྒྱལ་པོར་གདགས་པ་མེད་ན་ཡང་། །རང་རང་ལས་ཀྱིས་བདེ་བར་སྐྱོང་། །གཉིས་པ་དེ་རྣམས་མ་གཏོགས་གཞན། །


MR01_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་ལ་སྐྱེ་རྒུའི་བདག་ཅེས་བྱ། །འདི་ལ་འཁོར་ལོས་སྒྱུར་བ་དང་། །རྒྱལ་པོ་ཆེ་དང་ཁམས་ཀྱི་རྒྱལ། །རྒྱལ་ཕྲན་བཞི་ལས་འཁོར་སྒྱུར་ནི། །ཚེ་ལོ་བརྒྱད་ཁྲི་ཡན་ཆད་འབྱུང་། །མི་བདག་གསེར་གྱི་འཁོར་ལོ་ཅན། །ཀུན་གྱིས་སྤྱི་ནས་དབང་བསྐུར་བ། །མཐའ་འམ་གླིང་བཞི་ལས་རྒྱལ་ཞིང་། །དགེ་བཅུའི་ཆོས་ཀྱི་ལམ་ལ་ནི། །རང་ཉིད་གནས་ཕྱིར་ཆོས་དང་ལྡན། །གཞན་ཡང་དེར་འགོད་ཆོས་ཀྱི་རྒྱལ། །ཕྱོགས་ལས་རྒྱལ་བྱེད་འཁོར་ལོ་དང་། །བཞོན་མཆོག་ངོ་མཚར་གླང་པོ་ཆེ། །རྩེ་དགའི་མཆོག་གྱུར་བཙུན་མོ་དང་། །སྣང་བྱེད་ཡོ་བྱད་མཆོག་ནོར་བུ། །ལོངས་སྤྱོད་མཆོག་ལྡན་ཁྱིམ་བདག་དང་། །དཔའ་མཛངས་བདེ་བྱེད་བློན་པོ་མཆོག །ཤུལ་ལམ་བདེར་བགྲོད་རྟ་མཆོག་སྟེ། །རིན་ཆེན་སྣ་བདུན་དག་དང་ལྡན། །ས་རྣམས་མཐའ་དག་ཀུན་ནས་སུ། །རང་གི་རིས་སུ་ཕབ་འགྱུར་ཏེ། །ཇི་ལྟར་ཞེ་ན་ཕྱིར་རྒོལ་བས། །གནོད་མེད་སྡོ་བ་མེད་པར་ནི། །ནན་གྱིས་བགྱི་བས་འཚེ་བ་མེད། །མཚོན་གྱིས་འཚེ་དང་ཆད་པ་ཡིས། །མནར་བ་དག་ནི་མེད་བཞིན་དུ། །མི་རིགས་གསུམ་སྤང་ཆོས་མཐུན་གྱིས། །ཕྱོགས་སུ་མ་ལྷུང་སྙོམས་པས་སོ། །གང་ཞིག་གླིང་བཞིར་གནས་པ་ཡི། །རྒྱལ་པོ་རྒྱལ་ཕྲན་ཇི་སྙེད་པས། །འཁོར་ལོས་སྒྱུར་བའི་རྒྱལ་པོ་དེར། །བདག་གནས་འབྱོར་པ་དང་ལྡན་པ། །སྐྱེ་བོའི་ཚོགས་ཀྱིས་གང་བ་འདི། །བཞེས་ལ་བདག་ཅག་


MR01_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་མཛོད་དང་། །བདག་ཅག་ལྷ་ཉིད་ཞབས་འབྲིང་དུ། །མཆི་བར་འཚལ་ཞེས་འདུད་པར་བྱེད། །འཁོར་སྒྱུར་དེ་ཡིས་དེ་ཀུན་ལ། །རང་རང་མངའ་རིས་གཏོགས་པ་རྣམས། །ཆོས་དང་མཐུན་སྐྱོང་མི་མཐུན་མིན། །ཆོས་མིན་སྤྱོད་ལ་མ་དགའ་བར། །འཁོར་ཀུན་སྙོམས་པར་སྐྱོང་གྱིས་དང་། །ཁྱོད་ཀྱང་བདག་གི་ཞབས་འབྲིང་དུ། །འགྱུར་ཞེས་གནང་བ་སྦྱིན་པར་བྱེད། །དེ་ལས་གཞན་པའི་རྒྱལ་པོ་རྣམས། །རང་གི་རིགས་ལ་དབང་བའམ། །བསོད་ནམས་སྟོབས་ཀྱིས་གང་ཐོབ་པའི། །མངའ་ཡུལ་དེ་ལ་དབང་སྒྱུར་རོ། །རྒྱལ་པོ་རྣམས་ནི་ཅི་ཞིག་ལ། །གནས་ནས་སྐྱེ་རྒུ་སྐྱོང་ཞེ་ན། །འཁོར་ལོས་སྒྱུར་བ་མ་གཏོགས་གཞན། །བསྟན་བཅོས་ལ་ནི་གནས་ནས་སུ། །སྐྱེ་རྒུ་སྐྱོང་བར་བྱེད་པ་སྟེ། །ཅི་ཡི་ཕྱིར་ན་འཇིག་རྟེན་དུ། །འཁོར་ལོས་སྒྱུར་བ་བྱུང་བའི་ཚེ། །མི་རིགས་པ་གསུམ་མེད་ཕྱིར་རོ། །མི་རིགས་གསུམ་ཞེས་གང་ཞེ་ན། །མི་དགེ་བཅུ་ལ་མངོན་དགའ་བ། །ཆོས་མིན་གྱི་ནི་ཆགས་པ་ཡིན། །རང་གི་འབྱོར་པས་ཆོག་མི་ཤེས། །མི་རིགས་པ་ཡི་འདོད་ཆེན་ཉིད། །ལོག་པའི་བསྟན་བཅོས་ལ་བསྟེན་པ། །ལོག་པའི་ཆོས་ཀྱིས་འཁོར་བ་ཞེས། །དེ་ལྟར་དེ་གསུམ་སྤྱོད་པ་ཡི། །སེམས་ཅན་དེ་དུས་མ་མཆིས་པས། །དེ་ཀུན་འཁོར་ལོས་སྒྱུར་བ་དེའི། །རང་གི་ཆོས་ཀྱི་ཆེ་བས་ནི། །རྒྱལ་པོའི་སེམས་དང་བཀའ་ལས་ནི། །


MR01_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

འདའ་བ་སུ་ཡང་མི་འབྱུང་ལ། །རྒྱལ་པོའི་བྱ་བར་ཚེགས་མེད་པར། །ཀུན་ཀྱང་མཐུན་པར་གནས་པའི་ཕྱིར། །བསྟན་བཅོས་དག་ལ་མི་ལྟོས་སོ། །གང་ཚེ་ཆོས་མིན་ཆགས་པ་སོགས། །སེམས་ཅན་རྣམས་ལ་ལྡན་པའི་ཚེ། །རྒྱལ་པོ་རྣམས་ཀྱི་སེམས་ལ་ནི། །བཞག་ཅིང་ཕན་པར་བྱ་བའི་སླད། །ཐུགས་བརྩེ་མཁྱེན་པར་ལྡན་པ་ཡི། །དྲང་སྲོང་ཆེན་པོ་རྣམས་ཀྱིས་ནི། །ལུགས་དང་ལུགས་མིན་ཤེས་པའི་ཕྱིར། །རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་བྱེད། །སྐྱེ་རྒུ་སྐྱོང་བར་བྱེད་པ་ཡི། །བསྟན་བཅོས་དེ་ཡང་གང་ཞེ་ན། །མི་རིགས་པ་ཡི་ཆགས་པ་དང་། །སྡང་དང་རྨོངས་པའི་གཉེན་པོ་རུ། །མ་ཆགས་མ་སྡང་རྨོངས་མེད་དེ། །གཉེན་པོ་གསུམ་གྱི་རང་བཞིན་དང་། །རབ་དབྱེ་ཕན་ཡོན་གསུམ་དུ་སྟོན། །གཉེན་པོ་གསུམ་གྱི་ཀུན་སློང་ནི། །བག་ཡོད་པ་དང་སྙིང་རྗེ་ཡིན། །བག་ཡོད་ཅེས་པ་གང་ཞེ་ན། །མི་དབང་དེས་ནི་འདི་སྙམ་དུ། །ལོངས་སྤྱོད་མི་རྟག་སྤྲིན་ལྟར་གཡོ། །བདག་ཀྱང་འཆི་བར་འགྱུར་སྙམ་དུ། །དྲན་པ་ཉེ་བར་བཞག་ནས་སུ། །འདོད་པའི་ཉེས་དམིགས་ཤེས་བྱེད་ཅིང་། །ངེས་འབྱུང་བཙལ་བའི་ཚུལ་གྱིས་ནི། །ལོངས་སྤྱོད་དག་ལ་སྤྱོད་བྱེད་ཅིང་། །དབང་ཕྱུག་དམ་པས་དབང་བགྱིད་དོ། །སྙིང་རྗེའི་སེམས་སུ་བྱ་བ་ནི། །མ་ཐོབ་ལོངས་སྤྱོད་ཀྱིས་མི་འཚོ། །ཐོབ་ལའང་དུས་མིན་གྱིས་མི་འཚོ། །དུས་ལ་བབ་པར་གྱུར་ཀྱང་ནི། །དབུལ་ལ་གནོད་པས་


MR01_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཚོ་ཞིང་། །མུ་གེས་འཚེ་ན་གཞན་སྐྱོབ་བྱེད། །ཆོམ་རྐུན་གྱིས་ནི་འཕྲོག་པ་དགག །ཕན་ཚུན་གནོད་ཚེ་ཕན་གདགས་ཤིང་། །དབུལ་དང་མགོན་མེད་རྣམས་ལ་སྦྱིན། །མི་སྲུན་པ་ལ་ཡང་དག་པའི། །ཆད་པས་གཅོད་པར་བྱེད་པ་དེས། །སྐྱེ་རྒུ་སྐྱོང་བར་བྱ་བའོ། །མི་སྲུན་པ་ལ་ཆད་པ་ཡིས། །ཇི་ལྟར་གཅོད་པར་བྱ་ཞེ་ན། །ཡང་དག་དུས་བབ་དོན་ལྡན་དང་། །འཇལ་ཞིང་བྱམས་པ་ལྔ་ལྡན་པའི། །མི་ཡི་བདག་པོས་ཆད་པ་གཅོད། །དང་པོ་ཕ་རོལ་གཡོན་ལ་གནས། །ཆད་པའི་འོས་སུ་གྱུར་པ་སྟེ། །ཉེས་མེད་ཆད་པས་བཅད་གྱུར་ན། །ཤིན་ཏུ་ཕྱིན་ཅི་ལོག་ཏུ་འགྱུར། །གཉིས་པ་ཆད་པ་གཅོད་པ་ཡི། །མཐུ་མཆིས་གྱུར་ན་ཉེས་པ་དང་། །བསྟུན་ཏེ་ཇི་ལྟར་འོས་པར་སྦྱར། །བཟློག་ན་དུས་སུ་མ་བབ་འགྱུར། །གསུམ་པ་ཇི་ལྟར་ཁས་བླངས་པའི། །དོན་ལ་གནས་པར་བྱ་བ་ལས། །གང་བྱུང་བྱས་ན་ཁྲིམས་ཀྱི་ལུགས། །འདས་ནས་དོན་དང་མི་ལྡན་འགྱུར། །བཞི་པ་སྐྱོན་བརྗོད་ཙམ་གྱིས་ནི། །མི་འགྲུབ་ཆད་པས་གཅད་འོས་ནའང་། །བསད་དང་དབང་པོ་འབྱིན་པ་དང་། །ཡན་ལག་ཉིང་ལག་གཏུབ་མི་བྱ། །སྙིང་རྗེས་བཅིངས་དང་བཙོན་འཇུག་དང་། །བརྡེག་དང་བསྡིག་དང་གནོད་སྤྱོད་དང་། །གནས་ནས་དབྱུང་དང་ནོར་འཕྲོག་སོགས། །ཇི་ལྟར་འཚམས་པར་སྦྱར་བར་བྱ། །དེ་ལས་འདས་པར་བརླང་བྱས་ན། །ཧ་ཅང་


MR01_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བརླང་པ་ཆེ་འགྱུར་ཏེ། །རྒྱལ་པོ་སྐྱེ་རྒུ་སྐྱོང་ཡིན་པས། །མི་སྲུན་བཀུམ་པར་བྱས་གྱུར་ན། །ཁོང་ཁྲོའི་སེམས་ཀྱིས་དུས་བྱས་ནས། །ངན་སོང་དག་ཏུ་ཕལ་ཆེར་འགྲོ། །ཡུན་རིང་སྐྱེ་བ་རྣམས་སུ་ཡང་། །ཤ་མཁོན་རྗེས་སུ་འབྲེལ་བར་འགྱུར། །དབང་པོ་ཡན་ལག་བྲལ་གྱུར་ན། །ཕྱིར་ཞིང་བཅོས་སུ་མི་རུང་ལ། །དེ་ལས་གཞན་པ་བཅིང་བརྡེག་སོགས། །བཅོས་སུ་རུང་ཕྱིར་བྱ་བར་བཤད། །གལ་ཏེ་མི་སྲུན་དག་ལ་ཡང་། །སྙིང་རྗེའི་སེམས་ཀྱིས་མ་བསྲུང་ན། །སྐྱེ་རྒུ་སྐྱོང་བའི་བྱ་བ་ནི། །རྒྱལ་པོས་རྫོགས་པར་མ་བྱས་སོ། །ལྔ་པ་ཇི་ལྟར་མི་སྲུན་ལ། །སྙིང་རྗེས་བརླང་བར་བྱ་ཞེ་ན། །དཔེར་ན་བུ་ནི་མི་སྲུན་པར། །ཉེས་པ་བཟློག་སླད་ཕ་ཡིས་ནི། །གསོད་པར་བྱེད་པ་མ་ཡིན་པའི། །རྡེག་དང་སྡིགས་སོགས་བྱེད་པ་བཞིན། །གནོད་སེམས་མེད་པའི་གདུལ་ཐབས་ལ། །ཉེས་པ་ཡོད་པ་མ་ཡིན་ནོ། །དེ་ལས་ཆད་པས་གཅད་འོས་པའི། །མི་སྲུན་པ་ནི་རྣམ་ལྔ་སྟེ། །རྒྱལ་པོ་ལ་ནི་གནོད་པ་དང་། །ཕན་ཚུན་གཅིག་གིས་གཅིག་ལ་གནོད། །རྒྱལ་པོའི་བཀའ་ལ་མི་ཉན་དང་། །ལོག་པར་འཚོ་བས་འཚོ་བ་དང་། །ལོག་པར་ཞུགས་པར་གྱུར་རྣམས་ཏེ། །འཇིག་རྟེན་མི་བདེ་འཕེལ་བྱེད་པའོ། །དང་པོ་རྒྱལ་པོའི་སྲོག་དང་ནི། །བཙུན་མོ་ནོར་སོགས་བརླག་བྱེད་དང་། །ཕྱར་ཀ་གཏོང་དང་གསང་མི་ཐུབ། །ལ་སོགས་གནོད་པར་བྱེད་པ་རྣམས། །ཉེས་དང་


MR01_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བསྟུན་ལ་སྨད་ནས་སུ། །སྐྱོན་བརྗོད་པ་དང་ནོར་འཕྲོག་དང་། །བཅིང་དང་བསྐྲད་པ་ལ་སོགས་པས། །ཕྱིན་ཆད་གནོད་པ་མེད་པར་བྱ། །ཕན་ཚུན་གཅིག་ལ་གཅིག་གནོད་པ། །སྤྱོ་དང་བསྡིག་དང་གནོད་པ་དང་། །བརྡེག་དང་བཙོན་དུ་བཟུང་སོགས་ཀྱི། །ཆད་པས་ལས་དེ་འགོག་པར་བྱ། །རང་གི་མངའ་ཡུལ་གནས་ན་ཡང་། །རྒྱལ་པོའི་བཀའ་ལ་མི་ཉན་རྣམས། །ཟིལ་གྱིས་མནན་ནས་དབང་བསྒྱུར་ལ། །རང་རང་སྡེ་རིས་ལས་མི་བསྐྱོད། །རང་གི་རིས་ནས་མ་བསྐྱོད་པས། །རྒྱལ་པོར་དྲིན་དུ་གཟོ་སེམས་སྐྱེ། །འཇིགས་པས་བཀའ་ཉན་ཀུན་གྱིས་འདུད། །གྲགས་པར་འགྱུར་ཞིང་བསོད་ནམས་ཐོབ། །བྱ་བ་ཤན་པ་སྨད་འཚོང་སོགས། །སྡོམ་མིན་སྡིག་རྒྱུན་འཛིན་པ་ཡིས། །ལོག་པས་འཚོ་བར་གྱུར་རྣམས་ལ། །ཕྱིན་ཆད་འདི་འདྲ་མ་བྱེད་ཅིག །བྱས་ན་ཆད་པ་འདི་ལྟ་བུ། །གཅོད་པར་འགྱུར་ཞེས་འཇིགས་པ་དག །བསྟན་པས་བསྡིགས་ཏེ་དགག་པར་བྱ། །ཚུལ་མིན་ལྟ་བ་འཛིན་པ་དང་། །ཚུལ་ཁྲིམས་འཚོ་བ་ཉམས་ལྟ་བུ། །ལོག་པར་ཞུགས་པ་གང་ཡིན་རྣམས། །ཐབས་ཀྱིས་གཉེན་པོའི་ཕྱོགས་ལ་གཞུག །གལ་ཏེ་ལྟ་བ་ཚུལ་ཁྲིམས་དང་། །ཆོ་ག་འཚོ་བ་ཉམས་པ་གང་། །དགེ་འདུན་མཐུན་པས་སྦྱངས་བྱས་ཏེ། །བསྐྲད་པར་བགྱིས་སམ་རང་རང་གི །ཁས་བླང་ན་ཡང་དེ་བཞིན་དུ། །བསྐྲད་པར་ནུས་པར་མ་གྱུར་ན། །རྒྱལ་པོས་


MR01_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བརྟགས་ནས་སུ། །བཙུན་པའི་ཕྱོགས་ཀྱི་གྲོགས་བྱའོ། །གལ་ཏེ་དགེ་འདུན་ཕྱོགས་གཉིས་པོ། །རྩོད་པས་ཁྲིམས་སོགས་ཉམས་གྱུར་ན། །རྒྱལ་པོ་རང་ཉིད་ཆོས་ལ་ནི། །ཡང་དག་མཁས་ན་དེ་ཉིད་དམ། །ཡང་ན་ཡུལ་དེར་གནས་པ་ཡི། །དགེ་སྦྱོང་དང་ནི་བྲམ་ཟེ་གང་། །ཆོས་མཁས་ཡ་རབས་སུ་གཏོགས་པ། །བསྡུས་ནས་རྩོད་པ་དེ་སྦྱང་བྱ། །དེ་ཚེ་གང་ཞིག་རིགས་པ་དེའི། །ཕྱོགས་ཀྱི་གྲོགས་ནི་ལེགས་བགྱིས་ཏེ། །བསྡིག་དང་བསྐྲད་སོགས་གང་འོས་པས། །གཅིག་ཤོས་ལོག་ཞུགས་དེ་བཟློག་བྱ། །ཆོས་ལྡན་རྒྱལ་པོའི་ཡུལ་ཁམས་ན། །ཕ་མ་རྒས་ཚེ་མི་བཀུར་ཞིང་། །དེ་བཞིན་གཉེན་དང་བྲན་སོགས་ལ། །འོས་པའི་ཟས་ནོར་མི་སྟེར་བར། །ལས་ལ་བཀོལ་ཏེ་ངལ་འཇུག་པ། །འདི་དག་མི་སྲུན་ལྔ་པོ་དེ། །གང་གི་ཁོངས་སུ་གཏོགས་ཤེ་ན། །རང་ལ་ཕན་འདོགས་པ་དེ་ལ། །སྦྱིན་པར་འོས་པ་མི་སྟེར་བར། །རང་གིས་སྤྱོད་པར་བྱེད་པ་ནི། །ལོག་འཚོ་ཆེན་པོ་ཡིན་པས་ན། །ལོག་པར་འཚོ་བའི་མི་སྲུན་པའོ། །སློང་བའི་དགེ་སྦྱོང་བྲམ་ཟེ་ལ། །མི་སྙན་རྗོད་པར་བྱེད་པ་དང་། །མགྲོན་དུ་བོས་ནས་ཟན་གཅོད་དང་། །ཆོས་འགལ་ཟས་སྟོབ་བརྡེག་པ་སོགས། །བྱེད་པ་རིམ་གྲོ་བགྱི་འོས་ལ། །མི་བགྱི་ལོག་ཞུགས་ཆེན་པོ་སྟེ། །དེ་ཕྱིར་དེ་དང་དེ་འདྲ་རྣམས། །ལོག་ཞུགས་མི་སྲུན་ཁོངས་སུ་འདུ། །དེས་མཚོན་འོས་མིན་འཚོ་རྣམས་དང་། །རིགས་


MR01_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ངན་པའི་ལམ་ཞུགས་དག །མི་སྲུན་ཕྱི་མ་གཉིས་དག་ཏུ། །འདུ་བར་ཡོངས་སུ་ཤེས་པར་བྱ། །ཡུལ་ཁམས་གང་ན་དེ་ལྟ་བུའི། །ལོག་ཞུགས་མང་བར་གྱུར་པ་དེར། །ལྷ་རྣམས་དུས་སུ་ཆར་མི་འབེབས། །མུ་གེའི་དགོན་པ་ཉམ་ངར་འགྱུར། །མི་མ་ཡིན་པ་རྣམས་ཀྱིས་ནི། །རིམས་སོགས་གནོད་པ་སྣ་ཚོགས་གཏོང་། །ཚེ་དང་ལོངས་སྤྱོད་ནད་མེད་འགྲིབ། །དེ་ཕྱིར་དེ་བཀག་ཡུལ་དེ་དགེ། གལ་ཏེ་རྒྱལ་པོ་མི་སྲུན་པར། །གྱུར་ན་དེ་ལ་སུ་ཞིག་གིས། །ཆད་པས་གཅད་པར་འགྱུར་ཞེ་ན། །རྒྱལ་པོ་རང་གིས་རང་ཚར་གཅོད། །ཇི་ལྟར་ཞེ་ན་རང་ཉིད་ལ། །བག་མེད་སྙིང་རྗེ་མེད་གྱུར་ན། །རང་གི་ཤེས་རབ་ཀྱིས་བརྟགས་ནས། །མི་སྙན་ངན་སོང་འཇིགས་པ་བསམ། །ཆོས་ལྡན་རྒྱལ་པོས་དུས་དུས་སུ། །རང་གི་ཡུལ་ན་མཆིས་པ་ཡི། །ཡ་རབས་དམ་པར་བརྩི་བ་གང་། །དགེ་སྦྱོང་བྲམ་ཟེ་མཁས་གསལ་བ། །རིག་པ་དང་ནི་ལྡན་པ་ལ། །དགེ་བ་གང་དང་མི་དགེ་གང་། །ཅི་ཞིག་བྱས་ན་ལེགས་པ་དང་། །ཅི་ཞིག་བྱས་ན་སྡིག་འགྱུར་ཞེས། །འདྲི་ཞིང་ཆོས་སྟོན་སྐབས་དབྱེ་བྱ། །དེ་དག་གིས་ཀྱང་རྒྱལ་པོ་ལ། །གནའ་བོའི་ཚུལ་བཟང་བསྟན་པར་བྱ། །སྐབས་ཕྱེ་གྱུར་ནས་རྒྱལ་པོ་དེའི། །སྐྱོན་རྣམས་འཇམ་པོའི་ཚིག་གིས་བརྗོད། །དེ་ལྟར་ཕྱི་ཡི་བཤེས་གཉེན་དང་། །ནང་གི་རང་གི་ཤེས་སྟོབས་ཀྱིས། །བདག་ཉིད་མི་སྲུན་ཚར་བཅད་


MR01_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །སྣོད་ཀྱི་འཇིག་རྟེན་སྐྱེ་རྒུ་གང་། །ཆོས་ལྡན་རྒྱལ་པོས་སྲུང་ཚུལ་ནི། །མི་བསྲེག་མི་གཞིག་ལ་སོགས་པས། །ཇི་ལྟར་གནས་བཞིན་བསྲུང་བར་བྱ། །འདི་ལྟར་ཁྲོ་བའི་གནས་དག་ལ། །རྒྱལ་པོ་ཁྲོས་པར་གྱུར་ན་ཡང་། །གྲོང་དང་གྲོང་ཁྱེར་བསྲེག་པ་དང་། །རྫིང་འདྲལ་གནས་བཤིག་བཟའ་ཤིང་གཅོད། །ལོ་ཏོག་གཞོམ་དང་རྟེན་བཤིག་དང་། །གང་ཡང་ས་ཕྱོགས་ལེགས་བསྟར་དང་། །ལེགས་སྒྲུབ་ལེགས་བྲིས་ཉམས་དགའ་བ། །དེ་དག་གཞིག་པར་མི་རིགས་ཏེ། །དངོས་པོ་དེ་རྣམས་ཁྲོ་ཡུལ་ལས། །འགྲོ་གཞན་ཐུན་མོང་འཚོ་བར་འགྱུར། །དེ་རྣམས་ཉེས་པ་མ་བགྱིས་ཤིང་། །གཞན་ཡང་ཁྱིམ་སོགས་དེ་དག་ལ། །གནས་པའི་ལྷ་དང་དུད་འགྲོའི་ཚོགས། །ཉེས་མེད་གྱུར་པ་དུ་མ་ཞིག །མི་དགར་བྱེད་ཅིང་ཕུང་བྱེད་པས། །དེ་དག་ཆུད་ནི་མ་གཟན་ན། །སྣོད་ཀྱི་འཇིག་རྟེན་གྱིས་ཟིན་པའི། །སྐྱེ་རྒུ་སྐྱོང་བར་བྱེད་པ་སྟེ། །དེ་ལྟར་བསྐྱངས་པས་སེམས་ཅན་ལ། །ཕན་པ་ལེགས་པར་བགྱིས་པར་འགྱུར། །རྒྱལ་པོའི་ཁམས་ན་གནས་པ་ཡི། །ལྷ་རྣམས་ཇི་ལྟར་བསྐྱང་བྱ་ན། །ས་ཕྱོགས་ཉམས་པར་མི་བྱ་ཞིང་། །གཏོར་མ་སོགས་སྦྱིན་དེ་ལྟར་ན། །སྐྱེ་རྒུ་ཀུན་ཀྱང་བསྐྱང་འགྱུར་ལ། །མི་སྲུན་པ་ཀུན་ཚར་བཅད་འགྱུར། །ཁ་ན་མ་ཐོ་མ་མཆིས་དང་། །ཕྱི་མར་བསོད་ནམས་འཕེལ་བར་འགྱུར། །སོ་སོའི་ལག་མཐུས་བསྒྲུབ་


MR01_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དང་། །རྒྱལ་པོས་ཚུལ་བཞིན་བསྐྱང་བའི་ཕྱིར། །རྒྱལ་ཁམས་དེ་ཡི་བདོག་པ་རྣམས། །དེ་དང་རྒྱལ་པོ་ཁོ་ནའི་མིན། །ཡོད་བཞིན་འོས་པའི་དཔྱ་དག་ནི། །རྒྱལ་པོ་ལ་ནི་མ་ཕུལ་ན། །དེ་ཉིད་མ་བྱིན་ལེན་མིན་ཡང་། །སེར་སྣའི་ཁ་ན་མ་ཐོར་འགྱུར། །ནོར་ཡོད་པ་ལས་འོས་པའི་དཔྱ། །མ་བྱིན་ནན་གྱིས་བླང་གྱུར་ཀྱང་། །གླ་རྔན་བསྒྲུབ་པའི་དཔེ་བཞིན་དུ། །རྒྱལ་པོས་མ་བྱིན་བླང་མི་འགྱུར། །དབུལ་ལ་ནན་གྱིས་བླང་གྱུར་ལ། །སྡིག་པ་ཡོད་མེད་གཉིས་སུ་དབྱེ། །རྒྱན་པོ་སྨད་འཚོང་ལ་སོགས་པས། །ཚུལ་མིན་ལོངས་སྤྱོད་ཆུད་ཟ་བ། །དགག་ཕྱིར་བླང་ན་གཉིས་དོན་བྱས། །དེ་ལ་སྡིག་པ་མེད་པར་བཤད། །གང་གི་ལོངས་སྤྱོད་མེས་ཚིག་སོགས། །ཆུད་ཟར་གྱུར་ཚེ་དཔྱ་ཡང་བྱ། །མ་བྱས་ཐབས་བྲལ་སེམས་ཅན་དེ། །མ་བསྐྱངས་པས་ན་སྡིག་པར་འགྱུར། །བག་ཡོད་སྙིང་རྗེ་ལྡན་པ་ཡི། །རྒྱལ་པོ་དེ་ནི་ཡན་ལག་དུས། །རྣམ་ཀུན་ཡོངས་སུ་རྫོགས་པ་ཡི། །ཆོས་རྒྱལ་ཆོས་ལྡན་འགྱུར་ཞེ་ན། །གནམ་གྱིས་བསྐོས་པ་ཕུན་སུམ་ཚོགས། །འཁོར་རུང་པ་དང་ཤེས་རབ་མཆོག །བརྩོན་ལྡན་ཆོས་ལ་གུས་དང་མཁས། །ངེས་པ་འཇིག་རྟེན་ཀུན་སྤྱོད་རིགས། །མི་བདེ་བཟོད་པར་གྱུར་པ་དང་། །ཆོས་ལ་ཕྱིན་ཅི་མ་ལོག་འཛིན། །ཡན་ལག་རྣམ་པ་འདི་བཅུ་ཡིས། །ཆོས་ལྡན་ཆོས་རྒྱལ་ཡོངས་རྫོགས་འགྱུར། །བསོད་ནམས་


MR01_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཀྱིས་བློན་སོགས་དང་། །ཡུལ་གྱི་མི་རྣམས་ནད་མེད་ཅིང་། །གནོད་ཆུང་བདེ་འབྱོར་ལྡན་གྱུར་ལ། །གནམ་བསྐོས་ཕུན་སུམ་ཚོགས་ཞེས་བྱ། །འཁོར་བཟང་དག་དང་ལྡན་པ་ཡི། །རྒྱལ་པོ་ཚེགས་མེད་བདེ་བར་གནས། །རྒྱལ་པོའི་ཚུལ་ལས་མི་ཉམས་པ། །འཁོར་རུང་བ་ཞེས་ལེགས་པར་བརྗོད། །སྐྱེ་རྒུ་ཆོས་ཀྱིས་སྐྱོང་ཚུལ་ལ། །ཐབས་མཁས་བྱ་བ་ཅི་ཡང་ཤེས། །གཞན་གྱི་དྲིང་ལ་མི་འཇོག་པ། །ཤེས་རབ་ཕུན་ཚོགས་རྒྱལ་པོ་ཡིན། །རང་གི་བགྱི་བ་གང་ཡིན་ལ། །ཚུལ་བཞིན་བརྩོན་ལྡན་རྒྱལ་པོ་ནི། །དགྲ་ཡིས་མི་ཚུགས་དགའ་བར་གནས། །མཛོད་རྣམས་འཕེལ་ཞིང་ཕུན་སུམ་ཚོགས། །ཆོས་ལ་གུས་པའི་རྒྱལ་པོ་ནི། །བསོད་ནམས་བགྱི་བ་མི་གཏོང་ལ། །མི་སྲུན་པ་རྣམས་ཚར་གཅོད་པས། །ཆོས་བཞིན་བྱེད་པ་ཉིད་ཡིན་ནོ། །སྒྲིམ་པར་མཁས་པའི་རྒྱལ་པོ་ནི། །ལས་མཐའ་རིང་བས་མ་ཉམས་པར། །དུས་དང་དུས་སུ་ལེགས་བརྩམས་པས། །བསམ་པ་མྱུར་དུ་རྫོགས་པའོ། །རྒྱུད་འཇམ་དེས་པར་གྱུར་པ་ཡི། །རྒྱལ་པོ་གང་ན་གནས་པ་དེ། །ཡུལ་མི་ཀུན་གྱིས་ཡིད་རྟོན་རུང་། །མཐའ་དག་སྐྱེ་བོ་འདུ་བར་འགྱུར། །འཇིག་རྟེན་ཀུན་སྤྱོད་རིག་སྤྱོད་ཅེས། །རུང་དང་རུང་མིན་བྱེ་བྲག་ཤེས། །ལོངས་སྤྱོད་འདུ་བའི་སྒོ་དག་ཀྱང་། །ཆད་པར་མི་བགྱིད་གང་ཡིན་པའོ། །མི་བདེ་བཟོད་པའི་རྒྱལ་པོ་ནི། །རྒྱལ་པོའི་བགྱི་བ་མཐའ་དག་གང་། །ཡོངས་སུ་


MR01_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་སྒྲུབ་ནུས་ཤིང་། །སྡུག་བསྔལ་གྱིས་ནི་མི་འཇིགས་པའོ། །གོ་འཕང་ཁྱད་པར་དུ་འགྲོ་བའི། །ལམ་ལ་རང་ཉིད་གནས་བྱེད་ཅིང་། །དགེ་བའི་བཤེས་དང་མ་བྲལ་བ། །ཕྱིན་ཅི་མ་ལོག་ཆོས་འཛིན་པའོ། །གལ་ཏེ་ཡོངས་རྫོགས་ཆོས་ལྡན་པའི། །རྒྱལ་པོ་དེ་ཡི་ཡུལ་དུ་ནི། །འཐབ་མོའི་གཡུལ་ནི་བྱུང་གྱུར་ཚེ། །ཇི་ལྟར་ནན་ཏན་བྱ་ཞེ་ན། །ཐོག་མ་བར་དང་ཐ་མ་ཡི། །དུས་གསུམ་ཐབས་མཁས་གསུམ་ལྡན་པས། །ཆོས་ལས་ཉམས་པར་མི་འགྱུར་བར། །དེ་ལྟར་ཡུལ་ཁམས་བསྲུང་བར་བྱ། །ཐབས་མཁས་རྣམ་གསུམ་གང་ཞེ་ན། །ཐོག་མར་རང་ངམ་བློན་སོགས་ཀྱི། །མཛའ་བས་འདུས་པར་འགྱུར་བའམ། །ཕན་གདགས་པའམ་བསྡིག་ལ་སོགས། །སྣ་ཚོགས་ཐབས་ལ་མཁས་པ་ཡིས། །འཐབ་མི་དགོས་པར་ཞི་བར་བྱ། །དེས་ཀྱང་ཞི་བར་མ་ནུས་པའི། །བར་གྱིས་དུས་ལ་ཆོས་ལྡན་གྱི། །རྒྱལ་པོས་སེམས་གསུམ་བཞག་བྱས་ཏེ། །བཟློག་མེད་རྒོལ་བར་འཐབ་མོ་བྱ། །དང་པོ་ཆོས་ལྡན་རྒྱལ་པོ་ངས། །སྐྱེ་རྒུ་ཕུང་བྱས་མི་འགྱུར་གྲང་། །ཕུང་ལས་མ་བཟློག་མེད་དམ་ཞེས། །སྐྱེ་རྒུ་བསྐྱང་བར་སེམས་བཞག་བྱ། །གཉིས་པ་ཕས་རྒོལ་དགྲ་རྣམས་ལས། །རྒྱལ་བའི་ཚུལ་ལ་སེམས་བཞག་གོ །གསུམ་པ་སྐྱེ་བོ་རྣམས་ཀྱི་ནི། །སྲོག་བཟུང་བ་ལ་སེམས་བཞག་སྟེ། །རང་གི་དཔུང་ཚོགས་བཞི་ལ་ནི། །གཡུལ་བཤམ་


MR01_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནི་བཀའ་སྩལ་བྱ། །ཐ་མར་རང་གི་དཔུང་ཚོགས་ཀྱི། །དཔའ་བོ་ཐ་མའི་ཚོགས་རྣམས་ནི། །དང་པོར་སྔོན་དུ་བཤམ་བྱ་སྟེ། །འབྲིང་རྣམས་དེ་ཡི་རྒྱབ་ཏུ་བཤམ། །རྟ་པའི་ཚོགས་ནི་དེ་གཉིས་ཀའི། །རྒྱབ་ནས་འགྱེད་པར་བྱ་བའོ། །དཔའ་བོ་རབ་ཀྱི་ཚོགས་རྣམས་དང་། །རྒྱལ་པོ་ལྷན་ཅིག་དཔུང་དེ་ཡི། །རྒྱབ་ཏུ་བསྡད་པས་བག་དྲོ་ཞིང་། །རྐང་ཐང་རྣམས་ཀྱང་བསྲུང་འགྱུར་ལ། །དམག་རྣམས་བདེ་བར་བརྒལ་པར་འགྱུར། །དེ་ལྟར་ཐབས་མཁས་གཡུལ་བཤམས་ན། །དཔུང་རྣམས་རྒྱལ་པོར་འཇིགས་པ་དང་། །དྲིན་དྲན་བྱས་པ་གཟོ་སེམས་ཀྱིས། །སྤྱན་མི་མཉེས་པ་བསྒྲུབ་མི་ནུས། །རྒྱབ་ན་དཔུང་གི་བརྗིད་ལྡན་པས། །དཔུང་དེས་ཕ་རོལ་རྒོལ་བ་ལ། །ཅི་ནུས་རྒོལ་ཞིང་སླར་མི་ལྡོག །ཚུལ་ལྡན་དྲང་ཞིང་ཐབས་མཁས་པར། །ལྷ་རྣམས་གྲོགས་བྱེད་གཡུལ་ལས་རྒྱལ། །དེ་ལྟར་ཐབས་ལ་མཁས་པ་ཡིས། །ལེགས་པར་གཡུལ་བཤམས་རྒྱལ་པོ་དེས། །གཞན་སྡེ་བཀུམ་མམ་རྨ་བྱུང་ཡང་། །ཁ་ན་མ་ཐོ་ཆུང་འགྱུར་ལ། །རྣམ་སྨིན་མྱོང་བའི་ངེས་པའང་མེད། །ཅི་ཕྱིར་ཞེ་ན་འདི་ལྟར་ངེས། །ཡོངས་སུ་མི་གཏོང་སྙིང་རྗེ་ཡིས། །ལས་དེ་མངོན་འདུ་བགྱིས་པས་སོ། །གང་དེས་སྐྱེ་རྒུ་ཡོངས་བསྐྱང་དང་། །བུ་དང་ཆུང་མ་རིགས་དོན་དུ། །བདག་དང་ལོངས་སྤྱོད་ཡོངས་བཏང་སྟེ། །ལས་དེ་བགྱིས་ཕྱིར་གཞི་དེ་ལས། །བསོད་ནམས་ཚད་མ་མཆིས་པར་འཕེལ། །


MR01_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལྡན་ཡུལ་དེར་དབང་མེད་པར། །འཐབ་མོའི་གཡུལ་ནི་གནས་པ་ལ། །ཆོས་ལྡན་རྒྱལ་པོས་དེ་ལྟར་བྱ། །ཆོས་ཀྱི་རྒྱལ་པོ་འདུ་ཤེས་དུས། །རྟག་ཏུ་ཇི་ལྟར་གནས་ཤེ་ན། །འདི་ནི་རྣམ་པ་བརྒྱད་ཀྱིས་ཏེ། །དང་པོ་སྐྱེ་རྒུའི་རིས་གཏོགས་པའི། །འགྲོ་ཀུན་བུ་ཡི་འདུ་ཤེས་བྱ། །ཕ་ཡིས་བུ་ནི་བཅོས་པ་ལྟར། །མི་སྲུན་རྣམས་ནི་ཚར་གཅོད་ཀྱང་། །སྙིང་རྗེ་མི་གཏོང་དང་པོའོ། །མི་སྲུན་རྣམས་ལ་ནད་པ་ཡི། །འདུ་ཤེས་ཉེ་བར་བཞག་ནས་སུ། །གནོད་ལ་མི་ཁྲོ་དེ་ཡི་སྐྱོན། །བསལ་སླད་འཇུག་པ་གཉིས་པའོ། །སྡུག་བསྔལ་ཅན་གྱི་སེམས་ཅན་ལ། །སྙིང་རྗེའི་འདུ་ཤེས་བསྐྱེད་ནས་སུ། །གནོད་པ་སྤང་ཞིང་ཕན་པའི་ལས། །ཅི་ནུས་སྒྲུབ་པ་གསུམ་པའོ། །བདེ་འབྱོར་ལྡན་པའི་སེམས་ཅན་ལ། །དགའ་བའི་འདུ་ཤེས་བྱ་བ་ནི། །བརྣབ་སེམས་ཕྲག་དོག་ཡོང་མེད་པར། །རྗེས་སུ་ཡི་རང་བྱ་བ་བཞི། །དགྲ་རྣམས་བདག་ལ་གནོད་བྱེད་ཀྱང་། །དེ་ལ་དབང་མེད་ཁྲོ་བ་སོགས། །ཉེས་རྒྱུས་ཉེས་པར་འདུ་ཤེས་ནས། །རྒྱུ་སྤང་མཛའ་བར་བྱེད་པ་ལྔ། །མཛའ་བཤེས་རྗེས་བསྲུང་འདུ་ཤེས་ནི། །སྔོན་ཆད་ཇི་ལྟར་མཛའ་རྣམས་ལ། །རྗེས་བརྩེས་མཛའ་བ་བརྟན་བྱ་ཞིང་། །ཀུན་ལའང་མཛའ་བར་བྱ་བ་དྲུག །ལོངས་སྤྱོད་དག་ལ་སྨན་ལྟ་བུའི། །འདུ་ཤེས་ཉེ་བར་གཞག་བྱ་སྟེ། །འདོད་པ་ལོག་པར་མི་སྤྱོད་ཅིང་། །མ་ཆགས་གང་འོས་སྤྱད་


MR01_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བདུན། །བདག་ལ་བདག་མེད་འདུ་ཤེས་ནི། །ཆོས་དོན་གཉེར་ཞིང་ཆོས་སྨྲ་བསྟེན། །ཆོས་ལ་ཆོས་ཀྱི་རྗེས་སུ་ནི། །ནན་ཏན་འཇུག་པ་བརྒྱད་པ་ཡིན། །བརྒྱད་པོ་དེ་ཡིས་གནས་པ་ཡི། །ཆོས་དང་ལྡན་པའི་རྒྱལ་པོ་ལ། །གཞན་གྱི་སྐྱེས་ཕུལ་བ་ཡིས་ཀྱང་། །བང་མཛོད་ཡོངས་སུ་འཕེལ་འགྱུར་དེར། །ཆོས་མིན་རྒྱལ་པོ་གཞན་དག་གིས། །གཡོ་སྒྱུའི་རྣམ་པ་ཐམས་ཅད་ཀྱིས། །འབད་དེ་བསྒྲུབས་པར་གྱུར་པས་ཀྱང་། །ཆ་ཙམ་འགྲན་པར་མི་བཟོད་དོ། །གནས་པ་དེ་བརྒྱད་ཀྱིས་གནས་ན། །ལྷ་རྣམས་དུས་སུ་ཆར་འབེབས་ཤིང་། །ལོ་ལེགས་མུ་གེ་མི་འབྱུང་ལ། །ལོངས་སྤྱོད་ཆུད་ནི་གཟན་མི་འགྱུར། །གཅན་གཟན་མ་རུངས་པ་ལ་སོགས། །འཇིགས་དང་མི་བདེས་མནར་བ་མེད། །རྒྱལ་པོ་དེ་ལ་གནོད་པ་ཡི། །དགྲ་རྣམས་རང་བཞིན་ཚེགས་ཆུང་ངུས། །ཁོ་རང་ཉེས་པས་ཕུང་འགྱུར་ཞིང་། །ཟད་པར་གྱུར་ནས་དགྲ་མི་འབྱུང་། །དེ་ལྟར་ཆོས་ཀྱིས་སྐྱེ་རྒུ་རྣམས། །སྐྱོང་བའི་རྒྱལ་པོ་འཇིག་རྟེན་ན། །དེས་པར་གྱུར་པ་གང་ཡིན་པ། །ནོངས་པའི་ཉེས་པ་མ་མཆིས་པར། །ལུས་ཞིག་ནས་ནི་མཐོ་རིས་སུ། །ལྷ་རྣམས་དག་ཏུ་སྐྱེ་བ་དང་། །བདེ་ནས་བདེ་བར་འགྲོ་འགྱུར་བས། །མི་བདག་རྣམས་ཀྱིས་དེ་ལྟར་སྤྱད། །ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། བདེན་སྨྲ་ལུང་བསྟན་པའི་མདོ་ལས་གསུངས་པ་རྒྱལ་པོའི་ཚུལ་གྱི་ལེའུའི་


MR01_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བཤད་པ་སྟེ་རབ་ཏུ་བྱེད་པ་དྲུག་པའོ།། །།མདོ་སྡེ་དྲན་པ་ཉེར་གཞག་ལས། །བློ་ལྡན་བྱང་ཆུབ་སེམས་དཔའ་མཆོག །སྨོན་ལམ་དབང་གིས་ལྷ་རྣམས་ཀྱི། །བག་མེད་བསལ་སླད་སྐྱེས་གྱུར་པ། །ངང་པའི་རྒྱལ་པོ་དུས་བཟང་གིས། །སྔོན་ཚེ་སངས་རྒྱས་གཙུག་ཏོར་ཅན། །གང་གི་ཞལ་ནས་ལེགས་ཐོས་པའི། །རྒྱལ་པོ་ཆོས་ལ་སྤྱོད་པ་ཞེས། །ཆོས་ཀྱི་རྣམ་གྲངས་འདི་ཉིད་ནི། །འཐབ་བྲལ་ལྷ་ཡི་རྒྱལ་པོ་ལ། །ལེགས་པར་གདམས་པའི་དོན་བསྡུས་ནས། །གོང་འོག་གོ་རིམ་བསྡེབས་བྱས་ཏེ། །གསལ་བའི་ངག་གིས་བཤད་བྱ་ན། །མི་བདག་རྣམས་ཀྱིས་མཉན་པར་བྱོས། །འདི་དང་ཕྱི་མར་ལེགས་པ་ཡི། །ཡོན་ཏན་རྒྱ་ཆེ་ཐོབ་བྱེད་པ། །སུམ་ཅུ་རྩ་ལྔའི་གྲངས་ལྡན་པའི། །ཆོས་འདི་རྒྱལ་པོས་སྤྱད་པར་བྱ། །འདི་དང་ཕྱི་མའི་ལེགས་ཚོགས་ཀྱི། །རྩ་བ་ཤེས་རབ་ཡིན་པས་ན། །ཡང་དག་ཤེས་རབ་སྣང་བ་ལ། །གོམས་པར་བྱེད་པ་དང་པོའོ། །གང་ཞིག་འདི་དང་ཕ་རོལ་ཏུ། །ལེགས་པའི་དོན་རྣམས་གང་ཡིན་ལ། །བསམ་གཞིགས་ལེགས་པར་བྱེད་པ་ནི། །སེམས་ཀྱི་ཡོན་ཏན་གཉིས་པའོ། །བླ་མ་མཆོད་པར་བྱེད་པ་ནི། །བདེན་དོན་མཁས་ཤིང་ཚུལ་ལྡན་གྱི། །དགེ་བའི་བཤེས་རྣམས་ལེགས་བསྟེན་ན། །ཕུན་ཚོགས་འཐོབ་འགྱུར་གསུམ་པའོ། །མེད་སྨྲ་པའམ་


MR01_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་སྤྱོད་དང་། །ལྟ་ངན་ཆོས་སུ་སྨྲ་བ་ཡི། །སྐྱེ་བོ་ངན་པ་སྡིག་གྲོགས་རྣམས། །ཡོངས་སུ་སྤང་བྱ་བཞི་པའོ། །ལས་དང་འབྲས་བུར་སྐུར་འདེབས་པའི། །ལོག་པར་ལྟ་བ་མི་བཟད་པ། །ཉེས་པ་ཀུན་གྱི་འབྱུང་གནས་དེ། །སྤོང་བར་བྱེད་པ་ལྔ་པའོ། །ཕྱི་དང་ནང་གི་འདུས་བྱས་ཆོས། །ཀུན་ཀྱང་རྒྱུ་ལ་བརྟེན་ནས་སྐྱེ། །རྒྱུ་འབྲས་ལམ་དང་ལམ་མིན་ཤེས། །ལྟ་བ་བཟང་ལྡན་དྲུག་པའོ། །ཡ་རབས་ཡོན་ཏན་ལྡན་པ་དང་། །དེ་ལྡོག་སྐྱེ་བོའི་ཁྱད་པར་རྣམས། །མ་འདྲེས་ཁོང་ཆུད་མིའི་ཁྱད་པར། །ཤེས་པ་ཞེས་བྱ་བདུན་པའོ། །འདུ་ཤེས་སྣ་ཚོགས་སྐྱེ་བོ་ཡི། །ཚིག་ཀུན་བདེན་པར་མི་བཟུང་བར། །འོས་ཤིང་དོན་ལྡན་གང་ཡིན་བཟུང་། །ས་བདག་ཆོས་ནི་བརྒྱད་པའོ། །ཆོས་ལྡན་ཕན་བྱེད་ཡིད་རྟོན་གནས། །གྲོགས་པོ་བརྟན་པ་དང་ལྡན་པའི། །རྒྱལ་པོ་ས་རྣམས་ཀུན་ལས་རྒྱལ། །འདི་ནི་ཡོན་ཏན་དགུ་པའོ། །ཡིད་རྟོན་འོས་མིན་གྱ་གྱུ་ཅན། །མི་བརྟན་ཕན་བྱེད་མིན་པའི་གྲོགས། །རྒྱལ་པོས་རྟག་ཏུ་སྤངས་བྱས་ན། །བདེ་བ་འཐོབ་འགྱུར་བཅུ་པའོ། །རང་གི་སྐྱེ་བོ་གཙང་གྱུར་ཅེས། །འདི་དང་ཕྱི་མར་ལེགས་བལྟ་ཞིང་། །ཆོས་དང་མཐུན་པས་རང་དང་འཁོར། །རྒྱུད་དག་པ་ནི་བཅུ་གཅིག་གོ །སྦྱིན་དང་སྙན་པར་སྨྲ་བ་དང་། །སྤྱོད་པ་བཟང་སོགས་ལ་ཞུགས་ནས། །བདག་ཉིད་སྙན་པར་གྲགས་པ་ཡིས། །ཕྱོགས་ཀུན་ཁྱབ་བྱ་བཅུ་


MR01_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ། །ཡོན་ཏན་འཕེལ་བའི་དགྲ་ཆེན་པོ། །ལེ་ལོ་སྤང་བར་གྱུར་པས་ནི། །འདི་དང་གཏན་གྱི་དོན་ཀུན་འགྲུབ། །འདི་ཉིད་ཡོན་ཏན་བཅུ་གསུམ་པ། །དོན་ནི་གང་དང་ཅི་སྒྲུབ་ཀྱང་། །ཧ་ཅང་ལས་མཐའ་མི་རིང་བར། །དུས་སུ་བསྒྲིམས་ན་རེ་བ་ཀུན། །རྫོགས་འགྱུར་ཡོན་ཏན་བཅུ་བཞི་པ། །ཟས་དང་སྐོམ་ལ་སྲེད་ཆེས་ན། །ལུས་སེམས་ལས་སུ་མི་རུང་འགྱུར། །དེ་འདྲའི་སྲེད་སྤང་རན་པར་བཟའ། །སྤྱད་བྱའི་ཆོས་འདི་བཅོ་ལྔ་པ། །བག་མེད་དོན་ཉམས་རྒྱུར་གྱུར་པའི། །གཉིད་ཀྱི་དྲི་མ་ལས་གྲོལ་ནས། །བློ་གསལ་བྱ་བ་རྫོགས་གྱུར་གང་། །མི་བདག་ཡོན་ཏན་བཅུ་དྲུག་པ། །མི་བརྟན་གྱ་གྱུ་ཕྲག་དོག་ཅན། །ཉེས་པ་དུ་མའི་འབྱུང་གནས་ཕྱིར། །བུད་མེད་དབང་དུ་མི་འགྲོ་བ། །མི་བདག་རྣམས་ཀྱི་ཆོས་བཅུ་བདུན། །བྱིས་པ་སླུ་བར་བྱེད་པ་ཡི། །འདོད་པའི་ཡུལ་ནི་ལྔ་རྣམས་ཀྱིས། །མི་བཀྲི་ཚུལ་ལྡན་རང་དབང་ཅན། །རྒྱལ་པོའི་ཆོས་མཆོག་བཅོ་བརྒྱད་པ། །སྡང་དང་ཆགས་པ་ལས་བྱུང་བའི། །ཁྲོ་བ་དང་ནི་རྒོད་བག་ཤུགས། །བསྡམ་ན་རྒྱལ་པོ་དུལ་འགྱུར་ཏེ། །ཡོན་ཏན་མཆོག་འཐོབ་བཅུ་དགུ་པ། །ཁྲོ་བ་རྣམ་པར་བཅོམ་ནས་སུ། །གཞན་ལ་འཚེ་བ་ཀུན་སྤང་བ། །བཟོད་ལྡན་ཞེས་བྱ་རྒྱལ་པོ་ཡི། །ཆོས་སུ་བསྔགས་པ་ཉི་ཤུ་པ། །ཀུན་གྱི་ཡིད་དང་མཐུན་པར་ནི། །སྙན་ཚིག་འཇམ་པོར་སྨྲ་བ་ཡིས། །ཐམས་ཅད་ཡིད་རབ་མགུ་བྱེད་པ། །རྒྱལ་


MR01_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཆོས་ལུགས་ཉེར་གཅིག་པ། །རྟག་ཏུ་བདེན་པར་སྨྲ་བ་ནི། །ལྷ་དང་བཅས་པའི་འཇིག་རྟེན་ན། །ཡིད་རྟོན་འོས་ཡིན་ཡོན་ཏན་མཆོག །འདི་ནི་ཡོན་ཏན་ཉེར་གཉིས་པ། །ཕྱོགས་ལྷུང་མེད་པ་ཞེས་བྱ་བ། །ཡུལ་ལྗོངས་ཀུན་ལ་ཕ་མ་ལྟར། །སྙོམས་ཤིང་བཤེས་ངོར་མི་བྱེད་པ། །ཡོན་ཏན་ཆོས་འདི་ཉེར་གསུམ་པ། །བློ་བརྟན་པས་ན་ནོར་གཞིས་རྣམས། །གློ་བུར་འཕེལ་འགྲིབ་མི་བྱེད་པར། །རྟག་ཏུ་མཉམ་པར་གནས་བྱེད་པ། །གང་འདི་ཡོན་ཏན་ཉེར་བཞི་པ། །ངེས་པའི་འབྲས་བུར་ལོངས་སྤྱོད་ཅེས། །འོས་པའི་དཔྱ་ཁྲལ་འབའ་ཞིག་ལས། །འདས་ཏེ་ཅུང་ཟད་མི་ལེན་པ། །རྒྱལ་པོའི་ཆོས་འདི་ཉེར་ལྔ་པ། །མི་སྲུན་གདུལ་དཀའ་ངན་སྤྱོད་ཅན། །ཡུལ་དུ་བཞག་ན་ཉེས་པ་འཕེལ། །དེ་སྤང་ཡུལ་ཁམས་བདེ་བར་འགྱུར། །རྒྱལ་པོའི་ཆོས་ནི་ཉེར་དྲུག་པ། །ཕ་མེས་སོགས་ཀྱིས་སྔོན་བྱིན་པ། །དེ་ནི་དེ་བཞིན་སོར་བཞག་ནས། །དེ་ལ་དགའ་ཞིང་སླར་ཡང་སྟེར། །འདི་ནི་ཡོན་ཏན་ཉེར་བདུན་པ། །ཟང་ཟིང་ཆོས་དང་མི་འཇིགས་པའི། །སྦྱིན་པ་དག་ལ་རབ་འབད་ན། །ས་འདི་ཀུན་ནས་དབང་འགྱུར་ཏེ། །རྒྱལ་པོའི་ཆོས་ནི་ཉེར་བརྒྱད་པ། །འཇིག་རྟེན་མཆོག་གྱུར་དཀོན་མཆོག་གསུམ། །མཆོད་ཅིང་གཞན་ལའང་གཏོང་བའི་སྒོ། །ཡངས་བྱེད་བློ་ལྡན་བསོད་ནམས་ཅན། །ཟླ་ལྟར་མངོན་འཕགས་ཉེར་དགུ་པ། །བཟང་པོའི་ལས་ཀྱི་རྣམ་སྨིན་


MR01_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །ལྷ་རྣམས་དགེ་བའི་གྲོགས་ལ་བརྩོན། །དེ་མཆོད་བཀྲ་ཤིས་བདེ་ལྡན་འགྱུར། །འདི་ནི་ཡོན་ཏན་སུམ་ཅུ་པ། །རང་གི་བུ་དང་བུ་མོ་སོགས། །ཤིན་ཏུ་བརྩེ་བས་བདེ་བར་བསྐྱང་། །ལེགས་པའི་ལམ་ལ་གཞུག་པར་བྱ། །སྤྱད་བྱའི་ཆོས་འདི་སོ་གཅིག་པ། །འབངས་ཀྱི་བདེ་ཐབས་ལེགས་བསམས་ནས། །གང་ཕན་ཐབས་ཀྱིས་འཁོར་འབངས་ཀུན། །དབུགས་དབྱུང་རིགས་པར་བདེར་སྐྱོང་བ། །ས་ལ་དབང་གྱུར་སོ་གཉིས་པ། །ཆོས་བཞིན་སྐྱེ་དགུ་བསྐྱང་བྱ་སྟེ། །ཆོས་མ་ཡིན་རྣམས་ཆོས་ལ་གཟུད། །ཆོས་ལྡན་རྒྱལ་པོ་འཇིག་རྟེན་ན། །ཉི་ལྟར་གསལ་འགྱུར་སོ་གསུམ་པ། །དགེ་བ་བཅུ་ཡི་ལས་ལམ་ལ། །རང་ཉིད་གནས་ཤིང་གཞན་ཀྱང་དགོད། །འདི་ཕྱིའི་འཇིག་རྟེན་རྣམ་གཉིས་སུ། །འཁོར་བཅས་བདེ་ཐོབ་སོ་བཞི་པ། །དུས་སུ་ངེས་པར་དམ་པའི་ཆོས། །ལེགས་པར་སྟོན་པར་བྱེད་པ་ནི། །གཞན་ཕན་ཆོས་འཛིན་སྐྱེས་བུ་སྟེ། །འདི་ནི་ཡོན་ཏན་སོ་ལྔ་པའོ། །ཡོན་ཏན་འདི་དག་རེ་རེ་དང་། །ལྡན་པའང་ཚེ་འདིར་གྲགས་འབྱོར་སོགས། །ཡོན་ཏན་རྣམ་མང་ཐོབ་གྱུར་ནས། །ཕྱི་མར་ལྷ་གནས་རྣམས་སུ་འགྲོ། །ཆོས་ལྡན་རྒྱལ་པོ་འཇིག་རྟེན་འདིར། །སྐྱེ་རྒུའི་མཆོག་ཏུ་བདེ་མྱང་ཞིང་། །བདེ་བའི་ལམ་ནས་ཡང་དག་པ། །བདེ་བའི་གནས་སུ་འགྲོ་བར་འགྱུར། །འདི་དག་སོ་སོའི་ཡོན་ཏན་གྱི། །


MR01_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་རྒྱ་ཆེའི་བསྔགས་པ་དག །མདོ་དེ་ཉིད་དུ་འབྱུང་བས་ན། །བློ་ལྡན་རྣམས་ཀྱིས་བལྟ་བར་བྱ། །ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། མདོ་སྡེ་དྲན་པ་ཉེར་གཞག་ལས་གསུངས་པ་རྒྱལ་པོའི་ལུགས་ཀྱི་རབ་ཏུ་བྱེད་པ་སྟེ་བདུན་པའོ།། །།འཕགས་པ་གསེར་འོད་དམ་པ་ལས། །ལྷ་ཡི་དབང་པོའི་དམ་ཚིག་ཅེས། །རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ལས། །གསུངས་པའི་དོན་རྣམས་གསལ་བརྗོད་ན། །སྔོན་ཚེ་ཚངས་པ་ཆེན་པོ་ལ། །ལྷ་ཡི་དབང་པོའི་ཚོགས་ཀྱིས་ནི། །གང་ཞིག་མི་ཡི་རྒྱལ་པོ་ལ། །ལྷ་ཞེས་བྱ་དང་ལྷའི་སྲས་ཞེས། །ལྷ་རྣམས་ཇི་ལྟར་མི་བདག་འགྱུར། །དེ་སྐད་ཅེས་ནི་དྲིས་པ་དང་། །འཇིག་རྟེན་སྐྱོང་བའི་ཚོགས་རྣམས་ལ། །ཚངས་པའི་དབང་པོས་འདི་སྐད་གསུངས། །ལྷ་ཡི་དབང་པོ་ལ་སོགས་པ། །འཇིག་རྟེན་སྐྱོང་བའི་ཚོགས་རྣམས་ཀྱིས། །ཆོས་མིན་ཉེས་བྱས་གཞིག་པ་དང་། །ཆོས་ཀྱིས་ཡུལ་ཁམས་བསྲུང་བའི་ཕྱིར། །མི་ཡི་བདག་པོར་བྱིན་བརླབས་པས། །རྒྱལ་པོ་དེ་ལ་ལྷ་ཞེས་དང་། །ལྷ་ཡི་བུ་ཞེས་བྱ་བ་ཡི། །གྲགས་པ་ལྷ་ཡི་གནས་སུ་སྒྲོགས། །ཚེ་འདིར་ལེགས་པར་བྱས་པ་དང་། །ཉེས་པར་བྱས་པའི་ལས་རྣམས་ཀྱི། །རྣམ་སྨིན་འབྲས་བུ་མངོན་སུམ་དུ། །སྟོན་པར་བྱེད་སླད་རྒྱལ་པོར་བསྐོས། །གང་ཚེ་རྒྱལ་པོས་སྡིག་ཅན་གང་། །ཉེས་པར་བྱེད་


MR01_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྱེ་བོ་རྣམས། །འོས་མཐུན་ཆད་པས་བཅད་ནས་སུ། །ཡོངས་སུ་འགོག་པར་མི་བྱེད་ན། །རྒྱལ་པོ་དེ་ཡི་ཡུལ་ཁམས་སུ། །ཆོས་མིན་ཤིན་ཏུ་འཕེལ་བར་འགྱུར། །གཡོ་དང་འཐབ་རྩོད་མང་འགྱུར་ཞིང་། །ལྷ་དང་བཅས་པའི་སྐྱེ་རྒུ་འཁྲུགས། །གང་གི་ཆེད་དུ་ལྷ་རྣམས་ཀྱིས། །རྒྱལ་པོར་བསྐོས་པའི་ལས་དེ་ནི། །སྡིག་ཅན་འཕེལ་བའི་འགོག་ཡིན་ན། །ལས་དེ་ཡལ་བར་བོར་བའི་མཐུས། །དུས་མིན་རླུང་དང་ཆར་པ་དང་། །ཕ་རོལ་དམག་དང་ནད་མང་ཞིང་། །གཟའ་སྐར་མ་རུངས་ལ་སོགས་པའི། །མི་བཟད་ལྟས་ནི་འབྱུང་བར་བྱེད། །མེ་ཏོག་ལོ་འབྲས་མི་སྨིན་ཞིང་། །རྐུ་འཕྲོག་ཐོག་སེར་མུ་གེ་དང་། །དུས་མིན་འཆི་བ་སྣ་ཚོགས་པ། །མྱ་ངན་འཇིགས་པ་མང་པོ་འབྱུང་། །སྦྱིན་གནས་དང་ནི་སློབ་དཔོན་དང་། །འཁོར་རྣམས་ཆོས་མིན་བྱེད་པར་འགྱུར། །དེ་ཚེ་རྒྱལ་པོ་དེས་ཀྱང་ནི། །ཆོས་མིན་པ་ལ་མཆོད་བྱེད་ཅིང་། །ཆོས་ལྡན་ཆད་པས་གཅོད་པར་བྱེད། །ཆོས་ལྡན་ཆད་པས་བཅད་གྱུར་ན། །ཆུ་དང་རྒྱུ་སྐར་རླུང་གསུམ་འཁྲུགས། །ཆོས་མིན་སྐྱེ་བོ་བཀུར་བས་ན། །དམ་ཆོས་སྙིང་པོ་སེམས་ཅན་མདངས། །ས་ཡི་བཅུད་གསུམ་འཇིག་པར་འགྱུར། །ལོ་འབྲས་རོ་བཅུད་མི་ལྡན་ཞིང་། །ཟོས་ཀྱང་ཚིམ་པར་མི་འགྱུར་ལ། །སེམས་ཅན་མདོག་ངན་ཉམས་མི་བདེ། །ཡོངས་སུ་དགའ་མེད་བག་མི་ཕེབ། །ཉོན་མོངས་བརྒྱ་


MR01_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་རྣམ་པར་འཁྲུགས། །ཆོས་མིན་རྒྱལ་པོ་དེ་ཡང་ནི། །སྡུག་པ་ཐམས་ཅད་དང་བྲལ་ནས། །སྡུག་བསྔལ་སྣ་ཚོགས་འཐོབ་པར་འགྱུར། །རྒྱལ་པོར་བསྐོས་པ་ཆུད་གཟན་པ། །འདི་ནི་ཆོས་མིན་རྒྱལ་པོ་ཞེས། །ལྷ་གནས་རྣམས་སུ་གླེང་བར་བྱེད། །ལྷ་རྣམས་འགྲིབ་ཅིང་ངན་སོང་འཕེལ། །རྒྱལ་པོས་ལས་སུ་བྱ་བའི་དོན། །ལྷ་རྣམས་བཞེད་པ་མ་འགྲུབ་པས། །ལྷ་ཡི་བུ་ནི་མ་ཡིན་ལ། །ལྷ་ཡི་རྒྱལ་པོ་ཕ་རྣམས་ཀྱི། །གནས་སུའང་ཉེས་པ་དང་བཅས་འགྱུར། །ལྷ་མཆོག་རྣམས་ཀྱང་ཡི་ཆད་ནས། །རྒྱལ་པོ་ངན་པ་དེ་བོར་བས། །མྱུར་དུ་ཡུལ་ཁམས་འཇིག་པར་འགྱུར། །གལ་ཏེ་ཆོས་མིན་ཚར་བཅད་ནས། །ཆོས་དང་ལྡན་པས་ཡུལ་བསྐྱང་སྟེ། །ཡུལ་འཁོར་གཞན་གྱི་སྐྱེ་བོ་ཡང་། །ཕྱོགས་ལྷུང་མེད་པར་དེས་བསྐྱངས་ན། །ཆོས་དང་ལྡན་པའི་རྒྱལ་པོ་དེའི། །གྲགས་པ་འཇིག་རྟེན་གསུམ་དུ་ཁྱབ། །སུམ་ཅུ་རྩ་གསུམ་ལྷ་གནས་སུ། །ལྷ་ཡི་དབང་པོ་དགར་འགྱུར་ཏེ། །འཛམ་བུའི་གླིང་ན་ངེད་ཀྱི་བུ། །འདི་ལྟར་ཆོས་ལྡན་རྒྱལ་པོ་ཡིས། །ཆོས་ཀྱིས་ཡུལ་ཁམས་བསྐྱངས་བྱས་པས། །ས་སྟེང་སྐྱེ་བོ་འདིར་འགྱེད་དེ། །ལྷ་གནས་གང་བར་བྱེད་སྙམ་ཞེས། །དེ་ལྟར་ཆོས་ལྡན་རྒྱལ་པོ་ལ། །ལྷ་དབང་འཁོར་བཅས་དགྱེས་གྱུར་ནས། །རྟག་ཏུ་རང་གི་བུ་བཞིན་སྲུང་། །ཡུལ་དེར་གཟའ་སྐར་ལེགས་རྒྱུ་ཞིང་། །དུས་སུ་རླུང་ལྡང་ཆར་


MR01_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

འབབ་སོགས། །གོང་གི་སྐྱོན་ཀུན་ལས་བཟློག་པའི། །ཡོན་ཏན་ཤིན་ཏུ་མང་པོ་འབྱུང་། །དེ་ལྟ་བས་ན་རྒྱལ་པོ་ཡིས། །རང་གི་སྲོག་ཀྱང་བཏང་ནས་སུ། །གང་གིས་འཇིག་རྟེན་བདེར་འགྱུར་བའི། །དཀོན་མཆོག་ཆོས་ནི་མི་བཏང་བར། །ཆོས་ལྡན་ཡོན་ཏན་ཅན་བསྟེན་ནས། །ཆོས་ཀྱིས་ཡུལ་འཁོར་བསྐྱང་བྱ་སྟེ། །རྟག་ཏུ་ཆོས་མིན་རྣམ་པར་སྤང་། །ཆོས་ཀྱང་ཡང་དག་བསྟན་པར་བྱ། །སེམས་ཅན་ལེགས་པར་བྱེད་ལ་དགོད། །ཉེས་པར་བྱེད་ལས་བཟློག་པར་བྱ། །གང་ཚེ་བཟློག་མེད་སྡིག་བྱེད་རྣམས། །ཚུལ་བཞིན་ཆད་པས་འདུལ་བྱེད་ན། །རྒྱལ་པོ་གྲགས་དང་ལྡན་འགྱུར་ཞིང་། །ཡུལ་ཁམས་གཟི་བྱིན་འཕེལ་འགྱུར་ལ། །སྐྱེ་རྒུ་རྣམས་ཀྱང་བདེ་བར་འགྱུར། །ཞེས་གསུངས་འདི་དོན་ཡིད་ལ་བྱ། །སྔོན་ཚེ་འདས་པའི་དུས་ཉིད་ན། །རྒྱལ་པོ་སྟོབས་ཀྱི་དབང་པོའི་ཏོག །ཅེས་བྱའི་སྲས་སུ་གྱུར་པ་ནི། །མཛེས་པའི་ཏོག་གིས་བསྟན་བཅོས་འདི། །ཡབ་ལས་ལེགས་པར་མནོས་བྱས་པ། །འདི་ཡི་ཚུལ་གྱིས་སྟོན་པས་སྔོན། །ལོ་ནི་ཉི་ཁྲིའི་བར་དག་ཏུ། །རྒྱལ་པོ་བྱས་ཏེ་སྐད་ཅིག་ཀྱང་། །ཆོས་མིན་བྱ་བ་མ་བྱས་ཞེས། །བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས། །ད་ལྟའི་རྒྱལ་པོ་རྣམས་ཀྱིས་ཀྱང་། །སྟོན་པའི་བཀའ་འདི་དྲན་པར་བྱོས། །ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། གསེར་འོད་དམ་པ་ལས་བྱུང་


MR01_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ཀྱི་རབ་ཏུ་བྱེད་པ་སྟེ་བརྒྱད་པའོ།། །།ཇི་ལྟར་རྒྱ་མཚོ་ཆེན་པོ་ནི། །འཕེལ་དང་འགྲིབ་པར་མི་འགྱུར་བ། །དེ་བཞིན་ས་བདག་བཟང་པོ་རྣམས། །ལུགས་ལས་ནམ་ཡང་མི་གཡོའོ། །གསར་རྙིང་གྲུབ་མཐའི་ཆོས་ལུགས་ནི། །ཡབ་མེས་དུས་ཀྱི་སྲོལ་གང་ཡིན། །དེ་ཉིད་ཁོ་ན་གཙོ་བོར་འཛིན། །གཞན་དུ་གྱུར་ན་མི་བདེ་འཕེལ། །བློན་སོགས་གོ་ས་གང་དབང་བའི། །མི་རྒྱུད་རྣམས་ཀྱང་ཇི་སྲིད་བར། །དེ་བཞིན་ལེགས་པར་གནས་བྱས་ན། །སྔར་ཚུལ་མི་ཉམས་མཛེས་པ་ཡིན། །གཏོང་བའི་སྒོ་དང་ཆབ་སྲིད་སྲོལ། །གནའ་བོའི་ལུགས་བཞིན་བསྐྱང་བྱ་སྟེ། །འོས་མིན་སྔོན་མེད་བྱ་བ་འགའ། །འཕེལ་བར་གྱུར་ན་འཇིག་པའི་ལྟས། །རང་གི་ཚུལ་ལས་གང་འདས་པ། །སུ་ལའང་མཛེས་པ་མ་ཡིན་ཞིང་། །ཁྱད་པར་དུ་ནི་རྒྱལ་པོ་རྣམས། །ལུགས་ལས་མི་འདའ་ཡོན་ཏན་མཆོག །སྙིགས་མའི་མི་རྣམས་དགའ་སྡུག་དང་། །ཁེངས་དང་དུད་དང་འཇམ་རྩུབ་སོགས། །སྤྱོད་ལམ་རྣམ་པ་མི་འདྲ་བ། །ཉིན་རེ་བཞིན་དུ་འགྱུར་བ་མང་། །གསར་པའི་ཚེ་ན་འགྲོགས་བདེ་ཞིང་། །ཡུན་དུ་བསྟེན་ན་རྒྱུ་མེད་པར། །སྐྱོ་བ་སྐྱེད་པའི་གྲོགས་པོ་ནི། །གཞུང་ངན་མི་བརྟན་པ་ཞེས་བྱ། །དང་པོ་འདྲིས་པར་དཀའ་བ་ལ། །ལེགས་པར་འགྲོགས་ན་སླར་ཡང་ནི། །མི་ཕྱེད་མཛའ་བ་བརྟན་པ་དེ། །གྲོགས་


MR01_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བློ་བརྟན་པ་ཞེས་བརྗོད། །ཅུང་ཟད་ཙམ་གྱིས་དགའ་ཞིང་སྙེམས། །ཅུང་ཟད་ཙམ་གྱིས་འཁྲུག་ཅིང་ཞུམ། །སྐྱེ་བོ་ངན་པ་སྲང་མདའ་དང་། །འདྲ་བ་སྐྱེས་བུ་ཐ་ཤལ་ཡིན། །རིགས་པ་དང་ནི་མི་རིགས་པའི། །བྱ་བ་དང་ནི་གཏམ་སོགས་ལ། །རྣམ་འགྱུར་སྔ་བར་མངོན་པ་ནི། །སྤྲེའུ་བཞིན་དུ་ཅོལ་ཆུང་ཡིན། །བསྟོད་སྨད་འཇམ་རྩུབ་ཚིག་ཕལ་ཆེར། །བྲག་ཅ་བཞིན་དུ་ཡལ་འགྱུར་མོད། །ཀུ་ཅོས་དཀྲོགས་པའི་ཁྱི་བཞིན་དུ། །བློ་ཆུང་ཤ་ཐང་ཆད་ཆད་འཁྲུག །སྐྱིད་སྡུག་ངེས་པ་མེད་པས་ན། །འཁོར་བའི་སྣང་ཚུལ་རྨི་ལམ་འདྲ། །འབྱོར་ཀྱང་དྲེགས་པར་མི་བྱ་ལ། །རྒུད་ཀྱང་ཞུམ་པར་མི་བྱའོ། །དྲིན་བྱས་བརྗེད་པར་གྱུར་པ་ནི། །མི་ཡི་ནང་ནས་ཐ་ཆད་ཡིན། །བྱས་པ་ཤེས་ཤིང་དྲིན་གཟོ་བའི། །མི་ལ་དཔལ་མགོན་ཉེ་བར་གནས། །ཕན་པ་ཆུང་ངུ་དག་ལ་ཡང་། །རྗེས་སུ་ལྟ་བའི་སེམས་བསྐྱེད་མོད། །རྨིག་རྗེས་ཀྱི་ནི་ཆུ་བཞིན་དུ། །རྒྱལ་པོ་མགུ་བར་སླ་མི་བྱ། །རྒྱ་མཚོའི་སྟེང་གི་ཀུ་བ་བཞིན། །སྐྱེ་བོ་ངན་པ་བསྐྱོད་ཁ་ཡང་། །རི་རབ་བཞིན་དུ་མི་གཡོ་བའི། །མི་བདག་འཇིག་རྟེན་འདི་ན་མཆོག །བྱིས་པ་རྣམས་ཀྱི་རྩེད་མོ་ལ། །ལྟད་མོ་ལྟ་བའི་རྒན་པ་བཞིན། །ཅོལ་ཆུང་རྣམས་ཀྱི་བྱ་བ་ལ། །ཁྲོ་དང་དགའ་བ་བསྐྱེད་མི་བྱ། །སྐྱེ་བོ་ཡ་རབས་ཚིག་བཙུན་རྣམས། །ཁས་བླང་ནས་ནི་དོན་ཆུང་ཡང་། །ལྡོག་པ་མིན་ན་དོན་ཆེན་དང་། །


MR01_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

མནའ་དོར་བ་ལས་ཇི་ལྟར་ལྡོག །གཏམ་དང་བྱ་བར་ངེས་མེད་ན། །སུ་ཡང་རུང་སྟེ་རྩི་བཀུར་ཆུང་། །དོན་ལྡན་སྨྲ་བའི་སྐྱེས་བུ་ཡི། །ཚིག་ལས་ཀུན་གྱིས་འདའ་བར་དཀའ། །དམ་བཅའ་རི་ལྟར་བརྟན་གྱུར་ན། །རང་གི་དགོས་པ་ཀུན་འགྲུབ་ཅིང་། །སྐྱེ་བོའི་ཡིད་རྟོན་གནས་གྱུར་ལ། །བསྡིགས་ན་ལྷ་ཡང་འཇིགས་པ་སྐྱེ། །བློ་མི་བརྟན་པས་ཆོས་དང་སྲེད། །གང་བརྩམ་ན་ཡང་མཐར་མི་ཕྱིན། །བྱ་བ་མང་ལ་འགྲུབ་པ་ཉུང་། །ཁས་ལེན་ཆེ་ལ་ལག་རྗེས་ཆུང་། །བློ་བརྟན་རྣམས་ཀྱིས་གང་བསྒྲུབས་ཀྱང་། །ཡུན་ནས་ཡུན་དུ་འབད་པ་ཡིས། །ཐིགས་པ་བསགས་པས་རྒྱ་མཚོ་བཞིན། །ཐ་མ་གྲུབ་འབྲས་རྒྱ་ཆེར་ལྡན། །བློ་མི་བརྟན་ལ་ཡོན་ཏན་གྱིས། །རེ་ཞིག་བསྒོས་པར་གྱུར་ན་ཡང་། །རྡོ་ལ་ག་བུར་དྲི་བཞིན་དུ། །རིང་པོར་མི་ཐོགས་ཡལ་བར་འགྱུར། །འདུ་ཤེས་སྣ་ཚོགས་སྐྱེ་བོ་ཡིས། །བརྗོད་ཀུན་རྗེས་སུ་མི་འཇུག་པར། །རང་གིས་ལེགས་པར་དཔྱད་ནས་སུ། །འོས་པའི་དོན་ལས་ལྡོག་མི་བྱ། །དབུ་བ་རྡོས་འདྲ་སྟོབས་མེད་སེམས་ཀྱིས་ནི། །ལུགས་ཟུང་བྱ་བ་གང་ཡང་མི་འགྲུབ་ཕྱིར། །མི་ཤིགས་སྙིང་སྟོབས་རྡོ་རྗེ་ལྟ་བུ་ཡིས། །རིགས་པའི་དོན་ཀུན་བདེ་བླག་བསྒྲུབ་པར་བྱ། །ལྷུན་པོའི་རྒྱལ་པོ་རྡོ་རྗེའི་ཁོར་ཡུག་ཅན། །འཛིན་མའི་དབུས་སུ་གཡོ་མེད་གནས་པ་ལྟར། །ས་སྐྱོང་བརྟན་ཞིང་ལུགས་ལས་མི་གཡོ་བ། །ས་སྟེང་སྐྱེ་བོ་ཀུན་ལས་མངོན་པར་


MR01_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས། །གྲོགས་ངན་ཆུ་གཏེར་རླབས་ཀྱིས་མི་གཡོ་ཞིང་། །གློ་བུར་རྣམ་རྟོག་རླུང་གིས་མི་བསྐྱོད་པར། །རྟག་ཏུ་བརྟན་པའི་ངང་ཚུལ་རི་དབང་འདིས། །སེམས་མེད་རི་བོ་མཆོག་ཀྱང་ཟིལ་གྱིས་གནོན། །གང་ཞིག་བརྟན་པའི་བློ་ལྡན་དེ་དག་ནི། །སྙིང་སྟོབས་ཆེ་ཞིང་བརྩོན་འགྲུས་མི་གཡེལ་བས། །རང་གི་ལས་སུ་བྱ་བ་གང་ལ་ཡང་། །ཞུམ་པའི་སེམས་ནི་ནམ་ཡང་མི་བསྐྱེད་དོ། །ལས་ལ་བགྱི་བ་མ་བཏང་ན། །དོན་ཆེན་དག་ཀྱང་མཐར་གྱིས་འགྲུབ། །ཕ་བོང་སྒུལ་བར་དཀའ་བ་འང་། །རིམ་གྱིས་རི་རྩེར་འབྱིན་པར་ནུས། །བླུན་པོས་བྱ་བ་ཁས་འཆེ་ཞིང་། །ཐོག་མར་བསྒྲིམས་ནས་ཐ་མར་ལྷོད། །མཁས་པས་བྱ་བ་ཞེ་ལ་བཞག །དང་པོར་ལྷོད་ཅིང་ཐ་མར་བསྒྲིམས། །དམ་པས་དང་པོར་ཁས་འཆེ་དཀའ། །གལ་ཏེ་ཁས་ནི་བླང་གྱུར་ན། །རྡོ་ལ་རི་མོ་བྲིས་པ་བཞིན། །ཤི་ཡང་གཞན་དུ་མི་བྱེད་དོ། །བརྩོན་འགྲུས་ཆེ་དང་ལྡན་གྱུར་ན། །རི་བོའི་རྩེ་འང་མཐོ་བ་མིན། །རྒྱ་མཚོའི་གཏིང་ཡང་མི་དམའ་སྟེ། །འདི་ལྟའི་སྙིང་སྟོབས་ལྡན་པ་ལ། །ལྷ་ཡང་སྐྲག་པ་སྐྱེ་འགྱུར་ན། །མི་ཡི་སྐྱེ་བོ་སྨོས་ཅི་དགོས། །དེད་དཔོན་སྦྱིན་པ་ཆེན་པོ་ཡིས། །རྒྱ་མཚོའི་ཆུ་ནི་བཅུས་པ་བཞིན། །བརྩོན་འགྲུས་དག་དང་ལྡན་པ་ཡིས། །དགེ་བའི་བཤེས་གཉེན་བསྟེན་བྱ་ཞིང་། །གཞུང་ལུགས་རྣམ་མང་བསླབ་བྱ་སྟེ། །ཐོས་པས་ཤེས་རབ་མིག་བསྒྲུབས་ནས། །


MR01_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

འོས་ཤིང་རིགས་པའི་བྱ་བ་དང་། །ཁྱད་པར་དོན་ཆེན་གནད་རྣམས་ལ། །སེང་གེའི་ཚུལ་གྱིས་འཇིགས་མེད་པར། །བྱ་བའི་ལས་ལ་སྦྱར་བར་བྱ། །དམན་པ་བསྟེན་པས་མི་རྣམས་ཉམས་འགྱུར་ཞིང་། །ཐད་ཀར་བབ་པ་བསྟེན་པས་སོ་ན་གནས། །མཆོག་རྣམས་ལ་བསྟེན་དམ་པ་འཐོབ་འགྱུར་བ། །དེ་ཕྱིར་བདག་བས་གཙོར་གྱུར་བསྟེན་པར་བྱ། །ཡོན་ཏན་ཀུན་དང་ལྡན་པ་དཀོན། །ཡོན་ཏན་ཅི་ཡང་མེད་པའང་ཉུང་། །ཡོན་ཏན་གཙོ་ཆེ་བསྟེན་བྱས་ཏེ། །སྐྱོན་འདོར་ཡོན་ཏན་ལེན་པར་བྱ། །ཆུ་ཡིས་ཕྱེད་ཙམ་གང་བ་ཡི། །བུམ་པ་སྤྱི་བོར་ཐོགས་པ་བཞིན། །ཐོས་ཆུང་ང་རྒྱལ་ཆེ་བ་ཕལ། །བཀུར་བར་ཤིན་ཏུ་དཀའ་བ་ཡིན། །ངན་པ་ཇི་སྲིད་ཉམ་ཆུང་བ། །དེ་སྲིད་བར་དུ་རང་བཞིན་བཟང་། །ཇི་སྟེ་རྙེད་བཀུར་ཐོབ་པ་ན། །དེ་མ་ཐག་ཏུ་འགྱིང་ཚུལ་སྟོན། །གཞོན་ཡང་རྒན་པའི་ཉེ་བར་ཞི་ལ་དགའ། །མཁས་པར་གྱུར་ཀྱང་ཤེས་པའི་ང་རྒྱལ་མེད། །གཟི་བརྗིད་ཆེ་ཡང་བཟོད་ཅིང་དེས་པའི་ངང་། །ཇེ་མཐོར་ཕྱིན་ཀྱང་སྙེམས་པ་མེད་རྣམས་མཆོག །མཐུ་ཆེ་བ་དང་འགྲོགས་གྱུར་ན། །མཐོན་པོ་ཉིད་དུ་སུ་མི་འགྱུར། །མེ་ཏོག་ཕྲེང་བར་འབྲེལ་བ་ཡི། །སྐུད་པ་མགོ་ལ་འདོགས་པར་བྱེད། །དམ་པ་དག་དང་འགྲོགས་པ་ན། །རང་རྒྱུད་ཡོན་ཏན་ལྡན་པར་འགྱུར། །ཀོ་ཏུ་བྷ་དང་ལྷན་ཅིག་པའི། །རྡོ་ཁམས་གསེར་དུ་སྒྱུར་བར་བྱེད། །བོང་བུ་ཕྱུགས་ལ་མེ་ཏོག་ཕྲེང་


MR01_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཅི། །དུད་འགྲོ་ཕག་ལ་ཁ་ཟས་ཞིམ་པོས་ཅི། །ལོང་ལ་སྣང་དང་འོན་པ་དག་ལ་གླུ། །གླེན་པ་རྣམས་ལ་ཆོས་ཀྱིས་ཅི་ཞིག་བྱ། །གང་ཞིག་ཚིག་གཅིག་ཙམ་སྟེར་བའི། །བླ་མར་ཕྱག་བྱས་མ་བཏུད་ན། །ཁྱི་ཡི་སྐྱེ་བ་བརྒྱ་བརྒྱུད་ནས། །རིགས་ངན་དག་ཏུ་སྐྱེ་བར་གསུངས། །རིག་པ་གཞོན་པའི་དུས་ན་བསླབ། །བ་ནི་དགུན་གྱི་དུས་སུ་གསོ། །ཞིང་ནི་དྲོད་གཤེར་ལྡན་ཚེ་རྨོ། །འདི་གསུམ་འབྲས་བུ་སྨིན་པའི་རྒྱུ། །གྲོག་མཁར་ས་དང་སྦྲང་རྩི་དང་། །ཡར་ངོའི་ཟླ་བ་བསླབ་པའི་བློ། །རྒྱལ་པོའི་ནོར་དང་སྤྲང་པོའི་ནོར། །ཅུང་ཟད་ཅུང་ཟད་བསགས་པས་འཕེལ། །ཡོན་ཏན་དག་ལ་འབད་བྱ་ཡི། །འགྱིང་ཚུལ་བསྟན་པས་ཅི་ཞིག་བྱ། །ཡོན་ཏན་མེད་པའི་ཆེ་འགྱིང་ནི། །རང་ཉིད་སྨ་ཕབ་ཁོ་ན་ཡིན། །མནོག་ཆུང་བདེ་བས་གཡེངས་པ་ལ། །དོན་ཆེན་ཡོན་ཏན་ག་ལ་སྐྱེ། །དེ་བས་སློབ་ཚེ་སྡུག་བསྔལ་ཀུན། །ཁྱད་དུ་བསད་དེ་ཡོན་ཏན་བསླབ། །རིག་པའི་གནས་དང་དམ་པའི་གཞུང་། །མ་ཐོས་བར་དུ་ཤེས་མི་འགྱུར། །ཐོས་པས་བླང་དོར་གནས་ཀུན་ལ། །བློ་གྲོས་མིག་བཟང་འབྱེད་པར་བྱེད། །ཡང་དག་མཁས་པའི་སློབ་དཔོན་ལ། །བསྟེན་པར་མ་བྱས་རིག་པ་དེ། །འཕྱོན་མ་ཡི་ནི་བུ་བཞིན་དུ། །ཁུངས་བཙུན་པར་ནི་མི་འགྱུར་རོ། །ཡ་རབས་རིགས་བརྒྱུད་མཐོ་བ་དང་། །མཁས་ཤིང་དམ་པའི་སྐྱེས་བུ་ལ། །


MR01_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བསྟེན་ཅིང་ཁུངས་ཕྱུང་བྱས་ཙམ་གྱིས། །སྐྱེ་བོ་གཞན་གྱིས་རྩི་བར་བྱེད། །ལེགས་པར་མཐར་ཕྱིན་སྦྱང་གྱུར་ན། །གཞུང་གཅིག་ཤེས་ཀྱང་ཉི་མ་བཞིན། །ཐེ་ཚོམ་དང་བཅས་གཞུང་མང་པོ། །འཛིན་རློམ་བྱས་ཀྱང་རྒྱུ་སྐར་འདྲ། །ཐོས་པའི་དོན་ལ་རྩེ་གཅིག་ཏུ། །རིགས་པའི་ལམ་ནས་དཔྱད་བྱས་ཏེ། །བསམ་བྱུང་ངེས་པ་མ་རྙེད་ན། །ཐོས་ཀློག་ཕལ་ཆེར་ནེ་ཙོ་འདྲ། །རིགས་དང་མི་རིགས་དཔྱོད་པའི་བློ་མེད་ཅིང་། །ཐོས་དང་བསོད་ནམས་དོན་དུ་མི་གཉེར་བར། །ལྟོ་འགྲངས་འཁྲིག་སྤྱོད་ཙམ་གྱིས་དུས་འདའ་བའི། །སྐྱེས་བུ་དེ་བློ་ཕྱུགས་དང་ཁྱད་པར་ཅི། །རྒས་ཤིང་འཁོགས་པར་གྱུར་ནའང་། །འབད་དེ་ཐོས་བསམ་ཤེས་རབ་སྦྱང་། །ཤེས་རྒྱུད་དེ་ལ་དེས་བསྒོས་པས། །སྐྱེ་བ་གཞན་དུ་མཁས་པར་འགྱུར། །རིག་པ་གླེགས་བམ་ལ་གནས་དང་། །མ་བསྒྲུབས་པ་ཡི་གསང་སྔགས་དང་། །ཚགས་སུ་མ་བྱས་ཡོ་བྱད་རྣམས། །དགོས་པའི་དུས་སུ་སླེབ་པར་དཀའ། །རང་གི་འདི་ཕྱིའི་ལེགས་ཚོགས་དང་། །འབངས་ཀྱི་དོན་རྣམས་མཐའ་དག་ལ། །མི་བདག་དུས་སུ་བསྒྲིམ་བྱ་སྟེ། །ལེ་ལོས་ཕྱི་བཤོལ་མི་བྱའོ། །བརྩོན་པ་དག་དང་བྲལ་གྱུར་ན། །དོན་ཆུང་ཡིན་ཡང་འགྲུབ་པར་དཀའ། །བརྩོན་འགྲུས་ལྡན་ན་ཡོན་ཏན་ཀུན། །རང་གི་ལག་ན་གནས་དང་མཚུངས། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་པ་སུ་ཞིག་


MR01_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་དུ་འགྱུར། །དེ་བས་རང་དོན་ཤེས་པ་རྣམས། །ཡོན་ཏན་ལེན་ལ་ཤིན་ཏུ་བརྩོན། །དགྲ་བོ་མི་དགར་བྱེད་འདོད་ན། །རང་ཉིད་ཡོན་ཏན་ལྡན་པར་བྱ། །ཁྲོ་བོའི་སེམས་དང་ཚིག་རྩུབ་ཀྱིས། །གཞན་དག་མི་ཐུལ་རང་ལ་གནོད། །མཆོག་རྣམས་རྒུད་དང་ཉམ་ངའི་ཚེ། །སྙིང་སྟོབས་བློ་གྲོས་ལྷག་པར་ཆེ། །མུན་པ་ཐིབ་པོས་ནོན་པ་ན། །སྒྲོན་མེ་ལྷག་པར་གསལ་བ་ཡིན། །གང་ཞིག་ཁྲོ་ན་འཇིགས་མེད་ལ། །དགའ་ནའང་ཕན་འདོགས་མི་ནུས་པ། །ཚར་གཅོད་རྗེས་འཛིན་མེད་པ་དེ། །དགའ་མ་ཁྲོ་ཡང་དེས་ཅི་བྱ། །ཕན་བཏགས་པ་ལ་དྲིན་མི་གཟོ། །གནོད་བྱས་ལན་ལྡོན་མེད་པ་ཡི། །ནུས་མེད་ལམ་ཁའི་ཐོ་ཡོར་དང་། །འདྲ་ལ་ཀུན་གྱིས་བརྙས་པར་བྱེད། །བློ་ལྡན་སེམས་དཔའ་མཆོག་རྣམས་ལ། །བྱས་པ་ཆུང་ཡང་དྲིན་གཟོ་ཆེ། །གནོད་པ་མང་ཡང་མི་འཁྲུགས་པས། །ས་གཞི་བཞིན་དུ་གནས་མོད་ཀྱི། །གང་དེའི་སྤྱོད་ཡུལ་མ་ཐོབ་གཞན། །ཕན་དང་གནོད་པ་ངོ་ཤེས་ནས། །ཚར་གཅོད་རྗེས་འཛིན་མཐུ་ཡོད་པ། །དེ་སྲིད་དེ་ཉིད་ཀུན་གྱིས་བརྩི། །གང་ན་མགོ་བོ་གཅོད་ནུས་པ། །དགའ་ན་རྒྱལ་སྲིད་སྦྱིན་པར་ནུས། །ནུས་པ་ཆེ་དང་མ་ལྡན་ན། །མི་བདག་ཅེས་གྲགས་དགོས་པ་ཆུང་། །མི་ལྕོགས་པ་ཡི་བྱ་བ་ལ། །གཞན་གྱིས་རྦད་ཀྱང་བསྒྲུབ་མི་བྱ། །དགེའོ་དགེའོ་ཞེས་སྨྲས་པས། །མེ་ཡི་ནང་དུ་སུ་ཞིག་མཆོང་། །ཐབས་


MR01_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཁས་བྱས་དོན་གང་ཞིག །དཀའ་ཡང་བསྒྲུབ་པར་ནུས་མཐོང་ན། །གཞན་གྱིས་བཀག་ཀྱང་ལྡོག་མི་བྱ། །མཁས་པས་རིན་ཆེན་ལེན་དང་མཚུངས། །སྦྲུལ་གདུག་མགོ་ལས་ནོར་བུ་བཞིན། །བྱ་བ་ཆུང་ངུ་དག་ལ་ཡང་། །བག་ཟོན་བཅས་པས་བསྒྲུབ་བྱ་ཡི། །བབ་ཅོལ་རྩོམ་པ་ནམ་ཡང་མིན། །མཛེ་ཅན་མེར་ནི་འཇུག་པ་ལྟའི། །ཕུང་ཀྲོལ་རྣམས་ཀྱིས་ཉེན་ཆེ་བའི། །བྱ་བའི་གནས་ལ་འཇུག་པ་གང་། །རྣལ་མར་གནས་པས་བྱར་མི་རུང་། །འཕྲོད་པར་ཟ་བའི་མི་ལ་ནི། །ཟས་ལས་བྱུང་བའི་ནད་མེད་པ། །དེ་བཞིན་ལེགས་པར་བརྟགས་ནས་སུ། །བྱ་བ་བྱེད་ལ་ཉེས་པ་དཀོན། །དོན་ཆུང་པ་ལ་ཆགས་རྣམས་ཀྱིས། །ཆེན་པོའི་བདེ་བ་མི་འཐོབ་པས། །བློ་ནི་ཅི་ནས་རྒྱ་བསྐྱེད་དེ། །ཡོན་ཏན་ཆེན་པོ་ཉིད་དུ་བྱ། །བསྒྲུབ་ན་ལྷ་ཡང་འགྲུབ་འགྱུར་ལ། །བཅོམ་ན་བྲག་ཀྱང་ཤིག་པའི་ཕྱིར། །ཞུམ་པ་དང་དུ་མི་བླང་བར། །རྒྱུན་ཆགས་པར་ནི་བརྩོན་པར་བྱ། །གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ངང་པ་མཚོ་དང་བྱ་རྒོད་དག །དུར་ཁྲོད་ལ་དགའ་གོམས་པའི་བློ། །སྟོབས་ལྡན་ཤ་ཁྲག་རྟག་ཟ་བའི། །སེང་གེ་ལོ་རེར་ལན་གཅིག་འཁྲིག །རྡུལ་ཙམ་འགམ་པའི་བོང་བུ་རྣམས། །རྟག་ཏུ་བག་མེད་འཁྲིག་པ་སྤྱོད། །ཆགས་བྲལ་ཆགས་དང་ཡིད་ལོག་བཞིན། །འགྲོ་རྣམས་སེམས་ཀྱི་རྗེས་སུ་འབྲངས། །སེམས་


MR01_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གོམས་པའི་རྗེས་འགྲོའི་ཕྱིར། །རང་སེམས་དབང་གྱུར་དངོས་གྲུབ་མཆོག །སྐྱེ་རྒུ་ལས་ཀྱི་རྗེས་འབྲངས་པས། །ཕལ་ཆེར་རང་དབང་ཡོད་མ་ཡིན། །ལས་དེའང་སེམས་པས་བཀོད་པའི་ཕྱིར། །སེམས་གདུལ་བ་ལ་ནན་ཏན་བྱ། །ས་སྟེང་འདི་ན་བདེ་བ་དང་། །སྡུག་བསྔལ་རིས་སུ་བྱས་པ་མེད། །འཇིག་རྟེན་འཇིག་རྟེན་འདས་པའི་དོན། །གང་སྒྲུབ་བདག་ལ་རག་ལས་པས། །གཞན་གྱི་དྲིང་ལ་མི་འཇོག་པར། །བདག་ཉིད་གཅིག་པུས་བགྱི་བའི་དོན། །མཐར་ཕྱིན་པ་ནི་བྱའོ་ཞེས། །སེམས་པ་སྐྱེས་བུ་སེང་གེ་ཡིན། །ཇི་ལྟར་མེ་ནི་རླུང་གིས་སྦར་གྱུར་ན། །ཚང་ཚིང་ནགས་ཀྱི་ཚོགས་རྣམས་ཚིག་པར་ནུས། །དེ་བཞིན་ཐབས་དང་ལྡན་པར་གང་བརྩོན་པ། །མི་མཐུན་རྒོལ་བའི་ཕྱོགས་ལས་རྣམ་པར་རྒྱལ། །དགེ་བའི་སྐས་ལས་མཐོ་རིས་གནས་འགྲོ་ཞིང་། །དཔལ་དང་འབྱོར་པའི་མཚོ་ཆེན་རང་གིར་བྱེད། །ས་གསུམ་འདུ་བ་མགྲོན་དུ་འགུགས་པ་ཡང་། །བརྩོན་པས་ལག་ན་གནས་པ་བཞིན་དུ་བྱེད། ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། །བརྟན་ཞིང་བརྩོན་པ་བརྟག་པའི་རབ་ཏུ་བྱེད་པ་སྟེ་དགུ་པའོ།། །།དཔལ་དང་འབྱོར་པ་ཕུན་སུམ་ཚོགས་ལྡན་པའི། །མི་བདག་བཟང་པོ་རྣམས་ནི་ལྷག་པར་དུལ། །རྒྱུ་སྐར་ཕྲེང་བས་བསྐོར་བའི་རི་བོང་འཛིན། །སྤྲིན་མེད་


MR01_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་འཆར་བ་ཇི་བཞིན་ནོ། །ཡོན་ཏན་ཆུང་རྣམས་ང་རྒྱལ་ཆེ། །ཡོན་ཏན་མཆོག་ལྡན་ཁེངས་པ་བྲལ། །སྙེ་མ་ལོང་བ་མགོ་འཕང་མཐོ། །འབྲས་བཟང་སྨིན་པ་དུད་དེ་གནས། །རང་གིས་རང་ལ་བསྟོད་བྱེད་པ། །བརྒྱ་བྱིན་ཡིན་ཡང་མི་མཛེས་པས། །ཁ་ཅོལ་ཆུང་ངུས་མི་གཅོལ་བར། །རྒྱ་མཚོ་བཞིན་དུ་བརླིང་བར་བྱ། །ཡོན་ཏན་ཅན་ལ་ལྷག་པར་དགྲར་གྱུར་ཅིང་། །མཐོ་བར་འགྱིང་བཞིན་དམའ་བར་སྒྱུར་བྱེད་པ། །བདག་གི་སྐྱོན་རྣམས་མཐོང་དུ་མི་སྟེར་བའི། །ང་རྒྱལ་དང་མཚུངས་ཉེས་པ་གཞན་ཡོད་མིན། །མཐོང་བ་ཙམ་ནས་སྐྱེ་བོས་སྡང་འགྱུར་ལ། །དེ་ཡི་དཔལ་ལ་གཞན་རྣམས་ཤིན་ཏུ་འཁུ། །བརྙས་ཐབས་སྣ་ཚོགས་མགྲོན་དུ་འགུགས་བྱེད་པའི། །ང་རྒྱལ་གདོན་དེ་ང་རྒྱལ་ཅན་ལ་འཇུག །གདོན་གཞན་སྔགས་ཀྱིས་གདུལ་ནུས་ཀྱི། །ང་རྒྱལ་ཅན་ལ་ལེགས་སྨྲས་ན། །སྦྲུལ་ལ་འོ་མ་བླུད་པ་བཞིན། །ཐབས་དེས་ཞི་བར་བྱེད་མི་འགྱུར། །ཙན་དན་གླ་རྩི་ག་བུར་གྱིས་བསྒོས་ཀྱང་། །སྒོག་སྐྱའི་དྲི་ངན་རང་བཞིན་མི་འདོར་ལྟར། །དམ་པའི་གཞུང་ལུགས་མང་པོ་ལེགས་བསླབས་ཀྱང་། །རང་བཞིན་ངན་པའི་མཚན་ཉིད་འདོར་བར་དཀའ། །ལེགས་བཤད་ཤེས་ཤིང་འོས་པའི་གནས་ལ་གུས། །མི་འོས་བརྙས་ཐབས་བྱེད་ཚེ་སྤོབས་པའི་གདེང་། །ལྷུན་པོའི་རྩེ་མོ་ལྟ་བུར་གཟེངས་མཐོ་བ། །སྐྱེས་བུ་དེ་ཡི་ང་རྒྱལ་རྒྱན་དང་འདྲ། །


MR01_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཞིང་འབྱོར་དུས་སྤོབས་པའི་གཟེངས་མཐོ་ཞིང་། །བཤད་ཀྱང་མི་གོ་ཀུན་ལ་རྩ་འདྲར་བརྙས། །འཇིགས་པ་མངོན་སུམ་བྱུང་ཚེ་ཞུམ་པའི་མཐར། །སྙེགས་པར་བྱེད་པ་སྐྱེས་བུ་ཐ་ཤལ་རྟགས། །གཞན་ལས་འཚོལ་ཞིང་ཟས་ཞིམ་འདོད། །སློང་མོས་འཚོ་ཞིང་ཁེངས་པ་ཆེ། །བསྟན་བཅོས་མི་ཤེས་རྩོད་པར་འདོད། །འདི་གསུམ་འཇིག་རྟེན་བཞད་གད་རྒྱུ། །རྙེད་དང་བཀུར་སྟིས་བླུན་པོ་ལ། །ང་རྒྱལ་སྐྱེ་ཞིང་སྐྱོན་རྣམས་སྒྲིབ། །དྲེའུ་མོ་ཡི་མངལ་ཆགས་བཞིན། །ཕོ་ཤལ་བཀུར་སྟིས་བརླག་པར་འགྱུར། །དམ་པ་ཇི་ལྟར་གོ་འཕང་མཐོ་གྱུར་པ། །དེ་ལྟ་དེ་ལྟར་དུལ་ཞིང་གཞན་ཕན་བརྩོན། །དེ་ཡི་གྲགས་པ་ཕྱོགས་དང་ཕྱོགས་རྣམས་སུ། །སྐྱེ་བོའི་ཚིག་གིས་བསྒྲགས་ཏེ་ཁྱབ་པར་འགྱུར། །མེ་ཏོག་དྲི་ནི་རྫི་ཕྱོགས་ཁོ་ནར་གཞོལ། །མཆོག་རྣམས་གྲགས་པའི་དྲི་བསུང་ཕྱོགས་ཀུན་ཁྱབ། །བདག་ཉིད་དུལ་ཞིང་ཡོན་ཏན་སྦ་བྱེད་ཀྱང་། །གཞན་གྱིས་གཞན་ལ་ངོམས་པ་བཞིན་དུ་སྒྲོགས། །མི་མཁས་ང་རྒྱལ་ཆེ་བའི་སྐྱེ་བོ་ནི། །རིགས་གཟུགས་ཐོས་སོགས་ཡོན་ཏན་ཆུང་ངུ་ཡིས། །ཁྲོན་པའི་རུ་སྦལ་བཞིན་དུ་ཁེངས་གྱུར་ནས། །དམ་པ་རྣམས་ལ་ལྷག་པར་གཤེ་བྱེད་ཀྱང་། །དེ་ཡིས་དམ་པའི་ཡོན་ཏན་མི་འགོག་ལ། །རང་གི་འདི་ཕྱིའི་ཡོན་ཏན་ཟད་པར་བྱེད། །མེ་ལྕེ་ཐུར་དུ་སྦུབས་པར་གྱུར་པ་དེས། །


MR01_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ལག་པ་སྲེག་པར་བྱེད་དང་མཚུངས། །རིགས་གཟུགས་འབྱོར་པ་ཐོས་སོགས་ཡོན་ཏན་ནི། །གོང་ནས་གོང་དུ་རྒྱ་ཆེར་འཕགས་མཆིས་པས། །བློ་ཆུང་རིགས་སོགས་མཉམ་པ་གཞན་དག་ལ། །འགྲན་ཞིང་ང་རྒྱལ་བྱེད་པ་ཤིན་ཏུ་འཁྲུལ། །ང་རྒྱལ་དག་གིས་སྨ་ཕབ་མ་བྱས་པའི། །ཡོན་ཏན་ཆུང་བར་གྱུར་ཀྱང་ཆེ་དང་འདྲ། །འབྱོར་དང་ཐོས་སོགས་ཤིན་ཏུ་རྒྱ་ཆེ་ཡང་། །ང་རྒྱལ་དུག་དང་འདྲེས་ན་ཆུང་བར་བྱེད། །འདོད་པས་ལོང་བས་སྡིག་མི་མཐོང་། །དམུས་ལོང་གིས་ནི་གཟུགས་མི་མཐོང་། །དྲེགས་པ་ཡིས་ནི་སྐྱོན་མི་མཐོང་། །བདག་ལྟས་དེ་ཉིད་མི་མཐོང་ངོ་། །རིགས་དང་བློ་གྲོས་ལྡན་རྣམས་ཀྱིས། །བཀུར་ལ་དམན་པས་བརྙས་ཐབས་བྱེད། །མཁས་པས་ཕྱག་བྱས་མཆོད་རྟེན་ནི། །ཁྭ་རྣམས་སྟན་དུ་བཏིང་བར་བྱེད། །མཁའ་ལ་གྱེན་དུ་གཏོར་བྱས་པའི། །མི་གཙང་རང་ཐོག་འབབ་པ་བཞིན། །མ་རབས་ང་རྒྱལ་ཅན་བསྟེན་ན། །སྟེན་པ་པོ་ལ་བྱུར་དུ་འབབ། །མཁས་ཤིང་ཡ་རབས་དུལ་བ་ལ། །བརྟེན་པ་ཙམ་གྱིས་རྟེན་པ་པོར། །ཡོན་ཏན་དཔལ་དང་གྲགས་པ་འཕེལ། །ནོར་བུས་གཙུག་རྒྱན་བྱས་པ་བཞིན། །གསང་བའི་བདག་པོའི་མཚན་བཟུང་བས། །འབྱུང་པོའི་ཚོགས་རྣམས་སྲུང་བ་ལྟར། །རིགས་མཐོ་བ་དང་མཁས་པ་ལ། །འབྲེལ་པ་རྣམས་ཀྱང་མཆོད་པ་ཐོབ། །ཆེན་པོས་ང་རྒྱལ་བྱ་ཅི་


MR01_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། །ང་རྒྱལ་མེད་ཚེ་ལྷག་པར་མཛེས། །དམན་པས་ང་རྒྱལ་བྱས་ཅི་ཕན། །ང་རྒྱལ་ཡོད་ན་ལྷག་པར་བརྙས། །ང་རྒྱལ་ཕྲག་དོག་ གཡོན་གསུམ་གྱི། །སྐྱོན་ལྡན་སྐྱེ་བོ་བླུན་གྱུར་གང་། །མཛའ་བར་བྱས་ན་མི་རུང་འཕེལ། །རྒྱང་དུ next hit་བསྲིང་ན་བདེ་བ་ཐོབ། །བཟང་པོ་དགྲ་རུ་གྱུར་ཀྱང་སླ། །ལེགས་པར་བསྡུམ་ན་ཕན་པར་བྱེད། །སྦྲུལ་གདུག་ལས་ཀྱང་ཐུ་བ་ཡི། །སྐྱེ་བོ་ངན་པ་མཛར་མི་རུང་། །མཛའ་བར་བྱས་ན་ཁྲོ་འགྱུར་ཞིང་། །ཕན་བཏགས་པ་ན་ལོག་པར་ལྟ། །བདེན་པར་སྨྲས་ན་ཕྱིར་རྒོལ་བ། །བཅོས་སུ་མི་རུང་མི་སྲུན་ཡིན། །མཁས་པ་གང་གིས་དེ་ཤེས་ནས། །འཇམ་པོས་བྲིད་བར་མི་བྱ་སྟེ། །བད་ཀན་ནད་ལ་རྩུབ་བཅོས་བཞིན། །ཐབས་ལ་མཁས་པས་བརླང་བར་བྱ། །དྲང་པོ་ཕལ་ཆེར་གཞོམ་གྱུར་ལ། །འཇམ་པོ་ཕལ་ཆེར་བརྙས་བགྱིད་པས། །དེས་ཤིང་དྲང་བ་རྣམས་ཀྱིས་ཀྱང་། །མི་སྲུན་བླུན་ལ་ཅི་འོས་སྦྱར། །སྐྱེ་བོ་ངན་དང་གསེར་དང་རྔ། །མི་སྲུན་རྟ་དང་བུད་མེད་དྲེགས། །ལྔ་པོ་བརྡུང་ན་དུལ་འགྱུར་གྱི། །དེ་དག་འཇམ་པོའི་འོས་མ་ཡིན། །ཡ་རབས་རིགས་ཀྱི་གདོང་ན་པདྨ་མེད། །མ་རབས་རིགས་ལ་ཀླད་ནས་རྭ་མ་སྐྱེས། །ཇི་ལྟ་ཇི་ལྟར་སྤྱོད་པའི་ཁྱད་པར་གྱིས། །འཕྱོན་མའི་བུ་ཡི་རིགས་རྣམས་གསལ་བ་ཉིད། །དེས་པ་རྣམས་ཀྱིས་སྦྱིན་པ་མ་སྩལ་ལ། །ང་རྒྱལ་ཅན་གྱིས་གཞན་ནོར་མ་འཕྲོགས་ཀྱང་། །


MR01_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་ཇི་ལྟར་སོ་སོའི་སྐྱོན་ཡོན་ལས། །སྐྱེ་བོ་རྣམས་ནི་དགའ་དང་སྡང་བར་བྱེད། །ང་རྒྱལ་མེད་ཅིང་དེས་པར་གྱུར་པའི་སྐྱེ་བོ་གང་། །འགྲོགས་ན་བདེ་ཞིང་མཛའ་བ་རབ་ཏུ་བརྟན་གྱུར་པ། །འབྲས་ལྡན་ལྗོན་ཤིང་བཟང་པོའི་གྲིབ་མ་སྣུམ་པོར་ནི། །ངལ་བསོས་བཞིན་དུ་བརྟེན་རྣམས་བདེ་བ་འཐོབ་པར་བྱེད། །ང་རྒྱལ་ཆེ་ཞིང་མ་དུལ་བ་ཡི་སྐྱེ་བོ་གང་། །མཐོན་པོའི་རིགས་སུ་སྐྱེས་ཀྱང་དེ་ལ་སྐྱབས་འཚོལ་རྣམས། །སྤྲིན་ཆུང་གྲིབ་མ་གཞན་དུ་རྗེས་སུ་ཕན་མི་འགྱུར། །དེ་ཕྱིར་དྲེགས་མེད་དེས་པའི་ས་སྐྱོང་བསྟེན་པར་བྱ། །ང་རྒྱལ་མེད་ཅིང་དུལ་བ་དང་ལྡན་འདི་ནི་ཟླ་བ་མིན་ཡང་ས་གསུམ་ཀུན་དགར་བྱེད། །འགྲོགས་ན་ཤིན་ཏུ་བདེ་བའི་འཇུག་ངོགས་དམ་པ་ཡིན་ཡང་བདུད་རྩིའི་རྫིང་བུ་གྱུར་མ་ལགས། །མཐའ་དག་སྐྱེ་བོ་དགའ་ཞིང་ལྟ་བས་འདུན་སར་གྱུར་ཀྱང་ལྷ་ཡི་དགའ་ཚལ་མ་ཡིན་ནོ། །གཞལ་མེད་ཁང་མཆོག་མིན་ཡང་འདི་ཕྱིར་བདེ་ཞིང་ལེགས་པའི་སྒོ་བརྒྱ་འབྱེད་པའི་ཚུལ་དང་ལྡན། །ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། མི་བདག་དུལ་བ་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཅུ་པའོ།། །།ཆེན་པོའི་སར་གནས་མི་ཡི་བདག་པོ་རྣམས། །རང་གི་འཁོར་གྱི་སྐྱེ་བོ་མཐའ་དག་ལ། །ཕྱོགས་ལྷུང་མེད་པར་གཅིག་ཏུ་མཉམ་པའི་ཡིད། །ཡངས་པའི་ས་ཆེན་བཞིན་དུ་བཞག་པར་བྱེད། །གྲུ་གཅིག་ནང་དུ་ཞུགས་པ་ལའང་། །ཕྱོགས་ལྷུང་ཅན་དེ་མི་མཛེས་ན། །


MR01_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བོ་མང་པོའི་ཚེ་གཅིག་གི །དཔོན་དུ་གྱུར་པ་སྨོས་ཅི་དགོས། །རང་གི་འབངས་ཀྱི་སྐྱེ་བོ་ཀུན། །གཙོ་བོ་དེ་ལ་བརྟེན་པར་མཉམ། །དེ་ཕྱིར་མཉམ་པར་བསྐྱང་བྱ་ཡི། །མི་མཉམ་གྱུར་ན་ཡི་ཆད་འགྱུར། །ཡོན་ཏན་ཅན་ལ་རྗེས་བརྩེ་ཞིང་། །མ་རུངས་པ་ལ་ཚར་གཅོད་པ། །སོ་སོའི་ལས་འབྲས་མངོན་སུམ་དུ། །བསྟན་ཕྱིར་འདི་ནི་མི་མཉམ་མིན། །སོ་སོའི་ལས་སྐལ་གང་ཐོབ་པ། །འདི་ལ་བགོ་བྱ་ཅི་ཞིག་ཡོད། །ཁྲལ་དང་ཁྲིམས་དང་སྲུང་ཚུལ་རྣམས། །ཉེ་རིང་བྱས་ན་མི་མཉམ་ཡིན། །རྒྱལ་པོས་རང་གི་ཡུལ་ཁམས་རྣམས། །དགྲ་དང་གནོད་པ་ཕོངས་པའི་ཕྱོགས། །རྣམས་ལས་ཇི་ལྟར་ནུས་པར་བསྲུང་། །གཅིག་མ་བསྲུངས་ཀྱང་རྒྱལ་པོ་མིན། །ཐབས་ནི་གང་གིས་བསྲུང་ཞེ་ན། །རང་དོན་མི་ཤེས་ནུས་མེད་རྣམས། །འདི་བྱོས་འདི་ལས་མ་འགལ་ཞེས། །ཁྲིམས་སུ་བཅས་པས་སྲུང་བར་བྱེད། །ཁྲིམས་ལས་འགལ་ན་སུ་ཡང་རུང་། །མཚུངས་པར་ཆད་པས་བཅད་བྱ་ཡི། །འགའ་ལའང་ཡང་བར་མི་བྱ་སྟེ། །དེ་ལྟར་བྱས་ན་ཁྲིམས་སྙོམས་སོ། །ཁྲིམས་ནི་སྙོམས་པར་བྱས་ནས་སུ། །སྐྱེ་རྒུ་བདེ་བར་བསྐྱང་བའི་ཕྱིར། །བཀའ་དྲིན་ཚུལ་གྱིས་དྲུག་ཆའི་དཔྱ། །དུས་བཟང་རྒྱལ་རྣམས་ཀྱིས་ཀྱང་བླངས། །སྙིགས་མའི་དུས་ཀྱི་རྒྱལ་པོ་རྣམས། །སྐྱེ་རྒུ་ཚུལ་བཞིན་མི་སྐྱོང་བར། །དཔྱ་ལ་གདུ་བར་བྱེད་པ་ནི། །བྲན་གཡོག་ངོ་ཚ་མེད་དང་འདྲ། །


MR01_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

བྲན་གཡོག་ངོ་ཚ་མེད་པ་རྣམས། །བཟའ་བཏུང་མཐོང་ན་ནན་གྱིས་འདུ། །དཀའ་བ་མཐོང་ན་ཐབས་ཀྱིས་བྱོལ། །ལས་མི་བྱེད་པར་གླ་རྔན་འདོད། །འོས་པའི་དཔྱ་ཁྲལ་སྡུད་པ་ཡང་། །འབྱོར་དང་འབྱོར་མེད་རིམ་པ་དང་། །བསྟུན་ནས་མཉམ་པར་བླང་བྱ་ཡི། །མི་མཚུངས་བླངས་ན་ག་ལ་སྙོམས། །ཁྲལ་འདེད་བྱ་བའི་འབངས་ཀུན་ལ། །ཡུལ་དུས་འབྱོར་པ་དང་བསྟུན་ཏེ། །གཞིས་ལ་གནོད་པ་མེད་པར་བླང་། །མི་ལྕོགས་པ་ཡིས་མནར་མི་བྱ། །བ་འཇོ་མེ་ཏོག་བཏུ་ཚུལ་དུ། །རྩ་བ་ཉམས་པར་བྱ་མི་རིགས། །གལ་ཏེ་རྩ་བ་ཉམས་བྱས་ན། །རྒྱལ་པོས་ད་གཟོད་སུ་ལས་ལེན། །འབངས་རྣམས་རང་གི་ལག་མཐུ་ཡིས། །བསྒྲུབས་པའི་ལོངས་སྤྱོད་རྒྱ་ཆུང་ལ། །ལོ་རེའི་བཟའ་བཏུང་གོས་རྣམས་ཀྱང་། །སེམས་ཁྲལ་མེད་པར་བདོག་པའང་དཀོན། །གྲོང་ཁྱེར་དུ་མའི་དཔྱ་ཁྲལ་ནི། །ཅུང་ཟད་བླངས་ཀྱང་བསྡོམས་ན་མང་། །དེ་ཕྱིར་རྒྱལ་པོས་འཁོར་རྣམས་ལ། །བརྩེ་སེམས་བཞག་སྟེ་དཔྱ་བླང་བྱ། །དཔྱ་དབུལ་པ་དང་ལས་བྱེད་སོགས། །རྒྱལ་པོར་ཕན་པའི་བགྱི་བ་ལ། །ཆ་མཚུངས་རིགས་པས་ཁྲལ་རྣམས་ལ། །འཁོར་ཀུན་སྐྱིད་སྡུག་སྙོམས་ན་བདེ། །ལ་ལ་ཅི་བྱེད་རང་དབང་ཅན། །ཁ་ཅིག་གཞན་དབང་རྟག་ཏུ་མནར། །འདྲ་དང་མི་འདྲ་མང་བ་ཡི། །ཡུལ་དེའི་སྐྱེ་རྒུ་མཁོས་མི་ཕེབས། །མཆོད་གནས་དམ་པའི་ཞབས་འདེགས་དང་། །འོས་ལ་གནང་བའི་


MR01_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དྲིན་ལ། །འབངས་རྣམས་འགྲན་སེམས་མི་འོས་ཀྱང་། །རིགས་མཐུན་མཉམ་པར་བསྐྱང་ན་ལེགས། །སྐྱེ་བོ་ལས་ཀྱིས་བཀོད་པའི་ཕྱིར། །ཐམས་ཅད་བདེ་སྡུག་མཉམ་པར་ནི། །རྒྱལ་བས་ཀྱང་ནི་མི་སྤྱོད་ན། །རྒྱལ་པོ་གཞན་གྱིས་ལྟ་ཅི་སྨོས། །འོན་ཀྱང་གནས་སྐབས་བྱ་བ་ལ། །འདྲ་ཞིང་མཉམ་པ་ཁོ་ན་ཡིས། །ཕྱོགས་སུ་མ་ལྷུང་སྙོམས་བྱས་ན། །མཐོ་དམན་སུས་ཀྱང་བཀའ་ལ་བརྩི། །རྒྱལ་པོ་ཀུན་གྱི་ཐུན་མོང་ཕྱིར། །བྱ་བ་ཕྱོགས་སུ་མ་ལྷུང་ཞིང་། །ཕྱོགས་ཞེན་ཅན་གྱི་ངག་མི་སྨྲ། །གཏོང་ལའང་ཕྱོགས་ཞེན་མི་བྱའོ། །རང་གི་ཆོས་ལུགས་གཙོར་བཟུང་སྟེ། །བསྟན་ལ་ཕན་འདོགས་ཅི་བྱས་ཀྱང་། །དེ་ལ་གྲུབ་མཐའ་གཞན་འཁུ་ན། །རྒྱལ་པོའི་སྐྱོན་མིན་འཁོར་གྱི་སྐྱོན། །རང་གི་གྲུབ་མཐའ་གཅེས་བཟུང་ནས། །གྲུབ་མཐའ་གཞན་ལ་གནོད་བྱེད་ན། །དེ་ལ་འཁུ་བ་ཅི་བྱུང་ཡང་། །འཁོར་གྱི་སྐྱོན་མིན་རྒྱལ་པོའི་སྐྱོན། །དེ་ཕྱིར་ཕྱི་རོལ་མུ་སྟེགས་ཚུན། །རྒྱལ་པོའི་ཡུལ་ན་གང་གནས་པའི། །གནའ་བོའི་གྲུབ་མཐའ་རང་རང་གི །སྔ་ཚུལ་དེ་བཞིན་རྒྱལ་པོས་བསྲུང་། །ཕན་ཚུན་བསྲེ་བར་མི་བྱ་ལ། །ཕན་ཚུན་གནོད་དུ་མི་འཇུག་པར། །སོ་སོར་མ་ཉམས་བསྐྱང་བ་ན། །སྐྱེ་རྒུ་སྐྱོང་བའི་ཚུལ་ལུགས་ཡིན། །དགོས་པའི་དུས་སུ་མ་གཏོགས་པ། །སྡེ་དང་རིས་དང་གོ་ས་ལ། །དགོས་མེད་གློ་བུར་དག་ཏུ་ནི། །


MR01_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བབ་ཅོལ་འཕེལ་འགྲིབ་མི་བྱའོ། །གློ་བུར་དུས་ཀྱི་གནང་སྦྱིན་སོགས། །ཕྱོགས་ལྷུང་མེད་པར་བྱས་གྱུར་ན། །མངའ་བདག་རིས་སུ་མ་ཆད་ཅེས། །སྐྱེ་བོ་རྣམས་ནི་ཡིད་མགུ་ནུས། །ཆ་ལུགས་དང་ནི་སྤྱོད་ལམ་སོགས། །ཡ་མ་ཟུང་དུ་མི་བྱེད་པར། །རྒྱུན་དུ་སྙོམས་པར་གནས་བྱས་ན། །ཡ་རབས་ཚུལ་དུ་གནས་པ་ཡིན། །བསྟོད་ན་ཁེངས་ཚུལ་མི་བྱ་ཞིང་། །སྨད་ན་ཞུམ་པ་མི་བྱ་བར། །རྟག་ཏུ་སྙོམས་པར་གནས་པ་ཡི། །མི་བདག་དེ་ནི་གཟི་དང་ལྡན། །ཕྱི་ཐག་བལྟ་བའི་མིག་རྒྱང་གིས། །དགྲ་ལའང་བུ་བཞིན་བསྐྱངས་བྱས་པས། །ཐ་མར་དགྲ་བོ་དབང་གྱུར་པ། །བློ་ཁོག་ཡངས་པའི་ཡོན་ཏན་ཡིན། །བློ་གྲོས་རྒྱ་མཚོ་ལྟར་ཡངས་ན། །བྱིས་པའི་སྐྱེ་བོས་དྲོད་མི་ཟིན། །ཅོལ་ཆུང་རྣམས་ཀྱིས་ཅལ་སྒྲོག་ལ། །མི་བརྟེན་སྐྱེས་བུའི་སྤྱོད་པ་མཚར། །དོན་ཆེན་གོ་འཕང་ཆེན་པོའི་ཕྱིར། །ཕྲན་ཚེགས་དག་ལ་བལྟ་མི་བྱ། །ས་རྣམས་དབང་དུ་འགྱུར་བའི་སླད། །ཅི་འབྱོར་གཏོང་ཡང་ཕོངས་སམ་ཅི། །ཀུན་ཤོང་བློ་རྒྱ་ཆེ་བ་རྣམས། །བློ་ཆུང་སེམས་ཀྱིས་བཟོད་པར་དཀའ། །མིག་རྒྱང་ཐུང་བའི་སྐྱེ་བོ་ལ། །སང་ཉིན་ལས་ཀྱང་དེ་རིང་གཙོ། །སྦྲང་བུ་བ་རྒྱས་བཅིངས་པ་བཞིན། །བླུན་པོ་ཕྲན་ཚེགས་ལ་ཆགས་ནས། །དོན་ཆེན་གནས་ལ་གྲོས་མི་ཐེབས། །རྟག་ཏུ་རང་གིས་རང་ཉིད་བཤོལ། །ནོར་གྱིས་ནོར་རྣམས་འགུགས་བྱེད་


MR01_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །དོན་ལས་དོན་གཞན་འབྱུང་བའི་ཕྱིར། །དོན་ཆེན་འགྲུབ་པར་མཐོང་ཚེ་རྐྱེན། །ཅིས་ཀྱང་མཁས་པ་བཤོལ་མི་ནུས། །དང་པོར་ལེགས་བརྟགས་ཐེ་ཚོམ་གཅོད། །བར་དུ་གང་རྩོམ་འཇིགས་པ་མེད། །ཐ་མར་དགེའམ་ཉེས་ཀྱང་རུང་། །མཁས་རྣམས་འགྱོད་མེད་རྟག་ཏུ་བདེ། །བླུན་པོས་བྱ་བ་ཅི་བྱེད་ཀྱང་། །འཇིགས་འགྱོད་ཐེ་ཚོམ་མེད་པ་དཀོན། །མཁས་པའི་བྱ་བ་ཕལ་མོ་ཆེར། །དེ་གསུམ་མེད་པས་བློ་བདེར་གནས། །ཡུན་ཐུང་དུས་དང་ཐབས་ཆུང་ངུས། །བགྱི་བ་ཆེན་པོ་འགྲུབ་པར་དཀའ། །ཡུན་རིང་དུས་སུ་ཐབས་ཆེན་པོས། །བསྒྲུབས་ན་མི་འགྲུབ་གང་ཡང་མེད། །ཡ་རབས་རྣམས་ལ་གོ་འཕང་གཙོ། །ཡོན་ཏན་སྒྲུབ་དང་ཐོས་པ་དང་། །དཔལ་དང་མངའ་ཐང་འཕེལ་བའི་ཐབས། །གང་ཡིན་དེ་ལ་ཞིབ་ཏུ་རྟོགས། །བསྒྲུབ་བྱ་དེ་དག་རྣམས་དོན་དུ། །ཟས་ནོར་འབྱོར་པ་རྩྭ་བཞིན་གཏོང་། །མི་བདེ་ཁྱད་དུ་བསད་ནས་སུ། །ལུས་ཀྱང་བྲན་བཞིན་བཀོལ་བར་བྱེད། །ནོར་གསོག་ཙམ་ལ་གྲུང་པ་ཡིས། །ཟས་གཏོང་ནོར་ནི་སྲུང་བར་བྱེད། །མ་རབས་རྣམས་ཀྱིས་གཞན་བཞག་ནས། །ཟས་ལ་རྟོག་དཔྱོད་ཞིབ་པར་བྱེད། །སོ་ནམ་དུས་སུ་ཞིབ་བྱ་ཞིང་། །དགོས་པའི་དུས་ན་རྩིང་པོར་སྤྱོད། །སྤྱད་པར་བྱ་ཕྱིར་ནོར་གསོག་གི །མི་སྤྱད་བསགས་ན་སྡུག་བསྔལ་རྒྱུ། །བྱ་བ་རྡུལ་ལྟར་ཞིབ་ན་ཡང་། །བློ་རྒྱ་ས་གཞི་ལྟར་ཆེ་ལ། །


MR01_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཉེས་འཇའ་ལྟར་གསལ་ན་ཡང་། །བློ་ཁོག་མཁའ་ལྟར་ཡངས་རྣམས་མཆོག །ཟས་དང་སྤྱོད་ལམ་སྙོམས་པར་གནས་གྱུར་ན། །འདུ་བ་སྙོམས་ཤིང་ནད་མེད་བདེ་བར་འགྱུར། །སྐྱེ་རྒུ་རྣམས་ལ་སྙོམས་པར་བྱས་གྱུར་ན། །ཕྱོགས་མེད་སྐྱེ་བོ་འདུ་ཞིང་རྗེད་པར་བྱེད། །བདེ་དང་སྡུག་བསྔལ་སྙོམས་པའི་ཡིད་བཞག་ན། །དུས་ཀུན་ཟུག་རྔུ་རྣམ་སྤང་བདེ་བར་གནས། །མཐའ་ལ་མ་ཞེན་མཉམ་པའི་ཡིད་སྐྱེད་ན། །ལྟ་བ་བཟང་ལྡན་ཆོས་ཉིད་དོན་ལ་གནས། །ཕྱོགས་ལྷུང་མེད་པར་མཉམ་ན་སྤྱི་རྗེ་སྟེ། །ཡོན་ཏན་འདི་དང་གང་ལྡན་རྒྱལ་པོར་འོས། །བཤེས་ངོར་བྱེད་ཅིང་བྱ་བ་མི་སྙོམས་པ། །ཁྲིམས་འཆལ་གནོད་པ་དུ་མའི་རྒྱུ་རུ་འགྱུར། །ས་བཞིན་སྙོམས་པའི་རྒྱལ་པོ་འཇིག་རྟེན་ན། །སྐྱེ་བོའི་ཚོགས་ཀྱི་རྟེན་དུ་གྱུར་པ་སྟེ། །ཡོན་ཏན་རྣམ་པ་མང་ལ་རྒྱ་ཆེ་བའི། །འབྲས་བུ་བཟང་པོའི་ཚོགས་ཀྱི་འབྱུང་གནས་ཡིན། །ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། ཀུན་ལ་སྙོམས་པ་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཅུ་གཅིག་པའོ།། །།ས་སྐྱོང་སྙིང་རྗེར་ལྡན་པ་རྣམས། །འབངས་ལ་བུ་གཅིག་བཞིན་དུ་བྱམས། །རང་གི་སྲོག་དང་ནོར་བཏང་ནས། །འཁོར་རྣམས་རྗེས་སུ་སྐྱོང་བ་ཡིན། །སྐྱེས་བུ་ཕྱུགས་ཀྱིས་འཚོ་རྣམས་ཀྱང་། །ཕྱུགས་ལ་བརྩེ་བས་མ་བསྐྱངས་ན། །ཉེ་བར་རྒུད་པ་ཐོབ་མིན་ནམ། །རང་དོན་ཤེས་ན་འཁོར་བསྐྱང་བྱ། །ལྗོན་ཤིང་


MR01_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་འདབ་རྒྱས་པ་དེ། །ལྗོན་ཤིང་ཉིད་ཀྱི་ཆེ་རྟགས་ཡིན། །འཁོར་ལ་ཕུན་སུམ་ཚོགས་པ་དེ། །རྒྱལ་པོའི་མངའ་ཐང་ཆེ་རྟགས་ཡིན། །རྒྱལ་པོ་རྒྱལ་པོ་ཞེས་བྱ་བ། །འབངས་ལ་བརྟེན་ནས་མིང་དུ་ཐོགས། །མི་རེངས་གཅིག་པུར་གྱུར་པ་ལ། །རྒྱལ་པོ་ཞེས་ནི་སུ་ཞིག་འདོགས། །སྙིགས་མའི་དུས་ཀྱི་རྒྱལ་རིགས་རྣམས། །འབངས་ལ་གཟན་ཟས་ལྟ་བུར་མཐོང་། །སྡིག་པ་དག་ནི་ཕྲུ་གུ་ཡིས། །མ་ཉིད་ཟས་སུ་མཐོང་ནས་ཟ། །སྔོན་ཚེ་ཆོས་ལྡན་རྒྱལ་རྣམས་ཀྱིས། །སྲོག་དང་ལོངས་སྤྱོད་བཏང་ནས་སུ། །རང་གི་འབངས་རྣམས་སྐྱོང་བར་བྱེད། །ཀྱེ་མ་བློ་ཡི་ཁྱད་པར་ལྟོས། །རང་དོན་བཞག་ནས་གཞན་དོན་གཉེར། །དེ་ལ་སུ་ཞིག་སྐྱབས་མི་བྱེད། །འབྲས་ལྡན་ཤིང་དང་ཡིད་འོང་ཆུ། །སྐྱེ་བོ་ཀུན་གྱིས་འདུན་སར་འགྱུར། །རང་དོན་ཆེ་ཞིང་གཞན་འདོར་བ། །དེ་ལ་སུ་ཞིག་སྐྱབས་སུ་འཛིན། །འབྲས་མེད་ཤིང་དང་མི་གཙང་ཆུ། །བློ་ལྡན་སུ་ཡིས་བརྟེན་བྱར་བྱེད། །གང་ཞིག་བརྟེན་པས་དཔལ་དང་གྲགས་པ་དང་། །ནོར་དང་བདེ་བ་ཕུན་སུམ་ཚོགས་ཐོབ་པ། །བུམ་བཟང་དཔག་བསམ་ནོར་བུའི་རྗེས་འགྲོ་བའི། །མི་མཆོག་དེ་ལ་བརྟེན་རྣམས་རྒྱལ་བར་འགྱུར། །བསྟེན་པར་གྱུར་ན་ཁྲོ་དང་བརྐམ་ཆགས་སོགས། །ཉེས་པའི་དབང་གིས་འཁོར་རྣམས་ཕུང་བྱེད་པ། །ཧ་ལའི་ལྗོན་པ་དུག་ཆུའི་རྫིང་བུ་ཅན། །ས་བདག་ངན་ལ་སུ་ཞིག་རྟེན་པར་བྱེད། །དེ་ཕྱིར་སུ་


MR01_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བདག་ལ་བརྟེན་པ་རྣམས། །སྡུག་བསྔལ་ཡོངས་སྤངས་བདེ་བར་འགྱུར་སྙམ་དུ། །རྣམ་པར་དཔྱོད་པས་ཉིན་མཚན་འདའ་བྱེད་པས། །ས་སྐྱོང་བཟང་པོ་རྣམས་ནི་དོན་དང་ལྡན། །གལ་ཏེ་རང་དོན་སེམས་ན་ཡང་། །རང་དོན་ལེགས་པར་སྒྲུབ་པ་ལ། །འཁོར་བསྐྱང་བ་ལས་དོན་ཆེ་བའི། །རྒྱལ་པོའི་བྱ་བ་གཞན་ཅི་ཡོད། །འབྲས་མེད་ཤིང་དང་མཚོ་བསྐམས་པར། །བྱ་རྣམས་འདུ་བར་མི་འགྱུར་ལྟར། །རྒྱལ་སྲིད་མངའ་ཐང་ཉམས་པའི་ཕྱོགས། །སྐྱེ་བོ་ཀུན་གྱིས་སྤོང་བར་བྱེད། །སྐྱིད་ན་ལྷ་ཡང་འདུ་བྱེད་ལ། །སྡུག་ན་བུ་ཡང་འབྲོས་བྱེད་པས། །རྒྱལ་པོས་རང་གི་ཡུལ་འཁོར་ཀུན། །དཔལ་གྱིས་མཚོ་ལྟར་གང་བར་བྱ། །འཁོར་དང་ནོར་གྱིས་འབྱོར་གྱུར་ན། །རྒྱལ་པོ་སྟོབས་དང་ཅིས་མི་ལྡན། །འབྱོར་པར་གྱུར་ཚེ་ཀུན་ཀྱང་མཛའ། །རྒུད་པར་གྱུར་ཚེ་ཐམས་ཅད་དགྲ། །རྒྱལ་པོས་ཡུལ་དེར་མི་བཟད་པའི། །དབུལ་དང་ཁས་ཉེན་སྡུག་བསྔལ་ཅན། །སྐྱབས་མེད་འདི་དག་རྣམས་ཀྱི་སྐྱབས། །བདག་མིན་སུ་ཞིག་ཡོད་སྙམ་བྱ། །ཤིན་ཏུ་མི་སྲུན་གྱུར་རྣམས་ལ། །རྒྱལ་པོས་བདག་ལ་བརྙས་སྙམ་དུ། །རྒྱུད་ཚིག་པར་ནི་མི་བྱ་སྟེ། །དེ་རྣམས་ཉེས་པས་རྨོངས་ཕྱིར་རོ། །རྨོངས་ཕྱིར་ཕ་དང་མ་ལའང་། །འཚེ་ཞིང་དཀོན་མཆོག་གསུམ་ལ་གནོད། །བདག་གི་བདེ་བ་ཁྱད་གསོད་པ། །དེ་ལ་སྙིང་རྗེ་ཅིས་མི་སྐྱེ། །མིག་མེད་གཡང་སར་མཆོང་བ་ནི། །གཡང་སར་བརྙས་


MR01_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་གྱི། །རང་གི་ལས་ཀྱིས་རང་བརྙས་ནས། །དབང་མེད་སྡུག་བསྔལ་མྱོང་བར་ཟད། །དེ་བཞིན་མི་སྲུན་པ་རྣམས་ལ། །སྙིང་རྗེའི་བསམ་པ་བསྐྱེད་ནས་སུ། །ཕ་ཡིས་བུ་ནི་བཅོས་པ་ལྟར། །བསྡིག་ཅིང་གདུལ་དཀའ་གནས་ནས་བསྐྲད། །སྡུག་པ་དང་བྲལ་རང་མིས་བརྙས་པ་དང་། །བུ་ལོན་མང་ཞིང་ངན་པ་དག་ལ་བརྟེན། །དབུལ་བར་མཐོང་ནས་མཛའ་བོས་སྤངས་པ་སྟེ། །མེ་མ་ཡིན་པར་ལུས་སྲེག་དེ་ལྔའོ། །གང་ཞིག་རྒན་པོ་བྱིས་པ་ནད་པ་དང་། །ཉམ་ཆུང་ཐབས་སྟོར་དེ་བཞིན་རྒུད་པ་དང་། །རྒྱལ་པོས་སྤངས་དང་སྐྱབས་མེད་གྱུར་རྣམས་ལ། །སྙིང་རྗེ་མེད་པ་དེ་དག་མིར་མི་རུང་། །བདག་ནི་མགོན་དང་བཅས་སྙམ་རེ་སེམས་ཀྱིས། །ཉམ་ཆུང་མཆི་མས་བརྣངས་པའི་སྨྲེ་སྔགས་ཀྱིས། །ས་བདག་ལ་ནི་བདེན་པའི་དོན་གསོལ་བ། །ཡལ་བར་འདོར་བ་སེམས་ཀྱིས་ཇི་ལྟར་བཟོད། །ཤིན་ཏུ་ཉམ་ཆུང་རྣམས་ཀྱིས་མི་བདག་ལ། །ཞུ་བར་རྔོ་མི་ཐོགས་པ་མང་བའི་ཕྱིར། །དུས་དང་དུས་སུ་འབངས་ཀྱི་བདེ་སྡུག་ལ། །ཚུལ་བཞིན་རྟོག་ཅིང་དཔྱོད་པ་མཁས་པ་ཡིན། །རང་ཉིད་བདེ་བར་གནས་པ་ཕལ། །ཕ་རོལ་ཉམས་ལ་ལྟ་བ་དཀོན། །གཞན་གྱི་ཁོང་དུ་ཞུགས་པ་ལྟའི། །བསམ་དཔྱོད་ཅན་གྱི་རྗེ་བོ་བཟང་། །རྣམ་པ་ཀུན་ཏུ་སེམས་ཀྱིས་ཡོངས་བརྟགས་ཀྱང་། །བདག་ལས་ཆེས་སྡུག་འགའ་ཡང་མ་མཐོང་བ། །དེ་ལྟར་སོ་སོར་གཞན་ལའང་རང་སྡུག་


MR01_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

པ། །དེ་ཕྱིར་བདག་གིས་གཞན་ལ་གནོད་མི་བྱ། །བདེ་བ་འདོད་དང་སྡུག་བསྔལ་མི་འདོད་པར། །སྐྱེ་བོ་ཀུན་ཀྱང་ཤིན་ཏུ་མཉམ་པའི་ཕྱིར། །བདག་གི་ཚུལ་ལ་བལྟས་ནས་འགྲོ་བ་གཞན། །ཤིན་ཏུ་ཕོངས་པར་གྱུར་ལ་སྙིང་རྗེར་བྱེད། །བདག་ནི་སྐྱེ་བོ་འདི་ཡི་མགོན་གྱུར་ལ། །འདི་ཀུན་བདག་ལ་རེ་ཞིང་ལྟ་བྱེད་པས། །བདག་གི་སྲོག་ནི་བཏང་བར་ཆེས་བླ་ཡི། །འདི་རྣམས་བཏང་བར་མི་བྱ་སྙམ་དུ་བསམ། །སྐྱབས་མེད་རྣམས་ལ་སྐྱབས་སུ་མི་བགྱིད་ཅིང་། །ཇི་ལྟར་ནུས་པས་དབུགས་འབྱིན་མི་སྩོལ་བར། །འབངས་ཀྱི་ནོར་ལེན་འབངས་ལ་མི་སེམས་རྣམས། །ཁྲེལ་ལྡན་ཡིན་ན་ཁྲེལ་མེད་གཞན་སུ་ཞིག །ཡོན་ཏན་ཅན་ལ་བརྟེན་བྱས་ན། །སྲོག་གི་ཕྱིར་ཡང་དེས་མི་གཏོང་། །སེང་གེ་ཡན་ལག་མ་སྨད་པས། །སྤྲེའུའི་ཕྲུག་གུ་བསྲུང་བ་བཞིན། །ངན་པར་ཇི་ལྟར་ཕན་བཏགས་ཀྱང་། །རྐྱེན་དང་འཕྲད་པའི་ཚེ་ན་བསླུ། །མི་ངན་ཆུ་ལས་བསྒྲལ་ན་ཡང་། །རི་དྭགས་རུ་རུ་གཞན་ལ་བསྟན། །རང་གི་རིས་ནས་མ་འདས་པ། །ཇི་ལྟར་མི་སྲུན་གྱུར་ན་ཡང་། །རང་ལ་དབང་བའི་ཕྱིར་ན་དེས། །བརྙས་པར་མི་དོགས་འབད་དེ་འཆོས། །རང་གི་རིས་ནས་གང་འདས་པས། །གནོད་ཀྱང་ཆད་པས་ཇི་ལྟར་གཅོད། །བརྙས་ཐབས་བྱེད་ན་དེས་བྱེད་དེ། །ཁྲོ་ན་དེ་ལ་ཁྲོ་བར་བྱ། །གང་ཞིག་སྦྲུལ་གྱིས་ཟིན་གྱུར་ན། །གདུག་པའི་དུག་ནི་མཆེད་དོགས་པས། །རང་གི་


MR01_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

སོར་མོ་ཡིན་ན་ཡང་། །གཅད་པར་བྱ་བ་ཇི་བཞིན་དུ། །གང་ཞིག་བཅོས་སུ་མི་བཏུབ་པའི། །མི་སྲུན་གདུག་པ་གང་གནས་པའི། །ཡུལ་ཁམས་དེ་ཡང་སྡུག་བསྔལ་ཕྱིར། །རང་གི་གནས་ནས་བོར་བར་བྱ། །རང་གི་ཡུལ་གྱི་སྐྱེ་བོ་ཡིས། །གལ་ཏེ་ཉེས་པ་བྱས་པ་ལ། །འོས་མཐུན་ཆད་པས་བཅད་བྱས་ཀྱང་། །རང་ལ་དབང་ཕྱིར་སྙིང་རྗེ་བྱ། །སྙིང་རྗེ་མེད་ཅིང་གདུག་ལྡན་པའི། །མ་ལའང་བུ་ནི་འབྲོས་བྱེད་ན། །འཁོར་གྱི་སྐྱེ་བོ་སྨོས་ཅི་དགོས། །འཁོར་རྣམས་འགྲིབ་ན་རྒྱལ་པོ་དམའ། །རང་གི་ཡུལ་དེར་གནས་པ་ཡི། །གློ་བུར་མགྲོན་དང་དབུལ་པོའི་ཚོགས། །ཅི་ནུས་པར་ནི་བསྲུང་བྱ་སྟེ། །ཅི་མི་སྙམ་དུ་བཞག་མི་རིགས། །རང་དོན་ཕུན་སུམ་ཚོགས་འདོད་ན། །གཞན་དོན་སྒྲུབ་པ་ཐབས་སུ་བསྔགས། །གཞན་ཕན་བྱེད་པའི་སྐྱེ་བོ་རྣམས། །རྒྱལ་པོ་མིན་ཡང་རྒྱལ་པོ་འདྲ། །རྩོད་པའི་དུས་ཀྱི་རྒྱལ་ངན་རྣམས། །འཁོར་གྱི་ཕུན་ཚོགས་མཐོང་གྱུར་ན། །སེམས་ལ་ཟུག་རྔུ་སྐྱེ་བ་ནི། །འཆི་ལྟས་བཞིན་དུ་ཕྱིན་ཅི་ལོག །བརྩེ་ལྡན་དམ་པའི་སྐྱེས་བུ་ཡིས། །རྒྱལ་ཁམས་གཞན་གྱི་ཕུན་ཚོགས་ལའང་། །དགའ་ཞིང་རྗེས་སུ་ཡི་རང་བ། །དེ་ཡིས་རང་གི་ཕུན་ཚོགས་འཕེལ། །དངོས་པོའི་རང་བཞིན་ཤེས་བྱས་ནས། །དགྲ་རྣམས་ལ་ཡང་བྱམས་པ་ཡིས། །ཁྱབ་པར་བྱེད་པའི་ས་བདག་དེས། །ས་རྣམས་མ་ལུས་དབང་དུ་འདུ། །བྱམས་


MR01_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་ནི་ཉེར་བཞག་སྟེ། །གཏོང་དང་སྙན་པར་སྨྲ་བ་དང་། །འབངས་ཀྱི་དོན་བྱེད་རྒྱལ་པོ་དེའི། །གྲགས་པ་འཇིག་རྟེན་གསུམ་དུ་ཁྱབ། །གང་ལ་བྱམས་པའི་སེམས་ཀྱི་དཔལ་གནས་པར། །བསོད་ནམས་སྟོབས་ཀྱིས་ལྷ་རྣམས་དགར་གྱུར་ནས། །མི་མ་ཡིན་པ་རྣམས་ཀྱང་སྲུང་བྱེད་ན། །མི་ཡི་སྐྱེ་བོའི་ཚོགས་རྣམས་སྨོས་ཅི་དགོས། །མི་བདག་སྙིང་རྗེར་ལྡན་པའི་ཡུལ་ཁམས་སུ། །རྣམ་མང་འབྱོར་བ་དབྱར་གྱི་ཆུ་ལྟར་འཕེལ། །ཕ་རོལ་དཔུང་གི་ཚོགས་ཀྱིས་མི་བརྫི་ཞིང་། །སྐྱེ་བོའི་ཚོགས་རྣམས་དགའ་བས་བག་ཕེབས་འགྱུར། །བྱམས་ལྡན་རྒྱལ་པོ་ཟླ་བ་རྒྱས་པ་བཞིན། །སྐྱེ་རྒུའི་བསོད་ནམས་དཔལ་དུ་ཤར་བའི་ཚེ། །ཡུལ་ཕྱོགས་དེར་ནི་མགོན་དང་བཅས་པའི་ཕྱིར། །རྒྱལ་པོ་ཉིད་ཀྱིས་མ་སྟོངས་པ་ཞེས་བཤད། །ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། སྙིང་རྗེ་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཅུ་གཉིས་པའོ།། །།དེ་ལྟར་བརྟན་ཞིང་དེས་ལ་སྙོམས་གྱུར་ཅིང་། །སྙིང་རྗེའི་སེམས་དང་ལྡན་པའི་མི་བདག་དེས། །རང་གི་མངའ་རིས་ལེགས་པར་སྐྱོང་བ་ཡི། །ཐབས་ཚུལ་རྣམ་པ་མང་ལ་སེམས་པར་བྱེད། །སྐྱེ་རྒུ་བདེ་བར་བྱེད་པ་འཚོ་ཚིས་ཡིན། །མི་བདེ་འཕེལ་བ་འགོག་པ་ཁྲིམས་ཡིན་པས། །འཇིག་རྟེན་བདེ་བར་འཚོ་དང་ཁྲིམས་ཀྱི་ལས། །གཉིས་ཀྱི་སྒོ་ནས་སྐྱེ་རྒུ་སྲུང་བར་བྱེད། །མི་བདག་རང་སྡེ་བསྲུང་འདོད་པས། །སྔོན་དུ་རང་ཉིད་ལེགས་པར་བསྲུང་། །


MR01_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཡང་སྲུང་བར་མ་ནུས་པས། །གཞན་དག་ཇི་ལྟར་བསྲུང་བར་བྱ། །ཐོག་མར་བདག་གི་ཚེ་དང་ལུས། །སྡེ་བཞིའི་རྩ་བར་གྱུར་པ་གང་། །ཡུན་དུ་བརྟན་ཞིང་འཚོ་བ་ཡི། །ཐབས་ལ་འབད་པས་བསྲུང་བར་བྱ། །རིན་ཆེན་སྨན་དང་རིག་སྔགས་ཀྱི། །སྦྱོར་བའམ་རླུང་གི་རྣལ་འབྱོར་སོགས། །ཐབས་དང་ལྡན་པའི་ཆོ་ག་ཡིས། །ལུས་ནི་ལེགས་པར་བསྲུང་བར་བྱ། །བསོད་ནམས་ཀྱིས་ནི་འདི་ཕྱིར་བདེ། །བསོད་ནམས་ལྡན་ན་བསམ་པ་འགྲུབ། །དེ་ཕྱིར་བསོད་ནམས་འབད་བྱ་སྟེ། །བསོད་ནམས་སྟོབས་ཀྱི་རྣམ་ཐར་ལྟོས། །བློ་གྲོས་བྱ་བ་གནས་གྲོགས་རྫས། །ལ་སོགས་དཔལ་རྣམས་ཇི་སྙེད་པ། །ལྷ་དང་ཀླུ་ལ་ནོར་བུ་བཞིན། །བསོད་ནམས་སྟོབས་ཀྱིས་འབད་མེད་འཐོབ། །དྲན་དང་ཤེས་བཞིན་བག་ཡོད་ཀྱིས། །སེམས་ཀྱི་ཡོན་ཏན་བསྲུང་བྱ་ཞིང་། །བརྩོན་པས་གོང་ནས་གོང་དུ་ནི། །འཕེལ་བའི་ཐབས་ལ་སྦྱར་བར་བྱ། །འཕགས་པ་གསེར་འོད་དམ་པ་དང་། །རྒྱ་ཆེར་རོལ་པ་ཏོག་གི་གཟུངས། །ས་སྙིང་འཁོར་ལོ་བཅུ་པ་དང་། །འཇམ་དཔལ་རྩ་བའི་རྒྱུད་ལ་སོགས། །དེ་བཞིན་གཤེགས་པའི་གསུང་རབ་རྣམས། །དགེ་བའི་བཤེས་ལས་ལུང་ནོད་ཅིང་། །མཆོད་དང་བཀུར་སྟི་ཆེར་བྱས་ནས། །དུས་སུ་བཀླགས་ཤིང་བསམ་བྱས་ན། །རྒྱལ་རིགས་དེ་དག་བསོད་ནམས་འཕེལ། །སྔགས་ཀྱི་དཀྱིལ་འཁོར་རྣམ་མང་པོར། །གང་དག་དད་པས་ལེགས་


MR01_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ཏེ། །དབང་ནོས་དམ་ཚིག་བཟུང་བྱས་ན། །ཚེ་དང་བསོད་ནམས་གྲགས་པ་འཕེལ། །ཇི་སྲིད་འདོད་ཆེན་མ་གྱུར་པ། །དེ་སྲིད་ཡོན་ཏན་གཙང་བ་ཡིན། །འདོད་ཆེན་ཉིད་ལ་ཞུགས་གྱུར་ན། །ཡོན་ཏན་བཙུན་པར་ག་ལ་འགྱུར། །ངོ་ཚ་མེད་ན་དེའི་ཡོན་ཏན། །བརྗོད་བྱར་བྱས་ནས་གཏམ་ངན་འཕེལ། །དེ་ཕྱིར་ངོ་ཚ་ཁྲེལ་ཡོད་པས། །རང་གི་ཡོན་ཏན་བསྲུང་བར་བྱ། །གནས་ཁང་མེ་རུ་འབར་ཚེ་སྔོན། །ངོ་ཚས་ལུས་ནི་བྱིབས་བཞིན་དུ། །ཤི་བའང་ཚངས་གནས་སྐྱེས་ཞེས་སུ། །ཡོན་ཏན་དེ་ལྟར་མདོ་ལས་བཤད། །ངོ་ཚ་ཙམ་ལ་དེ་ལྟ་བུའི། །ཡོན་ཏན་ཆེ་དང་ལྡན་གྱུར་ན། །ངོ་ཚ་ཁྲེལ་ཡོད་དང་ལྡན་པས། །ཡོན་ཏན་སྲུང་བ་སྨོས་ཅི་འཚལ། །ངོ་ཚ་མེད་པའི་མི་རྣམས་ནི། །ཇི་ལྟར་བརྒྱན་ཀྱང་མཛེས་མ་ཡིན། །ཁྱད་པར་ཆེན་པོའི་མི་རྣམས་ལ། །ངོ་ཚ་ཁྲེལ་ཡོད་མཆོག་ཏུ་དགོས། །ཆེ་རྣམས་ངོ་ཚ་མི་ཤེས་ན། །ངོ་ཚ་མེད་རྣམས་སུ་ཡིས་འདུལ། །སྐྱབས་ལས་འཇིགས་པ་བྱུང་བ་དང་། །ཆུ་ལས་མེ་འབར་སུས་ཞི་ནུས། །ངོ་ཚ་མེད་པས་སྨ་ཕབ་པ། །ཆེན་པོའི་གོ་ནས་ཡར་མོད་ཀྱི། །ད་དུང་རང་ཚུལ་མི་ཤེས་པར། །ཆེ་བར་རློམ་པ་ཀྱེ་མ་འཁྲུལ། །འདོད་པས་གདུང་ལ་ཁྲེལ་མེད་ངོ་ཚ་མེད། །བཀྲེས་པས་གདུང་ལ་སྟོབས་མེད་མདངས་ཀྱང་མེད། །ནད་ཀྱིས་གདུང་ལ་གཉིད་མེད་བདེ་བ་མེད། །དེ་ཕྱིར་འདོད་པའི་གནས་ལས་བག་ཡོད་བྱ། །


MR01_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་དང་འདྲའི་འདམ་རྫབ་མེད། །ཞེ་སྡང་ལྟ་བུའི་གནོད་པ་མེད། །གཏི་མུག་ལྟ་བུའི་རྒྱ་མེད་དེ། །སྲེད་པ་ལྟ་བུའི་ཆུ་ཀླུང་མེད། །ཆགས་པ་དང་འདྲ་འགྲོ་བའི་དྲི་མ་མེད། །ཕྲག་དོག་དང་འདྲ་གཞན་ལ་གནོད་པ་མེད། །སློང་བ་དང་འདྲའི་མཛའ་བ་ཡོད་མིན་ཏེ། །གཏོང་བ་དང་མཉམ་ནོར་ནི་གཞན་ན་མེད། །ཤེས་རབ་འདྲ་བའི་མིག་ནི་གཞན་ཡོད་མིན། །ཐོས་པ་དང་འདྲ་བཤེས་གཉེན་གཞན་མེད་དེ། །ཡོན་ཏན་འདྲ་བའི་རྒྱན་ནི་གཞན་དུ་མེད། །དེ་ཕྱིར་སྐྱོན་ཡོན་ལེགས་བསམ་རང་ཉིད་སྲུང་། །མི་ཆོས་སྲོག་ཤིང་དྲང་པོ་སྟེ། །ཡ་རབས་བྱ་བ་ཕལ་མོ་ཆེ། །གྱ་གྱུའི་རྫབ་ཀྱིས་མ་གཡོགས་པར། །གཙང་མའི་གསེར་བཞིན་མངོན་པ་ཡིན། །གཡོ་སྒྱུས་བསྒྲུབ་པའི་ཟས་དང་ནོར། །རྙེད་དོ་སྙམས་ཀྱང་ཤོར་ལས་ཐུ། །ཡིད་རྟོན་སླུ་བར་བྱེད་པ་རྣམས། །འཚོ་ཡང་འཚོ་བ་མིན་དང་འདྲ། །རྒྱུ་འབྲས་མེད་པ་མི་སྲིད་ལ། །ལྷ་མིག་སྒྲིབ་པར་མི་ནུས་པས། །གྱ་གྱུ་ཅན་གྱི་ངན་མཚང་སྐྱོན། །འདི་དང་ཕྱི་མར་ཡང་ཡང་མྱོང་། །ལས་འབྲས་ལྷ་མིག་དཔང་བཞག་སྟེ། །རང་སེམས་གཙང་མར་གྱུར་པ་རྣམས། །ལྷ་དང་མི་ཡི་འཇིག་རྟེན་ན། །སྒྲིབ་མེད་ཟླ་རྒྱས་བཞིན་དུ་མཛེས། །ངན་སྤྱོད་རང་གིས་མ་བྱས་ན། །བརྒྱ་བྱིན་གྱིས་ཀྱང་སྨད་མི་ནུས། །གང་ཞིག་ངན་སྤྱོད་མེད་པ་དེས། །ངན་སྤྱོད་ཅན་རྣམས་འདུལ་བར་འོས། །བཟང་པོ་ཤོར་ནས་ངན་


MR01_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཛིན། །སྐྱེ་བོ་ངན་པ་ཆུ་ཚགས་འདྲ། །ངན་པ་སྤངས་ནས་བཟང་པོ་སྒྲུབ། །ཁབ་ལེན་རྡོ་དང་ཡ་རབས་མཚུངས། །རང་ཉིད་དོན་ལ་མཁས་གྱུར་ཅིང་། །ཡ་རབས་བྱ་བར་རྟག་གནས་ན། །རིན་ཆེན་སྒྲོན་མ་འོད་འབར་བ། །འཐོར་རླུང་གིས་ནི་གནོད་མེད་འདྲ། །མ་སྨྲས་གཞན་གྱིས་མ་བསྐུལ་བར། །རྣམ་འགྱུར་སོགས་ལས་བསམ་པ་ཤེས། །དུས་སུ་དོན་རྣམས་ཡོལ་མེད་དུ། །སྒྲུབ་པར་ཤེས་ན་མཁས་པ་ཡིན། །ཕལ་པས་རྟོགས་པར་དཀའ་བ་ཡི། །མཁས་པའི་སྤྱོད་ཡུལ་ཤེས་ན་མཁས། །སྲིན་བུས་ཤིང་ལ་ཡིག་རིས་བཞིན། །སྟེས་དབང་དོན་གྲུབ་མཁས་པ་མིན། །ཕན་དང་གནོད་པའི་ནུས་པ་ཅན། །གང་ན་ཡོད་པར་མི་ཤེས་པས། །སུ་ལའང་ཁྱད་དུ་མི་གསོད་པར། །ཕན་པར་བྱས་ན་རང་ཉིད་འཕེལ། །མཁས་པས་མ་འོངས་ཆེད་དུ་སྦྱིན། །བླུན་པོས་རང་ཕན་མཐོང་ཚེ་སྦྱིན། །བྱིན་པར་འདྲ་ཡང་ཕ་རོལ་ལ། །ངོ་སོ་ཆེ་ཆུང་འདྲ་མི་འགྱུར། །མཁས་པས་རང་ལ་གང་ཕན་བརྩི། །བླུན་པོས་གང་འབྱོར་གང་མཐོ་བརྩི། །ཕོ་རབ་ཆུས་ཀྱི་སྤྱི་རྒྱ་དཔྱོད། །ཕོ་མཐའ་ཟ་ཁ་ཆེ་ཆུང་དཔྱོད། །གྲོགས་བཟང་མཛའ་བོ་རྒུད་ཚེ་སྐྱོང་། །གྲོགས་ངན་མཛའ་བོ་འབྱོར་ཚེ་སྐྱོང་། །བསྐྱང་བར་འདྲ་ཡང་བློ་ལྡན་གྱིས། །བལྟས་ན་སྐྱོང་ཚུལ་འདྲ་མི་འགྱུར། །ཕོ་བཟང་རྒྱལ་ཁ་ཕྱི་ལ་རྩོད། །ཕོ་ངན་རྒྱལ་ཁ་ནང་དུ་རྩོད། །བརྩད་པར་འདྲ་ཡང་ཕ་རོལ་གྱིས། །བལྟས་ན་རྩོད་


MR01_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་འདྲ་མི་འགྱུར། །བླུན་པོས་ཐོག་མར་བདེ་འབྲས་འཚོལ། །མཁས་པས་ཐོག་མར་བདེ་རྒྱུ་འཚོལ། །བཙལ་བར་འདྲ་ཡང་གནད་ཤེས་པས། །བལྟས་ན་འཚོལ་ཚུལ་འདྲ་མི་འགྱུར། །དེ་སོགས་འདྲ་ལ་མི་འདྲ་བའི། །བྱ་བའི་ཁྱད་ཀྱིས་བཟང་ངན་ཤེས། །ཡོན་ཏན་མེད་པའི་གྲོགས་སྟོང་ལས། །ཡོན་ཏན་ལྡན་པའི་གྲོགས་གཅིག་མཆོག །དགྲ་གཅིག་ཡོད་ཀྱང་མང་དང་འདྲ། །གཉེན་བརྒྱ་ཡོད་ཀྱང་ཉུང་དང་མཚུངས། །དེ་བས་མཛའ་ཕྱོགས་མང་བྱ་ཞིང་། །སུ་ལའང་དགྲ་རུ་བསླང་མི་བྱ། །བསྐྱང་ན་དགྲ་ཡང་གཉེན་དུ་འགྱུར། །མནར་ན་བུ་ཡང་དགྲ་རུ་འགྲོ། །སུ་ཡང་མཛའ་དང་དགྲ་མིན་གྱི། །ཕལ་ཆེར་རང་གི་བྱ་བས་བྱས། །འཇམ་པོས་རྩུབ་མོའང་འདུལ་ནུས་ན། །འཇམ་པོ་ཉིད་ལ་སྨོས་ཅི་དགོས། །འཇམ་ལ་དུས་སུ་རྣོ་བ་ནི། །དགྲ་རྣམས་ཀྱིས་ཀྱང་ཐུབ་པར་དཀའ། །དགྲས་ཀྱང་བརྙས་པའི་དེས་པ་དང་། །གཉེན་ཡང་འབྲོས་པའི་རྩུབ་མོ་དེས། །ཅི་བྱ་ཞི་དྲག་གཉིས་ཀའི་མཐུ། །གང་ལ་ཡོད་དེ་ཀུན་གྱིས་བསྔགས། །རང་ལ་ལན་པ་མེད་པ་ཡི། །དྲང་པོའི་ལམ་ལ་རྟག་གནས་ནས། །ཕ་རོལ་རྒྱུ་མེད་འཚེ་བ་ལ། །འདུད་པར་མི་བྱ་བརླིང་བར་བྱ། །ཡོན་ཏན་ལྡན་ན་དགྲ་ཡང་མཛའ་རུ་བསྡུམ། །མི་སྲུན་ངན་པ་མཛའ་ཡང་རྒྱབ་ཏུ་བོར། །བར་མར་གནས་པ་བཏང་སྙོམས་ཚུལ་དུ་བྱ། །དེ་ལྟར་ཤེས་ན་རྟག་ཏུ་བདེ་བ་འཐོབ། །ཕྱི་ནས་འདི་འདྲར་


MR01_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་སྙམ་པའི། །བསམ་གཞིགས་སྔོན་དུ་ལེགས་བཏང་སྟེ། །བྱ་བ་འབྲས་བུར་ལྡན་བྱ་ཞིང་། །ལས་ཀུན་རྗེས་འགྱོད་མེད་པར་བྱ། །དུས་ལ་བབ་པའི་བྱ་བ་རྣམས། །ཚེགས་མེད་པར་ཡང་འགྲུབ་པར་འགྱུར། །དུས་ཡོལ་བའམ་དུས་སྔ་བའི། །བགྱི་བ་ཕལ་ཆེར་བསྒྲུབ་པར་དཀའ། །ཚེ་འདིར་རྒྱལ་པོའི་ཁྲིམས་དང་ནི། །ཕྱི་མ་རྣམ་སྨིན་འབྲས་བུ་ལ། །སུ་ཡང་བྱོལ་བར་མི་འགྱུར་བས། །མི་བདེན་པ་ན་ཕམ་ངོས་བླང་། །མི་ལ་ལྟ་བའི་མིག་ཡོད་ཀྱང་། །རང་ལ་ལྟ་ན་མེ་ལོང་དགོས། །རང་བློ་ནང་དུ་མ་བསྡུས་ན། །རང་སྐྱོན་རང་གིས་མཐོང་བར་དཀའ། །བླུན་པོས་བདེ་དང་སྡུག་བསྔལ་ཀུན། །གཞན་གྱི་རྐྱེན་ལས་བྱུང་སྙམ་དུ། །རྟག་ཏུ་ཡུལ་ལ་འདོར་ལེན་གྱི། །ཆགས་སྡང་རྣམ་རྟོག་རྦ་ལ་གཡེངས། །མཁས་པས་བདེ་དང་སྡུག་བསྔལ་ཀུན། །བདག་ལ་རག་ལས་ཤེས་བྱས་ནས། །རྟག་པར་ནང་དུ་བློ་ཕྱོགས་ཏེ། །བདག་ལ་རྟོག་ཅིང་བག་ཡོད་གནས། །ལེགས་ཉེས་གང་དང་གང་མྱོང་ཡང་། །བསམ་དཔྱོད་ཅན་ལ་བློ་སྐྱེད་ཐོན། །སྐྱིད་སྡུག་བརྒྱ་ཕྲག་མཐོང་ན་ཡང་། །བསམ་མེད་བླུན་པོར་བོགས་སྐྱེད་མེད། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །གོ་ས་དུས་དང་ཕ་རོལ་དང་། །བསྟུན་པའི་བྱ་བ་མཁས་པས་སྟོན། །བླུན་པོ་རྡོ་ལ་མདོག་འགྱུར་ཅི། །སྟོབས་ལྡན་འབྱོར་པ་རྒྱ་ཆེ་ཡང་། །གནས་མིན་གཞན་ལ་མནར་མི་བྱ། །རྒྱལ་བར་གྱུར་ན་ཚོད་ཟིན་པའི། །མི་བདག་དེ་ནི་རྟག་


MR01_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྒྱལ། །ནགས་ཚལ་ཚོགས་ཀྱིས་མགྲོན་དུ་བོས་པ་ཡི། །ལྕེ་བདུན་གར་ཐབས་བསྐྱོད་ལ་སུ་མི་བྱོལ། །དུས་སུ་ཆར་འབེབས་སྤྲིན་གྱི་རྔ་གསང་ཅན། །ཆུ་འཛིན་གློག་ཕྲེང་མཛེས་འདིས་ཀུན་ཡིད་འཕྲོག །ཇི་ཙམ་རྙེད་ཅིང་རྒྱལ་ཚེ་བླུན་པོ་རྣམས། །བརྐམ་ཆགས་མེ་ལྟར་འབར་ནས་མྱུར་དུ་ཡལ། །རྙེད་པ་འཕེལ་ཞིང་གཞན་ལས་རྒྱལ་ན་ཡང་། །མཁས་རྣམས་བག་ཡོད་སྒོ་ནས་སྤྲིན་བཞིན་བསིལ། །མི་ངན་བསྟེན་རྫི་བྱེད་པ་དང་། །བན་སྔགས་དགྲ་རུ་བསླང་བ་གཉིས། །རྒྱལ་པོ་ཡིན་ཀྱང་མི་བྱ་སྟེ། །བྱས་ན་རང་ཉིད་ཕུང་བའི་རྒྱུ། །འཁོན་རྙིང་པ་དང་བུ་ལོན་ལྷག །མེ་མཆེད་ཆུང་ངུའི་དུས་ན་བཅད། །རྐོན་པའི་ནང་ནས་བྱ་ཤོར་བཞིན། །རྗེས་སུ་བགྱི་བར་དཀའ་བ་མཆི། །ཇི་ཙམ་རྩི་ཞིང་བཀུར་བ་ན། །དེ་ལྟ་དེ་ལྟར་དུལ་བར་བྱ། །ཅི་ཙམ་བརྙས་ཤིང་འཚེ་བ་ན། །དེ་ལྟ་དེ་ལྟར་གཏུམ་པར་བྱ། །བཀུར་ན་ཁྲོ་ཞིང་བརྙས་ན་ཞི་འགྱུར་ལ། །ཐུབ་ན་ལྷ་གསོད་མི་ཐུབ་བདུད་ཀྱང་མཆོད། །འཐབ་ན་འབྲོས་ཤིང་བཏུད་ན་མནར་བྱེད་པའི། །ངན་པའི་མི་ལ་བློ་ལྡན་སུ་ཞིག་དགའ། །དགྲ་བོས་བརྙས་ཐབས་བྱས་ཀྱང་ཆུ་བཞིན་འཐུང་། །འཁོར་གྱིས་ཕན་པར་བྱས་ཀྱང་འཚེ་བར་རྩོམ། །བླང་དོར་ལོག་པར་སྤྱོད་པའི་སྐྱེ་བོ་ལ། །ཕན་པའི་གཉེན་ཀྱང་བསམ་པ་གཞན་དུ་ཕྱོགས། །བློ་ལྡན་རང་ཉིད་འབྱོར་ཚེ་དམན་ལ་བྱམས། །ཕ་རོལ་རྒུད་ཚེ་དགྲ་ཡང་ལེགས་


MR01_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བའི། །ཚུལ་འདི་མཛེས་ཀྱང་མཛེས་ལ་འོས་ཀྱང་འོས། །ལུགས་ཟུང་ཡོན་ཏན་དུས་གཅིག་མ་ངོམས་གསལ། །གཉེན་ནོ་ཅོག་ལ་སྦྱིན་ཞི་སྙན་སྨྲ་སོགས། །མཐུན་འཇུག་ཐབས་ཀྱིས་གཞན་ཡིད་བསྡུ་མཁས་པས། །ཚེགས་མེད་བྱ་བས་རང་སྟོབས་སྐྱེད་བྱེད་ཅིང་། །ཡོན་ཏན་སྤོ་ལ་དར་བཞིན་མངོན་པར་བྱེད། །འཁོན་མེད་པར་ནི་རྒྱལ་སྲིད་འཕྲོགས་པ་སོགས། །ལས་ཀྱི་དགྲར་གྱུར་བཅོས་སུ་མི་རུང་བའི། །མི་སྲུན་རྣམས་ལ་ཞི་བའི་ཐབས་ཀྱིས་ཅི། །དེ་ཕྱིར་དྲག་པོའི་སྤོབས་པ་ངེས་པར་བསྐྱེད། །གཉེན་དུ་བྱས་ན་ཕན་པ་ཆེ། །དགྲ་རུ་བསླང་ན་གནོད་ནུས་པའི། །མི་གང་དགྲ་ཟུན་གོ་ཆོད་པ། །དེང་སང་སྙིགས་མའི་དུས་ན་དཀོན། །མ་བརྙས་མི་ཡི་རྩ་བ་ཡིན། །བརྙས་པའི་ནོར་གྱིས་ཅི་ཞིག་བྱ། །དགྲ་གོ་ཟུན་གོ་མི་ཆོད་པ། །མི་རུ་བཏགས་ཀྱང་ཕྱུགས་ལས་དམན། །རྒྱལ་པོ་ཡུར་ཆུ་འཁྲི་ཤིང་དང་། །བུད་མེད་དམུས་ལོང་ལྔ་པོ་ནི། །གཡོན་ཅན་གར་འཁྲིད་འགྲོ་བར་གསུངས། །དེ་བས་གཞན་དྲིང་འཇོག་མི་བྱ། །གཡོན་ཅན་གུས་པ་སྟོན་པ་ནི། །དགོས་པའི་ཕྱིར་ཡིན་དགའ་བས་མིན། །བརྟགས་ཤིང་གདེང་ནི་མ་ཐོབ་པར། །སུ་ལའང་ཡིད་བརྟན་མི་བྱའོ། །ཁ་ཅིག་རང་ལ་དཔེ་བླངས་ནས། །སྐྱེ་བོ་གཞན་དག་འཇལ་བར་བྱེད། །ཁ་ཅིག་ངན་པས་སུན་ཕྱུང་བས། །དམ་པ་ལའང་ཡིད་མི་ཆེས། །མཁས་པ་དག་གིས་བརྟགས་བྱས་ན། །ངང་པས་ཆུ་


MR01_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོ་མ་བཞིན། །བཟང་ངན་དོན་ནི་ཁོང་ཆུད་དེ། །བྱ་བའི་གནས་ལ་རྨོངས་མི་འགྱུར། །གཡོན་ཅན་ཚུལ་བཟང་ངག་སྙན་སྟོན་པ་དང་། །འཁོན་རྙིང་དགྲ་དང་མ་བརྟགས་གསར་འགྲོགས་ལ། །ཡིད་བརྟན་བྱས་པས་ཁ་ཅིག་ཕུང་འགྱུར་ཏེ། །བྱ་རོག་གིས་ནི་འུག་པའི་ཚང་བསྲེགས་བཞིན། །སེང་གེའི་ལུས་ཀྱི་འབུ་བཞིན་དུ། །ཆེན་པོ་རྣམས་ལ་དགྲ་བས་ཀྱང་། །རང་གི་རིས་ནས་གནོད་པ་མང་། །དེ་ཕྱིར་འཁོར་དང་རིས་ལ་བརྟགས། །ནོར་མཉམ་ནུས་པ་མཉམ་པ་དང་། །གནད་ཤེས་འབད་རྩོལ་ཆེ་བ་ཡི། །རང་དང་རིས་སུ་མཉམ་པ་ལ། །བག་ཟོན་མ་བྱས་དེ་འདྲས་ཕུང་། །ཕན་པ་མེད་ན་གཉེན་ཀྱང་གཞན། །ཕ་རོལ་ཡིན་ཡང་གང་ཕན་གཉེན། །ལུས་ལ་ལྷན་ཅིག་བྱུང་བའི་ནད། །གསོ་བྱེད་དགོས་པའི་སྨན་བཞིན་ནོ། །བྱས་པ་བཟོ་དང་ཕན་གནོད་ཚུལ། །གོ་མ་ལོག་པའི་བྱ་བ་ནི། །གནད་ཅན་གཅིག་གིས་སྐྱེས་བུ་དེའི། །ཡོན་ཏན་དྲོད་ཚད་ཤེས་པར་ནུས། །རྒུད་ཚེ་མཛའ་ཡང་སྤོང་བྱེད་ལ། །འབྱོར་ཚེ་དགྲ་ཡང་མཆོད་བྱེད་པའི། །ཐ་ཤལ་དེ་འདྲས་བདག་ཉིད་ལ། །མཆོད་ཀྱང་བློ་ལྡན་སུ་ཞིག་མགུ། །ཡིད་མཐུན་རིང་ན་གནས་ཀྱང་ཉེ། །མི་མཐུན་གམ་ན་གནས་ཀྱང་རིང་། །ཤ་ལྷག་མཚོན་གྱིས་གཅོད་བྱེད་ལ། །རྒྱན་བཟང་ལུས་ལ་སྲེལ་བར་བྱེད། །དམ་པ་མིན་དང་དམ་པ་དག །ལྷན་ཅིག་འགྲོགས་ཀྱང་འདྲེས་


MR01_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར། །དམ་པ་གཉིས་ནི་རྒྱང་རིང་ཡང་། །མཐུན་འགྱུར་ཉི་དང་པད་ཚལ་བཞིན། །ཉིན་བྱེད་དབང་པོ་ཤར་བའི་ཚེ། །མིག་ལྡན་གཟུགས་ལ་ལྟ་བ་བཞིན། །བློ་ལྡན་བློ་ལྡན་ཕྲད་པ་ན། །ཚིག་གཅིག་གིས་ཀྱང་གྲོས་ངོགས་མཐོང་། །བླུན་པོ་རྣམས་ལ་ཕན་བཏགས་དང་། །གནོད་པ་བྱས་ཀྱང་དེ་ཡི་ཡིད། །ཇི་ལྟར་གྱུར་པ་འབྱེད་དཀའ་སྟེ། །མུན་པར་རྡོ་འཕངས་ཇི་བཞིན་ནོ། །སྔར་བྱས་ཕན་གནོད་མི་བརྗེད་ཅིང་། །ད་ལྟ་གང་བརྩོན་དོན་ལྡན་བྱེད། །འབྱུང་འགྱུར་དོན་ལ་བག་ཡོད་ཅན། །མཁས་པས་དུས་གསུམ་རྗེས་སུ་བལྟ། །བློ་རྒྱ་ཆེ་ཞིང་བློ་དཔངས་མཐོ། །བློ་གསལ་བྱ་བ་ཀུན་ཤེས་པའི། །མི་བུ་རིན་ཆེན་མཆོག་ཉིད་ནི། །བརྒྱ་སྟོང་ནང་ན་རེ་རེ་ཙམ། །ས་གཞི་རྡུལ་ཕྲན་མཚོ་ཆུ་ཐིགས། །ཇི་བཞིན་སྐྱེ་བོའི་སེམས་ཀྱི་སྟོབས། །མཆོག་དང་བར་མ་དམན་པའི་ཚད། །ཀླུ་ཆེན་དང་འདྲ་མཁས་པས་ཤེས། །སྐྱེ་བོ་ངན་པ་རྫིང་ཆུང་བཞིན། །ཞག་གམ་ཟླ་བས་གཏིང་ཚོད་ལོན། །མཚོ་འདྲའི་ཡོན་ཏན་ཅན་ཡུན་རིང་། །བསྟེན་ཀྱང་ཇེ་ཟབ་མཐའ་མི་མངོན། །ཕན་སེམས་བརླང་ཚིག་སྨྲ་བ་དང་། །གཡོ་སྒྱུའི་འཛུམ་དཀར་སྟོན་པ་གཉིས། །མཁས་པས་སོ་སོར་འབྱེད་འགྱུར་ལ། །བླུན་པོས་ཤེས་པར་མི་འགྱུར་རོ། །རི་བོང་ཅལ་སྒྲས་ཀུན་དཀྲོག་ལྟར། །བླུན་པོ་གྲགས་པའི་རྗེས་སུ་འབྲངས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །མཁས་པ་རང་


MR01_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བརྟགས་ནས་འབྱེད། །རེ་ཞིག་ཕན་བྱེད་ཡིད་འོང་ཡང་། །ནམ་ཕུགས་གནོད་པ་དག་ཀྱང་སྲིད། །རེ་ཞིག་གནོད་བྱས་མི་དགའ་ཡང་། །འགྲོགས་ན་ཕན་པར་འགྱུར་སྲིད་པས། །ཡུད་ཙམ་ཞིག་གིས་མཛའ་བ་དང་། །མི་མཛའ་གཉིས་ཀ་མི་བྱ་བར། །འཕྲལ་དུ་འགྲོགས་ན་བདེ་བ་དང་། །ཕུགས་སུ་ཆེས་ཆེར་བརླིང་བར་བྱ། །བརྩོན་འགྲུས་སྟོབས་ལྡན་བློ་གྲོས་ཆེ་རྣམས་ལ། །ལྷ་ཡང་འཇིགས་པ་སྐྱེ་ན་མི་ལྟ་ཅི། །ཁོང་བཟང་གཡོ་མེད་ཀླན་ཀ་མི་འཚོལ་བའི། །གྲོགས་པོ་བཟང་པོར་ལྷ་ཡང་དགའ་བ་སྐྱེ། །གྲོགས་བཟང་དང་བཅས་ཐབས་མཁས་བློ་ལྡན་པས། །རླུང་ཡོད་མེ་བཞིན་དུས་སུ་བརྩམས་བྱས་ན། །འཇིག་རྟེན་ཀུན་གྱི་དཔལ་རྣམས་མ་ལུས་པ། །ཡིད་ཀྱི་ལག་ཏུ་མཆིས་པ་བཞིན་དུ་འགྱུར། །ཧ་ཅང་བྱམས་པ་ཆེ་དྲགས་ན། །ཐ་མར་འཁོན་གྱི་རྒྱུ་རུ་འགྲོ། །ཧ་ཅང་གཡོ་སྒྱུ་ཆེ་དྲགས་ན། །ཐ་མར་རང་ཉིད་བརླག་པ་མང་། །ཟས་དང་སྨན་གྱི་ཚོད་བཞིན་དུ། །བྱ་བ་གང་དང་ཅི་ལ་ཡང་། །དུས་དང་བསྟུན་པའི་ཚོད་ཤེས་ན། །རྒུད་པ་ཆེན་པོས་མནར་མི་འགྱུར། །གལ་ཏེ་རྟག་ཏུ་མཛའ་འདོད་ན། །གསུམ་པོ་འདི་དག་མི་བྱ་སྟེ། །རྒྱན་པོ་འགྱེད་དང་ནོར་འབྲེལ་དང་། །ལྐོག་ཏུ་ཆུང་མ་དང་སྨྲ་བའོ། །གཡུལ་ངོར་དཔའ་བོ་ཇི་བཞིན་དུ། །མཁས་པའི་ཡོན་ཏན་མཁས་པས་ཤེས། །བླུན་པོས་མཁས་དང་རྨོངས་པ་དང་། །རྡོ་དང་རིན་ཆེན་མཉམ་པར་


MR01_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ། །དམ་པ་ཡོན་ཏན་ལྡན་པ་དག །དྲུང་ན་གནས་ཀྱང་བླུན་པོ་ཡིས། །དེ་ཡི་ཡོན་ཏན་མི་ཤེས་ཏེ། །ཉི་མ་ཤར་ཡང་འུག་པ་བཞིན། །བློ་གྲོས་ལྡན་དེས་སྐྱེ་བོ་ལ། །ཡོན་ཏན་གང་དང་ལྡན་གྱུར་པ། །ཚིག་དང་བྱ་བས་རྒྱང་ནས་ཤེས། །དུ་བའི་རྟགས་ལས་མེ་བཞིན་ནོ། །གཡུལ་དུ་ཞུགས་ཚེ་དཔའ་བོ་ཤེས། །འབྱོར་པ་ཟད་ཚེ་ཆུང་མ་རྟོགས། །རྒུད་ཚེ་ཕན་པར་བྱེད་པ་ནི། །མཛའ་བོ་ཡིན་པར་ངེས་པ་རྙེད། །བོགས་མེད་ཚོང་དང་འཁོར་ལྡན་དག་ལ་འཚེ། །སློང་ཞིང་འགྱིང་ལ་ནོར་མེད་འདོད་ལ་དགའ། །བུད་མེད་གཞོན་ལ་ཚིག་རྩུབ་སྨྲ་བ་སྟེ། །སྐྱེས་བུ་ལོག་པར་སྤྱོད་པ་ལྔ་ཞེས་གསུངས། །བྱ་བ་མི་ལྕོགས་རྩོམ་པར་བྱེད་པ་དང་། །ཚོགས་དང་འཁོན་ཞིང་སྟོབས་ལྡན་དག་ལ་རྒོལ། །བུད་མེད་ལ་ནི་ཡིད་བརྟན་བྱེད་པ་སྟེ། །འཆི་བདག་དྲུང་ན་སྡོད་པ་བཞི་ཞེས་གསུངས། །རིག་པ་ལོག་པར་ཤེས་པ་དུག །རྒན་པོས་གཞོན་ནུ་བསྟེན་པ་དུག །ནད་ལ་བཏང་སྙོམས་བྱ་བ་དུག །དབུལ་པོ་ཉལ་དགའ་ཆེ་བ་དུག །མ་སྨིན་ཟས་དང་མི་འཕྲོད་ཟ། །ཉིན་པར་འཁྲིག་དང་ཉལ་དང་གཉིད། །བུད་མེད་རྒན་དང་འཁྲིག་སྤྱོད་རྣམས། །ལུས་སྟོབས་འཕྲོག་བྱེད་བཟློག་ན་འཕེལ། །གང་དུ་ཕན་པ་མ་ཡིན་པའི། །བྱ་བ་དང་ནི་སྤྱོད་ལམ་དང་། །ཟས་དང་གནས་དང་བྲན་ལ་སོགས། །བརྟགས་ཏེ་རབ་ཏུ་སྤང་བར་བྱ། །ལྟས་དང་བསམ་སྦྱོར་རྗེས་མཐའ་རྣམས། །རང་ལ་དགེ་ཞིང་


MR01_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཤིས་པའི། །གནས་གྲོགས་དུས་སོགས་བརྟེན་མཁས་ན། །དོན་རྣམས་ཡིད་བཞིན་འགྲུབ་པར་འགྱུར། །ཧ་ཅང་བྱམས་པ་གཉེན་ལའང་མིན། །ཧ་ཅང་མནར་བ་དགྲ་ལའང་མིན། །རྒྱལ་ཁྲིམས་ཧ་ཅང་ལྷོད་པ་དང་། །ཧ་ཅང་དོག་པ་མི་བྱའོ། །ལོ་ལྔའི་བར་དུ་བུ་རྣམས་བྲིད། །ལོ་བཅུའི་བར་དུ་དགྲ་ལྟར་བརྡེག །བཅུ་དྲུག་ལོན་པར་གྱུར་ནས་ནི། །བུ་ལ་མཛའ་ལྟར་བྱ་བར་གསུངས། །འཁོར་ལ་བརྩེ་ཞིང་སྐབས་སུ་བསྡིགས། །དགྲ་ལ་བསྡིགས་ཤིང་སྐབས་སུ་བརྩེ། །བུད་མེད་བྱམས་བསྐྱང་ཟིལ་གྱིས་མནན། །བྲན་གཡོག་བཀོལ་ཞིང་ནོར་གྱིས་བསྐྱང་། །དོན་ཆུང་བྱ་བར་གལ་མི་འཛུགས། །གལ་ཆེན་དོན་རྣམས་ཡལ་མི་འདོར། །མཁོས་ཆུང་བྱ་བར་ཞིབ་མི་འཇུག །གནད་ཆེན་དོན་ལ་ཞིབ་མོར་སྒྲིམ། །བདག་ལས་ཕྲོགས་པ་མ་ཡིན་ཕྱིར། །གཞན་འབྱོར་གནས་ལ་རྔམ་མི་རིགས། །ཚུར་རྒོལ་ལ་སོགས་རྒྱུ་མེད་པར། །ཕ་རོལ་རྒྱལ་སྲིད་འཕྲོག་མི་བྱ། །གཞན་འབྱོར་ལ་ནི་བརྣབ་སེམས་ཅན། །དེ་ཡི་རེ་བ་མི་འགྲུབ་ཅིང་། །ལ་ཡོགས་རྣམ་སྨིན་མི་བཟད་པས། །མྱུར་དུ་རང་ཕུང་འགྱུར་བར་ཟད། །དེ་ཕྱིར་སྟོབས་དང་ལྡན་ན་ཡང་། །ཕ་རོལ་མནར་བར་མི་བྱེད་པའི། །མི་བདག་རྣམས་ནི་བསོད་ནམས་ཀྱིས། །རང་སྲིད་བརྟན་ཞིང་ཕྱོགས་ཀུན་འདུ། །སྙིགས་དུས་ཚེ་འབྱོར་སྙན་གྲགས་སོགས། །ལྷན་ཅིག་ཚང་བ་ཆུན་དཀའ་བས། །ཅི་


MR01_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསོད་ནམས་རྒྱ་ཆེན་པོ། །བསགས་དང་ཐབས་ལ་མཁས་པར་བྱ། །ཐབས་ཤེས་པ་ཡིས་ལེགས་བརྩམས་ན། །འགྲུབ་པར་དཀའ་བའང་འགྲུབ་འགྱུར་ཏེ། །སྔགས་སོགས་ཐབས་ཀྱི་ཆོ་ག་ཡིས། །དུག་ཀྱང་བདུད་རྩིར་བསྒྱུར་བ་བཞིན། །ལུགས་དང་མི་མཐུན་རྣོ་མྱུར་གྱིས། །ཕྲལ་དུ་རང་དོན་འགྲུབ་པ་ཙམ། །སྙིགས་དུས་ཕོ་བཟང་ཞེས་སྒྲོགས་ཀྱང་། །རྫིང་ཆུང་བཞིན་དུ་ཆེར་མི་འཕེལ། །ལུགས་དང་མཐུན་པར་གནས་པ་རྣམས། །ཕྲལ་དུ་མངོན་པར་མ་གྱུར་ཀྱང་། །ནམ་ཞིག་ཆུ་གཏེར་ཆེ་བཞིན་དུ། །དཔལ་འབྱོར་རྒྱ་ཆེར་རྒྱས་ཤིང་བརྟན། །བླུན་པོས་འབད་དེ་བཅོས་པ་ལས། །མཁས་པས་དུས་སུ་སྨྲས་ཙམ་མཆོག །ཐབས་མཁས་ལྡན་པའི་བྱ་བ་ནི། །ཆུང་ཡང་འབྲས་བུ་ཆེ་བར་འགྱུར། །ཐབས་མི་མཁས་པའི་ཡོན་ཏན་རྣམས། །གྲགས་པ་ཆུང་ལ་སྐྱོན་ལྟར་སྨོད། །ཐབས་མཁས་ལྡན་ན་སྐྱོན་རྣམས་ཀྱང་། །ཡོན་ཏན་ལྟར་འགྱུར་གྲགས་པ་ཆེ། །ནྱ་གྲོ་དྷ་ཡི་འབྲས་བུ་དང་། །ཉུངས་གཞི་ས་ལ་ལྷུང་ཚེ་མཉམ། །ཐ་མར་རིམ་གྱིས་སྐྱེས་པའི་ཚེ། །ཆེ་ཆུང་མཉམ་པར་མི་འགྱུར་བཞིན། །རང་གི་རིས་སུ་མཚུངས་པ་ཡི། །སྐྱེ་བོའི་ནང་ནས་ཡོན་ཏན་ཅན། །ལོ་དང་ཟླ་བས་འཕེལ་འགྱུར་ཏེ། །ཐ་མར་ཀུན་ལས་ཁྱད་དུ་འཕགས། །དེ་ཕྱིར་རང་དོན་ཤེས་པ་ཡིས། །ཉི་མ་དོན་མེད་མི་བྱ་བར། །བཟླས་དང་བསོད་ནམས་བསགས་པ་དང་། །བསླབ་དང་


MR01_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་བྱའི་དོན་ལ་འབད། །སྡིག་པ་ཟད་འདོད་བདེ་བར་གཤེགས་ལ་དད། །བསོད་ནམས་འཛད་འདོད་བསམ་པ་ངན་པ་འཆར། །རིགས་བརྒྱུད་ཟད་འདོད་གླེན་ཞིང་ལྐུགས་པ་སྐྱེ། །སྐལ་ངན་ཟད་འདོད་བསོད་ནམས་བསགས་པར་འདོད། །མི་སྲུན་སྐྱེ་བོ་ས་ཁུང་ལས་བྱུང་བའི། །ཚིག་ངན་སྦྲུལ་གྱིས་སྐྱེས་བུ་དམ་པར་ཟིན། །དུག་དེ་ཞི་བར་བྱེད་པའི་གཉེན་པོ་ཡང་། །ཤེས་རབ་བཟོད་པའི་སྨན་མཆོག་བཏུང་བར་བྱ། །སྐྱེ་བོ་བློ་དཔངས་མཐོ་རྣམས་ལ། །ཚེ་འདིའི་བདེ་སྐྱིད་མཆོག་གཉིས་ཏེ། །ཇི་འདོད་ཕུན་སུམ་ཚོགས་པ་དང་། །གཅིག་ཤོས་འདུ་འཛི་སྤང་བའོ། །དམ་པའི་འགྲོ་བ་གཉིས་ཡིན་ཏེ། །མེ་ཏོག་དག་གི་མགོ་ལྕོག་བཞིན། །འཇིག་རྟེན་ཀུན་གྱིས་སྤྱིར་བཀུར་བའམ། །ནགས་ཉིད་དུ་ནི་དེངས་པའོ། །དཔལ་ནི་རྒྱབ་ཀྱིས་ཕྱོགས་པ་དང་། །རྩོལ་བ་དོན་མེད་ཉིད་གྱུར་ཅིང་། །དམ་པ་དབུལ་པོར་གྱུར་པ་ལ། །ནགས་ལས་གཞན་དུ་བདེ་བ་མེད། །ཡོན་ཏན་ཤེས་ཤིང་བཀུར་བྱེད་པའི། །གནས་སུ་མཁས་པས་གནས་པར་བྱ། །སྦྲུལ་གདུག་ཁྲོད་ཀྱི་ནོར་བུ་བཞིན། །མ་རབས་ཚོགས་སུ་གནས་མི་བྱ། །ངང་པ་ཁྭ་ཡི་ཚོགས་ནང་མཛེས་མ་ཡིན། །ཅང་ཤེས་བོང་བུའི་ཚོགས་ནང་མཛེས་མ་ཡིན། །སེང་གེ་ཝ་ཡི་ཚོགས་ནང་མཛེས་མ་ཡིན། །མཁས་པ་བླུན་པོའི་ཚོགས་ནང་ཇི་ལྟར་མཛེས། །བླུན་པོས་བདག་གི་


MR01_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོན་པ་འདི་ཡིན་ཞེས། །ཆུ་གཙང་གཞན་སྤངས་བ་ཚྭ་ཅན་འཐུང་ལྟར། །བསྒྲོད་པར་བྱ་བའི་ཡུལ་གཞན་ཡོད་བཞིན་དུ། །འཁོར་དང་གནས་ངན་དག་ལ་ཅི་ཕྱིར་ཆགས། །དགའ་ཞིང་མཐུན་པའི་ཡུལ་ན་གནས་པ་བདེ། །བག་ཕེབས་ཡིད་རྟོན་གྲོགས་དང་འགྲོགས་པ་བདེ། །བསོད་ནམས་བསགས་ཤིང་དམ་པ་བསྟེན་པ་བདེ། །ཆོག་ཤེས་འབྱོར་ལྡན་རང་དབང་གྱུར་བ་བདེ། །བྱིས་པའི་དུས་ན་ཕ་མའི་དབང་གྱུར་ལ། །ལང་ཚོའི་དུས་ན་མཛའ་གྲོགས་དབང་གྱུར་ཅིང་། །རྒས་པའི་དུས་ན་བུ་ཡི་དབང་གྱུར་པའི། །བླུན་པོ་ནམ་ཡང་རང་དབང་ཡོད་མ་ཡིན། །དབང་མེད་གྱུར་པས་ཡོན་ཏན་མི་འཐོབ་ཅིང་། །རང་ཉིད་རྗེས་སུ་བསྲུང་བར་མི་ནུས་པ། །དེ་ཕྱིར་རྟག་ཏུ་རང་དབང་ཡོད་བགྱིས་ཏེ། །རང་གི་དགོས་པ་དོན་དུ་གཉེར་བར་བྱ། །རང་དབང་ཐམས་ཅད་བདེ་བ་སྟེ། །གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། །རང་དབང་ཐོབ་ནས་ཡོན་ཏན་ལ། །འབད་པར་བྱེད་པ་དེ་བས་བདེ། །ནད་ཀྱིས་འཇིགས་པ་མ་བྱུང་ལ། །དམ་པ་དག་དང་འགྲོགས་པར་བརྩོན། །སྐྱེ་བོས་བརྙས་ཐབས་མ་བྱུང་བའི། །ཉིན་གཅིག་ལོ་བརྒྱ་བས་ཀྱང་མཆོག །ལན་མེད་པ་ཡི་སྦྱིན་གཏོང་དང་། །བཤེས་པ་མེད་པར་ཕན་འདོགས་དང་། །ཟང་ཟིང་མེད་པར་ཆོས་སྟོན་པ། །བདག་ཉིད་ཆེན་པོའི་ཆེ་བའི་རྟགས། །ཇི་སྲིད་སྡུག་པའི་དུས་ཀྱི་ཟླ་རྒྱས་ཉིད། །འཆི་བདག་གཟའ་ཆེན་འདི་ཡིས་མ་རྙེད་པ། །


MR01_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྲིད་བག་ཡོད་པར་ནི་གནས་བྱ་སྟེ། །རིགས་དང་ཡོན་ཏན་ཚུལ་བཞིན་བསྲུང་བར་བྱ། །དུས་ནི་ཡུན་ཐུང་རིག་པའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ནང་ནས་ནི་འོ་མ་བཞིན། །གང་ཞིག་གཅེས་པ་དེ་ནི་བསྟེན་པར་གྱིས། །བསྒྲུབ་པར་བྱ་བའི་དོན་ལ་ལེགས་འཇུག་ཅིང་། །དེ་ཡི་འབྲས་བུ་འདོད་པའི་དཔལ་གྱིས་བདེ། །འདི་ཕྱིར་ལེགས་པའི་ཆོས་དཀར་འདུ་བྱེད་པས། །གཏན་བདེ་ཐར་པའི་འབྲས་བུར་ལོངས་སྤྱོད་པ། །མངོན་མཐོ་ངེས་ལེགས་རྒྱུ་འབྲས་ཕྲུག་བཞི་པོ། །སྡེ་བཞི་ཞེས་གྲགས་དམ་པས་བསྒྲུབ་བྱ་སྟེ། །བློ་ལྡན་བག་ཡོད་གྱུར་པ་རྣམས་ལ་ནི། །འདི་འདྲའི་འབྲས་བུ་ཤིན་ཏུ་རྒྱ་ཆེར་ལྡན། །གང་ཞིག་མི་མཁས་བག་མེད་སྐལ་ངན་རྣམས། །ཤིན་ཏུ་ཡུན་རིང་འཚོ་བར་གྱུར་ཀྱང་ནི། །ཚེ་འདིར་དོན་ཉམས་བདེ་བ་མི་འབྱུང་ལ། །ཕྱི་མའི་དཔལ་ཡང་ཤིན་ཏུ་ཉམས་པར་འགྱུར། །དེ་ཕྱིར་མི་ཡི་བདག་པོ་མཁས་རྣམས་ཀྱིས། །སྡེ་བཞིའི་འབྲས་བུ་ཕུན་སུམ་ཚོགས་པ་ཡི། །དཔག་བསམ་ལྗོན་པ་བསྐྱེད་པའི་ལག་རྗེས་ཀྱིས། །འཇིག་རྟེན་ཐ་གྲུ་ཀུན་ཏུ་དགེ་བར་འགྱུར། །ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། མི་ཡི་བདག་པོ་རང་གིས་རང་ཉིད་ལེགས་པར་བསྲུང་བའི་ཚུལ་བརྟག་པ་སྟེ་རབ་ཏུ་བྱེད་པ་བཅུ་གསུམ་པའོ།། །།དེ་ལྟར་སྐྱེ་རྒུ་ཉེར་འཚོའི་གཞི། །


MR01_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་རང་ཉིད་ལེགས་བསྲུངས་ནས། །འབངས་རྣམས་བདེ་བར་བྱ་བའི་སླད། །འཚོ་བའི་ཚུལ་གྱིས་བསྐྱང་བར་བྱ། །ས་སྙིང་འཁོར་ལོ་བཅུ་པའི་མདོར། །དཔེ་ཡི་ཚུལ་དུ་ལེགས་གསུང་བ། །གང་གིས་རྒྱལ་པོའི་དཔལ་ཐོབ་པའི། །མི་བདག་བློ་དང་ལྡན་པ་དེས། །འདས་དང་ད་ལྟ་མ་འོངས་པའི། །རྒྱལ་པོའི་ཁྲིམས་ལུགས་བརྟགས་བྱས་ཏེ། །ཡུལ་དེར་གནས་པའི་མཛངས་པ་རྣམས། །ལས་ཀྱི་འཁོར་ལོ་གསུམ་ལ་སྦྱོར། །དགྲ་ཐབས་ཤེས་ཤིང་རྩལ་སྦྱང་དུ། །འཇུག་པ་རྒྱལ་སྲིད་ལས་འཁོར་ཡིན། །ཞིང་ལས་དང་ནི་གནས་ཁང་གི །བྱ་བ་སློབ་པ་གཉིས་པ་སྟེ། །ཚོང་དང་བཟོ་རྣམས་སྣ་ཚོགས་ཀྱི། །ལས་ལ་སྦྱོར་བ་གསུམ་པར་བཤད། །ལས་ཀྱི་འཁོར་ལོ་གསུམ་པོ་འདིས། །སྐྱེ་རྒུ་བདེ་བར་བྱེད་པའོ། །གཙུག་ལག་ཤེས་དང་རིག་བྱེད་པ། །བཟོ་གནས་པ་དང་ཚོང་ཁང་དང་། །དགེ་སྦྱོང་དང་ནི་བྲམ་ཟེ་རྣམས། །མང་བར་གྱུར་པའི་ཡུལ་དེར་བདེ། །དེ་ཕྱིར་རྒྱལ་པོས་རང་ཡུལ་དུ། །གཙུག་ལག་ཁང་རྣམས་བརྩིགས་བྱས་ཏེ། །དཀོན་མཆོག་གསུམ་གྱི་རྟེན་བཞེངས་ལ། །བཤད་དང་སྒྲུབ་པའི་སྲོལ་བཙུགས་ཤིང་། །འཇིག་རྟེན་བླ་མ་དཀོན་མཆོག་གསུམ། །མཆོད་ཅིང་དམན་ལ་སྦྱིན་པ་དང་། །བསོད་ནམས་བགྱི་བ་རྒྱུན་འཛུགས་པའི། །ཡུལ་དེར་དགེ་ལེགས་རྒྱ་ཆེར་འཕེལ། །རིགས་ཀྱི་རྒན་རབས་རྣམས་དང་ནི། །ཕ་དང་མ་དག་བཀུར་བྱེད་ལ། །ཆ་


MR01_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་རྒྱན་དང་སྤྱོད་ལམ་ཀུན། །ཡ་རབས་དག་གི་ཆས་སུ་བཞག །ཀུན་དགའ་ར་བ་མེ་ཏོག་ཚལ། །ལྷ་མཆོད་དུས་ཀྱི་དགའ་སྟོན་ས། །བྲོ་གར་གླུ་ཡི་རིག་བྱེད་སོགས། །འཇིག་རྟེན་དགའ་བ་བསྐྱེད་ཕྱིར་བཞག །ཆུ་མཚོ་རི་བྲག་ཤིང་བཟང་པོ། །ཡུལ་གྱི་གཞི་བདག་བརྟེན་པའི་གནས། །ཅུང་ཟད་ཉམས་པར་མི་བྱ་ཞིང་། །བཀོད་པས་བརྒྱན་ལ་བཞག་པར་བྱ། །རི་མཐོ་ས་གཉན་ཡུལ་བཟང་པོ། །དཔལ་དང་ལྡན་པའི་ས་ཕྱོགས་རྣམས། །མི་སྲུན་རྣམས་ལ་རང་དབང་དུ། །སྨ་འབབ་བྱེད་དུ་མི་གཞུག་གོ །ཚེ་རིག་ཤེས་དང་དུས་རྩིས་པ། །དེ་བཞིན་སྔགས་གཏོ་མོ་གཤེན་སོགས། །ཡུལ་ལ་ཕན་པའི་གསོས་ཡིན་པས། །ཟ་ཐང་བསྐྱེད་ལ་ཕན་དུ་གཞུག །བཟོ་གནས་རྣམ་པ་སྣ་ཚོགས་པ། །ངོ་མཚར་དགའ་བ་བསྐྱེད་པ་དག །སློབ་པའི་གྲྭ་བཙུགས་ཚོང་དུས་ཀྱི། །འདུན་ས་དག་ཀྱང་བཅའ་བར་བྱ། །སྲ་བརྟན་གོ་ཆ་བཙན་རྫོང་དང་། །མགྱོགས་འགྲོ་སྣ་ཚོགས་མཚོན་ཆའི་རིགས། །སྒྱུ་རྩལ་ཤེས་ཤིང་དཔའ་མཛངས་ཀྱི། །སྐྱེ་བོ་སོ་སོའི་གནས་སུ་བསགས། །བློ་ལྡན་སྙོམས་ཤིང་བསམ་དཀར་རྣམས། །ཡུལ་གྱི་སྤྱི་འདུན་འཐུས་མིར་བཞག །དམག་དང་དམག་དཔོན་གོ་ཆར་བཅས། །ནམ་དགོས་འཕྲལ་དུ་ཤོལ་མེད་བྱ། །རྒྱལ་རིགས་དགོས་པའི་དོན་རྣམས་ལ། །སྔ་ནས་ཉེར་བསྡོགས་ཤེས་པ་དག །དུས་སུ་


MR01_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བབ་ཚེ་བགྱི་བ་ནི། །གང་ལའང་ཐོགས་མེད་འཇུག་པར་ནུས། །མཁས་རྣམས་རང་ཉིད་སྟོབས་ལྡན་ཀྱང་། །བག་ཡོད་སྒོ་ནས་ཕས་རྒོལ་བསྲུང་། །བླུན་རྣམས་རང་ཉིད་སྟོབས་ཞན་ཀྱང་། །མི་ཤེས་རློམ་བཞིན་དོགས་མེད་གནས། །བླུན་པོས་ད་ལྟ་འབའ་ཞིག་དཔྱོད། །མཁས་པས་མ་འོངས་ནམ་ཕུགས་དཔྱོད། །མ་འོངས་པ་ན་ཕན་གནོད་གནད། །སྔ་ནས་ཤེས་ན་མཁས་པ་ཡིན། །ཆར་དབབ་པ་དང་གཞི་བདག་བརྔན། །ནད་རིམ་བཟློག་དང་ས་བཅུད་གསོ། །ཕྱྭ་གཡང་འཕེལ་བའི་ཐབས་ལ་སོགས། །ཡུལ་རྣམས་ཀུན་ཏུ་སོ་སོར་བྱ། །ཧ་ཅང་ཉམས་ཀྱིས་མི་ལྕོགས་པའི། །བགྱི་བ་མང་པོས་མི་མནར་བར། །འབངས་དང་བློ་གྲོས་མཐུན་བྱས་ནས། །བགས་ཀྱིས་དུས་སུ་བསྒྲུབ་པར་བྱ། །ཇི་ལྟར་སྤྲིན་ཆེན་འཁྲིགས་པ་ཡིས། །རྒྱ་མཚོ་ཡི་ནི་ཆུ་དྲངས་ནས། །ས་ལ་རྒྱུན་དུ་ཕབ་པ་ཡིས། །རྩི་ཤིང་ལོ་འབྲས་སྨིན་པ་ལྟར། །བྱམས་ཤིང་བློ་ལྡན་རྒྱལ་པོས་ཀྱང་། །གནོད་པ་མེད་པའི་དཔྱ་ཁྲལ་གྱིས། །འབངས་རྣམས་སླར་ཡང་བསྐྱངས་བྱས་པས། །སྐྱེ་བོའི་ཀུན་དགའ་འཕེལ་བར་བྱེད། །མི་སྲུན་རྐུན་མ་གཡོན་ཅན་སོགས། །དུས་དང་དུས་སུ་ཉུལ་ལ་བསྐྲད། །ས་རྣམས་རང་དབང་བསྡམ་བྱ་སྟེ། །ཕུང་དཀྲོལ་ཅན་ནི་གཞུག་མི་བྱ། །རང་གིར་བྱས་པའི་ས་ཕྱོགས་སུ། །ཐ་ན་དུད་འགྲོར་གཏོགས་པ་ཚུན། །འཇིགས་མེད་བདེ་བར་བགས་ཕེབ་


MR01_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །ཐབས་རྣམས་རྟག་ཏུ་རྒྱལ་པོས་བྱ། །གློ་བུར་ལྷགས་པའི་ཆས་བསྟར་དང་། །དགེ་བའི་གྲུ་ཟམ་ལམ་འཕྲང་འཛུགས། །དགྲ་རྐུན་གཅན་གཟན་འཚེ་སོགས་ལས། །རིས་མེད་སྐྱེ་བོ་དབུགས་དབྱུང་བྱ། །ཁྱིམ་སུན་འབྱིན་དང་རྫུན་རླབས་ཀྱིས། །འཇིག་རྟེན་མགོ་བསྐོར་བྱེད་པ་སོགས། །ཤེད་བསྐྱེད་མི་བྱ་གྱི་ནར་བཞག །མ་རབས་ཁྲམ་པའི་དཔུང་མནན་བྱ། །སྡེ་སྣོད་མཁས་དང་སྡོམ་བརྩོན་ལྡན། །གྲུབ་པའི་རྣལ་འབྱོར་ཆོས་འཛིན་རྣམས། །ཡུལ་གྱི་རྒྱན་དུ་བཞག་བྱས་ཏེ། །རྒྱང་ནས་བསྟོད་ཅིང་བཀུར་ཚུལ་བྱ། །ཉམ་ཆུང་རྣམས་ལ་བརྩེ་བྱ་ཞིང་། །གནས་མིན་དཔུང་ཤེད་འཕྱར་བ་དམད། །ཡུལ་ཁམས་བདེ་བར་བག་ཕེབས་པའི། །ས་དེར་ལྷ་ཡང་མགུ་བ་སྐྱེ། །ཡུལ་གཞན་རྣམས་སུ་དུས་དུས་སུ། །ཚོང་དང་ཁེ་ཡི་ཕྱིར་འགྲོ་བ། །དཔུང་དུ་བསྡོམས་ཏེ་མགོ་འདྲེན་པའི། །དཔོན་བཅས་བདེ་བླག་འདོང་བར་བྱ། །ཉུང་ངུས་བསྒྲུབ་ན་བགྱིད་དཀའ་ཞིང་། །མང་པོ་བསྡོམ་ན་ཕན་ཚུན་དོན། །བདེ་བླག་ཉིད་དུ་ནུས་རྣམས་ལ། །རྒྱལ་པོས་དེ་ལྟར་མགོ་བསྡུ་བྱ། །སྐྱེ་བོ་ཕན་ཚུན་མི་འཐབ་པར། །གཅིག་ལ་གཅིག་ནི་གྲོགས་བགྱིད་པས། །དོན་མཐུན་ཉིད་དུ་འགྱུར་བའི་ཐབས། །འཇམ་རྩུབ་གང་འོས་དེ་ལྟར་སྦྱར། །ཡུལ་འབྲོག་ས་གནས་སོ་སོ་རུ། །རང་སྐལ་གནས་ཀྱི་ལོངས་སྤྱོད་ལ། །མཐུན་པར་སྤྱད་པར་བྱ་


MR01_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས། །འདོད་ཆེན་ཕྱོགས་ལྷུང་ཁྲིམས་ཀྱིས་དགག །ཡུལ་གྱི་མི་རྣམས་ཕན་ཚུན་དུ། །དཔུང་བསྡོམས་རང་ཕྱོགས་བསྲུང་དགོས་པས། །འཐེན་ཁྱེར་མེད་པར་ཆབ་གཅིག་ཏུ། །ཡུལ་གྱི་སོ་ཁ་བསྲུང་བར་བྱ། །དགེ་སྦྱོང་དག་དང་བྲམ་ཟེ་ནི། །རྒྱལ་པོའི་རྩ་བར་གསུངས་པས་ན། །དགེ་འདུན་འདུ་བའི་སྒོ་སོགས་ཀྱིས། །དགེ་འདུན་སྡེ་རྣམས་བསྐྱང་བར་བྱ། །ཡུལ་དུས་དེ་ལ་དེར་འཚམས་པའི། །སྐྱེ་བོའི་བདེ་ཐབས་གང་མཆིས་པ། །ཡུལ་གྱི་བདག་པོས་མགོ་བསྡུས་ནས། །ཇི་ལྟར་ཕན་པ་བཀའ་སྩལ་བྱ། །འབངས་ཀྱི་སྐྱེ་བོ་འཕེལ་བ་དང་། བདེ་བའི་ཐབས་ལ་ནན་ཏན་བསམ། །རང་ལ་དབང་བའི་མི་གཅིག་ཀྱང་། །གོད་པར་མི་བྱ་གསེར་བཞིན་བཙའ། །སྐྱེ་བོ་ཕལ་ཆེར་རྨོངས་པ་ཡིས། །རང་དོན་ཕྲ་མོའང་བསྒྲུབ་མི་ནུས། །མི་ཤེས་རྣམས་ལ་སློབ་བྱེད་ཕྱིར། །རྒྱལ་པོ་ཕ་དང་འདྲ་བ་ཡིན། །སྐྱེ་བོ་ཕལ་ཆེར་ཞུམ་པ་ཡིས། །བརྩོན་པས་ཕོངས་པར་གྱུར་པ་རྣམས། །ལས་ལ་བསྐུལ་ཞིང་སྣ་འདྲེན་པས། །རྒྱལ་པོ་དེད་དཔོན་འདྲ་བ་ཡིན། །སྐྱེ་བོ་ཕལ་ཆེར་སྦྲུལ་གདུག་བཞིན། །གཞན་ལ་འཚེ་ཞིང་གདུལ་དཀའ་ལ། །སྣ་ཚོགས་ཐབས་ཀྱིས་འདུལ་བྱེད་པས། །རྒྱལ་པོ་སྔགས་མཁན་འདྲ་བ་ཡིན། །རྟག་ཏུ་རང་གི་འབངས་རྣམས་ལ། །སྙིང་རྗེའི་བསམ་པ་ཉེར་བཞག་སྟེ། །བདེ་ཐབས་འབའ་ཞིག་ལ་བརྩོན་པས། །རྒྱལ་པོ་མ་དང་འདྲ་བ་


MR01_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཡུལ་ཁམས་དེ་ཡི་བདེ་སྡུག་དང་། །སྐྱོན་ཡོན་རྣམ་པ་སྣ་ཚོགས་ལ། །འདྲི་ཞིང་དཔྱོད་པ་ལྷུར་ལེན་པ། །རྒྱལ་པོ་རྟོག་ཆེན་འདྲ་བ་ཡིན། །འཇིགས་པ་ཅན་ལ་དབུགས་འབྱིན་ཞིང་། །སྡུག་བསྔལ་ཅན་ལ་ཕན་འདོགས་བྱེད། །རེ་ལྟོས་ཅན་རྣམས་དགའ་བགྱིད་པས། །རྒྱལ་པོ་དཔག་བསམ་ཤིང་དང་འདྲ། །བླང་དང་དོར་བྱའི་དངོས་པོ་སྟོན། །ཚུལ་དང་ཚུལ་མིན་རྣམ་པར་འབྱེད། །ཡང་དག་ལམ་ལ་འདྲེན་བྱེད་ཕྱིར། །རྒྱལ་པོ་མིག་དང་འདྲ་བ་ཡིན། །རང་གི་དཔལ་གྱིས་ཕྱོགས་ཀུན་ཏུ། །ལེགས་པར་བརྒྱན་པར་བྱས་ནས་སུ། །འཁོར་གྱི་སྐྱེ་རྒུ་དགའ་བྱེད་པ། །རྒྱལ་པོ་རིན་ཆེན་གཏེར་དང་འདྲ། །ཕས་ཀྱི་རྒོལ་བས་མི་ཚུགས་ཤིང་། །རིས་སུ་གཏོགས་རྣམས་བག་ཕེབས་ལ། །འགྲན་ཟླའི་ཚོགས་ཀུན་སྤ་བཀོང་བས། །རྒྱལ་པོ་རྡོ་རྗེའི་རྫོང་ཆེན་འདྲ། །བསོད་ནམས་སྟོབས་ཀྱིས་མངོན་མཐོ་ཞིང་། །རྒྱབ་བརྟེན་ལྷ་དང་སྲུང་མས་བརྗིད། །ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །རྒྱལ་པོ་རིན་ཆེན་རྒྱལ་མཚན་བཞིན། །དེ་ལྟར་མི་བདག་ཡོན་ཏན་མཆོག་མངའ་བ། །སུམ་རྩེན་གནས་སུ་བགྲོད་པར་མ་བྱས་ཀྱང་། །གདོང་པ་བཞི་ལྡན་ལྷ་ཡི་རྒྱལ་པོ་བཞིན། །བདུད་རྩིའི་ཟས་ཅན་རྣམས་ཀྱང་དགའ་བས་འདུ། །བུམ་བཟང་དཔག་བསམ་ནོར་བུའི་རྒྱལ་པོས་ཀྱང་། །འགྲན་པར་མི་བཟོད་མི་བདག་རིན་པོ་ཆེ། །གང་གི་དཔལ་


MR01_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཐོ་རིས་དཔལ་མཐའ་དག །རང་གི་ལག་ན་གནས་པ་བཞིན་དུ་སྤྱོད། །དཔལ་དང་གཟི་བརྗིད་སྙན་པར་གྲགས་པའི་སྒྲ། །རྒྱ་མཚོའི་ཁོར་ཡུག་ཏུ་ཡང་འགྲོ་བྱེད་ཅིང་། །ས་སྟེང་འདི་ན་ཉི་མ་གཉིས་པ་བཞིན། །མཚུངས་མེད་ཡོན་ཏན་དཔལ་གྱིས་ལྷམ་མེར་འགྱུར། །ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། ཡུལ་འཁོར་བདེ་བར་སྲུང་བའི་ཚུལ་བརྟག་པ་སྟེ་རབ་ཏུ་བྱེད་པ་བཅུ་བཞི་པའོ།། །། ཡུལ་གྱི་སྐྱེ་བོ་བདེ་ཐབས་དང་། །ལུགས་བཟང་ཁྲིམས་ཀྱི་བྱ་བ་སོགས། །ཡིད་རྟོན་པ་ཡི་སྐྱེ་བོ་དང་། །ལྷན་ཅིག་གྲོས་ཀྱིས་བསྒྲུབ་ན་ལེགས། །བྱེ་བྲག་ཕྱེད་པའི་བློ་ཡོད་ཀྱང་། །བྱ་བ་གྲོས་ཀྱིས་བསྒྲུབ་པར་བྱ། །འགྲུབ་འགྱུར་ཁོ་ནར་མ་ཟད་ཀྱི། །མ་འགྲུབ་ན་ཡང་མཛེས་པ་ཡིན། །ཐོག་མར་བརྟག་དཔྱོད་བྱེད་པའི་ཚེ། །གྲོས་སུ་འོས་པའི་བློན་ལྟ་ཅི། །བསམ་ཡོད་གཞན་གྱིས་སྨྲས་པ་ལའང་། །རིགས་དང་མི་རིགས་རང་གིས་དཔྱད། །བློ་རྒྱ་ཆུང་བའི་གྲོས་ལོག་དང་། །རང་འདོད་ཕུག་བཅུག་འཁྱོགས་པོའི་གྲོས། །ཕྱི་མཐའ་མ་བརྟགས་སྤྱི་བརྟོལ་ངག །སྤོབས་པ་ཞན་པའི་ཞུམ་ཚིག་དང་། །བློ་གྲོས་ཆེ་བས་གནད་བཀྲོལ་ཚིག །རང་འདོད་མ་འདྲེས་བསམ་དཀར་ངག །ཕྱི་མཐར་གཞལ་ནས་བརྗོད་པའི་གཏམ། །མི་ཞན་སྤོབས་པ་བསྐྱེད་པའི་ཚིག །སོ་སོར་མ་འདྲེས་ཤེས་བྱས་ལ། །ངང་པས་ཆུ་ལས་འོ་མ་བཞིན། །དོན་དང་ལྡན་པའི་གཏམ་བཟུང་སྟེ། །གྲོས་ཐག་


MR01_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ལྡན་རང་གིས་གཅོད། །འཇུག་ལྡོག་རང་གིས་ཤེས་ན་ཡང་། །རྒྱལ་ཁམས་བྱ་བ་གྲོས་ཀྱིས་བརྟག །ཐམས་ཅད་མཐུན་པར་གྲོས་བྱས་པའི། །བྱ་བ་གང་བྱུང་འགྱོད་མེད་ཉིད། །སྙིགས་དུས་གཡོན་པོས་གཡོན་བཀབ་སྟེ། །མཐུན་པར་སྨྲས་ནས་རྗེ་བོ་བསླུ། །ར་སྐྱེས་འཁྲིད་པའི་བྲམ་ཟེ་ལ། །རྐུན་པོས་ཁྱི་རུ་བཏགས་དང་མཚུངས། །དེ་བས་རྗེ་དཔོན་མཁས་པ་རྣམས། །གཡོན་ཅན་ཞེན་ཕྱོགས་ཤེས་བྱས་ནས། །གཞན་དྲིང་མི་འཇོག་བློ་ཐོབ་ན། །ས་བདག་ཁྲིམས་ལ་མཁས་པར་འགྱུར། །བདེན་ཞིང་བརླིང་ན་ཡིད་བརྟོན་བྱ། །རྟག་ཏུ་ཡིད་མི་ཆེས་པ་ཡི། །སྐྱེས་བུ་བྱ་རོག་ཁུ་འཕྲིག་ཅན། །དེ་ལ་བློ་ལྡན་གྲོས་མི་སྟོན། །བྱེ་བྲག་འབྱེད་པའི་བློ་ལྡན་ལ། །དྲིས་ན་རང་ཉིད་དཔལ་ཐོབ་སྟེ། །སྟོབས་ལྡན་དགའ་བྱེད་ཀྱིས་ཀྱང་ནི། །ཧ་ནུ་མནྠ་གྲོགས་སུ་བཀུག །རྒྱུན་དུ་བསོད་ནམས་ལྡན་པ་དང་། །སྟོབས་ལྡན་དག་ལ་བརྟེན་ན་བཟང་། །མཆིལ་པས་མཁའ་ལྡིང་ལ་སྦྲན་པས། །རྒྱ་མཚོའི་ཀླུ་རྣམས་སྐྲག་པར་བྱས། །བྱ་བའི་ཆ་ལ་རྨོངས་གྱུར་པ། །བློ་དང་ལྡན་པའི་གྲོས་ཀྱིས་འབྱེད། །ཆུ་བོ་རྙོགས་མར་གྱུར་པ་རྣམས། །ཆུ་དྭངས་ནོར་བུས་སེལ་བར་བྱེད། །རང་ཉིད་བློ་དང་ལྡན་ན་ཡང་། །བགྲོས་ན་སྔོན་མེད་བློ་གྲོས་འབྱུང་། །གྲོང་གི་སྐྱེ་བོའི་ཚིག་མཉན་པས། །གསལ་རྒྱལ་གཡུལ་ལས་རྒྱལ་བ་བཞིན། །ལེགས་པར་བརྟག་དཔྱད་མ་བྱས་ན། །


MR01_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ་འགའ་ལས་ཉེས་པ་འབྱུང་། །ཁྱུ་མཆོག་དང་ནི་སེང་གེ་གཉིས། །ཤིན་ཏུ་མཐུན་པ་ཝ་ཡིས་བརླགས། །ནམ་ཕུགས་རང་དོན་མ་གཞལ་བར། །སྐྱེས་བུས་གང་བསྟབ་ལེན་མི་བྱ། །བག་གསར་བསྟབ་པའི་བཀུར་སྟི་ཡིས། །ཐ་མར་སྟོང་ཐུབ་ཉམས་ལ་ལྟོས། །བློ་ཅན་རྣམས་ཀྱིས་བརྫུ་བག་གིས། །གྲུང་པོའང་མགོ་བོ་གདུགས་ལྟར་བསྐོར། །ཁྱབ་འཇུག་མིའུ་ཐུང་གཟུགས་བརྫུས་ནས། །སྟོབས་ལྡན་ས་ཡི་འོག་ཏུ་བཅིང་། །བློ་གྲོས་མཆོག་དང་ལྡན་པ་ན། །བློ་ལྡན་ཡིན་ཡང་ཕམ་པར་ནུས། །ཕྱག་རྒྱ་ལྔ་ལྡན་ཁྱབ་འཇུག་ཀྱང་། །ལེགས་ལྡན་ནག་པོའི་ཐབས་ཀྱིས་བཀོལ། །དེ་ཕྱིར་བྱ་བ་གང་ལ་ཡང་། །ཐབས་མཁས་ལྡན་པའི་གྲོས་ཀྱིས་འགྲུབ། །སྤྲེལ་དམག་མང་དུ་ཚོགས་པ་ཡིས། །རྒྱ་མཚོ་ལ་ཡང་ཟམ་པ་བཙུགས། །ལྕམ་པ་ཉི་མའི་ཕྱོགས་སུ་འདུད། །ཆུ་ཤིང་འབྲུག་སྒྲ་བསྒྲགས་ན་སྐྱེ། །ཕན་པའི་གྲོགས་དང་ཕན་པའི་གྲོས། །གང་ནས་འབྱུང་བའི་ངེས་པ་མེད། །འབོད་སྒྲོག་ཆུང་མའི་དོན་དུ་བསད། །ལངྐའི་གྲོང་ཁྱེར་སྤྲེའུས་བསྲེག །གནོད་པའི་གྲོགས་དང་ངན་པའི་གྲོས། །གང་ནས་འབྱུང་བར་ཆ་མེད་ཉིད། །དེ་སླད་བློ་དང་ལྡན་རྣམས་ཀྱིས། །མི་འོས་གྲོགས་དང་གྲོས་སྤངས་ནས། །འོས་པའི་གྲོགས་དང་གྲོས་བསྟེན་ན། །དཔལ་ལས་ཉམས་པར་མི་འགྱུར་རོ། །མི་རེང་དབུལ་པོས་སུ་ལ་བགྲོས། །གཉིས་ཚོགས་ཕན་


MR01_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་གྲོས་ལ་ལྟོས། །རྒྱལ་ཁམས་ཆེན་པོའི་བྱ་བ་ཕལ། །གྲོས་ལ་མ་ལྟོས་འགྲུབ་པར་དཀའ། །སུ་ལའང་གྲོས་སུ་མ་བྱས་ན། །འཁོར་ཚོགས་རྒྱུ་སྐར་ལྟར་མང་ཡང་། །སུས་ཀྱང་རྗེ་བོ་གླེན་པ་དེ། །ཉམ་ཐག་གནས་ལས་བསླང་མི་ནུས། །མང་པོ་བསྡོམས་ནས་གྲོས་བྱས་ན། །ཆེན་པོ་ཡིས་ཀྱང་ཐུབ་པར་དཀའ། །སྲོག་ཆགས་གྲོག་མའི་ཚོགས་འདུས་ནས། །སེང་གེའི་ཕྲུ་གུ་བསད་ཅེས་གྲགས། །རང་སྡེ་བསྲུང་བར་འདོད་པ་དང་། །གཞན་སྡེ་གཞོམ་པར་འདོད་ནའང་། །མང་པོ་དག་གི་དཔུང་བསྒྲིལ་ཏེ། །གྲོགས་སུ་བྱ་བ་མཁས་པས་བསྔགས། །ཕ་མ་བཞིན་དུ་སེམས་བརྩེ་ཡང་། །གྲོས་མེད་པ་ན་སྐྱེས་བུ་དེའི། །འདོད་དོན་ཇི་ལྟར་སྒྲུབ་པ་ཡི། །ཚུལ་རྣམས་གཞན་གྱིས་ཇི་ལྟར་ཤེས། །སྐྱེ་བོ་ཀུན་རྟོགས་སྣ་ཚོགས་ཕྱིར། །མི་རིགས་པ་ཡི་བྱ་བ་ལའང་། །གྲོས་མཐུན་འགྱུར་བ་རྙེད་སླ་ན། །འོས་པའི་གྲོས་ལ་ལྟ་ཅི་སྨོས། །གྲོས་མཐུན་གྱུར་རྣམས་བྱ་བ་ལ། །ཉེ་འམ་རྒྱང་ན་གནས་ཀྱང་རུང་། །རང་དོན་བཞིན་དུ་འཇུག་པའི་ཕྱིར། །བྱ་བ་ཆེན་པོ་གྲོས་ཀྱིས་བསྒྲུབ། །གྲོས་ཀྱི་ནང་ནས་གྲོགས་འབྱུང་ཞེས། །གནའ་རབས་མཁས་པའི་གཏམ་ལས་བསྒྲགས། །ཐོག་མར་གྲོས་སུ་མི་བྱེད་པར། །ཐ་མར་འགྱོད་པ་བླུན་པོའི་མཚང་། །ལེགས་པར་བགྲོས་ན་ལེགས་པའི་བློ་སྐྱེ་ཞིང་། །དོན་གྱི་བགྱི་བར་ཀུན་ཀྱང་དོན་མཐུན་


MR01_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

པས། །དཀའ་བའི་གནས་ཀྱང་དཀའ་བ་མེད་འགྲུབ་ཕྱིར། །འཁོར་མང་ལྡན་རྣམས་འཁོར་ལ་ཅིས་མི་བགྲོས། །དོན་ཆེན་བྱ་བ་གྲོས་མེད་ཚིག་ཙམ་གྱིས། །དྲང་སྲོང་དམོད་པ་བཞིན་དུ་སུ་ཡིས་འགྲུབ། །ཐག་ཆོད་འོས་པའི་གནས་ལ་གྲོས་མེད་ཀྱང་། །ས་བདག་རྣམས་ཀྱི་ཚིག་གིས་འགྲུབ་པར་འགྱུར། །དེ་ཕྱིར་མི་དབང་བློ་དང་ལྡན་རྣམས་ཀྱིས། །རང་གི་བགྱི་བར་འཁོར་གྱི་ཚོགས་བསྡུས་ཏེ། །ལེགས་པར་དཔྱོད་ཅིང་གྲོས་སུ་བྱས་པ་ན། །ཕ་རོལ་སྟོབས་དང་ལྡན་ཀྱང་གནོད་མི་ནུས། །སྐྱེ་བོ་མང་པོ་མཐུ་དང་དཔུང་བསྒྲིལ་ཏེ། །འོས་པའི་བྱ་བར་གྲོས་མཐུན་ཞུགས་གྱུར་ན། །ཡིད་ལ་ཇི་ལྟར་བརྣག་པའི་དོན་དེ་དག །ཁབ་ལེན་རྡོ་ཡིས་ལྕགས་བཞིན་འགུགས་པར་ནུས། །ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། གྲོས་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཅོ་ལྔ་པའོ།། །།རྒྱལ་པོ་རང་ཉིད་ཁྲིམས་ལྡན་པས། །འཁོར་ལ་ཁྲིམས་སུ་བྱས་ན་མཛེས། །རང་ཉིད་ཁྲིམས་ལས་འདས་སྤྱོད་ན། །སྐྱེ་རྒུའི་དཔང་པོར་ག་ལ་འོས། །རྒྱུ་འབྲས་རྟེན་འབྲེལ་མི་བསླུ་བ། །འཇིག་རྟེན་ཀུན་གྱི་སྤྱི་ཁྲིམས་ཏེ། །རྒྱུ་འབྲས་ལོག་པར་སྤྱོད་རྣམས་ལ། །ཆད་པ་ངན་སོང་སྡུག་བསྔལ་ཡིན། །རྒྱལ་པོས་ཆོས་བཞིན་མ་བྱས་ན། །ཚེ་འདིར་གྲགས་པ་ངན་པ་དང་། །རྒྱལ་སྲིད་དག་ཀྱང་འཇིག་འགྱུར་བས། །རང་ཉིད་དགེ་བཅུའི་ཁྲིམས་ལྡན་བྱ། །མི་དགེ་བཅུ་པོ་


MR01_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་ཀྱང་། །ངན་སོང་གསུམ་དུ་འཁྲིད་བྱེད་ཅིང་། །མཐོ་རིས་དག་ཏུ་སྐྱེས་ན་ཡང་། །རྒྱུ་མཐུན་འབྲས་བུ་མི་བཟང་མྱོང་། །སྐྱེ་རྒུ་ཀུན་ལ་སྲོག་ཕངས་པས། །རྒྱལ་པོས་སྲོག་གཅོད་ཡོངས་སུ་སྤང་། །སྲོག་གཅོད་ཚེ་ཐུང་ནད་མང་བྱེད། །དེ་བས་རྒྱལ་པོའི་ཡུལ་ཁམས་སུ། །བྱ་དང་རི་དྭགས་ཚུན་ཆད་ལ། །འཚེ་བ་ཅི་ནུས་བཟློག་པར་བྱ། །ལྗོངས་དེའི་མི་དང་དུད་འགྲོ་རྣམས། །འཇིགས་མེད་སྲོག་གི་བསྐྱབ་བྱའོ། །གལ་ཏེ་མང་པོའི་དོན་གྱི་ཕྱིར། །གདུལ་དཀའི་མི་སྲུན་གཞན་དུ་བསྐྲད། །ཅིས་ཀྱང་ཐབས་ཀྱིས་མི་འཆོས་ན། །སྐྱེ་རྒུའི་ཕུང་སེལ་བྱེད་པ་རྣམས། །བསད་ན་རྒྱལ་ཁམས་བདེ་ཞེས་པ། །རྩོད་དུས་རྒྱལ་པོའི་ལུགས་ལ་ཡོད། །འོན་ཀྱང་སྙིང་རྗེའི་བསམ་པ་ནི། །ནམ་ཡང་བཏང་བར་མི་བྱའོ། །རང་གི་འབྱོར་པས་ཆོག་ཤེས་ནས། །མི་འོས་གཞན་ནོར་འཕྲོག་མི་བྱ། །མ་བྱིན་བླང་བས་དབུལ་འགྱུར་ཞིང་། །རང་གི་ལོངས་སྤྱོད་གཞན་གྱིས་ཁྱེར། །འོས་པའི་དཔྱ་དང་རིགས་པ་ཡིས། །ནོར་གྱི་ཆད་པ་ལེན་ན་ཡང་། །ནོར་ལ་ཉེས་པའི་འདུ་ཤེས་བཞག །བརྐམ་ཆགས་ཆེ་བར་ཡོང་མི་བྱ། །རང་འདོད་གདུག་པས་མ་བསླད་པར། །རྒྱལ་ཁམས་བདེ་བའི་དོན་གྱི་ཕྱིར། །འཚེ་དང་མ་བྱིན་ལེན་ཁོ་ནས། །རྒྱལ་པོ་སྡོམ་མིན་ཅན་མི་འགྱུར། །རང་གི་བཙུན་མོར་དགྱེས་བྱས་ནས། །གཞན་ལ་ལོག་པར་གཡེམ་


MR01_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱ། །ལོག་གཡེམ་གྱིས་ནི་འཁོར་མི་སྲུན། །འགྲན་ཟླར་བཅས་པའི་ཆུང་མར་འགྱུར། །རྟག་ཏུ་བདེན་པར་སྨྲ་བ་ནི། །ཆོས་དང་ལྡན་པའི་ཡོན་ཏན་མཆོག །རྫུན་སྨྲས་པས་ནི་སྐུར་པ་མང་། །གཞན་གྱིས་རང་ཉིད་བསླུ་བར་འགྱུར། །ཕ་རོལ་དབྱེ་བར་བྱེད་པ་ཡི། །ཕྲ་མ་སྤངས་ནས་བསྡུམ་པར་བྱ། །ཕྲ་མས་རང་གི་འཁོར་མི་འདུམ། །འཐབ་བྱེད་འཁོར་ངན་འཐོབ་པར་འགྱུར། །མི་བདག་རྟག་ཏུ་ཚིག་འཇམ་ཞིང་། །སྙན་པར་སྨྲ་ལ་ནན་ཏན་བྱ། །ཚིག་རྩུབ་སྨྲས་པས་འཐབ་མོ་དང་། །ཡིད་དུ་མི་འོང་གཏམ་ཐོས་འགྱུར། །དོན་མེད་ཀྱལ་པ་རྣམ་སྤངས་ནས། །ཇི་སྐད་སྨྲས་བཞིན་དོན་ལྡན་བརྗོད། །ངག་འཁྱལ་སྨྲས་པས་ཚིག་མི་བཙུན། །སྤོབས་པ་མ་ངེས་ཅན་དུ་འགྱུར། །གཞན་འབྱོར་ཆེ་བའམ་ཆུང་ཡང་རུང་། །བརྣབ་སེམས་མི་བྱ་དགའ་བར་བྱ། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །འདོད་ཆེན་ཆོག་མི་ཤེས་པར་འགྱུར། །གཞན་ལ་གནོད་པའི་སེམས་སྤངས་ཏེ། །ཀུན་ལ་བྱམས་པའི་སེམས་སུ་བྱ། །གནོད་སེམས་ཀྱིས་ནི་ཟུག་རྔུ་མང་། །གཞན་གྱིས་དོན་མེད་གནོད་པ་འབྱུང་། །ལས་དང་འབྲས་བུ་མེད་ལྟ་བའི། །ལོག་པར་ལྟ་བ་རྩད་ནས་སྡང་། །ལོག་པའི་ལྟ་བ་མ་སྤངས་ན། །སྐྱེ་གཞན་ལྟ་ངན་སྒྱུ་ཅན་འགྱུར། །ལྟ་བ་ངན་པས་བསླད་པ་ལ། །ས་བོན་ཚིག་པའི་མྱུ་གུ་བཞིན། །དཀར་པོའི་ཆོས་རྣམས་མི་སྐྱེ་ཞིང་། །ཡང་དག་ལྟ་བ་ཆོས་ཀུན་གཞི། །


MR01_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རི་གཟར་པོ་ཡི་འབབ་ཆུ་བཞིན། །འཚོ་བ་ཡུན་ཐུང་རིང་མི་གནས། །འཇིག་རྟེན་ཕ་རོལ་འགྲོ་འགྱུར་བས། །བག་ཡོད་བགྱིས་ཏེ་ཕྱི་མར་བསམ། །ལས་འབྲས་ནམ་ཡང་མི་བསླུ་བས། །ཆུང་ཡང་དོན་མེད་ཆུད་མི་ཟ། །རང་གིས་གང་བྱས་རང་ལ་སྨིན། །འདི་ལ་སུས་ཀྱང་འདའ་བ་མེད། །དེ་ཕྱིར་ཆོས་མིན་རྒྱལ་སྲིད་ལ། །གནས་རྣམས་དམྱལ་བའི་སྟ་གོན་ཡིན། །ཆོས་དང་ལྡན་པའི་རྒྱལ་སྲིད་ནི། །ལྷ་གནས་བགྲོད་པའི་ཐེམ་སྐས་ཡིན། །རྒྱལ་པོ་རྒྱལ་རིགས་སྐྱེས་པ་རྣམས། །སྐྱེ་བོའི་ཚོགས་ལ་དབང་བས་ན། །དགེ་བཅུའི་ལས་ཀྱི་ལམ་དག་ལ། །ཀུན་ཀྱང་ཅི་ནུས་གཞུག་པར་བྱ། །སྲོག་སྐྱབས་པ་དང་སྦྱིན་པ་གཏོང་། །ལོག་གཡེམ་དགག་ཅིང་རྫུན་སོགས་གཅོད། །གཞན་འབྱོར་རྣམས་ལ་ཡི་རང་ཞིང་། །བྱམས་དང་ཡང་དག་ལྟ་བ་སྒོམ། །དཔྱ་ལེན་པ་དང་ཆད་ལས་སོགས། །འོས་པས་སྐྱེ་རྒུ་བསྐྱངས་བྱས་ཏེ། །སྙིང་རྗེའི་སེམས་དང་ཐབས་མཁས་པར། །བྱས་ན་ཉེས་མེད་དགེ་ཡང་སྲིད། །དགེ་བའི་རྩ་བ་བསྡོམས་བྱས་ནས། །བླ་མེད་བྱང་ཆུབ་དོན་གཉེར་ན། །འཇིག་རྟེན་ཚུལ་དང་མི་འགལ་ཞིང་། །དམ་པའི་ལམ་ལས་མི་འདའ་ལ། །ཆོས་བཞིན་སྐྱེ་རྒུ་ལེགས་སྐྱོང་བས། །དོན་གཉིས་བསྒྲུབ་ལ་སྟོབས་ལྡན་ཕྱིར། །རྒྱལ་སྲས་སེམས་དཔའ་ཆེ་རྣམས་ཀྱང་། །རྒྱལ་པོའི་ཚུལ་དུ་སྟོན་པར་མཛད། །ཕ་མ་དགེ་སྦྱོང་


MR01_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེ་སོགས། །བཀུར་ཞིང་མཆོག་གསུམ་མཆོད་པ་དང་། །འདི་དང་ཕྱི་མའི་སྡུག་བསྔལ་རྒྱུན། །འགོག་པའི་ཐབས་རྣམས་རྒྱལ་པོས་བྱ། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །བདེ་བའི་ཐབས་ཚུལ་རྣམ་མང་པོའི། །སྲོལ་ལ་སྐྱེ་རྒུ་འཛུད་བྱེད་པ། །ཆོས་ལྡན་རྒྱལ་པོ་ཡིན་ཤེས་བྱ། །ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། དགེ་བཅུའི་ཆོས་དང་ལྡན་པའི་ཚུལ་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཅུ་དྲུག་པའོ།། །། རང་ཉིད་ཆོས་དང་ལྡན་བྱས་ལ། །གཞན་ལ་དགེ་བཅུའི་ཁྲིམས་སྡོམས་པ། །ཆོས་ཀྱི་རྒྱལ་པོ་ཆེན་པོ་ཞེས། །མཁས་པ་རྣམས་ཀྱིས་ལེགས་པར་བསྔགས། །མི་དགེ་བཅུ་པོ་དུག་འདྲ་སྟེ། །འདིར་གནོད་ཕྱི་མ་སྡུག་བསྔལ་ཀྱང་། །ཞེ་འདོད་ལག་ལེན་འགལ་རྣམས་ལ། །ཆོས་རྒྱལ་རྣམས་ཀྱིས་ཁྲིམས་སུ་མཛད། །མི་གསོད་པ་དང་ནོར་རྐུ་དང་། །ཆུང་མ་འཕྲོག་དང་བྱི་བྱེད་དང་། །རྫུན་གྱིས་བསླུ་དང་ཕྲ་མས་འབྱེད། །དོན་མེད་རྩུབ་མོའི་ཚིག་གིས་གཅོད། །འདི་དག་གནོད་ཚབས་ཆེ་ཆུང་དང་། །སྔར་གྱི་ལན་སྐྱོན་ཡོད་མེད་སོགས། །ཉེས་པའི་འོས་དང་བསྟུན་ནས་སུ། །ཆད་པའི་ལས་ཀྱིས་བཀག་པར་བྱ། །རགས་པའི་ཉེས་པ་རྣམས་བཀག་པས། །ཕྲ་བ་ཡིད་ཀྱི་ཉེས་པ་རྣམས། །ཤུགས་ཀྱིས་མཐུ་ནི་མེད་བྱས་པས། །དགེ་བཅུའི་ཁྲིམས་སུ་བཅས་ཞེས་བྱ། །སེམས་ཅན་སྤྱི་ལ་འཚེ་བ་དང་། །དཀོན་མཆོག་གསུམ་ལ་གནོད་པ་དང་། །རྒྱལ་པོའི་


MR01_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཆུས་ལ་གཟན་པ་དང་། །རྒྱལ་ཁམས་མི་བདེ་བྱེད་པ་རྣམས། །མཐུ་ལྡན་རྒྱལ་པོས་བཀག་བྱས་ན། །རྒྱལ་ཁམས་སྤྱི་དང་བྱེ་བྲག་བདེ། །ཆོས་ལྡན་རྒྱལ་པོ་མེད་གྱུར་ན། །རྒྱལ་ཁམས་བདེ་བའི་ཐབས་གཞན་དཀའ། །སྔར་དུས་མི་རྣམས་ཁྲེལ་ཡོད་ཚེ། །དངུལ་གྱི་དོང་རྩེ་གཅིག་བརྐུས་ཀྱང་། །སྲོག་ལ་བབ་པའི་ཆད་ལས་ཀྱི། །ཁྲིམས་བྱས་དེ་ལྟར་རྐུན་མ་ཉུང་། །དེང་སང་ཤིན་ཏུ་གདུལ་དཀའི་དུས། །དེ་ཙམ་ཉེས་པས་སྲོག་བཀུམ་ན། །ཡུལ་འཁོར་སྟོང་ལ་ཐུག་པར་མཆི། །དེ་བས་ཡུལ་དུས་སྦྱར་བ་ཡི། །ཁྲིམས་ཀྱི་ཞལ་ལྕེ་གཅོད་ལུགས་རྣམས། །སྔོན་བྱུང་རྒྱལ་པོ་མཁས་རྣམས་ཀྱི། །བཀའ་ཁྲིམས་བཞིན་དུ་འཚམས་པར་སྦྱར། །ཁྲིམས་ཞེས་བྱ་བ་ཕྱོགས་ལྷུང་མེད། །དྲང་པོ་གནམ་གྱི་ཐིག་ཡིན་པས། །ལས་འབྲས་མངོན་སུམ་སྟོན་པ་དང་། །འདྲ་ཕྱིར་སུས་ཀྱང་བསྒྱུར་དུ་མེད། །འགལ་ན་རྒྱལ་པོའི་བུ་ཡང་ཕམ། །བསྲུངས་ན་གྲོང་གི་དབུལ་པོ་རྒྱལ། །ཀླད་པར་གནམ་ལྕགས་བབ་པ་ལྟར། །མི་ཁུར་དབང་མེད་ཁྲིམས་ཞེས་བྱ། །སྟོབས་འབྱོར་ཡོད་ན་ཡང་འགྱུར་ལ། །ཁས་ཞན་དབུལ་པོར་ལྕིར་འགྱུར་བ། །དེ་འདྲ་རྒྱལ་ཁྲིམས་མ་ཡིན་ཏེ། །འཕྱོན་མའི་གར་གྱི་ལྟ་ཕྱོགས་མཚུངས། །སྨད་འཚོང་གཟུགས་ཀྱིས་འཚོ་བ་སྟེ། །དགེ་སྦྱོང་ཆོས་ཀྱིས་འཚོ་བ་ཡིན། །རྒྱལ་རིགས་ཁྲིམས་ཀྱིས་འཚོ་བ་སྟེ། །བྲམ་ཟེ་ཆོ་རིགས་


MR01_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བས་འཚོ། །རང་རང་འཚོ་བ་དེ་ཉམས་ན། །ཆོས་གཞན་གང་གིས་མི་སྐྱོབ་སྟེ། །སྲོག་གི་དབང་པོ་འགག་པ་ན། །དབང་པོ་གཞན་གྱིས་སྐྱབས་སམ་ཅི། །རྒྱལ་པོ་ཞེས་པའི་མིང་དེ་ཡང་། །ཁྲིམས་ཀྱི་བདག་པོར་བྱས་པས་ཐོབ། །ཁྲིམས་ནི་ལུགས་བཞིན་མི་གཅོད་ན། །རྒྱལ་པོ་ཡོད་ཀྱང་མེད་དང་མཚུངས། །རང་ཉིད་ཁྲིམས་བདག་གྱུར་པ་ན། །དགྲ་ལའང་ཁྲིམས་ནི་ལུགས་བཞིན་གཅོད། །གནོད་པ་བྱེད་ཀྱང་དུས་གཞན་བྱ། །མཁས་པའི་ཁྲིམས་ལ་ཉེ་རིང་མེད། །ཁྲིམས་ཡོད་པ་ཡི་ས་ཕྱོགས་སུ། །ཆོས་བཞིན་བྱེད་རྣམས་བག་ཕེབས་ལ། །ཆོས་མིན་བྱེད་རྣམས་བག་ཡོད་འགྱུར། །ཁྲིམས་བཟང་འཇིག་རྟེན་མགོན་དང་སྐྱབས། །ཉེས་པ་ཅན་ལ་འོས་པ་ཡི། །ཆད་པས་བཅད་པ་ཐོས་ན་ཡང་། །སྐྱེ་བོ་བཟང་རྣམས་དབུགས་འབྱིན་ཅིང་། །ངན་པ་རྣམས་ཀྱང་སྐྲག་པར་འགྱུར། །ཉེས་ཅན་ཆད་པ་མེད་ཐོས་ཚེ། །ཡ་རབས་རྣམས་ཀྱང་བག་ཟ་ཞིང་། །མ་རབས་རྣམས་ལ་བག་མེད་སྒོ། །འབྱེད་པའི་ཉེར་བསྡོགས་བཞིན་previous hit དུ་འགྱུར། །ཉེས་མེད་ཆད་པས་བཅད་ཐོས་ན། །བཟང་པོ་རྣམས་ཀྱང་ཡིད་ཆད་ཅིང་། །རྒྱལ་པོ་གཡོན next hit་ཅན་ཐ་ཆད་ཅེས། །ལྷ་གནས་སུ་ཡང་མི་སྙན་སྒྲོགས། །ཉེས་མེད་ཉེས་པར་མ་སྦྱར་ན། །ཉེས་མེད་དེ་ཡི་རྒྱུས་ཤེས་རྣམས། །རྒྱལ་པོའི་བསྔགས་པ་བརྗོད་བྱེད་ལ། །ལྷ་དང་བཅས་པས་ཡི་རང་འགྱུར། །གཞན་གྱི་སྲོག་ལ་འཚེ་བ་རྣམས། །


MR01_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ལུས་ལ་དཔེ་བྱས་ཏེ། །བརྡུང་དང་བརྡེག་པའི་ཚུལ་སོགས་ཀྱིས། །ཕྱིན་ཆད་སྡིག་རྒྱུན་བཟློག་པར་བྱ། །གཞན་གྱི་ནོར་ལ་རྐུ་བ་རྣམས། །འཇལ་དང་སྟོང་གིས་བསབ་བྱ་ཞིང་། །ཆུང་མ་བྲན་སོགས་འཕྲོག་པ་ཡང་། །དེ་དེའི་ཚུལ་གྱིས་བཀག་པར་བྱ། །རྒྱལ་པོ་ཧ་ཅང་དེས་དྲག་ན། །མི་སྲུན་པ་དང་རྐུན་པོ་འཕེལ། །རྒྱལ་ཁམས་མ་རུངས་གང་འགྱུར་བས། །རྒྱལ་པོ་སྙིང་རྗེ་ལྡན་ན་ཡང་། །མི་སྲུན་རྣམས་ལ་ཅི་འོས་པའི། །ཆད་པ་དུས་སུ་ལེགས་བཅད་ཅིང་། །ཉམ་ཐག་སྲོག་ཆགས་སྙིང་རྗེའང་བགྱིད། །ཅེས་པ་བདེན་སྨྲའི་མདོ་ལས་གསུངས། །ས་སྙིང་འཁོར་ལོ་བཅུ་པའི་མདོར། །ཚངས་ཆེན་ལྷ་ཡི་སྙིང་པོ་ལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བསྟན་པ་དད་པས་རབ་བྱུང་ནས། །སྐྲ་དང་ཁ་སྤུ་བྲེགས་བྱས་ཏེ། །ངུར་སྨྲིག་ཚལ་བུ་གྱོན་པ་གང་། །ཚུལ་ཁྲིམས་ལྡན་ནམ་འཆལ་ཡང་རུང་། །དེ་ལ་ལྷ་དང་མི་དང་ནི། །ལྷ་མ་ཡིན་ལ་སོགས་པ་ཡི། །ཁྱིམ་པའི་ཚུལ་དང་འདྲ་བར་ནི། །དམན་པར་སྦྱར་དུའང་མི་གནང་ན། །དེ་ལ་ལྕག་གིས་གཞུར་བ་དང་། །དབྱུག་པས་བརྡེག་ཅིང་བཙོན་དུ་འཆིང་། །གཤེ་དང་སྤྱོ་དང་ལུས་གཅོད་དང་། །གསོད་པར་བྱེད་པ་ལྟ་ཅི་སྨྲོས། །ཚུལ་ལྡན་མང་ཐོས་ཅི་སྨོས་ཀྱི། །རབ་ཏུ་བྱུང་ནས་ཚུལ་ཉམས་ཏེ། །མི་དགེ་སྤྱོད་པས་ཁོང་རུལ་བ། །དགེ་སྦྱོང་མིན་ལ་དགེ་སྦྱོང་དུ། །ཁས་འཆེ་མ་རུངས་པ་དེ་ཡང་། །


MR01_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་བཅས་པའི་འཇིག་རྟེན་གྱིས། །མཆོད་འོས་ཡོན་ཏན་གཏེར་དུ་འགྱུར། །སྟོན་པའི་ཆ་ལུགས་འཆང་ཙམ་ཡང་། །མཐོང་བས་སྟོན་དང་ཚུལ་ཁྲིམས་སོགས། །རྗེས་སུ་དྲན་པའི་ཡོན་ཏན་འབྱུང་། །ཚུལ་ཉམས་མི་རོ་ལྟ་བུ་ཞེས། །གསུངས་ཀྱང་ཁྱུ་མཆོག་ཤི་བ་ལ། །གི་ཝཾ་དང་ནི་གླ་བའི་རོར། །གླ་རྩི་ཡོད་པ་ཇི་བཞིན་དུ། །ཡོན་ཏན་ལྷག་མའི་མཐུ་ཡོད་ཕྱིར། །དེ་ལ་ནན་ཏུར་བྱ་དགོས་ན། །དགེ་འདུན་མཐུན་པས་བསྐྲད་བྱ་ཡི། །རྒྱལ་པོ་དང་ནི་བློན་པོའམ། །དཔང་པོ་དག་གིས་སངས་རྒྱས་ལ། །སྐྱབས་སོང་ཆ་ལུགས་འཆང་ཙམ་ཡང་། །གཞུ་བ་དང་ནི་འཚོག་པ་སོགས། །ཆད་པས་བཅད་པར་མི་རུང་སྟེ། །མཚམས་མེད་ལྔ་བྱས་མི་གང་ཞིག །རྫུན་གྱིས་རབ་བྱུང་ཆ་ལུགས་སུ། །གནས་པ་དེ་ལའང་རྒྱལ་པོ་ཡིས། །གཞུ་ཞིང་འཚོག་པ་སོགས་མ་གནང་། །མ་འོངས་རྒྱལ་རིགས་གདོལ་སྤྱོད་ཅན། །ཆོས་ལྡན་དགེ་སྦྱོང་མི་བཀུར་བས། །དཀོན་མཆོག་གསུམ་གྱི་གདུང་སྨོད་བྱེད། །དེ་ལ་ལྷ་རྣམས་ཁྲོས་ནས་སུ། །ཡལ་བར་འབོར་བར་བྱེད་པར་འགྱུར། །ཆོས་ལྡན་སྐྱོ་ནས་གཞན་དུ་བྱེར། །ཕྱི་དང་ནང་གི་འཁྲུག་པ་འབྱུང་། །ཡུལ་དེར་སྡུག་བསྔལ་རྣམ་མང་ཞིང་། །རྒྱལ་སྲིད་ཉམས་ཤིང་ནད་སོགས་འབྱུང་། །ཤི་ནས་ངན་སོང་འགྲོ་བར་འགྱུར། །དགེ་སྦྱོང་སྡིག་སྤྱོད་རྒྱལ་པོ་ཡི། །ཕོ་ཉ་བྱེད་པས་སྣ་དྲངས་ནས། །མ་འོངས་རྒྱལ་བློན་གདོལ་སྤྱོད་


MR01_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །དགེ་སྦྱོང་ནོར་དང་མཆོད་རྟེན་དཀོར། །དཀོན་མཆོག་རྫས་ལ་བག་མེད་སྤྱོད། །ཤིན་ཏུ་མི་བཟད་ཉེས་པ་དེས། །ཚེ་འདིར་གསོ་ཀའི་ནད་བྱུང་ནས། །དམྱལ་བར་ཡུན་རིང་འཚེད་པར་འགྱུར། །སྔོན་ཚེ་ངུར་སྨྲིག་གོས་གྱོན་པས། །གླང་པོར་དུག་མདས་བསྣུན་ན་ཡང་། །གླང་པོའི་དབང་པོས་འདི་སྐད་དུ། །འདི་དག་སླུ་བའི་སེམས་ཡོད་ཀྱང་། །ཆ་ལུགས་སངས་རྒྱས་སློབ་མ་འདྲ། །འཚོ་བའི་སྲོག་དང་བྲལ་ཀྱང་བླའི། །སྡིག་པའི་སེམས་ནི་བསྐྱེད་མི་རིགས། །ཞེས་བརྗོད་བྱོལ་སོང་སྐྱེས་པས་ཀྱང་། །ཆ་ལུགས་ཙམ་ལ་དེ་ལྟར་དགའ། །མ་འོངས་རྒྱལ་རིགས་གདོལ་བ་ཅན། །སངས་རྒྱས་རྗེས་འཇུག་འཚེ་བྱེད་པ། །དུས་གསུམ་སངས་རྒྱས་བཀའ་ལུང་དང་། །འགལ་བ་ཉིད་དུ་གྱུར་པས་ན། །དམྱལ་བ་ཆེན་པོར་གཞོལ་བར་འགྱུར། །སྔོན་ཚེ་རྒྱལ་པོར་གྱུར་པ་ནི། །དགྲ་ལས་རྒྱལ་ཞེས་བྱ་བ་ཡིས། །མི་ཞིག་གསད་པར་བྱ་བའི་ཕྱིར། །དུར་ཁྲོད་སྲིན་མོའི་གནས་བཏང་ཚེ། །སྐྲ་བྲེགས་ངུར་སྨྲིག་ཚལ་བུ་ཞིག །མགུལ་དུ་བཏགས་པ་དེ་མཐོང་ནས། །ལྔ་སྟོང་འཁོར་གྱིས་བསྐོར་བ་ཡི། །སྲིན་མོ་མཚོན་ཆའི་མིག་སོགས་ཀྱིས། །བསྟི་སྟངས་བཅས་ཏེ་ཐལ་སྦྱར་བཏུད། །རང་གི་བུ་རྣམས་ལ་སྨྲས་པ། །སངས་རྒྱས་གངྒཱའི་བྱེ་སྙེད་ཀྱི། །རྣམ་གྲོལ་རྒྱལ་མཚན་གོས་གྱོན་པ། །འདི་ལ་མི་


MR01_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དགེའི་སེམས་བསྐྱེད་ན། །མཚམས་མེད་དམྱལ་བར་ངེས་པར་ལྷུང་། །ཞེས་སྨྲས་སྲིན་མོ་མང་པོ་ཡིས། །མི་དེ་བཏང་བར་གྱུར་བ་དང་། །དེ་ཚུལ་རྒྱལ་པོ་ལ་བསྙད་པས། །རྒྱལ་པོ་འཁོར་དང་བཅས་པ་རྣམས། །ངོ་མཚར་རྨད་དུ་བྱུང་གྱུར་ནས། །སངས་རྒྱས་སློབ་མ་ཚུལ་ལྡན་ནམ། །ཚུལ་ཉམས་ཐ་ན་ཆ་ལུགས་ཙམ། །འཆང་ལ་ཀྱལ་ཀ་ཙམ་དུ་ཡང་། །ཕྱིན་ཆད་གནོད་པ་མི་བྱ་བའི། །ཁྲིམས་སུ་བསྒྲགས་པར་བྱས་གྱུར་ཏོ། །ཡི་དྭགས་སྲིན་མོ་གདུག་པས་ཀྱང་། །ངུར་སྨྲིག་འཛིན་པ་མཆོད་བྱེད་ན། །མ་འོངས་ཡུལ་བདག་མི་སྲུན་པ། །སྲིན་པོ་ལས་ཀྱང་གདུག་སེམས་ཅན། །གླེན་ཞིང་གཏི་མུག་གྱུར་རྣམས་ཀྱིས། །སངས་རྒྱས་རྗེས་སུ་ཞུགས་རྣམས་ལ། །མི་བཀུར་གཤེ་བརྡེག་གནོད་པ་བྱེད། །དེ་ཕྱིར་རབ་བྱུང་ནོར་འཕྲོགས་སམ། །གཤེ་དང་ཆད་པས་མནར་བྱེད་ན། །དཀོན་མཆོག་གསུམ་ལ་དགའ་བ་ཡི། །ལྷ་རྣམས་གཞན་དུ་ཕྱོགས་འགྱུར་ཞིང་། །ཆད་པས་གཅོད་པའི་ཡུལ་ཁམས་དེར། །མི་བདེ་མང་ཞིང་རྒྱལ་པོ་ལ། །མི་བཟད་ནད་ནི་སྣ་ཚོགས་འབྱུང་། །ཏིལ་མར་འཚིར་དང་སྨད་འཚོང་དང་། །ཆང་ཚོང་ཤན་པའི་གནས་རྣམས་ནི། །བཅུ་འགྱུར་འགྲེས་ཀྱི་སྡིག་ལྕི་བ། །སྡིག་པ་མི་བཟད་དེ་ལས་ཀྱང་། །རྒྱལ་པོ་གདོལ་ཅན་ཉེས་ཆེ་ཞིང་། །ཤིན་ཏུ་སྨད་པའི་གནས་སུ་མཛད། །རྒྱལ་པོས་ངུར་སྨྲིག་འཛིན་པ་དག །


MR01_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བར་བྱས་ན་དཀོན་མཆོག་ལ། །མཆོད་པ་རྒྱ་ཆེན་ཉིད་འགྱུར་ཕྱིར། །ཡོན་ཏན་བསྔགས་པ་བགྲང་ལས་འདས། །ཞེས་གསུངས་འདི་དང་ཆ་མཚུངས་སུ། །ནམ་མཁའི་སྙིང་པོའི་མདོ་ལ་སོགས། །མདོ་སྡེ་རྣམས་སུ་སྟོན་པ་ཡིས། །རབ་བྱུང་ཆད་པས་བཅད་པ་བཀག །སངས་རྒྱས་རྗེས་སུ་ཞུགས་པ་རྣམས། །ཆད་པས་བཅད་ན་བསོད་ནམས་མཐུ། །ཉམས་ནས་རྒྱལ་སྲིད་འཇིག་པ་ཡི། །རྩ་བ་དག་ཏུ་གསུངས་པས་ན། །སྙིགས་དུས་རབ་ཏུ་བྱུང་རྣམས་ཀྱང་། །ཤིན་ཏུ་མི་སྲུན་མང་བའི་ཕྱིར། །དགེ་འདུན་མཐུན་པའི་ཆོས་ཁྲིམས་ཀྱིས། །མི་ཐུབ་རྒྱལ་པོས་འདུལ་དགོས་པ། །དུ་མ་མཆིས་པར་འགྱུར་ན་ཡང་། །རྒྱལ་པོ་མཁས་ཤིང་དོན་ལྡན་པས། །སྟོན་པའི་བཀའ་འདི་དྲན་བྱས་ནས། །སོ་སོའི་འདུས་སྡེའི་ཁྲིམས་ལ་སྦྱར། །དགེ་འདུན་མཐུན་པས་སྦྱང་དུ་གཞུག །དེས་ཀྱང་ཁས་ལེན་མ་བཏུབ་ན། །དགེ་འདུན་དང་བཅས་སྟོན་པའི་བཀའ། །དཔང་པོར་བྱས་ལ་རྒྱལ་པོ་ཡིས། །དགེ་འདུན་རྣམས་ལ་བཀའ་སྦྱར་ནས། །གནས་ནས་དབྱུང་བ་ལ་སོགས་བྱ། །དགེ་འདུན་དག་ལས་འཕྲོགས་པའི་ནོར། །དགེ་འདུན་གསོས་སུ་སླར་སྦྱིན་བྱ། །དེ་ལྟར་བྱས་ན་སྟོན་པ་ཡི། །བསྟན་པ་གཅེས་པར་བྱས་ནས་སུ། །མཆོད་ཅིང་རྗེད་པར་བྱས་པ་སྟེ། །བསྟན་ལ་གནོད་པར་འགྱུར་མ་ཡིན། །


MR01_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བསྟན་པ་མི་ཉམས་ཕྱིར། །ཁྱིམ་པ་སུན་འབྱིན་སྐྱེ་བོ་རྣམས། །བསལ་ཞིང་ཆོས་ཀྱི་ཁྲིམས་བསྡོམས་པ། །ཆོས་ལྡན་ཆོས་ཀྱི་རྒྱལ་པོ་ཡིན། །དེ་འདྲའི་རྒྱལ་པོས་དུས་གསུམ་གྱི། །དཀོན་མཆོག་གསུམ་པོ་མཉེས་བྱེད་ཅིང་། །དེ་ཡི་བསོད་ནམས་དཔལ་དང་གཟིས། །རྒྱལ་ཁམས་བདེ་བས་ཁྱབ་པར་འགྱུར། །རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ནི། །སུས་ཀྱང་འདའ་བར་མི་ནུས་པས། །སྐྱེ་རྒུ་ཀུན་གྱི་ཕྲག་པ་ལ། །ལྕི་ཞེས་བྱ་བར་བཤད་པ་སྟེ། །ཡ་རབས་ལུགས་དང་ལྡན་པ་དག །རང་བཞིན་བཟང་པོའི་ལམ་གནས་ལ། །ནམ་ཡང་ཁྲིམས་ཆད་མི་འབབ་པས། །དེ་དག་རྣམས་ལ་ཡང་ཞེས་བྱ། །ཁྲིམས་ནི་སྐྱེ་རྒུ་བདེ་ཐབས་ཏེ། །མཁས་པ་རྣམས་ཀྱིས་དེ་ཉིད་ལ། །ཁུར་དུ་ལྕི་བར་མི་འཛིན་ཞིང་། །བགྱི་བར་དཀའ་བ་མེད་ཕྱིར་རོ། །དེ་ཕྱིར་རང་དོན་གྱིས་བཞག་པའི། འོས་མིན་ཁྲིམས་སུ་མ་བཅས་པས། །ལུགས་དང་མཐུན་པའི་ཁྲིམས་དེ་ནི། །ཡ་རབས་རྣམས་ལ་ཤིན་ཏུ་ཡང་། །སྐྱེ་རྒུ་ལས་ཀྱིས་མནར་རྣམས་ལ། །ཚེ་འདིར་རང་གིས་ཉེས་བྱས་ཀྱིས། །ཁྲིམས་འདི་ཁུར་དུ་ལྕི་བ་ཡི། །ཚུལ་དུ་སེམས་པར་རང་སྐྱོན་ཡིན། །མི་དགེའི་ལས་ལམ་འཇུག་རྣམས་ལ། །ཚེ་འདིར་རྒྱལ་པོའི་ཁྲིམས་ལས་ནི། །བརྒྱ་སྟོང་འགྱུར་དུ་ལྷག་པ་ཡི། །རྣམ་སྨིན་མྱོང་བ་རང་གིས་བྱས། །དེ་ཕྱིར་ལུགས་དང་མཐུན་པ་ཡི། །རྒྱལ་ཁྲིམས་ལྕི་ལ་ཡང་ཞེས་བྱ། །


MR01_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འདྲའི་རྒྱལ་ཁྲིམས་ཡོད་པའི་ཕྱོགས། །སྐྱེ་བོ་མཐའ་དག་བདེ་བ་ཡིན། །སྙིགས་དུས་རྒྱལ་རིགས་མི་སྲུན་རྣམས། །གཟུགས་འཚོང་སྡུད་དང་སྤོག་གཏད་དང་། །རྔོན་བཀྱེ་སྙད་འཚོལ་ནོར་འཕྲོག་དང་། །ཚུལ་མིན་ལས་ལ་སྦྱར་ནས་སུ། །འོས་མེད་དཔྱ་དང་ལས་ཁྲལ་སོགས། །ཅུང་ཟད་འདས་ལའང་ཆེར་མནར་བ། །ཡ་རབས་མ་རབས་སུ་ལའང་། །ལྕི་ཕྱིར་ཁྲིམས་ལུགས་མིན་ཤེས་བྱ། །ཆོས་ཁྲིམས་དར་གྱི་མདུད་པ་ནི། །དམ་ཞིང་ལྷོད་པའང་དེ་འདྲ་སྟེ། །འདི་ཕྱིར་བདེ་བ་ཆོས་ཀྱི་ཁྲིམས། །དམ་ན་རང་རྒྱུད་གྲོལ་བར་བྱེད། །གང་ཞིག་ལྷོད་ཅིང་བག་མེད་པ། །དེ་ནི་འཆིང་བ་མི་བཟད་བརྒྱས། །ཤིན་ཏུ་དམ་པོར་བཅིང་བ་དེ། །ལྷོད་པོར་བྱེད་པ་ཆོས་ཁྲིམས་ཡིན། །དེ་ཕྱིར་ཡ་རབས་དམ་པ་རྣམས། །ཆོས་ཀྱི་ཁྲིམས་འདིས་ལྷོད་པའམ། །བདེ་བར་བག་ཕེབས་བྱེད་ན་ཡང་། །འཆལ་བ་རྣམས་ཀྱིས་དམ་པོར་མཐོང་། །ཚུལ་མཐུན་གཙུག་ལག་ཟུང་གི་ཁྲིམས། །ཡ་རབས་རྣམས་ལ་གཉེན་དང་འདྲ། །མ་རབས་རྣམས་ལ་དགྲ་འདྲ་ཡང་། །ཁྲིམས་ཀྱི་སྐྱོན་མིན་རང་སྐྱོན་ཡིན། །དེ་སླད་རྒྱལ་པོ་མཆོག་རྣམས་ཀྱིས། །གཙུག་ལག་ཟུང་དང་མི་མཐུན་པ། །རང་འདོད་གདུག་པས་བཞག་པ་ཡི། །ཁྲིམས་རྣམས་དུག་བཞིན་སྤང་བར་བྱ། །འདི་ཕྱིར་ཕན་དང་བདེ་བ་ཡི། །ལུགས་ཟུང་ཁྲིམས་ཚུལ་ལེགས་བསྐྱངས་ན། །རྒྱལ་པོ་རང་གི་བདེ་འབྱོར་དང་། །སྙན་གྲགས་


MR01_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

འབད་མེད་ལྷུན་གྱིས་གྲུབ། །གང་ཞིག་འཇིག་རྟེན་ཚུལ་དང་དམ་པའི་ལམ། །མ་ཉམས་ལེགས་པར་སྲོལ་དུ་འཛུད་པ་ཡི། །ཁྲིམས་བཟང་ཉི་ཟླའི་ཁ་ལོ་བསྒྱུར་ནུས་པ། །མི་བདག་བསོད་ནམས་རླུང་གི་ཤུགས་སྟོབས་ཅན། །རྒྱུ་སྐར་ལམ་གྱི་འཁོར་ལོ་ཇི་བཞིན་དུ། །ས་སྟེང་སྐྱེ་རྒུའི་སྤྱི་བོར་མངོན་མཛེས་ཤིང་། །ལུགས་བཟང་ལྷུན་པོའི་ཕྲག་པར་རྟག་གནས་ཏེ། །ས་རྣམས་ཀུན་ཏུ་ཕན་བདེའི་སྣང་བ་འགྱེད། །ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། ཆོས་ཀྱི་རྒྱལ་པོའི་ཁྲིམས་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཅུ་བདུན་པའོ།། །།དེ་ལྟར་བདེ་བར་འཚོ་དང་ཁྲིམས་ཀྱིས་ནི། །རང་གི་སྐྱེ་རྒུ་ལེགས་པར་བསྐྱངས་བ་ཡིས། །སྟོབས་དང་བསོད་ནམས་འཁོར་འབངས་སྙན་གྲགས་བཞི། །ཕན་ཚུན་འགྲན་པ་བཞིན་དུ་འཕེལ་གྱུར་པ། །མི་ཡི་བདག་པོ་གནོད་སྦྱིན་དབང་པོ་དང་། །མཚུངས་པར་བསྔགས་འོས་ཐབས་ལ་མཁས་པ་དེས། །ས་རྣམས་མ་ལུས་དབང་དུ་བྱེད་འགྱུར་ཞིང་། །མཐའ་དག་ཕྱོགས་ལས་རྣམ་པར་རྒྱལ་བར་ནུས། །ས་སྐྱོང་ཐབས་ལ་མཁས་པ་རྣམས། །སྟོབས་ཤེས་པ་དང་དུས་ཤེས་ཤིང་། །བྱ་བའི་ཐབས་ཀྱང་ཤེས་པ་ཡིས། །དོན་རྣམས་བདེ་བླག་འགྲུབ་པར་འགྱུར། །བདག་ཉིད་སྟོབས་འབྱོར་ལྡན་པའི་ཚེ། །མཛའ་བ་མང་འགྱུར་དགྲ་མི་འབྱུང་། །འཁོན་རྙིང་ཞེ་ལ་ཡོད་རྣམས་ཀྱང་། །ཐལ་མོ་སྦྱར་ཞིང་ཕན་ཚུན་སྟོན། །བདག་ཉིད་དམས་པར་


MR01_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་ཚེ། །འཁོན་མེད་གྱུར་ཀྱང་དགྲ་ལྡང་མང་། །དེ་བས་དགྲ་བོ་གཞོམ་འདོད་ན། །ཐོག་མར་བདག་གི་སྟོབས་བསྐྱེད་བྱ། །བློ་དང་བརྩོན་པའི་སྟོབས་ལྡན་ན། །ཕ་རོལ་གནོན་ལ་དཀའ་བ་ཅི། །སྒྲ་ངན་དཔུང་ཚོགས་བཅུ་གཉིས་པོ། །སྐྱ་བསེང་བུ་ཡིས་བཅོམ་པ་བཞིན། །སྟོབས་མེད་གྱུར་ཀྱང་ཤེས་རབ་ཀྱིས། །སྲུང་མཁས་གྱུར་ན་གནོད་མི་ནུས། །རི་བོང་གིས་ནི་གླང་ཆེན་ཚོགས། །བསྐྲད་ཅིང་སེང་གེ་བསད་པ་བཞིན། །རང་གི་ཕྱོགས་ཀྱི་སྟོབས་ཆུང་ལ། །དགྲ་ཕྱོགས་སྟོབས་དང་ལྡན་པའི་ཚེ། །བརྒལ་ཞིང་རྩོད་པར་མི་བྱ་བར། །ཁ་རོག་འདུག་དང་བདེ་བ་ཐོབ། །གཞན་གྱི་ཡུལ་ན་གནས་པ་དང་། །གཞན་པའི་ཟས་ཀྱིས་འཚོ་བའི་ཚེ། །བརྙས་ཐབས་བྱེད་ཀྱང་བཟོད་པར་བྱ། །རྩོད་ན་རང་ཉིད་སྨ་ཕབ་ཐོབ། །དགྲ་བོའི་བློ་དང་ནུས་པ་དང་། །དུས་བབ་མཐུ་ནི་རྟོགས་བྱས་ཏེ། །བློ་ལྡན་རྣམས་ཀྱིས་དུས་མིན་པར། །འཐབ་ཅིང་རྩོད་པར་མི་བྱའོ། །བྱ་བ་གང་དང་ཅི་བསྒྲུབ་ཀྱང་། །དུས་སུ་བབ་ན་དཀའ་བ་མེད། །དུས་ཤེས་པ་ནི་འཇུག་པ་དང་། །ལྡོག་པའི་གནས་ལ་རྨོངས་མི་འགྱུར། །དྲང་སྲོང་ཆེ་རྣམས་ཀྱིས་བཤད་པའི། །སྐར་ནག་རྩིས་དང་དབྱངས་འཆར་གཞུང་། །མི་ཤེས་བྱ་བ་རྩོམ་བྱེད་པ། །ལོང་བ་ནགས་སུ་རྒྱུ་དང་མཚུངས། །དུས་དང་དུས་མིན་མི་ཤེས་ལ། །མིག་དང་འདྲ་བའི་གདམས་ངག་རྣམས། །རྩོད་དུས་སྐྱེ་བོ་རྨོངས་པ་


MR01_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །གལ་ཆུང་བྱེད་པ་ཀྱེ་མ་འཁྲུལ། །རྟེན་འབྲེལ་ལྟས་ཀྱི་རྣམ་པ་དང་། །མགོན་མཛད་ལྷ་ཡི་བརྡ་རྟགས་ལས། །བསོད་ནམས་ལྡན་པའི་མི་རྣམས་ཀྱིས། །དུས་སུ་བྱ་བ་རྩོམ་པར་བྱེད། །ཁ་ཅིག་རྗེས་སུ་བཟུང་བས་ཏེ། །གཞན་དག་ཚར་གཅོད་པ་ཡིས་འདུལ། །ཐབས་ལ་མཁས་ན་སྐྱེས་བུ་དེས། །ཆེ་ཆུང་བྱ་བས་དོན་ཀུན་འགྲུབ། །བརྐམ་ཆགས་ཅན་ནི་ནོར་གྱིས་བསླུ། །ཁེངས་ལ་ཐལ་མོ་སྦྱར་བས་ཏེ། །བླུན་པོ་རྗེས་སུ་མཐུན་པས་སོ། །ཐ་མལ་པ་ནི་ཟས་སྐོམ་གྱིས། །དམན་ལ་ཅུང་ཟད་བྱིན་པས་ཀྱང་། །ལྷ་དང་དྲང་སྲོང་སྐྱེས་བུ་མཆོག །མཁས་པ་རྣམས་ནི་བདེན་པས་མགུ། །མི་རྣམས་ཡིད་ནི་གང་ཡིན་པ། །ཤེས་ནས་དེ་མཐུན་སྤྱོད་པ་ཡིས། །ཕ་རོལ་ཡིད་ནི་དྲངས་བྱས་ན། །རླུང་གིས་ཤིང་བལ་ཇི་བཞིན་དུ། །གར་འདོད་འཁྲིད་ལ་དཀའ་བ་མེད། །ཇི་སྲིད་འཇིགས་པ་མ་བྱུང་བ། །དེ་སྲིད་འཇིགས་ལ་འཇིགས་པར་བྱ། །འཇིགས་པ་མངོན་སུམ་བྱུང་ན་ནི། །འཇིགས་མེད་ཚུལ་གྱིས་གཞོམ་པར་བྱ། །བློ་གྲོས་ཆེ་ལྡན་ཁྲོ་བའི་ཤུགས་ལས་རྒྱལ། །སྐྱེ་བོ་ངན་པ་ཁྲོ་བའི་མོད་ལ་ཕམ། །ཕམ་པས་ཕམ་པར་བྱས་པའི་བློ་ངན་དག །བློ་ལྡན་དག་དང་ལྷན་ཅིག་ཅི་ཕྱིར་འགྲན། །བཏུང་ན་ཆུ་བཞིན་འཇམ་མཉེན་འཁྲིལ་ཆགས་ལ། །སྦར་ན་མེ་བཞིན་འཚིག་པར་ནུས་པ་གང་། །མཚན་ལྡན་སྐྱེས་བུའི་ངང་ཚུལ་འདི་མཐོང་ཚེ། །མཚན་ཉིད་མེད་པའི་མི་


MR01_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བཞད་གད་རྒྱུ། །ས་གཞི་བཞིན་དུ་སྙིང་སྟོབས་བརྟན་ལ་ཡངས། །བརྩོན་པ་དུས་མཐའི་རླུང་ལྟར་དྲག་གཡོ་བ། །གང་ལ་རྒོལ་བར་བྱེད་པའི་དགྲ་བོ་རྣམས། །ཐལ་བའི་གོང་བུ་བཞིན་དུ་འཇིག་པར་བྱེད། །རང་ཉིད་རྟག་ཏུ་དྲང་པོའི་ལམ་ལ་གནས། །བདེན་པའི་སྟོབས་ཀྱིས་ལྷ་རྣམས་མགུ་བྱེད་ཅིང་། །ཚུལ་མིན་རྒོལ་བའི་གནས་ལ་ཚུལ་བཞིན་དུ། །ཁྲོ་བོའི་སྟོབས་ཀྱིས་བརླག་པར་བྱེད་པ་མཚར། །རྒྱབ་བརྟེན་སྲུང་མའི་མཐུ་དང་བསོད་ནམས་ཀྱིས། །སྲུང་བའི་གོ་ཆ་རྟག་ཏུ་བགོས་གྱུར་ཅིང་། །རིག་སྔགས་དམོད་པ་དྲག་པོའི་མཚོན་ཆ་ཅན། །མི་ཡི་སེང་གེ་ས་རྣམས་ཀུན་ལས་རྒྱལ། །དུས་སུ་བབ་ནས་རང་གི་སྟོབས། །སྨིན་པའི་བར་དུ་བསྒུགས་བྱས་ཏེ། །སྙིང་སྟོབས་ལྡན་པས་བརྩམ་བྱས་ན། །དགྲ་ལ་བགྱི་བ་ཅི་ཞིག་དཀའ། །ཚོད་ཤེས་པ་ཡི་སྐྱེ་བོས་ནི། །དུས་སུ་དགྲ་དང་འདུམ་པར་བྱ། །དུས་སུ་བཤེས་དང་འཐབ་པར་བྱ། །རེས་འགའ་རྩོམ་འགྱུར་རེས་འགའ་བཤོལ། །རེས་འགའ་ལྐུགས་པའམ་འོན་པ་ལྟ་བུ་གྱིས། །དུས་ལ་བབ་ན་ས་བདག་བཞིན་དུ་སྨྲོས། །རེས་འགའ་གངས་རི་བཞིན་དུ་བསིལ་བར་གྱིས། །དུས་ལ་བབ་ན་མེ་ལྕེ་བཞིན་དུ་སྦོར། །རེས་འགའ་རྩ་དང་འདྲ་བར་ཞུམ་པར་བྱ། །དུས་ལ་བབ་ན་རི་རབ་ལྟ་བུར་གྱིས། །རེས་འགའ་རྒྱལ་པོ་ལྟ་བུར་འབྱོར་བྱ་ཞིང་། །དུས་སུ་བབ་ན་ཐུབ་འདྲ་ནགས་སུ་སོང་། །


MR01_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

རེས་འགའ་དགའ་བའི་གླུ་གར་རྩེད་འཇོ་བྱ། །རེས་འགའ་རི་དྭགས་བཞིན་དུ་སྤ་བར་བྱེད། །དུས་སུ་སེང་གེ་བཞིན་དུ་ཉམས་རྩལ་བསྟན། །དུས་དང་དུས་མིན་ཤེས་ནས་དེ་ལྟར་སྤྱད། །ཡུལ་དུས་མི་ཡི་ཁྱད་པར་ལས། །དགྲ་སྡེ་ཤིན་ཏུ་སྟོབས་ལྡན་ལའང་། །འགྲན་ཞིང་རྒོལ་བའི་ལས་བྱས་ན། །ཡ་མཚན་རང་གིས་ལེན་པ་ཡོད། །རང་ཉིད་དཔུང་བཅས་སྟོབས་ལྡན་ཀྱང་། །ཡུལ་དུས་དབང་པོའི་ཁྱད་པར་ལས། །ཤིན་ཏུ་ཉམ་ཆུང་དགྲ་ལ་ཡང་། །མི་བསྡོ་བག་ཟོན་བྱ་བའང་ཡོད། །རེ་ཞིག་བསྡོ་བར་མི་འོས་གནད། །མཐོང་ཚེ་བཏང་སྙོམས་བཞག་བྱས་ཏེ། །གླང་ཆེན་ལྟ་སྟངས་ཚུལ་གྱིས་ནི། །མ་ཤེས་བཞིན་དུ་གནས་པར་བྱ། །ཉུངས་མའི་རྨ་བཞིན་འཕེལ་བ་ཡི། །སྲོལ་ངན་དགྲ་བོའི་རྒྱུན་སྲང་ལམ། །ཆུང་ངུའི་དུས་ན་ནན་ཏུར་གྱིས། །གཅོད་པར་བྱེད་པ་མཁས་པ་ཡིན། །དེས་མཚོན་བྱ་བ་སྣ་ཚོགས་ལ། །བགྱི་དང་མི་བགྱིའི་ཆག་ཚད་ནི། །བློ་གྲོས་གསལ་བས་མཐོང་འགྱུར་གྱི། །བླུན་པོས་འབད་ཀྱང་ཇི་ལྟར་ཤེས། །ཤིན་ཏུ་བདེན་པའི་གཏམ་ཡིན་ཡང་། །ཡུལ་དང་དུས་ལ་མ་བསྟུན་ན། །གཞན་གྱི་རྣ་བར་མི་འཇེབས་པས། །རན་པར་སྨྲ་བ་མཆོག་ཏུ་མཛེས། །ཤིན་ཏུ་ཕུན་སུམ་ཚོགས་གྱུར་ཀྱང་། །དོགས་མེད་བག་བརྐྱང་མི་བྱ་སྟེ། །སྐྱེ་བོ་ལས་ཀྱི་རྗེས་འབྲངས་པས། །སྐྱིད་སྡུག་སྣ་ཚོགས་ད་གདོད་འབྱུང་། །ཤིན་ཏུ་ཉམ་ཐག་གྱུར་ན་ཡང་། །བརྙས་


MR01_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཁུར་བར་མི་བྱ་སྟེ། །ནོར་འཛིན་ཡངས་པའི་ལྟོ་བ་རུ། །སུ་ཞིག་སུ་ཡི་བྲན་དུ་བཞག །ཤིན་ཏུ་ཕོངས་པར་གྱུར་ན་ཡང་། །ཆོས་ལས་ལྡོག་པར་མི་བྱ་སྟེ། །ཆོས་བཞིན་བྱས་ན་རྒུད་པའི་ཕྱོགས། །རྨི་ལམ་བཞིན་དུ་ཡལ་བར་ནུས། །ཤིན་ཏུ་སྟོབས་དང་ལྡན་ན་ཡང་། །ཕ་རོལ་ཁྱད་དུ་མི་བསད་པར། །ཇི་ལྟར་འོས་པར་རྗེས་བཟུང་ན། །རང་གི་ཕུན་སུམ་ཚོགས་པ་འཕེལ། །ལྟར་སྣང་བཟང་པོའི་རྐྱེན་ཕལ་ཆེར། །ངན་པའི་གེགས་སུ་གྱུར་པ་མང་། །ལྟར་སྣང་ངན་པའི་བྱ་བ་ཕལ། །རང་ལ་ཕན་པར་གྱུར་པའང་ཡོད། །ཤིན་ཏུ་འབྱེད་དཀའ་ཉམ་ང་བའི། །གནས་ལ་གཞན་དྲིང་མི་འཇོག་པར། །ཤེས་རབ་སྟོབས་ཀྱིས་འབྱེད་བྱེད་པ། །དེ་དག་བློ་དང་ལྡན་པར་བགྲང་། །བླུན་པོས་འབད་དེ་བྱིན་པ་བས། །མཁས་པས་སྤྱོ་བ་ངོ་སོར་བརྩི། །མི་ངན་ཁྲོས་ཏེ་བརྡེག་པ་ལས། །མཁས་པས་འཛུམ་པ་ཁྱད་དུ་ཐོན། །ཐབས་ལ་མཁས་པས་མནར་བྱས་ཀྱང་། །ལྕགས་ཀྱུས་གླང་བཞིན་དེ་ཡིད་འགུགས། །མི་མཁས་སྐྱེ་བོས་བསྐྱངས་བྱས་ཀྱང་། །སྐྱུག་ལོག་ཟས་བཞིན་གཞན་ཡིད་ལྡོག །འཇུག་པའི་ཚུལ་གྱིས་ལྡོག་བྱེད་ལ། །ལྡོག་པའི་ཚུལ་གྱིས་འཇུག་བྱེད་པ། །ཐབས་མཁས་ལྡན་པའི་བྱ་བ་ནི། །གཞན་གྱིས་གཏིང་མི་དཔོགས་བཞིན་འགྲུབ། །ཡིད་ལ་རི་མོར་བྲིས་པ་གང་། །ནམ་མཁའི་གཏེར་བཞིན་མི་མངོན་ཀྱང་། །དུས་སུ་བབ་ཚེ་


MR01_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

དོན་རྣམས་ཀུན། །མ་འདྲེས་ཟ་འོག་རིས་བཞིན་གསལ། །སུས་ཀྱང་མཚང་དུ་ཤེས་ནུས་པའི། །གཡོ་ལ་ཐབས་མཁས་ཞེས་མི་བྱ། །ཐབས་མཁས་ལྡན་པའི་བྱ་བ་ནི། །ཀུན་གྱིས་ངོ་མཚར་ཕུད་དུ་སྒྲོགས། །ལྷ་དང་དྲང་སྲོང་སྟོབས་ལྡན་རྒྱལ། །ཐབས་མཁས་བསོད་ནམས་ལྡན་པ་ཡི། །ཚིག་ཙམ་གྱིས་ཀྱང་ཕན་གནོད་ཆེར། །ནུས་ན་བྱ་བས་ལྟ་ཅི་སྨྲོས། །ཐོག་མར་འཇུག་པའི་གཞི་མཐོང་ནས། །མི་ཤེས་སྐྱེ་བོས་དཔྱ་བྱེད་ཀྱང་། །ཐ་མར་གྲུབ་འབྲས་མཐོང་བའི་ཚེ། །བློ་ལྡན་དེ་ལ་ཀུན་ཀྱང་སྨོན། །དེ་ཕྱིར་ཕལ་པའི་སྤྱོད་ཡུལ་ལས། །འདས་པའི་བློ་གྲོས་ལྡན་རྣམས་ཀྱི། །བྱ་བའི་དྲོད་ཚད་མི་ཟིན་པས། །བྱས་པའི་ལག་རྗེས་བལྟ་བར་བྱོས། །ནགས་ལ་མེ་ཆེན་མཆེད་པ་ན། །འཐོར་རླུང་ཆེ་ཡང་གྲོགས་སུ་འགྱུར། །བློ་གྲོས་མཆོག་ཏུ་གྱུར་རྣམས་ལ། །གནོད་པར་སྤྱོད་ཀྱང་ཕན་པར་འགྱུར། །རྨོངས་པའི་ཁུར་དུ་ལྕི་བ་ཡི། །བྱ་བ་ཕལ་ཆེར་མཁས་ལ་ཡང་། །དུག་གིས་རྨ་བྱའི་ལུས་བཞིན་དུ། །ཐབས་མཁས་ལྡན་རྣམས་དགྲ་ཡིས་འཚེངས། །དཔུང་ལས་རྒྱལ་ན་དཔའ་བོ་སྟེ། །ཆུང་མ་གསོད་ཀྱང་དཔའ་བོ་མིན། །ཉམ་ངའི་གནས་ལས་རྒྱལ་དགོས་ཀྱི། །འཁོར་ལ་འགྱིང་ཚུལ་བསྟན་པས་ཅི། །རྟ་དང་གླང་པོ་མི་རྣམས་ནི། །ལྟར་སྣང་སོ་སོའི་རིས་སུ་མཉམ། །ནང་གི་ཡོན་ཏན་ཁྱད་པར་ཆེ། །ལས་ལ་སྦྱར་ཚེ་སྐྱེས་བུ་རྟོགས། །གསུག་


MR01_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒྱལ་པོའི་བཀའ་དྲིན་དང་། །སྨད་འཚོང་གླ་དང་ལེགས་བརྗོད་དང་། །གྲུ་ཡི་གླ་དང་གནས་ཀྱི་སྐལ། །རིང་ན་མི་ཐོབ་དུས་དེར་བླང་། །དམ་པ་བསྟེན་དང་རིག་པ་བསླབ། །བཟོ་གནས་སྦྱང་དང་ནོར་གསོག་པ། །ལྷ་སྒྲུབ་ཏིང་འཛིན་སྒོམ་པ་སོགས། །ངང་ཐུང་མི་བྱ་མཐར་གྱིས་བརྩོན། །དྲག་པོའི་རྣོ་དབལ་མཚོན་གྱི་ཡུ་བ་ལ། །དབང་གི་རུ་དར་དམར་པོ་ཕྱར་བ་ཡི། །དགྲ་ལས་རྣམ་པར་རྒྱལ་བའི་བ་དན་ནི། །བློ་མཆོག་དཔའ་བོའི་ལག་ན་རྣམ་པར་གནས། །ཞི་ཞིང་དུལ་ལ་ཁྲོ་ན་བཟོད་པར་དཀའ། །བསྟེན་ན་རྒྱལ་བྱེད་འཐབ་ན་ཕམ་པར་བྱེད། །བཏུད་ན་རྗེས་འཛིན་འགྲན་ན་ཚར་གཅོད་པ། །མི་མཆོག་སྐྱེས་བུ་ངོ་མཚར་རྣམ་མང་ལྡན། །ཤིན་ཏུ་ཕྱི་ཐག་རིང་པོའི་མིག་རྒྱང་གིས། །ཡོན་ཏན་རྒྱ་མཚོའི་ཕ་རོལ་བརྒལ་གྱུར་པས། །གོ་འཕང་ཇེ་མཐོ་ཇེ་མཐོར་ཕྱིན་རྣམས་ཀྱིས། །ཚངས་པའི་གནས་ཀྱང་མོག་པོར་བགྱིད་ལ་ཕྱོགས། །དེ་ཡི་གྲགས་པ་ཤིན་ཏུ་རྒྱ་ཆེ་བས། །ནམ་མཁའི་ལྟོས་ཀྱང་རལ་བར་འགྱུར་སྙམ་དུ། །འཆི་མེད་ལམ་ན་རྒྱུ་བའི་རྒྱུ་སྐར་ཚོགས། །དུས་སུ་འདར་བར་བྱེད་པ་དེ་མཐོང་ནས། །ནོར་འཛིན་བུ་མོའི་ཕང་པར་བརྟེན་པ་ཡི། །མེ་ཏོག་གཞོན་ནུའི་ཚོགས་ཀྱང་མིག་ཕྱེ་ནས། །གེ་སར་གསར་པའི་སོ་ཕྲེང་ངོམ་བཞིན་དུ། །གཅིག་ཏུ་དགོད་པར་བྱེད་པ་ཡིན་ནམ་སྙམ། །སླུ་བར་རྩོམ་པའི་གཡོན་ཅན་རྣམས། །ཚིག་ཙམ་


MR01_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་པས་ཤེས་བྱས་ཏེ། །གཡོན་ཅན་གཡོན་གྱིས་རྨོངས་བྱས་ཀྱང་། །དེས་མ་ཚོར་བ་མཁས་པའི་མཐུ། །བརྐམ་ཆགས་ནོར་ལ་བསྐམས་གྱུར་རྣམས། །ནོར་གྱིས་བསླུས་ནས་རང་དབང་དུ། །བཅིངས་པར་བྱས་ཀྱང་མི་ཤེས་བཞིན། །བྱས་པ་གཟོ་པ་མཁས་པའི་མཐུ། །སྡང་བའི་སེམས་ཀྱིས་གནོད་སྦྱོར་བ། །གནོད་པ་པོ་ལ་བཟློག་གྱུར་ཀྱང་། །རང་གི་ཉེས་པས་བྱས་སྙམ་དུ། །དུལ་གྱུར་མཁས་པའི་ཆོ་འཕྲུལ་ཡིན། །ང་རྒྱལ་ཅན་ལ་ང་རྒྱལ་གྱི། །མཚོན་ཆ་ཁོང་ནས་བསླང་བྱས་པས། །ང་རྒྱལ་རི་བོ་འཇིག་བྱེད་པ། །བློ་ལྡན་མཆོག་གི་ཆེ་བ་ཉིད། །ཕྲག་དོག་ཅན་ལ་ཕྲག་དོག་ཡུལ། །རང་གི་ཡོན་ཏན་སྟོབས་སྤེལ་ནས། །འཐབ་པ་མེད་པར་ཕ་རོལ་པོ། །ཟིལ་དུ་རློག་བྱེད་ཐབས་མཁས་སྟོབས། །རང་གི་བགྱི་བ་གང་ཡིན་པའི། །བརྣག་པ་དག་ནི་མཐར་དབྱུང་སྟེ། །ཕས་རྒོལ་ཕྱོགས་ལས་རྣམ་རྒྱལ་ཞིང་། །རིས་སུ་གཏོགས་རྣམས་དབུགས་འབྱིན་བྱེད། །འདི་ལྟར་ཐབས་མཁས་ལྡན་པ་དེ། །འཁོར་ལོས་སྒྱུར་དང་ཉི་མ་བཞིན། །ས་སྟེང་འདིར་ནི་གྲོགས་མེད་པར། །གཅིག་པུས་ས་འདི་ཟིལ་གྱིས་གནོན། །འདོད་ན་རྒྱལ་སྲིད་རང་གིར་ནུས། །མི་འདོད་རྒྱལ་སྲིད་ཐོབ་ཀྱང་འདོར། །གཞན་གྱི་དྲིང་ལ་མི་འཇོག་པ། །སྐྱེས་བུ་རྣམས་ཀྱི་ཁྱུ་མཆོག་འགྱུར། །འདི་འདྲ་ཚུལ་འདིས་བྱའོ་ཞེས། །བརྗོད་པའི་ལམ་གྱིས་མཚོན་པར་དཀའ། །བསོད་ནམས་


MR01_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་དང་བློ་གྲོས་སྟོབས། །ལྷ་ཡི་བྱིན་རླབས་དཔལ་ལས་འབྱུང་། །སྐྱེས་བུ་འགྲན་པའི་ཟླ་མེད་རྣམས། །རིགས་དང་རིས་ནི་གར་གཏོགས་པར། །བྱུང་ཡང་ཐ་མའི་དུས་ཀྱི་བར། །བཟང་པོའི་བཙས་སུ་འགྱུར་བ་ཡིན། །ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། ཐབས་ལ་མཁས་པའི་སྒོ་ནས་ཕྱོགས་ལས་རྣམ་པར་རྒྱལ་བའི་ཚུལ་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཅོ་བརྒྱད་པའོ།། །། མི་བདག་བློ་གྲོས་མཆོག་ལྡན་རྣམས། །གློག་གི་ཟློས་གར་དང་མཚུངས་པའི། །ཚེ་འདི་ཉིད་ཀྱི་བདེ་ཐབས་ཙམ། །གཙོ་བོར་བྱེད་པ་མ་ཡིན་ནོ། །བྱིས་པ་གང་ཞིག་མི་མཁས་པ། །ཡུད་ཙམ་གྱི་ནི་བདེ་བ་ལ། །ཆགས་ནས་སྡིག་པའི་ལས་བྱས་པས། །སྡུག་བསྔལ་མུ་མཐའ་མེད་པ་འཐོབ། །དམ་པའི་ཆོས་ལ་གནས་བྱས་ན། །མི་ཡི་ཆོས་ལུགས་ཞར་ལ་འབྱུང་། །དེ་ཡི་ཕུན་སུམ་ཚོགས་པ་དག །ནམ་ཡང་འགྲིབ་མེད་འཕེལ་བར་འགྱུར། །མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་བ་གམ་ན་འདུག །རྙེད་དཀའི་དལ་འབྱོར་ཐོབ་དུས་འདིར། །བག་ཡོད་པར་ནི་མ་བྱས་ན། །འཆི་བདག་ཕོ་ཉ་བྱུང་བའི་ཚེ། །འགྱོད་ཀྱང་བཅོས་སུ་ག་ལ་ཡོད། །ཀྱེ་མ་འདུ་བྱེད་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེ་བ་ཡོད་ན་འཆི་བ་ཡོད། །འདུས་པ་ཡོད་ན་


MR01_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་བ་ཡོད། །གང་ཞིག་སྐྱེས་པ་དེ་ནས་བརྩམས། །རི་གཟར་གྱི་ནི་འབབ་ཆུ་བཞིན། །སྐྱེ་རྒུའི་ཚེ་ནི་སྐད་ཅིག་ཀྱང་། །མི་སྡོད་འཆི་བདག་དྲུང་དུ་འགྲོ། །བྱ་བ་བྱས་དང་མ་བྱས་ཞེས། །འཆི་བདག་འདི་ནི་མི་སྡོད་པས། །བསོད་ནམས་བྱ་བ་གང་ཡིན་པ། །དེ་རིང་ཉིད་དུ་བརྟུན་ཏེ་བྱ། །འབྱོར་པ་གཡོ་ཞིང་ལང་ཚོ་ཡུད་ཀྱིས་འཇིག །སྲོག་ནི་གཤིན་རྗེའི་སོ་ཕྲག་གནས་དང་མཚུངས། །འོན་ཀྱང་འཇིག་རྟེན་ཕ་རོལ་སྒྲུབ་ལ་ལྷོད། །ཀྱེ་མ་མི་ཡི་སྤྱོད་པར་ངོ་མཚར་ཆེ། །འདུ་འཛི་ཀུན་ཏུ་སྤང་བར་གྱིས། །གལ་ཏེ་དེ་སྤོང་མ་ནུས་ན། །དམ་པ་དག་དང་འདྲེ་བར་གྱིས། །དེ་ཉིད་དེ་ཡི་སྨན་ཡིན་ནོ། །འདོད་པ་ཀུན་ཏུ་སྤང་བར་གྱིས། །གལ་ཏེ་དེ་སྤོང་མ་ནུས་ན། །ཐར་པ་དག་ལ་འདོད་པར་གྱིས། །དེ་ཉིད་དེ་ཡི་སྨན་ཡིན་ནོ། །གལ་ཏེ་འགྲོ་བ་འདི་ཀུན་གྱིས། །འཆི་བདག་སྤྱི་བོར་གནས་མཐོང་ཚེ། །ཟས་ཀྱང་ཡི་གར་མི་འོང་ན། །བྱ་བ་གཞན་ལྟ་སྨོས་ཅི་དགོས། །དེ་འདྲའི་འཆི་བདག་དེ་ཡང་ནི། །མདུན་ན་བསྒུག་པ་བཞིན་དུ་སྡོད། །ཀླད་པར་གནམ་ལྕགས་བབ་པ་བཞིན། །ནམ་འབྱུང་ངེས་པའི་ཆ་མེད་དོ། །མི་རྣམས་ཚེ་ནི་རབ་ཐུང་ལ། །དེ་ཕྱེད་མཚན་མོས་འདས་པར་བྱས། །ན་རྒ་ཉོན་མོངས་འཇིགས་སོགས་ཀྱིས། །ཕྱེད་པོའང་བདེ་བར་སྤྱད་དུ་མེད། །ཡུད་ཙམ་གྱི་ནི་ཚེ་འདི་ལ། །བག་མེད་རྣམ་གཡེང་གིས་བསླུས་ནས། །དལ་འབྱོར་ཆུད་ཟར་གྱུར་པ་རྣམས། །ཀྱེ་མ་ངན་སོང་གནས་སུ་ལྷུང་། །


MR01_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་མེ་ཡིས་བསྲེགས་པ་དང་། །གངས་ཀྱི་སྦུབས་སུ་ཆུད་པ་སོགས། །ཤིན་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བའི་སྡུག་བསྔལ་ཇི་ལྟར་བཟོད། །དེ་བཞིན་ལྟོགས་ཤིང་ཕོངས་པ་ཡི། །ཡི་དྭགས་ཀྱི་ནི་སྡུག་བསྔལ་དང་། །ཤིན་ཏུ་བླུན་ཞིང་ཕན་ཚུན་འཚེ། །བཀོལ་སྤྱོད་མྱོང་བའི་དུད་འགྲོ་སྟེ། །ངན་སོང་གསུམ་དུ་ལྷུང་བ་རྣམས། །ཡུན་རིང་སྡུག་བསྔལ་མི་བཟད་ཕྱིར། །གཡང་ས་དེ་ལ་བསམ་བཞིན་དུ། །སེམས་ཤེས་སུ་ཞིག་འཇུག་པར་ནུས། །མི་ལ་སྐྱེ་རྒ་ན་འཆི་དང་། །ལྷ་ལ་འཕོ་ཞིང་ལྟུང་བ་སོགས། །མཐོ་རིས་ཀྱི་ནི་གནས་རྣམས་ལའང་། །སྡུག་བསྔལ་རྣམ་པ་མང་དང་ལྡན། །ངོ་བོ་ཉིད་ཀྱིས་སྡུག་བསྔལ་དང་། །བདེ་བར་སྣང་ཡང་འགྱུར་བ་དང་། །སྡུག་བསྔལ་ཕྱི་མའི་རྒྱུར་འགྱུར་ཕྱིར། །སྡུག་བསྔལ་གསུམ་དང་འབྲེལ་བས་ན། །མི་གཙང་འདམ་ལ་དྲི་ཞིམ་བཞིན། །འཁོར་བའི་གནས་ན་བདེ་བ་མེད། །མེ་འོབས་སྲིན་གླིང་འདྲ་བ་དེར། །བྱིས་པའི་སྐྱེ་བོ་རྟག་ཏུ་འཁོར། །གང་ཞིག་མཐོ་རིས་ངན་སོང་དུ། །བདེ་སྡུག་མྱོང་བར་བྱེད་པ་ནི། །དགེ་དང་སྡིག་པའི་ལས་ཡིན་ཏེ། །ལས་བྱས་རང་ལ་སྨིན་པར་ངེས། །རྒྱལ་སྲིད་འབྱོར་པ་རྒྱ་ཆེ་ཡང་། །རྒ་དང་ན་དང་འཆི་བ་སོགས། །ཀུན་གྱི་ཐུན་མོང་ཡིན་པའི་ཕྱིར། །སུས་ཀྱང་འདི་ལས་ཇི་ལྟར་འདའ། །དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་


MR01_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་མི་འབྲངས། །སྐྱེས་བུ་དག་ནི་གང་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲངས། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དེ་ཕྱིར་རྒྱུ་འབྲས་བསླུ་མེད་ལ། །ཡིད་ཆེས་པར་ནི་གྱུར་པ་གང་། །འཇིག་རྟེན་ཡང་དག་ལྟ་བ་སྟེ། །དཀར་པོའི་ཆོས་ཀུན་རྩ་བ་ཡིན། །འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །རྒྱུ་འབྲས་རྟེན་འབྲེལ་ཟབ་མོའི་ཚུལ་མཁྱེན་ནས། །ཐར་བའི་ལམ་ནི་འགྲོ་བའི་བླ་མས་བསྟན། །དྲང་སྲོང་ཆེན་པོ་སྐྱབས་ཀྱི་མཆོག་གྱུར་པ། །སྟོན་པ་དེ་དང་མཚུངས་པ་གཞན་ཡོད་མིན། །གང་དེའི་ཐུགས་སུ་ཆུད་ནས་ལེགས་བསྟན་པ། །འཕགས་ལམ་ཡན་ལག་བརྒྱད་ཀྱི་རང་བཞིན་ཅན། །ཞི་བསིལ་བདེ་བ་བདུད་རྩིའི་སྤྲིན་ཆེན་པོ། །ཆོས་མཆོག་དེ་དང་མཚུངས་པ་གཞན་དུ་མེད། །ཆོས་ཀྱི་བདུད་རྩིས་བདག་རྒྱུད་ཚིམ་བྱས་པས། །ཞིང་གི་དམ་པ་དག་པའི་ཟླ་འདྲ་བ། །ཡོན་ཏན་གཞིར་གྱུར་དགེ་འདུན་རིན་པོ་ཆེ། །ཚོགས་ཀྱི་ནང་ན་དེ་དང་འདྲ་གཞན་མེད། །རིན་ཆེན་རྣམ་གསུམ་གྲགས་པའི་གདུགས་དཀར་པོ། །སྲིད་ཞིའི་དགེ་ལེགས་ཀུན་གྱི་འབྱུང་གནས་ལ། །ཡིད་ཆེས་དད་པས་སྟེན་པར་བྱེད་པ་རྣམས། །བདེ་ནས་བདེ་བར་བྱང་ཆུབ་མཆོག་ཏུ་


MR01_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ། །འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ཀུན་དགའ་ར་དང་མཆོད་གནས་ཀྱི། །ལྗོན་ཤིང་ཆེ་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །སྐྱབས་དེ་ལ་ནི་བསྟེན་ནས་སུ། །སྡུག་བསྔལ་ཀུན་ལས་མི་གྲོལ་གྱི། །གང་ཚེ་གང་ཞིག་སངས་རྒྱས་དང་། །ཆོས་དང་དགེ་འདུན་སྐྱབས་སོང་སྟེ། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། །སྡུག་བསྔལ་ཡང་དག་འདས་པ་དང་། །འཕགས་ལམ་ཡན་ལག་བརྒྱད་བདེ་བ། །མྱ་ངན་འདས་པར་འགྲོ་གྱུར་གང་། །འཕགས་པའི་བདེན་པ་བཞི་པོ་དག །ཤེས་རབ་ཀྱིས་ནི་ལྟ་བྱེད་པ། །སྐྱབས་དེ་གཙོ་བོ་ཡིན་པ་སྟེ། །སྐྱབས་དེ་ལ་ནི་བསྟེན་ནས་སུ། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །མཚུངས་མེད་སྟོན་པ་མཆོག་དེས་འགྲོ་བ་ཀུན། །བྱམས་བརྩེའི་ཐུགས་ཀྱིས་བདག་གིར་བཞེས་པས་ན། །གཞལ་མེད་ཡོན་ཏན་མཆོག་གི་གནས་ཐོབ་ཕྱིར། །བདག་ཀྱང་དེ་ཡི་ཚུལ་ལ་བསླབ་པར་བྱ། །གང་ཞིག་ཐོག་མེད་དུས་ནས་ཡང་དང་ཡང་། །ཕ་དང་མར་གྱུར་འགྲོ་བའི་ཚོགས་འདི་དག །དབང་མེད་སྡུག་བསྔལ་གསུམ་གྱིས་མནར་བ་ལ། །སེམས་ཤེས་སུ་ཞིག་སྙིང་རྗེ་སྐྱེད་མི་འགྱུར། །ནམ་མཁའི་མཐའ་ཀླས་གྱུར་པའི་ཡིད་ཅན་རྣམས། །ཕན་དང་བདེ་བའི་གནས་ལ་སྦྱོར་བའི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་བགྱིས་ན། །ཡོན་ཏན་རྒྱ་


MR01_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་ཕ་རོལ་འགྲོ་བར་འགྱུར། །བྱང་ཆུབ་གཞིར་གྱུར་པ་ཡི་རང་བྱུང་སེམས། །ཐོག་མ་ཉིད་དུ་བསྐྱེད་པ་གང་ཡིན་པ། །དེ་ཡི་ཡོན་ཏན་བསྔགས་པ་མཐའ་ཡས་ཏེ། །མཚུངས་མེད་ཀྱིས་ཀྱང་ཡོངས་སུ་བརྗོད་མི་སྤྱོད། །ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། ཆོས་ལ་སེམས་པའི་ཚུལ་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཅུ་དགུ་པའོ།། །།ཡབ་གཅིག་འདི་ཉིད་ལས་ཀྱི་ས། །འདི་ནས་ཕ་རོལ་འབྲས་བུའི་ས། །འདིར་ནི་གང་ཞིག་བྱས་གྱུར་པ། །དེ་ཉིད་གཞན་དུ་ངེས་པར་སྤྱོད། །དགེ་དང་སྡིག་པ་ཆུང་ངུ་ལའང་། །འབྲས་བུ་རྒྱ་ཆེར་སོ་སོར་འབྱིན། །ལས་ཀྱི་ས་པར་སྐྱེས་བཞིན་དུ། །དགེ་བའི་ས་བོན་ཅིས་མི་གདབ། །དམ་པས་སྡིག་པ་ཆུང་ཡང་སྤོང་། །ངན་པ་རྣམས་ནི་ཆེ་ཡང་མིན། །མིག་ནི་རྡུལ་ཀྱང་འཛེམ་བྱེད་ལ། །ལག་པས་མེ་ལྕེར་རེག་པར་བྱེད། །ལུས་ནི་ཆུ་ཡི་ཆུ་བུར་ལྟ་བུ་སྟེ། །དཔལ་དང་འབྱོར་པ་སྟོན་ཀའི་སྤྲིན་ལྟར་གཡོ། །ཡིད་བརྟན་མི་རུང་འཁོར་བའི་ཕུན་ཚོགས་ཀྱི། །རང་བཞིན་ཤེས་ནས་གཏོང་ལ་མོས་པར་བྱ། །བསགས་ཤིང་མི་སྤྱད་པ་ཡི་ནོར། །སུ་ཡི་ཡིན་པ་གཏོལ་མེད་ལ། །བཏང་ན་འབྲས་བུ་རྒྱ་ཆེན་པོ། །འཇིག་རྟེན་གཞན་དུ་རྗེས་སུ་འབྲངས། །ནོར་རྣམས་ཆུད་མི་ཟ་བ་ཡི། །གཏེར་ཆེན་དག་ཏུ་བསྐྱིལ་འདོད་ན། །བསགས་ཤིང་འཇུངས་པར་མི་བྱ་བར། །གཏོང་ཞིང་རྗེས་སུ་ཡི་རང་བྱ། །ལོངས་སྤྱོད་ཆེ་ཡང་ཕན་པ་ཆུང་། །གཏོང་བ་ཆུང་ཡང་


MR01_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཆེ། །བྱིན་ན་འཕེལ་བའི་སྒོ་ཡིན་ཀྱང་། །བླུན་པོ་རྣམས་ཀྱིས་ཟད་པར་དོགས། །གང་ལ་བྱིས་པ་མངོན་ཆགས་པ། །དེ་ལ་མཁས་རྣམས་ཆགས་མི་འགྱུར། །རྒྱལ་པོའི་ཤིང་རྟ་བཀྲ་བ་ལྟར། །ལུས་འདི་རྟག་ཏུ་བལྟ་བར་གྱིས། །གང་ལ་འཇུངས་པ་རྣམ་ཆགས་པ། །དེ་ལ་མཁས་རྣམས་ཆགས་མི་འགྱུར། །སྦྲང་མས་བསགས་པའི་སྦྲང་རྩི་བཞིན། །ནོར་འདི་རྟག་ཏུ་བལྟ་བར་གྱིས། །མི་བདག་བཟང་པོ་པདྨའི་ཚལ་ལྟ་བུ། །གཏོང་བའི་དྲི་བསུང་ཕྱོགས་སུ་ཁྱབ་པ་ན། །ས་གཞིའི་སྐྱེ་བོ་མེ་ཏོག་ཟས་ཅན་རྣམས། །དགའ་བའི་གར་གྱིས་འདུ་ཞིང་དགའ་བར་འགྱུར། །ཚེ་དང་འབྱོར་པ་སྙན་པར་གྲགས་པ་དང་། །འདི་དང་ཕྱི་མའི་བདེ་བ་རྒྱ་ཆེ་བ། །གཏོང་བའི་ཐབས་མཆོག་གཅིག་གིས་འགྲུབ་ནུས་ཀྱང་། །བློ་ངན་རྫས་ལ་ཆགས་པས་མི་ནུས་སོ། །ངང་གིས་གཡོ་ཞིང་སྙིང་པོ་མ་མཆིས་ལ། །དམ་དུ་བཟུང་ཡང་ནམ་ཞིག་འདོར་ངེས་པའི། །ལོངས་སྤྱོད་ཆུ་ཡི་ལྦུ་བ་ལྟ་བུ་ལ། །སྙིང་པོ་ལེན་ཕྱིར་གཏོང་བར་ཅིས་མི་འབད། །སྦྱིན་པ་འཇིག་རྟེན་རྒྱན་ཡིན་ཏེ། །སྦྱིན་པས་ངན་འགྲོ་ལྡོག་པར་བྱེད། །སྦྱིན་པ་མཐོ་རིས་སྐས་ཡིན་ཏེ། །སྦྱིན་པ་ཞི་བྱེད་དགེ་བའོ། །མི་ཟད་ལོངས་སྤྱོད་ཐོབ་འདོད་ན། །གཏོང་ལ་མོས་པ་རྒྱ་ཆེར་བྱ། །དེ་ཡི་རྣམ་སྨིན་ལྟ་ཞོག་གི །ཚེ་འདིར་ཕན་པ་མ་མཐོང་ངམ། །བླུན་པོ་རྣམས་ཀྱིས་ལུས་བཀོལ་ནས། །ནོར་གསོག་པ་


MR01_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་ཚེ་གཏུགས་ཏེ། །སྡུག་བསྔལ་འབའ་ཞིག་འཐོབ་འགྱུར་ཞིང་། །རྒས་ནས་འདོད་པས་ཅི་ཞིག་བྱ། །རྨད་བྱུང་འབྱོར་བ་ཤིན་ཏུ་ཡིད་འོང་ཞིང་། །ན་ཆུང་ཚོགས་དང་ལྷན་ཅིག་རྩེ་བ་ཡི། །མི་ཡི་བདག་པོའི་སྤྱོད་ཡུལ་ཉམས་དགའ་བ། །མིག་འཕྲུལ་ལྟད་མོས་བྱིས་པ་སླུ་དང་འདྲ། །དེ་ཕྱིར་ནོར་ལ་མ་ཆགས་པར། །མཆོད་དང་སྦྱིན་པ་ཅི་ནུས་བྱ། །མགོན་མེད་སྐྱེ་བོ་རྣམས་ལ་ནི། །མི་འཇིགས་སྐྱབས་ཀྱི་སྦྱིན་པ་དང་། །འཇིག་རྟེན་ལྡོང་བ་ལྟ་བུ་ལ། །ཤེས་རབ་མིག་ནི་རྣམ་འབྱེད་ཕྱིར། །ཆོས་ཀྱི་སྦྱིན་པ་དྲི་མེད་པ། །ས་བདག་རྣམས་ཀྱིས་བསྩལ་བར་བྱ། །རྨོངས་པའི་དབང་གིས་འཁོར་བ་འདིར། །དབང་མེད་སྡུག་བསྔལ་མྱོང་རྣམས་ལ། །རང་གི་ལུས་དང་ལོངས་སྤྱོད་སོགས། །བདོག་པའི་དངོས་པོ་ཐམས་ཅད་ཀྱིས། །ཇི་ལྟར་སྡུག་བསྔལ་ཀུན་བསལ་ནས། །བདེ་བར་འགྱུར་བར་བྱ་སྙམ་དུ། །ཕྱོགས་དང་དུས་ཀྱི་མཐར་ཀླས་པའི། །སྐྱེས་བུ་ཆེན་པོའི་འདུ་ཤེས་བསྐྱེད། །དུས་སུ་གསོ་སྦྱོང་ལེན་པའམ། །རྒྱུན་གྱི་ཁྲིམས་དང་གང་ལྡན་པའི། །མི་བདག་དེ་ནི་མཐོ་རིས་སུ། །ལྷ་ཡི་རྒྱལ་སྲིད་ཡང་དག་བྱེད། །རྒྱུ་དང་མི་རྒྱུའི་དངོས་པོ་རྣམས། །ས་ལ་བརྟེན་ཏེ་གནས་པ་ལྟར། །སྲིད་དང་ཞི་བའི་ཡོན་ཏན་ཀུན། །ཚུལ་ཁྲིམས་ཉིད་ལ་བརྟེན་པར་གསུངས། །ངག་རྣམས་སྲུང་ཞིང་ཡིད་ནི་ལེགས་བསྡམས་ཏེ། །ལུས་ཀྱིས་མི་དགེ་བ་དག་སྤྱད་མི་བྱ། །ལས་ལམ་གསུམ་པོ་


MR01_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་རྣམ་སྦྱང་ན། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །རང་ཉིད་དགེ་བ་བཅུ་ཡི་ཚུལ་ལ་གནས། །འཁོར་གྱི་སྐྱེ་བོ་ཀུན་ཀྱང་དེ་ལ་འགོད། །རྣམ་པ་སྣ་ཚོགས་ཕན་དང་བདེ་བའི་ཐབས། །དབང་ཕྱུག་ཆེ་ལྡན་མི་དབང་རྣམས་ཀྱིས་བགྱིད། །སྦྲུལ་གདུག་ལྟ་བུར་རང་བཞིན་གྱིས། །ངང་ཚུལ་ངན་པའི་མི་སྲུན་པ། །སྙིགས་མའི་སྐྱེ་བོའི་ཁྲོད་ན་མང་། །དེ་ཀུན་སུ་ཡིས་གཞོམ་པར་ནུས། །རང་གི་ཁྲོ་བ་གཅིག་སྤངས་ན། །དགྲ་རྣམས་མཐའ་དག་ཆོམས་དང་མཚུངས། །དཀའ་ཐུབ་ཀུན་གྱི་ནང་ན་ནི། །བཟོད་པ་ཕུལ་དུ་བྱུང་བར་བསྔགས། །ཁྲོ་བའི་རྐྱེན་གྱིས་བསྐུལ་ནས་སུ། །རང་དབང་མེད་པར་འཚེ་བྱེད་ལ། །དངོས་པོའི་རང་བཞིན་ཤེས་པ་རྣམས། །ཅུང་ཟད་ཁྲོ་བར་མི་འགྱུར་རོ། །གསེར་གྱི་མདོག་ལྟར་ལྟ་ན་སྡུག་པའི་ལུས། །པདྨ་གཞོན་ནུའི་ངང་ཚུལ་འཛིན་པ་ཡིས། །ལྟར་བཅས་འཇིག་རྟེན་མིག་གི་རྒྱན་གྱུར་པའི། །མཚུངས་མེད་ལུས་མཆོག་བཟོད་པས་སྒྲུབ་པར་བྱེད། །སྡུག་བསྔལ་མ་ལུས་ཁྱད་དུ་བསད་ནས་སུ། །དོན་ཆེན་སྒྲུབ་ལ་ཞུམ་པ་མེད་གྱུར་ཅིང་། །ཟབ་མོའི་ཆོས་ཉིད་བློ་ཡིས་བཟོད་གྱུར་པ། །སེང་གེ་བཞིན་དུ་འཇིགས་པ་མེད་པར་རྒྱུ། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཕུན་སུམ་ཚོགས་པའི་དཔལ་མ་ལུས། །བརྩོན་འགྲུས་ལྡན་པས་བསྒྲུབས་བྱས་ན། །མི་འགྲུབ་པ་ནི་གང་ཡང་མེད། །ཡང་དག་གནས་


MR01_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤྲོ་བའི་བློ། །མེ་ལྕེ་བཞིན་དུ་མཆེད་གྱུར་ན། །བགྱི་བར་དཀའ་བའི་དངོས་རྣམས་ཀྱང་། །བུད་ཤིང་བཞིན་དུ་གྲོགས་སུ་འགྱུར། །དབང་ཕྱུག་དམ་པས་དབང་བགྱིད་རྣམས། །མཐུ་དང་རྩལ་ནི་མི་དམན་པས། །ཕྱིན་དྲུག་བསྡུ་བའི་དངོས་པོ་བཞི། །མཁའ་དང་མཚོ་ལྟར་རྒྱ་ཆེར་བྱ། །དགྱེས་པའི་མིག་ཟུར་གྱིས་བལྟས་པའང་། །དབུལ་བའི་རྒྱུན་ནི་མ་བཅད་ན། །དབང་ཕྱུག་དམ་པ་མིན་ཞེས་བཤད། །དེས་ན་ལག་རྗེས་ཆེ་བར་བྱ། །ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་ཡི། །ཆོས་སྤྱོད་རྣམ་པ་བཅུ་པོ་དེ། །བསོད་ནམས་ཕུང་པོ་དཔག་མེད་ཕྱིར། །མི་བདག་རྣམས་ཀྱིས་འབད་ནས་སུ། །རྒྱལ་བའི་དམ་ཆོས་གཟུང་བར་བྱ། །རང་གི་བགྱི་བར་ཀུན་ཀྱང་འདྲ། །གཞན་ལ་བགྱིད་དུ་གཞུག་པ་ལ། །རྒྱལ་པོ་རྣམས་ནི་དབང་ཆེ་བས། །རླབས་ཆེན་དགེ་བའི་སྲོལ་འཛུགས་བྱ། །སེམས་ནི་རྣམ་པར་གཡེང་བའི་མི། །ཆུ་བོའི་རླབས་ཀྱིས་ཁྱེར་བ་བཞིན། །ཉོན་མོངས་སྡུག་བསྔལ་ཚོགས་ཀྱིས་དཀྲུགས། །རང་དབང་བདེ་བ་ནམ་ཡང་དཀའ། །ངལ་བ་བརྒྱ་ཡིས་གཙེས་པ་ཡིས། །ལུས་དུབ་པ་ཡིས་ཅི་ཞིག་བྱ། །བྱེད་པོ་སེམས་ནི་དུལ་བ་ན། །ཐར་བ་གམ་ན་གནས་དང་མཚུངས། །ཡིད་ནི་དུལ་བར་མ་གྱུར་ན། །ངུར་སྨྲིག་མཛེས་པའི་བླ་གོས་དང་། །ཚངས་སྐུད་ཀུ་ཤའི་ཆུན་པོ་ཡིས། །


MR01_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་ངན་ཇི་ལྟར་ཞི་བར་ནུས། །དམ་པ་གྲོང་ན་གནས་ཀྱང་དུལ། །མི་སྲུན་དགོན་པར་གནས་ཀྱང་གྱོང་། །གྲོང་གི་རྟ་མཆོག་དུལ་བ་དང་། །ནགས་ཀྱི་གཅན་གཟན་ཁྲོ་བ་བཞིན། །སེམས་ནི་གློག་དང་སྤྲིན་དང་རླུང་དང་མཚུངས། །རྒྱ་མཚོ་ཆེན་པོ་ཡི་ནི་རླབས་དང་འདྲ། །སྒྱུ་ཅན་འདོད་རྒུར་ཡུལ་ལ་མངོན་དགའ་བ། །གཡོ་ཞིང་འཕྱན་པ་ངེས་པར་གདུལ་བར་བྱ། །སེམས་ནི་ལས་སུ་རུང་བར་གྱུར་པ་ན། །དྭང་པའི་མཚོ་ལ་ཟླ་སྐར་ཇི་བཞིན་དུ། །མངོན་པར་ཤེས་པ་ལྔ་སོགས་ཡོན་ཏན་ནི། །ཤིན་ཏུ་རྣམ་པ་མང་པོ་འཆར་བར་འགྱུར། །ཟབ་ཅིང་རྒྱ་ཆེ་ཐེག་པ་ཆེན་པོའི་གཞུང་། །རྣ་བའི་བདུད་རྩིར་ངོམས་པ་མེད་འཐུང་བས། །མང་དུ་ཐོས་པའི་ལུས་སྟོབས་རབ་རྒྱས་ཏེ། །སྨྲ་བའི་སེང་གེའི་མཚན་གྱི་ཅོད་པན་འཛིན། །ཐོས་པའི་དོན་ལ་རིགས་པ་བཞིས་དཔྱད་པས། །བསམ་པ་ལས་བྱུང་ཤེས་རབ་སྒྲོན་མེའི་འོད། །བློ་ངན་མུན་པའི་འཐིབ་པོ་སེལ་བྱེད་པ། །ཡིད་ལ་ཉིན་མོར་བྱེད་པ་བཞིན་དུ་འཆར། །ཡང་དག་དོན་ལ་རྩེ་གཅིག་མཉམ་བཞག་པས། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བ་ཡི། །རྨད་བྱུང་ཤེས་རབ་སྤྱན་གྱིས་ཆོས་ཀུན་གྱི། །ཆོས་ཉིད་བདེན་པ་མངོན་དུ་གཟིགས་པར་འགྱུར། །མདུན་ན་དཔལ་གནས་ཁྱིམ་པ་རྣམས་ཀྱིས་ཀྱང་། །ཤེས་རབ་སྟོབས་ཀྱིས་འཁོར་བའི་རྒྱ་མཚོ་ཆེ། །གནག་རྗེས་ཆུ་བཞིན་མྱུར་དུ་བསྐམས་བྱས་ཏེ། །ཡང་


MR01_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཐར་བ་མཆོག་གི་གནས་སུ་འགྲོ། །ཇི་ལྟར་ཆུ་བུར་མཐོང་བ་དང་། །ཇི་ལྟར་སྨིག་རྒྱུ་མཐོང་བ་ལྟར། །དེ་བཞིན་འཇིག་རྟེན་ལྟ་བྱེད་པ། །འཆི་བདག་རྒྱལ་པོས་མཐོང་མི་འགྱུར། །ཤེས་རབ་ཟབ་མོས་ཤིན་ཏུ་ལེགས་བསྟན་པའི། །འཕགས་པའི་བདེན་པ་སུ་དག་རྣམ་བསྒོམ་པ། །འཇིག་རྟེན་འདི་ན་གང་ཞིག་མཆིས་པ་ཡི། །འཇིགས་པ་ཀུན་གྱིས་དེ་ལ་འཇིགས་མི་ནུས། །ཕུང་པོ་འདི་དག་སྒྱུ་མའི་གྲོང་ཁྱེར་བཞིན། །ཉོན་མོངས་རྣམས་ཀྱང་སྤྲིན་གྱི་འདུ་འགོད་འདྲ། །སྐྱེ་ཞིང་འཕོ་མེད་རློམ་པ་མེད་མཐོང་བ། །བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བར་འགྱུར། །རྨི་ལམ་སྒྱུ་མ་ཆུ་ཟླའི་ཚུལ་བཞིན་དུ། །ཇི་ལྟར་སྣང་བའི་ཀུན་རྫོབ་འདི་ཤེས་ཤིང་། །གང་ཡང་ཡོངས་སུ་བཟུང་བ་མ་མཆིས་པའི། །ནམ་མཁའ་ལྟ་བུའི་དོན་དམ་ཡོངས་སུ་ཤེས། །སྣང་དང་སྟོང་པ་གཉིས་སུ་མེད་པ་ཡི། །བདེན་གཉིས་དབྱེར་མེད་མཉམ་པ་ཉིད་ཀྱི་དབྱིངས། །རང་བྱུང་འོད་གསལ་དག་པའི་བྱང་ཆུབ་སེམས། །གང་གིས་རྟོགས་པ་བྱང་ཆུབ་མཆོག་འཚང་རྒྱ། །འཇིག་རྟེན་འདིར་ནི་སངས་རྒྱས་རྣམས། །འབྱུང་བ་ལས་ཀྱང་དཀོན་པ་ཡི། །འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག །དེང་སང་ཉི་མ་བཞིན་དུ་འབར། །མིག་འཕྲུལ་ལྟ་བུར་བདེ་མྱུར་དུ། །གྲོལ་བར་བྱེད་པའི་ལམ་མཆོག་ལ། །བློ་ལྡན་མི་ཡི་བདག་པོ་གང་། །བསྐལ་བཟང་རྣམས་ཀྱིས་བསྟེན་བྱས་ན། །རྒྱལ་པོ་ཨིནྡྲ་བྷཱུ་


MR01_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་བཞིན། །འདོད་པའི་ཡོན་ཏན་ལྔ་རྣམས་ལ། །ཅི་བདེ་བར་ནི་རོལ་བཞིན་དུ། །ཟུང་འཇུག་མཆོག་གི་འབྲས་བུ་འཐོབ། །ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། བསོད་ནམས་བྱ་བའི་དངོས་པོ་བརྟག་པའི་རབ་ཏུ་བྱེད་པ་སྟེ་ཉི་ཤུ་པའོ།། །།གང་ཞིག་ཇི་སྐད་བཤད་པ་ཡི། །ལུགས་ལ་གནས་པའི་རྒྱལ་པོ་རྣམས། །ས་ཡི་སྟེང་ན་ཉི་མ་བཞིན། །ཀུན་གྱི་རྒྱན་དུ་ལེགས་པར་འགྱུར། །སྙིགས་དུས་ཡོན་ཏན་འདི་དག་དང་། །ལྡན་པའི་རྒྱལ་པོ་འབྱུང་བར་དཀའ། །གལ་ཏེ་བྱུང་ན་དེ་གཅིག་པུས། །ས་རྣམས་མཐའ་དག་དབང་དུ་འགྱུར། །གོང་དུ་ཇི་སྐད་བཤད་པ་ཡི། །ཡོན་ཏན་ཕལ་ཆེར་ཚང་གྱུར་ཀྱང་། །དཔལ་དང་འབྱོར་པ་སྙན་གྲགས་སྒྲ། །དབྱར་གྱི་རྔ་བཞིན་ཅིས་མི་སྒྲོགས། །ཚུལ་བཞིན་ལུགས་ལ་གནས་པ་ཡི། །མི་བདག་གང་དུ་བྱུང་བ་དེར། །འཁོར་ལོས་སྒྱུར་དང་ནོར་བུ་བཞིན། །ཡོན་ཏན་རྣམ་པ་མང་པོ་སྡུད། །ཆོས་ལྡན་རྒྱལ་པོ་ལྷ་ཡི་སྲས། །མི་རྣམས་ཀུན་གྱི་རྗེར་གྱུར་པ། །འབངས་ཀྱི་ཕ་དང་སྐྱེ་དགུའི་གཉེན། །རིས་མེད་འགྲོ་བའི་མཆོད་སྡོང་ཡིན། །རིན་ཆེན་རི་དབང་ཇི་བཞིན་དུ། །སྐྱེ་བོའི་དབུས་ན་ཡོན་ཏན་གྱིས། །མངོན་པར་འཕགས་པའི་རྒྱལ་པོ་དེ། །ཕྱོགས་དུས་གང་དུ་བྱུང་གྱུར་ཀྱང་། །ཡ་རབས་རྣམས་ཀྱིས་སྨོན་བྱེད་ལ། །མ་རབས་རྣམས་ཀྱང་བག་འཁུམ་འགྱུར། །ཆེད་དུ་འབད་པ་


MR01_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ཡང་། །ཕྱོགས་རྣམས་ཀུན་ལ་ངག་གིས་ཕན། །ཐོས་ཀྱང་བསྔགས་ཤིང་དཔེར་བྱེད་ན། །མཐོང་ན་དགའ་བས་ཅིས་མི་བལྟ། །གཞན་གྱིས་ལྟ་ཞིང་རྗེད་བྱེད་ལ། །འབངས་ཀྱིས་བསྟེན་པ་ཅི་ཞིག་མཚར། །སྐལ་བཟང་སྐྱེ་བོ་དགར་འགྱུར་ལ། །ཕྲག་དོག་ཅན་ནི་འཁུ་ན་ཡང་། །དེ་ཡི་ཡོན་ཏན་ཆེ་བ་ཡིས། །བསྡིགས་པ་མེད་པར་ཟིལ་གྱིས་གནོན། །རྒྱལ་བ་རྒྱལ་སྲས་འཇིག་རྟེན་སྐྱོང་། །ཀུན་གྱིས་དགྱེས་ཤིང་མཐུ་བསྩལ་བས། །རྒྱལ་པོ་དེ་ཡི་སྟོབས་དང་ཤུགས། །ལོ་རེ་བཞིན་ཡང་རྒྱ་ཆེར་འཕེལ། །མེ་ཏོག་སྨན་དང་འབྲུ་ལ་སོགས། །འཕེལ་ཞིང་སྐྱེད་པའི་འཛིན་མ་བཞིན། །ས་སྐྱོང་དེ་ཡི་མངའ་རིས་སུ། །དགེ་མཚན་རྣམ་པ་དུ་མ་འབྱུང་། །དཔའ་མཛངས་མཛེས་པའི་མི་རྣམས་དང་། །ཡིད་དུ་འོང་བའི་ལོངས་སྤྱོད་བཅས། །བདེ་དང་སྐྱིད་པ་ངོ་མཚར་དཔལ། །འགྲན་པ་བཞིན་དུ་རྣམ་པར་འཕེལ། །བསྡུས་པ་མེད་པར་ལོངས་སྤྱོད་དང་། །སྐྱེ་བོའི་འདུ་བ་སྤྲིན་བཞིན་རྒྱས། །ས་གཞི་སྐྱོང་འདི་ཡུན་རིང་དུ། །འཚོ་བར་གྱུར་ཅེས་ཀུན་གྱིས་སྨོན། །སྙན་གྲགས་དྲི་མེད་བཻཌཱུརྱ། །རྒྱ་མཚོ་ཆེན་པོའི་ཁོར་ཡུག་དང་། །རི་ཡི་དབང་པོའི་རྩེ་མོར་ཡང་། །ཕྱོགས་ཀྱི་བུ་མོའི་རྣ་རྒྱན་འགྱུར། །ཉིན་རེ་བཞིན་ཡང་བདག་དང་གཞན། །བསོད་ནམས་གནས་ལ་མངོན་སྦྱོར་བས། །ཆུ་དང་རིན་ཆེན་མི་ཟད་པའི། །རྒྱ་མཚོ་ཆེན་པོ་བཞིན་དུ་འགེངས། །བསོད་ནམས་མཐུ་


MR01_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་འདོད་པའི་དོན། །འབད་པ་མེད་པར་ཤུགས་ཀྱིས་འགྲུབ། །ཡུལ་འཁོར་རྟག་ཏུ་སྐྱིད་པ་དང་། །འཇིག་རྟེན་ཕ་རོལ་ཏུ་ཡང་བདེ། །ལེགས་པའི་བློ་དང་མངའ་ཐང་དཔལ། །བསོད་ནམས་མཐུ་ཡིས་ཆེར་འཕེལ་ཞིང་། །ཚུལ་དེའི་སྒོ་ནས་བསོད་ནམས་ཀྱང་། །གོང་ནས་གོང་དུ་སྤེལ་བར་བྱེད། །ཉི་མ་འཆར་དང་ཆུ་ཀླུང་རྒྱུན། །བསྐལ་པའི་མེ་དང་རླུང་གི་ཤུགས། །ཆོས་ལྡན་རྒྱལ་པོའི་གཟི་བྱིན་རྣམས། །སུས་ཀྱང་དགག་ཏུ་མེད་པར་འབྱུང་། །ཆོས་དང་སྲིད་ཀྱི་ལེགས་ཚོགས་ཀུན། །འཕེལ་ཞིང་ནུབ་པ་མེད་པ་དང་། །བདེ་ནས་བདེ་བར་འགྲོ་བ་འདི། །ལུགས་ལ་གནས་པའི་ཡོན་ཏན་ཡིན། །ལུགས་ཀྱི་བསྟན་བཅོས་རྣམ་མང་པོའི། །ལེགས་བཤད་ཆུ་ཀླུང་ཀུན་འདུས་པ། །མི་བདག་ཀླུ་དབང་ཚོགས་རྣམས་ཀྱི། །རྟེན་གནས་རྒྱ་མཚོའི་ཆེ་འདི་རྨད། །བླང་དོར་བྱ་བར་ཚད་མེད་ཀྱང་། །ཁ་ཅིག་དངོས་སུ་བསྟན་པས་གསལ། །འགའ་ཞིག་ཤུགས་ལས་རྟོགས་འགྱུར་ཞིང་། །གཞན་དག་འདི་ཡིས་མཚོན་ནས་ཤེས། །གང་ཞིག་འདི་ལས་ཚིགས་བཅད་གཅིག །ཤེས་ཤིང་ལག་ཏུ་བླང་ན་ཡང་། །བཅུད་ཀྱིས་ལེན་པའི་སྨན་བཞིན་དུ། །ཡོན་ཏན་ལང་ཚོ་གསར་དུ་འཆར། །རྒྱལ་པོའི་རིགས་སུ་མ་སྐྱེས་ཀྱང་། །གྲོང་དང་ཁྱིམ་གྱི་གཙོ་བོ་ཚུན། །ཆོས་ལུགས་འདི་ལ་ལེགས་སྤྱད་ན། །ས་ལ་དབང་བ་བཞིན་དུ་མཛེས། །གཅིག་པུར་


MR01_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་མེད་གནས་པས་ཀྱང་། །རྒྱལ་པོའི་ཆོས་བཞིན་རང་བསྲུངས་ནས། །སེམས་ཀྱིས་སྐྱེ་རྒུ་ལེགས་བསྐྱངས་ན། །ནམ་ཞིག་ཆོས་ཀྱི་རྒྱལ་པོར་འགྱུར། །དེ་ཕྱིར་གཞུང་འདི་སུས་བསླབས་པ། །རིགས་ཀྱི་རྒྱལ་པོ་མ་ཡིན་ཀྱང་། །ཡོན་ཏན་རྒྱལ་པོའི་རྒྱལ་སྲིད་ལ། །ངེས་པར་དབང་བ་ཉིད་དུ་འགྱུར། །ལྷར་བཅས་འཇིག་རྟེན་མཐའ་དག་ཀུན། །རྟག་ཏུ་སྐྱོང་བར་བྱེད་པ་ཡི། །ཆོས་ཀྱི་རྒྱལ་པོ་བཅོམ་ལྡན་འདས། །སྲས་དང་བཅས་པའི་བཀའ་བཞིན་དུ། །རྒྱལ་པོ་ལུགས་ཀྱི་བསྟན་བཅོས་གང་། །ས་སྟེང་འདིར་ནི་རྒྱན་གྱུར་པ། །རྒྱལ་སྲས་དམ་པའི་བཀས་བསྐུལ་ལྟར། །ཀུན་ལ་ཕན་ཕྱིར་བདག་གིས་བཤད། །ཐོས་ན་དགའ་སྐྱེད་ལྷ་ཡི་རྔ། །བསམས་ན་དོན་བཟང་བདུད་རྩིའི་བཅུད། །གོམས་ན་དཔལ་འཕེལ་ལྷའི་ནོར་བུ། །མི་ཡི་ལྷ་རྣམས་རྒྱན་གྱི་མཆོག །རྒྱལ་སྲིད་སྐྱོང་བའི་སྐྱེས་བུ་རྣམས། །འཇིག་རྟེན་དཔལ་གྱིས་མངོན་མཐོ་ཞིང་། །ཆོས་ཀྱི་ལམ་ལས་མི་ཉམས་པར། །ཡང་དག་འབྲས་བུ་འདིས་ཐོབ་བྱེད། །གང་ཞིག་ལྷ་དང་ལྷ་མིན་འཐབ་པའི་ཚེ། །ལྷ་ཡི་རྔ་བོ་ཆེ་ཡི་སྒྲ་བཞིན་དུ། །གཞུང་འདིས་ཡ་རབས་རྣམས་ནི་གཟེངས་བསྟོད་ཅིང་། །ཐོས་པ་ཙམ་གྱིས་མ་རབས་ཞུམ་པར་བྱེད། །འཆི་བ་སློང་བར་བྱེད་པ་བདུད་རྩིའི་བཅུད། །ཁོང་དུ་འཐུང་བ་ལྷ་ལས་གཞན་པ་སུ། །དེ་བཞིན་སྐལ་པ་བཟང་པོའི་གང་ཟག་གིས། །ཚུལ་


MR01_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལེན་གྱུར་སྐལ་དམན་རྣམས་ཀྱིས་སྤོང་། །ལྷ་རྫས་ནོར་བུས་གང་གི་ལུས་བརྒྱན་པ། །དེ་ལ་དཔལ་རྣམས་སྤྲིན་བཞིན་འདུ་བ་ལྟར། །གང་ཞིག་འདི་དོན་ཉམས་སུ་ལེན་པ་ལ། །ཆོས་དང་སྲིད་ཀྱི་ལེགས་ཚོགས་ངེས་པར་འདུ། །དེ་ཕྱིར་རྟ་དང་གླང་པོ་རིན་ཆེན་ཚོགས། །བརྒྱ་སྟོང་ཚར་དུ་དངར་བའི་བཀོད་པས་ཀྱང་། །མི་མཚོན་རིན་ཐང་བྲལ་བའི་ལེགས་བཤད་སྐྱེས། །རྒྱལ་སྲས་ཁྱེད་ལ་དང་བའི་སེམས་ཀྱིས་འབུལ། །ཀུན་ལ་ཕན་འདོད་ཐུགས་བརྩེར་ལྡན་པ་ཡི། །མི་མཆོག་གཞོན་ནུ་ཁྱོད་ཀྱིས་མ་འོངས་པའི། །ཆོས་ལྡན་རྒྱལ་པོའི་ཚོགས་ལ་ལེགས་བཤད་འདིའི། །བདུད་རྩིའི་བགོ་བཤའ་དག་ཀྱང་འགྱེད་པར་མཛོད། །ཁྱེད་དང་ད་ལྟར་བཞུགས་དང་མ་འོངས་པའི། །རྒྱལ་རིགས་རྣམས་དང་གཞན་ཡང་སྐྱེ་བོའི་ཚོགས། །གང་གིས་གཞུང་འདི་མཐོང་ཐོས་སེམས་རྣམས་ལ། །འདིར་བཤད་ཡོན་ཏན་ཀུན་གྱིས་འབྱོར་གྱུར་ཅིག །ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། ལུགས་ལ་གནས་པ་དང་ལུགས་ཀྱི་བསྟན་བཅོས་ཀྱི་ཡོན་ཏན་བརྟག་པའི་རབ་ཏུ་བྱེད་པ་སྟེ་ཉེར་གཅིག་པའོ།། །།རྒྱལ་དང་རྒྱལ་བའི་སྲས་པོ་མཁས་རྣམས་ཀྱི། །ལེགས་བཤད་རིན་ཆེན་བསྡུས་པའི་ཕྲེང་བ་འདི། །རྒྱལ་རིགས་རྣམས་ཀྱི་མགུལ་དུ་ཐོགས་བྱས་ནས། །ཉིན་རེ་བཞིན་ཡང་བཀླགས་ཤིང་བསམ་པར་བྱ། །སྙིགས་


MR01_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

མའི་མུན་པ་ཆེས་ཆེར་བདོ་ན་ཡང་། །ལྷག་བསམ་ཟླ་བའི་འོད་བཟང་ཉམས་མི་འགྱུར། །བསྐུལ་དང་རྩོམ་པའི་བསམ་སྦྱོར་འདི་ཉིད་ཀྱང་། །དུས་སུ་བསྟན་དང་འགྲོ་ལ་ཕན་གྱུར་ཅིག །ཆོས་ལྡན་རྒྱལ་པོའི་རྒྱལ་སྲིད་རྣམ་པར་འཕེལ། །དེ་མཐུས་བསྟན་དང་འགྲོ་བའི་དཔལ་འཕེལ་ཞིང་། །དེ་ཡིས་མཁའ་ཁྱབ་སྐྱེ་རྒུའི་ཚོགས་རྣམས་ཀྱང་། །ཆོས་རྗེ་རྒྱལ་བའི་རྒྱལ་སྲིད་ཐོབ་པར་ཤོག །ལེགས་སྨོན་བསོད་ནམས་དུས་སུ་སྨིན་གྱུར་ནས། །བྱིས་པའི་དུས་ནས་བཟང་པོའི་བག་ཆགས་སད། །མི་ཡི་རྗེ་བོར་ལྷ་ཡིས་ལེགས་བཀོད་ཁྱོད། །འཚོ་གཞེས་བཞེད་པའི་དོན་ཀུན་འགྲུབ་གྱུར་ཅིག །དམར་སེར་ཉི་མ་འཆར་ཁའི་ལང་ཚོ་ཅན། །རྒྱལ་ཀུན་མཁྱེན་པའི་གཏེར་ཁྱེད་རྒྱལ་རྣམས་ཀྱིས། །རྒྱལ་རིགས་འདུལ་བའི་མགོན་དུ་ལུང་བསྟན་བཞིན། །གཞུང་འདི་འཛིན་ལ་བློ་གྲོས་དཔལ་སྩོལ་ཅིག །ཟླ་གཞོན་བྱེ་བའི་མཛེས་པ་ཟིལ་གནོན་པ། །མིག་མི་འཛུམ་པ་སྙིང་རྗེའི་དབང་ཕྱུག་ཉིད། །གཏམ་འདིའི་ཚུལ་གྱིས་བརྩེ་བའི་འོད་བཟང་བཅས། །སྐྱེ་དགུའི་ཡིད་ལ་བདེ་བླག་འཇུག་གྱུར་ཅིག །གནམ་སྔོན་ཞུན་མར་འཁྱིལ་འདྲ་བཟོད་དཀའི་སྐུ། །བདུད་སྡེ་མཐར་བྱེད་ཡེ་ཤེས་རྡོ་རྗེ་ཅན། །འདི་འཛིན་རྣམས་ཀྱི་ཡིད་ལ་སྤོབས་པ་དང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་སྟོབས་སྐྱེད་ཅིག །གསེར་ཞུན་མདངས་འདྲ་དཔལ་གྱི་འོད་ཟེར་ཅན། །ས་ཡི་སྙིང་པོར་རབ་གྲགས་


MR01_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་དེས། །གཞུང་འདི་གང་དུ་དར་བའི་ས་ཕྱོགས་སུ། །དཔལ་དང་འབྱོར་བའི་གཏེར་ཆེན་རྒྱས་པར་མཛོད། །སྲས་བཅས་རྒྱལ་བ་ཀུན་གྱི་བྱིན་རླབས་ཀྱིས། །ཚུལ་འདི་མཐོང་ཐོས་དྲན་རེག་འཛིན་པ་རྣམས། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཆོས་མཐུན་བསམ་པ་ཡིད་བཞིན་འགྲུབ་གྱུར་ཅིག །ཅེས་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ཞེས་བྱ་བ་འདིའང་། རྒྱལ་བའི་སྲས་པོ་གང་ཞིག་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྨོན་ལམ་གྱི་དབང་གིས་སྐུ་འཁྲུངས་པ། ཆུང་ངུའི་དུས་ནས་དམ་པའི་ངང་ཚུལ་མ་སྦས་པར་གསལ་ཞིང་། ཡ་རབས་ཀྱི་ལུགས་ལ་ཤིན་ཏུ་གཞོལ་བ། དམ་པའི་ཆོས་དོན་དུ་གཉེར་བ་ལ་མི་ལྡོག་པའི་འདུན་བརྩོན་དང་། མཁྱེན་རབ་ཀྱི་སྤྱན་རས་མཆོག་ཏུ་ཡངས་པ། རིས་སུ་མ་ཆད་པའི་བསྟན་པ་དང་སེམས་ཅན་ལ་ཕན་པའི་ཐུགས་བསྐྱེད་མཆོག་ཏུ་དཀར་བ་སོགས་བསྔགས་འོས་ཀྱི་ཡོན་ཏན་རྒྱ་མཚོས་མཛེས་ཤིང་། དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱིས་འཇིགས་མེད་སེང་གེའི་ཁྲི་ལ་མངའ་གསོལ་བ། མདོ་ཁམས་སྡེ་དགེ་ས་སྐྱོང་བླ་མ་ངག་དབང་འཇམ་དཔལ་རིན་ཆེན་གྱི་ཞལ་སྔ་ནས་ལྷ་རྫས་བཟང་པོའི་གནང་སྐྱེས་དང་བཅས་ཏེ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་དོན་འདུས་ལ། ཡིག་ཚོགས་མང་བ་ལ་མི་འཛེམ་པར་མཆོག་དམན་སུས་ཀྱང་ཤིན་ཏུ་གོ་སླ་བ་ཞིག་བྲིས་ན་སྙིགས་དུས་


MR01_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐྱེ་འགྲོ་རྣམས་ལ་ཕན་པའི་གསོས་སུ་འགྱུར་བའི་སླད་དུ་སྤར་དུ་བཀོད་རྒྱུའི་ཐུགས་འདུན་གྱིས་བསྐུལ་མ་ནན་ཏན་མཛད་པ་ལས། མདོ་རྒྱུད་རིག་གནས་དང་བཅས་པའི་གཞུང་ལ་ཐོས་བསམ་གྱི་མིག་ཐོབ་པས། ལེགས་པར་བཤད་པ་ཀུན་ལ་མི་འཇིགས་པའི་སྤོབས་པ་དགེ་བ་ཅན། བསྟན་འགྲོའི་དོན་ལ་ལྷག་བསམ་མི་དམན་ཞིང་། ལྷག་པའི་ལྷ་ཡི་ཞབས་པད་གུས་པའི་གཙུག་གིས་ལེན་པ་མི་ཕམ་རྣམ་པར་རྒྱལ་བའམ། འཇམ་དཔལ་དགྱེས་པའི་རྡོ་རྗེ་ཞེས་བྱ་བས། །འཕགས་པ་གསེར་འོད་དམ་པ་དང་། ས་སྙིང་འཁོར་ལོ་བཅུ་པ། མདོ་སྡེ་དྲན་པ་ཉེར་གཞག་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལ་ཐབས་ཀྱིས་རྣམ་པར་འཕྲུལ་པ་བསྟན་པའི་མདོ། ཀླུ་ཡི་རྒྱལ་པོ་རྔ་སྒྲའི་ཚིགས་བཅད་སོགས་དེ་བཞིན་གཤེགས་པའི་བཀའ་དུ་མ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ལུགས་ཀྱི་བསྟན་བཅོས་ཤེས་རབ་བརྒྱ་པ། ཤེས་རབ་སྡོང་བུ། སྐྱེ་བོ་གསོ་བའི་ཐིགས་པ་རྣམས་དང་། གཞན་ཡང་རིན་ཆེན་ཕྲེང་བ་སོགས་གཏམ་ཚོགས་སྐོར་དང་། སློབ་དཔོན་མ་ཏི་ཙི་ཏྲས་རྒྱལ་པོ་ཀ་ནིས་ཀ་ལ་སྤྲིངས་པ་དང་། སངས་རྒྱས་གསང་བས་བོད་རྒྱལ་བློན་ལ་སྤྲིང་བ་སོགས་སྤྲིང་ཡིག་དང་གཏམ་ཚོགས་ཀྱི་སྐོར་རྣམས་དང་། ཉི་མ་སྦས་པའི་ཚིགས་སུ་བཅད་པའི་མཛོད། མཆོག་སྲེད་ཀྱི་ཚིགས་བཅད་བརྒྱ་པ། མ་སུ་རཀྵས་བྱས་པའི་ལུགས་ཀྱི་བསྟན་བཅོས། ཙ་ན་


MR01_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས། དོན་ཡོད་འཆར་གྱི་དྲིས་ལན་རིན་པོ་ཆེའི་ཕྲེང་བ། དཔལ་ལྡན་ས་སྐྱ་པཎྜི་ཏའི་ལེགས་པར་བཤད་པ་སོགས་རྒྱ་བོད་མཁས་པས་བརྩམས་པའི་ལུགས་ཀྱི་བསྟན་བཅོས་དུ་མ་དང་། བོད་ཡུལ་ཆོས་རྒྱལ་རྣམས་ཀྱི་བཀའ་ཆེམས་སོགས་གཞུང་སྣ་ཚོགས་ལས་གསུངས་པའི་ལུགས་དང་ལུགས་མིན་རྣམ་པར་འབྱེད་པའི་དོན་མཐའ་དག་གཅིག་ཏུ་བསྡུས་ནས། ཆོས་སྲིད་ལུགས་བརྒྱའི་འདུན་ས་ཆེན་པོ་དཔལ་ལྡན་ལྷུན་གྲུབ་སྟེང་དུ་གྲགས་པ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཁབ་ཕོ་བྲང་ཆེན་པོའི་གནས་ག་ལ་བར། རབ་ཚེས་ཤིང་མོ་ལུག་གི་ལོའི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཅུ་བཞི་གཟའ་སྐར་མཆོག་ཏུ་དགེ་བ་ལ་དབུ་བརྩམས་ནས། ལེགས་སྨོན་གྱིས་འབྲེལ་བའི་དབང་གིས་གཞུང་འདི་སྐུལ་བ་པོ་ལྷ་སྲས་ས་དབང་བླ་མ་རིན་པོ་ཆེ་ངག་དབང་འཇམ་དཔལ་རིན་ཆེན་སོགས་ལ་བྱམས་ཆོས་སྐོར་གཞུང་བཤད་བགྱིས་པའི་ཐུན་གསེང་རྣམས་སུ་བྲིས་ཏེ། ཕྱི་མ་དབོ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པ་གཟའ་སྐར་ལེགས་ཤིང་དུས་དགེ་བའི་ཆར་གྲུབ་པར་བགྱིས་པའི་ཡི་གེ་པ་ནི་ཡིག་རིས་དང་། རིག་བྱེད་ཀྱི་གཞུང་རྣམས་ལ་བློ་གྲོས་གསལ་བ་མདུན་ན་འདོན་བསོད་ནམས་དཔལ་གྲུབ་ཀྱིས་བགྱིས་པ་སྟེ། འདིས་ཀྱང་ནམ་མཁའ་ཇི་སྲིད་དུ་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྒྱུ་བྱེད་པར་གྱུར་ཅིག །


MR01_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

མངྒ་ལཾ། ༈ །ན་མ་སྶརྦ་ཛྙཱ་ཡ། སྟོབས་བཅུའི་དཔལ་གྱིས་མཛེས་པའི་ཉི་མ་ཆེ། །འཇིག་རྟེན་མགོན་དུ་བྱེད་པའི་དཔྱིད་གཅིག་གིས། །ལེགས་གསུངས་ནོར་བུའི་ཕུང་པོ་འདུས་པའི་དབྱིག །ལུགས་མཁྱེན་ཡོངས་ཀྱི་ཐུགས་མཚོར་མངོན་གཏམས་པ། ༡ །འཕགས་བོད་ནོར་བུ་འཛིན་མའི་ཁྱོན་ཡངས་རྣམས། །མཛེས་བྱེད་མཁས་མཆོག་དུ་མས་བསྟར་བ་ཡི། །བསྟན་བཅོས་ཨུ་དུམྦཱ་རའི་དགའ་ཚལ་ཕུལ། །བདག་ལེགས་འདོད་པ་རྣམས་ཀྱི་དོན་དུ་བསྩལ། ༢ ། དེ་དག་ཀུན་གྱི་དགོངས་དོན་གཟིགས་དང་བཅས། །སྨྲ་བའི་སེང་གེ་ཐུགས་ཀྱི་འཁོར་ལོའི་དབུས། །བརྗིད་ཆགས་མི་ཕམ་རྣམ་པར་རྒྱལ་བའི་སྡེས། །ལེགས་བཤད་མཆོད་སྦྱིན་བརྒྱ་པའི་རྔ་གསང་བསྒྲགས། །༣དེ་ཉིད་སྐུལ་བྱེད་ས་སྐྱོང་བླ་མ་ཆེ། །རྒྱལ་སྲས་རྒྱ་མཚོའི་རྣམ་ཐར་འཛིན་བཟོད་པས། །ཟླ་མེད་བྱང་ཆུབ་སྤྱོད་པའི་རྒྱུན་འབེབས་ཕྱིར། །ཆོས་སྦྱིན་ཕྱི་མོ་རྫོགས་ལྡན་སྤྲིན་ཕུང་གཏིབས། ༤ །རྩོད་དུས་རྒྱལ་བསྟན་ལྔ་བརྒྱ་ཐ་མའི་སྐབས། །སྐྱེ་འགྲོའི་བསམ་སྤྱོད་ཕྱིན་ཅི་ལོག་པའི་སྒོ། །འགེགས་བྱེད་ས་གཞི་སྐྱོང་བའི་རྒྱན་གྱི་ཕུལ། །བློ་ལྡན་ཡོངས་ཀྱིས་དང་དུ་ལེན་པར་རིགས། ༥ །འདི་ལས་བྱུང་བའི་དགེ་ཚོགས་གངྒཱའི་རྒྱུན། །རྣམ་མཁྱེན་རྒྱ་མཚོར་བསྐྱིལ་དང་ལྷན་ཅིག་ཏུ། །ས་གསུམ་བཀྲ་ཤིས་ཉི་མ་ཀུན་ཁྱབ་པས། །བརྟན་གཡོ་ཇི་སྙེད་བདེ་ལེགས་རྒྱས་གྱུར་ཅིག ༦ །གནམ་སའི་དབང་ཕྱུག་སྡེ་བཞིའི་ཆུ་གཏེར་རྒྱས། །དགེ་བཅུའི་བཀའ་ཁྲིམས་དབུ་རྨོག་


MR01_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དགུང་དུ་བཙན། །ལྷར་བཅས་སྐྱེ་རྒུ་ཡོངས་ཀྱིས་བཏུད་བཞིན་དུ། །མངའ་ཐང་སྲིད་པའི་ཕ་མཐར་བརྡལ་གྱུར་ཅིག ༧ །མཐའ་ཀླས་གཙུག་ལག་མ་ལུས་འདུས་པའི་གཞུང་། །སྲིད་ཞི་ཀུན་ཁྱབ་བྲི་གང་བྲལ་བའི་དངོས། །སྔོན་མེད་ལེགས་བཤད་བདེ་འབྱུང་གཙུག་རྒྱན་འདི། །ནམ་མཁའ་ཇི་སྲིད་ནུབ་པ་མེད་གྱུར་ཅིག ༨ །ཅེས་སྤར་བྱང་སྨོན་ལམ་ཚིགས་སུ་བཅད་པའི་མེ་ཏོག་བཀྲ་ཤིས་རྟགས་ཀྱི་གྲངས་ལྡན་འདིའང་འཇམ་མགོན་བླ་མ་རིན་པོ་ཆེ་དང་། ས་སྐྱོང་མ་ཧཱ་པཎྜི་ཏ་མཆོད་ཡོན་གྱི་བཀའ་དྲིན་ཆེན་པོས་བསྐྱངས་པའི་གུས་འབངས་འཇམ་དབྱངས་དགེ་ལེགས་ཆོས་འཕེལ་ལམ། བསོད་ནམས་དཔལ་གྲུབ་ཀྱིས་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཆེན་པོར་སྨྲས་པ་ཛ་ཡནྟུ།། །།


no previousརྒྱལ་པོ་ལུགས་ཀྱི་བསྟན་བཅོས་གཞི་སྐྱོང་བའི་རྒྱན།next