ལས་སྣ་ཚོགས་པའི་སྐོར་ཐོར་བུའི་རིགས་ཕྱོགས་བསྡུས་དགོས་འབྱུང་གཏེར་གྱི་བུམ་བཟང་།
ལས་སྣ་ཚོགས་པའི་སྐོར་ཐོར་བུའི་རིགས་ཕྱོགས་བསྡུས་དགོས་འབྱུང་གཏེར་གྱི་བུམ་བཟང་བཞུགས། །
འཇམ་དཔལ་ཀུན་འབྱུང་ནོར་བུའི་ལས་ཚོགས་ནི། ན་མོ་མཉྫུ་ཤྲཱི་ཡེ། འཇམ་དཔལ་ཀུན་འབྱུང་ནོར་བུའི་ལས་ཀྱི་ཚོགས། །བསླུ་བ་མེད་པ་འདིར་ནི་མདོ་ཙམ་བརྗོད། །ཚིག་བདུན་ཚར་བདུན་བརྗོད་པ་ཡིས། །དཔལ་རིའི་ཨོ་རྒྱན་ཆེན་པོ་བྱོན། །མདུན་མཁར་འཇམ་དབྱངས་རྣམ་པར་བཞུགས། །རང་གཞན་བྱང་ཆུབ་སྙིང་པོའི་བར། །སྐྱབས་འགྲོའི་བསམ་པས་ལུས་ལོངས་སྤྱོད། །དུས་གསུམ་དགེ་རྩའི་མཆོད་སྤྲིན་ཕུལ། །ཕྱོགས་དུས་རྒྱལ་བའི་ཡེ་ཤེས་སྐུ། །འཇམ་དཔལ་གང་འདོད་སྒྱུ་འཕྲུལ་གར། །བསམ་ལ་རྩེ་གཅིག་གསོལ་བཏབ་ན། །གང་འདོད་འབྲས་འབྱིན་ཐེ་ཚོམ་མེད། །དེ་ལ་ཞི་རྒྱས་དབང་དྲག་མཆོག །དང་པོ་རང་གཞན་སྡུག་བསྔལ་ཞི་འདོད་པས། །མདུན་མཁར་བདུད་རྩིའི་
སྤྲིན་དཀར་དབུས་པད་ཟླར། །འཇམ་དཔལ་ཟླ་བའི་མདོག་ཅན་ཕྱག་བཞི་པ། །དང་པོས་རལ་གྲི་ཨུཏྤལ་གླེགས་བམ་བསྣམས། །འོག་གཉིས་སྐྱབས་སྦྱིན་བདུད་རྩིའི་བུམ་པས་འཁྲུད། །རང་འབྱོར་རྒྱུར་བྱས་བདུད་རྩིའི་མཆོད་སྤྲིན་ཕུལ། །ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས། །འཇམ་དཔལ་རྡོ་རྗེ་རྣོན་པོར་གསོལ་བ་འདེབས། །སྡུག་བསྔལ་མ་ལུས་ཞི་བར་བྱིན་གྱིས་རློབས། །རྩེ་གཅིག་གསོལ་གདབ་འོད་དཀར་སྤྲོ་བསྡུ་ཡི། །ཞི་དམིགས་སྦྱར་ལ་ཐ་མར་ལྷ་རང་བསྟིམ། །ཨ་ར་པ་ཙ་ཉེར་གཅིག་བཟླས་ནས་སུ། །མཉམ་ཉིད་བློ་བཞག་སྤྲོ་ན་རྒྱུད་ཀྱང་རྒྱས་བསྡུས་གང་རིགས། བཀླག །རྡོ་རྗེ་རྣོན་པོ་སྡུག་བསྔལ་གཅོད་ཅེས་པའི་
མན་ངག་གོ །འོག་མའི་སྐབས་སུ་ཐ་མའི་ཕྱག་གཉིས་དང་། །གསོལ་འདེབས་འོག་གཉིས་དམིགས་ཁ་བསྒྱུར་བར་བྱ། །ས་མ་ཡ། ནད་ཞི་བ་ལ་ཨ་རུའི་ལྗོན་ཤིང་དང་། །བདུད་རྩི་བུམ་པ་བསྣམས་ལ་མཆོད་པའི་སྤྲིན། །སྨན་དང་བདུད་རྩིའི་རང་བཞིན་དཔག་མེད་ཕུལ། །འཇམ་དཔལ་སྨན་པའི་རྒྱལ་པོར་གསོལ་བ་འདེབས། །ནད་རིམས་ཉེར་འཚེ་ཞི་ནད་གདོན་སྡུག་བསྔལ་བར་སོགས་གང་འདོད་ཁ་བསྒྱུར། །སྨན་པ་ཆེ་མཆོག་གཙོ་སོགས་ཀྱི་མན་ངག་གོ །གདོན་དང་བར་ཆད་ཞི་བར་འདོད་པ་དང་། །ཉོན་མོངས་ཉོན་མོངས་གྲོལ་ལ་ཞི་འདོད་གོང་གི་སྡུག་བསྔལ་སྐབས་འདྲ་ལ། །རང་རང་ཇི་ལྟར་འདོད་པའི་ཁ་བསྒྱུར་བྱ། །སྡིག་སྒྲིབ་ཞི་བར་དེ་འདྲ་ཁ་བསྒྱུར་དུ། །འཇམ་དཔལ་རྡོ་རྗེ་སེམས་དཔར་གསོལ་བ་འདེབས། །ལས་ཉོན་སྡིག་སྒྲིབ་ཞི་ཞེས་གསོལ་བ་གདབ། །ལས་ཀྱི་ཁམས་རྣམས་ཟད་སོགས་ཀྱི་མན་ངག་གོ །བཀྲ་མི་ཤིས་པ་ཞི་བ་ལ་མཆོག་སྦྱིན་དཔལ་བེའུ་དང་། །མཉམ་བཞག་དུང་འཛིན་རྫས་རྟགས་སོགས་ཕུལ་ལ། །འཇམ་དཔལ་བཀྲ་ཤིས་དམ་པར་གསོལ་བ་འདེབས། །མི་ཤིས་རྒུད་པ་ཞི་བར་གསོལ་བ་གདབ། །འཇིགས་ཞི་སྐྱབས་སྦྱིན་མཉམ་བཞག་རྡོ་རྗེ་ཅན། །འཇམ་དཔལ་འཇིགས་ཀུན་སྐྱོབས་ལ་གསོལ་བ་འདེབས། །དབུགས་འབྱིན་ཆེན་པོ་སོགས། །འཇིགས་པ་མ་ལུས་ཞི་བར་གསོལ་བ་གདབ། །འདི་རྣམས་སོ་སོའི་
མན་ངག་གོ །གཞན་ཡང་དུག་ལྔ་ཞི་སྤྱན་ལྔ་ཐོབ་ཕྱིར་རིགས་ལྔའི་འཇམ་དཔལ་བཛྲ་ཏཱིཀྵྞཱ་སོགས་གང་འདོད་དེའི་མཚན་སོགས་རང་མོས་ལྟར་བསྒྱུར་སྔགས་འགྲུབ་པའམ་རིག་སྔགས་བདག་པོར་སོགས་སྦྱར་རོ་མཆན། རྒྱས་པར་དོན་ཀུན་ཡིད་བཞིན་འགྲུབ་འདོད་པས། །བདུད་རྩིའི་སྤྲིན་དབུས་ནོར་བུ་རྒྱས་པ་ཡི། །གཞལ་མེད་ཁང་པར་པད་ཟླར་འཇམ་པའི་དབྱངས། །གུར་གུམ་མདངས་ལྡན་གསེར་ཞུན་འཆར་ཁའི་འོད། །མཆོག་སྦྱིན་ནོར་བུ་མཉམ་བཞག་གཏེར་བུམ་འཛིན། །རིན་ཆེན་དཔག་བསམ་མེ་འབྲས་རྒྱས་ལ་བརྟེན། །དྲན་པས་འདོད་དགུ་ཡིད་བཞིན་སྩོལ་བ་ལ། །བུམ་བཟང་དཔག་བསམ་ནོར་སོགས་མཆོད་སྤྲིན་ཕུལ། །འཇམ་དཔལ་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་གསོལ་བ་གདབ། །ཡིད་བཞིན་ནོར་བུ་སོགས་ཚིགས་བཅད་གཅིག་གི་མན་ངག་གོ །བདེ་སྐྱིད་ཕུན་ཚོགས་དེ་འདྲ་འདོད་དགུ་ཕུལ། །འཇམ་དཔལ་བདེ་ཆེན་རྒྱལ་པོར་གསོལ་བ་འདེབས། །བདེ་སྐྱིད་ཕུན་སུམ་ཚོགས་པར་གསོལ་བ་གདབ། །ཚེ་རིང་འདོད་པས་མཆོག་སྦྱིན་རྡོ་རྗེ་དང་། །མཉམ་བཞག་ཚེ་ཡི་བུམ་པ་འཛིན་པ་ལ། །གསེར་རི་རྩི་མཚོ་ཚེ་གྲུབ་རྫས་སྤྲིན་ཕུལ། །འཇམ་དཔལ་འཆི་མེད་དབང་པོར་གསོལ་བ་འདེབས། །ཚེ་ཡི་རིག་འཛིན་འགྲུབ་པར་གསོལ་བ་གདབ། །དེ་བཞིན་འབྱོར་དགུ་རྒྱས་དང་ནོར་གང་
འདོད། །འདུ་ཕྱིར་གང་མོས་མཆོད་སྤྲིན་རྒྱ་ཆེར་ཕུལ། །འཇམ་དཔལ་ཀུན་འབྱུང་ནོར་བུར་གསོལ་བ་འདེབས། །དགོས་འདོད་ཕུན་སུམ་ཚོགས་པར་གསོལ་བ་གདབ། །སྙན་གྲགས་བ་དན་དཀར་པོ་གཡོ་བ་དང་། །དུང་དཀར་དབྱངས་གསལ་གང་སྒྲ་སྲིད་གསུམ་སྒྲོགས། །ནོར་བུའི་སྤྲིན་ལས་བསྟོད་པའི་འབྲུག་སྒྲ་དང་། །བ་དན་དུང་འཛིན་ལྷ་མིས་བསྟོད་མཆོད་ཕུལ། །འཇམ་དཔལ་སྙན་གྲགས་རོལ་མོར་གསོལ་བ་འདེབས། །སྙན་གྲགས་ཀུན་ཏུ་ཁྱབ་པར་གསོལ་བ་གདབ། །འཁོར་འདུ་བ་ལ་སྐུ་ཕྱག་རྒྱས་པ་ལྟར། །སྲིད་གསུམ་འཁོར་ཕུལ་ཚོགས་ཀྱི་བདག་པོ་སོགས། དེ་བཞིན་གསོལ་བ་མངའ་ཐང་འཁོར་ཚོགས་རྒྱས་པར། གདབ། །ཤེས་རབ་རིན་ཆེན་སྒྲོན་མེ་གཎྚི་ཐོགས་པ་ལ། །རང་ལུས་ཤེས་རབ་མར་མེ གྲངས་མང་པོ། །ཨཱ་ལི་ཀཱ་ལིའི་འོད་ཟེར་འཕྲོ་བར་ཕུལ། །འཇམ་དཔལ་ཤེས་རབ་སྒྲོན་མེར་གསོལ་བ་འདེབས། །བློ་གྲོས་སྣང་བ་གསལ་བར་གསོལ་བ་གདབ། །ཆོས་བསྟན་རྒྱས་འདོད་ཆོས་ཀྱི་རྒྱལ་མཚན་དང་། །ཆོས་རྔ་ཆོས་ཀྱི་རང་སྒྲས་མཁའ་ཁྱབ་པར། །དགེ་འདུན་བསླབ་གསུམ་མཛེས་པའི་འདུ་བ་ཕུལ། །འཇམ་དཔལ་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །རྒྱལ་བསྟན་ཕྱོགས་བཅུར་རྒྱས་པར་གསོལ་བ་གདབ། །གཟི་བརྗིད་ཆེ་འདོད་ཉི་མ་ཟླ་བ་བསྣམས། །སྲིད་ཞིའི་དགེ་མཚན་གཟི་བརྗིད་དངོས་པོ་ཕུལ། །
འཇམ་དཔལ་གཟི་བརྗིད་ཆེན་པོར་གསོལ་བ་འདེབས། །བཀྲག་མདངས་གཟི་བརྗིད་རྒྱས་པར་གསོལ་བ་གདབ། །དེ་བཞིན་སྣ་ཚོགས་མོས་པའི་རྗེས་དཔའ་འདོད་ན་དཔའ་བོ་ཆེན་པོ་དང་། མེ་འབྲས་རྒྱས་ཕྱིར་ས་ཡི་སྙིང་པོ་སོགས། འགྲོ་བའི། །གསོལ་བ་གང་བཏབ་འབྲས་བུ་ཡིད་བཞིན་སྩོལ། །མངོན་ཤེས་སྣང་བ་རྟེན་འབྲེལ་འཆར་འདོད་ན། །ཨཱ་ལི་ཀཱ་ལིའི་ཕྲེང་བ་འོད་འབར་དང་། །དངུལ་དཀར་མེ་ལོང་སྣང་སྲིད་གསལ་བསྣམས་པར། །དེ་འདྲའི་རྫས་སོགས་སྣང་སེམས་རྟེན་འབྲེལ་ཕུལ། །འཇམ་དཔལ་ཀུན་རིག་དམ་པར་གསོལ་བ་འདེབས། །མངོན་པར་ཤེས་པ་འཆར་བར་གསོལ་བ་གདབ། །དབང་དུ་བྱ་ལ་རྗེས་ཆགས་མདོག་དམར་པོ། །ལྕགས་ཀྱུ་ཨུཏྤལ་དམར་པོའི་ཞགས་པ་བསྣམས། །ཉི་མའི་རྒྱབ་ཡོལ་བདེ་སྟོང་འོད་དམར་འཁྲིགས། །ས་གསུམ་གཞོན་ཆགས་ཐབས་ཤེས་དགྱེས་མཆོད་ཕུལ། །འཇམ་དཔལ་རྡོ་རྗེ་དགའ་ཆེན་རོལ་མོ། སངས་རྒྱས་ཆགས། དགྱེས། དབང་ཕྱུག་ཆེན་པོ་སོགས་གང་ཡང་འདྲ། ལྕགས་ཀྱུར་གསོལ་བ་འདེབས། །གང་བསམ་དབང་དུ་འདུ་བར་གསོལ་བ་གདབ། །དྲག་པོར་མཐིང་ནག་སྤྱན་གསུམ་ཁྲོས་པའི་ཚུལ། །བདུད་བཞིའི་གདན་སྟེང་ཡེ་ཤེས་མེ་དབུས་བཞུགས། །འཁོར་ལོ་དང་ནི་རྡོ་རྗེའི་བེ་ཅོན་བསྣམས། །རང་ཉིད་འབར་བའི་ཕྱག་མཚན་སྣ་ཚོགས་ཕུལ། །འཇམ་དཔལ་
འཇིགས་བྱེད་རྡོརྗེ་དྲག་པོ། རྡོ་རྗེ་འབར་བ། གཤིན་རྗེ་གཤེད་པོ། རྡོ་རྗེ་ཧཱུྃ་ལ་སོགས་འདྲ། རྡོ་རྗེར་གསོལ་བ་འདེབས། །མི་མཐུན་བདུད་དཔུང་ཐུལ་བར་གསོལ་བ་གདབ། །དེ་ཡི་བྱེ་བྲག་བསད་དབྱེ་བསྐྲད་མནན་དང་། །རྦོད་གཏོང་བཟློག་སོགས་དམིགས་ཁ་བསྒྱུར་བས་འགྲུབ། །དཔའ་བོ་བདུད་དགྲ་འདུལ་བའི་མན་ངག་གོ །མཆོག་གི་ཕྲིན་ལས་ཅི་བྱས་ཆོས་འགྲོ་དང་། །ཆོས་ལམ་སོང་ནས་ཡེ་ཤེས་སྐུ་འགྲུབ་སླད། །དམར་སེར་མདའ་གཞུ་འཛིན་ལ་སྣང་སྲིད་ཀུན། །བདེ་སྟོང་ཉམས་མྱོང་རྟོགས་པའི་མཆོད་སྤྲིན་ཕུལ། །འཇམ་དཔལ་ཡེ་ཤེས་སེམས་དཔར་གསོལ་བ་འདེབས། །རང་གཞན་དོན་གཉིས་འགྲུབ་པར་གསོལ་བ་གདབ། །ཤེས་རབ་རལ་གྲི་མདའ་གཞུའི་མན་ངག་གོ །ཉམས་མྱོང་མྱུར་སྐྱེད་གཡས་འོག་རྡོ་རྗེ་དང་། །བཅས་པའི་བསྡིག་འཛུབ་བདག་གི་སྙིང་གར་གཏད། །གཡོན་འོག་མཉམ་བཞག་བདུད་རྩིའི་ཐོད་པ་བསྣམས། །ཐུགས་ཡིད་དབྱེར་མེད་ཉམས་རྟོགས་མཆོད་པ་འབུལ། །འཇམ་དཔལ་སངས་རྒྱས་དགྱེས་པར་གསོལ་བ་འདེབས། །ཉམས་རྟོགས་ཡེ་ཤེས་འབར་བར་གསོལ་བ་གདབ། །སེམས་ཅན་ཀུན་གྱི་ཡིད་ལ་གནས་སོགས་ཀྱི་མན་ངག་གོ །གང་འདོད་མཆོག་སླད་གཡོན་གྱི་ཨུཏྤ་ལའི། །དབུས་སུ་རྡོ་རྗེ་འོག་གཉིས་མདའ་གཞུ་ཅན། །ཀུན་བཟང་སྤྲིན་འབུལ་མཆོག་སྦྱིན་རྡོ་རྗེ་ལ། །གང་འདོད་དངོས་གྲུབ་འབྱུང་བའི་གསོལ་
བ་གདབ། །མཆོག་སྦྱིན་རྡོ་རྗེས་འགྲོ་ཀུན་ཡིད་ཚིམ་བྱེད། །དུས་རྒྱུན་མདའ་གཞུའམ་རྡོ་རྗེ་ཐོད་བུམ་ཅན། །བླ་མ་ཡི་དམ་དབྱེར་མེད་ངོ་བོ་ལ། །རྡོ་རྗེ་རྣོན་པོའམ་ཡེ་ཤེས་སེམས་དཔའ་སོགས། །གང་མོས་མཚན་སྦྱར་བདག་རྒྱུད་བྱིན་རློབས་པའི། །གསོལ་བ་རྩེ་གཅིག་བཏབ་ན་བྱིན་བས་འབེབས། །ཞི་སོགས་འདི་ཡི་ཚུལ་གྱིས་གང་འདོད་པའི། །དམིགས་འདོན་ཁ་བསྒྱུར་སྒྱུ་འཕྲུལ་དྲྭ་བའི་གར། །འདོད་པའི་འབྲས་བུ་ཡིད་བཞིན་རྗེས་སུ་འཇོ། །བརྒྱ་ཕྲག་རེས་ཀྱང་དངོས་ཉམས་རྨི་རྟགས་མཐོང་། །མྱུར་ལ་འདོད་པའི་འབྲས་བུ་ལག་ཏུ་སྨིན། །ཐེ་ཚོམ་མ་བྱེད་བདེན་རྫུན་རང་ཉམས་བསྡུར། །ཡིད་ཆེས་ངེས་སྐྱེ་ཐ་ཚིག་འདི་ལ་སོམས། །རང་ལོ་ཉེར་དགུ་རབ་ཡིད་ཤིང་ཁྱི་ལོར། །མགོ་ཟླའི་ཚེས་བཅུར་པདྨ་ཐོད་ཕྲེང་ལ། །མོས་གུས་གསོལ་བ་བཏབ་པའི་ལག་རྗེས་སུ། །མི་ཕམ་རྣམ་པར་རྒྱལ་བའི་ཡིད་ལས་བརྡོལ། །དུས་མཐར་པདྨ་འཇམ་པའི་རྡོ་རྗེ་ལ། །མོས་པའི་སྐལ་བཟང་འགའ་ལ་ཕན་སྲིད་དགེ། །། ༈ བྷྲཱུྃ་བྷྲཱུྃ་བྷྲཱུྃ་ཞེས་བརྗོད་པ་ཡིས། །རང་ལུས་བྷྲཱུྃ་གྱི་ཡི་གེ་ལས། །སྣང་སྟོང་མི་ཤིགས་རྡོ་རྗེའི་མཁར། །ཆོས་དབྱིངས་འོད་ཀྱི་གཞལ་ཡས་ཁང་། །སྒོ་ང་ལྟ་བུར་ཟླུམ་པར་བསམ། །མུ་མུ་མུ་ཞེས་བརྗོད་པ་ཡིས། །རང་གི་ངག་དངོས་མུ་ཡིག་ལས། །གུར་ནང་འཁོར་འདས་དངས་བཅུད་ཀྱི། །བདེ་སྟོང་དཀར་ལ་དམར་བའི་འོད། །རྟག་
བརྟན་སྣང་བ་ལམ་མེར་བསམ། །དེ་ནང་རང་གི་སེམས་ཉིད་ནི། །ཨོཾ་ཨ་ར་པ་ཙ་ན་དྷཱིཿ འོད་ཟེར་ལྔ་འབར་རང་སྒྲར་བཅས། །ལྷན་ཅིག་ཞུ་བས་རང་ཉིད་ནི། །འཇམ་དཔལ་གཞོན་ནུ་འཆར་ཁའི་མདངས། །རལ་པོད་མདའ་གཞུ་འཛིན་ཅིང་འགྱིང་། །རང་འོད་རྡོ་རྗེ་དབྱངས་ཅན་སྦྱོར། །དར་དང་རིན་ཆེན་མེ་ཏོག་བརྒྱན། །གསལ་སྟོང་མཉམ་ཉིད་ཆེན་པོར་བཞུགས། །ཞེས་དམིགས་ལ་བྷྲཱུྃ་བརྒྱ། མུ་བརྒྱ། ཨ་ར་པ་ཙ་བརྒྱ། དེ་ནས་དབྱངས་གསལ་རྟེན་སྙིང་བཟླས་ལ། བཅོམ་ལྡན་འདས་ཀྱིས་བདག་བར་ཆད་ཐམས་ཅད་ལས་སྲུང་བ་དང་། བདག་གི་རིག་སྔགས་ཡིད་བཞིན་དུ་གྲུབ་པ་མཐར་ཕྱིན་པར་བྱིན་གྱིས་བརླབ་དུ་གསོལ། ཞེས་གསོལ་བ་ལན་གསུམ་བཏབ་ལ། མི་ཤིགས་ཐིག་ལེར་ཆེན་པོ་བསྡུ་ཞིང་གཤིས་སྤྲོ་བསྡུ་བྲལ་བ་ལ་མཉམ་པར་བཞག་གོ །སྲུང་བ་ཐམས་ཅད་ཀྱི་རྒྱལ་པོ་རིག་སྔགས་ཀྱི་ནུས་པ་མྱུར་དུ་འབྱིན་པའི་མན་ངག་མི་ཕམ་པའི་བློ་མཚོ་ལས་བརྡོལ་བའི་ནོར་བུའི་གཏེར་ཆེན་པོ་དགེའོ།། ༈ །།ཨོཾ། མུ་མེད་ནམ་མཁའི་ཚེ་མངའ་རྒྱལ་བ་དེས། །མུ་མཐར་ཁྱབ་པའི་སེམས་དཔའ་བཟང་པོ་ལ། །མུ་ཀ་ར་གཅིག་ཐུགས་ཀྱི་དཔལ་དུ་བྱིན། །མུ་བཞི་བྲལ་བའི་འཇམ་ཡིད་སྙིང་པོར་བཀོད། །མི་ཟད་རིན་ཆེན་ཟ་མ་ཏོག་འདི་ནི། །མ་ལུས་འདོད་དགུ་སྒྲུབ་བའི་གཞི་ཡིན་ཏེ། །མེ་དང་འདྲ་འདི་རླུང་གིས་སྦར་གྱིས་དང་། །མོད་ལ་ངོ་མཚར་འབྱུང་ངོ་ཨ་ཐམ་རྒྱཿ ཤིང་
ལུག་ཟླ་བ་བརྒྱད་པའི་ཚེས་དྲུག་ལ་ཞེ་ཆེན་དུ་དྷཱིས་བྲིས་པ་མངྒ་ལཾ།། ༈ །།ཕྱོགས་བཅུ་དུས་གསུམ་བདེ་གཤེགས་སྲས་བཅས་ཀྱི། །ཡེ་ཤེས་སྐུ་གཅིག་གཉིས་མེད་མཉམ་པ་ཉིད། །འཇམ་དཔལ་ཡེ་ཤེས་སེམས་དཔར་གསོལ་བ་འདེབས། །ཉམས་རྟོགས་ཡེ་ཤེས་འཆར་བར་བྱིན་གྱིས་རློབས། །དེ་བཞིན་ཡིད་བཞིན་ནོར་བུ་དང་། །བསམ་པ་ལྷུན་གྲུབ་སོགས་སྦྱར་རོ། །མེ་རྟ་ཟླ་བ་གཉིས་པའི་ཚེས་བཅུ་བཞི་ལའོ་དགེ་ལེགས་འཕེལ། བཀྲ་ཤིས་རྒྱ།། ༈ །།ཧཱུྃ་སྒྲུབ་ཟབ་རྒྱ་ཅན་བཞུགས་སོ། །ཧཱུྃ་ཞེས་བརྗོད་པས་འོད་གསལ་གྱི་ངང་ལས་སྐད་ཅིག་གིས་རང་རིག་ཆུ་ལས་ཉ་འཕར་བའི་ཚུལ་དུ་རྒྱལ་བ་ ཀུན་གྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས ་ཀྱི་ངོ་བོ་དཔལ་རྡོ་རྗེ་འཛིན་པ་མཐིང་ནག་ནམ་མཁའ་དངས་པའི་མདོག་ལྟ་བུ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན་ཞིང་། གཡོན་དྲིལ་བུ་དཀུ་ལ་བརྟེན་པ། དར་དང་རིན་པོ་ཆེའི་རྒྱན་ཅན་ཞི་མ་ཁྲོ་སྤྱན་གསུམ་པ། ཞབས་གཉིས་གཡས་བརྐྱངས་པའི་ཕྱེད་སྐྱིལ་གྱིས་པད་ཟླ་ཉི་མའི་གདན་ལ་བཞུགས་པའི་ཐུགས་ཀར་ཉི་མའི་དབུས་སུ་ཡེ་ཤེས་རྡོ་རྗེ་ཧཱུྃ་སྔོན་པོ་གསལ། ཧཱུྃ་ཞེས་བཟླས་པས་ཐུགས་སྲོག་ཧཱུྃ་ལས་འོད་ཟེར་ཧཱུྃ་གི་རྣམ་པས་སྣང་སྲིད་ཧཱུྃ་དུ་གྱུར་ཏེ་ཧཱུྃ་གི་སྒྲ་དི་རི་རི་སྒྲོགས་པར་བསམས་ལ། ཧཱུྃ་ཅི་མང་རྟགས་མ་བྱུང་གི་བར་བཟླ། དེ་ནས་ཧཱུྃ་གི་ལས་ཚོགས་ལྔ་བཅུ་པ་ཚུལ་བཞིན་སྤྱད་པས་དངོས་གྲུབ་
རྣམ་པ་གཉིས་ལ་དབང་ཐོབ་པར་འགྱུར་རོ། །ས་མ་ཡཿ རབ་ཚེས་ས་ཁྱི་ཟླ་བ་བཞི་པའི་ཚེས་ཉེར་བདུན་ལ་ཉི་ཐལ་གྱི་དུས་སུ་དྷཱིས་བཀོད་པ་དགེའོ། ༈ །། །ཧཱུྃ་གི་ལས་ཚོགས་ལྔ་བཅུ་པ་ནི། སྙིང་གར་ཧཱུྃ་ཡིག་འབར་བས་ལུས་ནང་དུ་ཞུགས་པའི་ཀླུ་གདོན་སོགས་གདོན་ཐམས་ཅད་བསྲེགས་ཏེ་བདེ་བ་ཅན་དུ་སྐྱེས་པར་བསམས་ལ་ཧཱུྃ་ཞེས་ཡིད་ཀྱིས་བཟླས་པས་གདོན་ཐམས་ཅད་བསྲེགས་པར་གྱུར། ༡ ཧཱུྃ་དཀར་པོའི་བདུད་རྩིའི་འོད་ཀྱིས་ནད་ཐམས་ཅད་འདོན་པར་བྱེད། ༢ དེ་བཞིན་ལུས་ཉམས་པ་སོགས་གསོ། ༣ སྟོབས་དང་མདངས་སོགས་ཇི་ལྟར་དམིགས་པ་བཞིན་དུ་འཕེལ། ༤ ཧཱུྃ་གི་འོད་ཀྱིས་འཁོར་འདས་ཀྱི་ཚེ་བཅུད་བསྡུས་བསྟིམ་ཚེ་ཡི་དངོས་གྲུབ་ཐོབ། ༥ ཧཱུྃ་སེར་པོའི་འོད་ཀྱིས་སྲིད་ཞིའི་དངས་བཅུད་བསྡུས་པས་ལུས་གནས་གང་བསམ་རྒྱས་པའི་ལས་འགྲུབ། ༦ རིན་ཆེན་རྟ་གླང་བུད་མེད་སོགས་ལ་དམིགས་པ་བཟུང་ནས་འབུམ་བཟླས་ན་འབུམ་དུ་འཕེལ། ༧ཧཱུྃ་དམར་པོའི་འོད་ཀྱིས་དམིགས་བྱ་འོད་དམར་པོར་བཞུས་ཏེ་བདག་ལ་ཐིམ་པར་བསམ་ན་དབང་དུ་བྱེད། ༨ གྲོང་དང་ཞིང་སོགས་གནས་གང་དུ་རྒྱུ་ཡང་འབུམ་བཟླས་ན་དེ་ཐོབ་ཅིང་ནོར་སྟེར་བར་བྱེད། ༩ དགོད་ཅིང་དགོད་ཅིང་འབུམ་བཟླས་ན་རྟག་ཏུ་དགའ་བར་འགྱུར་ཞིང་བགད་པ་ཙམ་གྱིས་ཇི་ལྟར་འདོད་པའི་ལས་བྱེད་པར་འགྱུར། ༡༠ མི་སྨྲ་བས་འབུམ་བཟླས་ན་དབང་དུ་བྱེད། ༡༡ བྷ་གར་བ་བླ་སོགས་རྫས་བཅུག་སྟེ་བཟླས་པས་འབར་
བ་སོགས་འབྱུང་ཞིང་གང་འདོད་འགྲུབ། ༡༢ ཕ་རོལ་གྱི་སྙིང་ལ་ཧཱུྃ་བསམས་ཏེ་དེས་བསྐུལ་ཞིང་སྨྲ་བ་སོགས་གང་འདོད་བྱེད་པར་བསམ་ན་དེ་བཞིན་བྱེད། ༡༣ ཧཱུྃ་གིས་བསྐུལ་ཏེ་ལྷ་ལ་སོགས་པ་གང་འདོད་དབབ་པར་བྱེད། ༡༤ ཧཱུྃ་གིས་ལྷ་སོགས་བསྐུལ་ཏེ་པྲ་དབབ། ༡༥ ཧཱུྃ་གིས་ལུས་སྦྱང་མཁའ་དང་འདྲེས་བསམ་མི་སྣང་བའི་འགྲུབ། ༡༦ ཧཱུྃ་གི་འོད་ཀྱིས་ལུས་གདོས་ཆ་སྦྱངས་པས་རླུང་ལྟར་མཁའ་སྤྱོད་འགྲུབ། ༡༧ འཁོར་འདས་ཀྱི་བཅུད་ཀུན་ཧཱུྃ་ལ་བསྡུས་ཏེ་རླུང་བཟུང་བཅུད་ལེན་འགྲུབ། ༡༨ ཧཱུྃ་གིས་མིག་དང་ས་གནས་སྦྱངས་པས་གཏེར་འབྱིན། ༡༩ ཧཱུྃ་གིས་བསྐུལ་ཏེ་གནོད་སྦྱིན་ཕོ་མོ་སོགས་ཁོལ་པོར་སྒྲུབ། ༢༠ ཧཱུྃ་གིས་ལུས་བཀང་བས་དབང་མེད་བསྐྱོད་དེ་གོང་བུ་དགུག ༢༡ །རང་གི་རྡོ་རྗེ་ལ་ཧཱུྃ་དཀར་དམར་གྱི་འོད་ཀྱིས་འཇིག་རྟེན་ཁམས་ཀྱི་ཕོ་ཡི་དབང་པོ་ཐམས་ཅད་ཀྱི་སྟོབས་བཅུད་བསྡུ་བསྟིམ་བྱས་ལ། ལག་པས་བཟུང་བཞིན་ལང་གི་བར་བཟླས་པ་ཡང་ཡང་བྱས་པས་གསང་བའི་རྡོ་རྗེ་མཆོག་ཏུ་ལས་སུ་རུང་བར་འགྱུར་རོ། ༢༢ །ཁྲོས་པས་འབུམ་བཟླས་ན་ལྷ་སོགས་སེམས་ཅན་ཐམས་ཅད་གཏན་དུ་འཕོ་བར་ནུས། ༢༣ དེ་བཞིན་ཧཱུྃ་ཐོག་ལྟ་བུས་གསོད་པར་བྱེད། ༢༤ ཧཱུྃ་དྲག་པོའི་རླུང་དང་བཅས་པས་བསྐྲད། ༢༥ ཧཱུྃ་ཕུར་བུ་ལྟ་བུས་གཟིར་ཞིང་བརྡུང་། ༢༦ ཧཱུྃ་དུ་བ་ལྟ་བུ་མི་བཟད་པ་ཕ་རོལ་པོ་གཉིས་ཀྱི་སྙིང་དུ་བསམ་ཞིང་འཐབ་པར་བསམས་པས་དབྱེ། ༢༧ ཧཱུྃ་སེར་པོ་ལུས་ལ་ཞུགས་
པས་གཡོ་མེད་བཅིངས་པར་བསམ་པས་འཆིང་། ༢༨ ཧཱུྃ་ནག་པོས་རི་རབ་ལྟ་བུས་གཡོ་མེད་དུ་མནན། ༢༩ ཧཱུྃ་ནག་པོས་སྙིང་ནང་མུན་པར་བྱས་ཏེ་རྨོངས་པར་བྱེད། ༣༠ ཧཱུྃ་དམར་ནག་དུག་གི་རང་བཞིན་ཅན་གྱིས་སྨྱོ་བ་སོགས་གནོད་པ་སྣ་ཚོགས་བྱེད། ༣༡ ཤ་ཟ་འབྱུང་པོ་སོགས་ཀྱི་གཟུགས་མནན་ཏེ་འབུམ་བཟླས་ན་དེ་གཡོག་ཏུ་འགྱུར། ༣༢ གདོན་གྱི་སྙིང་ལ་ཧཱུྃ་མེ་འབར་བས་བསྡིགས་ཏེ་བཟླས་པས་གདོན་བཀའ་ལ་ཉན། མི་ཉན་ན་བརླག་པར་བྱེད། ༣༣ སྣང་སྲིད་ཧཱུྃ་ལས་ཁྲོ་བོ་སོགས་ལྷར་བསྒོམ་སྟེ་བཟླས་པས་ལས་སྣ་ཚོགས་ཇི་ལྟར་འདོད་པ་བཞིན་འགྲུབ་བོ། ༣༤ །རལ་གྲི་སོགས་ཐོགས་ཏེ་འབུམ་བཟླས་ན་འབར་བར་འགྱུར་ཞིང་རལ་གྲིའི་རིག་འཛིན་སོགས་སུ་འགྱུ༣༥ར། ངག་གི་དཔལ་མོ་དབྱངས་ཅན་མའི་སྐུ་ལ་བལྟས་ནས་འབུམ་བཟླས་ན་དེ་དངོས་སུ་འགྲུབ། ༣༦ དེ་བཞིན་འཇམ་དཔལ་གཞོན་ནུའི་སྐུ་ལ་དངོས་སམ་ཡིད་ཀྱིས་བལྟས་ནས་འབུམ་བཟླས་ན་སྤོབས་པ་མི་ཟད་པ་ཐོབ་ཅིང་མཁའ་ལས་ཡི་གེ་སྣང་ཞིང་འཇམ་དཔལ་མཐོང་། ༣༧ དེ་བཞིན་སངས་རྒྱས་བྱང་སེམས་གང་དང་གང་ཡིན་ལ་བལྟས་ནས་འབུམ་བཟླས་ན་སོ་སོའི་དངོས་གྲུབ་ཐོབ་ཅིང་ཞལ་མཐོང་། ༣༨ ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ཞིང་འབུམ་བཟླས་ན་ཕྱག་རྡོར་གྱིས་མཆོག་སྦྱིན་ཞིང་མཆོད་པར་བྱེད། ༣༩ །རྡོ་རྗེ་ཁུ་ཚུར་བཅིངས་ནས་རྡོ་རྗེ་ཁུ་ཚུར་གྱི་སྐུ་གཟུགས་ཀྱི་མདུན་དུ་འབུམ་བཟླས་ན། ཁུ་ཚུར་
བཅིངས་པ་ཙམ་གྱིས་ཇི་ལྟར་འདོད་པའི་ལས་བྱེད་དོ། ༤༠ །སངས་རྒྱས་རྗེས་སུ་དྲན་བཞིན་འབུམ་བཟླས་ན་སངས་རྒྱས་ཐམས་ཅད་ཀྱི་ཞལ་མཐོང་ཞིང་རྗེས་སུ་འཛིན་པར་འགྱུར། ༤༡ ལྷ་ཀླུ་གནོད་སྦྱིན་སོགས་གང་སྒྲུབ་འདོད་པ་དེ་ལ་དམིགས་བཞིན་འབུམ་བཟླས་ན་དེ་དག་དངོས་སུ་འགྲུབ། ༤༢ སྤྲིན་ལ་སོགས་པ་ཧཱུྃ་གིས་གཏོར་བར་བསམས་ལ་བཟླས་པས་གཏོར། ༤༣ དེ་བཞིན་ང་བཅིངས། ༤༤ ཆུ་བཅད། ༤༥ མེ་གཞིལ། ༤༦ བྲག་ཉིལ་བ་སོགས་འགྲུབ། ༤༧ ཐུགས་ཀའི་ཧཱུྃ་ལ་ཕྱོགས་བཅུའི་རྩ་བ་གསུམ་གྱི་བྱིན་རླབས་བསྡུས་པས་ཉམས་རྟོགས་འབར། ༤༨ ཧཱུྃ་གིས་འོད་ཀྱིས་དབང་པོའི་སྒོ་དང་རྩ་ཡི་བུ་ག་གསལ་སྦྱངས། དབང་པོ་གསལ་ཞིང་མངོན་ཤེས་སོགས་འཆར། ༤༩ ཧཱུྃ་གི་ངོ་བོ་རང་སེམས་སྐྱེ་མེད་ཀྱི་གནས་ལུགས་བློ་བཞག་སྟེ་འབུམ་བཟླས་ན་རིག་པ་ཀ་དག་གིས་ཟིན་ནས་རྡོ་རྗེ་འཛིན་པ་འགྲུབ་པར་འགྱུར་རོ། ༥༠ །ས་མ་ཡ་རྒྱ༔ དེས་མཚོན་ནས་ལས་རབ་འབྱམས་ཧཱུྃ་གི་བཟླས་པ་གཅིག་པུས་ཡིད་བཞིན་བྱེད་དོ། །ཟབ་ཅིང་གསང་བ་ས་ཕག་ཟླ་བ་བདུན་པའི་ཚེས་བརྒྱད་ལ་དྷཱིས་བཀོད་པ་མངྒ་ལཾ།། ༈ །།རང་གི་མགྲིན་པར་པད་ཉིའམ། །པད་ཟླའི་སྟེང་དུ་ཨ་ཡི་མཐར། །གང་ཟློས་སྔགས་ཕྲེང་གསལ་བཏབ་ལ། །རླུང་སྔགས་རིག་པ་དབྱེར་མེད་གཅུན། །འཁོར་འདས་སྣང་སྲིད་ཐམས་ཅད་ཀུན། །གཞོམ་མེད་རྡོ་རྗེ་སྔགས་ཀྱི་སྒྲར། །ཡེ་
ནས་གནས་པ་སད་པར་བསམ། །ཉལ་ཁར་དམིགས་ནས་གཉིད་ལོག་ན། །བཟླས་རྩོལ་མེད་པར་གསང་སྔགས་ཀྱི། །བསྙེན་གྲངས་མཐར་ཕྱིན་ནུས་པ་འབྱུང་། །ཉིན་བར་ལྕེ་སྟེང་དེ་ལྟར་གསལ། །སྐབས་དང་སྐབས་སུ་དམིགས་པ་ཡིས། །སྨྲས་ཚད་གསང་སྔགས་འཁོར་ལོ་འགྱུར། །འདི་འདྲའི་མན་ངག་ཁྱད་པར་ཅན། །ས་སྟེང་གསེར་གྱིས་བཀང་ལས་དགའ། །སྔོན་གྱི་རིག་འཛིན་རྣམས་ཀྱི་མན་ངག་བཞིན་མི་ཕམ་པས་བྲིས།། ༈ །།པཎ་ཆེན་བི་མའི་ཀློང་དྲུག་པའི་འགྲེལ་བ་རིན་ཆེན་གསལ་ཕྲེང་ན། མ་བཟླས་ནུས་པ་འབྱུང་འདོད་ན། །གཉིད་དུ་འགྲོ་ཁར་ལྕེ་སྟེང་ཨ་ལ་ཤེས་པ་བཞག །དེ་མཐར་གང་ཟློས་སྔགས་ཀྱིས་བསྐོར་བ་ལ་བློ་གནས་ན། གཉིད་ལོག་པ་སྲིད་དུ་བཟླས་པའི་རྣལ་འབྱོར་ལས་མི་འདའ་བས་ནུས་པ་ཐུན་མིན་འབྱུང་། ཞེས་གསུངས་སོ།། ༈ །།རང་གི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་ཐུགས་ཀ་ནི། །ཧཱུྃ་མཐིང་འོད་དུ་འབར་བ་བསམ། །ལྟེ་བར་མཱུ་ཡིག་ཟླ་བའི་མདངས། །དེ་ལས་འོད་འཕྲོས་གནོད་སྒྲོལ་བསམ། །ཨོཾ་ཨཱཿཧཱུྃ་མཱུ། ཡིག་བཞི་འབུམ་ཕྲག་གཅིག་ཏུ་བཟླ། །གཏད་མནན་བྱད་དུ་བཅུག་ཀུན་གྲོལ། །ངག་གྲོལ་ན་ལྕེའི་རྩ་བར་ཨོཾ་སྐེད་པར་ཨཱ་རྩེ་མོར་ཧཱུྃ། རྩེ་དངོས་མཱུ། གྷོ་ལའི་ངན་གཏད་ལའང་རྩ་བར་ཨོཾ་སོགས་དེ་བཞིན་ནོ། །ཆོས་སྨན་ཆང་སྦྱར་བསྔགས་ལ་གནས་གསུམ་བྱུག །མྱང་གང་འདོད་འདོད་བྱུགས་སོ། །
འདི་བས་ཟབ་མེད།། ༈ །།སྐུ་རྡོ་རྗེ་འཇམ་དཔལ་སྤྱི་བོར་ཨོཾ། །གསུང་རྡོ་རྗེ་སྤྱན་གཟིགས་མགྲིན་པར་ཨཱཿཐུགས་རྡོ་རྗེ་ཕྱག་རྡོར་ཐུགས་ཀར་ཧཱུྃ། །ལྷ་འདུས་སྔགས་འདུས་མི་ཕྱེད་རྡོ་རྗེ་ཆེ། །འབྲུ་གསུམ་ཁོ་ན་ཟློས་ཤིག་སྔགས་ཀྱི་གྲུབ་པ་ཐོབ། །ས་བྱི་ཟླ་བ་ལྔ་པའི་ཚེས་ཉེར་གསུམ་ལའོ།། ༈ །།འབྲུ་གསུམ་མུ་དང་སྦྱར་བས་བསྲུང་། །ཕཊ་དང་སྦྱར་བས་གནོད་བྱེད་གྲིབ་སོགས་འཇོམས། །བྷཱུྃ་དང་སྦྱར་བས་བསྲུང་པའི་རྒྱལ་པོ་སྟེ། །ཛ་དང་སྦྱར་བ་འགུག་པར་བྱེད་པ་ཡིན། །འབྲུ་བཞི་ཤམ་བཏགས་ལས་ཀུན་ཐོགས་མེད་པའོ། །མངྒ་ལཾ།། ༈ །།ཨོཾ་དང་ཧཱུྃ་གི་བར་དུ་ནི། །ཨཱཿདང་ཧ་རི་ནི་ས་ལྔ། །སྦྱར་བ་མཁའ་འགྲོ་ཡོངས་འདུས་སྔགས། །བཟླས་པ་ཙམ་གྱིས་ལས་བྱེད་པའོ།། ༈ །།འབྲུ་གསུམ་ལ་ནི་རམ་སོགས་ཀྱི། །གང་དགོས་ས་བོན་འབྲུ་གཅིག་སྦྱང་། །ཡེ་ཤེས་འཇིག་རྟེན་ལྷ་ཡི་སྙིང་། །ཨ་དང་ཧཱུྃ་གི་བར་དུ་གཞུག །བཟླས་པས་ཐོགས་མེད་གྲུབ་པའོ། །ས་མ་ཡཿ ༈ །།ན་མོ་བཛྲ་ས་ཏྭཱ་ཡ། རྡོ་རྗེ་སེམས་དཔའ་ཧཱུྃ་གི་གཟུགས། །སྔོན་པོ་མཛེས་ལ་མི་གཏད་དེ། །འབྱིན་འཇུག་ཧཱུྃ་གི་རང་གདངས་སུ། །ཧཱུྃ་ལ་ཡིད་གཏད་ཧཱུྃ་ཞེས་བསམ། །གནད་གསུམ་ཧཱུྃ་གི་བཟླས་དམིགས་ལ། །རྒྱུན་མ་ཆད་པར་འབད་པ་ཡིས། །རླུང་སེམས་དུས་གཅིག་འབྱོངས་ནས་སུ། །ཏིང་འཛིན་ཚེགས་མེད་མྱུར་དུ་འགྲུབ། །ཧཱུྃ་གཟུགས་
མཐོང་བཞིན་ཧཱུྃ་གི་གདངས། །འབྱིན་འཇུག་དལ་བུས་ཅི་ནུས་བསྲིང་། །དེ་ཡི་གྲོགས་བྱས་ཡིད་ཀྱིས་ནི། །ཧཱུྃ་ཞེས་དམིགས་པ་མ་ཡེངས་གནད། །ཕྱི་ནང་གནད་ཀྱི་སྐྱ་བར་ནས། །དམིགས་པ་ལུ་གུ་རྒྱུད་དུ་འདོན། །སྒོ་གསུམ་ཆུན་དྲིལ་འདའ་མེད་རྒྱས། །ཏིང་འཛིན་མི་འགྲུབ་རང་དབང་མེད། །བྱིངས་ན་མིག་བགྲད་རླུང་སྒྲ་ཆེ། །སེམས་ཀྱི་དམིགས་པ་གསལ་བར་འདོན། །རྒོད་ན་མིག་ཟུམ་རླུང་དལ་བསྲིང་། །སེམས་ནི་ལྷོད་ལ་དམིགས་པ་བཞག །དེ་ལ་གོམས་པའི་ཚད་གསུམ་སྟེ། །དང་པོ་རླུང་དལ་རིག་པ་ནི། །དམིགས་པ་གསལ་ལ་ལྷན་ནེ་བ། །རྒྱུན་འབབ་ཆུ་བོ་ལྟ་བུ་འབྱུང་། །གཉིས་པ་རླུང་རྒྱུ་མི་ཚོར་ཞིང་། །དམིགས་པ་གར་གཏད་དེར་གནས་ལ། །རྩོལ་བས་ཟིན་བཞིན་མི་གཡོ་བ། །རླུང་མེད་མར་མེ་ལྟ་བུ་འབྱུང་། །གསུམ་པ་དམིགས་པ་གར་གཏད་དེར། །རླུང་ཡང་འཆིང་སྟེ་རླུང་དང་སེམས། །དབྱེར་མེད་འདྲེས་ནས་གང་དམིགས་ལ། །རྩོལ་བ་མེད་པར་ལྷུན་གྱིས་གནས། །རི་བོ་ལྟ་བུར་གཡོ་འགུལ་མེད། །གྲུབ་པའི་ཚད་དེ་འདོད་པའི་སེམས། །རྩེ་གཅིག་ཅེས་བྱ་དེ་གོམས་པས། །ཤིན་ཏུ་སྦྱང་ལྡན་ཞི་གནས་འགྲུབ། །ཞི་གནས་མན་ངག་ཐམས་ཅད་ཀྱི། །ཐབས་ཀྱི་དམ་པ་མཐར་ཐུག་པ། །བླ་མ་རྡོ་རྗེ་སེམས་དཔའི་མཐུས། །རིག་གསང་མཚོ་ལས་རྡོལ་བ་དགེ། ཆུ་འབྲུག་ཟླ་བ་ཉེར་གཅིགཔའི་ཚེས་ལྔ་ལ་བྱང་
གཏེར་རིགས་བཞིའི་ཧཱུྃ་ལ་སེམས་འཛིན་དུས་རྡོལ་བའོ། །མངྒ་ལཾ།། ༈ །།རང་གི་སྤྱི་བོར་མཐོ་གང་གི །ནམ་མཁར་ཟླ་བ་ལ་གནས་པའི། །རྒྱལ་ཀུན་ཡེ་ཤེས་ཨོཾ་དཀར་པོ། །དེ་ལས་འོད་འཕྲོས་ཕྱོགས་བཅུ་ཡི། །འཇིག་རྟེན་ཁམས་ཀྱི་བཅུད་ཀུན་བསྡུས། །ཨོཾ་ལ་ཐིམ་ཞིང་དེ་ལས་ནི། །བདུད་རྩིའི་རྒྱུན་འཛག་ཟླ་དཀྱིལ་གང་། །ཟླ་བ་ལས་ནི་བདུད་རྩི་ཡི། །ཐིགས་པ་འོད་དཀར་ཚུལ་དུ་བབས། །སྤྱི་བོ་ནས་བརྒྱུད་ལུས་གང་བསམ། །སྐད་ཅིག་དེ་ལ་མདངས་ལྡན་འགྱུར། །བཀྲེས་སྐོམ་མེད་ཅིང་གཞོན་ལུས་རྒྱས། །ཤིན་ཏུ་ཡིད་འོང་ཉིད་དུ་བྱེད། །དུག་སོགས་ནད་ཀྱང་ངེས་པར་འཇོམས། །གསང་འདུས་ལ་སོགས་རྒྱུད་ལས་གསུང་། །ཡི་གེ་དང་པོའི་ལས་ཚོགས་སོ། ༈ །སྙིང་གར་ཟླ་བ་དྲི་མེད་ལ། །རླུང་སེམས་ངོ་བོ་ཨོཾ་དཀར་པོ། །ཤེལ་ལྟར་དངས་པ་ཐོགས་རིག་བྲལ། །རབ་གསལ་འོད་ཟེར་འཕྲོ་བར་བསྒོམ། །འོད་ཀྱིས་རང་ལུས་གསལ་བྱས་པས། །ཟང་ཐལ་སྒྲིབ་གཡོགས་བྲལ་བར་བསྒོམ། །སྐད་ཅིག་དེ་ལ་བྱིང་རྨུགས་དང་། །གྲིབ་དང་ཁམས་འདུས་ཉེས་པ་སེལ། །ཨ་ཐུང་གཞོམ་མེད་སྒྲ་ལ་དམིགས། །སྣ་ཚོགས་སྒྲ་སྐད་ཤེས་པར་བྱེད། །ཡི་གེ་གཉིས་པའི་ལས་ཚོགས་སོ། ༈ །ལྟེ་བར་མེ་ཡི་ཆོས་འབྱུང་དབུས། །རཾ་ཡིག་དམར་པོ་འབར་བ་ལ། །སེམས་བཟུང་དེ་ཡི་མེ་འོད་ཀྱིས། །ལུས་གང་མེ་དཔུང་ལྟ་བུར་བསམ། །
སྐད་ཅིག་དེ་ལ་དྲོད་འབར་བྱེད། །རཾ་གྱི་མེ་ལྕེ་རྣོན་པོ་དེས། །རང་ལུས་མེ་ལ་ཤིང་ཕུང་བཞིན། །བསྲེག་པར་བསམ་ན་ལུས་གདོན་འཇིག །ཡི་གེའི་ལས་ཚོགས་གསུམ་པའོ།། ༈ །།སྤྱི་བོར་པདྨ་དཀར་པོ་ལ། །བཾ་ཡིག་ཟླ་བ་ལྟ་བུའི་མདངས། །ཅུང་ཟད་དམར་བའི་རྣམ་པ་ཅན། །བདེ་བའི་རོ་དང་ལྡན་པར་དམིགས། །དེ་ལས་བདུད་རྩི་དཀར་དམར་རྒྱུན། །བབས་པས་ལུས་ཀུན་གང་བར་བསམ། །སྐད་ཅིག་དེ་ལ་བདེ་བ་འབར། །ཁ་དོག་པདྨ་བཞིན་ཏུ་བྱེད། །ཡི་གེ་བཞི་པའི་མན་ངག་གོ །༈ ཡང་ན་མགྲིན་པར་འདི་བསྒོམས་ན། །དབྱངས་སྙན་ངག་གི་དཔྱིད་ཀྱང་སྟེར། །གསང་བར་བསྒོམས་ན་འདོད་བདེ་འཕེལ། །རྐང་མཐིལ་གཉིས་སུ་སོ་སོར་ནི། །རླུང་གི་ཐིག་ལེ་ལྗང་སྐྱའི་དབུས། །ཙཾ་ཡིག་ལྗང་ཀུ་གཡོ་བ་ལས། །ཤུགས་དྲག་རླུང་གི་སྒྲར་བཅས་ལངས། །ལུས་ཀྱི་སྦུབས་ཀུན་བརྒྱང་ཞིང་གཡོ། །མཁའ་ལ་ཐོགས་མེད་འགྲོ་བར་བསམ། །ལུས་ཀྱང་རྐང་མགྱོགས་རྩོལ་འབྱིན་འགྲུབ། །གཞན་ན་དམིགས་ན་གཡོ་བར་བྱེད། །ཡི་གེ་ལྔ་པའི་ལས་ཚོགས་སོ།། ༈ །།ལྟེ་འོག་སྤུ་ནི་ན་གུའི་ཐད། །གསེར་གྱི་རྡོ་རྗེ་རྒྱ་གྲམ་དབུས། །ནཾ་ཡིག་སེར་པོ་མི་གཡོ་བ། །དེ་ལས་འོད་ཟེར་ཞུན་མར་གཞུགས། །གསེར་མདངས་ལྟ་བུས་རྩ་ཁམས་ཁྱབ། །རྩ་རླུང་གཡོ་བ་ཐམས་ཅད་ཀུན། །མར་ཁུ་འཁྱགས་པ་ཇི་བཞིན་དུ། །ཞུན་ནེ་ཁད་དེ་གནས་པར་བསམ། །
ཤེས་པ་གཡོ་ཞིང་རྒོད་པ་སེལ། །རླུང་གི་ནད་སེལ་བརྟན་པར་འགྱུར། །ཡི་གེ་དྲུག་པའི་ལས་ཚོགས་སོ། ༈ །རྡོ་རྗེ་ནོར་བུའི་རྩེ་མོ་རུ། །དྷཱིཿ ཡིག་དངུལ་ཆུའི་གོང་བུ་ལྟར། །གསལ་ཞིང་འཚེར་བ་གཅིག་ཏུ་དམིགས། །དབུ་མའི་ལམ་ནས་ཡར་སོང་ཏེ། །སྤྱི་བོའི་བཾ་ལ་ཐིམ་པར་བསམ། །དེ་ལས་སླར་ཡང་མར་བབ་སྟེ། །རང་གི་གནས་སུ་ཁྲིག་གེར་གནས། །འགྲོ་དང་འོང་བའི་རླུང་དང་སྦྱར། །ཡར་མར་འགྲོ་ལྡོག་གོམས་བྱས་པས། །རླུང་སེམས་འདུ་ཞིང་རྩ་ལམ་འབྱོངས། །དམིགས་པའི་རྩལ་འདོན་ཁམས་འདྲིན་ནུས། །དམིགས་པ་ཀུན་ལ་བོགས་འདོན་འགྱུར། །ཡི་གེ་བདུན་པའི་ལས་ཚོགས་སོ། ༈ །རླུང་མེ་ཆུ་ཡི་འཁོར་ལོ་བཞིས། །གཡོ་སྦར་ཁོལ་ཞིང་འཁོར་བ་ཡིས། །ནམ་མཁའི་ངོ་བོ་ཆོས་འབྱུང་དབུས། །ཨཾ་ཡིག་རྣམ་ཤེས་སྙིང་པོ་དེ། །དྲག་ཏུ་གཡོ་བར་བསམ་པ་ན། །ཕ་རོལ་བསྐྱོད་ཅིང་འབེབས་པའམ། །ཡང་ན་དབང་དུ་བྱེད་པར་སྦྱར། །བྷ་གའམ་ནི་སྙིང་གར་ནི། །འཁོར་ལོ་བཞི་བརྩེགས་འཁོར་བའི་དབུས། །རྣམ་ཤེས་ཨཾ་ཡིག་གཡོ་བར་བསམ། །དབང་ལ་ཤུགས་དྲག་འོད་དམར་པོ། །འུར་འུར་སྒྲ་བཅས་ལངས་པ་ཡིས། །ལུས་ཀྱང་དྲན་པ་དབང་མེད་དུ། །བདག་ལ་ཆགས་ཤིང་གདུང་བར་བསམ། །དྲག་པོ་མཚོན་ཆའི་འཁོར་ལོའི་དབྱིབས། །ཤུགས་དྲག་འཁོར་བར་ལུས་
ཀུན་གཏུབ། །རྣམ་ཤེས་དངས་མ་གནས་སྦར་བསམ། །ཀུན་ལ་ངག་དུ་སྔགས་ལྔ་བགྲངས། །འདི་ནི་ཟླ་བ་གཅིག་པའི་ཚེས་བཅོ་བརྒྱད་ལ་དཔལ་སྤུངས་བླ་བྲང་གི་སྟེང་དུ་མི་ཕམ་པས་བྲིས་ཤིང་བྱ་ལོ་ལའོ།། ༈ །།ཡང་མདུན་རྟེན་བསམ་འཕེལ་དབང་གི་རྒྱལ་པོ་བཻཌཱུརྱའི་དབུས་སུ་འཇམ་དབྱངས་ཡིད་བཞིན་ནོར་བུ་ལ་རྩ་གསུམ་རྒྱལ་བ་མ་ཚང་བ་མེད་པས་བསྐོར་བ་གསལ་བཏབ། གསོལ་བ་བཏབ། །མཎྜལ་ཕུལ་བས་ཕྱོགས་བཅུའི་རྒྱལ་བའི་ཐུགས་ཀྱི་དབྱིངས་ནས་དོན་ཐམས་ཅད་གྲུབ་པའི་བྱ་གྲུབ་ཡེ་ ཤེས་བཀྲ་ཤིས་རྫས་ཀྱི་རྣམ་པར་སྤྱན་དྲངས། མདུན་གྱི་ལྷར་ཐིམ་པས་མཐོང་ཐོས་དྲན་པས་དོན་ཀུན ་ཡིད་བཞིན་དུ་གྲུབ་པའི་ནུས་ལྡན་དུ་བསམས་ལ། རྩ་སྔགས་རྟེན་སྙིང་བཟླ། གསོལ་བ་བཏབ། དུས་སུ་སྤྱི་བོར་བླང་སྐུ་ལས་འོད་དམར་སེར་བདེ་སྟོང་གི་རང་བཞིན་བྱུང་སྙིང་ནང་གང་བར་བསམ། བུམ་ཅན་བཟུང་ཞིང་རིག་ངོ་བསྐྱང་། །ཅི་བསམ་དོན་ཀུན་ཡིད་བཞིན་འགྲུབ། །མངྒ་ལཾ།། ༈ །།མན་ངག་ཟབ་མོ་རྣམ་གསུམ་བཞུགས་སོ། །འཇམ་པའི་དཔལ་ལ་ཕྱག་འཚལ་ལོ། །ནད་གདོན་ཉོན་མོངས་གཡུལ་ངོ་ལས། །རྒྱལ་བར་འདོད་ན་ནང་དང་ཕྱི། །རང་སར་ཐིམ་པའི་མན་ངག་དགོས། །ཞེས་པས། དང་པོ་ཕྱི་རོལ་ནང་དུ་ཐིམ་པའི་མན་ངག་ནི། རང་གདོན་བགེགས་ལ་དོགས་པ་ཆེན་པོ་ལངས་ནས་ཅིས་ཀྱང་མ་ཕན་ན། སྲུང་
འཁོར་དང་དྲག་སྔགས་སོགས་ཕར་བསྐྲད་པའི་ཐབས་སྤངས་ཏེ། ག་རེ་ཁམས་གསུམ་འདི་ན་གདོན་བགེགས་མཐའ་ཡས་པ་ཡོད་དེ། ཡོད་ཚད་གནོད་དོན་ཅི་ཡོད། གནོད་བྱ་གནོད་བྱེད་རང་སེམས་ལས་ཤར་བའི་རྫུན་པ་ལ། གཉིས་སུ་འཛིན་པའི་དབང་གིས་གནོད་པར་བཏགས་ཀྱི། འཛིན་པ་མེད་ན་གནོད་པའང་མེད་དེ། གཤིས་ངན་དུ་ཤི་བའི་རོ་ཡི་རྩར་བསྡད་ན་དོགས་པ་བསྐྱེད། དེ་ལས་གནོད་པ་འབྱུང་། རྒྱུས་མེད་པའི་རོ་དེ་སྣོད་དུ་བཅུག་ནས་སྔས་བྱས་ཀྱང་ཡིད་མི་སྐྲག །གནོད་པའང་མེད། དེས་ན་ཐམས་ཅད་རང་སེམས་འགྱུར་མ་འགྱུར་ལ་རག་ལས་འདུག །ཁྱད་པར་རང་གནོད་བྱ་དང་གཞན་གནོད་བྱེད་དུ་བཟུང་ནས་དེ་ལ་ཕྲད་དུ་དོགས་པ་འདི་ལ་ཐུག་པའི་མཚངས་གཏིང་ནས་རིག་སྟེ། དོགས་པ་དང་འདི་གནོད་པའི་རྩ་བར་འདུག་གི །གདོན་དེ་གནོད་པར་མི་འདུག །ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་ལ་འབྲོས་རྒྱུ་ཡང་ཅི་ཡོད། མི་གནོད་པར་ཤེས་ན་འབྲོས་ཀྱང་ཅི་དགོས། གནོད་པར་བཟུང་ན་ལྷ་ཡང་འདྲེ་བྱེད། ཕན་པར་བཟུང་ན་འདྲེས་ཀྱང་ལྷར་བྱེད། དངོས་པོའི་དོན་ལ་མཐའ་གཅིག་བདེན་གྲུབ་མེད། བརྟགས་ན་གཞི་མེད་སྟོང་པར་མཉམ་བཞིན། རང་སེམས་རྟོག་པའི་དབང་གིས་ཕན་གནོད་བྱེད་པ་རྨི་ལམ་གྱི་གཅན་གཟན་ལ་ཅི་ཙམ་དོགས་འཇིགས་ཆེ་བ་དེ་ལྟར་གནོད་པ་རང་གིས་ལན་པར་རིགས་པས་ཐག་བཅད་དེ་གནད་ཀྱི་མཚངས་
དེ་རིག་པར་བྱས་ལ། རང་གང་ལ་དོགས་པའི་གདོན་དེ་དངོས་སུ་དེའི་ཡུལ་ཕྱོགས་དང་བཅས། དེར་མ་ཟད་ནམ་མཁའ་རབ་འབྱམས་ཀྱིས་མཐས་གཏུག་པའི་རྟེན་དང་བརྟེན་པར་བཅས་པའི་ཞིང་ཐམས་ཅད་འུབ་ཀྱིས་བསྡུས་ཏེ་རང་གི་ཁོང་པའི་ནང་དུ་སིབ་ཀྱིས་ཐིམ་ནས། སྙིང་གི་ནང་དུང་ཞེས་བྱ་བ་ཐིག་ལེ་ནག་པོ་སྲན་མ་ཙམ་ལ་དེ་ཐིམ་པས་དེས་མ་ཁྱགས་ནས་ཕྲ་རབ་རྡུལ་གྱི་རང་བཞིན་དུ་ཞིག་ཏེ་གཞི་ཙམ་མེད་པར་ཡལ། ཆོས་ཐམས་ཅད་རང་སེམས་དང་ངོ་བོ་དབྱེར་མེད་རོ་གཅིག་དུ་འདྲེས་ཏེ། ང་ཁྱོད་དང་དབྱེ་བསལ་ཅི་ཡང་མེད་པར་སོང་བར་བསམས་ལ། བློ་ལྷོད་དེ་དལ་གནོད་པའི་གདོན་དང་དེར་མ་ཟད། སྣང་སྲིད་ཀྱི་ཁམས་ན་ཡོད་པའི་ཕན་བྱེད་ཀྱི་ལྷ། གནོད་བྱེད་ཀྱི་འདྲེ། དགྲ་གཉེན་བར་མའི་འགྲོ་བ་ཁམས་གསུམ་སྣོད་བཅུད་ཐམས་ཅད་ང་དང་རོ་གཅིག་བྱས་བཏང་བས། སུ་ལ་གནོད། སུས་གནོད། ཇི་ལྟར་གནོད་དམ་ཕན་བལྟས་པས་ཕན་གནོད་མེད་པར་དེ་གར་འདུག་པ་མཐོང་ན་དེ་གའོ་ཞེས་བརྗོད་དེ་སེམས་ཁོང་ལྷོད་དེ་རང་བབས་སུ་བཞག །རིག་ངོ་ཤེས་ན་དེའི་ངང་དུ་བཞག །མི་ཤེས་ན་ཡང་ཅི་བྱུང་བྱུང་ཅི་ཡིན་ཡིན་ཆུག་སྙམ་དུ་བག་ཡངས་སུ་གནས་པར་བྱའོ། །དེས་མཚོན་ཕྱི་རོལ་གྱི་དོགས་པ་ཐམས་ཅད་ལའང་དེ་ལྟར་བྱའོ། །དོགས་པ་ནམ་ཆེ་དེ་ལྟར་བྱས་ན་དོགས་པ་ཇེ་ཆུང་དང་། ཉམས་ཇེ་རྙེད་ཀྱི་ངང་གདོན་གྱི་དོགས་པ་ལས་རྒྱལ་བར་འགྱུར་རོ། །མི་ཕམ་
འཇམ་དཔལ་དགྱེས་པའི་རིག་གསང་ནས་རྡོལ་བའི་མན་ངག་དང་པོའོ། །མན་ངག་འདི་འདྲ་ཟབ་པ་ས་སྟེང་དཀོན་ཟབ་རྒྱ༔ གཉིས་པ་ནང་ཕྱི་རོལ་དུ་ཐིམ་པའི་མན་ངག་ནི། ལུས་ནད་ཀྱིས་ཆར་དཀྲུགས་ནས་ཅི་བྱ་མེད་ཅིང་ཅིས་ཀྱང་མ་ཕན་ན། ག་རེ་འདི་ལྟར་ན་བ་འདི་སྒྱུ་ལུས་འདིས་ལེན་པར་འདུག །ལུས་མེད་ན་ཅི་ཞིག་ན། ལུས་འདི་བདག་གིར་བཟུང་ནས་འཇིག་རྟེན་གྱི་ཁམས་ན་ང་གཅིག་པའི་ལུས་ཞེས་ཉི་ཚེ་བར་འཛིན་པས་ལེན་པ་ཁོ་ནར་འདུག །ལུས་འདི་ཡང་ཕ་མའི་ཁུ་ཁྲག་ལ་བརྟེན་དེ་སྔར་མེད་གློ་བུར་བྱུང་བ། མི་གཙང་བའི་རྫས་སྣ་ཚོགས་འདུས་པ། སོབ་སོབ་པོ། རྡུལ་ཕྲ་རབ་ཀྱི་ཚོགས་པ། སྐྱེས་ནས་འཆི་བའི་བར་སྐད་ཅིག་གིས་འགྱུར་བ། ཁམས་ཀྱི་ཚོགས་པའི་ནད་སྣ་ཚོགས་ཀྱི་གྲོང་ཁྱེར། མཐར་ཅིས་ཀྱང་འདོར་ནས་རུལ་ཞིང་ཟགས་པའི་ཆོས་ཅན་དུ་ཐག་བཅད་ལ། འདིའི་ཤ་རུས་སོགས་སྲ་བའི་ཁམས་ནི་ཕྱི་རོལ་གྱི་སའི་ཁམས་དང་ཁྱད་མེད། དེ་བཞིན་དྲོད་མེ། དབུགས་རླུང་། ཁྲག་དང་གཤེར་བ་ཆུ་སྟེ། འབྱུང་བ་བཞིའི་འགྱུར་བ་ལས་ནད་བྱུང་ལ། ཁམས་ཀྱི་ཚོགས་པ་དེ་དག་འདི་ལྟར་དངོས་སུ་སྣང་ཡང་། ཆ་ནས་ཆར་ཕྱེ་ན་རྡུལ་ཕྲ་རབ་ཀྱི་བར་དུ་གཞིག་རུང་ཞིང་། དེ་ཀུན་གཅིག་ལ་གཅིག་མ་འདྲེས་པར་རང་སར་ཡོད་པ་བཅོམ་དུ་རུང་བ། གཞིག་ཏུ་རུང་བ། འགྱེས་ལ་ཁད་པ། གསོག་གསོབ་སྙིང་པོ་མེད་པ། ཆུ་ཡི་ཆུ་བུར་ལྟ་
བུ། རྡུལ་ཕྲ་རབ་ལ་དཔྱད་ན་དེ་ཙམ་ཡང་མི་འགྲུབ་པས། གཞི་དང་རྩ་བར་མ་གྲུབ་བཞིན་དུ། ཐོག་མ་མེད་ནས་གོམས་པའི་ལུས་སྣང་གི་རྟོག་པ་ཨ་འཐས་ལ་ལུས་དངོས་སུ་སྣང་བ། ཕན་གནོད་ཀྱི་རྟེན་དུ་གྱུར་པ། བདེ་བ་དང་སྡུག་བསྔལ་ཉེ་བར་ལེན་པའི་སྒོ། བརྟགས་ན་མེད་ཀྱང་སྣང་བ་མི་འགོག་པ་ཆུ་ཟླ་དང་རྨི་ལམ་སྒྱུ་མ་ལྟ་བུར་རིག་པས་ངེས་ཤེས་འདྲོང་བར་བྱས་ལ། དེ་ནས་ལུས་འཛིན་གཞིག་པའི་ཕྱིར། ཕཊ་ཅེས་བརྗོད་པས་ནང་གི་ཤ་རུས་ལ་སོགས་པའི་ཁམས་ཐམས་ཅད་ཁྲོལ་ཤིག་གིས་འཐོར་ནས་ཕྱི་རོལ་གྱིས་ཁམས་དང་འདྲེས་པར་བསམ། དེ་བཞིན་ཕཊ་རེ་རེས་ཁྲག་ཆུ། དྲོད་མེ། དབུགས་རླུང་དང་འདྲེས་ཏེ་རང་ལུས་མེད་པར་སོང་བར་བསམས་ལ། དེ་རྗེས་ཕཊ་གཅིག་གིས་རང་སེམས་ནམ་མཁའ་དང་བསྲེས་ཏེ་འཛིན་པ་ཅི་ཡང་མེད་པར་ཧད་དེ་བཞག །རྗེས་ཤེས་སུ་ནང་གི་ཁམས་ལྔ་པོ་ཕྱི་རོལ་གྱི་ཁམས་ལྔ་དང་དབྱེར་མེད་གཅིག་ཏུ་འདྲེས་སོང་བས་རང་ལུས་ཉི་ཚེ་བ་མེད་དོ་སྙམ་པའི་འདུན་པ་ཡང་ཡང་བྱ། དེ་ལྟར་བྱས་པས་ནད་གདོན་བྱད་དང་གྲིབ་སོགས་ཟུག་རྔུ་དང་ཉེས་པ་ཐམས་ཅད་རྩད་ནས་ཐོན་པར་འགྱུར་ཏེ་ཤིན་ཏུ་ཟབ་པའི་མན་ངག་གཉིས་པ་འཇམ་དཔལ་རྡོ་རྗེའི་རིག་གསང་ལས་རྡོལ་བའོ། །གསུམ་པ་གཉིས་མེད་རང་སར་ཐིམ་པའི་མན་ངག་ནི། རང་རྒྱུད་ལ་ཉོན་མོངས་དང་རྣམ་རྟོག་སྐྱེ་བ་སོགས་ཐབས་གང་གིས་གཞིལ་མ་ནུས་ན། འདི་ལྟར་བསམས་ཏེ།
ངའི་ཁོང་པའི་ནང་ན་ལྷོག་ལྷོག་འཕྱུར་འཕྱུར་འདྲ་བའི་རྣམ་རྟོག་འདི་རྒྱུ་རྐྱེན་ལས་བྱུང་བའི་འདུས་བྱས་ཡིན་ཏེ་རེས་འགའ་བ་ཡིན་པའི་ཕྱིར་རོ། །འདི་གཟུང་འཛིན་དུ་དམིགས་པ་ལས་བྱུང་གི །མ་དམིགས་ན་མི་སྐྱེ་སྟེ་ནམ་མཁའ་བཞིན་ནོ། །སྣང་སྲིད་ཀྱི་དངོས་པོ་སྣ་ཚོགས་མུ་མེད་པར་ཡོད་ཀྱང་དེའི་ནང་ནས་རང་གི་ལུས་སེམས་ཉི་ཚེ་བ་ལ་ལོངས་སྤྱོད་པ་པོ་དང་། ཡུལ་བཟང་ངན་སྣ་ཚོགས་ལོངས་སྤྱོད་བྱར་བཟུང་ནས་རྣམ་པར་རྟོག་པ་སྣ་ཚོགས་སྐྱེས་པའི་མཚངས་རིག་པར་བྱས་ལ། དེས་ནང་དང་ཡུལ་དང་ནམ་མཁའ་དང་སྣང་སྲིད་ཐམས་ཅད་རོ་གཅིག་ཏུ་འདྲེས་ནས་ཅི་བསམ་འདི་བསམ། བསམ་མཁན་བསམ་རྒྱུ་ཐ་དད་མེད་པར་ནམ་མཁའ་ལྟར་མཉམ་ཕྱད་དེ་བའི་ཉམས་བསྐྱངས་ལ་ཅི་ཡང་མི་བསམ་པར་ཅི་གནས་སུ་བཞག་ལ་གདོད་མའི་གཤིས་སུ་ཡལ་བར་བསམ། དེ་འདྲ་ཡང་ཡང་གོམ་དུ་གཞུག་ཏེ་རྣམ་རྟོག་སྐྱེར་མི་གཞུག་པར་ལྷོད་པས་ཇི་ཞིག་ན་རྣམ་རྟོག་རང་ཡལ། རང་བདེ་ཁོང་འབར་འབྱུང་སྟེ་ཞི་ལྷག་བསྒོམ་པའི་བར་ཆད་རང་ཞིར་འགྱུར་བ་ཤིན་ཏུ་ཟབ་པའི་མན་ངག་གསུམ་པ་འཇམ་དཔལ་རྡོ་རྗེའི་རིག་གསང་ནས་རྡོལ་བའོ། །གཞན་ལ་དོགས་ན་ཕྱི་རོལ་རང་ལ་བསྟིམ། །རང་ལུས་མི་བདེ་ཕྱི་རོལ་ཁམས་སུ་གཏོར། །རང་གཞན་གཉིས་མེད་ནམ་མཁའི་ངང་དུ་བསྡད། །ཐིམ་པ་རྣམ་གསུམ་འཇམ་དཔལ་མན་ངག་ཟབ། །ཕྱི་རོལ་ནང་དུ་ཐིམ་པ།
ནང་ཕྱི་རོལ་དུ་ཐིམ་པ། གཉིས་མེད་རང་སར་ཐིམ་པའི་མན་ངག་ཟབ་མོ་འདི་གསུམ་ས་ཕག་ཟླ་བ་བཅུ་གཅིག་པའི་ཚེས་ཉེར་གསུམ་ལ་རྫ་རྡོ་རྗེ་འཕན་ཕྱུག་གི་རི་ཞོལ་དུ་འཇམ་དཔལ་རྡོ་རྗེའི་ཡིད་མཚོ་ལས་ཐོན་པའི་ཟབ་ཆོས་ལགས་སོ༔ ༈ །།ཡི་གེ་གཅིག་པའི་མན་ངག་བཞི། །མགྲིན་པར་པདྨ་རྒྱས་པའི་དབུས། །ཨ་དམར་བདེ་བའི་རང་བཞིན་ལ། །སེམས་གཏད་ཨ་ཞེས་དབྱངས་སུ་འཐེན། །ཕན་ཚུན་རླུང་སེམས་རོ་གཅིག་ཏུ། །བདེ་ཆེན་ངང་དུ་འདྲེས་བསམ་ན། །ཤིན་ཏུ་མཛའ་ཞིང་མི་ཕྱེད་འགྱུར། །ས་མ་ཡ། སྙིང་ཁར་ཉིད་དཀྱིལ་ཧཱུྃ་སྔོན་ལ། །དམིགས་བྱས་ཧཱུྃ་ཞེས་དྲག་པོར་བཟླ། །འོད་ཟེར་ཚ་རྩུབ་བཟོད་དཀའ་བས། །དམིགས་བྱ་མར་ལ་ལྕགས་བསྲེག་བཞིན། །འདར་ཞུམ་ཟིལ་དུ་བརླག་པར་བསམ། །ལྷ་མིན་དཔུངས་ཀྱང་བྲན་བཞིན་འཁོལ། །ས་མ་ཡ། ལྟེ་བར་ནོར་བུ་དབང་རྒྱལ་ལ། །བྷྲཱུྃ་སེར་མཚོན་པར་ཡིད་གཏད་ལ། །བྷྲཱུྃ་ཞེས་དལ་ལ་ལྡིར་བར་བཟླས། །གསེར་མདངས་སྤྲིན་ལས་ནོར་བུའི་ཆར། །བབས་པས་རང་གནས་གང་བར་བསམ། །ཇི་འདོད་ཆར་འབེབས་མཚོ་བཞིན་རྒྱས། །ས་མ་ཡ། སྤྱི་བོར་ཟླ་སྟེང་ཨོཾ་དཀར་པོ། །བདུད་རྩིའི་རང་བཞིན་ཅན་དམིགས་ཏེ། །ཨོཾ་ཞེས་སྙན་པར་བཟླས་བྱས་པས། །ཨོཾ་ལས་ཡེ་ཤེས་བདུད་རྩིའི་རྒྱུན། །བབས་པས་ལུས་གང་ནད་སོགས་ཞི། །འོད་དཀར་ལམ་ལམ་གྱུར་བར་བསམ། །
རྒུད་པ་ཀུན་ཞི་ལུས་མདངས་མཛེས། །ས་མ་ཡ། རབ་ཚེས་ཆུ་རྟ་ཟླ་༨ཚེས་༡ཀྱི། །དབང་གི་སྲེག་བླུགས་རྗེས་སུ་དྲན། །ཨི་ཐི། དེ་བཞིན་ཧཱུྃ་གི་འོད་སྔོན་པོ། །ཚ་ཞིང་འབར་བས་སེར་བ་བཞུས། །རྡོ་རྗེའི་གུར་ཁང་འབར་བའི་འོད། །འཕྲོ་བས་སེར་བ་སྲུང་བར་བསམ། །བྷྲཱུྃ་གྱི་འོད་ཟེར་ཉི་མའི་མདངས། །དྲོད་སྣུམ་བག་ལྡན་ཀུན་ཏུ་ཁྱབ། །སྤྲིན་འཐིབ་རླུང་ལྷ་གཡོ་འགུལ་མེད། །བརྟན་ཁྱབ་བརྡལ་བས་སད་ཀྱང་སྲུང་། །ཨོཾ་འོད་ཞི་བསིལ་རླན་བག་ཅན། །ཀུན་ཁྱབ་སྤྲིན་འཁྲིགས་ཆར་རྒྱུན་ནི། །ཟད་མེད་འབེབས་པར་བསམ་པ་ན། །ཐན་པ་བཙའ་ཡི་གནོད་པ་ཞི། །ཨ་དམར་འོད་ཟེར་རཱ་གའི་མདངས། །འབར་བས་སྤྲིན་ཀུན་འཇའ་ལྟར་ཡལ། །ཕྱོགས་ཁྱབ་མེ་ཡི་རང་བཞིན་འོད། །འབར་བསམ་ཁ་ཆར་བུ་ཡུག་གཅོད། །ས་མ་ཡ། དེ་བཞིན་རླུང་ནད་བྷྲཱུྃ་གྱིས་གཞིལ། །གྲང་བ་ཨ་དམར་འོད་ཀྱིས་བསྲེག །ཚ་བ་ཨོཾ་དཀར་བསིལ་གྱིས་བསད། །འདུས་པ་གདོན་སོགས་ཧཱུྃ་གིས་གཏོར། །ས་མ་ཡ། ཕོ་གདོན་ཞེ་སྡང་ཧཱུྃ་གིས་བཅད། །མོ་གདོན་འདོད་ཆགས་ཨ་ཡིས་བསྲེག །གཏི་མུག་ཀླུ་གདོན་ཨོཾ་གྱིས་བསལ། །སེར་སྣ་བསེ་རགས་བྷྲཱུྃ་གྱིས་དགག །ས་མ་ཡ། ཉིན་སྣང་སྒྱུ་མ་ཨོཾ་གྱིས་གསལ། །རྨི་ལམ་སྒྱུ་མ་ཨ་ཡིས་བཟུང་། །གཉིད་སྟུག་འོད་གསལ་ཧཱུྃ་གིས་བསྟན། །སྙོམས་འཇུག་བདེ་སྟོང་བྷྲཱུྃ་གྱིས་སྐྲུན། །ས་མ་ཡ།
གསལ་དང་འཕྲོ་བ་ཨོཾ་གྱིས་བསྒྲུབ། །བརྟན་དང་གནས་པ་བྷྲཱུྃ་གྱིས་བསྒྲུབ། །བདེ་དང་མོས་པ་ཨ་ཡིས་བསྒྲུབ། །སྟོང་དང་མི་རྟོག་ཧཱུྃ་གིས་བསྒྲུབ། །འཁོར་ལོ་བཞི་ལ་རྩེ་གཅིག་ཏུ། །ཡི་གེ་དེ་དེར་དམིགས་པས་སོ། །ས་མ་ཡ། ལུས་མཛེས་ཡིད་འོང་ཨོཾ་ལས་བསྒྲུབ། །ངག་སྙན་བཟའ་བཏུང་ཨ་ལས་བསྒྲུབ། །ཡིད་བདེ་མངོན་ཤེས་ཧཱུྃ་ལས་བསྒྲུབ། །ཏིང་འཛིན་ལོངས་སྤྱོད་བྷྲཱུྃ་ལས་བསྒྲུབ། །དམིགས་པ་ཙམ་གྱིས་ཐོགས་མེད་དུ། །ལས་ཀུན་བྱེད་པའི་མན་ངག་སྟེ། །དེ་དང་དེ་ལ་སོགས་པ་ཡི། །ཕྲིན་ལས་ནམ་མཁའ་རབ་འབྱམས་སོ། །འདི་ཡང་གོང་ཚེས་ལའོ།། ༈ །།བདེ་སྐྱིད་དཔལ་འབྱོར་འཕེལ་འདོད་ན། །ཁ་ཟས་བདའ་དགུ་སྦྱར་ནས་སུ། །ཨོཾ་ཨཱཿཧཱུྃ་ཧོས་ཡེ་ཤེས་ཀྱི། །བདུད་རྩིར་བྱིན་གྱིས་བརླབས་བྱས་ནས། །རང་གི་མགྲིན་པའི་རྩ་འཁོར་ནི། །པདྨ་འདབ་མ་སོ་གཉིས་པའི། །དབུས་སུ་འཇམ་དཔལ་བདུད་རྩི་ཡི། །རྒྱལ་པོ་ཡབ་ཡུམ་འཁྲིལ་སྦྱོར་ཅན། །འདབ་མར་རྩ་གསུམ་སྲུང་མའི་ཚོགས། །འགྲོ་ཀུན་དང་བཅས་ཏིལ་གྱི་ནི། །གོང་བུ་ཕྱེ་བ་བཞིན་དུ་བཞུགས། །བཟའ་བཏུང་ཡེ་ཤེས་བདུད་རྩིས་མཆོད། །བདེ་སྟོང་མཉམ་ཉིད་ཆེན་པོ་ཡི། །ངང་དུ་དགྱེས་ཤིང་ཚིམ་པར་གྱུར། །སྐུ་ལས་ཡེ་ཤེས་བདུད་རྩིའི་འོད། །གསེར་ཞུན་ལྟ་བུས་རང་ལུས་གང་། །ཕྱིར་འཕྲོས་གནས་ཁང་བང་མཛོད་ཀུན། །ནོར་བུའི་ཆར་གྱིས་མེར་མེར་གང་། །
གསེར་མདངས་འོད་ཀྱིས་ཕྱོགས་ཀུན་ཁྱབ། །སྲིད་ཞི་མཉམ་ཉིད་བདེ་ཆེན་གྱི། །ལོངས་སྤྱོད་ནོར་བུའི་སྤྲིན་རྒྱས་པས། །ཕྱོགས་དུས་དབུལ་བ་རྒྱུན་ཆད་བསམ། །ཨོཾ་ཨ་ར་པ་ཙ་ན་དྷཱིཿ མུ་ཀ་ཡེ་ ཨ་པ་ཡེ་ ཀ་པ་ཡེ་ བཛྲ་སིདྡྷི་ཧཱུྃ། ཞེས་བཟླས་བཟའ་བཏུང་འབྱོར་དགུ་སྤྱད། །ཚེ་དཔལ་བདེ་སྐྱིད་དཔལ་འབྱོར་ཀུན། །ཆར་འབབ་མཚོར་བསྐྱིལ་འཕེལ་ཞིང་རྒྱས། །ཟད་མེད་ནོར་བུའི་གཏེར་ལ་སྤྱོད། །བདེ་ཆེན་སྒྱུ་མའི་རོལ་མོ་འགྲུབ། །དེ་བཞིན་རང་གི་སྐྱེ་མཆེད་དངོས། །ཐིག་ལེ་ཨོཾ་གྱི་རྣམ་པར་དག །འདོད་ཡོན་ཧཱུྃ་གི་རང་བཞིན་བསམ། །གཉིས་མེད་ཨ་ཡི་རྣམ་པར་བསྲེ། །བདེ་བར་ཐིམ་བྱས་ཚོགས་ཆེན་རྫོགས། །ས་མ་ཡ། ཆུ་རྟ་ཟླ་བ་བཅུ་པའི་ཚེས་ཉེར་བཞི་ལའོ།། ༈ །།ལས་ཀྱི་དབྱིབས་བསྟུན་བུད་ཤིང་བརྩིགས། །མར་དང་སྲེག་རྫས་གང་རུང་བཤམས། །ཨོཾ་ཨ་ར་པ་ཙ་ན་དྷཱིཿ ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཡེ་དྷརྨཱ་སོགས། རྫས་རྣམས་ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །གྲུབ་པའི་དམ་རྫས་གཏེར་བུམ་བདུད་རྩི་སོགས། །རབ་འབྱམས་ལས་ཀུན་འགྲུབ་པའི་རིན་པོ་ཆེ། །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་མོར་གྱུར། །རཾ་ཞེས་མེ་སྦར། བྷྲཱུྃ་ལས་རིན་ཆེན་གཞལ་མེད་ཉམས་དགའ་བར། །བཀྲ་ཤིས་ལྷ་རྫས་བུད་ཤིང་བརྩེགས་པ་རུ། །འབར་བའི་མེ་དབུས་རཾཿལས་མེ་ཡི་ལྷ། །གསལ་
ཞིང་བསྟིམ་ལ་དགྱེས་པའི་མཆོད་པ་འབུལ། །མར་ཁུ་ཨོཾ་ཨགྣཱི་ཡེ་སྭཱ་ཧཱ། སྲེག་རྫས་ཀྱང་སྔགས་དེས་འབུལ། འདོད་གསོལ་བྱ། མེ་ལྷ་འབར་བའི་རྣམ་པར་གྱུར་པ་ཡི། །ཡེ་ཤེས་མེ་ལྕེ་འོད་རབ་གསལ་བའི་དབུས། །པད་ཟླའི་སྟེང་ན་འཇམ་པའི་རྡོ་རྗེ་ནི། །དམར་སེར་རལ་པོད་མདའ་གཞུ་འཛིན་ཞིང་འགྱིང་། །དར་དང་མེ་ཏོག་རིན་ཆེན་རྒྱན་གྱིས་མཛེས། །ཞབས་གཉིས་རྡོར་སྐྱིལ་ཡེ་ཤེས་འོད་ཟེར་འབར། །ཟག་མེད་བདུད་རྩིའི་བཅུད་དྲངས་གསོལ་བས་མཉེས། །དངོས་གྲུབ་ཐོགས་མེད་དཔལ་གྱི་སྲེག་རྫས་ཀུན། །དག་མཉམ་ཡེ་ཤེས་ཆེན་པོ་འབུལ་གྱིས་བཞེས། །བདག་ལ་ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ། །མར་ཁུ་རྩ་སྔགས་ཨགྣཱིས་དབུལ། །སྲེག་རྫས་ཨ་ར་པ་ཙས་ཕུལ། །མཐར་དབྱངས་གསལ་རྟེན་སྙིང་བཟླ་ཞིང་འདོད་གསོལ་བྱ། མཆོད་བསྟོད་ཡིག་བརྒྱ་བཟླ། ལྷ་རང་ལ་བསྟིམ། མེ་ལྷ་གསལ་བཏབ་ཞལ་སྐྱེམས་སྲེག་རྫས་འབུལ། ཡེ་ཤེས་པ་གཤེགས་དམ་ཚིག་པ་རང་ལ་བསྟིམ། དགེ་བསྔོ་ཤིས་བརྗོད་བྱའོ། །ཞེས་པའང་ཤིང་ཕག་ཟླ་བ་བཅུ་པའི་ཚེས་བཅུ་ལ་དྷཱིས་སྤེལ་བ་མངྒ་ལཾ།། ༈ །།དྲག་པོ་དམིགས་ཀྱིས་གསལ་བ་ན། །མར་ཁུ་ཁྲག་དང་སྦྱར་བའི་སྐྱེམས། །ཤ་རུས་ཟག་རྫས་ལིང་ག་ལ། །དགྲ་བགེགས་དགུག་བསྟིམ་དྲག་ཏུ་བྱ། །བསྒྲལ་བའི་ཕྲིན་ལས་ཇི་རིགས་བྱས། །རྩ་སྔགས་ལ་ནི་ཨོཾ་ཨཱཿཧཱུྃ། །
སྦྱར་བས་འདི་ལྟར་བྱིན་རླབས་བྱ། །ཧཱུྃ། དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི། །ཕྱི་ནང་ཉེར་སྤྱོད་སྨན་རག་གཏོར་མ་སོགས། །དྲག་པོའི་མཆོད་རྫས་ནམ་མཁའི་དབྱིངས་ཁྱབ་པ། །བདེ་སྟོང་ཡེ་ཤེས་ཆེན་པོའི་རང་བཞིན་གྱུར། །རཾ་ཞེས་མེ་སྦར། ཧཱུྃ། ཨེ་ལས་འཇིགས་རུང་དྲག་པོའི་གཞལ་ཡས་སུ། །མི་བཟད་བསྐལ་པའི་མེ་དཔུང་འབར་བའི་དབུས། །རཾ་ལས་དྲག་པོའི་མེ་ལྷ་གཏུམ་རྔམས་འབར། །སྤྱན་དྲངས་བསྟིམ་ལ་དགྱེས་པའི་མཆོད་པ་འབུལ། །མར་ཁུ་ཨོཾ་ཨགྣ་ཡེ་དགྲ་བགེགས་སོགས་འོག་གི་ཤམ་སྦྱར། སྲེག་རྫས་ཀྱང་སྔགས་དེས་འབུལ། འདོད་གསོལ་བྱ། མེ་ལྷ་འབར་བའི་རྣམ་པར་གྱུར་པ་ཡི། །གདུག་རྩུབ་དམར་ནག་འཁྱིལ་བའི་ཀློང་ཡོངས་སུ། །དཔལ་ཆེན་ཁྲག་འཐུང་ཁྲོ་རྒྱལ་གཤིན་རྗེའི་གཤེད། །རབ་འབར་ཁྲོས་འཁྲུགས་རྔམས་པའི་ཚུལ་དུ་བཞུགས། །དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕུང་པོ་དང་། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ཞལ་དུ་བསྟབ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད། །ཨེ་མྱགས་རྔུབ་མུག་ཤག་ཀ་དུན། །དགྲ་བགེགས་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊཿ ཛྭ་ལ་རཾ་ཁ་རཾ་ཁྭ་ཧི་ཞེས་པས་མར་ཁུ་དང་སྲེགས་རྫས་རྣམས་འབུལ། ལས་རྗེས་གོང་གི་ཞི་སོགས་
སྐབས་དང་འདྲའོ། །ཆུ་རྟ་ཟླ་བ་བཅུ་པའི་ཚེས་ཉི་ཤུ་ལའོ། །མངྒ་ལཾ། ཐབ་ནི་མཛུབ་གང་ངམ་ཆག་གང་ལ་ཚད་བཞིན་བྱ། བུད་ཤིང་ནི་ཞི་སོགས་ལ་ལྕི་བའོ། །ཀུན་ལ་ཤུག་འབྲུམ་ཞིབ་བཏགས་སམ། ཤིང་རུལ་དང་། སྤྲ་བ་བཅུང་བ་སོགས་སོ། །དྲག་པོ་ལ་སོལ་བའི་ཕྱེ་མ་དེ་དེ་རྣམས་གང་རུང་མར་ཁུས་སྒྲུབ་ལ་ལས་དབྱིབས་ཀྱི་འོག་གཞི་རྭ་བ་ཅན། ར་བའི་སྟེང་ན་མེ་འཛིན་མཆེ་བ་ཅི་རིགས་ཕྱོགས་སུ་གནས་པ་དང་བཅས་པ་བྱས་ལ། མེ་སྦར་ཏེ་མར་ཁུ་དང་རྫས་ནང་དུ་བླུགས། སྐབས་སྐབས་སུ་མར་ཁུ་གསོས་ལྡབ་པས་ཇི་སྲིད་དུ་འབར་ཞིང་རྫས་བསྲེགས་པའི་བྱ་བ་བྱེད་དེ་མཆོག་ཏུ་བཟང་ངོ་། །འཇམ་དཔལ་གྱི་ལྷ་སྔགས་བསྒྱུར་བས་ལྷ་དང་ཆོས་སྐྱོང་གང་དང་གང་ཡང་རུང་སྟེ་ཆོ་ག་འདི་འགྲུབ་ལ། ལས་སོ་སོའི་རྫས་ལ་གྲངས་བཟུང་ནས་སྔགས་ཤེས་དམིགས་པ་བསྒྱུར་བས་ལས་ཀུན་བྱེད། བསྐྲད་ཡེ་སོགས་ལ་རང་གི་རྫས་དམིགས་བསལ་འདུ་བྱས་ལ། དམ་རྫས་བདུད་རྩིའི་ཚབ་ཏུ་དྲག་པོའི་རྫས་མཆོག་འབར་བའི་མཆོད་པ་འདི། །འཇམ་དཔལ་གཤིན་རྗེ་གཤེད་པོ་ཁྱོད་ལ་འབུལ། །ཞེས་སྦྱར་ནས་སོ་སོའི་སྔགས་ཤེས་བསྒྱུར། འདི་ནི་ཡིད་བཞིན་ནོར་བུ་ལྟར། ཀུན་འགྲུབ་བྱ་སླ་དོན་ཆེ་བའོ།། ༈ །།དུས་སུ་ཁྲག་གི་ཨརྒྷཾ་བསྒྲེངས། །མཆོད་རྔ་བརྡུང་ཞིང་དབྱངས་ཀྱིས་བསྐུལ། །ཧཱུྃ། ཨེ་ལས་ཆོས་དབྱིངས་དྲག་པོའི་གཞལ་ཡས་སུ། །ཀ་དག་ངང་ནས་ལྷུན་གྱིས་གྲུབ་པ་ཡི། །
ཧེ་རུ་ཀ་དཔལ་ཕྱག་རྒྱ་ཟིལ་གནོན་སྐུ། །དུན་ཏིང་བདུད་ཀྱི་རྒྱུ་བ་མཐར་བྱེད་ཅིང་། །ཡ་མ་སྲོག་གི་བདག་པོ་ཀུན་གྱི་གཤེད། །མ་མོ་མཁའ་འགྲོ་ཡོངས་ཀྱི་ཚོགས་རྗེ་ཁྱོད། །སྙིང་པོ་སྔགས་ཀྱིས་ཐུགས་དམ་གནད་བསྐུལ་ཞིང་། །ཁྲག་ཆེན་ཨརྒྷཾ་བསྒྲེང་བས་མངའ་དབུལ་ན། །ར་རི་དང་བྲལ་མཁྱེན་པའི་མཁའ་ཀློང་ནས། །མ་ལུས་ཁྱབ་པའི་ཐུགས་དམ་བརྩེར་དགོས་ཏེ། །ཙ་ལ་ཐུགས་རྗེའི་ཤུགས་ཀྱིས་བདག་ཅག་ལ། །ཡ་མཚན་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ༔ འདི་ཡིས་ཐུགས་རྒྱུད་དབང་མེད་དུ། །བསྐུལ་ནས་དངོས་གྲུབ་ཐོབ་པར་བྱེད། །ས་མ་ཡ། ཅེས་པའང་ཟིལ་གནོན་དགྱེས་པ་རྩལ་གྱིས་རབ་ཚེས་ཆུ་རྟ་ཟླ་བ་བཅུ་གཅིག་པའི་ཚེས་ཉི་ཤུ་ལ་བྲིས་པ་དགེའོ།། ༈ །།འོད་རབ་གསལ་བའི་དབུས། ཕོ་བྲང་གདན་དང་བཅས་པར་གསལ་བ་ལ། །མདུན་དུ་སྔགས་ཛབ་ཁང་ཕྱེ་བཞིན་པའི། བཞུགས་པའི་ཡེ་ཤེས་ལྷ་ཚོགས་རྣམས། །སྤྱན་དྲངས་བྱོན་ནས་དགྱེས་བཞིན་བཞུགས་པར་གྱུར། །ཟག་མེད་བདུད་རྩིའི་སོགས་སྦྱར། ཡེ་ཤེས་ལྷ་ཚོགས་གཞལ་ཡས་ཁང་དང་བཅས་པ་རང་ལ་ཐིམ་པར་གྱུར། ཡང་རང་བཞིན་ལྷ་གཞན་ལ་སྦྱར་བ། གསལ་བའི་དབུས། ཕོ་བྲང་གདན་དང་བཅས་པར་གསལ་བ་ལ། །དབང་ཆེན་དེ་སྟེང་ཡང་གསང་ཁྲོས་པའི་དཀྱིལ་འཁོར་ལྷ། །མ་འདྲེས་ཡོངས་རྫོགས་
ཆུ་ཟླའི་ཚུལ་དུ་གསལ། །གདོད་ནས་དམ་ཚིག་ཡེ་ཤེས་གཉིས་སུ་མེད། །ཟག་མེད་བདུད་རྩིའི་སོགས་སྦྱར། མཐར་མེ་ལྷ་གསལ་བཏབ། ཨོཾ་ཨགྣི་དེ་བི་མ་ཧཱ་པུ་ཙ་ཧོཿ ན་མོ་ན་མ་མི་ཕྱག་འཚལ། བཛྲ་མུཿགཤེགས་སོ། །བཀྲ་ཤིས།། ༈ །།རྒྱས་པའི་སྦྱིན་སྲེག་ལ། རྫས་ཐམས་ཅད་ངོ་བོ་ཡེ་ཤེས་ལ་རྣམ་པ་སྒྱུ་འཕྲུལ་དྲ་བའི་རོལ་མོ་རྒྱས་པའི་ལས་ཀུན་སྒྲུབ་པའི་ནུས་པ་དང་ལྡན་པ་གསེར་སྦྱངས་པའི་མདོག་ལྟར་འཚེར་བའི་རང་བཞིན་དུ་ཕུལ་བས་ལྷ་རྣམས་དགྱེས་པ་ཆེན་པོའི་འོད་ཟེར་གྱིས་མཁའ་ཁྱབ་ཀྱི་ཞིང་ཀུན་ཏུ་ཁྱབ། རྒྱལ་བ་མཆོད་སེམས་ཅན་གྱི་དབུལ་བ་རྒྱུན་བཅད་ཐམས་ཅད་འཇམ་པའི་ཟེར་གྱུར། འོད་སླར་འདུས་པ་དང་མཉམ་དུ་མཁའ་ཁྱབ་ཀྱི་རྒྱལ་བ་ཐམས་ཅད་སྤྱན་དྲངས་ནམ་མཁའ་འཇམ་དཔལ་ཡབ་ཡུམ་གྱི་རྣམ་པའི་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་བདུད་རྩི་གསེར་ཞུན་མ་ལྟ་བུ་རང་གི་སྤྱི་བོ་ནས་ཞུགས། ཤེས་རབ་ལ་བདུད་རྩི་དེ་ཡང་དབྱངས་གསལ་ཕྲེང་བའི་རྣམ་པ་ཅན་དུ་བསམ། ལུས་ནང་ཀུན་ཏུ་གང་བས་དབུལ་བའི་སྡུག་བསྔལ་དང་། ཁྱད་པར་མི་ཤེས་པའི་མུན་པ་རྩ་རླུང་ཁམས་ཀྱི་ཉེས་པ་མ་ལུས་པ་མར་མེས་མུན་པ་ལྟར་ལྷག་མེད་དུ་བཅོམ། ལུས་སེར་ལྟེམ་གང་བས་ཚེ་བསོད་ཡེ་ཤེས་རྒྱས་པར་བསམ། བསྒྲུབ་བྱ་གཞན་ཡོད་ན་ཟླ་དཀྱིལ་སེར་པོ་ལ་གནས་པ་ལ་དེ་ལྟར་དབང་བསྐུར། རྣལ་འབྱོར་རྒྱུད་མན་ཆད་ལ་ལྷ་རྣམས་
ཀྱི་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩི་ལས་མདོག་གིས་གང་བས་དབང་བསྐུར་བར་བསམ། ལས་གཞན་ལ་རིགས་འགྲེ། དབང་ལ་ལྷའི་འོད་ཟེར་ལྕགས་ཀྱུས་བཀུག །འོད་ཀྱིས་ལུས་ནང་དམར་ལྟེམ་མེ་གང་བས་བདག་ལ་མི་འདུན་པའི་ཉེས་པ་ཀུན་བསྲེག །ཤིན་ཏུ་འདུན་ཅིང་འོད་དུ་ཞུ་ལ་ཁད་དུ་བསམ། ལས་བཞིའི་སྦྱིན་སྲེག་གི་མན་ངག་མི་སྤེལ་གུ་ཧྱེ་ཨི་ཐིཿ ༈ །།གཡུ་ཐོག་ལྷ་མོ་བཞི་སྐོར་ལ། སྨན་པྲ་སྦྱར་བ། གཙོ་བོའི་ཐུགས་འོད་ཀྱིས་འཁོར་གྱི་ལྷ་མོ་བཞི་བསྐུལ། དེའི་ཐུགས་ཀྱི་འོད་ཀྱིས་སྲིད་དང་ཞི་བའི་མངོན་ཤེས་ཀྱི་བཅུད་ཀུན་བསྡུས་ནས་རང་གི་སྙིང་གར་ཐིམ་པས་སྣང་སྲིད་ཐམས་ཅད་དང་ཁྱད་པར་ནད་ཀྱི་རྒྱུ་རྐྱེན་རྟགས་དཔྱད་བཅོས་རིམ་ལ་སོགས་པ་ཐམས་ཅད་རྗེན་ཅེར་དུ་མཐོང་བའི་མངོན་ཤེས་རྒྱ་ཆེན་པོ་ཐོབ་པར་བསམས་ལ། ཨོཾ་མ་ཧཱ་གུ་ཎ་སིདྡྷི་ཧཱུྃ་མ་མ། མ་ཧཱ་གུ་རུ་སོགས་གང་རུང་མཐར། ཧ་རི་ནི་ས་སྲིད་པ་ཤོད་སྲིད་པ་སྟོན། ཞེས་བཟླས་ལ་མན་ངག་ལོ་ཀའི་ཁམས་ཐམས་ཅད་གསལ་བའི་ཉི་ཟླ་ནོར་བུའི་སྒྲོན་མེ་དང་སྲིད་ཞིའི་མངོན་ཤེས་ཐམས་ཅད་བསྡུས་ཏེ་ཕུལ། གསོལ་བ་བཏབ་པས་སྣང་སྲིད་ལེགས་ཉེས་ཐམས་ཅད་དངོས་སམ་རྨི་ལམ་དུ་གསལ་ལོ། །དབང་དུ་བསྡུ་ན་སློག་གི་འོད་ཀྱིས་ནོར་ལྷ་བཞི་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་ཕྱག་རྒྱ་བཞིའི་རྣམ་པ་བརྟན་གཡོ་སྣོད་བཅུད་ཐམས་ཅད་ཀྱི་དངས་བཅུད་དྲང་ཞིང་
བདག་ལ་ཆར་དུ་བབ་པར་བསམས་ལ། ཨོཾ་མ་ཧཱ་གུ་རུ་གུ་ཎ་སིདྡྷི་ཧཱུྃ། ཧ་རི་ནི་ས་ནྲྀ་འགུལ་འགུལ། མ་མ་ཧྲིང་ཧྲིང་། མ་མ་ཁ་ཤི་ཁ་ཤི་མི་སྙིང་བསྒུལ་བསྒུལ། མི་འགྲམ་ཆོག་ཆོག །ཧྲཱི་ཧྲཱིཿབསྡུས་བསྡུས། མ་མ་ཁ་ཤི་བམ་སྭཱ་ཧཱ། མི་ནོར་ཟས་གསུམ་དབང་དུ་བསྡུས་ཤིག༔ ཞེས་བཟླས་པས་འདུ་བ་གསུམ་སྤྲིན་དང་ཁུ་རླུང་ཆེན་པོ་འཐིབས་པ་བཞིན་འབྱུང་ངོ་། །ཡང་ནད་རིམས་གདོན་བགེགས་ཀུན་ཐུབ་ལ། གླ་རྩི་ལྡོང་རོས་མུ་ཟི་བཙན་དུག །ཤིང་ཀུན་ཤུ་དག་ནག་པོ། མཚལ་སེང་ལྡེང་། ཤི་སྐྲའི་གཞོབ། ཡུངས་ཀར་ཡུངས་ནག་དེ་རྣམས་ཞིབ་བཏགས་ཚིལ་ཆེན་དང་སྦྱར་བ། བ་མེན་རྭའམ་སྨྱུག་སྦུབས་སོགས་སུ་བླུགས་ལ། སྤྱི་བོའི་བླ་མའི་འོད་ཀྱིས་མཁའ་འགྲོ་བཞི་བསྐུལ། དེའི་ཐུགས་འོད་ཀྱིས་རྒྱལ་བ་སྲས་བཅས་བསྐུལ། དེའི་བྱིན་རླབས་ཐམས་ཅད་ཁྲོ་ཚོགས་ཀྱི་རྣམ་པས་སྤྱན་དྲངས་རང་དང་རྫས་ལ་ཐིམ་པས་ཡེ་ཤེས་ཀྱི་མེ་རི་མེ་དཔུང་དྲག་ཏུ་འབར་བས་གདོན་བགེགས་ནད་རིམས་ཐམས་ཅད་བསྲེག་པར་བསམ། ཨོཾ་མ་ཧཱ་གུ་ཎ་ཧ་རི་ནི་ས་སིདྡྷི་ཧཱུྃ། ཨོཾ་ཐིམ་ཐ་ར་ཏི་ས་དུན་ཏེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ། འབུམ་བཟླས་ཕུས་བཏབ། རྫས་དེ་རྒྱུན་དུ་ལུས་ལ་བཅིང་ནད་སོགས་དོགས་པའི་ཚེ་ནང་སྔ་སྔགས་སྟོང་བཟླས་རྫས་དང་སྣ་བུག་ཏུ་གདབ། རྫས་དེ་བྱུག་བདུག་འཐུང་བར་བྱས་པས་ནད་གདོན་བར་ཆད་རིམས་ཡམས་ཐམས་ཅད་ཐུབ་ངེས་པའོ། ༈ །སྨན་ཐམས་ཅད་བདུད་
རྩིར་འགྱུར་བར་འདོད་པས། སྤྱི་བོ་དང་མགུལ་དུའམ་སྨན་གྱི་སྟེང་དུ་བླ་མ་མཁའ་འགྲོ་བཞི་སྐོར་གསལ་བཏབ། ཐུགས་ཀྱི་འོད་ཀྱིས་འཁོར་འདས་ཀྱི་དངས་བཅུད་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། སྨན་ལ་ཐིམ་པས་འཆི་མེད་གྲུབ་པའི་བདུད་རྩི་མཐོང་ཐོས་རེག་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བའི་ནུས་ལྡན་དུ་བསམས་ལ། ཨོཾ་མ་ཧཱ་གུ་ཎ་ཧ་རི་ནི་ས་སིདྡྷི་ཧཱུྃ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཡེ་དྷརྨཱ་སོགས་ཎ་ཡེ་སྭཱ་ཧཱ༔ ཞེས་བཟླས་མཐར་ལྷ་འོད་ཞུ་སྨན་ལ་ཐིམ་པར་བསམ། ཚུལ་དེས་སྨན་ཀུན་བྱིན་གྱིས་བརླབ་ཅིང་། གལ་ཆེ་བ་ལ་སྔགས་འདིས་བརྒྱ་སྟོང་ཁྲི་འབུམ་ནད་ཚབས་དང་བསྟུན་ཏེ་བསྔགས་པས་ནད་ཐམས་ཅད་ཞི་ཞིང་འཇོམས་པའི་སྨན་གྱི་ནུས་པ་བདུད་རྩི་ཆེན་པོའི་རང་བཞིན་དུ་འགྱུར་རོ།། ༈ །།ནོར་བསྒྲུབ་ན་བླ་མའི་ཐུགས་འོད་ཀྱིས་ལྷ་མོ་བསྐུལ། དེའི་ཐུགས་ཀྱིས་འཁོར་འདས་ལམ་གྱི་དངས་བཅུད་མ་ལུས་པ་འོད་སེར་པོའི་རྣམ་པས་བདག་གནས་ཐམས་ཅད་ལ་ཐིམ་པར་བསམས་ལ། ཨོཾ་མ་ཧཱ་གུ་ཎ་སིདྡྷི་ཧཱུྃ། ཧ་རི་ནི་ས་རཏྣ་ཕ་ལ་སིདྡྷི་བྷྲཱུྃ་ན་ན་ཁ་དྷེ་པུཥྚིཾ་སིདྡྷི་ཧཱུྃ། ཞེས་བཟླས་པས་ཟས་ནོར་ཆར་ལྟར་འབེབ་ཅིང་མཚོ་ལྟར་སྐྱིལ་ལོ། ༈ །ཚེ་རིང་འདོད་པས། སྤྱི་བོའི་བླ་མའི་ཐུགས་འོད་ཀྱིས་མཁའ་འགྲོ་བཞི་བསྐུལ། དེའི་ཐུགས་འོད་ཀྱིས་འཁོར་འདས་ཀྱི་དངས་བཅུད་འཆི་མེད་བདུད་རྩིའི་རྣམ་པར་བསྡུས་པ་ཕྱི་ནི་བུམ་པ་ནས་བབ་པས་རང་ལུས་
གང་། ཚེ་ཡི་བར་ཆད་ཞི། ལུས་གང་བས་འཆི་མེད་རྡོ་རྗེའི་སྐུ་འགྲུབ་པར་བསམ། ཨོཾ་མ་ཧཱ་གུ་ཎ་སིདྡྷི་ཧཱུྃ། ཧ་རི་ནི་ས་ཨ་ཡུ་ཕ་ལ་སིདྡྷི་ཧཱུྃ་ཨཱཿཞེས་བཟླས་པས་འཆི་མེད་ཚེ་ཡི་རིག་འཛིན་འགྲུབ་པར་འགྱུར་རོ། ༈ །།ཤེས་རབ་ཡེ་ཤེས་ཀྱི་རྩལ་ཀ་ཕྱོགས་མེད་དུ་རྒྱས་ཤིང་མཆོག་གྲུབ་འདོད་པས་བླ་མའི་འོད་ཀྱིས་ལྷ་མོ་བཞི་བསྐུལ། དེའི་འོད་ཀྱིས་ཕྱོགས་དུས་རྩ་གསུམ་རྒྱལ་བའི་ཐུགས་རྒྱུད་བསྐུལ་ཏེ། བྱིན་རླབས་ཡེ་ཤེས་ཀྱི་དངོས་གྲུབ་ཐམས་ཅད་ལྷ་སྔགས་ཕྱག་མཚན་བདུད་རྩིའི་རྣམ་པར་རང་ལ་ཐིམ་པས་ཡེ་ཤེས་ཀྱི་སྐུ་མངོན་དུ་གྲུབ་པར་བསམ། རྩ་སྔགས་དང་། ཧ་རི་ནི་ས་པྲ་ཛྙཱ་ཛྙཱ་ན་ཨ་ར་པ་ཙ་མི་ད་ཧྲི་ད་ཡ་སྭཱ་ཧཱ། དེས་ཚེ་འདིར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། མཐོང་ཐོས་དྲན་རེག་བདེ་ཆེན་ལ་འགོད། ཤེས་རབ་ཡེ་ཤེས་ཀྱི་སྣང་བ་རྒྱས། ལས་ཉོན་སྒྲིབ་པ་མྱུར་དུ་ཟད་ནས་དོན་གཉིས་ལྷུན་གྱིས་གྲུབ་པར་འགྱུར་རོ། །དེ་ལྟ་བུའི་ཟབ་མོ་ལས་བདུན་པོ་འདི་ནི་འཚོ་བྱེད་སྐལ་བཟང་རྣམས་དང་དམ་པ་རྣམས་ཀྱི་སྙིང་གི་ནོར་བུ་ལགས་ཏེ། དབྱིངས་ཀྱི་མཁའ་འགྲོའི་སྙིང་ཁྲག་དངས་མ་ལྟ་བུའི་ཆོས་སོ། །ཞེས་པའང་བཀའ་གཏེར་གྱི་མན་ངག་གི་རིམ་པ་ལྟར་ཕྱོགས་གཅིག་ཏུ་མི་ཕམ་པས་བྲིས་པ་དགེའོ་བཀྲ་ཤིསཿ ཟླ་བ་ལྔ་པའི་ཚེས་གསུམ་སྟེ་ཆུ་ལུག་ལའོ།། ༈ །།ནད་དགུ་ཞི་བའི་མན་ངག །རླུང་ལ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་འཇམ་དཔལ་
སེར་མདོག་ཐམས་ཅད་རལ་པོད་ཨུཏྤལ་ཅན། གི་སྐུ་ལས་མར་ཞུན་ལྟ་བུའི་བདུད་རྩིས་ལུས་གང་བར་བསམས་ལ། མི་གཡོ་རབ་ཏུ་དངས་བའི་བདག །ཞེས་བརྒྱ་རྩ་བརྒྱད་སོགས་བཟླས་ལ་བཏབ་པས་སེལ། ༈ ཚ་བར་སྤྱི་བོར་འཇམ་དཔལ་དཀར་པོ་ལས་ཟླ་ཞུན་ལྟ་བུའི་འོད་ཀྱིས་ལུས་གང་བར་བསམ། བསིལ་བར་གྱུར་པ་རྙོགས་པ་མེད། །ཅེས་བཟླ། ༈ གྲང་བར། ལྟེ་བར་འཇམ་དཔལ་དམར་སེར་གྱི་སྐུ་ལས་མེ་འབར་ནད་ཀུན་བསྲེགས་པར་བསམས་ལ། ཡེ་ཤེས་མེ་ལྕེ་འོད་རབ་གསལ། །ཞེས་བཟླ། ནད་ཐམས་ཅད་ཚ་གྲང་གཉིས་འདུས་པས་དེ་ལྟར་སྦྱར། ཕྱིའི་ནད་གསུམ་སེལ་བའོ། ༈ །མིག་གསལ་བར། མིག་གི་དབུས་འཇམ་དཔལ་མཐིང་ཀ་ཕྱག་གཉིས་ཆོས་འཆད་རྒྱས་ཨུཏྤ་ལ་འཛིན་པའི་ལྟེ་བར་ཉི་ཟླ་ཡོད་པའི་འོད་ཀྱིས་མིག་གི་རྩ་སྦུབས་སྦྱངས་ནས་ཐམས་ཅད་གསལ་བར་བསམ་པས། ཡེ་ཤེས་མིག་གཅིག་དྲི་མ་མེད། །ཅེས་བཟླ། ༈ ཤ་ཁྲག་སོགས་ནད་ཐམས་ཅད་ལ་འཇམ་དཔལ་གྱི་རལ་གྲིས་བཅད་པར་བསམས་ལ། རྡོ་རྗེ་རལ་གྲིས་མ་ལུས་གཅོད། །ཅེས་བཟླ། ༈ སྙིང་མི་བདེ་བ་ལ་སྙིང་ནང་འཇམ་དཔལ་བདེ་བ་ཆེན་པོ་སྐུ་མདོག་ཀྱང་དང་པོའི་དུས་ལྟར་བསྒོམས་ལ། བདེ་བ་རྙེད་པ་འཇིགས་མེད་ཐོབ། །ཅེས་བཟླ་ལུས་གནས་ཀྱི་ནད་གསུམ་སེལ་བའོ། ༈ །བློ་མི་གསལ་བ་ལ་སྙིང་གི་
དབུས་སུ་འཇམ་དཔལ་རྡོ་རྗེ་རྣོན་པོ་མཐིང་ཀ་རལ་གྲི་ཨུཏྤལ་སྔོན་པོ་འཛིན་པའི་སྐུའི་འོད་ཡེ་ཤེས་མེ་ལྕེས་སྙིང་ནང་གི་མུན་པ་གསལ། སྙིང་ལ་བུ་ག་དགུ་གཏོད་པར་བསམས་ལ། མ་རིག་སྒོ་ངའི་སྦུབ་འབྱེད་པ། །ཞེས་བཟླས་པས་རྨོངས་པའི་དྲྭ་བ་གཅོད་པར་འགྱུར་རོ། ༈ །ཉོན་མོངས་པ་ཤུགས་ཆེ་ན། སྙིང་ནང་འཇམ་དཔལ་དྲི་མེད་ཟླ་རྒྱས་ལྟ་བུའི་འོད་ཀྱིས་སྙིང་གི་མུན་པ་བསལ། སྙིང་ཟླ་ཟེར་ལྟ་བུའི་བདུད་རྩིས་བསིལ་ལྟེམ་གང་བར་བསམས་ལ། ཉོན་མོངས་མ་ལུས་ཞི་བྱེད་པ། །ཞེས་བཟླས་པས་སེལ། ༈ སྡུག་བསྔལ་ཞི་བར་དེ་བཞིན་ལ། །སྡུག་བསྔལ་གསུམ་སེལ་སྡུག་བསྔལ་ཞི། །ཞེས་བཟླ་སེམས་ཀྱི་ནད་བསལ་བའོ། ༈ །སྨན་ཐམས་ཅད་ལ། སྨན་པ་ཆེ་མཆོག་སོགས་ཚིགས་བཅད་གཅིག་བརྗོད་ནས་བཟླས། ༈ ཟས་ཟ་མོས་པར། སྒྱུ་འཕྲུལ་རྡོ་རྗེ་གསུམ་པོ་ཆེ། །བཟླས། དེས་མིད་གཅུས་ཀྱང་སེལ། ༈ དོན་འགྲུབ་པར། དོན་འགྲུབ་བསམ་པ་གྲུབ་པ་སྟེ། །ཞེས་བཟླ། ༈ འཇིགས་པ་ཐམས་ཅད་ལ། སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། །འཇིག་ཆེན་དགྲ་སྟེ་རབ་ཀྱི་མཆོག །འཇིགས་པ་མ་ལུས་སེལ་བ་པོ། །ཞེས་དང་། འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་པོ། །ཞེས་བཟླ། ༈ ཆུ་བརྒལ་བར། ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ། ༈ །ཡིད་དགའ་བར། དགའ་བ་ཆེན་པོ་མགུ་བ་ཆེ། ༈ །མི་འདོད་ཞི་བར། དབུགས་འབྱིན་ཆེན་
པོ་དགའ་སྟོན་ཆེ། ༈ །འབྱོར་རྒྱས། དཔལ་ལྡན་འབྱོར་བ་ཀུན་བྱེད་པ། ༈ །སྐལ་བཟང་། འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། ༈ །དཔལ་ཆེ་བར། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །སོགས་ཇི་འདོད་སྦྱར་བས་དགེ་ལེགས་འཕེལ་ལོ། །མི་ཕམ་པས་སོ།། ༈ །།དབང་པོ་དྲུག་གི་ནད་སེལ་བའི་མན་ངག །མིག་ན་བར་མིག་གི་ནང་དུ་ས་སྙིང་དཀར་པོ་མྱུ་གུ་དྲིལ་བུ་འཛིན་པ་གསལ། མོས་གུས་བསྐྱེད་དེ། ཨོཾ་ཀྵིཾ་ཧི་ར་ཛཱ་ཡ་སྭཱ་ཧཱ། བརྒྱ་རྩ་བརྒྱད་བཟླས་འོད་ཀྱིས་མིག་ནད་བསལ་བར་བསམ། འོད་ཞུ་མིག་ལ་བསྟིམ། དེས་མིག་ནད་ཞི་མིག་གསལ་ལོ། །གཞན་ལ་བྱེད་ན་དམིགས་པ་བསྒྱུར། ཕུས་གདབ་བོ། །མིག་གི་མངོན་ཤེས་འདོད་ནའང་དེ་བཞིན་གསོལ་བ་བཏབ་ལ་སྔགས་བཟླའོ། །དེ་བཞིན་རྣ་བར་ནམ་སྙིང་རལ་གྲི་དྲིལ་འཛིན་སེར། ཏྲཾ་ཨ་གརྦྷ་ཡ་སྭཱ་ཧཱ། སྣ་ལ་སྤྱན་རས་གཟིགས་དཀར་དམར་པདྨ་དྲིལ་འཛིན། ཧྲཱིཿ ཧ་ཧཱུྃ་པདྨ་བ་ད་མ་སྭ་ཧཱ། ལྕེ་ལ་ཕྱག་རྡོར་ལྗང་གུ་རྡོར་དྲིལ་ཅན། ཛྷིཾ་ཀུ་རུ་པཱ་ཎི་ཧྲཱིཿ སྭཱ་ཧཱ། ལུས་ལ་སྒྲིབ་སེལ་ལྗང་གུ་པོ་ཏི་དྲིལ་བུ་ཅན།ིཾ་ནི་ས་རཾ་བྷ་ཡ་སྭཱ་ཧཱ། སྙིང་ལ་འཇམ་དཔལ་དམར་སེར་ཨུཏྤལ་དྲིལ་འཛིན། མཱུཾ་ཤྲཱི་ཨ་རཱཾ་ག་ཡ་སྭཱ་ཧཱ། ཡང་ན་སོ་སོའི་ས་བོན། ཀྵེཾ་ཏྲཾ་ཧྲཱིཿ ཛྷིཾ་ཐླྷིཾ་མཱུཾ། རྣམས་ཐིག་ལེའི་དབུས་སུ་བསྒོམས་ཏེ་སྔགས་བཟླ་བར་བྱ་སྟེ་འདི་ནི་མན་ངག་ཡང་དག་པའོ། །མེ་བྱ་ཟླ་བ་དགུ་པའི་
ཚེས་དགུ་ལ་འཛོམ་པའི་ཁང་པར་དྷཱིས་བྲིས་མངྒ་ལཾ།། ༈ །།སྙིང་མི་བདེ་བ་སེལ་ཞིང་བདེ་བ་ཆེན་པོའི་ཏིང་འཛིན་བསྐྱེད་པའི་མན་ངག་ནི། སྐྱབས་སེམས་སོགས་བྱས་ལ། རང་གི་སྙིང་པདྨ་དཀར་པོ་འདབ་སྟོང་ཁ་འབུས་པའི་དབུས་སུ་ཟླ་གདན་ལ་ཨོ་རྒྱན་བདེ་བ་ཆེན་པོ་ཡབ་ཡུམ་ལོངས་སྐུ་ཚེ་དཔག་མེད་པའི་རྣམ་པ་ཅན། ཕྱག་མཉམ་བཞག་གི་སྟེང་ན་ཀ་པཱ་ལ་བདེ་ཆེན་བདུད་རྩིའི་གང་བ་ཡི་གེ་བྃ་གྱིས་མཚན་པ་འཛིན་པར་མོས་ལ་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས། ཡབ་ཡུམ་གཉིས་ཤིན་ཏུ་མཛེས་ཤིང་བདེ་ཆགས་ཆེན་པོས་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་འོད་ཟེར་དཀར་དམར་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བདེ་བ་ཆེན་པོའི་མཆོད་པས་མཉེས་པར་བྱས། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་ཐམས་ཅད་དང་བྲལ་ཏེ་བདེ་བ་ཆེན་པོའི་ས་ལ་བཀོད། འོད་སླར་འདུས་པས་སྣོད་བཅུད་ཐམས་ཅད་བདེ་བ་ཆེན་པོར་ཞུ་བའི་དངས་མ་དང་། རྒྱལ་བ་སྲས་བཅས་ཀྱི་ཐུགས་བདེ་བ་ཆེན་པོའི་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་དམར་སེར་གྱི་རྣམ་པར་བསྡུས་ཏེ་ཡབ་ཡུམ་ཀྱི་སྐུ་ལ་ཐིམ། བདེ་དྲོད་ལྷག་པར་འབར་བའི་སྦྱོར་བས་བདུད་རྩི་བྱང་ཆུབ་ཀྱི་སེམས་དམར་སེར་བདེ་བ་ཆེན་པོ་བབ་པས་རང་གི་སྙིང་གང་། འོད་ཟེར་ཆེན་པོས་ལུས་ཀྱི་རྩ་ཁམས་ཐམས་ཅད་དུ་བ་སྤུའི་བུ་གའི་མཐར་ཐུག་པར་ཁྱབ་པས་ལས་ངན་བག་ཆགས་རླུང་སེམས་མ་དག་གི་ཆ་ཀུན་སྦྱང་།
ལུས་དངས་པ་རྡུལ་བྲལ་ཤེལ་བུམ་ལྟ་བུ་ལ་ཡེ་ཤེས་ཀྱི་བདུད་རྩིས་གང་བས་བདེ་བ་ཆེན་པོའི་ཉམས་འབར་བར་བསམས་ལ། གཞན་ཡང་ལས་དང་སོགས་ཚིགས་བཅད་གཅིག་པོ་འབུམ་བསགས། དེ་ནས་ཟ་ཡིག་ཟ། མ་ཧཱ་སུ་ཁ་སིདྡྷི་ཧཱུྃ་གི་སྔགས་ཤམ་བགྲང་། བདག་དང་འགྲོ་བ་ཐམས་ཅད་བྱང་ཆུབ་སྙིང་པོ་མཐར་ཐུག་གི་བར་དུ་ཡིད་མི་བདེ་བ་མེད་ཅིང་། བདེ་ཆེན་འགྱུར་མེད་ནམ་མཁའ་ལྟ་བུའི་གནས་ཐོབ་པ་དང་། བདག་མཐོང་ཐོས་དྲན་རེག་ཐམས་ཅད་ཀྱང་ཡིད་མི་བདེ་ཐམས་ཅད་གཏན་དུ་ཞི་སྟེ། བདེ་བ་ཆེན་པོའི་གོ་འཕང་རྟག་པ་ཐོབ་པའི་སྨོན་ལམ་གདབ། དེས་རྟག་ཏུ་ཡིད་བདེ་བར་འགྱུར་རོ། །མེ་སྤྲེལ་ཟླ་བ་གཅིག་པའི་ཚེས་ཉེར་བཞི་ལའོ། །མངྒ་ལཾཿ ༈ །ནད་སེལ་གདམས་པ་བཞུགས། བསམ་པ་ལྷུན་གྲུབ་མའི་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག །ནད་ཅིས་ཀྱང་མ་ཕན་པ་མྱུར་དུ་ཞི་བར་འདོད་པས། རང་གི་སྤྱི་བོར་པདྨ་འདབ་མ་སྟོང་ལྡན་གྱི་སྟེང་དུ་ཟླ་བ་ཉ་གང་བའི་གདན་ལ་ཕྱོགས་དུས་རྒྱལ་བའི་ངོ་བོ་ཨོ་རྒྱན་སྨན་གྱི་བླ་མ་སྐུ་མདོག་མཐིང་གསལ་ཕྱག་གཉིས་མཉམ་བཞག་གི་སྟེང་ན་བདུད་རྩིས་གང་བའི་བཻཌཱུརྱའི་ལྷུང་བཟེད་བསྣམས་པ། དབུ་ལ་པདྨ་ཁ་འབུས་ཀྱི་མཉེན་ཞུ་གསོལ་ཞིང་། ཆོས་གོས་རྣམ་གསུམ་མནབ་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་གསལ་བཏབ་ལ། ལུས་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་པོ་
ཐམས་ཅད་སྨན་གྱི་ནོར་བུ་བདུད་རྩིའི་སྤྲིན་ཕུང་ཀུན་བཟང་མཆོད་པའི་སྤྲིན་གྱི་མཎྜལ་འབུལ་ལ། མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས། བླ་མའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པ་ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་བདུད་རྩིའི་བཅུད་དང་བརྟན་གཡོའི་སྨན་ཀྱི་ནུས་པ་རྣམས་བསྡུས་ནས་ཕྱག་གི་ལྷུང་བཟེད་ཀྱི་ནང་དུ་བབ། དེ་ལས་ཚད་པའི་ནད་ལ་བདུད་རྩི་ཟླ་ཞུན་ལྟ་བུ་བསིལ་བ་དང་། གྲང་བའི་ནད་ལ་དམར་པོ་ཚ་བའི་རྣམ་པ་ཅན་དང་། རླུང་ལ་དམར་སེར་མར་ཁུ་ལྟ་བུའི་རྣམ་པ་རང་གི་སྤྱི་བོ་ནས་ཞུགས་པས་ལུས་ཀྱི་ནད་ཐམས་ཅད་རྣག་ཁྲག་སོགས་ཀྱི་རྣམ་པར་དེད་ནས་བ་སྤུའི་སྒོ་སོགས་ནས་རླང་པ་སྔོན་དམར་ཀྱི་རྣམ་པར་ཡལ། ལུས་ཐམས་ཅད་འཆི་མེད་ཡེ་ཤེས་སྨན་གྱི་བདུད་རྩིས་གང་བར་བསམས་ལ། སེམས་ཅན་སྒྱུ་ལུས་མའི་གསོལ་འདེབས། རབ་འབུམ། འབྲིང་ཁྲི། ཐ་མ་སྟོང་ཕྲག་སོགས་ཅི་འགྲུབ་འབད་པས་རྨི་ལམ་དུ་ནད་ཐོན་པ་དང་། ཕན་པའི་ཐབས་སོགས་སྟོན་ཅིང་ནད་སེལ་བའི་བདེ་བ་ཚེ་དང་ཕུན་སུམ་ཚོགས་པ་མྱུར་དུ་ཐོབ་པར་འགྱུར་རོ། །ས་ཕག་ཟླ་བ་བདུན་པའི་ཚེས་ཉེར་བདུན་ལའོ།། ༈ །།རང་གི་སྙིང་རིན་པོ་ཆེའི་དཔལ་བེའུ་ཟུར་བརྒྱད་པའི་ནང་དུ་པདྨ་འདབ་སྟོང་དང་ཉ་རྒྱས་ཟླ་བའི་སྟེང་དུ་བླ་མ་བདེ་བ་ཆེན་པོ་པདྨ་སཾ་བྷ་ཝ། སྐུ་མདོག་དཀར་དམར་པཎ་ཞུ་དང་ཆོས་གོས་གསུམ་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་
།པའི་ཕྱག་གཉིས་མཉམ་བཞག་གིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཀ་པཱ་ལ་བསྣམས་པ། བདུད་རྩིའི་དབུས་ན་སྡུག་བསྔལ་ཀུན་སེལ་བྃ་ཡིག་དཀར་པོས་མཚན་པ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་ཀ་ནས་རང་བྱུང་ཡེ་ཤེས་ཀྱི་བདུད་རྩི་བདེ་བ་ཆེན་པོ་དཀར་དམར་འདྲེས་པའི་རྣམ་པར་བཀུགས་ཤིང་བྃ་ལ་ཐིམ། དེ་ལས་བདུད་རྩི་བྱུང་བས་སྙིང་དང་ལུས་ཀུན་ཏུ་ཁྱབ་སྟེ་ནད་གདོན་སྡུག་བསྔལ་རྨིང་ནས་བཅོམ། བདེ་ཆེན་འགྱུར་བ་མེད་པའི་ཡེ་ཤེས་རྒྱས་པར་བསམ། གཞན་ཡང་བརྟན་གཡོའི་དངས་བཅུད་ཀྱི་བདུད་རྩི་མ་ལུས་པའང་བཀུགས་ཏེ་ཐིམ་པར་བསམ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སིདྡྷི་ཧཱུྃ། ཨ་ཨ་ཙིཏྟ་སུ་ཁ་ཁཾ་ཁཾ། དམིགས་པ་དང་ལྡན་པར་འབུམ་གཅིག་བཟླས་ན། སྙིང་དང་སྲོག་རྩའི་ནད་ཡིད་མི་བདེ་བ་ཐམས་ཅད་གཏན་དུ་ཞི་ནས་ཡིད་ལ་བདེ་བ་ཆེན་པོ་རྟག་པའི་དཔལ་རྒྱས་པར་འགྱུར་རོ། །ལྕགས་གླང་ཟླ་བ་གསུམ་པའི་ཚེས་གསུམ་ལ་དྷཱིས་བྲིས་མངྒ་ལཾ། ༈ །གྲིབ་འཇོམས་སྦྱིན་སྲེག་ནི། རང་གི་སྐྲ་སེན་ཏིལ་ནག་སོགས་རྫས་གང་རུང་། ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ལ། ཨོཾ་རཾ། མེ་ནི་རང་བཞིན་ལྷུན་གྲུབ་པའི། །འཇིག་རྟེན་བྱིན་ཟའི་ངོ་བོ་ཉིད། །གོས་དཀར་ཡུམ་དུ་རྣམ་དག་པ། །ཡེ་ཤེས་མེ་ལྕེ་འབར་བའི་ཀློང་། །སྨེ་བར་བརྩེགས་པའི་ལྷ་ཚོགས་རྣམས། །
མ་འདྲེས་ཡོངས་རྫོགས་ཚུལ་དུ་གསལ། །དམ་ཚིག་ཡེ་ཤེས་གཉིས་མེད་པ། །རྡོ་རྗེ་གསང་བའི་དཀྱིལ་འཁོར་དུ། །རྫས་རྣམས་གཙང་དམེ་བྲལ་བ་ཡི། །དམ་ཚིག་བདུད་རྩི་བླ་ན་མེད། །ཀུན་བཟང་མཆོད་སྤྲིན་བདེ་ཆེན་གཏེར། །ཕུལ་བས་ལྷ་རྣམས་མཆོག་ཏུ་དགྱེས། །སྐུ་ལས་འབར་བའི་མེ་ལྕེ་སྤྲོས། །ནད་གདོན་གྲིབ་ཀུན་ལྷག་མེད་བསྲེག །གང་འདོད་ཕྲིན་ལས་ལྷུན་གྲུབ་གྱུར། །ཨོཾ་བྷུར་ཀུམ་མ་ཧཱ་པྲ་ཎ་ཡེ་བྷུར་ཙི་བྷུར་ཀི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུཾ་ཕཊ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་གྲིབ་དང་མི་གཙང་བ་ཐམས་ཅད་ཨགྣ་ཡེ་ཛྭ་ལ་རཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྒྱ་སྟོང་སོགས་ཕུལ་བས་དོན་གྲུབ་བོ། །མེ་བྱ་ཟླ་བ་གཉིས་པའི་ཚེས་བཅུ་དགུ་ལ་དྷཱིས་བྲིས་པ་དགེའོ།། ༈ །།གྲིབ་འཇོམས་རྡོ་རྗེའི་མེ་ལྕེ་ནི། སྐྱབས་སེམས་སྔོན་དུ་བཏང་། རང་གི་སྙིང་གར་སྡིག་པའི་ངོ་བོ་ཡི་གེ་ཀཾ་ནག་པོ་ལ་ནད་གདོན་སྡིག་སྒྲིབ་མི་གཙང་བ་ཐམས་ཅད་འུབ་ཀྱིས་འདུས་ཏེ་ཐིག་ལེ་ནག་པོར་གྱུར། ལྟེ་བའི་གཏུམ་མོ་ལས་མེ་ལྕེ་ཁྲོ་བོ་དབྱུག་ཐོ་འཛིན་པའི་རྣམ་པར་ཡར་བྱུང་བས་སྙིང་གའི་ཐིག་ལེ་ནག་པོ་དེ་ཤོག་སྐྱ་རླུང་གིས་བརྡས་པ་ལྟར་དེད། སྣ་སྒོར་སྡིག་པ་ནག་པོ་རྭ་ཅན་གྱི་རྣམ་པར་རྫས་ལ་ཐིམ་པར་བསམས་ལ། རླུང་ཁུག་ཅི་རིགས་བཟུང་སྟེ་དམིགས་པ་དང་བཅས་སྣ་སྒོར་རླུང་འབུད་པ་རང་གི་སྐྲ་སེན་དང་ཏིལ་ནག་སོགས་རྫས་ལ་རེག་པར་བྱ། ཐབ་ཏུ་མེ་སྦར་ལ། ཧཱུྃ་རཾ། མེ་ནི་རང་
བཞིན་རྣམ་དག་པ། །ཡེ་ཤེས་མེ་ལྕེ་འབར་བའི་ཀློང་། །སྨེ་བ་བརྩེགས་པ་ཁྲོས་པའི་སྐུ། །ཕྱག་གཉིས་ལེན་པའི་ཕྱག་རྒྱ་བསྣོལ། །སྲིད་གསུམ་ཟ་བར་བྱེད་པ་ཡི། །རྟོག་མེད་ཞལ་གྱིས་དཀྱིལ་འཁོར་གདངས། །སྔོན་གྱི་ཐུགས་དམ་ཆེན་པོ་བཞིན། །ཡེ་ནས་རྣམ་དག་ངང་ཉིད་དུ། །རྣམ་རྟོག་འཁྲུལ་བའི་གྲིབ་དང་སྐྱོན། །ཐམས་ཅད་མ་ལུས་ཟ་བར་མཛོད། །ཁྱེད་ལ་གཙང་དམེ་མཉམ་པ་ཉིད། །ཐམས་ཅད་མ་ལུས་བདུད་རྩིར་འགྱུར། །རྣམ་དག་ཆེན་པོའི་དམ་ཚིག་གིས། །བདག་ལ་མཆོག་ཐུན་དངོས་གྲུབ་སྩོལ། །ཞེས་བྱས་ལ་ཞལ་གྱི་དཀྱིལ་འཁོར་མེ་འབར་བས་སྡིག་གྲིབ་མི་གཙང་བ་ནག་ཉིལ་ཉིལ་དངོས་སུ་བསྟབ་པས་བྲུལ་བསྲེགས་ཏེ་གསོལ། དངས་མ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པས་སྐུ་ལུས་གང་སྟེ་དགྱེས་ནས་དངོས་གྲུབ་སྩོལ་བར་བསམ། ལྷ་ཡི་ཞལ་དུ་སྣང་སྲིད་དག་པའི་བདུད་རྩིར་འགྱུར་བའི་དོན་ཤེས་བཞིན། ཨོཾ་བྷུར་ཀུམ་མ་ཧཱ་པྲ་ཎ་ཡེ་བྷུར་ཙི་ར་ཀུ་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་ཁ་ཁ་ཁཱ་ཧི་ཁཱ་ཧི་ནད་གདོན་སྡིག་སྒྲིབ་མི་གཙང་པ་ཐམས་ཅད་ཨགྣ་ཡེ་ཛྭ་ལ་རཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་སོགས་ཕུལ་བས་གྲིབ་དང་མི་གཙང་བ་སོགས་འཕྲལ་དང་འཕྲལ་ལ་འཇོམས་ཤིང་མཆོག་ཏུ་རྣམ་དག་བདེ་བ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་ཏེ་ཤིན་ཏུ་ལས་མྱུར་རོ། །མེ་བྱ་ཟླ་བ་གསུམ་པའི་ཚེས་
བཅུ་གཉིས་ལ་དྷཱིས་བྲིས་པ་དགེ་ལེགས་འཕེལ། ༈ །གྲིབ་སེལ་ཆོ་ག་ནམ་མཁའ་རྣམ་དག་བཞུགས་སོ། །རིན་པོ་ཆེའི་བུམ་པ་དྲི་བཟང་གི་ཆུས་བཀང་བ་བཤམས་ལ། སྐྱབས་སེམས་ཚད་མེད་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷཱུྃ་ཡིག་ལས། རིན་ཆེན་བུམ་པ་མཚན་རྫོགས་ནང་། །དག་བྱེད་བདུད་རྩིའི་རྒྱ་མཚོའི་དབུས། །པདྨ་འདབ་ལྔའི་ལྟེ་བ་རུ། །ཁྲོ་བོ་སྨེ་བ་བརྩེགས་པ་ལྗང་། །ཕྱག་གཉིས་ཐུགས་ཀར་བསྡིག་མཛུབ་བསྣོལ། བཞེངས་སྟབས་རྒྱན་མེད་ནམ་མཁའི་སྐུ། །མདུན་ནས་བརྩམ་སྟེ་གཡས་བསྐོར་དུ། །འབྱུང་བ་ལྔ་ཡི་ལྷ་མོ་ལྔ། །རང་མདོག་དར་དང་རིན་ཆེན་བརྒྱན། །རང་རྟགས་ཕྱག་རྒྱ་བུམ་པ་འཛིན། བཞེངས་སྟབས་ཡེ་ཤེས་འོད་ཟེར་འབར། །དབྱིངས་ནས་ཡེ་ཤེས་སྤྱན་དྲངས་བསྟིམ། །བཛྲ་ས་མཱ་ཛཿཛཿཧཱུཾ་བཾ་ཧོཿ སྤྲོ་ན་མཆོད་བསྟོད་བྱ། མ་བྱས་ཀྱང་རུང་། རང་ཉིད་ཡི་དམ་ཐུགས་ཀ་ནས། འོད་འཕྲོས་བུམ་ལྷའི་ཐུགས་རྒྱུད་བསྐུལ། །སྣང་སྲིད་རྣམ་དག་བདུད་རྩིའི་འོད། །བདག་དང་བུམ་པར་སྤྲོ་ཞིང་འཁྱིལ། །ཞེས་དམིགས་ལ། ཨོཾ་རྐུཾ་མ་ཧཱ་པྲ་ཎ་ཡེ་རྩི་རྐུ་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། ཅི་འགྲུབ་དང་། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨ་ཨེ་རཾ་ བྷི་ཧེ་རཾ་བི་ན་རཾ་ ཤུདྡྷེ་ཤུདྡྷེ་ཨ་ཨ་ཨ་སྭཱ་ཧཱ། སྔགས་འདི་བཟླས་
ན་ཉམས་གྲིབ་སོགས་གྲིབ་ཀྱི་རིགས་ཐམས་ཅད་སེལ་ཏེ་སྦལ་བས་རྒྱ་མཚོ་རྙོགས་མི་ནུས་པ་ལྟར། རང་ལ་ཅིས་ཀྱང་མི་གནོད་པར་ག་ལྤོ་སོགས་རྒྱུད་ལས་གསུངས་པའི་གསང་སྔགས་ཁྱད་པར་ཅན་རྒྱ་མཚོ་ཁྲུས་ཀྱི་ལུང་ཡང་དག་པའོ། །དེས་ན་སྔགས་འདི་བརྒྱ་རྩ་སོགས་ཅི་འགྲུབ་བཟླས་ནས། བུམ་པའི་ལྷ་ཚོགས་ཐམས་ཅད་ཀྱིས། །བུམ་པའི་བདུད་རྩིས་ཁྲུས་བྱས་པས། །དམིགས་བྱའི་ནད་གདོན་གྲིབ་རྩོག་ཀུན། །ནག་ཉིལ་ཐོན་ནས་ལུས་དག་བསམ། །གོང་གི་སྔགས་གཉིས་སྦྲེལ་བ་དང་། །སྤྲོ་ན་ཨི་ཊ་སོགས་བཅས། །ཉེར་གཅིག་སོགས་བཟླས་ལུས་བཀྲུས་ཏེ། །ཁྲུས་ཆུས་སྦྲུས་པའི་གླུད་གཟུགས་ལ། །བསྒྲུབ་བྱའི་སྐྲ་སེན་གོས་དུམ་སྦྱར། །ཆང་བུ་ཟས་ལྷག་གང་འབྱོར་བརྒྱན། །ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། །སཾ་བྷ་ར་དང་མཚན་བཞིས་བསྔོ། །ཀྱེ། གྲིབ་དང་གླུད་བདག་ཕོ་མོ་རྣམས། །གྲིབ་གླུད་རྒྱན་ལྡན་འདི་བཞེས་ལ། །བཟུངས་པ་ཐོངས་ལ་བཅིངས་པ་ཁྲོལ། །ནད་ཀྱི་མདའ་ཕྱུངས་ཚེར་མ་ལོངས། །བདག་དང་རྒྱུ་འབྱོར་ཡོན་བདག་ལ། །གནོད་ཅིང་སྡིག་པར་མ་བྱེད་ཅིག །ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་དང་། །དྲན་དང་བཟུང་དང་བསམ་དང་རེག །ཀློད་དང་ཞི་དང་གྲོལ་བར་མཛོད། །ཆུ་ཀླུང་དག་གམ་འདྲེ་ལྔའི་སར། །བསྐྱལ་ལ་གནོད་རྒྱུན་ཆད་པར་བསམ། །ལྷ་རྣམས་ཡེ་ཤེས་
འོད་ཟེར་གྱིས། །དམིགས་བྱ་རྡོ་རྗེའི་སྐུར་གྱུར་པར། །མདུན་གྱི་ལྷ་ཚོགས་ཐམས་ཅད་དང་། །སངས་རྒྱས་སྲས་བཅས་ཐིམ་པར་བསམ། །ཨོཾ་ཨཱཿཧཱུྃ་བཛྲ་རཀྵ་རཀྵ་བྷཱུྃ༔ ཞེས་བཟླས་རྡོ་རྗེའི་ཕྱག་རྒྱ་ནི། །བསྒྲུབ་བྱའི་སྤྱི་བོའི་གཙུག་ཏུ་བཞག །དེ་ནས་ཆོས་ཀུན་རྣམ་དག་པ། །མཉམ་པ་ཆེན་པོའི་ངང་ལ་བཞག །ཤིས་པ་བརྗོད་པས་དགེ་ལེགས་བྱ། །གུ་གུལ་གླ་རྩི་ཤུ་དག་དང་། །ཏིལ་ནག་དྲི་བཟང་སྤོས་ཀྱི་རིགས། །ཕྱེ་མར་བྱས་པའི་ཐུམ་པོ་ལ། །གོང་སྔགས་བཏབ་པས་བདུག་བྱས་ན། །གྲིབ་ཀྱི་རིགས་ཀུན་འཕྲལ་དུ་སེལ། །ཡང་དག་ཁྲུས་ལུང་དགོངས་པ་བཞིན། །མེ་བྱ་ཟླ་བ་དྲུག་པ་ཡི། །ཉེར་དྲུག་འཇམ་དཔལ་དགྱེས་པས་སྤེལ། །དགེ་བས་འགྲོ་ཀུན་རྣམ་དག་ཤོག །འདི་ཤིན་ཏུ་ཕན་ཆ་ཆེ་བར་མངོན་ནོ། །མངྒ་ལཾ།། ༈ །།ཚེ་བདག་གི་བསམ་གཏན་བུམ་ཁྲུས་བཞུགས་སོ། །ན་མོ་མཉྫུ་ཤྲཱི་ཡེ། བསམ་གཏན་བུམ་ཁྲུས་ཀྱི་རིམ་པ་ལ་དང་པོ་ཕྱི་ལྟར་བསམ་གཏན་བུམ་པའི་ཆོ་ག་བྱ་བར་འདོད་ན། བསྙེན་པ་རྫོགས་ཤིང་བསྐྱེད་རིམ་གྱི་གདིང་དང་ལྡན་པས་ཡིད་མཐུན་པར་མཎྜལ་མེ་ཏོག་གིས་བརྒྱན་པའི་དབུས་སུ། རིན་པོ་ཆེའི་བུམ་པ་བྱི་དོར་བྱས་པར་དྲི་འབྲུ་སྨན་སྤོས་སྙིང་པོ་རིན་ཆེན་སོགས་ལྔ་ཚན་གྱི་རྫས་དང་ཆུ་སྣ་དགུ་ལ་སོགས་པས་བཀང་། ཁ་རྒྱན་མགུལ་ཆིངས་དང་ལྡན་པར་གཟུངས་ཐག་བཏགས། དེ་མཐར་མཆོད་པ་ཇི་འབྱོར་བཤམ་བྱིན་རླབས་བྱ། རང་སྟན་བདེ་བར་འདུག་ནས་སྐྱབས་
སེམས་སྔོན་དུ་བཏང་སྟེ། སྟོང་པའི་ངང་ལས་སྙིང་རྗེས་བཞེངས་པ་ཕྱག་རྒྱ་ཟིལ་གནོན་རྒྱན་གྱི་ལྷ་དང་བཅས་པར་གསལ། བདག་གི་ཐུགས་ཀར་ཧཱུྃ་ཡིག་འབར་བ་གསལ་ཞིང་ཧཱུྃ་ཞེས་བརྗོད་པས་ཧཱུྃ་ལས་འོད་འཕྲོས་བུམ་པའི་དངོས་འཛིན་སྦྱངས་ཏེ་སྟོང་པར་བསམ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་གཞལ་ཡས་ཁང་ཕྱི་ནང་མི་སྒྲིབ་པ་ཤེལ་སྒོང་དག་པ་ལྟ་བུ་གནམ་སྒོ་ཅན་གཅིག་ཏུ་གསལ་ལ་དེའི་ནང་དུ་གདན་གསལ་བཏབ་པ་ནས་བཟུང་སྟེ་ཟིལ་གནོན་གྱི་ལྷ་ཚོགས་རྣམས་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་གཞུང་བཞིན་བསྒོམས་ལ་འཁོར་དང་བཅས་པ་སྤྱན་དྲངས་ལ་བཞུགས་སུ་གསོལ། དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པས་མཆོད། དེ་ནས་བུམ་པ་ལ་གཟུངས་ཐག་དཀར་པོ་བཏགས་པའི་རྩེ་ན་སྲིན་ལག་གིས་བཟུང་སྟེ་སྔགས་བཟླས་པས། ལྷ་རྣམས་འོད་ཀྱི་གོང་བུ་ལ་གནས་པའི་ཀློང་ན་ཡེ་ཤེས་ཀྱི་འོད་ཟེར་འབར་ཞིང་ཡེ་ཤེས་བདུད་རྩིའི་རྒྱུན་བུམ་པར་འཁྱིལ་བར་བསམས་ལ་བཟླས་བརྗོད་ཅི་འགྲུབ་བྱ། དེ་ནས་ཉུངས་ཀར་སོགས་ལ་སྔགས་དྲག་ཏུ་བཟླས་ཏེ་བུམ་པར་བསྟིམས་པས། ལྷ་རྣམས་ཀྱི་འོད་ཟེར་གྱིས་ནད་གདོན་སྡིག་སྒྲིབ་སྦྱོང་ཞིང་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ། དེ་ལྟར་སྔགས་ཀྱི་འོད་ཟེར་རྒྱུན་མ་ཆད་པར་བྱ་ཞིང་རྗེས་ལ་ལྷ་རྣམས་འོད་དུ་ཞུ་སྟེ་བུམ་ཆུ་དང་དབྱེར་མེད་པ་ཡེ་ཤེས་ཀྱི་བདུད་རྩིར་བསམས་ལ། དེས་ཁྲུས་བྱས་པས་མ་རིག་པའི་རྣམ་
རྟོག་དང་དེས་བསྐྱེད་པའི་ནད་གདོན་སྡིག་སྒྲིབ་གྲིབ་དང་མི་གཙང་བ་ལ་སོགས་པ་ཐམས་ཅད་ཉི་མས་མུན་པ་བསལ་བའམ། ཤེལ་གྱི་སྣོད་ཆུས་བཀྲུས་པའམ། དུང་གི་རྡུལ་ཕྱིས་པ་ལྟར་དག་པར་གྱུར་ཏེ་སེམས་ཉིད་ནམ་མཁའ་དངས་པ་དང་ལུས་ཤེལ་གོང་ཕྱིས་པ་ལྟར་གྱུར་པར་བསམ། བུམ་ཆུ་ཁོང་དུ་འཐུང་པས་ཡེ་ཤེས་ཀྱི་བདུད་རྩིས་ལུས་མེ་རེ་གང་ནས་བ་སྤུའི་བུ་གར་ཉུག་ཙམ་རེ་དོན་པ་ཁྲོ་ཆུང་གི་རྣམ་པར་བསྒོམ། རང་སེམས་རྟོག་མེད་འོད་གསལ་གྱི་ངང་དུ་བཞག་གོ །སྔགས་ནི། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ༔ སརྦ་ཙིཏྟ་རོ་མྱགས་ཁ་ཐཾ་སྲོག་གཟིར་སྦུར་ནན་འདྲིད་ཕྱུངས་ཧྲི་ཤག་རྦད༔ ཅེས་སོ། །གསང་སྔགས་ཀྱི་རྒྱལ་པོ་འདིས་ནི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་། ནད་དང་གདོན་དང་དུག་དང་བྱད་ཁ་རྦོད་གཏོང་སོགས་གནོད་པ་མཐའ་དག་འཇོམས་པར་གསུངས་ཤིང་། ཁྱད་པར་གདོན་བགེགས་འདུལ་དཀའ་བ་ཁ་འཆིང་ཞིང་སྲུང་བ་དང་། གཟེར་བ་དང་ཚར་བཅད་པར་འགྱུར་ལ། མཛེ་ལ་སོགས་པའི་ནད་གསོ་དཀའ་བ་ཐམས་ཅད་དྲུང་ནས་འབྱིན་པ་དང་། བྱད་སྟེམས་མི་བཟད་པ་ཐམས་ཅད་ཕྱིར་བཟློག་པར་གསུངས་སོ། །རྒྱུད་ལས་ཀྱང་། བཟླས་པས་མི་འཆོར་ཐམས་ཅད་འཇོམས། །རྒྱུན་དུ་སྟོང་བཟླས་འཇམ་པོར་སྲུང་། །ཞག་ལྔའམ་བདུན་དུ་ཁྲི་རེ་བཟླས། །ཐོག་སེར་ས་གཡོ་རིམས་རླངས་དང་། །རྦོད་གཏོང་ཤི་ཁ་ཕྱེ་བ་དང་། །མཛེ་རིམས་མེ་བཞིན་མཆེད་པ་དང་། །
དུས་མིན་སྒྲ་དག་བྱུང་བ་དང་། །ཆུ་དང་མཚོན་ཆ་དར་བའི་ཚེ། །དྲག་ལ་རྩུབ་པའི་བཟླས་པའོ། །ཞེས་སོགས་གསུངས་པ་བཞིན་ཕན་ཡོན་ཚད་མེད་དོ། ༈ །གཉིས་པ་ནང་གི་ཁྲུས་ནི། བསམ་གཏན་རྒྱུན་གྱི་སྔགས་ཁྲུས་ཀྱིས་བསྲུང་བ་སྟེ། རང་ཕྱག་རྒྱ་ཟིལ་གནོན་དུ་བསྒོམ་པའི་སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་དུ་གནས་པ་ལ། སྙིང་དབུས་སུ་དངས་མ་ལྔ་འདུས་འོད་ཀྱི་ཐིག་ལེ་ཧཱུྃ་ནམ་མཁའི་མདོག་ཅན་འོད་འཕྲོ་བར་བསྒོམ། རྩ་འདབ་བརྒྱད་ལ། ཨེ་མྱགས་ཡ་རྔུབ་མུག་ཤག་ཀ་དུནཿ ཞེས་པའི་ཡིག་འབྲུ་བརྒྱད་ཀྱིས་སྤྲས་པར་བསྒོམ། དེ་ནས་སྔགས་བཟླས་པས་དབུས་ཀྱི་ཧཱུྃ་གི་འོད་ཟེར་གྱིས་རྩ་འདབ་བརྒྱད་ཀྱི་ཡི་གེ་འབྲུ་བརྒྱད་པོ་བསྐུལ་བ་ལས་སྔགས་རྣམས་ཡེ་ཤེས་ཀྱི་འོད་དུ་ཞུ་སྟེ། འོད་ཟེར་གྱི་ཚོགས་ཀྱིས་ལུས་ནང་ཀུན་ཏུ་རྩ་སྦུབས་ཐམས་ཅད་ལ་ཁྱབ་ནས། མ་རིག་པ་ཉོན་མོངས་པའི་རྣམ་རྟོག་དང་། དུག་ལྔ་ལས་སྐྱེས་པའི་འབྱུང་བཞིའི་ནད་བར་དུ་གཅོད་པའི་གདོན་བགེགས་གནོད་པ། དུག་དང་བྱད་སྟེམས་དང་ཕ་རོལ་གྱི་སྦྱོར་ངན་གྱི་ནུས་པ་དང་། འཕྲལ་རྐྱེན་མི་གཙང་བའི་ཉམས་གྲིབ་རྣམས་ཡེ་ཤེས་ཀྱི་འོད་ཟེར་གྱིས་སྦྱངས་ཤིང་འོད་དུ་ཞུ་ནས་སྟོང་སལ་སལ་ཡལ་སོང་བར་བསམ། ལུས་སེམས་ཡང་ཞིང་དངས་ལ་གསལ་བ་ཤེལ་གོང་དྲི་མ་བྲལ་བ་ལྟར་གྱུར་ནས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་སྟེ་ཕྲུ་མ་ཕུས་པ་ལྟ་བུར་སྟོང་སང་གིས་བསམ་
འདི་ནི་བསམ་གཏན་ནང་གི་ཁྲུས་ཏེ་ནད་གདོན་སྡིག་སྒྲིབ་སྦྱང་བའི་མཆོག་གོ །གསུམ་པ་ཆོས་ཉིད་རྣམ་པར་དག་པ་སྟོང་པ་ཉིད་དོན་གྱི་ཁྲུས་ནི། རང་གི་སེམས་ཉིད་སྟོང་པ་སྤྲོས་བྲལ་ལས་མི་འདའ་བའི་གནས་ལུགས་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་སྐུ་ཡེ་ནས་ཡིན་པ་ལ། སྤང་བླང་རྩོལ་སྒྲུབ་བྱ་མི་དགོས་པར་རང་ངོ་རང་གིས་ཤེས་པའི་ཚུལ་གྱིས་རང་བྱུང་གི་ཡེ་ཤེས་ལྷུན་གྲུབ་ཏུ་ཉམས་སུ་བླང་བར་བྱའོ། །དེའི་ངང་ལས་མ་འགག་པའི་འཆར་སྒོ་རིག་པའི་རྩལ་ལམ་གསལ་ཆ་ཉོན་མོངས་པའི་རྣམ་རྟོག་སྤྲིན་ལྟ་བུ་ཇི་ལྟར་བྱུང་ཡང་སེམས་ཀྱི་གནས་ལུགས་ཅིར་ཡང་མ་གྲུབ་པ་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ཉིད་ལས་མི་འདའ་བར་རང་ཤར་རང་གྲོལ་ཡེ་སྟོང་ཅོག་བཞག་ཆེན་པོའི་གཤིས་སུ་ལ་བཟླ་བར་བྱ་སྟེ། འདི་ནི་སྲུང་བ་ཀུན་ཀྱི་རྒྱལ་པོ་སྟོང་པའི་གོ་ཆ་བླ་ན་མེད་པའོ། །དེ་ལྟར་ཡང་རྒྱུད་ལས། གདོད་ནས་རྣམ་དག་ཡེ་ཤེས་སྐུ། །ལྷུན་གྱིས་གྲུབ་པ་ཡིན་པ་ལ། །རྩོལ་སྒྲུབ་རེ་དོགས་འཛིན་པ་བྲལ། །རྣམ་རྟོག་བག་ཆགས་སྤྲིན་ལྟ་བུ། །ནམ་མཁའ་ལྟ་བུར་འཛིན་པ་མེད། །བསྲུང་བ་ཀུན་གྱི་རྒྱལ་པོར་བཤད། །ཅེས་གསུངས་སོ། །ཁྲུས་ཀྱིས་བསྲུང་བའི་མན་ངག་ཕྱི་ནང་གསང་བའི་རིམ་པ་གུ་རུ་པདྨ་དང་གཙུག་ལག་དཔལ་དགེ་སོགས་རིག་འཛིན་བརྒྱུད་པའི་གདམས་པ་རྣམས་ལས་གསལ་པོར་ཟིལ་གནོན་དགྱེས་པས་བསྡེབས་པ་མངྒ་ལཾ།། ༈ །།ཙིཏྟ་རིན་
ཆེན་གཞལ་ཡས་སུ། །ཕྱག་རྒྱ་ཟིལ་གནོན་ལྷ་ཚོགས་ཀྱི། །སྐུ་ལས་ཡེ་ཤེས་འོད་ཟེར་འབར། །རབ་འབྱམས་ཆོས་དབྱིངས་ཞིང་ཁམས་ནས། །དཀོན་མཆོག་རྩ་གསུམ་རྒྱ་མཚོ་ཡི། །བྱིན་རླབས་ཡེ་ཤེས་བདུད་རྩི་ནི། །འོད་ཟེར་དཀར་པོའི་རྣམ་པར་བཀུག །རང་ལུས་ཐེམ་མེར་གང་གྱུར་ནས། །ནད་གདོན་སྡིག་སྒྲིབ་རྣམ་རྟོག་སྦྱངས། །སྒོ་གསུམ་རྡོ་རྗེར་བྱིན་རླབས་བསམ། །བུམ་ཁྲུས་སྔགས་བཟླས་པས་སྒོ་གསུམ་གྱི་ཉེས་པ་ཐམས་ཅད་རྨིང་མེད་ཞི་ནས་དངོས་གྲུབ་ཐོབ་པར་འགྱུར་རོ། །ལྕགས་གླང་ཟླ་བ་གཉིས་པའི་ཚེས་ཉེར་བརྒྱད་ལ་དྷཱིས་བྲིས་མངྒ་ལཾ། ༈ །ཨོཾ་ཨཱཿཧཱུྃ། རང་བྱུང་ཆོས་ཀྱི་དབྱིངས་དང་མཉམ་པ་ཡི། །སྣང་སྟོང་ཡེ་ཤེས་སྒྱུ་མར་ཤར་བ་ལས། །ཕྱི་ནང་གསང་བ་འདོད་རྒུའི་མཆོད་པའི་སྤྲིན། །རྟག་ཁྱབ་ལྷུན་གྲུབ་ཟག་མེད་བདེ་བའི་གཏེར། །རྒྱལ་དང་རྒྱལ་བའི་སྲས་ཀྱི་སྒྱུ་འཕྲུལ་དཔལ། །རོ་མཉམ་དག་པ་ཆེན་པོའི་བདུད་རྩི་འདིས། །རྗེ་བཙུན་པདྨ་ཐོད་ཕྲེང་ལ་སོགས་པ། །བརྒྱུད་གསུམ་རིག་འཛིན་བླ་མའི་ཐུགས་དམ་བསྐང་། །བྱིན་རློབས་དབང་བསྐུར་རྡོ་རྗེའི་ཡེ་ཤེས་བསྐྱེད། །འཇམ་དཔལ་རྡོ་རྗེ་གྲུབ་པའི་དངོས་གྲུབ་སྩོལ། །དཔལ་ཆེན་སྒྲུབ་སྡེ་ཆེན་པོ་བརྒྱད་ལ་སོགས། །ཡི་དམ་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །བྱིན་རློབས་དབང་བསྐུར་རྡོ་རྗེའི་ཡེ་ཤེས་བསྐྱེད། །འཇམ་
དཔལ་རྡོ་རྗེ་གྲུབ་པའི་དངོས་གྲུབ་སྩོལ། །རྡོ་རྗེ་ཕག་མོ་ཌཱ་ཀི་སྡེ་ལྔ་སོགས། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་། །བྱིན་རློབས་དབང་བསྐུར་རྡོ་རྗེའི་ཡེ་ཤེས་བསྐྱེད། །འཇམ་དཔལ་རྡོ་རྗེ་གྲུབ་པའི་དངོས་གྲུབ་སྩོལ། །ཁྱད་པར་ཕྱོགས་དུས་རྒྱལ་བའི་ཡེ་ཤེས་སྐུ། །ཁྱབ་བདག་འཇམ་དཔལ་རྡོ་རྗེའི་ཐུགས་དམ་བསྐང་། །བྱིན་རློབས་དབང་བསྐུར༴ འཇམ་དཔལ་རྡོ་རྗེ༴ བླ་མ་མཆོག་དང་ཡི་དམ་འཇམ་པའི་དབྱངས། །རང་སེམས་དབྱེར་མེད་ཐིག་ལེའི་ཐུགས་དམ་བསྐང་། །བྱིན་རློབས༴ འཇམ་དཔལ༴ མ་མགོན་གཟའ་རྡོར་ལས་ཀྱི་གཤིན་རྗེ་སོགས། །རྒྱུད་གསུམ་སྣང་སྲིད་དྲེགས་པའི་ཐུགས་དམ་བསྐང་། །བྱིན་རློབས༴ འཇམ་དཔལ༴ སེང་ཆེན་ནོར་བུ་དགྲ་འདུལ་ལ་སོགས་ཏེ། །སྣང་སྲིད་དགྲ་བླ་ཝེར་མའི་ཐུགས་དམ་བསྐང་། །བྱིན་རློབས༴ འཇམ་དཔལ༴ རྣམ་སྲས་ཛམ་ལྷ་རྨ་རྒྱལ་ཀླུ་དབང་སོགས། །གཏེར་བདག་ནོར་ལྷ་རྒྱ་མཚོའི་ཐུགས་དམ་བསྐང་། །བྱིན་རློབས༴ འཇམ་དཔལ༴ ཀུན་ཁྱབ་བདེ་གཤེགས་སྙིང་པོའི་སྲོག་དང་ལྡན། །མཁའ་ཁྱབ་སྐྱེ་རྒུ་ཀུན་གྱི་ཐུགས་དམ་བསྐང་། །མདོར་ན་སྣང་སྲིད་འཇམ་པའི་རྡོ་རྗེ་ཡི། །དཀྱིལ་འཁོར་དག་པ་ཆེན་པོའི་ཐུགས་དམ་བསྐང་། །དེ་ལྟར་ཐུགས་དམ་བསྐང་བའི་མཐུ་བྱིན་གྱིས། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །མི་མཐུན་རྐྱེན་
ངན་བར་ཆད་དབྱིངས་སུ་ཞི། །མཐུན་རྐྱེན་ཚེ་དཔལ་འདོད་དགུ་དཔལ་དུ་འབར། །སྣང་སེམས་བདེ་སྟོང་ཆེན་པོར་དབང་དུ་འདུས། །དགྲ་བགེགས་གནོད་བྱེད་ཐལ་བ་རྡུལ་དུ་རློགས། །བྱད་ཕུར་ཆག་ཆེན་ཉམ་ང་མ་ལུས་བཟློག །མཐུ་སྟོབས་ནུས་པ་བསྐལ་བའི་མེ་ལྟར་འབར། །སྙན་དང་གྲགས་པས་ས་སྟེང་ཀུན་ཏུ་ཁྱབ། །ཆོས་སྲིད་མི་ནུབ་ནོར་བུའི་རྒྱལ་མཚན་བསྒྲེངས། །ཡིད་ལ་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །གང་སྣང་བདེ་སྟོང་རྡོ་རྗེར་ཤར་གྱུར་ནས། །རྣམ་དཀར་བརྩོན་པ་བསྐལ་པའི་མེ་བཞིན་འབར། །མྱུར་དུ་ཟུང་འཇུག་རྡོ་རྗེའི་སྐུ་འགྲུབ་ཅིང་། །འབྲེལ་ཚད་ཆོས་སྐུར་སྨིན་པའི་དངོས་གྲུབ་སྩོལ། །ཞེས་ཤིང་ཕག་ཟླ་བ་གཉིས་པའི་ཚེས་ཉེར་བཞི་ལ་མི་ཕམ་པས་སོ། །མངྒ་ལཾ།། ༈ །།སྨན་རག་གཏོར་གསུམ་མཆོད་པ་བྲོ་བཅས་བཞུགས། སྨན་མཆོད་ནི། ཀ་པཱ་ལར་བདུད་རྩི་བཤམས་སྨན་རྫས་བཏབ། བསང་སྦྱངས། སྟོང་པའི་ངང་ལས་ཨཱཿལས་ཀ་པཱ་ལ་ཆོས་ཀྱི་དབྱིངས་དང་མཉམ་པར་ཉི་ཟླའི་སྟེང་དུ་དཔའ་བོ་འབྲུ་ལྔ་ལས་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབ་པས་ཀ་པཱ་ལ་མེར་མེར་གང་། འཁོར་འདས་ཀྱི་བདུད་རྩིའི་དངས་མ་ཐམས་ཅད་ཀྱང་བསྡུས་ནས་ཐིམ་པས་འཆི་བ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿ ཋཿ ཞེས་པས་བྱིན་གྱིས་
བརླབས། གཞན་བདུད་རྩི་བྱིན་རླབས་བྱས་ཀྱང་རུང་། ཆེ་བ་བརྗོད་པ་ནི། ཧཱུྃ། བདུད་རྩིའི་སྣོད་ནི་ཀ་པཱ་ལ། །བཅུད་ནི་བྱང་ཆུབ་སེམས་ཀྱི་རྒྱུན། །རྐྱེན་ནི་འབྲུ་གསུམ་ནུས་པས་བྱས། །དོན་ནི་སྐྱེ་འཆི་མེད་པ་ལ། །ལས་ནི་རྟོག་པའི་དྲི་མ་འཇོམས། །དེ་ཕྱིར་བདུད་རྩི་ཨ་མྲྀ་ཏ། །ལྷ་ལ་ཕོག་ན་དགྱེས་པ་སྐོང་། །སྲིང་ལ་ཕོག་ན་དམ་ལ་འདུ། །རྣལ་འབྱོར་ལ་ཕོག་སྒྲིབ་པ་སྦྱོང་། །དགྲ་ལ་ཕོག་ན་ཐལ་བར་བརླག །བགེགས་ལ་ཕོག་ན་མྱོས་སུ་འཇུག །རྫས་ལ་ཕོག་ན་ནུས་པ་བསྐྱེད། །གང་ལ་ཕོག་ཀྱང་སྟོབས་དང་ལྡན། །ཨོཾ་བཛྲ་ཨ་མྲྀ་ཏ་སརྦ་པཉྩ་ཧཱུྃ། ཞེས་བྱས་དཀྲུགས་ཤིང་ཕྱར་ལ། ཧཱུྃ། བདེ་གཤེགས་རིགས་ལྔའི་བདུད་རྩིའི་བྱང་ཆུབ་སེམས། །འཁོར་བའི་དུག་སེལ་ཞི་ཁྲོ་མཆོད་པའི་མཆོག །སེམས་རྒྱུད་དག་པས་མཉམ་ཉིད་དབྱིངས་སུ་བསྡུས། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཞེས་མཆོད། སྤྲོ་ན་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གང་མོས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཞེས་འབུལ། ཁྱད་པར་ལྷ་ཨོཾ་མཉྫུ་ཤྲཱི་ཡ་མནྟ་ཀ་ཧཱུྃ་ཕཊ། རྩ་སྔགས་སོགས། ཡང་ན། ཨོཾ་ཤྲཱི་ཧེ་རུ་ཀ་ས་པཱ་རི་ཝཱ་ར་སོགས། ཡི་རྩ་སྔགས་མཐར། མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་གྲངས་བསོགས། མཉམ་མེད་མས་བསྟོད་ལ། མཐར་དངོས་གྲུབ་ཏུ་བླང་བ་ནི། བདུད་རྩི་གནས་གསུམ་དུ་རེག་ལ། ཧཱུྃ། ལྕེ་
ཡི་དམ་ཚིག་རྡོ་རྗེ་ལ། །རྡོ་རྗེ་ཅན་གྱི་འབྲུ་གསུམ་བསྒོམ། །བདུད་རྩི་ལྔ་དང་སྦྱར་བའི་སྨན། །ཟོས་ན་སྐུ་གསུང་ཐུགས་ཐོབ་འགྱུར། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཕ་ལ་ཧོཿ ཞེས་མྱོང་། དགེ་བསྔོ་སོགས་བྱའོ།། ༈ །།རཀྟ་ནི། བསངས་སྦྱངས། སྟོང་པའི་ངང་ལས་ཐོད་པ་ལྕང་ལོ་ཅན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། པདྨ་དམར་པོ་ཁ་ཕྱེས་པའི་དབུས་སུ་ར་དམར་པོ་ལས་འོད་འཕྲོས་དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལྷ་མོ་གཱིརྟི་དམར་པོ་ཁྲོ་འཛུམ་ལང་ཚོ་ལྡན་པ་གྲི་ཐོད་ཅན་གཅེར་བུ་རུས་པ་དང་རིན་པོ་ཆེ་དུར་ཁྲོད་ཀྱི་ཆས་ཅན། གར་ཐབས་སུ་བཞུགས་པའི་ཐུགས་ཀར་ཉི་སྟེང་ར་དམར་པོའི་མཐར། ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿ ཋཿཞེས་པས་བསྐོར་བ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་རཀྟའི་ལྷ་མོ་གཱིརྟི་མའི་ཐུགས་རྒྱུད་བསྐུལ། དེ་ཉིད་ཡེ་ཤེས་སེམས་དཔའི་ཚུལ་དུ་བྱོན་ནས་དམ་ཚིག་གི་ལྷ་མོར་ཐིམ་པས་གཉིས་སུ་མེད་པར་གྱུར་པ་ལ་མཆོད་ཅིང་བསྟོད། ལྷ་མོའི་བྷ་ག་ནས་རཀྟའི་རྒྱུན་དམར་ཆི་ལི་ལི་བབ་པ་ཀ་པཱ་ལའི་རཀྟར་འདྲེས་པས་རྦ་རླབས་དང་ལྦུ་བ་རི་རབ་ལྟར་འཕྱོ་བའི་ཁྲག་གི་རྒྱ་མཚོ་འཁྱིལ་བ། རླངས་པ་སྔོ་དམར་སྤྲིན་ལྟར་འཁྲིགས་པའི་ནང་དུ་མི་རོ་རྟ་རོ་ལང་ལོང་འཕྱོ་བ། རླངས་ཀྱི་འོད་ཟེར་མགར་གྱི་ཚྭ་ཚྭ་ལྟར་འཕྲོ་བ་སྟེང་འོག་ཕྱོགས་
མཚམས་ཀྱི་ལྷ་མོ་ཐམས་ཅད་ལ་ཕོག །དེ་རྣམས་ཀྱི་ཆགས་པའི་རྒྱུད་བསྐུལ་བ་ཙམ་གྱིས་གསང་བ་ནས་རཀྟའི་རྒྱུན་ཆར་ལྟར་བབ་པ་ཐོད་པའི་རཀྟ་དང་གཉིས་སུ་མེད་པར་གྱུར་པས་སྣང་སྲིད་ཀྱི་མདངས་དང་ཆགས་པ་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ་ཆགས་པ་ཐམས་ཅད་བདེ་བ་ཆེན་པོར་གྲོལ་བའི་དམ་རྫས་ཆེན་པོར་གྱུར། རཀྟའི་སྔགས་གོང་གི་དེས་བྱིན་རླབས་བྱ། ཆེ་བ་བརྗོད་པ་ནི། ཧཱུྃ། བྷནྡྷ་རློན་པ་སྐྲ་ཡི་བ་དན་ཅན། །རིན་ཆེན་དུང་ཁང་འབར་བའི་སྣོད་མཆོག་ཏུ། །རཀྟ་ཁྲག་གི་རྒྱ་མཚོ་དམར་ནག་འཁྱིལ། །མ་ཧཱ་རཀྟ་རུ་ཏྲ་བསྒྲལ་བའི་ཁྲག །ལུས་ཀྱི་རཀྟ་རྩ་ཆེན་འདུས་བའི་ཁྲག །རྟེན་འབྲེལ་བཅུ་གཉིས་འདུས་པ་འབྱུང་བའི་ཁྲག །འདོད་ཆགས་རང་གྲོལ་གིརྟི་གསང་བའི་ཁྲག །ཆུ་དང་མ་འདྲེས་དངས་མ་འདུས་པའི་ཁྲག །རྒྱུ་རྐྱེན་སྣ་ཚོགས་ལས་བྱུང་དམར་ཆེན་པོ། །ཏིང་འཛིན་དགོངས་བརྒྱུད་དག་པས་བྱིན་གྱིས་བརླབ། །ཡེ་ཤེས་རཀྟ་ལྷ་ཚོགས་དགྱེས་པའི་རྫས། །རང་བཞིན་རྣམ་དག་བཅུད་ཆེན་བདེ་དྲོད་འབར། །ཕྱོགས་ཀྱི་རྦ་རླབས་ཕྱོགས་ནས་ཕྱོགས་སུ་བསྐྱོད། །འོད་ཟེར་སྤྲིན་འཁྲིགས་རོ་ཡི་ལང་ལོང་འཕྱོ། །ཆགས་པའི་བཅུད་བསྡུས་ཁྲག་འཐུང་དགྱེས་པའི་རྫས། །འཁོར་བ་གནས་སྟོངས་གདུག་ཅན་སྙིང་ཁྲག་འདྲེན། །དམ་རྫས་དམར་ཆེན་རཀྟ་ཨེ་མ་ཧོཿ ཞེས་དཀྲུག་ཅིང་ཕྱར་ཙམ་བྱས་ལ། མཆོད་པ་ནི། ཧཱུྃ། དུར་ཁྲོད་
།རབ་འཇིགས་ཕོ་བྲང་ནས། །དམར་མོ་མདངས་ལྡན་ཌཱཀྐི་མ། །འཁོར་དུ་འདོད་ཆགས་དམར་མོ་འབུམ། །བྷ་ག་བགྲད་ཅིང་རོལ་རྩེད་མཛད། །གར་སྟབས་འཁྱུད་ཅིང་བདུད་དཔུང་འཇོམས། །གསང་བར་རཀྟའི་རྦ་རླབས་འཁྲུགས། །བྷནྡྷར་ཁྲག་གི་ཆར་རྒྱུན་འབེབས། །ལྷ་ཚོགས་དགྱེས་པ་བསྐང་མཛད་ཅིང་། །མཆེད་ལྕམ་རྣམས་ལ་དངོས་གྲུབ་སྟེར། །རྣལ་འབྱོར་ཉམས་དང་རྟོགས་པ་སྤར། །མཆོད་པའི་ལྷ་མོ་རྣམ་རོལ་མ། །ཁྱེད་ཀྱི་རྫུ་འཕྲུལ་ལས་བྱུང་ཞིང་། །རྟེན་འབྲེལ་ཁྲག་དང་རྒྱུ་རྐྱེན་ལས། །རང་བྱུང་དམར་ཆེན་རྒྱ་མཚོར་འཁྱིལ། །འདི་ནི་མཆོད་པ་ཆེན་པོ་སྟེ། །མཆོད་འོས་རྣམས་ཀྱང་མཆོད་པར་བགྱི། །བསྐང་འོས་རྣམས་ཀྱང་བསྐང་བགྱིད་དེ། །མཆོད་དོ་བསྐང་ངོ་གཡར་དམ་ཅན། །དམར་ཆེན་རཀྟའི་མཆོད་པ་འདི། །རྩ་བརྒྱུད་བླ་མ་རྣམས་ལ་འབུལ། །ཐུགས་དམ་བསྐང་ཕྱིར་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། དེ་བཞིན་དམར་ཆེན་མཐར་ཡི་དམ་མཁའ་འགྲོ་སོགས་དེ་བཞིན་སྦྱར། ཁ་བསྒྱུར་ལ། རང་རང་གི་སྔགས་ལ། མ་ཧཱ་རཀྟ་སྦྱར་བས་མཆོད། མཐར། ཧཱུྃ། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ། དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་ར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་འཁྱིལ། །མཁའ་འགྲོ་འབར་
བའི་ཚོགས་བཅས་ཀྱིས། །མ་ལུས་གཤེགས་ནས་བསྣམས་སུ་གསོལ། །ཁྱེད་ཀྱི་ཐུགས་དམ་དགྱེས་བསྐངས་ཏེ། །རྣལ་འབྱོར་བདག་ལ་བྱིན་གྱིས་རློབས། །མཐུ་དང་དབང་གི་དངོས་གྲུབ་ཀུན། །ད་ལྟ་ཉིད་དུ་སྩོལ་བར་མཛོད། །ཡི་དམ་དེའི་རྩ་སྔགས་ཤམ། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་གྲངས་བསགས་མཐར་འཁོར་འདས་ཆགས་པའི་དངས་བཅུད་བདེ་ཆེན་ཐམས་ཅད་འོད་དམར་པོའི་རྣམ་པས་དངོས་གྲུབ་བླང་ཞིང་། རྩ་སྔགས་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་དང་བསྐལ་པ་མེ་ལྟར་མས་བསྟོད་ཅིང་དགེ་བསྔོ་ཤིས་བརྗོད་བྱའོ།། ༈ །།གཏོར་མ་ནི། བསང་སྦྱངས། རང་ཉིད་ལྷ་ཡི་ཐུགས་ཀ་ནས་འོད་ལྔ་འཕྲོས་པས་གཏོར་མའི་ཉེས་སྐྱོན་སྦྱངས། སྟོང་པའི་ངང་ལས་རླུང་དཀྱིལ་གཞུ་དབྱིབས་མཆོག་མར་བ་དན་དང་ཆང་ཟུང་ཡཾ་གིས་མཚན་པའི་སྟེང་དུ་རཾ་ལས་མེ་དཀྱིལ་གྲུ་གསུམ་འབར་བཞིན་པ། དེ་སྟེང་ཀེཾ་ལས་ཐོད་པ་བུམ་རི་ལ་ལྟག་པ་ནང་བསྟན་གྱི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨཱཿལས་ཐོད་པ་དུམ་བུ་གཅིག་པ་དཔྲལ་བ་རང་ལ་བསྟན་པ། ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དབུས་སུ་ཤུ་དང་ན་ལས་བྱང་སེམས་དང་མིའི་ཤ །ཤར་དུ་མཾ་དང་གྷོ་ལས་ཤ་ཆེན་གྱི་དངས་མ་ཀླད་པ་དང་རྟའི་ཤ །ལྷོར་ར་དང་ཧ་ལས་རཀྟ་དང་གླང་པོ་ཆེའི་ཤ །ནུབ་ཏུ་བི་དང་དྷ་ལས་དྲི་ཆེན་དང་བ་ལང་གི་ཤ །བྱང་དུ་མུ་དང་ཀུ་ལས་དྲི་ཆུ་དང་ཁྱི་ཡི་ཤ་རྣམས་དཔག་ཏུ་མེད་ཅིང་། ཤ་ལྔ་དྲོད་མ་ཡལ་བ་དང་།
བདུད་རྩི་ལྔ་རླངས་པ་མ་ཡལ་བའི་སྟེང་དུ། ཉི་མ་དང་ཟླ་བ་པདྨ་སུམ་བརྩེགས་ཀྱི་གདན་སྟེང་ཁ་ཊྭཱྃ་ནག་པོ་མགོ་ཐུར་བསྟན་གྱི་རྩེ་མོར་ཨོཾ། སྐེད་པ་ཨཱཿརྟིང་པར་ཧཱུྃ་བསམ། བདག་ཡི་དམ་ཤངས་བུག་གཡས་ནས་རླུང་འབྱིན་པ་དང་སྦྲགས་ཏེ་ཧཱུྃ་སྔོ་སྐྱ་འཕྲོས་པས་རླུང་དཀྱིལ་གྱི་བ་དན་བསྐྱོད། ཡཾ་ལ་ཕོག་པས་རླུང་གཡོས། རཾ་ལ་ཕོག་པ་མེ་འབར་བས་ཐོད་པ་དྲོས་ཏེ་ཤ་ལྔ་བདུད་རྩི་ལྔ་ཡིག་འབྲུ་དང་བཅས་པ་ཆིལ་གྱིས་ཞུ། ཉེས་སྐྱོན་ཐམས་ཅད་དབུ་བའི་ཚུལ་དུ་ཕྱིར་འཐོན། རླངས་པ་འོད་ཟེར་གྱི་ཚུལ་དུ་ཕྱོགས་ཐམས་ཅད་དུ་འཕྲོས་པས། ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས། ཐོད་པའི་ནང་གི་དམ་ཚིག་གི་བདུད་རྩི་ལ་ཐིམ། ཁ་ཊྭཱྃ་གིས་དཀྲུག་པས་གཉིས་སུ་མེད་པར་འདྲེས། སླར་ཁ་ཊྭཱྃ་ཡིག་འབྲུ་གདན་དང་བཅས་པ་འོད་དུ་ཞུ་ནས་བདུད་རྩིར་གྱུར་པ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་གྱུར། ལག་གཡོན་ཟླ་སྟེང་སྐུའི་ངོ་བོ་ཨོཾ་དཀར་པོའི་འོད་ཕོག་པས་གཏོར་མའི་དྲི་མ་དག་པར་བསམ། ཨོཾ་ལག་གཡས་ཉི་སྟེང་ཨཱ་དམར་གསུང་གི་ངོ་བོའི་འོད་ཀྱིས་དཔག་ཏུ་མེད་པར་སྤེལ། ཨཱཿལག་གཉིས་ཁ་སྦུབ་མཐེ་བོང་བསྣོལ་བའི་དབུས་སུ་སྒྲག་ཅན་གྱི་དཀྱིལ་འཁོར་ལ་ཐུགས་ཀྱི་བདག་ཉིད་ཧཱུྃ་ནག་པོའི་འོད་ཀྱིས་གཏོར་མ་དཔལ་དང་གཟི་བརྗིད་འབར་བར་བསམ། ཧཱུྃ།
ལག་གཉིས་བྱ་ཁྱུང་གི་ཕྱག་རྒྱ་བཅིང་པའི་མཐིལ་དུ་ཡེ་ཤེས་རྡོ་རྗེ་ཧོ་སེར་པོའི་འོད་ཀྱིས་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་དངས་ཤེལ་ལྟ་བུ། རོལྷའི་བདུད་རྩི་མཆོག་ལྟ་བུ་བསམ། ཧོཿཞེས་བརྗོད། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིནྟ་ཏེ་ཛྭ་བ་ལིངྟ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་སྭཱ་ཧཱ། གཏོར་ཛབ་བཟླས་པས་བྱིན་གྱིས་རླབས། ཆེ་བ་བརྗོད་པ་ནི། ཨོཾ་ཨཱཿཧཱུྃ་ཧོཿབདེ་བར་གཤེགས་པ་བཅོམ་ལྡན་འདས། །སངས་རྒྱས་ཀུན་གྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཡེ་ཤེས་མཆོག་གི་ངོ་བོ་ཉིད། །སྣོད་བཅུད་རང་བཞིན་གདོད་ནས་དག །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །བ་ལིང་རྒྱ་ཁྱོན་བཅུད་དང་ལྡན། །རྒྱལ་བ་རྒྱ་མཚོ་དགྱེས་པའི་རྫས། །ཤ་ལྔ་བདུད་རྩི་རབ་སྦྱར་ཞིང་། །དབང་པོའི་སྤྱོད་ཡུལ་མཁོ་དགུ་ལྡན། །མགྲོན་རིགས་གང་ལ་ཇི་འདོད་རྣམས། །སོ་སོར་དགྱེས་པ་ཆེན་པོར་བསྐང་། །ཞེས་བྱས་ལ། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པ། །དམ་ཚིག་བཞིན་དུ་ཅི་བདེར་བཞེས་སུ་གསོལ། །སྣང་སྲིད་རྣམ་དག་དཔལ་གྱི་གཏོར་མ་ཆེ། །འདོད་ཡོན་མི་ཟད་རོལ་བ་ཡེ་ཤེས་རྒྱན། །དམ་རྫས་མཆོག་གི་མཆོད་པ་དམ་པ་འདི། །རྩ་བརྒྱུད་བླ་མའི་ཚོགས་ལ་མཆོད་པར་འབུལ། །ཨོཾ་མ་ཧཱ་བ་ལིངྟ་ཁ་རཾ་ཁཱ་ཧི། དེ་བཞིན་ཚིག་ཐ་མ། ཡི་དམ་མཁའ་འགྲོ། ཆོས་སྐྱོང་ཁ་བསྒྱུར་ཏེ་སྔགས་བཅས་ཀྱིས་
མཆོད། དེ་ནས་གཏོར་གྲངས་བཞིན་ལྷ་དེའི་རྩ་སྔགས་དང་མ་ཧཱ་བ་ལིངྟ་ཁ་རཾ་ཁཱ་ཧི་སྦྱར་བས་གྲངས་བསོགས། བསྟོད་པའི་མཐར། ཧཱུྃ། སྣོད་དང་བཅུད་དུ་རབ་ལྡན་ཞིང་། །རྫས་སྔགས་ཏིང་འཛིན་འཕྲོ་འདུ་ལས། །བཟང་པོར་བྱས་པའི་གཏོར་མ་འདི། །འདོད་ཡོན་ཀུན་ལྡན་བདེ་བ་ཆེ། །བླ་མ་ལྷ་དང་ཌཱ་ཀིར་བཅས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཐུགས་དམ་བསྐང་ཕྱིར་བཞེས་སུ་གསོལ། །བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ། །མ་ཧཱ་བ་ལིངྟ་ཁཱ་ཧི། སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་བྱས་ལ་གཙང་སར་གཤེགས་པའམ་མེ་མཆོད་དུ་འབུལ། སྨོན་ལམ་ནི་སོ་སོར། བདུད་རྩིའི་མཆོད་པ་ཕུལ་བ་ཡིས། །སྡུག་བསྔལ་རྒུད་པ་ཀུན་དང་བྲལ། །འཆི་མེད་རྡོ་རྗེའི་ལང་ཚོ་དང་། །བདེ་ཆེན་ཡེ་ཤེས་འགྲུབ་པར་ཤོག །ཅེས་དང་། རཀྟའི་མཆོད་པ་ཕུལ་བ་ཡིས། །ཆགས་མཆོག་བདེ་བ་ཆེན་པོའི་ངང་། །སྣང་སྲིད་དབང་དུ་འདུ་བ་དང་། །པདྨ་དབང་གི་སྐུ་ཐོབ་ཤོག །ཅེས་དང་། གཏོར་མའི་མཆོད་པ་ཕུལ་བ་ཡིས། །འདོད་ཡོན་མི་ཟད་གཏེར་ལ་སྤྱོད། །སྟོབས་བཅུའི་སྟོབས་དང་ལྡན་པ་དང་། །དབང་བཅུའི་དབང་གིས་ཕྱུག་པར་ཤོག །ཅེས་སོ་སོའི་མཐར་བརྗོད། ཐུན་མོང་དུ། དུས་འདིར་རྩ་གསུམ་དགྱེས་པའི་ཞལ་མཐོང་ནས། །དངོས་གྲུབ་རྣམ་གཉིས་ཡིད་བཞིན་འགྲུབ་བར་ཤོག །ཚེ་རབས་ཀུན་ཏུ་ལྷ་ཡིས་རྗེས་འཛིན་
ཞིང་། །འགྲོ་བ་ཡོངས་ཀྱི་དཔལ་དུ་འགྱུར་བར་ཤོག །ཞེས་སོགས་བླ་མེད་བྱང་ཆུབ་ཏུ་བསྔོ་ཞིང་སྨོན་ལམ་རྒྱ་ཆེན་པོ་གདབ་པར་བྱའོ། །འདི་ནི་བླ་མ་དགོངས་འདུས་ལས་གསུངས་པའི་དོན་བཞིན་ས་བྱི་ཟླ་བ་བཞི་པའི་ཚེས་ཉེར་བདུན་ལ་མི་ཕམ་པས་བྲིས་པ་དགེ། མངྒ་ལཾ།། ༈ །།གདོང་དྲུག་ལས་བྲོ་བརྡུང་བ། ཧཱུྃ། དབྱིངས་ནས་འབར་བའི་སྐུར་སྟོན་པ། །འདོད་པ་གྲུབ་པའི་དཔལ་དུ་ཤར། །འབར་བའི་རྒྱལ་པོ་བྲོ་ལ་གཤེགས། །དང་པོ་བྲོ་བྱུང་དབྱིངས་ལས་བྱུང་། །ཐ་མ་བྲོ་བརྡུང་མཁའ་ལ་བརྡུངས། །ཤེས་རབ་ཡུམ་གྱི་མཁའ་དབྱིངས་སུ། །ཐབས་མཆོག་ཡབ་ཀྱིས་བྲོ་བརྡུངས་པས། །ཕྲིན་ལས་རྣམ་བཞི་རོལ་པའི་བྲོ། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྐྱེ་འགྲོ་རྩི་ཤིང་ནགས་ཚལ་ཀུན། །ཀུན་ཀྱང་ཞི་བའི་དཀྱིལ་འཁོར་ཏེ། །ཞི་བའི་སྐུ་རུ་ལྷུན་གྱིས་གྲུབ། །གཟུགས་སུ་སྣང་བ་ཞི་བའི་སྐུ། །སྒྲ་རུ་གྲགས་པ་ཞི་བའི་གསུང་། །སེམས་ཀྱི་དྲན་རྟོག་ཞི་བའི་ཐུགས། །བསྒུལ་བསྐྱོད་ཕྱག་རྒྱ་ཞི་བའི་གར། །མཛད་སྤྱོད་རོལ་བ་ཞི་བའི་བྲོ། །འཇིགས་པ་བརྒྱད་ཀྱི་དུར་ཁྲོད་དུ། །ཞི་བ་བརྒྱད་ཀྱི་བྲོ་བརྡུངས་བས། །འཇིགས་པ་བརྒྱད་ལས་ཐར་གྱུར་ཅིག །སརྦ་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། དེང་དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། ཞི་བ་ཆེན་པོའི་བྲོ་བརྡུངས་བས་རྣལ་འབྱོར་པ་བདག་གི་མེ་དང་ཆུ་དང་ནད་དང་མུ་གེ་དང་། དམག་དང་དགྲ་དང་། མཚོན་དང་དུས་མ་
ཡིན་པར་འཆི་བའི་འཇིགས་པ་བརྒྱད་ཞི་བར་གྱུར་ཅིག །གཞན་གསུམ་དེ་བཞིན་ལ་རྒྱས་སོགས་ཁ་བསྒྱུར་ཏེ། ཧཱུྃ། དབྱིངས་ལས་སོགས། ཀུན་ཀྱང་རྒྱས་པའི༴ རྒྱས་པའི་སྐུ་རུསོགས་སྦྱར་ལ། འབྱོར་བ་དྲུག་གི་དཀྱིལ་འཁོར་དུ། །རྒྱས་པ་དྲུག་གི་བྲོ་བརྡུངས་པས། །འབྱོར་བ་དྲུག་དང་ལྡན་གྱུར་ཅིག །སརྦ་མ་ཧཱ་པུཥྚིཾ་ཀུ་རུ་སྭཱ་ཧཱ། དེང་དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། རྒྱས་པ་ཆེན་པོའི་བྲོ་བརྡུངས་པས་རྣལ་འབྱོར་པ་བདག་གི་ཚེ་དང་བསོད་ནམས་གྲགས་པ་དང་གཟི་མདངས། འཁོར་དང་ལོངས་སྤྱོད་དྲུག་རྒྱས་པར་གྱུར་ཅིག །དབང་ལ། ཀུན་ཀྱང་དབང་གི༴ དབང་གི་སྐུ་རུ༴ དབང་གི་སྐུ་གསུང་ཐུགས་སུ་ཁ་བསྒྱུར་ལ། །མོས་པ་རྣམ་བཞིའི་དཀྱིལ་འཁོར་དུ། །དབང་མཆོག་རྣམ་བཞིའི་བྲོ་བརྡུངས་བས། །མོས་པ་རྣམ་བཞི་ཐོབ་གྱུར་ཅིག །སརྦ་མ་ཧཱ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། དེང་དུར་ཁྲོད༴ དབང་མཆོག་ཆེན་པོའི༴ རྣལ་འབྱོར་པ་བདག༴ རྗེར་མོས་པ། ཕར་མོས་པ། སློབ་དཔོན་དུ་མོས་ལ། གྱ་ནོམས་པར་མོས་པར་གྱུར་ཅིག །ག་པོར་ཁ་བསྒྱུར་བ་གོང་བཞིན། དགྲ་དང་བགེགས་ཀྱི་དཀྱིལ་འཁོར་དུ། །གདུག་པ་ཚར་གཅོད་བྲོ་བརྡུངས་པས། །དགྲ་བགེགས་ཐམས་ཅད་བརླག་གྱུར་ཅིག །སརྦ་མཱ་ར་ཡ་ནན། དེང་དུར་ཁྲོད༴ འབར་བ་རྔམ་པའི་བྲོ་བརྡུངས་བས། རྣལ་འབྱོར་པ་བདག་ལ། སྡང་དགྲ་གནོད་བགེགས་ཐམས་
ཅད་བརླག་པར་གྱུར་ཅིག །ཅེས་གསུངས་སོ། །མི་ཕམ་པས་སོ་དགེ།། ༈ །།བུདྡྷ་ཁྲག་འཐུང་འཁོར་བཅས་ཀྱིས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ཞི་བར་མ་གྱུར་གང་ཡང་མེད། །ཞི་བའི་ཕྲིན་ལས་ལྷུན་གྱིས་གྲུབ། །སོགས་གཞན་ལ་ཁ་བསྒྱུར། རྒྱུད་ན་འདི་འདྲ་ཡོད་པ་གདོང་དྲུག་བྲོ་ལ་ཁས་པ། དེ་ཡང་ཁྲོ་བོ་ལ། ཁྲག་འཐུང་རིགས་ལྔའམ་གཏི་མུག་རྡོ་རྗེ་སོགས་དང་། ཞི་བར། སྐུ་ཡི་རྡོ་རྗེ་སོགས་སམ། རྣམ་པར་སྣང་མཛད་སོགས་དང་། ཡང་ན་འཇམ་དཔལ་རྡོ་རྗེ་སོགས་གང་ཡིན་དང་། དྲག་པོར་ཡ་མཱནྟ་ཀ་ཞེས་ཁ་བསྒྱུར་དགེ། ༈ །།སྡིག་བཤགས་བཞུགས། ཧོཿ ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་གཟིགས་པ། སྒྲིབ་པ་མེད་པ། ཐུགས་རྗེ་ཆེན་པོའི་མངའ་བདག་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་སུ་གྱུར་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་དང་སེམས་ཅན་ཐམས་ཅད་མི་ཤེས་པ་དང་ཉོན་མོངས་པའི་གཞན་དབང་དུ་གྱུར་ཏེ་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ། སྒོ་གསུམ་ནས་སྡིག་པ་མི་དགེ་བའི་ལས་གང་དང་ཅི་བགྱིས་པ་ཐམས་ཅད་དང་ཁྱད་པར་བ་ཡོད་ན་དམིགས་བསལ་ཏེ་སྨོས་ལ། གནོང་ཞིང་འགྱོད་པ་དྲག་པོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །སླན་ཆད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྡིག་ལྟུང་གི་དངོས་པོ་གང་ཡང་བགྱིད་པར་
མ་གྱུར་ཅིག སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཆེན་པོ་མངའ་བ་རྣམས་ཀྱིས་བདག་ནོངས་པ་ཅན་ལ་ཐུགས་བརྩེ་བར་མཛད་ནས་ལས་དང་ཉོན་མོངས་བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་སྐད་ཅིག་འདི་ཉིད་དུ་དག་ཅིང་དངོས་གྲུབ་ཐམས་ཅད་མཐོང་བའི་ཆོས་འདི་ཉིད་དུ་ཐོབ་པའི་སྐལ་བ་བཟང་པོ་ཅན་དུ་འགྱུར་བ་དང་། ནམ་མཁའ་དང་མཉམ་པའི་སེམས་ཅན་ཉོན་མོངས་པའི་གཞན་དབང་ཅན་རྣམས་ལ་ཕྱི་མའི་མུ་མཐར་ཐུག་གི་བར་དུ་བདག་ཡེ་ཤེས་ཀྱི་སྣང་བ་དམ་པར་གྱུར་ནས་རྒུད་པ་ཐམས་ཅད་སེལ་ཞིང་ཕན་བདེ་མ་ལུས་པ་སྒྲུབ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། རང་ཐུགས་ཨ་དང་སྔགས་ཀྱི་འོད་ཀྱིས་ཆོས་དབྱིངས་དང་མཉམ་པའི་སྣང་བ་མ་ལུས་པ་རང་བཞིན་གཉུག་མའི་ཡེ་ཤེས་གཅིག་པུར་འབྱམས་སུ་ཀླས་པས་འགྲོ་ཀུན་གྱི་ལས་ཉོན་བག་ཆགས་ཐམས་ཅད་རང་གྲོལ་བསལ་བཞག་མེད་པའི་དབྱིངས་སུ་སངས་རྒྱས་པར་བསམས་ལ་སྔགས་བཟླའོ། །ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཨོཾ་ཨཱ་ཝི་ར་ཧཱུྃ། ཁེ་ཙ་ར་མྃ་སྭཱ་ཧཱ། ལྕགས་ཡོས་ཟླ་བ་བཅུ་གཅིག་པའི་ཚེས་བདུན་ལ་མི་ཕམ་པས་བྲིས་པ་མངྒ་ལཾ།། ༈ །།བཤགས་སྨོན་ནི། ཧོཿཀློང་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་དོན་དམ་པར་ཆོས་ཀྱི་དབྱིངས་ཡུམ་གྱི་བྷ་ག་ཡངས་པའི་ཀློང་། རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན་བཞུགས་པའི་བདེ་བར་གཤེགས་
པ་འཁོར་རྒྱལ་བ་རྒྱ་མཚོ་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོཿ ཧོཿ སྒྱུ་འཕྲུལ་རང་བཞིན་གྱི་དཀྱིལ་འཁོར་ཕྱོགས་བཅུ་ན་བཞུགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོཿ རང་བཞིན་གྱི་དཀྱིལ་འཁོར་འདི་ལྟར་སྣང་བ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཨ་ལ་ལ་ཧོཿ རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་ཅིང་། བརྗོད་ཀྱིས་མི་ལང་བའི་ལྷ་རྣམས་ལ་རྣལ་འབྱོར་པ་བདག་ཅག་གིས་ལུས་རྡུལ་སྙེད་དུ་སྤྲུལ་ནས་ལུས་ངག་ཡིད་གསུམ་ཤིན་ཏུ་གནོང་འགྱོད་དང་བཅས་པས་ཕྱག་འཚལ་ལོ། །ཨ་ལ་ལ་ཧོཿ ཧོཿ ཕྱོགས་བཅུའི་སྒྱུ་འཕྲུལ་རང་བཞིན་གྱི་དཀྱིལ་འཁོར་དང་། གྲུབ་པའི་ས་ལ་བཞུགས་པའི་རིག་འཛིན་ཕོ་མོ་རྣམས་དང་། ཡེ་ཤེས་དང་ལས་ལས་གྲུབ་པའི་ལེགས་ཉེས་ཀྱི་སྟངས་འཛིན་ཅིང་། དམ་ཚིག་གི་རྗེས་གཅོད་པའི་དམ་ཅན་རྒྱ་མཚོ་རྣམས་ཀྱི་སྤྱན་སྔར་མཆོད་པ་འདི་ལ་བརྟེན་ནས་འགྱོད་ཚངས་སུ་གསོལ་བའི་མདོ་ནི། རྣལ་འབྱོར་པ་བདག་ཅག་གིས་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་དུ་སྡིག་པ་མི་དགེ་བའི་ལས་ཅི་བགྱིས་པ་དང་། ཁྱད་པར་དུ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ཏེ་འདའ་དཀའ་རྡོ་རྗེའི་དམ་ཚིག་མནོས་པ་ལས། མི་ཤེས་པ་དང་བག་མེད་པ་དང་མ་གུས་པ་དང་ཉོན་མོངས་པའི་དབང་གིས་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས་
འདས་ཏེ་ཉམས་པ་དང་། ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ་དང་། སྒྲུབ་པ་ཁྱད་པར་བའི་དམ་ཚིག་ཉི་ཤུ་དང་། སྤྱོད་པ་རྒྱུན་གྱི་དམ་ཚིག་བཞི་དང་། རང་བཞིན་ལྟ་བའི་དམ་ཚིག་བཞི་དང་། གལ་མདོ་ངེས་པའི་དམ་ཚིག་གསུམ་དང་། གཞན་ཡང་ཡན་ལག་ཕྲ་མོའི་དམ་ཚིག་སྟོང་རྩ་བརྒྱད་ལ་སོགས་པ་མདོར་ན་ནང་པ་ཐབས་ཀྱི་རྒྱུད་གཞུང་ཀུན་ལས་འབྱུང་བའི་དམ་ཚིག་རྣམས་ཀྱི་སྲུང་མཚམས་མི་ཤེས་ཤིང་། གཞུང་དང་འགལ་བ་ཅི་བགྱིས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །གཞན་ཡང་ཕྱི་དང་ནང་གི་གསང་སྔགས་ཀྱི་རྒྱུད་ཀུན་གྱི་ལུང་ལས་བྱུང་བའི་དམ་ཚིག་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་དང་། ཉན་ཐོས་པའི་འདུལ་ཁྲིམས་དང་། འཇིག་རྟེན་པའི་ཁྲིམས་དང་མནའ་ལས་འགལ་བ་ཅི་བགྱིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ། །གཞན་ཡང་བཀའ་ལ་རས་ཆོད་དང་། གཟུ་ལུམ་བགྱིས་པ་དང་། གབ་པའི་གསང་བ་ལ་མངོན་པར་འཆེལ་བ་དང་། ཏ་ན་སྒྲོལ་བ་གནས་སུ་མ་སྟོབ་པ་དང་། ག་ན་སྦྱོར་བ་བྱིན་གྱིས་མ་བརློབས་པ་དང་། མཆོད་པ་དང་སྔགས་དང་ཏིང་ངེ་འཛིན་མ་དག་པ་དང་། མ་རིག་པའི་དབང་གིས་སྤ་ལོ་དང་ཚུལ་འཆོས་ཀྱིས་གསང་སྔགས་སྤྱད་ཉེས་ཏེ་ལྟ་སྤྱོད་ཟབ་མོ་གཞུང་མ་བསྲང་བ་དང་། ཡང་དག་པ་ཡིན་ནམ་མིན་སྙམ་པའི་ཐེ་ཚོམ་གྱི་རྟོག་པ་བྱུང་བ་དང་། ཡིན་པར་ངོ་ཤེས་ཀྱང་སེམས་ལ་སེལ་ཞུགས་ཏེ་ཤེས་བཞིན་དུ་མ་
སྤྱད་པ་དང་། ཆོས་ཉིད་དོན་གྱི་བདེན་པ་ནི་མ་རྟོགས། ཁ་འབྱམས་ཚིག་གི་ལྟ་བ་ལ་གདེང་དུ་བྱས་ནས། དམ་ཚིག་ཉམས་པ་དང་། དམ་འདྲེས་ཅན་དང་། དམ་མེད་པ་དང་། སྡིག་སྒྲིབ་ཅན་དང་། གསང་སྔགས་ཀྱི་སྣོད་དུ་མི་རུང་བ་རྣམས་ལ་གསང་སྔགས་ཀྱི་ཆོས་བཤད་ཅིང་སྤེལ་བ་དང་། བསྐྱང་བ་དང་། ཚོགས་འདྲེས་པ་དང་། ཚིག་ཏུ་འཛགས་ཤིང་སྤྱོད་ལམ་རྩིངས་པ་སོགས་འབག་འབོག་གི་ལས་བགྱིས་པས་ཕྱི་ནང་གི་དམ་ཅན་རྣམས་ཀྱི་ཐུགས་དང་འགལ་བ་དང་། བཀའ་ཟབ་མོའི་དོན་ཁྱད་དུ་བསད་དེ། སྐྱེ་བོ་རང་འཐད་ཀྱི་དབང་གིས་ནོར་དང་གསུག་གི་དབང་དུ་བཏང་སྟེ། དཀོན་མཆོག་གསུམ་གྱི་སྐུ་དགྲའི་སྔགས་བཟློག་བྱས་པ་དང་། དཀོན་མཆོག་གསུམ་གྱི་དཀོར་དང་། དུས་ཀྱི་མཆོད་པ་དང་། ཚོགས་མཆོད་དང་། སྒོམ་སྒྲུབ་ཟབ་མོ་ལ་བསྔོས་པའི་མཆོད་པའི་ཡོ་བྱད་ལ་སྤྱད་ཅིང་དབྲི་བཞོག་བགྱིས་པ་དང་། ཉ་སྟོང་སོགས་དུས་ཀྱི་མཆོད་པ་ཆག་པ་དང་། ཆོས་སྤྱོད་བཅུའི་དགེ་བའི་ཕྱོགས་མ་བགྱིས་པ་དང་། མི་དགེ་བ་བཅུའི་ལས་ཅི་བགྱིས་པ་སོགས་མདོར་ན་འཇིག་རྟེན་ཚེ་འདིའི་རྐྱེན་དང་། ཕྱི་མའི་སྒྲིབ་པར་གྱུར་པ་ཅི་མཆིས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྒྱུ་འཕྲུལ་ཡེ་ཤེས་རང་སྣང་གི་ལྷ་ལ་རྟོག་པ་མི་མངའ་ཡང་། དེའི་འཁོར་དུ་གཏོགས་པའི་ཡེ་ཤེས་དང་ལས་ལས་གྲུབ་པའི་ལེགས་ཉེས་ཀྱི་སྟངས་འཛིན་ཅིང་དམ་ཚིག་གི་རྗེས་གཅོད་པས་བསྟན་པ་གཉན་པོ་སྲུང་བ་དང་ཆོས་སྐྱོང་བ་
རྣམས་ཀྱི་ཐུགས་དང་འགལ་བ་ཅི་བགྱིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ། །གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི་རྣལ་འབྱོར་པ་མཆེད་དང་ལྕམ་དྲལ་རྣམས་ཀྱི་ཐུགས་དང་འགལ་བའི་ལས་ཅི་བགྱིས་པ་མཐོལ་ཞིང་བཤགས་སོ། །དེ་ལྟར་འགྱོད་ཚངས་དྲག་པོ་ཤིན་ཏུ་གནོང་འགྱོད་དང་བཅས་པས་བཤགས་པ་ཟབ་མོ་བགྱིས་པས་བདག་ཅག་འདིར་འདུས་པ་རྣམས་ཀྱི་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་སོར་ཆུད་དེ་ཉམས་ཆགས་ཐམས་ཅད་བསྐང་བར་གྱུར་ཅིག །དངོས་གྲུབ་ཐམས་ཅད་ཡིད་བཞིན་དུ་ཐོབ་པར་གྱུར་ཅིག །གཞན་ཡང་རྣལ་འབྱོར་པ་བདག་ཅག་འདིར་འདུས་ཤིང་ཚོགས་པ་རྣམས་ཀྱིས་འགྱོད་ཚང་འདི་ལ་བརྟེན་ནས་གསང་སྔགས་ཀྱི་སྒོར་ཞུགས་པ་རྣམས་ཀྱི་ཉམས་ཆགས་དང་སྡིག་སྒྲིབ་ཐམས་ཅད་བྱང་བར་གྱུར་ཅིག །ཚངས་པར་གནང་བ་སྩལ་ཏེ། སླན་ཆད་མི་བགྱིད་པར་གྱུར་ཅིག །དེའི་བྱིན་རླབས་ཀྱིས་བདག་ཅག་འདིར་འདུས་པ་རྣམས་དང་། གསང་སྔགས་ཀྱི་སྒོར་ཞུགས་སོ་འཚལ་གྱི་ཉམས་སྒྲིབ་ཐམས་ཅད་བྱང་སྟེ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་ས་ལ་ལྷུན་གྱིས་གྲུབ་པར་གྱུར་ཅིག །བདག་ཅག་གི་རྡོ་རྗེ་སློབ་དཔོན་གཟུངས་མ་མཆེད་ལྕམ་ཕ་མ་རྣམས་དང་། དམ་རྫས་ཀྱི་རྒྱུར་བསྒྲལ་ལོ་འཚལ་དང་། འབྲེལ་བ་ཐོགས་པའི་སེམས་ཅན་ཐམས་ཅད་ཕྱིར་མི་ལྡོག་པའི་ས་ནོན་ཏེ་ཡེ་ཤེས་བླ་མའི་ས་ལ་ལྷུན་གྱིས་གྲུབ་པར་གྱུར་ཅིག །ས་ལ་གནས་པའི་སེམས་དཔའ་རྣམས་
དང་ཉན་ཐོས་དང་རང་རྒྱལ་སློབ་པ་ཐམས་ཅད་ཀྱང་རང་རང་གི་ལམ་ཡོངས་སུ་རྫོགས་ཏེ་རང་འབྲས་བྱང་ཆུབ་གསུམ་པོ་མྱུར་དུ་ཐོབ་པར་གྱུར་ཅིག །ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱང་ཆོས་དགེ་བ་བཅུ་ལ་སྤྱོད་པར་གྱུར་ཏེ་ལྷ་དང་མིའི་གོ་འཕང་དམ་པ་ཐོབ་པར་གྱུར་ཅིག །ལྷ་དང་མི་རྣམས་ནི་ཆོས་སྤྱོད་བཅུའི་སྒོར་ཞུགས་ཏེ་དཀོན་མཆོག་གསུམ་གྱི་གདུང་འཛིན་ཅིང་ཐེག་པ་ཆེན་པོ་སྔགས་ཀྱི་ཆོས་ལ་སྤྱོད་ཅིང་དགེ་བའི་བཤེས་གཉེན་དམ་པ་དང་མི་འབྲལ་བར་དེས་བསྟན་པའི་ལམ་རྟོགས་ནས་རིག་འཛིན་གྱི་ས་ལ་བགྲོད་པར་གྱུར་ཅིག །བདག་ཅག་གི་རྡོ་རྗེ་སློབ་དཔོན་དགེ་བའི་བཤེས་གཉེན་རྣམས་སྐུ་ཚེ་རིང་ཞིང་འཁོར་དང་ལོངས་སྤྱོད་འཕེལ་བ་དང་། དགོངས་སྤྱོད་མ་ལུས་པ་ལྷུན་གྱིས་གྲུབ་སྟེ་བསྟན་པའི་སྒྲོན་མེ་མཛད་ལ་ཡུན་རིང་དུ་བཞུགས་པར་གྱུར་ཅིག །བདག་ཅག་འདིར་འདུས་ཤིང་ཚོགས་པ་རྣམས་ཀྱང་མཐོང་བའི་ཆོས་ཚེ་འདིར་ཚེ་རིང་ལ་ནད་མེད་པ་དང་། དཔལ་དང་གཟི་མདངས་དང་འབྱོར་བ་ཕུན་སུམ་ཚོགས་པ་དང་ལྡན་ཏེ་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །གསང་སྔགས་ཀྱི་ཐེག་པ་འདི་ཡང་བཀའ་བཙན་ཞིང་བྱིན་ཆེ་སྟེ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག །གསང་སྔགས་ཟབ་མོ་གང་དུ་དར་བའི་ཡུལ་ཁམས་ལ་སོགས་ཏེ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་དུས་ཀྱི་འཁྲུགས་པ་ཞི་བར་གྱུར་ཅིག །མཚོན་གྱི་བསྐལ་བ་ཉམས་པར་གྱུར་ཅིག །མི་ནད་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པར་
གྱུར་ཅིག །ཆར་ཆུ་དུས་སུ་འབེབས་ཏེ་ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། འཇིགས་པ་དང་རྒུད་པ་མེད་པའི་བཀྲ་ཤིས་དཔལ་དུ་འབར་བ་དང་། སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་ཏེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །ཅེས་དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ཀྱི་རྡོ་རྗེའི་ཚིག་གི་སྨོན་ལམ་གོ་རིམ་བསྡེབས་ཏེ་བྲིས་པ་འདི་ནི་ས་ཁྱི་ཟླ་བ་གསུམ་པའི་ཚེས་ཉེར་བརྒྱད་ལ་མི་ཕམ་པས་བཀོད་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾཿ ༈ །།འཆི་མེད་རྡོ་རྗེའི་ཚེ་སྒྲུབ་མཆོག །ཙིཏྟ་འོད་ཀྱི་གུར་ཁང་དུ། །དངས་མ་ལྔ་འདུས་ཐིག་ལེ་ནི། །གསེར་ཞུན་འོད་ལྔའི་མདངས་འབར་བ། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །གཅིག་བུ་སྲ་མཁྲེགས་རྡོ་རྗེའི་བདག །སྐྱེས་མ་ཐག་པ་འགྲོ་བའི་བདག །ཕྲ་མོ་ས་བོན་ཟག་པ་མེད། །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །འདི་ལ་ཡིད་ནི་མཉམ་བཞག་ན། །ཞག་བདུན་འཆི་མེད་རིག་འཛིན་འགྲུབ། །རྒྱུན་དུ་སེམས་བཟུང་སྨོས་ཅི་དགོས། །དྲན་པས་ཆོག་སྟེ་བཟླས་དམིགས་མེད། །མེ་བྱ་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་གཅིག་ལའོ།། ༈ །།ཨཱ་ལས་གྱུར་པ་གཞོན་ནུའི་སྐུ། །དམར་སེར་བདེ་བ་ཆེན་པོའི་ཉམས། །རལ་པོད་མཉམ་བཞག་ཚེ་བུམ་འཛིན། །དར་དང་རིན་ཆེན་མེ་ཏོག་བརྒྱན། །རྟག་ཏུ་འཆར་ནུབ་བྲལ་བ་ཉིད། །བྱང་སེམས་འོད་ཀྱི་ཐིག་ལེའི་དབུས། །ཤིན་ཏུ་ཕྲ་ལ་འཚེར་བར་བལྟ། །སྣང་
སྲིད་ཨ་དཀར་བདུད་རྩིར་ཞུ། །བདག་ལུས་ལྟེམ་གང་དངས་མ་རྣམས། །ཐུགས་སྲོག་གཞོམ་མེད་ཨ་ལ་འདུས། །ཨ་ནི་བརྒྱ་སྟོང་ཁྲི་འབུམ་བཟླ། །ཉི་ཟླ་ཤར་དང་མེ་ཏོག་རྒྱས། །བདུད་རྩི་འཐུང་དང་མཁའ་ལ་འགྲོ། །དེ་སོགས་གྲུབ་རྟགས་དཔག་མེད་འབྱུང་། །འཆི་མེད་དབང་པོ་ལྷའི་བླ་མ། །འཇམ་དཔལ་བདེ་བ་ཆེན་པོ་འགྲུབ། །མེ་བྱ་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་གསུམ་ལའོ།། ༈ །།རང་སེམས་གདོད་ནས་མ་སྐྱེས་པ། །རང་བྱུང་ཡེ་ཤེས་ནམ་མཁའ་བཞིན། །ཡེ་ནས་རྩོལ་སྒྲུབ་བྲལ་བར་གནས། །འདི་ལྟ་བུ་ཡི་དོན་རྟོགས་ན། །སྐྱེ་འཆིའི་རྩ་བ་ཆོད་པ་ཡིན། །གཉུག་མའི་ངང་དེར་མ་ཡེངས་པར། །བསྐྱངས་ན་གཏན་དུ་འཆི་མེད་འགྲུབ། །ཞག་བདུན་ཙམ་ཞིག་བསྐྱངས་པས་ཀྱང་། །འཆི་བ་བསླུ་ཞིང་ཚེ་འཕེལ་ན། །རྒྱུན་དུ་བརྩོན་པ་ལྟ་ཅི་སྨྲོས། །རྟོགས་པས་ཆོག་སྟེ་རྣལ་འབྱོར་ལམ། །མེ་བྱ་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་དྲུག་ལའོ།། ༈ །།རང་ཉིད་འཇམ་དཔལ་གདོད་མའི་མགོན། །ཀུན་ཏུ་བཟང་པོ་ཡབ་ཡུམ་གསལ། །སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན། །ནམ་མཁའ་གཅིག་གི་ངང་གྱུར་པ། །རང་གི་སྣ་བུག་ནས་ཞུགས་ཏེ། །ཁམས་གསུམ་གཅིག་གྱུར་རྡོ་རྗེའི་ཚེ། །ནམ་མཁའ་འཇིག་འདྲལ་མེད་པ་དེས། །རང་ལུས་ཐེམ་མེར་གང་བར་བསམ། །ཁ་སྦྱོར་རླུང་བཟུང་དེ་འདྲ་བསྐྱར། །དུས་ལ་བབ་ཅིང་ཚེ་ཟད་ཀྱང་། །ཞག་བདུན་ཙམ་གྱིས་ཚེ་འཕེལ་ནས། །མྱུར་དུ་
རྡོ་རྗེའི་ཚེ་དབང་ཐོབ། །མེ་བྱ་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་དྲུག་ལའོ།། ༈ །།དེ་ལྟར་རླུང་སྔགས་དམིགས་པ་གསུམ། །རྟོགས་པ་ནམ་མཁའ་ལྟ་བུ་ཡི། །ངང་ནས་སྤྱད་ན་ཚེ་སྒྲུབ་གཞན། །ལོ་ཟླར་འབད་ལས་འདི་ཉིད་ལ། །ཡུད་ཙམ་འབད་པ་དོན་ཆེ་བས། །འདི་ལ་བརྩོན་ཅིག་རྣལ་འབྱོར་པ། །མངྒ་ལམ།། ༈ །།རང་གཞན་གྱི་གློ་བུར་ཚེ་སྒྲུབ་ལ། རང་ངམ་དམིགས་བྱའི་སྤྱི་བོར་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་དཀར་པོ་ལོངས་སྐུའི་ཆས་ཅན་ཕྱག་མཉམ་བཞག་གིས་ཚེ་བུམ་བསྣམས་པ་ལ་མོས་གུས་ཀྱི་མཚན་ནས་བརྗོད་ཅིང་གསོལ་བ་བཏབ་ལ། ཚེ་གཟུངས་འབུམ་བཟླས་པས་ཐུགས་ཀའི་འོད་ཀྱིས་འཁོར་འདས་ཀྱི་ཚེ་བཅུད་བདུད་རྩི་འོད་ཟེར་དཀར་པོའི་རྣམ་པར་བསྡུས། ཕྱག་གི་ཚེ་བུམ་དུ་བབ་པ་གང་སྟེ་ལུད་པ་དམིགས་བྱའི་སྤྱི་གཙུག་ནས་ཞུགས་པས་ལུས་གང་རྩ་ང་ཐིག་ལེའི་ཚེ་ཉམས་པ་གསོས། ཚེ་འཕེལ་ཞིང་བཀྲག་མདངས་ལྡན་པར་བསམ། ཡང་ཨ་མཱ་ར་ཎི་ལན་བདུན་བརྗོད་པས། བདུད་རྩིའི་རྒྱུན་གྱིས་སྙིགས་མའི་ལུས་སྦྱང་རྡོ་རྗེའི་སྐུར་གྱུར་པར་བསམ། ཕྱིན་དྲུག་སྟོབས་ཀྱིས་སོགས་ཚིགས་བཅད་བརྗོད་པས་ཚེ་དཔག་མེད་བདུད་རྩིའི་རྣམ་པར་ཞུ། དམིགས་བྱའི་སྤྱི་གཙུག་ནས་ཐིམ་པས་འཆི་མེད་རྡོ་རྗེའི་ཚེ་ཐོབ་པར་བསམས་ལ་གཟུངས་ཚར་གཅིག་བརྗོད། སྦྱིན་བདག་འཁོར་བཅས་སོགས་བཀྲ་ཤིས་ཚིགས་བཅད་
བརྗོད་དོ། །དེས་ཚེ་ཡི་གེགས་ཞི་ཞིང་ཚེ་ཤིན་ཏུ་རིང་པོར་འཚོ་བར་འགྱུར་རོ། །རྒྱུད་སྡེའི་དགོངས་པ་བཞིན་ཆུ་འབྲུག་ཟླ་བ་ལྔ་པའི་ཚེས་གཅིག་ལ་འཇམ་དཔལ་རྡོ་རྗེས་སོ།། ༈ །།ཧཱུྃ། བསྙེན་ཅིང་བསྒྲུབ་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས། །ཐུགས་རྗེ་ནུས་པ་མཐུ་དང་དཔུང་བསྐྱེད་ལ། །འོད་ཟེར་ཕོ་ཉ་ཕྱག་མཚན་འཕྲོ་འདུ་ཡིས། །བདག་གི་བླ་ཚེ་ཉམས་འཁྱར་འཕྲོག་པ་དང་། །འཁོར་འདས་བརྟན་གཡོའི་ཚེ་བཅུད་དངས་མ་ཀུན། །འོད་ཟེར་ཐིག་ལེ་ཡིག་འབྲུའི་རྣམ་པར་བཀུག །བདག་ལ་བསྟིམ་པས་བཀྲག་མདངས་གཟི་བརྗིད་རྒྱས། །འཆི་མེད་རྡོ་རྗེའི་ཚེ་མཆོག་གྲུབ་པར་མཛོད། །རྩ་སྔགས་གང་ཡིན་དང་། བཛྲ་ཨཱཿཡུ་ཥེ་ཧཱུྃ་ཛཿ ཚེ་བྷྲཱུྃ། གཡུ་བྷྲཱུྃ། གཡུ་ཚེ་ཨ་བ་ན་ཡ་བྷྲཱུྃཿ ཞེས་བརྗོད་དོ། །མི་ཕམ་པས་སོ།། ༈ །།འཆི་བ་བསླུ་ཞིང་ནད་གདོན་སྡིག་སྒྲིབ་ཞི་བ་དང་ཚོགས་རྫོགས་པའི་སྒོ་ཁྱད་པར་ཅན་ཀུ་ས་ལིའི་ཚོགས་བསགས་བྱ་བ་ནི། སྐྱབས་སེམས་ཚད་མེད་སྔོན་དུ་བཏང་ལ། ཨཱཿབླ་མ་ཡི་དམ་མཁའ་འགྲོ་དང་། །རིགས་དྲུག་སེམས་ཅན་ལན་ཆགས་བདག །སྣང་ཞིང་སྲིད་པས་བསྡུས་པའི་མགྲོན། །ཐམས་ཅད་མ་ལུས་མདུན་མཁར་བསམ། །ཨཿདོན་དུ་འཆི་བ་མེད་མོད་ཀྱང་། །ཞེན་ཆགས་རྟོག་པས་འཆི་སོགས་བྱུང་། །ད་ནི་ཆགས་ཞེན་མེད་པ་ཡིས། །སྒྱུ་ལུས་ཕུང་པོ་ཚོགས་སུ་བསྔོ། ཕཊཿ རང་སེམས་ཧཱུྃ་གི་རྣམ་པར་ནི། །སྤྱི་བོའི་གཙུག་ནས་རྒྱང་
གིས་ཐོན། །སྟེང་གི་ནམ་མཁའ་དག་ལ་ནི། །དཔའ་བོ་ཆུ་གྲི་ཐོད་ཅན་གྱུར། །ཆུ་གྲིས་རང་ལུས་ཐོད་པ་བྲེག །ཐོད་སྒྱེད་གསུམ་གྱི་སྟེང་དུ་བཞག །དེ་ནང་ལུས་དེ་དུམ་བུར་གཏུབས། །ཐོད་པ་ཡངས་ཤིང་རྒྱ་ཆེ་བའི། །སྣོད་ནི་ཕྱུར་བུར་གང་བར་གྱུར། །འོག་གི་རླུང་གཡོས་མེ་སྦར་ཏེ། །ཐོད་པའི་ནང་གི་བཅུད་རྣམས་ཁོལ། །རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་ནས། །རང་བཞིན་རྣམ་དག་བདུད་རྩི་བབ། །ཁ་དོག་དྲི་རོ་ནུས་ལྡན་པའི། །ཟག་མེད་ཡེ་ཤེས་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུྃ། ཞེས་དམིགས་པ་གསལ་བར་ཅི་རིགས་བརྗོད། རང་རིག་དཔའ་བོ་དེ་ཉིད་ལས། །དཔའ་བོ་བྱེ་བ་མང་པོ་ནི། །མགྲོན་གྱི་གྲངས་མཉམ་ཅིག་ཆར་སྤྲུལ། །ཐོད་པས་བདུད་རྩི་བཅུས་ནས་སུ། །མགྲོན་རིགས་མ་ལུས་ལ་དྲངས་པས། །སོ་སོར་གང་ལ་གང་དགྱེས་པའི། །ཞལ་ཟས་བདེ་ཆེན་བདུད་རྩིར་གྱུར། །མཆོག་ཏུ་དགྱེས་པའི་འོད་ཟེར་ནི། །བདག་ལ་ཕོག་པས་ནད་གདོན་དང་། །སྡུག་བསྔལ་འཆི་བ་ཀུན་བསླུས་ཏེ། །འཇིགས་མེད་བདེ་ཆེན་ཐོབ་པར་གྱུར། །ཅེས་བསམས་ལ། ཨོཾ་ཨཱཿཧཱུྃ་ཅི་མང་བརྗོད་བཞིན་སྲིད་ཞིའི་མགྲོན་ཐམས་ཅད་ལ་ཅིག་ཆར་འགྱེད་པའམ་རྩ་གསུམ་ལ་མཆོད་ཅིང་། རིགས་དྲུག་ལ་སྦྱིན་ལ། ཁྱད་པར་གནོད་བྱེད་ལ་བསྔོ་བ་སོགས་སོ་སོ་ནས་གསལ་བཏབ་ལ་འབྲུ་གསུམ་བརྗོད་དེ་མཐར། བདག་གི་ལྷག་བསམ་དག་པའི་མཆོད་སྦྱིན་འདིས། །སྲིད་
ཞིའི་མགྲོན་རྣམས་བདེ་ཆེན་མཉམ་པར་ཚིམ། །བདག་སོགས་འཁྲུལ་སྣང་སྡུག་བསྔལ་རྒྱུན་ཆད་དེ། །འགྲོ་ཀུན་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཅེས་བསྔོ་བས་མགྲོན་རྣམས་རང་གནས་སུ་གཤེགས་པར་བསམས་ལ་སྨོན་ལམ་གཞན་ཡང་གདབ་བོ། །ཀུན་མཁྱེན་རྒྱལ་དབང་ཀློང་ཆེན་པའི། །ཟབ་མོ་ཡང་ཏིག་རྡོ་རྗེའི་གསུང་། །དེ་ཡི་དུས་ཀྱི་གསལ་བྱེད་ལས། །གསུང་གི་དགོངས་པ་ཇི་བཞིན་བཀོད། །དྷཱིས་སོ་མངྒ་ལཾ། ༈ །།།ཕྱོགས་མཐོ་བར་འདུག་ལ། རང་ཉིད་ཀུན་བཟང་ཡབ་ཡུམ་གསལ། །སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན། །ནམ་མཁའ་གཅིག་གི་ངང་གྱུར་པ། །རང་གི་སྣ་བུག་ནས་ཞུགས་ཏེ། །ཁམས་གསུམ་རྩི་གྱུར་རྡོ་རྗེའི་ཚེ། །ནམ་མཁའ་འཇིག་འདྲལ་མེད་པ་དེས། །རང་ལུས་ཐེམ་མེར་གང་བར་བསམ། །ཁ་སྦྱོར་རླུང་བཟུང་དེ་འདྲ་བསྐྱར། །ཐུན་རྗེས་ལུས་སེམས་མ་གྲུབ་པས། །འཆི་བ་ཞེས་བྱ་གང་ཡང་མེད། །རང་གི་རྟོག་པས་བཟོས་པར་ཟད། །འཆི་མེད་གཤིས་ཀྱི་གནས་ལུགས་ནི། །རང་རིག་རང་གསལ་ནམ་མཁའ་ལྟར། །ཕྱོགས་རིས་མེད་པར་རྒྱ་བསྐྱེད་ལ། །སེམས་དཔང་བསྟོད་དེ་མཉམ་པར་བཞག །དེས་ནི་འཆི་བ་ཀུན་བསླུས་ནས། །འཆི་མེད་ནམ་མཁའི་རྡོ་རྗེ་འགྲུབ། །མེ་བྱ་ཟླ་བ་བརྒྱད་པའི་ཚེས་བཅུ་བཞི་ལ་མི་ཕམ་པས་བྲིས་མངྒ་ལཾ།། ༈ །།ཚེ་ཐར་གཏོང་བའི་ཆོ་ག་ཚེ་རིང་འདོད་དགུའི་དཔལ་སྟེར་བཞུགས། སེམས་ཅན་དེའི་སྤྱི་
གཙུག་ཏུ་མགོན་པོ་ཚེ་དཔག་མེད་བསྒོམས་ལ། བདག་དང་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར་དུ་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་སྐྱབས་སུ་མཆིའོ། །ལན་གསུམ། སེམས་ཅན་ཐམས་ཅད་འཆི་བའི་འཇིགས་པ་ལས་ཐར་ཏེ་འཆི་མེད་རྟག་པ་དམ་པའི་གོ་འཕང་འཐོབ་པའི་ཆེད་དུ་ཚེ་ཐར་གཏོང་བའི་དགེ་བ་སྒྲུབ་པར་བྱའོ། །སྙམ་དུ་སེམས་བསྐྱེད་ལན་གསུམ། ཚད་མེད་བཞི་བསྒོམས་ནས། ཚེ་གཟུངས་ཚར་གསུམ་བརྗོད་ལ་ནས་འཐོར་བས་སེམས་ཅན་དེ་དང་དེའི་རིགས་ཅན་འཆི་བས་འཇིགས་པ་ཐམས་ཅད་འཆི་བདག་ལས་རྒྱལ་ཏེ་སྐྱེ་བ་ཀུན་ཏུ་ཚེ་ཡི་དངོས་གྲུབ་ཐོབ་པར་བསམ། ཡེ་དྷར་བཟླ་ཞིང་ཚེ་ཐར་གྱི་རྟགས་གདབ་དགོས་ན་བྱ། མཆན། དཔྲལ་བར་མར་གྱི་གཡུང་དྲུང་དང་། སྟེང་དུ་ཉི་ཟླ་བཀོད་ལ། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་དམིགས་བྱའི་ལུས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རྣམ་དག་བདེ་བ་ཆེན་པོའི་རང་བཞིན་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་ཨཱཿཧཱུྃ་དང་ནམ་མཁའ་མཛོད་ཀྱིས་བརླབས། ཀྱེ། ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །ཆོས་སྐྱོང་ནོར་ལྷ་གཏེར་གྱི་བདག །ཡུལ་རིས་ཟོ་དོར་དཀར་ཕྱོགས་སྐྱོང་། །ཚེ་རྫི་ཚེ་མགོན་ཚེ་འཛིན་ལྷ། །འགོ་ཞིང་སྐྱོབ་པའི་ལྷ་ཚོགས་ལ། །མཆོད་པ་དམ་པ་འབུལ་བ་ནི། །སྲོག་
དབུགས་རྣམ་ཤེས་ལྡན་པ་ཡི། །སེམས་ཅན་འདི་ནི་ཚེ་བདུད་ལས། །ཐར་ཏེ་འཇིགས་མེད་དབུགས་དབྱུང་ཐོབ། །འདི་ཡི་ཕུང་ཁམས་སྐྱེ་མཆེད་རྣམས། །རང་བཞིན་རྣམ་དག་མཆོད་པའི་སྤྲིན། །ནམ་མཁའ་ཁྱབ་པར་སྤྲོ་བྱེད་ཅིང་། །འདོད་ཡོན་ཀུན་ལྡན་བདེ་བ་ཆེ། །འཆི་མེད་ཚེ་མཆོག་གྲུབ་པའི་རྫས། །མུ་མཐའ་མེད་པར་ཡོངས་ཤར་བས། །ཁྱེད་རྣམས་ཐུགས་དམ་གཉན་པོ་བསྐང་། །དགྱེས་རབ་མཆོག་དང་ལྡན་གྱུར་ཅིག །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །ཐོག་དྲངས་མཁའ་མཉམ་སེམས་ཅན་ཀུན། །དུས་མིན་འཆི་བའི་ཀེག་ལས་ཐར། །ཤིན་ཏུ་ཡུན་རིང་འཚོ་འགྱུར་ཞིང་། །བདེ་ལེགས་ཕུན་ཚོགས་འཐོབ་བར་ཤོག །ཕུང་ཁམས་ཉམས་པ་སོར་ཆུད་ཅིང་། །བརྟན་གཡོའི་དངས་བཅུད་གསོས་སུ་སྨིན། །ཚེ་དཔལ་བཀྲག་མདངས་གཟི་བརྗིད་རྒྱས། །ནད་མེད་ཆོས་འབྱོར་འཕེལ་བར་ཤོག །བདག་དང་སེམས་ཅན་ཐམས་ཅད་ཀུན། །བླ་མེད་བྱང་ཆུབ་ཐོབ་ཀྱི་བར། །སྐྱེ་བ་ཀུན་ཏུ་ཚེ་རིང་ཞིང་། །འཆི་མེད་ཚེ་མཆོག་གྲུབ་པར་ཤོག །དགེ་འདིས་མཁའ་མཉམ་འགྲོ་བ་ཀུན། །སྐྱེ་འཆི་ལས་འདས་རྡོ་རྗེའི་སྐུ། །མགོན་པོ་ཚེ་དཔག་མེད་པ་ཡི། །གོ་འཕང་དམ་པ་འཐོབ་པར་ཤོག །ཅེས་བརྗོད་ལ། ཞབས་བརྟན་ཡིན་ན། །འདི་ལྟར་བསྒྲུབ་པའི་ལེགས་བྱས་རྟེན་འབྲེལ་གྱིས། །དཔལ་ལྡན་བླ་མ་སྐུ་ཚེ་རབ་བརྟན་ཞིང་། །རྨད་བྱུང་ཕྲིན་ལས་ཕྱོགས་བཅུར་རབ་ཏུ་ཁྱབ། །
ཐུགས་ཀྱི་བཞེད་དོན་ཡོངས་སུ་འགྲུབ་པར་ཤོག །ཅེས་སྦྱར། མཐར་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཅི་རིགས་པ་དང་བཅས་ཏེ་མེ་ཏོག་འཐོར་བས་དགེ་ལེགས་སུ་བྱའོ། །གསེར་འཕྱངས་མེ་བྱ་ཟླ་བ་བཅུ་པའི་ཚེས་བརྒྱད་ལ་མི་ཕམ་རྣམ་རྒྱལ་བས་གང་ཤར་བཀོད་པ་བཀྲ་ཤིས་པར་གྱུར་ཅིག་གུ། མངྒལཾ།། ༈ །།ཚེ་རྫི་སྲུང་མགོན་བཀྲ་ཤིས་དཔལ་འབར་བཞུགས། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །ཕྲིན་ལས་གཅིག་ཏུ་བསྡུས་པ་ནི། །ལྷ་དང་མི་ཡི་དགྲ་བླ་མགོན། །མ་ཧཱ་ཀཱ་ལ་མཐུ་རྩལ་ཅན། །འཆི་མེད་རྡོ་རྗེའི་བྲག་སྟེང་ནས། །བདག་གིས་རྩེ་གཅིག་བསྒྲུབ་ལགས་ན། །ཐུགས་དམ་ཐུགས་རྗེས་དགོངས་མཛོད་ལ། །མདའ་དར་འདི་ལ་སྐུ་རྟེན་མཛོད། །མཆོད་པ་འདི་རྣམས་བཞེས་སུ་གསོལ། །ནག་པོ་ཆེན་པོ་བརྗིད་པའི་སྐུ། །དར་ནག་འཇོལ་བེར་སྐུ་ལ་གནབ། །གསེར་སྐུད་སེར་པོའི་སྐ་རགས་བཅིངས། །ཕྱག་གཡས་ཙན་དན་བིང་ཆེན་བསྒྲིལ། །གཡོན་པས་ཐོད་པ་ཁྲག་བཀང་བསྣམས། །རིན་ཆེན་ཐོད་ཕྲེང་རྒྱན་དུ་གསོལ། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་། །ཞབས་གཉིས་འགྱིང་སྟབས་ཚུལ་དུ་བཞུགས། །དཔའ་བོ་ཆེན་པོའི་གཡས་ཕྱོགས་ན། །རྣལ་འབྱོར་ཕོ་ལྷ་ཀྱི་ལི་ལི། །དཔའ་བོ་ཆེན་པོའི་གཡོན་ཕྱོགས་ན། །སྲུང་མའི་དམག་ཚོགས་ཤ་ར་ར། །སྟེང་འོག་ཕྱོགས་བཅུའི་མགོན་པོ་བཅུ། །
ཕྱོགས་སྐྱོང་བཅུ་ཡིས་འཁོར་གྱིས་སྐོར། །ཕྱོགས་བཅུའི་གནས་ནས་སྲུང་དུ་འཛུགས། །སྲུང་དུ་ཆེ་ལ་སྐྱབས་སུ་བཙན། །བདག་ཅག་སྲུང་གི་ནང་དུ་ཚུད། །འདྲེ་གདོན་སྲུང་གི་རྒྱབ་ཏུ་ཕུད། །སྡེ་བརྒྱད་དྲེགས་པའི་གཙོ་བོ་བརྒྱད། །རང་རང་རིགས་ཀྱི་འཁོར་དང་བཅས། །ཕྱོགས་བཞི་མཚམས་བརྒྱད་སྲུང་དུ་འཛུགས། །ནད་གདོན་བྱད་ཕུར་བར་ཆད་སྲུང་། །དགྲ་བླ་ལྷ་དམག་བཀའ་སྡོད་དང་། །སྣང་སྲིད་དྲེགས་པའི་འཁོར་དང་བཅས། །ཀི་བསྭོ་ཆ་སྒྲ་དི་རི་རི། །བར་ཆད་བཟློག་ཅིང་ཕྲིན་ལས་སྒྲུབས། །བདག་ཅག་སྲུང་སྐྱོབས་བསམ་པ་སྒྲུབས། །ཀྱེ། སྲུང་མ་མགོན་པོའི་དམག་ཚོགས་ལ། །ཕྱེ་མར་སྐྱེམས་ཕུད་དར་སྣ་ཚོགས། །དངོས་སུ་ཅི་འབྱོར་བཟང་དགུར་བཤམས། །ཏིང་ངེ་འཛིན་གྱི་དགྱེས་རྒུར་སྤེལ། །དད་དང་དང་བའི་ཤུགས་ཕྱུངས་ཏེ། །མཆོད་ཅིང་མགོན་དུ་བསྟེན་ལགས་ན། །མ་གཡེལ་སྲུང་མ་གཉན་པོའི་ཚོགས། །སྔོན་ཚེ་སྲིད་པའི་རྒྱུད་ནས་བརྒྱུད། །ལྷ་མི་གཡར་དམ་གཅིག་པ་ཡིས། །ཐུགས་དམ་གཉན་པོ་རྗེས་དགོངས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །མི་འཆི་ཚེ་ཡི་རྫིའུ་མཛོད། །ཚེ་བསྲིངས་སྲོག་སྐྱོབས་བསམ་པ་སྒྲུབས། །རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ། །གནོད་པ་བྱུང་ན་བཤོལ་མ་མཛོད། །བར་ཆད་རྐྱེན་རྣམས་བཟློག་ཏུ་གསོལ། །གདོན་དང་བྱད་མ་གནོད་བྱེད་ཀུན། །ཚར་གཅོད་མནན་གཟིར་ཕྲིན་ལས་མཛོད། །
བདུད་རྩི་ཡོན་ཏན་འབྱུང་བའི་གནས་ཉིད་དུ། །བདུད་ལས་རྣམ་རྒྱལ་མགོན་པོ་འཁོར་བཅས་ཀྱིས། །བདུད་རྩི་སྨན་གྱི་ཆར་པ་རྟག་ཏུ་ཕོབ། །ནད་མེད་བདེ་བའི་དངོས་གྲུབ་སྩལ་དུ་གསོལ། །བསོད་ནམས་དཔལ་དང་འབྱོར་བ་གོང་དུ་སྤེལ། །མཐུ་དང་ནུས་པ་སྙན་གྲགས་ཁྱད་དུ་ཐོན། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པ་དང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །ཚེ་རབས་ཀུན་ཏུ་ཁྱེད་ཀྱིས་མགོན་མཛད་ཅིང་། །ཁྱོད་དང་དབྱེར་མེད་ཕྲིན་ལས་གང་བརྩམ་འགྲུབ། །ས་དང་ལམ་གྱི་ཡོན་ཏན་ཡོངས་རྫོགས་ནས། །ཟུང་འཇུག་འབྲས་བུའི་མཐར་ཐུག་འགྲུབ་པར་མཛོད། །ས་ཁྱི་ཟླ་བ་གསུམ་པའི་ཚེས་ཉེར་གཅིག་གི་སྔ་དྲོར་མི་ཕམ་པས་ཡིད་ལ་ཤར་བ་བྱིན་རླབས་དང་དགེ་མཚན་ཆེ་བ་མངྒ་ལཾཿ ༈ །།ལྷ་བརྒྱའི་ཅོད་པན་ནོར་བུ་ཡིས། །གང་གི་ཞབས་པད་ཉེར་མཆོད་པ། །འཇམ་དཔལ་ནོར་བུ་དྲི་མེད་ཀྱིས། །སྙིང་གི་ཨུཏྤལ་དགའ་ཚལ་སྐྱོངས། །འདིར་གང་ཤར་བ་ཡི་སྐོར་ལ། །སྲིད་པ་དཔལ་དང་རྒུད་པ་གཉིས། །དཔལ་གྱི་དངས་བཅུད་ལས་འཁྲུངས་པ། །རྒྱལ་བྱེད་དགྲ་བླ་ཝེར་མ་ཡིན། །དེ་ཡི་སྙིང་པོ་ཧ་ཞེས་བྱ། །འགྲོ་བ་ཐམས་ཅད་སུ་ཡང་རུང་། །ཡུལ་གྱི་སྐད་ཀྱི་ཁྱད་མེད་པར། །དགའ་དང་རྣམ་པར་རྒྱལ་བ་ན། །དགྱེས་བཞད་ཧ་ཞེས་བྱ་བའི་དབྱངས། །སྙིང་གི་མཚོ་ལས་ནོར་བུ་བཞིན། །སྟེང་དུ་
འཕྱུར་བ་བླ་ན་མེད། །སངས་རྒྱས་རྣམས་ནི་ཕྱོགས་ཀུན་ལས། །རྣམ་པར་རྒྱལ་ཕྱིར་བཞད་པ་བརྒྱད། །དཔལ་གྱི་དགྱེས་དབྱངས་སེང་གེའི་སྒྲ། །ཧ་ཧཱ་ཧི་ཧཱི་ཧེ་ཧེ་ཧོ་ཧོཿ ཐད་ཀ་བཀུག་དང་འགྲེང་བསྟོད་བཞི། །རང་ཉིད་མཐོ་ཞིང་རྒྱལ་བའི་སྒྲ། །ཡིན་གྱི་ཧུ་སོགས་འདི་སྐབས་མིན། །ཧམ་སོགས་དགྱེས་སྦྱོར་སྐབས་ཡིན་ཡང་། །འདིར་ནི་མང་ཉུང་མཐའ་ཁེགས་པའི། །བརྒྱད་ནི་ཤེས་བྱའི་ཁོངས་འདི་ན། །དེ་ཉིད་ཁོ་ན་དཔལ་དང་ནི། །རྣམ་པར་རྒྱལ་བའི་ཝེར་མ་ཡིན། །དེ་ཕྱིར་འདི་ནི་སེང་ཆེན་གྱི། །རྒྱལ་པོའི་སྲོག་སྙིང་ཝེར་མའི་བླ། །འདས་དང་མ་འདས་སྙིང་པོ་སྟེ། །ལས་ཀུན་ཡིད་བཞིན་ཐོགས་མེད་འགྲུབ། །ཞི་བར་ཨ་སོགས་བརྒྱད་པོ་སྟེ། །དེ་ཉིད་སྒྲ་དྲག་ཧ་སོགས་སོ། །འདི་ནི་མཆོག་དང་ཐུགས་ཀྱི་ཏིག །ཆུ་རྟ་ཟླ་༡༢ཚེས་༡༥མཚན་ལ་ཤར། བཀྲ་ཤིས་སོཿ ༈ །།རིན་ཆེན་གཏེར་བུམ་སྦ་བ་ན། །རྫའམ་རིན་ཆེན་བུམ་པ་ལ། །བཀྲ་ཤིས་རི་མོས་ལེགས་པར་ནི། །སྒྲུབ་པའི་རྫས་ཀྱི་ཆ་ཐ་མ། །རིན་ཆེན་སྨན་འབྲུ་དར་ཟབ་སོགས། །བཀྲ་ཤིས་རྫས་ཀྱིས་ཕྱུར་བུར་བཀང་། །ཡི་དམ་སྙིང་པོ་འདོད་ཤམ་ཅན། །རྟེན་སྙིང་ལ་སོགས་གཟུངས་གང་རིགས། །མི་ཟད་ཡུན་གྱི་གཏེར་གྱུར་ཅིག །ཅེས་སོགས་འདོད་གསོལ་གང་དྲན་བྲི། །ལེགས་པར་གྲིལ་ལ་དབུས་སུ་གཞུག །ཁ་ཆོད་དམ་བཀྲ་དར་དཀར་གཏུམས། །རྒྱས་པའི་ལྷ་བསྐྱེད་དྲང་བསྟིམ་
བྱ། །འོད་ཀྱིས་དངས་བཅུད་བསྡུས་ནས་བསྟིམ། །ཡེ་ཤེས་ནོར་བུ་འབར་བར་བསྒྲུབ། །དེ་ནས་དུས་ཚེས་བཟང་པོ་ལ། །ས་གནས་ལེགས་པའི་རི་བྲག་མཚོ། །ལྗོན་ཤིང་ཆུ་ཀླུང་ལ་སོགས་པ། །གང་འདོད་གནས་སུ་ཆོ་གས་སྦ། །ཁྱད་པར་བྲག་གི་ཁུང་བུའམ། །ས་བརྐོས་རྡོ་ཡི་ཁང་བུ་རུ། །ཆུད་མི་ཟ་བའི་རྒྱ་ཡིས་བཏབ། །དེ་ལ་དང་པོ་བདག་ཉིད་ལྷའི། །ང་རྒྱལ་ལྡན་པས་དེར་སོང་ནས། །བསང་སྦྱང་དངོས་ཀུན་སྟོང་བར་བསམ། །ཐུགས་ནས་ཨེ་ཡཾ་རཾ་བཾ་ལཾ། །འཕྲོས་ལས་འབྱུང་ལྔ་རིམ་བརྩེགས་སྟེང་། །བྷྲཱུྃ་ལས་གསེར་གྱི་རི་རབ་ནི། །གྲུ་བཞི་རྒྱ་ཆེ་བརྟན་པའི་སྟེང་། །ལྷ་ཡི་ཕོ་བྲང་བཅས་པར་གསལ། །རི་རབ་དབུས་སུ་རིན་པོ་ཆེའི། །གཞལ་མེད་ཁང་ན་སའི་ལྷ་མོ། །སེར་མོ་བུམ་པ་འཛིན་པ་ལ། །ས་བདག་འཁོར་དང་བཅས་པ་གསལ། །སྤྱན་དྲངས་མཆོད་ཅིང་བསྟོད་བྱས་ལ། །མི་འགྱུར་རྡོ་རྗེའི་གཏེར་ལྡན་པ། །ལྷ་མོ་ཁྱོད་ཀྱི་མཁའ་དབྱིངས་སུ། །བདག་གིས་རིན་ཆེན་གཏེར་སྦ་བ། །ཐུགས་རྗེས་དགོངས་ལ་དགྱེས་པར་མཛོད། །ཞེས་ཞུས་འཛུམ་པའི་མདངས་ཀྱིས་ནི། །ཇི་འདོད་གནང་བ་བྱིན་པར་བསམ། །རང་གི་ཐུགས་ནས་སའི་སྙིང་པོ། །སེར་པོ་གཏེར་བུམ་འཛིན་པ་ཐོན། །ལྷ་མོའི་མཁའ་དབྱིངས་རིན་ཆེན་སྒོ། །ཨ་ལ་ལ་པྲ་བེ་ཤ་ཡ་ཕཊ། ཅེས་པས་ཕྱེ་ཞིང་དེར་ཞུགས་པས། །ཐུགས་
དབུས་རིན་ཆེན་གཞལ་ཡས་སུ། །སངས་རྒྱས་སྤྱན་མ་སྐུ་མདོག་སེར། །དགྱེས་པར་བཞུགས་ལ་གཏེར་སྦ་བར། །གསོལ་བཏབ་དགྱེས་ཤིང་བདག་ཉིད་ནི། །རྣམ་པར་སྣང་མཛད་རྣམ་པ་རུ། །སྙོམས་ཞུགས་བདེ་བའི་མཆོད་པ་འབུལ། །མཁའ་དབྱིངས་བདེ་བའི་སྒོ་ཕྱེ་ནས། །ནང་དུ་ཞུགས་པས་ཐུགས་དབུས་སུ། །མ་མ་ཀི་ལ་དེ་བཞིན་དུ། །རིན་ཆེན་འབྱུང་ལྡན་སྙོམས་འཇུག་བྱ། །མཁའ་ནས་ཞུགས་ཏེ་ཐུགས་དབུས་སུ། །གོས་དཀར་མོ་ལ་སྣང་མཐའ་ཡི། །སྙོམས་ཞུགས་མཁའ་ནས་ནང་དུ་ཕྱིན། །དམ་ཚིག་སྒྲོལ་མའི་དཀྱིལ་འཁོར་ལ། །དོན་གྲུབ་དཔའ་བོའི་སྦྱོར་བ་བྱ། །མཁའ་ནས་ནང་དུ་ཞུགས་བྱས་ཏེ། །ཐུགས་ཀ་རིན་ཆེན་གཞལ་ཡས་སུ། །ཡུམ་ཆེན་དབྱིངས་ཕྱུག་མ་མ་ཀི། རྡོ་རྗེ་སེམས་དཔའི་སྙོམས་འཇུག་བྱ། །དབྱེ་ཞིང་མཁའ་ཡི་སྒོ་ཕྱེ་ནས། །ནང་དུ་ཕྱིན་པའི་སྐུ་དབུས་སུ། །ཙིཏྟ་རིན་ཆེན་ཟུར་བརྒྱད་པའི། །ལྟེ་བར་པདྨ་འདབས་མ་བརྒྱད། །ཟེའུ་འབྲུ་དང་བཅས་མཛེས་པའི་དཀྱིལ། །ངོ་བོ་རང་བྱུང་ཡེ་ཤེས་ལ། །རྣམ་པ་རིན་ཆེན་བུམ་པ་བཟང་། །བྱེད་ལས་འདོད་དགུ་འབྱུང་བ་ཡི། །གཏེར་ཆེན་དེ་ནི་དེར་བཞག་ནས། །སྣང་སྟོང་དབྱིངས་དང་ཡེ་ཤེས་ནི། །རོ་གཅིག་མཉམ་པའི་རྒྱ་ཡིས་བཏབ། །ཨོཾ་ཨ་ཧཱུྃ་ཧཱུྃ་ཞེས་བརྗོད་ནས། །ཕྱིར་ཐོན་ཡུམ་གྱི་མཁའ་ལྷུམ་ན། །རྡོ་རྗེའི་རྒྱ་ཡིས་བཏབ་བསམས་ལ། །རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་དང་། །
ཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ། ཞེས་པ་བརྗོད་ཅིང་ཐུགས་རྒྱས་གདབ། །ཕོ་བྲང་སྒོ་ལས་ཕྱིར་ཐོན་ཏེ། །གཞལ་ཡས་ཁང་གི་ཕྱི་རོལ་དུའང་། །རྡོ་རྗེའི་གུར་གྱིས་སྲུང་བར་བྱ། །ཐུགས་མཆོག་མི་ཟད་རྒྱན་འཁོར་ལོ། །མཁའ་ཁྱབ་སྐྱེ་དགུ་ཚིམ་སྨོན་གདབ། །དེ་བཞིན་རིམ་པས་ཕྱིར་བྱུང་སྟེ། །ཕྱག་མཚན་སོ་སོའི་རྒྱས་གདབ་སོགས། །བཤད་མ་ཐག་པའི་རིམ་པ་སྦྱར། །ས་ཡི་ལྷ་མོའི་མཁའ་དབྱིངས་ནས། །ཕྱིར་ཐོན་མཁའ་དབྱིངས་སྒོ་ཟུམ་ཞིང་། །བྷྲཱུྃ་ཡིག་སེར་པོས་བསྲུང་བར་བསམ། །དེ་ནས་ལྷ་མོ་རང་གནས་ཀྱི། །རི་རབ་ཁྲོ་བོའི་གཞལ་ཡས་ལ། །དགྱེས་བཞིན་བྱོན་ཅིང་བཞུགས་གྱུར་ནས། །རི་རབ་སྒོ་ཡང་རང་བསྡམས་ནས། །སྲུབ་མེད་གར་བུའི་དབྱིབས་སུ་སོང་། །ཕྱོགས་བཅུར་ཁྲོ་བཅུའི་གནས་བཅས་ཤིང་། །ཕྱི་རོལ་སྲུང་བའི་འཁོར་ལོ་བསམ། །ཡུམ་ལྔའི་བྷ་ག་གསང་བ་ལ། །བདེ་ཆེན་བྱང་ཆུབ་སེམས་ཀྱི་གཏེར། །སྦས་པ་དབྱིངས་ཡེ་གཉིས་མེད་ཅིང་། །ཐིག་ལེ་ཉག་གཅིག་མཉམ་པ་ཉིད། །ཕྱོགས་བཅུ་དུས་གསུམ་ཞིང་ཀུན་ལ། །ཁྱབ་ཅིང་རྟག་པར་སྲིད་ཞིའི་དཔལ། །འབད་མེད་ཡིད་བཞིན་སྩོལ་བ་ཡི། །མི་ཟད་མཆོག་གི་གཏེར་གྱུར་ནས། །འགྲོ་ཀུན་བདེ་དང་ལྡན་པར་བསམ། །དུས་གསུམ་འདུ་འབྲལ་མེད་པ་ཡི། །སྨོན་ལམ་སྙིང་ནས་གདབ་བྱ་ཞིང་། །ཤིས་བརྗོད་མེ་ཏོག་འཐོར་བར་བྱ། །ཕྱི་ནས་ས་རྡོ་ལ་སོགས་པས། །མི་མངོན་
མི་ཤིགས་རྒྱ་ཡིས་གདབ། །དེ་ཡིས་ཚེ་དཔལ་ཆོས་འབྱོར་གྱི། །བདེ་ཆེན་ནམ་མཁའ་མཉམ་པའི་གཏེར། །བྱང་ཆུབ་བར་དུ་མི་ཟད་ཅིང་། །རིན་ཆེན་ཀུན་བདག་དབང་ཕྱུག་གི །སངས་རྒྱས་ནོར་བུའི་རྒྱལ་པོ་འགྲུབ། །གང་དུ་སྦས་པ་བཀྲ་ཤིས་ཤིང་། །ལྷ་ཀླུ་གནོད་སྦྱིན་ཡུལ་སྐྱོང་བདེ། །རང་དབང་འཕྲལ་ཡུན་འདོད་དགུ་འགྲུབ། །ཤིན་ཏུ་གསང་ཞིང་རང་ཉམས་ལོངས། །ཆུ་རྟ་རྒྱལ་ཟླའི་ཚེས་ཉེར་གཉིས། །བཀྲ་ཤིས་ནག་པའི་འཕྲོད་སྦྱོར་གྱི། །སྔ་དྲོ་དབང་གི་རྡོ་རྗེ་ཡི། །རིག་གསང་སྒྲོམ་བུའི་ནང་ནས་ཕབ། །དབྱིངས་ཀྱི་མཁའ་འགྲོའི་བཀའ་རྒྱ་རྒྱཿ བཀྲ་ཤིས།། ༈ །།ནོར་བདག་ཡིད་བཞིན་ནོར་བུ་ཡི། །འདོན་འགྲིགས་ནོར་བུའི་ཕྲེང་བ་ནི། །གཡང་བུམ་ནང་གཙོ་བོའི་སྐུ་དང་ཙཀྲ་གཟུངས་གཞུག་རྫས་སོགས་ཚད་ལྡན་བྱས་པའི་རྟེན་དང་། རྟེན་གཏོར་ནོར་བུ་འབར་བ་ལྷ་གྲངས་ཀྱི་རིལ་བུ། མཆོད་གཏོར་དཀར་ཟླུམ་སྦོམ་ལ་རྒྱས་པ་ན་ཆུང་ནུ་མ་འདྲ་བ་ལྷ་གྲངས་ཀྱི་དཀར་ཟླུམ། གཙོ་འཁོར་ཀུན་ལ་མཐེབ་ཀྱུ་སུམ་བརྩེགས་ཀྱིས་བརྒྱན་པ། བསྐང་མདོས་རི་རབ་སོགས་གཞུང་བཞིན་བྱས་པ་རྒྱས་པ་དང་། བསྡུ་ན་གཡང་བུམ་གཡང་སྒྱེར་བརྟེན། གང་ཡང་མཆོད་གཏོར་སྨན་རག་སོགས་ཅི་འབྱོར་བའི་མཆོད་པས་བསྐོར། འདོན་འགྲིགས་དངོས་ལ། བརྒྱུད་འདེབས་སྐྱབས་སེམས་བཀའ་བགེགས་མཚམས་གཅོད་མཆོད་པ་བྱིན་རླབས་བར་སོང་ནས། རང་ཉིད་གསང་བདག་
བསྐྱེད་ཅིང་སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་བསྙེན་བསྟོད་བར་གཏེར་གཞུང་བཞིན་བྱས་ལ། གསང་བདག་སྒྲུབ་པའི་བསྙེན་དམིགས་བདག་མདུན་དམ་ཡེ་དབྱེར་མེད་སོགས་སྦྱར་ལ་རྩ་སྔགས་ཅི་རིགས་དང་། དེ་རྗེས་ཤམ་སྦྱར་ཅི་རིགས་བཟླས། མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་། ཕྱག་མཆོད། ཛབ་བསྟོད་མཐར། མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །རྩ་སྔགས་མཐར། ཀཱ་ཡ་ཝ་ཀ་ཙིཏྟ་སརྦ་སིདྡྷི་ཧཱུྃ་ཧཱུྃཿ ཞེས་དངོས་གྲུབ་བླང་། བུམ་གཏེར་ཡོད་ན་བུམ་གཏེར་བྱིན་རླབས་བྱ། དེ་ནས་མདུན་བསྐྱེད་དཀྱུས་ལྟར་འདོན། སྤྲོ་ན་ལྷག་པའི་ལྷ་མཆོག་ཞེས་པའི་གོང་དུ་བསྟོད་པ་ཡར་ལེན་ཀྱང་བྱ། མཆོད་པའི་མཐར། ཆོས་སྐུ་རྡོ་རྗེ་འཆང་སོགས་སྦྱར། བསྙེན་པའི་སྐབས། དང་པོ་ཕྱི་སྒྲུབ་ཀྱི། བདག་བསྐྱེད་ལྷ་ཡི་དཔྲལ་བའི་ཨོཾ་སོགས་བསྙེན་དམིགས་སྦྱར། རྩ་སྔགས་འབྲུ་ཉི་ཤུ་པ་ཅི་རིགས་བཟླ། དེ་ནས་ནང་སྒྲུབ་ཀྱི་བསྙེན་དམིགས། བདག་བསྐྱེད་ཀྱི་མགྲིན་པའི་སོགས་སྦྱར། སྔགས་ཉེར་དྲུག་པ་བཟླ། ཡང་བདག་བསྐྱེད་ཀྱི་ཐུགས་ཀའི་ཧཱུྃ་སོགས་གསང་སྒྲུབ་ཀྱི་བསྙེན་དམིགས་བཅས་རྩ་སྔགས་ཉེར་དྲུག་པ་བཟླ། དེ་ལ་ཕྱི་སྒྲུབ་ཀྱི་སྔགས་བརྒྱ་ཚོ་བཅོ་ལྔ། ནང་གསང་རེ་རེ་ནས་སུམ་བརྒྱ་རེ་ལྟ་བུ་བཟླ། དེ་ནས་ཡིད་བཞིན་ནོར་བུའི་གཟུངས་ཛམ་ལྷའི་སྔགས་བཅས་བརྒྱ་ཙམ་བཟླས། མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་
འདོད་གསོལ་སྦྱར། པུཥྤེ་དཀར་མོ་སོགས་ཀྱིས་མཆོད། ཆོས་སྐྱོང་རྒྱལ་པོ་སོགས་ཀྱིས་བསྟོད། ཧཱུྃ། ནོར་བདག་ཡིད་བཞིན་ནོར་བུ་སོགས། བུམ་གཏེར་མཆོད་པ་གསུམ་པོ་ཚར་གཅིག །དེའི་འདོད་གསོལ་ཚར་གསུམ། དངོས་གྲུབ། སྔོན་ཚེ་བསྐལ་པ་སོགས་ཚར་གཅིག་རྗེས། ཕྱི་སྒྲུབ་སྔགས་ལ་འདོད་འབྱུང་སྔགས་སྡེབས་མུ་ཀ་སོགས་སྦྱར་བ་ཉེར་གཅིག་སོགས་ཅི་རིགས་དང་། རང་གཞུང་གི་དངོས་གྲུབ་ལེན་སྔགས། མ་ཧཱ་རཏྣ་སོགས་བརྒྱ་ཙམ་བཟླས། སྟོང་ཚིགས་ཀྱི་མཆོད་བསྟོད་བྱ། དེ་ནས་གསོལ་ཁ་སྤྱི་དང་འདི་རང་གི་བཀའ་གཏེར་སྲུང་མའི་གསོལ་མཆོད་བྱ། དེ་ནས་ཚོགས་རྫས་བསང་ཆུས་བྲན་ལ། སརྦ་རབ་འབྱམས་སོགས་དང་། རཾ་ཡཾ་ཁཾ་བརྗོད། ཚོགས་བྱིན་རླབས། ཧཱུྃ། འདོད་ཡོན་ཚོགས༴ བསྐང་བའི་སྤྱན་འདྲེན་འདིར་སྦྱར། མཆོད་པ། ཧཱུྃ། ཞལ་ཟས་ཚོགས་ཀྱི༴ དེ་ནས། ཧཱུྃ། དེ་རིང་བཤམས་པའི་སོགས། བསྐང་བའི་བྱིན་རླབས་དང་བསྐང་བ་བྱ། བསྐང་བ་རྒྱས་འབྲིང་བསྡུས་པ་ཚར་གསུམ་སོགས་གྲངས་གསོགས་པར་སྤྲོ་ན་དེ་བྱ། མཐར་བཤགས་པ་བྱ། དེ་ནས་ཉིན་དང་པོར་འགོང་པོ་བཀར། རྗེས་སུ་སྲུང་འཁོར་བསྒོམ་གསང་བདག་སྔགས་ལ་འགོང་པོ་ཁ་ཆིངས་སྔགས་ཤམས་ཅན་བརྒྱ་བཟླས། སྲུང་འཁོར་གྱི་ཁྲོ་བཅུ་སོགས་ཞལ་ནང་དུ་གཟིགས་པ་ལས་སྤྲུལ་པའི་ཁྲོ་ཚོགས་མེ་མཚོན་གྱིས་གནོད་བྱེད་མིང་མེད་དུ་བརླག་པར་
བསམ། དེ་ནས་གཡང་གཞི་བྱིན་རླབས་དང་། གཡང་ལ་སྤྱན་འདྲེན་གྱི་འགོང་པོ་བསེ་རག་བཟློག་ཅེས་པའི་བར་དུ་བཏང་། དེ་ནས་སྲིད་པ་དང་པོ་གང་ནས་སོགས་གཡང་འགུགས་བྱ། གསེར་སྐྱེམས་དང་འབྱུང་ལྔའི་གཡང་འགུགས་ཉིན་ཐ་མ་ཁོ་ནར་འདོན་པར་གསུངས་ཀྱང་ཉིན་བཞིན་བཏང་ནའང་ལེགས། མཐར་མདངས་ལྡན་ལྷུན་གྲུབ་མ་སོགས་གཡང་འགུགས་ལོངས་ཁོམ་བསྟུན་ལ་བསགས། མཐར་ཕྱྭ་འགུགས་གཡང་འགུགས་སོགས་རྟེན་བཞུགས་མཐར་ཡེ་དྷར་བརྗོད། ལྷག་མ་བཏང་། གསོལ་ཁ་མཆོད། ཆད་བརྟན་བྲོ་བརྡུང་བྱ། པུཥྤེ་དཀར་མོ་སོགས་ཀྱིས་མཆོད། ལྕང་ལོ་ཅན་གྱི་གནས་མཆོག་སོགས་ཀྱིས་བསྟོད་མཐར། མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་སྦྱར་བ་དང་། ཆོས་སྐྱོང་རྒྱལ་པོ་སོགས་ཚིག་བདུན། གང་སྔོན་སྦྱིན་པའི་མཐར། མཆོག་དང་སོགས་སྦྱར་བས་བསྟོད། སྤྲོ་ན་དངོས་གྲུབ་ལེན་ཆོག་ཀྱང་འདོན། ནོངས་བཤགས་བྱ། མདུན་གྱི་ལྷ་རྟེན་དང་གཉིས་སུ་མེད་པར་བཞུགས་པར་གྱུར་ཅེས་བརྗོད་ཅིང་བསམས་ལ། འདིར་ནི་རྟེན་དང་སོགས། ཕྱོགས་བཅུ་ན་སོགས་ཀྱི་བརྟན་བཞུགས་བྱ། འབད་དང་རྩོལ་བ་སོགས་བཀྲ་ཤིས་ཚིགས་བཅད་བརྗོད། ལྷ་ཚོགས་སྣང་སྟོང་མས་བདག་བསྐྱེད་བསྡུ། རྩ་སྔགས་བརྗོད་པས་ལྷར་ལྡང་། ས་བརྒྱད་དབང་ཕྱུག་མས་དགེ་བ་བསྔོ། ཕུན་སུམ་ཚོགས་པ་མས་བཀྲ་ཤིས་
བརྗོད། ཉིན་ཐ་མར་འབྲོ་བརྡུང་བར་གྲུབ་ནས་གཡང་གཏད་དུས་སྦྱིན་བདག་རྣམས་སྟན་ལ་ཚོགས་སློབ་དཔོན་གྱིས་གཞི་ནས་ནས་ཕུལ་ལ་འཇལ་ཏེ་གཡང་སྒྱེ་སོགས་སུ་བླུག །འོ་གཅིག་དུ་མ་འཕེལ་སོགས་དྲི་བ་དང་ལན་བརྗོད། མཆོད་བསྟོད་དངོས་གྲུབ་བླང་སྟེ་རྫས་རྣམས་སྦྱིན་བདག་ལ་གཏད། གསེར་སྐྱེམས་དང་འབྱུང་ལྔའི་གཡང་འགུགས་མདངས་ལྡན་མ་བརྟན་བཞུགས་བཅས་གྲུབ་རྗེས་རྫས་རྣམས་གཞི་ཐོགས་སུ་བཞག་ལ་ནོངས་བཤགས་བྱ། མདུན་གྱི་ལྷ་རྣམས་རྟེན་ལ་བརྟན་པར་བཞུགས། ཕུན་སུམ་ཚོགས་པ་མས་བཀྲ་ཤིས་བརྗོད་ལ་སྦྱིན་བདག་རང་གནས་བཏང་། དེ་ནས་གཡང་རྫས་རྣམས་གང་དུ་བཞག་སའི་སྒྲོམ་དུ་བཅུག་ལ་སྲུང་ཐག་འཐེན་སྲུང་ཕུར་བཏབ་ལ། གཡང་སྐྱབས་འདི་ཡི་སོགས་སྲུང་འཇུག་དང་། གཡང་སྐྱོབས་ཤར་གྱི་སོགས་ཀྱིས་གཡང་སྒོམ་བསྡམ། སླར་བླ་མཆོད་རྣམས་རང་གི་གྲལ་དུ་འཁོད་ནས། མཆོད་བསྟོད་ནོངས་བཤགས་བདག་གི་རྣལ་འབྱོར་བསྡུ་ལྡང་རྣམས་གཞུང་བཞིན་བྱའོ། །འདི་ལ་བསྙེན་པ་བྱ་ན། ཐོག་མར་གསང་བདག་བསྙེན་པ་འབུམ་བཅུ་བྱ། དེ་རྗེས་བདག་བསྐྱེད་བསྙེན་པ་བརྒྱ་ཙམ་རྗེས། མདུན་བསྐྱེད་གཞུང་བསྲངས་ལ་ཕྱི་སྒྲུབ་བདུན་འབུམ། ནང་སྒྲུབ་སུམ་འབུམ། གསང་སྒྲུབ་ཆིག་འབུམ་རྣམས་རིམ་བཞིན་གཙོ་བོར་བྱས། ཐུན་མཐར་མཆོད་བསྟོད་སོགས་སྤྱི་ལྟར་དང་། བུམ་པ་སོགས་རྟེན་ཡོད་ན་དེ་ལས་
དངོས་གྲུབ་བླང་ཞིང་བརྟན་བཞུགས་བྱ། བདག་གི་རྣལ་འབྱོར་བསྡུ་ལྡང་སོགས་གོང་བཞིན་ནོ། །ཁ་སྐོང་གི་སྦྱིན་སྲེག་དང་དབང་དང་རྒྱས་པའི་སྦྱིན་སྲེག་སོགས་བྱ་ན་གཞུང་བཞིན་ནོ། །ཚུལ་འདི་འཛིན་པ་རྣམས་ལ་ཡོངས་གྲགས་པའི། །ཕྱག་ལེན་གཙང་མ་དེ་སྟེང་མན་ངག་གི །ཟབ་གནད་འགའ་ཞིག་གིས་ཀྱང་བརྒྱན་པའི་ཕྱིར། །ཡིད་བཞིན་ནོར་ལྟར་འདོད་དགུ་སྩོལ་བར་ངེས། །ཅེས་པའང་མི་ཕམ་རྣམ་པར་རྒྱལ་བས་བྲིས་པ་དགེ་ལེགས་འཕེལ།། ༈ །།ཛམ་དམར་ཐུགས་ཏིག་བཞུགས་སོ། །ཧཱུྃ། རྒྱལ་ཀུན་ཐུགས་ཀྱི་གསང་མཛོད་དུ། །མི་ཟད་ཡོན་ཏན་ནོར་བུའི་གཏེར། །འོད་དམར་ལྕགས་ཀྱུའི་འཕྲོ་འདུ་ལས། །རྨུགས་འཛིན་དམར་པོ་ཞལ་གཅིག་པ། །ཕྱག་གཉིས་ལྕགས་ཀྱུ་ནེའུ་ལེ་འཛིན། །དར་དང་རིན་ཆེན་མེ་ཏོག་བརྒྱན། །ཁྲོ་འཛུམ་སྒེག་ཅིང་ཆགས་པའི་ཚུལ། །བདེ་ཆེན་ཀུ་རུ་ཀུལླེ་མ། །ཨུཏྤལ་མདའ་གཞུ་འཛིན་པས་འཁྱུད། །འོད་དམར་འབར་ཞིང་འཁྱིལ་བའི་ཀློངས། །པད་ཉི་ལྷ་ཆེན་ཕོ་མོའི་སྟེང་། །བརྐྱང་བསྐུམ་རོལ་པའི་ཚུལ་གྱིས་བཞུགས། །དམ་ཡེ་དབྱེར་མེད་ཡེ་ཤེས་སྐུའི། །གནས་གསུམ་རྡོ་རྗེའི་འབྲུ་གསུམ་དང་། །ཐུགས་ཀར་ཉི་སྟེང་ཛཾ་དམར་མཐར། །སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར། །འོད་དམར་འཕྲོ་འདུས་སྣང་སྲིད་ཁྱབ། །བདེ་ཆེན་ངང་དུ་བཞུ་ཞིང་བསྐྱོད། །དངས་བཅུད་བདག་ལ་
འདུས་པར་བསམ། །ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་ཀུ་རུ་ཀུལླེ་སརྦ་ལོ་ཀ་ཝ་ཤཾ་ཀུ་རུ་ཧྲཱིཿ སྭཱ་ཧཱ། བརྒྱ་བཟླས་པས་ཟས་ནོར་ཆར་དུ་འབེབས། སྟོང་བཟླས་འཇིག་རྟེན་ཀུན་ནས་གཡོ། ཁྲི་ཡིས་ལྷ་འདྲེ་མི་གསུམ་ཤ་རུས་ལ་སྦྲང་མ་ལྟར་འདུ། འབུམ་གྱིས་ཇི་ལྟར་འདོད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཐུན་མཐར་གཏོར་མ་འབུལ་ན། རིན་པོ་ཆེའི་སྣོད་དུ་དཀར་མངར་ཤ་ཆང་གིས་བརྒྱན་པའི་ཟན་གཏོར་བཤམས་བྱིན་གྱིས་བརླབས་ལ། ཧཱུྃ། ཆོས་དབྱིངས་ཡངས་པ་ཆེན་པོའི་སྣོད་མཆོག་ཏུ། །སྣང་སྲིད་བདེ་ཆེན་བདུད་རྩིར་ཞུ་བའི་བཅུད། །འདོད་ཡོན་མི་ཟད་རོལ་པའི་སྤྲིན་ཕུང་འཕྲོ། །དམ་རྫས་དཔལ་གྱི་གཏོར་མ་ཆེན་པོ་འདི། །གནོད་སྦྱིན་རྒྱལ་པོ་རྨུགས་འཛིན་དམར་པོ་དང་། །དགྱེས་ཡུམ་ཡིད་འགུགས་གསང་བའི་ཌཱ་ཀི་མ། །ལས་མཛད་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་དང་། །རབ་འབྱམས་རྩ་གསུམ་ནོར་ལྷའི་དཀྱིལ་འཁོར་ལ། །མཆོད་པ་འབུལ་ལོ་ཐུགས་རྗེས་དགྱེས་བཞེས་ནས། །ཚེ་དཔལ་འབྱོར་པ་མི་ཟད་ཆུ་བོའི་རྒྱུན། །གྲགས་སྙན་དབང་ཕྱུག་སྟོབས་ཀྱི་དངོས་གྲུབ་སྩོལ། །རེ་བའི་འབྲས་བུ་དུས་འདིར་མཆིས་པར་མཛོད། །ཅེས་བྱའོ། །རྣོ་མྱུར་ཟབ་ཁྱད་སྒྲུབ་དང་ཤེས། །ཡིད་བཞིན་ནོར་བུ་དངོས་དང་མཚུངས། །ཁྱད་འཕགས་མན་ངག་ཕུལ་བྱུང་འདི། །ཤིན་ཏུ་གསང་ཞིང་སྦ་བ་གཅེས། །ཆོས་ལྡན་སྒྲུབ་པའི་མཐུན་རྐྱེན་དང་། །བློ་ལྡན་དཔལ་མོའི་དཔུང་
གཉེན་ལ། །གདམས་པ་འདི་ལས་ཟབ་པ་མེད། །མོས་ལྡན་སྐལ་བཟང་རྣམས་ཀྱི་ལོངས། །ས་མ་ཡ་རྒྱཿ ཉི་མ་ཟླ་བ་དྲུག་པའི་ཚེས་བཞི་དགུང་མཐར་བྲིས། །བཀྲ་ཤིས།། ༈ །བདག་ཉིད་སྣང་བ་མཐའ་ཡས་ཀྱི། །ཐུགས་ཀར་པདྨ་རྒྱས་པའི་དབུས། །ཟླ་ཏེང་རྡོ་རྗེ་རྣོན་པོ་ནི། །མདོག་དམན་རལ་པོད་འཛིན་པའམ། །ཡང་ན་འཇམ་དཔལ་ཁོ་ནར་གསལ། །ཐུགས་དབུས་ཟླ་བར་དྷཱི་ཡིག་པ། །སྔགས་ཕྲེང་དམར་པོ་འབར་བའི་འོད། །བདེ་ཞིང་ཆགས་པའི་རྣམ་པ་ཡིས། །རང་ལུས་གང་ཞིང་ཕྱིར་འཕྲོས་པས། །ཕྱོགས་དུས་སྲིད་པའི་ཆགས་པ་བསྡུས། །རང་ཐིམ་བཟོད་མེད་ཆགས་པའི་དངོས། །སོར་རྟོག་ཡེ་ཤེས་ཆེན་པོར་སད། །སླར་ཡང་ཀུན་ཁྱབ་བདེ་སྟོང་ངང་། །ཐམས་ཅད་འོད་དམར་ལྟེམ་གྱི་གང་། །འགྲོ་ཁམས་རྒྱ་མཚོའི་མོས་བསམ་དང་། །མཚུངས་པའི་ཆགས་ཚུལ་སྣ་ཚོགས་ཀྱིས། །རེ་བ་ཐམས་ཅད་བསྐངས་ནས་སུ། །ཐམས་ཅད་ཆགས་པའི་རྡོ་རྗེར་གྱུར། །ཀུན་ཀྱང་ཡེ་ཤེས་རང་བཞིན་ལ། །འདོད་པ་ཐོགས་མེད་ཡིད་བཞིན་གཟུགས། །མཐོང་བས་དགའ་བ་སྐྱེད་ཚུལ་གྱིས། །ཕན་ཚུན་ཆགས་ཤིག་ངས་སྤྱོད་ནས། །བདེ་བའི་རོ་ཡིས་རྒྱལ་ཀུན་མཆོད། །ཀུན་ཀྱང་མཉམ་པ་ཉིད་གྱུར་ཏེ། །བདེ་ཚིམ་ཡེ་ཤེས་ངང་དུ་འདྲེས། །འཇམ་དཔལ་རྣོན་པོར་གྲུབ་པར་བསམ། །འབྲུ་བདུན་སྔགས་སམ་ཨ་ར་པ་ཙ། ཡང་ན་ནི། ཨོཾ་བཛྲ་ཏིགྣ་ཏེ་ན་མ། ཞེས་བཟླ་
རིག་སྟོང་ངོ་བོ་བསྐྱང་། །འདི་ཡིས་འདོད་ཆགས་རྟོག་པ་ཀུན། །ཡེ་ཤེས་ཆེན་པོར་སྐད་ཅིག་འཆར། །འདོད་ཆགས་རྡོ་རྗེའི་ཏིང་འཛིན་ཏེ། །ཚོགས་གཉིས་ཡུད་ཀྱིས་རྫོགས་བྱེད་པའོ། །དེ་བཞིན་བྱམས་སོགས་ཀྱིས་ཞེ་སྡང་། །སྦྱོང་བའི་རིམ་པའང་ཤེས་པར་བྱ། །འདོད་ཆགས་ཁྲོ་ཆུ་ཁོལ་བ་ཡི། །འདོད་ཆགས་དགའ་བའི་རྡོ་རྗེས་བྲིས། ༈ །དགེ་འདུན་འདུ་འཁོར་རིགས་བྱེད་མའི་སྔགས་ལ་སྦྱར་བ། འཁོར་ལོའི་ལྟེ་བར་ཧྲཱིཿ མུ་ཁྱུད་ལ། སཾ་གྷ་ཝརྡྷ་པུཥྚིཾ་ཀུ་རུ་ཨོཾ། དེའི་ཕྱིར་པད་འདབ་བརྒྱད་ལ་ཧྲཱིཿ ཡི་མདུན་ནས་བརྩམ་སྟེ་གཡས་བསྐོར་དུ། ཨོཾ་ཀུ་རུ་ཀུལླེ་དགེ་འདུན་གྱི་འདུ་བ་རྒྱ་ཆེན་པོ་ཨཱ་ཀརྵཱ་ཡ་ཛཿ ཨཱ་ཀརྵཱ་ཡ་ཧྲིཾཿ བ་ཤཾ་ཀུ་རུ་ཧྲཱིཿསྭཱ་ཧཱཿ དེ་རྒྱབ་མུ་ཁྱུད་ལ། དབྱངས་ཡིག་བཅུ་དྲུག །དེ་རྒྱབ་གསལ་བྱེད་སོ་གསུམ། དེ་རྒྱབ་རྟེན་སྙིང་མཐར། དགོན་གནས་ཆེ་གེ་མོ་འདིར་དགེ་འདུན་གྱི་འདུ་བ་རྒྱ་ཆེན་པོ་འབྱུང་ཞིང་འཕེལ་བ་དང་། བཤད་སྒྲུབ་ཀྱི་བསྟན་པ་རྒྱས་ཤིང་མི་ནུབ་ཡུན་དུ་དར་བར་གྱུར་ཅིག་སོགས་འདོད་གསོལ་དང་ཤོང་ན་འབད་རྩོལ་སོགས་བཀྲ་ཤིས་ཚིགས་བཅད་གང་རུང་བྲི། དེ་ཚོའི་ཕྱི་རོལ་མུ་ཁྱུད་ཨུཏྤལ་དམར་པོའི་ཕྲེང་བ་བྲིའོ། །ལྕགས་ཕག་ཟླ་བ་བཅུ་གཅིག་པའི་ཚེས་དགུ་ལ་སྐྱོ་མདའ་དགོན་པར་ཕན་སླད་མི་ཕམ་པས་བྲིས་པ་དགེ། ཡིག་མགོ་ཐམས་ཅད་ཕྱིར་བསྟན་བྱའོ། །དགེ། མངྒ་ལཾ།། ༈ །རླུང་ལ་ལས་བཅོལ་བཞུགས། སྐྱེམས་དང་བ་ལིང་བྱིན་རླབས་རླུང་ལྷ་དགུག །ཨོཾ་བཱ་ཡུ་དེ་ཝ་རཱ་ཛ་ས་པ་རི་སོགས། ཀྱེ། དམ་ཚིག་སྒྲོལ་མའི་རང་
བཞིན་གྱི། །འབྱུང་བ་རླུང་གིས་སྲིད་པ་ཁྱབ། །དེ་ལ་དབང་བྱེད་སྲིད་པའི་ལྷ། །རླུང་ལྷའི་རྒྱལ་པོ་མཐུ་བོ་ཆེ། །ཡབ་ཡུམ་སྤྲུལ་པ་འཁོར་བཀའ་ཉན། །རླུང་ལ་གནས་པ་ཐམས་ཅད་ལ། །ཀུན་བཟང་བདེ་བ་ཆེན་པོའི་སྤྲིན། །དམ་རྫས་གཏོར་མའི་མཆོད་པ་འབུལ། །དེ་རིང་རྣལ་འབྱོར་བདག་ཅག་གི །གཟུངས་སྔགས་རླུང་ལ་བསྐོར་བ་ཡིས། །ལས་འདི་རླུང་ལྷ་ཁྱོད་ལ་བཅོལ། །སྣང་སྲིད་རླུང་གིས་གར་ཁྱབ་པར། །གསང་སྔགས་རྡོ་རྗེའི་སྒྲ་ཡིས་ཁྱབ། །བྱད་ཕུར་མི་ཁ་བར་ཆད་དང་། །ཡིད་མི་བདེ་བ་ལ་སོགས་པའི། །འགལ་རྐྱེན་ཀུན་ཞི་ཚེ་དཔལ་སྟོབས། །གཟི་བརྗིད་རིག་སྔགས་ནུབ་པ་རྒྱས། །ལྷ་འདྲེ་མི་དང་སྐྱེ་རྒུའི་ཚོགས། །དབང་མེད་ཡིད་སྣང་འཕྲོག་ཅིང་བསྒྱུར། །དགྲ་བགེགས་འབྱུང་པོ་ཚར་གཅོད་ཅིང་། །ཇི་ལྟར་བརྩམས་པའི་ལས་རྣམས་ཀུན། །ནུས་པ་མཆོག་དང་ལྡན་པ་ཡིས། །རེ་བའི་འབྲས་བུ་མཆིས་པ་དང་། །བཀྲ་ཤིས་བདེ་ལེགས་ཀུན་ཁྱབ་མཛོད། །ཅེས་པའང་ས་གླང་ཟླ་བ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་རྣམ་འཇོམས་རྡོ་རྗེའི་རླུང་འཁོར་འཛུག་ཚེ་མི་ཕམ་པས་གང་དྲན་སྤེལ་བ་དགེའོ། །མངྒ་ལཾ། །དེ་བཞིན་དྲག་པོ་སོགས་ཇི་འདོད་ཁ་བསྒྱུར་དང་། ཆུ་ལའང་ཡུམ་དང་འབྱུང་བའི་ཁ་བསྒྱུར་ཤེས་པར་བྱ་བ་སོགས་འབྱུང་བཞིར་སྦྱར་རོ།། ༈ །ན་མོ་མཉྫུ་ཤྲཱི་ཡེ། འཇམ་དཔལ་ཡི་གེ་བཅུ་གཉིས་ལས། རྟེན་འབྲེལ་བརྟགས་པའི་མན་ངག་ནི། །ཐོད་ལེ་ཀོར་གྱི་ཐུར་མ་ལ། །འཇམ་དཔལ་སྔགས་དང་རྟེན་འབྲེལ་གྱིས། །བསྔགས་ལ་དགོས་དོན་དྲི་བའི་ཚེ། །བ་གླང་གཅིན་གྱི་རྣམ་
པ་ལྟའི། །རི་མོ་ཀྱག་ཀྱོག་ཇི་འདོད་བྲི། །འབུར་གྱི་རྣམ་པ་དུ་བྱུང་བ། །ཨ་ནས་བགྲང་སྟེ་གར་བབ་བལྟ། །ཡང་ན་འདབ་མ་བཅུ་གཉིས་པའི། །ལྟེ་བར་སྐུའམ་ཕྱག་མཚན་འགོད། །འདབ་མར་དབྱངས་ཡིག་བཅུ་གཉིས་བྲི། །དུས་སུ་དམོད་བོར་མེ་ཏོག་བསྔགས། །ལྟོས་མེད་དོར་ལ་གར་བབ་བརྟགས། །ཡང་ན་ལྡེའུ་བཅུ་གཉིས་ཀྱི། །གཅིག་ལ་རྟགས་གདབ་རིམ་བཞིན་འགྲེམ། །ཐུང་ངུ་རྣམས་ནི་དགེ་བ་སྟེ། །རིང་པོ་རྣམས་ནི་མི་དགེའོ། །དེ་ཡང་ཨ་ ༡ ལ་བབ་གྱུར་ན། །དཔལ་གྱི་ཉི་མ་ཤར་བ་དང་། །མི་ནུབ་རྟག་ཏུ་འགྲོགས་པ་ཡིན། །ནོར་རྣམས་རྙེད་ཅིང་སྐལ་བ་བཟང་། །ཆོས་དོན་ཐོབ་ཅིང་མཁས་པར་འགྱུར། །འདི་ལ་ཐེ་ཚོམ་ག་ལ་ཡོད། །ཨཱ་༢ ལ་བབ་ན་སྡུག་བསྔལ་གྱི། །འཐོར་རླུང་རྣམ་པར་གཡོ་བ་ཡིན། །རིམས་ནད་ལ་སོགས་འཚེ་བས་གཟིར། །འཇིགས་ཤིང་སྐྲག་པས་རྣམ་པར་ཉམས། །ཆོས་ཕྱར་ལམ་ཉམས་སྲིད་པས་འཇིགས། །ཤིན་ཏུ་ངེས་པར་བདེན་པའོ། །ཡི་གེ་ཨི་ ༣ ལ་བབ་གྱུར་ན། །ཡིད་བཞིན་ནོར་བུ་རྙེད་པ་ལྟར། །རྒྱལ་སྲིད་དཔལ་དང་འབྱོར་པ་ཐོབ། །ཀུན་ནས་ནོར་རྣམས་རྙེད་པ་དང་། །གང་བསམ་དེ་དག་ཡིད་བཞིན་འགྲུབ། །ཆོས་ཕྱ་ལ་ཡང་དགེ་བར་ངེས། །ཨཱི་༤ ཡི་ཡི་གེ་ལ་བབ་ན། །ཟླ་བ་གཟའ་ཡིས་ཟིན་པ་ལྟར། །འཆི་སོགས་འཇིགས་པ་དུ་མ་སྐྱེད། །དགྲ་ཡི་གནོད་པས་གཟིར་བ་དང་། །མེ་ཡི་འཇིགས་པ་འབྱུང་བར་སྟོན། །མི་བཟད་འཆིང་བས་ཟིན་པར་འགྱུར། །ཨུ་ ༥ ཡི་ཡི་
གེ་ལ་བབ་ན། །ཡར་ངོའི་ཟླ་དང་དབྱར་ཆུ་བཞིན། །ནོར་དང་དཔལ་དང་འབྲུ་རྣམས་འཕེལ། །དཔལ་ལྡན་གྲོགས་ནི་རྙེད་པ་དང་། །ཡིད་འོང་དགའ་བ་མཆོག་ཏུ་རྒྱས། །ཆོས་དོན་སྐྱེ་བ་དྲན་པར་འགྱུར། །ཨཱུ་ ༦ ཡི་ཡི་གེ་ལ་བབ་ན། །ནགས་ཚལ་མེ་ཡིས་ཚིག་པ་བཞིན། །འཇིགས་འུར་ཟིང་ལོང་མི་བདེ་མང་། །དགྲ་རྣམས་ཀྱིས་ནི་འཚེ་བ་དང་། །བྲན་དང་གཉེན་རྣམས་འཇིགས་ཤིང་སྐྲག །ཡུལ་ལ་ཞེན་པ་ཅན་དུ་འགྲོ། །ཨེ་ ༧ ཡི་ཡི་གེ་ལ་བབ་ན། །རྒྱལ་བུ་རྒྱལ་སར་འཁོད་པ་ལྟར། །ཕྲལ་དུ་སྐལ་བ་བཟང་པོར་འགྱུར། །སྐྱེས་པ་དང་ནི་བུད་མེད་ཀྱིས། །མཆོད་པ་ཐོབ་ཅིང་རྣམ་པར་རྒྱལ། །ཆོས་ཚོལ་བྱང་ཆུབ་སེམས་དཔར་འགྱུར། །ཨཻ་ ༨ ཡི་ཡི་གེ་ལ་བབ་ན། །མར་མེ་རླུང་གིས་བསྐྱོད་པ་ལྟར། །མི་བདེ་སྡུག་བསྔལ་སྣ་ཚོགས་གཟིར། །དགྲ་དང་རྒྱལ་པོས་འཇིག་པ་དང་། །རྐུན་པོས་འཚེ་ཞིང་ནད་རིམས་ཐེབས། །སེམས་རྨོངས་འགྲོ་བ་དྲུག་ཏུ་གཟིར། །ཨོ་ ༩ ཡི་ཡི་གེ་ལ་བབ་ན། །རིན་ཆེན་གླིང་དུ་ཕྱིན་པ་ལྟར། །ཡིད་ལ་དགའ་བ་མཆོག་ཏུ་བརྟན། །གནས་ཀྱི་དབང་པོར་འགྱུར་བ་དང་། །ནོར་འབྲུ་རྙེད་ཅིང་ཡིད་འོང་འཕེལ། །ཕ་རོལ་ཕྱིན་པའི་ས་ཡང་ཐོབ། །ཨོོ་ ༡༠ ཡི་ཡི་གེ་ལ་བབ་ན། །ལྟག་ཆུ་ཆད་པའི་རྫིང་བུ་བཞིན། །གནས་ལས་ཉམས་དང་དོན་མི་འགྲུབ། །བརྡེག་བཙོག་ལ་སོགས་སྡུག་བསྔལ་འབྱུང་། །བྱས་པ་དག་ནི་ཆུད་གསོན་ཅིང་། །ཆོས་ཕྱིར་བརྟག་ན་དམ་ཚིག་ཉམས། །ཨཾ་ ༡༡ གི་ཡི་གེ་ལ་བབ་ན། །ལྗོན་ཤིང་མེ་འབྲས་
རྒྱས་པ་ལྟར། །དགོས་པ་དོན་དང་བྲན་རྣམས་རྙེད། །རིག་པ་ཐོབ་ཅིང་བུ་དང་ནི། །གྲོགས་པོ་དང་ནི་དགའ་བ་འཐོབ། །སེམས་དཔའ་མཐོང་ནས་མོད་ལ་གྲོལ། །ཨཿཡི་ ༡༢ ཡི་གེ་ལ་བབ་ན། །ཡིད་འོང་བདུད་རྩི་འཐུང་བ་བཞིན། །དཔལ་དང་སྐལ་པ་བཟང་པོས་བརྒྱན། །ཇི་ལྟར་དང་པོའི་ཨ་བཞིན་ཏེ། །ཆོས་ཕྱར་ཡང་དག་ཐོབ་པ་ཡིས། །ཕུང་པོ་ཁམས་ལ་ཐེ་ཚོམ་ཟ། །འདིར་ནི་འཇམ་དཔལ་ཇི་བཞིན་དུ། །འཁོར་ལོ་སྡོམ་པ་ལ་སོགས་པའི། །སྔགས་ཀྱིས་བཏབ་སྟེ་མཚན་མ་བརྟག །ཡང་ན་རོ་ཧི་ཏ་ལ་སོགས། །དུས་ཀྱི་དབྱངས་ལས་ཁ་དམར་གདགས། །འདི་ནི་རྡོ་རྗེ་མཁའ་འགྲོ་དང་། །མཁའ་འགྲོ་རྒྱ་མཚོ་གདན་བཞི་སོགས། །བསླུ་མེད་རྒྱུད་ཀྱི་ལུང་དོན་བཞིན། །རྟེན་འབྲེལ་བརྟག་པའི་མན་ངག་སྟེ། །འདིར་ནི་འཇམ་དཔལ་ཉིད་ལ་སྦྱར། །རྒྱས་པར་བརྟག་པའི་སྒོ་མང་པོ། །གཞན་དུ་ཤེས་པར་བྱ་བ་ཡིན། །མི་ཕམ་རྣམ་རྒྱལ་གྱིས་བྲིས་པའི། །དགེ་བས་བླང་དོར་གསལ་གྱུར་ཅིག །༈ །མེ་བདར་ཀུན་གསལ་བཞུགས། ཨོཾ། རིགས་གསུམ་མགོན་དང་དེ་ཡི་རྣམ་འཕྲུལ་བ། །ལྷ་ཆེན་གསུམ་སོགས་ཡེ་ཤེས་འཇིག་རྟེན་གྱི། །རྣོ་མཐོང་མོ་ལྷའི་ཚོགས་རྣམས་འདིར་གཤེགས་ཤིག །སྣང་སྲིད་ས་ལེར་གཟིགས་པའི་མཁྱེན་པ་ཅན། །འགྲོ་བ་ཀུན་ལ་བརྩེ་བའི་སྙིང་རྗེ་ཅན། །བླང་དོར་བསླུ་མེད་སྟོན་པའི་ནུས་མཐུ་ཅན། །མི་ཤེས་མུན་འཐུམ་བདག་གི་མགོན་གྱུར་པ། །ཁྱེད་རྣམས་མཆོད་དོ་བསྟོད་དོ་དཔང་མཛོད་ཅིག །བསྭོ་
ཞིང་བདར་རོ་བརྟག་བྱ་འདིའི་དོན་དུ། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་འགོ་བའི་ལྷ། །དགྲ་བླ་ཝེར་མ་ཐུགས་དཀར་ཅང་སེ་དང་། །ནོར་ལྷ་གཏེར་བདག་ཡུལ་ལྷ་གཞི་བདག་བདར། །སྤར་སྨེ་ལོ་སོགས་དུས་ཀྱི་ཆ་འཛིན་ལྷ། །ཕྱོགས་སྐྱོང་དཔལ་མགོན་སྲིད་པ་རྒྱུད་ཀྱི་ལྷ། །ལེགས་ཉེས་ཤན་འབྱེད་གཙུག་ལག་འཕྲུལ་གྱི་ལྷ། །གཟུ་བཞི་དཔང་བརྒྱད་ཤེས་བཞི་མཐོང་བརྒྱད་ཀྱི། །རྣོ་མཐོང་མོ་ལྷ་རབ་འབྱམས་ཐམས་ཅད་བདར། །དུས་ཀྱི་འཁོར་ལོ་རྗེ་བཙུན་འཇམ་པའི་དབྱངས། །མ་ཧཱ་གསེར་སྦལ་འབྱུང་བའི་ལྷ་མོ་ལྔ། །ཡེ་མཁྱེན་འཕྲུལ་རྒྱལ་དམ་པ་སངས་རྒྱས་སོགས། །རྟེན་འབྲེལ་གསལ་སྟོན་ལྷ་ཡི་ཚོགས་རྣམས་བདར། །ཕུ་ཝེར་ལྕམ་དྲལ་ཕྱའུ་གཡང་དཀར་དང་། །ཐུགས་དཀར་ལྷ་རྒྱལ་ཡབ་ཡུམ་སྲས་ལྕམ་དྲལ། །ཁྱུང་ནག་རལ་ཆེན་ལྕགས་ཀྱི་བྱ་ཁྲ་ཅན། །བ་སྦལ་ཁྱུང་གསུམ་འབྲུག་སྟག་སེང་གསུམ་དང་། །ཝེར་མ་ཉི་ཉ་གཡའ་སྤང་སྐྱེས་གཅིག་དང་། །རྡོ་རྟ་གྲོ་མོ་དཔུང་གི་གནམ་སྨན་དཀར། །གཡའ་འབྲི་སི་ལེ་གངས་སྨན་གཡུ་བུན་མ། །ཞང་ཞུང་སྒོ་ཕུག་བར་མའི་མོ་ལྷ་དང་། །མདུང་ལྷ་རྫིའུ་སུམ་བརྒྱ་དྲུག་ཅུའི་ཚོགས། །དགྲ་བླ་མཆེད་གསུམ་བཅུ་གསུམ་དྲ་མ་བརྒྱད། །བན་བོན་སྐྱེ་བོ་ཡོངས་ཀྱི་དགྲ་བླ་དང་། །དོན་གྲུབ་ཝེར་མ་དཀར་པོ་དགྲ་བླའི་ཚོགས། །མ་སང་ལྷ་སྨན་ཚོགས་ཀྱིས་མོ་ཕོབ་ཅིག །ཡེ་ཤེས་ལས་དང་འཇིག་རྟེན་གྱིས་བསྡུས་པ། །ལེགས་ཉེས་སྟངས་
འཛིན་བདེན་རྫུན་ཤན་འབྱེད་པའི། །མངོན་ཤེས་དྲང་མཁན་རྣོ་མཐོང་མོ་ཡི་ལྷ། །མཆོད་དོ་བསྟོད་དོ་བདར་རོ་རྣོ་མཐོང་ཕོབ། །སྟོང་དང་རྟེན་འབྱུང་བསླུ་བ་མེད་པ་དང་། །མཆོག་གསུམ་ལྷ་དང་དྲང་སྲོང་མོ་ལྷ་ཡི། །བདེན་པའི་ཐ་ཚིག་ནམ་ཡང་མི་བསླུ་བས། །དེང་འདིར་བརྟག་བྱའི་དོན་འདི་གསལ་བོར་སྟོན། །ཡེ་ཤེས་མཐོངས་ཕྱེ་མ་རིག་མུན་པ་སོལ། །རྣོ་མཐོང་གསལ་བའི་སྒྲོན་མེ་ད་སྦོར་ཅིག །ཨ་ར་པ་ཙ་སོགས་དང་རྟེན་འབྲེལ་སྙིང་པོ་བཟླས་ལ་བཅུ་ཐིག་གམ། མ་སང་རྡེའུ་མོའམ། སོག་མོའམ། གཞན་ལ་ཉེ་སྣ་ཚོགས་ཡིད་ཀྱིས་བརྟག་པར་བྱའོ། །རབ་ཚེས་ས་བྱ་ཟླ་བ་གསུམ་པའི་ཚེས་བཅུ་གཉིས་ལ་དྷཱིས་བྲིས་མངྒ་ལཾ།། ༈ །།ཤོ་བསྒྲུབ་ན། མཎྜལ་དབུས་སུ་བཀོད་མཆོད་པ་དག་གིས་བསྐོར། །བདུད་རྩི་འཁྱིལ་པའི་སྔགས་བརྒྱས་བསངས་ལ། །ཤོ་དེ་ཉིད་སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གི་དབུས་སུ་འཇམ་དཔལ་གསལ་ཞིང་ཐུགས་ཀར་ཟླ་བ་ལ་ཧཱུྃ་གསལ་བཏབ་འོད་ཀྱིས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་འཇམ་དཔལ་གྱི་རྣམ་པར་སྤྱན་དྲངས་ནས་ཐིམ་པ་ཤྭ་འཕར་འཁྲབ་ཅིང་རྟེན་འབྲེལ་སྟོན་པར་བསམས་ལ། ཨོཾ་ཨ་ར་པ་ཙ་ན་དྷཱི་ཧཱུྃ་གྲྀཧྞ་ཨཱ་བེ་ཤ་ཡ་ཧཱུྃ། ཞེས་སྟོང་ངམ་ཁྲིའམ་འབུམ་གྱི་མཐར་ཐུག་པ་བཟླ། ཤོ་འཕར་བ་དང་འགྲུབ་བོ། །ལས་སྦྱོར་དུས་སྔགས་བརྒྱ་ཙམ་བཟླས་ལ་བཞག་ཅིང་གང་དམིགས་སྨོད་པས་ལན་གཉིས་འཕང་པ་དེའི་གང་བབ་འབྲས་བུ་བརྟག་སྟེ། ཤིན་ཏུ་ཡང་མི་
བསླུ་ཞིང་བདེན་ནོ། །ཚུལ་འདིས་མདའ་སོགས་དང་སྐུ་གཟུགས་སོགས་ལ་ཕབ་སྟེ་བོར། རྫས་སོགས་བརྟག་གོ །ས་མ་ཡ། ཁྱེའུ་དང་བུ་མོ་ལའོ། །འདི་དཔུང་བཟང་གིས་ཞུས་པའི་རྒྱུད་ལས། ང་ཡི་རིག་སྔགས་ཧཱུྃ་ཞེས་བྱ་བ་འདིས། །ཤིང་ལ་འབེབས་ན་མི་ལ་ལྟ་ཅི་སྨྲོས། །ཞེས་སོགས་གསུངས་པའི་དགོངས་པ་བཞིན་ནོ། །ས་མ་ཡ།། ༈ །།རྟེན་འབྲེལ་བརྟགས་པའི་མན་ངག་ནི། རང་གི་སྙིང་གའི་འོད་ཟེར་གྱིས། །མཁའ་ཁྱབ་རྒྱལ་བ་སྲས་བཅས་ཀུན། །ཏིལ་གོང་ཁ་ཕྱེས་བཞིན་དུ་ནི། །མདུན་གྱི་ནམ་མཁའ་ཐིབས་ཀྱིས་བྱོན། །ཀུན་ཀྱང་འོད་ཞུ་འཇམ་དབྱངས་ལ། །ཐིམ་པ་དེ་ཡང་འོད་ཞུ་ནས། །ཤོ་རྡིལ་ལ་ཐིམ་དེ་ཉིད་ལ། །མེ་ལོང་ལ་ནི་གཟུགས་བརྙན་ཚུལ། །འཇམ་དཔལ་སྐུར་གསལ་འོད་དུ་འབར། །གང་དམིགས་བླང་དོར་སྟོན་ནུས་བསམ། །ལག་གཉིས་ཐལ་སྦྱར་དབུས་སུ་བཟུང་། །རྩ་སྔགས་ཡེ་དྷར་ཅི་རིགས་བཟླས། །ཕུ་ཡིས་གདབ་ཅིང་དཔྲལ་བར་བཞག །དམོད་པ་བོར་ཞིང་གཞི་གཙང་ལ། །ཁ་སྦྱར་ཕྱག་རྒྱས་གུས་པར་དོར། །བསླུ་མེད་བླང་དོར་གསལ་བར་སྟོན། །ས་མ་ཡ། ༈ ཨོཾ། དུས་གསུམ་ཀུན་ཏུ་མ་སྒྲིབ་ཡེ་ཤེས་སྤྱན། །འཇམ་དཔལ་དཔའ་བོ་བདག་ལ་དགོངས་སུ་གསོལ། །མཆོག་གསུམ་རྩ་གསུམ་རྟེན་འབྲེལ་བསླུ་མེད་ཀྱི། །བདེན་པའི་མཐུ་ཡིས་བླང་དོར་གསལ་གྱུར་ཅིག །ཨ་ར་པ་ཙ་དང་རྟེན་སྙིང་ལན་གསུམ་བཟླས་ཏེ་འཕང་། ཤིང་ལུག་ཟླ་༤ཚེས་༢༥གཟའ་༢སྐར་༢༦ངོས་སྔ་དྲོར་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་མི་ཕམ་པས་བྲིས་པ་དགེ། །།
བསང་པྲ་བཞུགས། གུ་ཧྱ་པྲ་སེ་ན་སིདྡྷི། མདུན་དུ་རཏྣའི་ཁང་བཟང་དབུས། །རྡོ་རྗེ་གཡུ་སྒྲོན་སྐུ་མདོག་དཀར། །དར་དང་རིན་ཆེན་མེ་ཏོག་བརྒྱན། །མདའ་དར་མེ་ལོང་ཕྱག་ན་བསྣམས། །ཤར་དུ་རྡོ་རྗེ་ཌཱ་ཀི་མ། །དཀར་མོ་རྡོ་རྗེ་མེ་ལོང་འཛིན། །ལྷོ་རུ་རིན་ཆེན་ཌཱ་ཀི་མ། །སེར་མོ་ནོར་བུ་མེ་ལོང་འཛིན། །ནུབ་ཏུ་པདྨ་ཌཱ་ཀི་མ། །དམར་པོ་པདྨ་མེ་ལོང་འཛིན། །བྱང་དུ་ལས་ཀྱི་ཌཱ་ཀི་མ། །ལྗང་མོ་རྒྱ་གྲམ་མེ་ལོང་འཛིན། །ཡང་འཁོར་མཁའ་འགྲོ་འབུམ་གྱིས་བསྐོར། །སྤྱན་དྲངས་དམ་ཡེ་དབྱེར་མེད་གྱུར། །ཐུགས་ཀར་ཟླ་སྟེང་བཾ་གྱི་མཐར། །སྔགས་ཕྲེང་འཁོར་ཞིང་འཕྲོ་འདུ་བསྒྱུར། །གཙོ་འཁོར་རྣམས་ཀྱི་འོད་ཟེར་གྱིས། །སྲིད་ཞིའི་མངོན་པར་ཤེས་པ་བསྡུས། །རྟེན་དང་བདག་གི་སྙིང་ཁར་ཐིམ། །སྣང་གསལ་པྲ་ཡི་དངོས་གྲུབ་ཐོབ། །ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་ཝ་ར་ཧེ་བཛྲ་པྲ་མོ་ཧ་བཾ་ཧ་རི་ནི་ས་ཙིཏྟ་ཧྲིང་ཧྲིང་ཛ་ཛཿ ཀ་ར་ཀ་ར་དང་ར་དང་ར་ཐེ་སེ་ཐེ་སེ་ཙཀྵུ་པྲ་བེ་ཤ་ཡ་ཕཊཿཨོཾ་པྲ་མོ་ཕོབ་ཕོབ། པྲ་མོ་སོལ་སོལ། རྣམ་ཐོང་གསལ་བའི་སྒྲོན་མེ་སྤོར་སྤོར་སྭཱ་ཧཱ། ཞེས་པ་བརྒྱ་དང་སྟོང་ནས་ནི། །ཁྲི་ཡི་བར་དུ་མ་ཡེངས་བཟླས། །རིག་རྩལ་ཉམས་འབར་མངོན་ཤེས་འཆར། །དངོས་སུ་སྣང་གསལ་པྲ་འབེབས་འགྱུར། །མེ་ཕག་ཟླ་བ་བརྒྱད་པའི་ཚེས་བཅུ་ལའོ། །མངྒ་ལཾ།། ༈ །།ཡ་མཱནྟ་ཀ་སྒྲུབ་པའི་ཐབས། སྐྱབས་སེམས་ཚད་མེད་སྔོན་བཏང་སྟེ། ཨཱཿསྟོང་ཉིད་འོད་གསལ་ངང་ལས་སྐད་ཅིག་གིས། །རང་ཉིད་གཤིན་རྗེའི་གཤེད་པོ་སྐུ་མདོག་ནག །
ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ། བེ་ཅོན་ཕྱར་གཡོན་ཐུགས་ཀར། བསྡིག་མཛུབ་ཅན། །ཁྲོ་ཚུལ་ཀུན་ལྡན་དུར་ཁྲོད་ཆས་རྣམས་རྫོགས། །པད་ཉི་མ་ཧེར་ཞབས་གཉིས་དོར་སྟབས་འགྱིང་། །ཞལ་ནས་དྲག་སྔགས་མེ་མཚོན་ཐོག་སེར་འཁྲུགས། །གནོད་བྱེད་སྟོབས་འཕྲོག་ཚེ་བསོད་དངས་བཅུད་སྡུད། །མེ་དཔུང་དབུས་བཞུགས་ཐུགས་ཀར་ཉི་སྟེང་ཧཱུྃ། །སྔགས་ཕྲེང་འཁོར་བའི་འོད་ཟེར་སྤྲོ་བསྡུ་ཡིས། །དགྲ་བགེགས་ཚར་བཅད་ཁྲོ་ཚོགས་ནུས་སྟོབས་ཀུན། །བསྡུས་ནས་རང་ཐིམ་ཕྱོགས་ལས་རྣམ་རྒྱལ་ཞིང་། །རྡོ་རྗེ་གསུམ་གྱི་དངོས་གྲུབ་ཐོབ་པར་གྱུར། །ཨོཾ་ཧྲཱིཿ ཥྚི་ཝི་ཀྲྀ་ཏཱ་ན་ན་སརྦ་ཤ་ཏྲུཾ་ནཱ་ཤ་ཡ་སྟྭམྦྷ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ སྔགས་ཀྱི་ཕྲེང་བ་ཉེར་བཞི་པ། །མ་ཡེངས་ཏིང་འཛིན་ལྡན་པ་ཡིས། །བརྒྱ་རྩ་ལ་སོགས་བགྲང་གྱུར་ན། །བསམ་སྦྱོར་ངན་པའི་དགྲ་དང་བགེགས། །ཐལ་བར་བརླག་འགྱུར་གདོན་མི་ཟ། །རྨི་ལམ་དགྲ་བོ་བཀུག་དང་བརྡུང་། །བསད་དང་བཅོམ་སོགས་རྟགས་མཚན་འབྱུང་། །ཤིང་འབྲུག་ཟླ་ ༡༡ ཚེས་ ༦ རྒྱ་བྲག་ཏུ། །དྷཱི་ཡི་རིག་རྩལ་ཆོས་སྡེ་དགེ། འཆི་བདག་དགྲ་ལས་རྣམ་རྒྱལ་བའི། །དཔའ་བོ་ཆེན་པོའི་དྲག་སྔགས་ནི། །དགྲ་ཕུང་ནག་པོ་འདི་བསྒྲུབ་ན། །ཕྱོགས་ལས་རྣམ་རྒྱལ་ཨེ་མ་ཧོཿ ས་མ་ཡ་རྒྱ་རྒྱཿ མངྒ་ལཾ། ༈ །།འཇམ་དཔལ་བདུད་དགྲ་འདུལ་ལ་འདུད། །བདུད་བཟློག་གསང་བའི་མན་ངག་བཤད། །ཕྱི་རུ་གང་སྣང་དབང་མི་འཁོལ། །ནང་དུ་ཀུན་རྫོབ་རྦ་རླབས་འཚུབས། །ཆོས་ཀྱི་ལམ་དང་ཆེར་འགལ་བ། །དབང་
མེད་རྒྱུ་བ་བདུད་ཀྱི་རྟགས། །ཤེས་ནས་བརྩོན་པས་བཟློག་པར་བྱ། །སྤྱི་བོར་སྐྱབས་གསུམ་ཀུན་འདུས་པ། །བླ་མ་ཡི་དམ་དབྱེར་མེད་བསྒོམ། །ཚོགས་བསགས་གསོལ་བཏབ་ཐུགས་ཡིད་བསྲེ། །སྙིང་གར་ཟླ་བ་རྡོ་རྗེ་ལ། །ས་བོན་སྔགས་ཀྱི་འོད་ཟེར་ནི། །ཡེ་ཤེས་མེ་འབར་རང་ལུས་བསྲེག །སྟོང་པར་བསམས་ལ་དེའི་ངང་ལས། །རང་ཉིད་ཡི་དམ་ལྷ་རུ་བསྒོམ། །སྣང་སྲིད་སྒྱུ་མ་ལྟར་བལྟས་ནས། །ཀུན་ལ་མཉམ་པའི་བྱམས་པ་ཡིས། །ཀུན་ཁྱབ་འོད་ཟེར་དཀར་པོའི་ཚུལ། །ཐམས་ཅད་མཆོག་གི་བདེ་ལྡན་བསམ། །ཀུན་ཀྱང་རང་སེམས་རིག་པའི་རྩལ། །རིག་པ་མ་བཅོས་གཉུག་མ་ལ། །བཟོ་བཅོས་རྒྱུ་རྐྱེན་མཐའ་དབུས་བྲལ། །སྟོང་གསལ་སོ་མ་འཛིན་མེད་ངང་། །དགག་སྒྲུབ་བྲལ་བའི་ཚུལ་དུ་བཞག །བར་ཆད་བདུད་ལས་རྣམ་རྒྱལ་ཞིང་། །མཆོག་ཐུན་དངོས་གྲུབ་འགྲུབ་པར་འགྱུར། །ས་མ་ཡ༔ སྔར་རྫོང་གསར་སྐོར་ཞིག་ཏུ་ཟླ་བ་བཅུ་གཅིག་པའི་ཚེས་བརྒྱད་ལའོ། ༈ །།།ལུས་གདོན་ནད་གཅོང་ཅིས་ཀྱང་མ་ཐུབ་ན། །གདམས་ངག་ཟབ་མོ་འདི་ཉིད་ཉམས་སུ་ལོང་། །ས་མ་ཡ༔ རང་ལུས་ལྕགས་སྲེག་ལས་གྲུབ་པའི། །ཨེ་ཡི་ཕོ་བྲང་ཆེན་པོའི་དབུས། །རང་ཉིད་ཕྱག་རྒྱ་ཟིལ་གནོན་གྱི། །ལྷ་ཚོགས་ཡེ་ཤེས་ཁྲོས་པའི་སྐུ། །དུག་གི་མེ་རི་དམར་ནག་འབར། །ལུས་ལ་ཞུགས་པའི་ནད་དང་གདོན། །སྡིག་སྒྲིབ་ཐམས་ཅད་ཐུལ་ཐུལ་བསྲེག །ཐམས་ཅད་ཡེ་སངས་རྒྱས་བསམས་ལ། །རང་བྱུང་ཡེ་ཤེས་དགོངས་པ་
བསྐྱངས། །ས་མ་ཡ། བུམ་ཁྲུས་སྔགས་ཅི་མང་བཟླ། ཀོར་རྦད་རྨུག་ནན་ཆུམ་རིམ་གནོད་བྱེད་མཱ་ར་ཡ་རྦད། ལུས་གདོན་ཙཀྲ་རཾ་རཾ། ནད་ལ་རཾ་རཾ། གདོན་ལ་རཾ་རཾ། སྡིག་སྒྲིབ་ལ་རཾ་རཾ། ཨགྣེ་ཛྭ་ལ་རཾ་རཾ། བི་ཥ་ཙཀྲ་ཧ་ལ་ཧ་ལ་གནོད་བྱེད་མཱ་ར་ཡ་རྦད། ལུས་ཀྱི་སྲིན་བུ་མ་ར་ཡ་རྦད། ཅེས་བཏགས་ཀྱང་རུང་ངོ་། །དམིགས་པ་དེ་ནི་མ་ཡེངས་དེ་ཞག་བདུན་སྔགས་བཅས་འབད་ན་རྩ་སྲིན་ནད་གདོན་ཡང་མིང་མེད་པར་བྱའོ། །ཆེ་གེ་མོའམ་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཨགྣི་ཡེ་ཛྭ་ལ་རཾ་ཕཊཿ ཞེས་བཏགས་ཀྱང་རུང་། ལྕགས་བྱི་ཟླ་བ་དྲུག་པའི་ཚེས་དྲུག་སྒྲུབ་དགོན་དུ་མདངས་ཀྱི་རྨི་ལམ་དུ་ལུས་གདོན་དང་ལུས་ལས་སྲིན་རྟ་བླ་ལྟ་བུ་སྣ་ནས་དོན་ཡང་། དེ་ལ་དྲག་ལས་དགོས་སྙམ་ཤར་རྐྱེན་རིག་ཀློང་ལས་རྡོལ་བ་འདིས་ལུས་ནད་འདི་རྩད་ནས་གཞོམ་པར་བྱའོ། །ཤུ་བྷཾ་མངྒ་ལཾ། ༈ །བུམ་ཁྲུས་ཤམ་བུར། ཨེ་མྱགས་ཡ་རྔུབ་མུག་ཤག་ཀ་དུན་བྷི་ཤ་ཙཀྲ་ཧ་ལ་ཧ་ལ་ལུས་ཀྱི་སྲིན་བུ་གདུག་པའི་སྲོག་ལ་མྱགས་ཐུཾ་རིལ་མཱ་ར་ཡ་རྦད། བཛྲ་ཛྙཱ་ན་ཨགྣེ་ར་ཛྭ་ལ་རཾ་རཾ། ལུས་ཀྱི་སྲིན་བུ་གདུག་པའི་སྲོག་ལ་མཱ་ར་ཡ་རྦད་རྦད་སོད་སོད་རཾ་རཾ། ཀོར་རྦད་རྨུག་ནན་ཆུམ་རིལ་ལུས་ཀྱི་སྲིན་བུ་གདུག་པའི་སྲོག་ལ་ཏྲིག་ནན་ཧུར་ཐུཾ་ཛ་མཱ་ར་ཡ་རྦད། ཅེས་བཏགས། རྩ་སྔགས་སོ། །ཨེ་མྱགས་ཡ་རྔུབས་མུགས་ཤག་ཀ་དུནཿ གནོད་བྱེད་སྲིན་བུ་ཡ་མའི་སྲོག་རྩ་མྱགས་ཐུཾ་རིལ་ཏྲིག་ནནཿ ཨེ་ཧུར་ཐུཾ་ཛ་མཱ་ར་ཡ་རྦདཿ སྲོག་བཞི་མཚོན་ཆ་བརྡེབས་བསད་པའི་མན་ངག་གོ །༈ །སྲིན་འཇོམས་རྡོ་རྗེའི་དྲག་སྔགས་བཞུགས་སོ། །གཤིན་
རྗེའི་སྔགས་ཀྱི་མཚོན་ཆས་སྲིན་བུ་གསོད་ན། ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན༔ ཤ་སྲིན་རྩ་སྲིན་ཁྲག་སྲིན་རུས་སྲིན་ཀླད་སྲིན་སྙིང་སྲིན་སྲོག་སྲིན་སོད༔ ས་སྲིན་གཉན་སྲིན་གདོན་སྲིན་གྲིབ་སྲིན་ཡ་མ་ནག་པོ་སོད་སོདཿ སྲིན་བུ་ཡ་མའི་སྲོག་རྩ་མྱགས་ཐུམས་རིལཿ ཏྲིག་ནན་སྦུར་ཡ་ནནཿ སརྦ་སྟྭ་མྦྷ་ཡ་ནནཿ གདུག་དུག་བྱས་ཀྱང་ཆོག །སྲིན་སྲི་ཏྲི་ཨེ་ཧུར་ཐུཾ་ཛཿ མཱ་ཡ་ར་རྦད་རྦདཿ ཁཾ་ཤག་རོ་མྱག་མུག་ཏི་རྦད་ཡཿ སྲོག་ལ་མཚོན་ཆ་འདི་བསྡེབས་པས། །འཇིག་རྟེན་གསུམ་ན་གང་གནས་པ། །མི་སོད་པ་ནི་ཡོད་མེད་ན། །གནོད་བྱེད་སྲིན་བུ་སྨོས་ཅི་དགོས། བརྒྱ་བཟླས་སྲིན་བུའི་གྲོང་ཁྱེར་འཇོམས། །པདྨའི་མན་ངག་དགོངས་པ་བཞིན། །སྔགས་འདི་མེ་རྟ་སྣྲོན་ཟླ་ཡི། །ཚེས་གཉིས་འཇམ་དཔལ་རྡོ་རྗེས་བཀོད། །ལག་ཏུ་བླང་བས་ངེས་པར་འགྲུབ། །ལུས་གདོན་སྲིན་བུའི་ཟུག་རྒྱུན་གཅོད། །ཡ་མཱནྟ་ཀའི་སྔགས་ཟབ་འདིས། །སེམས་ཅན་རྣམས་ལ་ཕན་གྱུར་ཅིག །མངྒ་ལཾཿ རང་གི་སྙིང་དབུས་ཡ་མཱནྟ་ཀའི་སྐུ་ལས་རྡོ་རྗེ་ཤིན་ཏུ་ཕྲ་མོ་ཐོགས་པ་མེད་པ་མེ་འབར་བའི་ཚྭ་ཚྭ་འཕྲོས་པས་ལུས་ཀྱི་ནང་གང་ཞིང་ཕྱི་རོལ་དུ་འབར། ཐམས་ཅད་རྡོ་རྗེའི་མེ་ཞུན་གཅིག་ཏུ་འཁྱིལ་བས་ལུས་གདོན་དང་སྲིན་བུ་ཐམས་ཅད་བྱ་སྒྲོ་མེ་ལ་བསྲེག་པ་ལྟར་གཞོབ་ཐུལ་ཐུལ་བསྲེག་སྟེ་ལྷག་མ་མེད་པར་བྱས། དེ་དག་གི་རྣམ་ཤེས་རྣམས་ཨ་དཀར་པོ་གཅིག་ཏུ་བསྡུས་པ་འོག་མིན་དུ་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་པས་ཕྱིར་མི་ལྡོག་
པའི་ས་ཐོབ་པར་བསྒོམ། དེ་ལྟར་དམིགས་པ་གསལ་བས་བཟླ་བར་བྱའོ། །མངྒ་ལཾ།། ༈ །འཇམ་དཔལ་ཡེ་ཤེས་ཁྲོ་བོ་ལས་ཀྱི་ལྷ། །སངས་རྒྱས་ཀུན་འདུས་གདོད་མའི་ཧེ་རུ་ཀཿ འཇིག་རྟེན་དྲེགས་པའི་ཚུལ་བསྟན་དངོས་གྲུབ་མྱུར། །མཐར་ཐུག་ཕྱག་རྒྱ་ཆེན་པོའི་ས་ལ་སྦྱོར། །མོས་པས་ཤུགས་ཕྱུང་སྐལ་བ་བཟང་སྙམ་དུ། །སྙིང་པོ་སྔགས་ཀྱི་མེ་ཆེན་སྦར་གྱིས་དང་། །ཡུད་ཙམ་རེས་ཀྱང་ལས་བཞིའི་ཕྲིན་ལས་སྟོབས། །ཡར་ཟླ་དབྱར་ཆུ་ནགས་མེ་བཞིན་དུ་འཕེལ། །ད་རེས་བླ་མ་ཡི་དམ་དགྱེས་སྐོང་དང་། །བསྟན་དང་སེམས་ཅན་འབྲེལ་ཐོགས་ལྟོས་བཅས་སླད། །དོན་ཆེན་སྔགས་ཉིད་ལས་ལ་ཏིང་འཛིན་གྱི། །ཆུ་རྒྱུན་མང་པོ་བར་མ་ཆད་པར་བརྟེན། །ཟླ་ཚེས་ལའོ། །ལྕགས་སྟག་གིའོ་དགེ། ཧཱུྃ། ཚོགས་རྗེ་ཚོགས་བདག་དབང་ལྡན་ལས་ཀྱི་ལྷ། །འཇོམས་བྱེད་འཆར་ཁ་ནག་པོ་ཡབ་ཡུམ་དང་། །སྤྲུལ་པའི་ཤན་པ་བཞི་དང་ཕོ་ཉ་དྲུག །མ་གཤིན་ཉེར་བརྒྱད་དྲེགས་པ་རྒྱ་མཚོ་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་ལོ། །དགྱེས་པར་བཞེས་ལ་ལས་བཞིའི་དངོས་གྲུབ་སྩོལ། །ཞེས་སྦྱར་དགེ། ༈ །མདུན་དུ་དྲི་མེད་ཤེལ་གྱི་ཁང་བཟང་ནི། །རིན་ཆེན་སྣ་ཚོགས་སྒོ་ལྕོགས་འོད་འབར་པ། །རྩ་བར་བདུད་རྩིའི་རྒྱ་མཚོ་ཆེན་པོར་འགྱུར། །སྐེད་པ་འཇའ་འོད་ན་བུན་གུར་ཕུབ་པ། །རྩེ་མོར་སྤྲིན་དཀར་རིན་ཆེན་ཆར་ཟིམ་འབེབས། །ས་གཞིར་སྔོ་ལྗང་མེ་ཏོག་སྣ་ཚོགས་རྒྱས། །འཁོར་ཡུག་གནམ་ལྷ་བརྒྱད་ཀྱི་གནས་ཆེན་པོ། །གངས་རི་ཤེལ་གྱི་
མཆོད་རྟེན་ལྟ་བུས་བསྐོར། །དེ་ཡི་དབུས་སུ་ཉི་ཟླ་པདྨའི་གདན། །ཅང་ཤེས་རྟ་མཆོག་ངང་དཀར་སྟོབས་ལྡན་ལ། །རིན་ཆེན་སྒ་སྲབ་འཕྲུལ་གྱིས་མཛེས་པའི་སྟེང་། །སྲིད་པའི་ལྷ་ཆེན་རྡོ་རྗེ་འབར་བ་རྩལ། །སྐུ་མདོག་ཤེལ་གྱི་རི་བོ་ལྟར་བརྗིད་པ། །འཛུམ་པའི་ཞལ་ཅན་མཆེ་བ་ཅུང་ཟད་གཙིགས། །སྤྱན་གསུམ་དབུ་སྐྲའི་ཐོར་ཚུགས་དར་དཀར་བཅིངས། །ཕྱག་གཡས་རྡོ་རྗེ་རྩེ་ལྔས་མཚན་པ་ཡི། །སྦ་ལྕགས་འཕྱར་ཞིང་གཡོན་པས་ཤེལ་ཕྲེང་འདྲེན། །ཟབ་ཆེན་དཀར་དམར་མཐིང་གསུམ་བེར་ཆེན་གསོལ། །སྤྱི་བོར་ནོར་བུ་འབར་བའི་ཏོག་ལ་སོགས། །རིན་ཆེན་སྣ་ཚོགས་རྒྱན་ཆས་ཀུན་ནས་མཛེས། །གཞོན་མཛེས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས། །འཁོར་ཡུག་མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དང་། །དམག་དཔོན་བྱེ་བ་འབུམ་སྡེ་ཐམས་ཅད་ཀྱང་། །དཔུང་ཚོགས་བཞི་ཡི་ཆ་ལུགས་འཇིགས་ཤིང་དཔའ། །སྤྲུལ་པའི་དུང་ཁྲ་དུང་སྤྱང་ཕོ་མོ་དང་། །འབྲོང་གཡག་ཞོལ་ཆེན་ངར་ཞིང་ལྡིར་བ་སོགས། །ཕྱོགས་རྣམ་ཀུན་ཏུ་སྤྲུལ་པའི་ཕོ་ཉ་འཁྲིགས། །ཐུགས་ཀར་ཟླ་སྟེང་ཨ་ཡིག་དཀར་པོའི་མཐར། ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་སྭཱ་ཧཱ། ཞེས་པ་དུང་ཕྲེང་ལྟ་བུར་གསལ་བཏབ་ལ། །རང་ཉིད་རྟ་མགྲིན་ཐུགས་ཀའི་འོད་ཟེར་གྱིས། །ལྷ་ཆེན་ནུས་པ་བསྡུས་ནས་རང་ལ་ཐིམ། །སྙིང་པོ་འབུམ་ཕྲག་གསུམ་བཟླས་དངོས་སྟོན་དང་། །མི་དཀར་ཁྲ་སྤྱང་འབྲོང་དང་དམག་མི་དང་། །བུད་མེད་མང་པོ་
བཟའ་བཏུང་ཚོགས་པ་དང་། །ཉི་ཟླ་དང་ནི་འབྲུ་ནོར་སྣ་ཚོགས་སོགས། །རྨི་ལམ་བཟང་དང་རིག་པ་དངས་སོགས་འབྱུང་། །ས་མ་ཡཱཿ སྒྲུབ་པའོ། །གསང་སྒྲུབ་སྙིང་པོ། ཨོཾ་ཨཱཿཧཱུྃ་ཧྲཱིཿ བཛྲ་འབར་བ་རྩལ་སརྦ་སིདྡྷི་ཧཱུྃ། འབུམ་གཅིག་བཟླས་པས་དོན་འགྲུབ་སྨྱོ་འདྲེ་འདུལ་བ། རང་ལྷ་ཆེན་གྱི་ངོ་བོ་ལ་རྣམ་པ་གཡག་དཀར་རི་ཙམ་གྱིས་དཀོར་བདག་མི་རེང་། སྐྱ་བོའམ། སྤྲེའུ་འམ་བུ་ཆུང་གི་རྣམ་པ་ཤིན་ཏུ་རིད་པ་དེ་སྟེང་འཁྲབ་ཅིང་བརྫིས་པས་ནང་ཁྲོལ་ཀུན་ཕྱིར་བཏོན་པ་ལྕེ་གློག་དམར་ལྟ་བུས་བལྡགས་པས། ཤ་པགས་ཟུལ་ཟུལ་ཞུ་ནས་རུས་པ་དཀར་ལྷག་གེར་གྱུར་པ་མེ་ལྕེས་གཞོབ་ཐུལ་ཚིག་པར་བསམས་ལ། སྔགས་ཤམ་དུ། བིགྷ་ནཾ་རཱ་ཛ་མཱ་ར་ཡ་ཕཊཿ ཅེས་བཟླ། ཡང་ན་རང་ལྷ་ཆེན་གྱི་ངོ་བོ་ལ་རྣམ་པ་དུང་ཁྲས་རྒྱལ་འགོང་བྱ་དཀར་བཅུ་གསུམ་པ་དང་། ཡང་ན་སྡིག་པའི་རྣམ་པའི་ཁ་ནང་དུ་དཀོར་བདག་དྲངས་ཤིང་རྔུབས་ཏེ་སྙིང་ནས་ཟ་བར་བསམ། རྒྱལ་འདུལ་ལ་འདི་གསུམ་ལས་ཟབ་པ་མེད་གསུངས། བྱང་གཏེར་ལས་མི་ཕམ་པས་བཏུས་པ་དགེའོ།། ༈ །།ཉེར་འཚེ་ཀུན་བཟློག་ལ། ཐོག་མར་རང་གཙུག་ཏོར་འཁོར་ལོས་བསྒྱུར་བ་གསལ་བ། ཙཀྲ་ཝརྟའི་སྔགས་ཞག་བདུན་ངག་བཅད་ལ་བཟླས་པས་ལས་ཐམས་ཅད་ལ་སྟོབས་དང་ལྡན་པར་འགྱུར་ཞིང་ཚུར་གང་གིས་མི་ཚུགས་པར་ཐམས་ཅད་འཇོམས་པའི་མཐུ་དང་ལྡན་ན། དེ་ནས་རིལ་མ་བོང་བ་འཇགས་མ་སྤེན་མ་གང་རུང་གིས་ཀྱང་ཆོག །ལ་ཉེར་འཚེ་གང་འདོད་བཀུག་བསྟིམ་ནན་བྱས་ལ།
གསེར་སྐྱེམས་མཆོད། དེ་ནས་རང་གཙུག་ཏོར་ཁྲོ་བོའི་ང་རྒྱལ་གྱིས་གནོད་པའི་ངོ་བོ་དེ་རྫས་ཀྱི་རྣམ་པར་ལས་ཀྱི་གཤིན་རྗེའི་ངོ་བོ་ཁྲོ་ཆུའི་ཀླུངས་ལྡོག་མེད་ལ་བསྐུར་བས་སླར་མི་ལྡོག་པར་བསམ་ཞིང་། སྤེན་འཇག་རིལ་བོང་དུམ་བུ་རེ་ལ་འགུགས་པ་རེ་བྱས་ལ། ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི༴ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི༴ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དྲེགས་པ་སྡེ་བརྒྱད་ཀྱི༴ གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་གྱི༴ ཆོས་ཉིད་ངོ་བོ་ཀ་ནས་དག་ཀྱང་ཆོས་ཅན་རྟེན་འབྲེལ་བསླུ་བ་མེད་པའི༴ ཁྱད་པར་གཙུག་ཏོར་འཁོར་ལོས་བསྒྱུར་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོ་དེ་དག་གི་མཐུས་བདག་ལ་གནོད་པར་བྱེད་པའི་བྱད་ཕུར་རྦོད་གཏོང་ཕུང་སེལ། མནན་གཏད་ངན་སྦྱོར་ཐམས་ཅད་བོང་བ་དང་འཇག་མ་རིལ་མ་སྤེན་མ་བཞིན་དུ་ཆུས་ཁྱེར་ཅིག །དགྲ་བོ་བསམ་སྦྱོར་ངན་པ་ཁོ་རང་གི་སྟེང་དུ་བཟློག་ཅིག་བསྒྱུར་ཅིག །ཨུ་ཙ་ཊ་ཡ་ཕཊ། ཅེས་བྱས་ཆུ་ལ་བོར་ནས། རང་ལས་སྤྲུལ་པའི་ཁྲོ་ཚོགས་མཚོན་ཆས་གནོད་པ་དེ་སྤུར་མ་རླུང་གིས་ཁྱེར་བ་ལྟར་རང་དབང་མེད་པར་དགྲ་བོའི་སྟེང་དུ་དེད་པར་བསམས་ལ། རྫས་ལྔ་སྣ་ཚང་རེ་ལ་གཙུག་ཏོར་གྱི་སྔགས་དང་གང་གནོད་དེའི་མིང་
ནས་སྨྲོས་ལ་བཟློག་བཟློག་ཞེས་ཐལ་མོ་ལན་གསུམ་བསྡབ། དེ་ལ་ནན་ཆེ་ན་བརྒྱ་རྩ་བརྒྱད། འབྲིང་ཞེ་དགུ། ཐ་མ་ཉེར་གཅིག །བསྡུས་པ་ལན་བདུན་བྱས་པས་ཉེས་པ་ཇི་ལྟར་ཆེ་ཡང་ཕྲལ་བཟློག་མན་ངག་དམ་པ་སྟེ། དེ་བཞིན་དུས་མིན་འཆི་བ། འབྱུང་བའི་སྐེག་བདུད་གཤེད་གསུམ། དགྲ་གྱོད་ཁ་སྨྲས། མི་ཁ་གཏམ་ངན། འདུན་གྲོས་ངན་པ། རྨི་ལམ་ངན་པ། ལྟས་ངན་པ་སོགས་གང་འདོད་ཁ་བསྒྱུར་བས་ཆོག །ཡང་ན་ཡི་དམ་གང་ལའང་སྦྱར་རུང་། ཁྱད་པར་ཚེ་བདག་ལེགས། ཨྱེ་རིང་བཟློག་ཤམ་ཅན་བཟླ། སྤྲོ་ན་ལས་གཞུང་བསྲང་། གསོལ་མཆོད་ཕྲིན་བཅོལ་གྱི་དཔུང་བསྐྱེད་ཀྱང་ལེགས། ཡང་ན་རྨི་ལམ་ངན་ན་གཙུག་ཏོར་འབར་བ། ལྟས་ངན་ལ་ལྟས་ངན་བཟློགས་པའི་རྒྱལ་པོ་སེང་གདོང་མ། འཆི་བ་ལ་ཚེ་བདག་བྱད་ལ་གཙུག་ཏོར། ནད་རིམས་ལ་མངོན་རྫོགས་རྒྱལ་པོ་སོགས་སོ་སོའི་སྒོ་ནས་བཏང་། གང་ལྟར་ཡང་མཐར་སྟོང་ཉིད་ཀྱིས་རྒྱས་གདབ་པར་བྱའོ། །ཤིན་ཏུ་ཟབ། ཟླ་བ་བཞི་པའི་ཚེས་ཉེར་
བརྒྱད་ལའོ།། ༈ །།མི་མཐུན་གཡུལ་ལས་རྒྱལ་བའི་ཏོག །ཆོས་ཀྱི་རྒྱལ་མཚན་མཐོན་པོ་ནི། །སྲིད་པའི་རྩེ་མོར་ཡོངས་བསྒྲེངས་པའི། །རྒྱལ་བ་ཤཱ་ཀྱ་སེང་གེས་སྐྱོངས། །མི་མཐུན་གཡུལ་ལས་རྒྱལ་བའི་རྒྱལ་མཚན་བྲི་ཚུལ་ནི། ཏོག་ལ་འདུས་པའི་གཟུངས་སྔགས་འདོད་གསོལ་ལྡན་པ་དང་། ཕྱི་ཡི་འཕུར་རྨ་རིམ་པ་གསུམ་ལ། སྲོག་ཆག་དགྲ་གཤེད་མཐུན་པའི་གཟུགས། །སེང་གེ་དུང་དང་ཉ་གཟུགས་བྲི། །བསྡུ་ན་ཤུགས་པའི་བྱང་བུ་ལ། །རྒྱབ་ངོས་སྔགས་བྱང་འདོད་གསོལ་དང་། །མདུན་ངོས་རྒྱལ་མཚན་བྲིས་པའི་གཟུགས། །ཞེས་པ་སྟེ། སྲོག་ཆག་གསུམ་ནི་མདོ་ལས། ཁྱུང་སེང་འབྲེལ་བའི་བུ་སེང་གེ་ཡན་ལག་བརྒྱད་པ་དང་། དུང་དང་ཆུ་སྲིན་འབྲེལ་བའི་བུ། །ཆུ་སྲིན་རྒྱལ་པོ་ཨ་གྷོར་དང་། ཉ་སྲམ་འབྲེལ་བའི་བུ་ཉ་ཆེན་སྦམ་གྱི་མཆུ་ལྡེར་ཅན་ཏེ། འདི་གསུམ་རྒྱལ་མཚན་དུ་བྲིས་པ་ཀུན་དགའ་ར་བའམ་ཁྱིམ་ཕུག་ཡུལ་དབུས་ལ་སོགས་པར་བཙུགས་པས་ནང་མི་མཐུན་པ་མཐུན་ཞིང་། །ལེགས་པའི་མཚན་མ་འབྱུང་བར་གསུངས་ནའང་གོང་མ་སྔགས་དང་། བར་ན་བྱང་སེམས། ལོག་གཉན་ཐོས་སྡེ་སོ་སོར་ནང་འཁྲུགས་འདྲེས་པ་གསལ་བའི་དཔེ་ཟླར་འོས་ལ། །དེ་བཞིན་སྔགས་རྣམས་བྲི་ཚུལ་ནི། མི་མཐུན་གཡུལ་ལས་རྒྱལ་བའི་རྒྱལ་མཚན་བྱ་བའི་ཏོག་ལ། ཤོག་ཤར་དུ་བྲི་བ་ནི་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་པོའི་ཉེ་སྙིང་ནི། ཏཏྱ་ཐཱ། ཨྃ་ཨན་ལེ༴ བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་
ཕཊ་སྭཱ་ཧཱ། ཞེས་དང་། འདུས་མ་ཏོག་གི་གཟུངས་ནི། ཨ་བཱ་མེ། ཨ་བཱ་མེ། ཨམ་བཱ་རེ། ཨ་མ་བཱ་རེ། བ་རཱི་ཀུན་ཛཱ་ན་ཊ་ན་ཌ། སྤུ་སྐར་བཱ་རཱ་ཛ་ལུ། ཁ་མཁ་ཡ། ཨི་ལི་མི་ལི། ཀི་ལི་མི་ལི། གི་རྟི་བར་མུ་ཊྲ་མུ་དྲེ་མུ་ཀེ་སྭཱ་ཧཱ། ཅེས་དང་བདུད་ཚར་གཅོད་པའི་སྔགས། ཏཏྱ་ཐཱ། ཤ་མ༴ ཀ་རྨ་ཎི། ཞེས་གྲི་འདོད་གསོལ་ནི། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་བདུད་དང་འགལ་རྐྱེན་བར་དུ་གཅོད་པས་ཉེ་བར་འཚེ་བའི་གནོད་པ་ཐམས་ཅད་ལས་བསྲུང་དུ་གསོལ། བསྐྱབ་དུ་གསོལ། མ་མེ་ཀྵར་ཀྵ་ཡེ་སྭཱ་ཧཱ། ཞེས་བྲིས་ལ་མཇུག་ནས་ཡར་དྲིལ་ཏེ་ཏོག་གི་ནང་དུ་གཞུག །དེ་ནས་རྒྱལ་མཚན་གྱི་ནང་ངམ་སྲོག་ཤིང་ལ་སྦྲུལ་འཁྱུད་པ་ལྟ་བུའམ། བཙེགས་མ་གང་ཡིན་ཀྱང་འདྲ་སྟེ། ཡིག་གཟུགས་བརྗིད་ལ་ཉམས་དོད་པར་གང་ཤོང་དུ་མི་མཐུན་གཡུ་ལ་ངོ་ཆེན་པོ་ལས་རྣམ་པར་རྒྱལ་བར་བྱེད་པའི་གཟུངས། ཨྃ་ཨཱཿཧཱུྃ་བཛཱ་གུ་རུ་དེ་བ་ཌཱ་ཀཱི་ནི་ཧ་རི་ནིས་ཧྱ་གྲཱི་ཝར་ཙ་ཧྲཱི་ཡ་ས་རྦ་སེ་དྡྷི་ཕ་ལ་ཧཱུྃ་ཨཱྃཿ ཏཏྱ་ཐཱ། ཨྃ་རྫ་ཡ་རྫ་ཡ་བི་རྫ་ཡ༴ བྲ་བྷ་བ་ཀའི་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ལ་ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས་གནོད་ཅིང་འཚེ་བར་བྱེད་པའི་ཚོགས་ཐམས་ཅད་ས་རྦ་ཤ་ཏྲུཾ༴བ་རྫ་ངྷ་རི་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་པ་ཐམས་ཅད་ལས་སྲུངས་ཅིག །བྷ་ག་ཝ་ཏི༴ བར་བྱིན་བདག་གནོད་པ་ཐམས་ཅད་ལས་སྲུངས་ཤིག །ཏྲཱ་ས་ཡ༴ ཨབ་ལོ་ཀི་ཏེ་བདག་འཇིགས་པ་ཐམས་ཅད་
ལས་སྲུངས་ཤིག་སྤུངས་ཤིག །ས་རྦ་ཏ་ཐཱ་ག་ཏ༴ ས་རྦ་གྲ་ཧ་ནཱ་ཀྵ་ཏྲ་དྷི་མི་ཀ་ར་ཎི་སྭཱ་ཧཱ། བདག་འཇིགས་པ་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུགས་པ་དང་། ཉེ་བར་འཚེ་བ་ཐམས་ཅད་ལས་སྲུངས་ཤིག་སྭཱ་ཧཱ། ཨྃ་ཤྲཱི་མ་ཧཱ་ཀ་ལ་ཧཱུྃ་ཕཊཿ ཨྃ་བ་ཛྲ་ཡ་ཀྵ་བེེ་ཏའི་ཧཱུྃ་ཕཊ༔ ཨྃ་མ་ཧཱ་ཀ་ལ་སིདྡྷི་སཾ་དུ་ཛཿ ཨྃ་ཤྲཱི་མ་ཧཱ་ཀ་ལ་གཎ་གུ་ཏི་ཀ་མ་ལ་ཤྲི་ནག་མོ་རི་ལཾ་བྷྱོ༔ དཀོན་མཆོག་གསུམ་དང་རྩ་བརྒྱུད་བླ་མ་དམ་ཅན་རྒྱ་མཚོའི་ལྷ་ཚོགས་འཁོར་དང་བཅས་པའི་ཐུགས་རྗེ་བྱིན་རླབས་བདེན་མཐུས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་སྲོག་ལུས་དབང་ཐང་རླུང་རྟ་སྙན་གྲགས་གཟི་བརྗིད་ལ། ཕྱོགས་ཐམས་ཅད་ནས་མི་འདོད་པའི་ཉེ་བར་འཚེ་བའི་བར་དུ་གཅོད་པའི་གཡུལ་ངོ་ཐམས་ཅད་ལས་རབ་ཏུ་རྣམ་པར་རྒྱལ་བར་གྱུར་་ཅིག །ཨྃ་རྫ་ཡ་རྫ་ཡ་སུ་རྫ་ཡ་སུ་པྲ་ཏཱི་ཋཱ་བཛྲ་སྭཱ་ཧཱ། ཞེས་རྫོགས་པར་བྲིའོ། །དེ་ཡང་གོ་བདེ་བར་དགོས་ན་ཤོག་ཤར་དུ་བྲིས་པའི་གཤམས་ནས་དྲིས་ཏེ་མགོ་མཇུག་མ་ལོག་པར་བཏགས་པས་ཀྱང་ཆོག་གོ །དགེའོ་མངྒ་ལཾཿ ༈ །ཏོག་ནོར་བུ་འབར་བའི་ནང་དུ་གཟུངས་བྲི། རྒྱལ་མཚན་རས་དཀར་ལ་རྒྱལ་མཚན་རྩེ་གཟུངས་བྲིས་པ་ཡིག་ངོ་ཕྱིར་བསྟན་བཞག །རྒྱལ་མཚན་གྱི་དར་དབྱངས་ལ་རྣམ་བཅུ་དབང་ལྡན། རྡོ་རྗེ་རྟགས་བརྒྱད། སྲོག་ཆགས་གསུམ་བྲི། གཞུང་སྙན་བའི་དན་སྦྱི་ལྟར་བསྒྲོན། རླུང་རྟ་ཀ་འཇུགས་བྱེད། ཤིན་ཏུ་དགེ་ཞིང་བཀྲ་ཤིས་རྣམ་པར་རྒྱལ་ནས་དངོས་གྲུབ་འབྱུང་ངོ་། །མངྒ་ལཾ།།