འཇམ་དཔལ་ཡེ་ཤེས་སེམས་དཔའི་སྨིན་བྱེད་དབང་གི་རིམ་པ་ཡེ་ཤེས་རྡོ་རྗེའི་རྒྱུན་འབེབས།
འཇམ་དཔལ་ཡེ་ཤེས་སེམས་དཔའི་སྨིན་བྱེད་དབང་གི་རིམ་པ་ཡེ་ཤེས་རྡོ་རྗེའི་རྒྱུན་འབེབས་ཞེས་བྱ་བ་བཞུགས་སོ། །
ན་མོ་ཨཱརྱ་མཉྫུ་ཤྲཱི་ཡེ། འདིར་རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་སྐུ་གཅིག་པུར་གྱུར་པ་བཅོམ་ལྡན་འདས་འཇམ་དཔལ་དཔའ་བོའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་བའི་རིམ་པ་ལ། སྔོན་འགྲོ། དངོས་གཞི་རྗེས་ཀྱི་རིམ་པ་གསུམ་ལས། དང་པོ་གནས་གཙང་མར་རྐྱང་ནུལ་དང་ཆག་ཆག་ལེགས་པར་བྱ། སྟེགས་བུ་ལ་རྡུལ་ཚོན་ནམ་རས་བྲིས་ཀྱི་པད་འདབ་བརྒྱད་པ། མུ་ཁྱུད་ཁ་དོག་ལྔ་པ་ཅན། དབུས་ཀྱི་ལྟེ་བ་མཐིང་ཀ་ཐིག་ཟླུམ་གྱིས་བསྐོར་བའི་དབུས་སུ་རྩིབས་དྲུག་ལ། ཨོཾ་ཨ་ར་པ་ཙ་ན་དང་། དབུས་སུ་དྷཱིས་མཚན་པ། ཤར་གྱི་འདབ་མ་ཐིག་ལེ་དཀར་པོ། ལྷོར་སེར་པོ། ནུབ་ཏུ་དམར་པོ། བྱང་དུ་ལྗང་ཀུ་དེ་རྣམས་ཀྱི་མཐར་རང་མདོག་མ་ཡིན་པའི་ཁ་དོག་བཞིས་བསྐོར་བའི་ཐིག་ལེ་ལྔ་སྒྲོམ་ཅན། མཚམས་བཞིར་བུམ་པ་བཞི་
བྲིས་པའི་སྟེང་དུ། མཉྫིའི་ཁར་ཕུད་ཕྱེ་གཙང་མར་ཆོས་སྨན་དམ་རྫས་སྨན་སྤོས་སོགས་བཏབ་པ་ཆང་གིས་སྦྲུས་པའི་དཔལ་གཏོར་ཟུར་བཞི་ལོག་བརྒྱད་རང་བྱུང་གི་ཡི་གེ་ཨ་ལྔས་མཚན་པ། དམར་རྩི་དང་ཞི་བའི་རྒྱན་སྤྲོས་གང་རྒྱས་མཐར་པདྨས་བསྐོར་བ། འཐེབ་ཀྱུས་བརྒྱན་པ། འགྲུབ་ན་རིགས་ལྔའི་ཙཀླི་བཙུགས་པ་བཤམས། དེའི་མདུན་དུ་ཡེ་ཤེས་སེམས་དཔའི་སྐུ་དང་མཚན་བརྗོད་ཀྱི་གླེགས་བམ། ཤར་དུ་མི་བསྐྱོད་པའི་དབང་གི་དོན་དུ་རྣམ་རྒྱལ་བུམ་པ་བཅུད་ལྡན་ཁ་རྒྱན་གཟུངས་རྡོར་མགུལ་ཆིངས་བཅས་དང་། ལྷོར་དབུ་རྒྱན་དང་དར་དཔྱང་ཅན་དང་། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། བྱང་ཤར་དུ་ལས་ཀྱི་བུམ་པ། མཚམས་གང་བདེར་མན་ཤེས་དང་། འཁོར་ལོ། གདུགས། རལ་གྲི་དང་པོ་ཏི་མདའ་གཞུ་རྣམས་བཀོད།
མཐར་ཉེར་སྤྱོད་སྨན་རག །ཆོས་སྐྱོང་གི་མཆོད་པ། བགེགས་གཏོར་ཚོགས་འཁོར་བཤམས། སྤྲོ་ཞིང་ནུས་ན་པདྨའི་ཕྱི་རོལ་དུ་གཞལ་ཡས་ཁང་གི་ཐིག་ཀྱང་གདབ་པར་བྱའོ། །སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། མེ་ཏོག །ལས་བུམ་དང་གཞན་ཡང་རོལ་མོ་མཎྜལ་སོགས་མཁོ་བའི་ཡོ་བྱད་རྣམས་འདུ་བྱས་ལ། ལས་གཞུང་བསྲངས་ནས་བདག་མདུན་ངོ་བོ་ཐ་མི་དད་ལ་རྣམ་པ་མེ་ལོང་གི་གཟུགས་བསྙན་ལྟར་མ་འདྲེས་པར་གསལ་ཞིང་བསྒྲུབས་ནས། དེ་དང་དུས་མཚུངས་པར། གཏོར་མའི་ཡི་གེ་འབྲུ་ལྔ། རིགས་ལྔ་དང་ངོ་བོ་དབྱེར་མེད་བསྒོམ་པ་དང་། རྫས་རྣམས་ལྷ་སོ་སོའི་ངོ་བོར་བསྒོམ་པའི་སྟེང་དུ་རིག་འཛིན་བརྒྱུད་པ། མཐའ་བསྐོར་དུ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱིས་བསྐོར་བ་གསལ་བཏབ་ནས། སྤྱན་འདྲེན་ནས་བཟླས་པའི་བར་བྱ། སྟོང་ཚིག་གིས་མཆོད་ཅིང་བསྟོད་ནས། རྣམ་རྒྱལ་བུམ་པར་ལྷ་ཚོགས་བསྐྱེད་ལ་བཟླས་པ་བྱ། དེ་རྗེས་ལས་བུམ་དུ། ཁྲོ་བོ་གཤིན་རྗེ་གཤེད་མཐིང་ནག་ཞལ་གཅིག་ཕྱག་གཉིས་པར་བསྐྱེད་ལ། ཨོཾ་ཨཱཿཧཱུྃ་མཉྫུ་ཤྲི་ཡ་མཱནྟ་ཀ་ཧཱུྃ་ཕཊཿ སྟོང་ཚོ་བཟླས་ནས་བུམ་ཆུ་དང་དབྱེར་མེད་དུ་བྱའོ། །དེ་ནས་ཚོགས་ཐ་མའི་བར་དཀྱུས་བཞིན་དང་། བཀའ་སྲུང་རྣམས་ཀྱིས་གསོལ་ཁ་འང་བྱའོ། །དེ་ནས་དངོས་གཞི་ལ་ཐོག་མར་སློབ་བུ་དུ་ཡོད་ཕྱི་རོལ་དུ་ཁྲུས་བྱས་ཏེ་ནང་དུ་འོང་ནས་ཕྱག་འཚལ་ཞིང་གྲལ་ལ་འཁོད། བགེགས་གཏོར་བཏང་། གུ་གུལ་བདུག་ཅིང་དྲག་སྔགས་བཟླ། ཡུངས་ཀར་འཐོར། མཚམས་བཅད་བྱ། དེ་ནས་སློབ་དཔོན་གྱིས། འོ་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་
ཅད་ཀྱི་དོན་དུ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེའི་སྐུ་མཆོག་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ་བའི་ཆེད་དུ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ནོས་ནས། གྲོལ་བྱེད་ལམ་གྱི་རིམ་པ་རྣམས་ཚུལ་བཞིན་ཉམས་སུ་བླང་བར་བྱའོ་སྙམ་པའི་ཀུན་སློང་དང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཚུལ་བཞིན་བྱས་ཏེ་གསན་འཚལ། དེ་ཡང་ཁྱེད་རང་རྣམས་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། མཇལ་བར་དཀའ་བ་དམ་པའི་ཆོས་དང་ཆོས་ཀྱི་སྙིང་པོ་ཟབ་མོའི་ཐེག་པ་དང་འཕྲད་པའི་དུས་འདིར། དལ་འབྱོར་དོན་ཡོད་པར་བྱ་དགོས་ཏེ། ཇི་སྐད་དུ། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་སྒྲུབ་ན། །ཕྱིས་འདིར་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་གསུངས་པ་བཞིན་མྱུར་དུ་སྙིང་པོ་ལེན་པའི་ཐབས་ལ་འབད་དགོས་ཤིང་། དེ་ཡང་འདུས་བྱས་སྤྱི་དང་ཁྱད་པར་སྙིགས་མའི་ཚེ་ལ་ཡིད་བརྟན་ཅི་ཡང་མེད་པར་བར་སྣང་གི་གློག་བཞིན་འགྱུར་བ་དང་། ཤི་ནས་ལས་དཀར་ནག་གི་འཕེན་པས་རྣམ་སྨིན་བདེ་སྡུག་ལ་ལོངས་སྤྱོད་པ་ཁོ་ནར་ངེས་ཤིང་། སྲིད་
པ་གསུམ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པའི་འཁོར་བ་འདི་ལས་ངེས་པར་འབྱུང་བའི་བསམ་པ་དྲག་པོ་དང་། དེ་ཡང་རང་གཅིག་པུ་ཐར་བས་མི་ཕན་ཏེ། རིང་ནས་དྲིན་གྱིས་བསྐྱངས་པའི་མར་གྱུར་གྱི་འགྲོ་བ་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བཟོད་དུ་མེད་པས་དྲང་བའི་བསམ་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཀུན་ནས་བསླངས་ཏེ། མཐར་ཐུག་གི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་དོན་དུ་གཉེར་བའི་སྐལ་ལྡན་གང་གིས། འབྲས་བུའི་མཆོག་དེ་དག་ཀྱང་ཡུན་རིང་པོའི་ཚེགས་ལ་མི་ལྟོས་པར་བདེ་བླག་ཏུ་འགྲུབ་པར་བྱེད་པའི་ཐབས་ཁྱད་པར་ཅན་ནི་གསང་སྔགས་རྡོ་རྗེའི་ཐེག་པ་ཡིན་ལ། དེ་ལྟ་བུའི་ལམ་ཟབ་མོ་དེ་ལ་འཇུག་པར་འདོད་པའི་འཇུག་སྒོ་གཅིག་པུར་གྱུར་པ་སྨིན་བྱེད་ཀྱི་དབང་བསྐུར་བའི་རིམ་པ་ཟབ་མོ་སྦྱིན་པའི་སྐབས་སུ་བབ་པ་ཡིན། དེ་ལའང་ལོ་རྒྱུས་ཀྱི་དབང་དུ་བྱས་ན། སྤྱིར་རྡོ་རྗེ་ཐེག་པ་ལའང་རྒྱུད་སྡེ་བཞིའམ་དྲུག་ཏུ་དབྱེ་བའི་ཡི་དམ་ལྷའི་དབང་བསྐུར་བའི་རིམ་པ་མང་དུ་ཡོད་པ་ལས། འདིར་ནི་སངས་རྒྱས་གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་མཚན་བསྐལ་པའམ་བསྐལ་པ་ལས་ལྷག་པར་བརྗོད་པ་ལས། གང་གི་མཚན་ལན་གཅིག་བརྗོད་པ་ཕན་ཡོན་ཆེ་ཞིང་། སངས་རྒྱས་ཐམས་
ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོ། གསུང་སྨྲ་ཡི་དབང་ཕྱུག །ཐུགས་ཡེ་ཤེས་སེམས་དཔའ་སྟེ། མདོར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་གཅིག་པུར་གྱུར་པ་བཅོམ་ལྡན་འདས་འཇམ་པའི་དབྱངས་ཞེས་དུས་གསུམ་གྱི་སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་ཀུན་ཏུ་བསྔགས་པའི་སྒྲ་དབྱངས་ཀྱིས་ཁྱབ་པ་གང་ཞིག །འདས་པའི་དུས་སུ་བདེ་བར་གཤེགས་པ་ཀླུའི་རིགས་མཆོག་སོགས་སངས་རྒྱས་དང་། ད་ལྟར་བྱང་ཕྱོགས་སུ་འཇིག་རྟེན་གྱི་ཁམས་རྟག་པར་རབ་ཏུ་དགའ་བ་སྡུག་ཅིང་མོས་པ་ཞེས་བྱ་བའི་ཞིང་ན་སངས་རྒྱས་མོས་པ་རབ་ཏུ་དགའ་བའི་སྙིང་པོ་ནོར་བུ་རིན་པོ་ཆེ་བརྩེགས་པའི་རྒྱལ་པོ་སོགས་སངས་རྒྱས་དང་། མ་འོངས་པ་ན་རྡུལ་བྲལ་ཡང་དག་བསགས་པ་ཞེས་བྱ་བའི་ཞིང་ཁམས་སུ་མགོན་པོ་ཀུན་ཏུ་གཟིགས་སོགས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ལ་སོགས་པའི་མཚན་དང་སྐུ་ཡི་རྣམ་འགྱུར་ཚད་མེད་པས་དུས་གསུམ་དང་ཕྱོགས་བཅུའི་ཞིང་རྒྱས་པར་འགེང་བ། རབ་འབྱམས་ཞི་ཁྲོའི་ཁྱབ་བདག་ཆེན་པོ་གང་གི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ཡིན་ཞིང་། འཇམ་དཔལ་དེ་ལའང་བྱ་སྤྱོད་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དང་
མཐུན་པའི་སྒྲུབ་ཐབས་དང་སྨིན་བྱེད་ཀྱི་རིམ་པ་རྒྱ་ཆེ་ཞིང་། སྔགས་གསར་རྙིང་གི་བཀའ་སྲོལ་དུ་མ་མཆིས་པ་ལས། འདིར་བླ་མེད་ནང་གི་རྒྱུད་སྡེའི་དགོངས་པ་གསར་མ་ལས་ཆེས་ཁྱད་པར་དུ་འཕགས་པ་གསང་སྔགས་རྙིང་མའི་བཀའ་སྲོལ་ཡིན་ཞིང་། དེ་ལའང་བཀའ་གཏེར་གྱི་བབ་སོ་ཆེན་པོ་གཉིས་ལས། འདིར་སྒྱུ་འཕྲུལ་དྲྭ་བ་དང་ཟླ་གསང་ལ་སོགས་པའི་རྒྱུད་སྡེ་བཀའ་མའི་དགོངས་བཅུད་དང་འབྲེལ་བར་ཟབ་མོ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེའང་གདོད་མའི་དབྱིངས་སུ་རང་རིག་ཡེ་ནས་སངས་རྒྱས་པ་འཇམ་དཔལ་ཀུན་ཏུ་ བཟང་པོ་ཉིད། རང་མདངས་འཇམ་དཔལ་རིགས་ལྔའི་རྣམ་པར་བཞེངས་པའི་བྱིན་རླབས་དགོངས་པའི་ཆུ ་བོ་རིག་འཛིན་དགའ་རབ་རྡོ་རྗེ་ལ་སོགས་པ་སྤྲུལ་པའི་སྐུ་མཆོག་ལ་བརྡ་ཙམ་གྱིས་བརྒྱུད་པ་ལས། འདིར་ནི། སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ཞེས་འཇམ་དཔལ་དབྱངས་ཀྱི་ཡེ་ཤེས་ཀྱི་སྐུས་དངོས་སུ་རྗེས་སུ་བཟུང་བའི་རིག་འཛིན་ཆེན་པོ་དེས། སློབ་དཔོན་སྒེག་པའི་རྡོ་རྗེ་དང་། ཤྲི་སེདྷ་གཉིས་ལ་བཤད་སྒྲུབ་ཀྱི་བཀའ་སྲོལ་འབྱེད་པའི་ཚུལ་དུ་གཏད་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་ཤིང་། རིག་འཛིན་ཤྲི་སེདྷས།
སྤྲུལ་སྐུ་པདྨ་འབྱུང་གནས། པཎ་ཆེན་བི་མ་མི་ཏྲ། ལོ་ཆེན་བཻ་རོ་ཙཱ་ན་གསུམ་ལ་གནང་བ་ལས། བི་མ་ལས། སྙིང་པོའི་བཅུད་དྲིལ་ལྡང་མ་ལྷུན་རྒྱལ་དང་། རྒྱལ་སྲས་རྡོ་རྗེ་གླིང་པའི་གཏེར་བྱོན་ཀྱང་ཡོད་ལ། བོད་ཡུལ་འདིར་དཀྱིལ་འཁོར་གྱི་གཙོ་བོ་འཇམ་དཔལ་དབྱངས་ཉིད་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་སྣང་ཆ་རིག་འཛིན་གྱི་རྒྱལ་པོ་ཤར་བ་དཔལ་ལྡན་སངས་རྒྱས་པདྨ་སྐྱེས་ཞེས་བྱ་བ་འཇམ་དབྱངས་བློ་ལྡན་མཆོག་སྲེད་ཉིད་ཀྱིས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་སོགས་པའི་རྗེ་འབངས་གྲུབ་པའི་ཚོགས་རྣམས་ལ་འཇམ་དཔལ་ཞི་ཁྲོའི་ཆོས་སྐོར་ཟབ་ཅིང་རྒྱ་ཆེ་བ་མང་དུ་སྤེལ་བར་མཛད་པ་ཕྱི་མའི་དུས་ན་སྤྲུལ་པའི་གཏེར་སྟོན་ཆེན་པོ་རྣམས་ཀྱིས་རིམ་བཞིན་གཏེར་ནས་གདན་དྲངས་པའི་ཆོས་བཀའ་མང་དུ་མཆིས་པ་ལས། མཆོག་ཏུ་གྱུར་པ་འདི་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་། མཚན་ལྡན་གྱི་ཡུམ་ཤེལ་བཟའ་སྒྲོན་གཅིག་གཉིས་གདུལ་བྱའི་ཡུལ་དུ་གཟིགས་ནས། འཇམ་དཔལ་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ལ་བཤད་ཐབས་གསུམ་དུ་མཛད། དེའང་བཀའི་འགྲེལ་པ་ལ་བརྟེན་ནས་རྒྱ་ཆེ་བ་སྤྱི་ཏི་ལྟར་བཤད། རྒྱུད་ལ་བརྟེན་ནས་དོན་འགྲེལ།
རེ་སྤྲོད་ལ་བརྟེན་ནས་གསང་འགྲེལ་མཛད། དེ་དག་ཀྱང་གང་ཟག་དབང་པོའི་རིམ་པ་གསུམ་གྱི་བཀྲི་ཚུལ་དུ་སྙིང་པོར་བསྡུས་ཏེ་གནང་བས། བཙད་པོས། སྤ་གྲོ་ཅལ་གྱི་བྲག་ཕུག་ཉི་རིས་སུ་ཟླ་བ་གཅིག་གི་ཐུགས་དམ་གྱི་རྒྱུད་གྲོལ། ཇོ་མོས་སྟག་ཚང་དཔལ་ཕུག་ཏུ་ལོ་བདུན་ཡེ་ཤེས་ཀྱི་སྐུ་ལ་ཐིག་ལེ་སྤྱང་ནས་འཕོ་བ་ཆེན་པོའི་སྐུ་བརྙེས་ནས་པདྨ་འོད་ཀྱི་ཕོ་བྲང་དུ་གུ་རུའི་དྲུང་དུ་ཕེབ། གདམས་པའི་བླ་དཔེ་རྣམས་མ་འོངས་པའི་དོན་དུ་རྒྱུད་ཡང་སྙིང་ངོ་སྤྲོད་བཏགས་གྲོལ་སོགས་འཁོའི་གཤིན་རྗེ་གཤེད་དམར་པོའི་ཐུགས་ཀ་དང་། ཡོངས་སུ་ཚང་པ་དཔལ་ཕུག་རྡོ་བ་གཡུ་ཕྲ་ཅན་གཉིས་སུ་གུ་རུ་རིན་པོ་ཆེས་གཏེར་དུ་སྦས་པ། རིམ་བཞིན་མངའ་བདག་གི་སྐྱེ་བ་བཅོ་ལྔ་པ་གུ་རུ་ཆོས་ཀྱི་དབང་ཕྱུག་ཞབས་དང་། མཚན་ལྡན་ཤེལ་བཟའི་རྣམ་འཕྲུལ་སར་བན་སྟོན་པ་ཕྱོགས་མེད་གཉིས་ཀྱིས་གཏེར་ནས་གདན་དྲངས་པའི་འཇམ་དཔལ་རྫོགས་པ་ཆེན་པོའི་ཆོས་བཀའ་དེ་ཉིད་དང་། གཞན་ཡང་ལྷ་སྲས་ཀྱི་སྐྱེ་མཐའ་སྤྲུལ་པའི་གཏེར་སྟོན་ཆེན་པོ་སངས་རྒྱས་གླིང་པས་གཏེར་ནས་གདན་དྲངས་པའི་འཇམ་དཔལ་གྱི་སྐོར་ཟབ་རྒྱ་གསུམ་ལས་དང་པོ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྨིན་བྱེད་གཉིས་
དགོངས་པ་ཆུ་བོ་གཅིག་འདྲེས་སུ་གྱུར་ཅིང་། གཞན་ཡང་གསར་རྙིང་བཀའ་གཏེར་གྱི་བརྒྱུད་པ་ལས་བྱུང་བའི་འཇམ་དཔལ་ཞི་བའི་རྗེས་གནང་དང་དབང་གི་རིམ་པ་མ་ལུས་པའི་བྱིན་རླབས་ཀྱི་བབ་སོ་མཐའ་དག་བདག་གིས་ཡོངས་སུ་ཞུས་ཤིང་འདིར་འདུས་པའི་བྱིན་རླབས་དབང་གི་རིམ་པ་ཐུན་མོང་མ་ཡིན་པའི་ཟབ་གནད་ཅན་བསྐུར་བའི་སྐབས་སུ་བབ་པ་ཡིན། དེ་ཡང་ཇི་སྐད་དུ། ཧེ་རུ་ཀ་ཀལྤོ་ལས། གང་གིས་གང་ལ་དབང་བསྐུར་བས། །རྒྱུད་དག་ནུས་པ་ཐོབ་ཕྱིར་དབང་། །ཞེས་གསུངས་པ་ལྟར་ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན་མངོན་པར་གཏོར་བའམ་བླུགས་པ་སྟེ། དབང་དོན་གྱི་ཡེ་ཤེས་སྐྱེ་བའི་གེགས་སུ་གྱུར་པའི་སྒྲིབ་པ་བསལ་ཞིང་གཏོར་བར་བྱེད་པའམ། ཐོབ་བྱའི་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་འཇོག་ཅིང་བླུགས་པར་བྱེད་པ་ཡིན་ལ། དེས་ན་སྐབས་འདིར་ཐོག་མར་སློབ་དཔོན་གྱི་བྱ་བ་རྣམས་བརྒྱུད་པའི་རིམ་པས་ཕྱག་བཞེས་ཇི་བཞིན་དུ་གྲུབ་ནས། ད་སློབ་མ་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་མཆོག་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ཡང་ཐོག་མར་ཁྱེད་རང་རྣམས་ཀྱིས་སློབ་དཔོན་ཉིད་འཇམ་དཔལ་ཡེ་ཤེས་སེམས་དཔར་གསལ་བའི་
མཐའ་བསྐོར་རྩ་གསུམ་རྒྱལ་བ་རབ་འབྱམས་ཏིལ་གང་ཁ་ཕྱེ་བ་བཞིན་དུ་དམིགས་ལ། མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དེ་ཉིད་དམ་ཚིག་རིམ་པ་དང་། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་སྟེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་ཞུས་པའི་ལན་དུ། སློབ་དཔོན་གྱིས། བུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་མཆོག་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་པ་ཚུལ་མཆོག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །དུས་གསུམ་འབྱུང་བ་རྫོགས་སངས་རྒྱས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་གསང་སྔགས་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །སྨྲ་བའི་སེང་གེ་མཆོག་གིས་ནི། །གསང་སྔགས་རྣལ་འབྱོར་མཉམ་མེད་པས། །བདུད་སྡེ་དཔུང་བཅས་བཅོམ་ནས་ནི། །འཇིག་རྟེན་རྗེས་འཇུག་བཅད་ནས་སུ། །འཁོར་ལོ་བསྐོར་ནས་མྱ་ངན་
འདའ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་པས་སློབ་མ་རྗེས་སུ་འཛིན་པའི་ཡུལ་དུ་བཟུང་ནས་དེ་ལ་སྐྱབས་འགྲོ་དང་སེམས་བསྐྱེད་རང་གཞུང་བཞིན་ལན་གསུམ་གསུམ་དང་། དེ་ནས་སྡོམ་བཟུང་རྒྱས་པའམ་བསྡུ་ན། སྤྱི་དང་ཁྱད་པར་གྱི་སྡོམ་པ་མ་ལུས་པ་ཡོངས་སུ་བཟུང་བར་བྱ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །བདག་མིང་འདི་ཞེས་བགྱི་བ་ཡིས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་བཟུང་བར་བགྱི། །ལན་གསུམ་གྱི་རྗེས་སུ་དམ་ཚིག་གི་ཆུ་བླུད་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ལས་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །བདུད་རྩི་ཆུ་ཡིས་འགྲུབ་པར་འགྱུར། །བཛྲ་ས་མ་ཡ་ཊ་ཐ་ཀ་ཧཱུྃ། རྡོ་རྗེ་གནས་གསུམ་དུ་བཞག་ལ། དམ་ཚིག་ཡེ་ཤེས་རྡོ་རྗེ་འདི། །ཁྱོད་ཀྱི་གནས་གསུམ་གཏུག་པ་ཡིས། །སྲོག་གི་རྡོ་རྗེ་སྦྱིན་པ་ཡིན། །ང་ནི་འཇམ་དཔལ་རྡོ་རྗེ་སྟེ། །ང་ཡིས་ཇི་ལྟར་བསྒོས་པ་ཡང་། །བུ་ཁྱོད་ཀྱིས་ཀྱང་བྱེད་དགོས་སོ། །གལ་ཏེ་མ་བྱས་འགལ་གྱུར་ན། །རྡོ་རྗེ་སྲོག་གི་གཤེད་མར་གྱུར། །རྡོ་རྗེ་དམྱལ་
བར་སྲེག་པར་བྱེད། །དེ་བས་དམ་ཚིག་མ་ཉམས་སྲུངས། །བཛྲ་ས་མ་ཡ་ཨི་དྷཾ་ན་ར་ཀན། །ཞེས་པས་བཀའ་གཉན་པའི་དམ་ལ་བཞག །དེ་ནས་ཡེ་ཤེས་པ་དབབ་པའི་སླད་དུ་སློབ་མ་རྣམས་ཀྱིས་གུས་འདུད་དང་བཅས་པས་འདི་ཡི་རྗེས་ཟློས་མཛོད། འཇམ་དཔལ་ཡེ་ཤེས་སེམས་དཔའི་ཚོགས། །བདག་ལ་འགོ་བར་མཛད་དུ་གསོལ། །ཉེ་བར་འགོ་བར་མཛད་དུ་གསོལ། །བྱིན་རླབས་རྗེས་གནང་མཛད་དུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་སློབ་དཔོན་གྱིས་སློབ་མ་རྣམས་ལ་བུམ་ཆུ་འཐོར་ཞིང་། གཤིན་རྗེ་གཤེད་ཀྱི་སྔགས་དང་། སྭ་བྷས་སྦྱངས་ཏེ། སློབ་བུའི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་ཆོས་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་གནས་རྣམ་པར་དག་པ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཆེན་པོའི་དབུས་སུ། ཁྱེད་རང་རྣམས་རིན་པོ་ཆེ་སེང་ཁྲི་པད་ཟླ་ཉི་མའི་སྟེང་དུ། རྣམ་པར་སྣང་མཛད་མཐིང་ཁ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་འཁོར་ལོ་དང་དྲིལ་བུ་འཛིན་ཅིང་ཡུམ་ལ་འཁྲིལ་བ། དར་དང་རིན་པོ་ཆེའི་རྒྱན་ཆས་ཡོངས་སུ་རྫོགས་པ་ལོངས་སྐུའི་ཆ་བྱད་ཅན། འཇའ་ལུས་དྭངས་གསལ་མཚན་དཔེའི་རང་བཞིན་ཅན་དུ་གསལ་བའི་ཐུགས་ཀར་པདྨ་འདབ་མ་བཞི་པའི་ལྟེ་བར་
འཇམ་དཔལ་ཡེ་ཤེས་སེམས་དཔའ་དམར་སེར་ཞལ་གཅིག་ཕྱག་བཞི་པ་ཕྱག་དང་པོ་གཉིས་ལ་རལ་གྲི་དང་ཨུཏྤལའི་སྟེང་ན་གླེགས་བམ། འོག་མ་གཉིས་ན་མདའ་གཞུ་འགེང་བ། རྒྱན་ཆ་ལུགས་དང་ལྡན་པ། ཡུམ་རྡོ་རྗེ་དབྱངས་ཅན་མ་སེར་སྐྱ་པི་ཝཾ་འཛིན་པས་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་ཟླ་བའི་གདན་ལ་བཞུགས་པ། ཤར་གྱི་འདབ་མར་གླང་ཆེན་གྱི་ཁྲི་པད་ཟླའི་གདན་ལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དཀར་པོ། ལྷོར་རྟ་མཆོག་གི་ཁྲི་རྐང་པད་ཟླའི་གདན་ལ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སེར་པོ། ནུབ་ཏུ་རྨ་བྱའི་ཁྲི་དང་པད་ཟླར་སྣང་བ་མཐའ་ཡས་ཡབ་ཡུམ་དམར་པོ། བྱང་དུ་མཁའ་ལྡིང་གི་ཁྲི་པད་ཟླའི་གདན་ལ་དོན་ཡོད་གྲུབ་པ་ཡབ་ཡུམ་ལྗང་ཀུ་རྣམས་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་དུ་གསལ། དེ་ནས་རྐང་པའི་མཐིལ་དུ་རླུང་དཀྱིལ་སྔོན་པོ་གཞུ་ཡི་དབྱིབས་ཅན་བ་དན་གྱིས་མཚན་པ། འདོམས་སུ་མེ་དཀྱིལ་དམར་པོ་གྲུ་གསུམ་རཾ་གྱིས་མཚན་པ། ལྟེ་བ་ཆུ་དཀྱིལ་དཀར་པོ་ཟླུམ་པོ་བྃ་གྱིས་མཚན་པ། སྙིང་ཁར་ས་དཀྱིལ་སེར་པོ་གྲུ་བཞི་རྡོ་རྗེས་མཚན་པ་དང་། ལྟེ་བར་ཛྷཻཾ་དམར་པོ་དྲག་ཅིང་
མི་བཟད་པ། སྙིང་གར་ཧཱུྃ་སྔོན་པོ། མགྲིན་པར་ཨ་དམར་པོ། སྤྱི་བོར་ཧ་དཀར་པོ་བསིལ་བའི་རྣམ་པ་ཅན་རྣམས་གསལ་ཐོབ་མཛོད། དེ་ནས་སློབ་དཔོན་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའ་དངོས་ཡིན་སྙམ་པའི་གུས་འདུད་ཞིག་མཛད་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཕོག །སྙིང་གའི་ལྷ་རྣམས་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པས་བདེ་བའི་སྒྲ་དང་འོད་ཟེར་གྱིས་ལྟེ་བའི་ཛྷཻཾ་བསྐུལ་དེ་ལས་སྒྲ་དང་བཅས་པའི་ང་བྱུང་བས་རླུང་དཀྱིལ་དྲག་ཏུ་གཡོས་ཤིང་བ་དན་བསྐྱོད་དེ་ནམ་མཁའ་ལ་ཡེལ་ཡེལ་འདེགས་པ་གྱེན་དུ་འཕྱུར་བས་མེ་འབར། དེས་ཆུ་ཁོལ་ཞིང་དེའི་རྐྱེན་གྱིས་སྙིང་གིས་དཀྱིལ་འཁོར་ཏེ་ལུས་ནང་འོད་ཀྱིས་གང་ཞིང་བདེ་བ་བཟོད་མེད་དུ་འབར་ཞིང་འོད་ཕྱོགས་བཅུའི་ཞིང་རབ་འབྱམས་ཁྱབ་པར་འཕྲོས་པས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་ཀྱི་སངས་རྒྱས་བྱང་སེམས་བླ་མ་རིག་འཛིན་ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་ཏེ་དེ་དག་
ཐམས་ཅད་ཀྱི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་དང་བུ་ཡུག་འཚུབ་པ་བཞིན་དུ་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་གྱུར་པའི་འདུན་པ་རྩེ་གཅིག་ཏུ་མཛོད། ཅེས་བྱས་ལ། བྱིན་དབབ་པ་རྫས་བདུག །རོལ་མོ་དྲག་ཏུ་འཁྲོལ་ཞིང་། ཧཱུྃ། འཕགས་མཆོག་ཐུགས་རྗེའི༴ སོགས་བྱིན་དབབ་པའི་ཚིག་གང་རིགས་དང་སྔགས་ལས་གཞུང་བཞིན་བརྗོད་པས་བྱིན་དབབ། བྱིན་ཕེབ་པ་ན་མི་གནས་པའི་ཡེ་ཤེས་མཉམ་པ་ཉིད་ཀྱི་ངང་ལ་བཞག་ཅིང་རྩ་སྔགས་མཐར། ཏིཥྛ་བཛྲ། ཞེས་བརྗོད་ལ་རྡོ་རྗེ་མགོ་ཐོག་ཏུ་བཞག་པས་བརྟན་པར་བྱ། དེ་དེས་ཡེ་ཤེས་པ་དབབ་པ་སོང་ནས། དབང་གི་དངོས་གཞི་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ་མཛོད། ཅེས་ཕུལ་དུ་གཞུག་ལ། དེ་ཡང་སློབ་བུ་རྣམས་ཀྱི་རིག་པ་གདོད་མའི་འཇམ་དཔལ་དཔའ་བོར་གནས་སུ་ཟིན་ཀྱང་། གློ་བུར་དྲི་མས་བསྒྲིབས་ཏེ་རང་ཞལ་མངོན་དུ་མ་གྱུར་པའི་སྒྲིབ་པ་དེ་ཉིད་བསལ་ཞིང་འབྲས་བུ་མཆོག་ཉིད་དུ་འགྲུབ་པར་བྱེད་པ་ལ་ཐོག་མར་ཁམས་ཀྱི་སྒྲིབ་པ་བྲལ་བར་བྱེད་པའི་སླད་དུ། དུག་ལྔ་རང་གྲོལ་སྐུ་ལྔ་ཡེ་ཤེས་ལྔའི་རྗེས་སུ་གནང་བ་དང་། རྒྱུད་ལ་ཡེ་ཤེས་འཇུག་པའི་སླད་དུ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་གྱིས་བརླབ་པ་གཉིས་སུ་ཡོད་ཅིང་།
དེ་ལྟ་བུའི་རྡོ་རྗེའི་གཏོར་བླུག་གི་ཆོ་ག་ཟབ་མོས་ལྷན་ཅིག་བྱེད་པའི་མཐུ་ལས་རང་གནས་ཀྱི་ཡེ་ཤེས་ནུས་ལྡན་དུ་བྱས་ནས་ལམ་བསྒོམ་རུང་དང་འབྲས་བུ་ཐོབ་རུང་གི་སྐལ་བ་ཅན་དུ་བྱེད་པའི་དབང་བསྐུར་བ་ནོད་སྙམ་པས་འདིའི་རྗེས་ཟློས་མཛོད། ཇི་ལྟར་རྡོ་རྗེ་འཆང་སོགས་ཀྱིས། །ཡེ་ཤེས་སེམས་དཔར་བྱིན་བས་ལྟར། །དེ་བཞིན་སློབ་དཔོན་ཁྱོད་ཀྱིས་ཀྱང་། །བདག་ལ་བྱིན་རླབས་རྗེས་གནང་སྩོལ། །ཞེས་གསོལ་བ་བཏབ་པས། སློབ་དཔོན་གྱིས་འདི་སྐད་ཅེས་བྱ་སྟེ། ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་རྣམས་དང་སློབ་དཔོན་ལྷན་ཅིག་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་གང་བ་ལ་སོགས་པའི་དབང་རྫས་རྣམས་ཀྱིས་དབང་བསྐུར་བའི་མཐུ་ལ་བརྟེན་ནས་རང་རྒྱུད་ཀྱི་སྒྲིབ་པའི་ཆ་དག་ཅིང་ཡེ་ཤེས་མངོན་དུ་གྱུར་བར་མོས་པ་བརྟན་པོ་མཛོད་ཅིག །ཅེས་བྱས་ལ། ཐོག་མར་རྣམ་རྒྱལ་བུམ་པ་སློབ་བུའི་སྤྱི་བོར་བཞག་ལ། ཧཱུྃ། ཞེ་སྡང་རྣམ་པར་དག་པ་རྡོ་རྗེའི་རིགས། །མེ་ལོང་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཕྱིར། །བཅོམ་ལྡན་མི་བསྐྱོད་བྱིན་རླབས་གང་ཡིན་པ། །དེང་འདིར་སྐལ་ལྡན་འདི་ལ་སྩལ་དུ་གསོལ། །ཞེས་བུམ་ཆུ་སྤྱི་བོ་ལ་སོགས་པར་སྦྱིན། དབུ་རྒྱན་མགོའི་གནས་ལྔར་བཞག་ལ། ང་རྒྱལ་རྣམ་པར་དག་པ་རིན་ཆེན་རིགས། །མཉམ་ཉིད་ཡེ་ཤེས་
རྒྱུད་ལ་བསྐྱེད་པའི་ཕྱིར། །རིན་ཆེན་འབྱུང་ལྡན་བྱིན་རླབས་གང་ཡིན་པ། །དེང་འདིར་སྐལ་ལྡན་འདི་ལ་སྩལ་དུ་གསོལ། །རྡོ་རྗེ་བྱིན་ལ། འདོད་ཆགས་རྣམ་པར་དག་པ་པདྨའི་རིགས། །སོར་རྟོག་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཕྱིར། །སྣང་བ་མཐའ་ཡས་བྱིན་རླབས་གང་ཡིན་པ། །དེང་འདིར་སྐལ་ལྡན་འདི་ལ་སྩལ་དུ་གསོལ། །དྲིལ་བུ་བྱིན་ལ། ཕྲག་དོག་རྣམ་པར་དག་པ་ལས་ཀྱི་རིགས། །བྱ་གྲུབ་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཕྱིར། །དོན་ཡོད་གྲུབ་པའི་བྱིན་རླབས་གང་ཡིན་པ། །དེང་འདིར་སྐལ་ལྡན་འདི་ལ་སྩལ་དུ་གསོལ། །སྣ་ཚོགས་རྡོ་རྗེ་དང་ལྡན་པའི་དྲིལ་བུ་སྤྱི་བོར་འཁྲོལ་ལ། གཏི་མུག་རྣམ་པར་དག་པ་དེ་བཞིན་རིགས། །ཆོས་དབྱིངས་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཕྱིར། །རྣམ་པར་སྣང་མཛད་བྱིན་བས་གང་ཡིན་པ། །དེང་འདིར་སྐལ་ལྡན་འདི་ལ་སྩལ་དུ་གསོལ། །སྤྲོ་ན་མིང་བྲིས་ཏེ་གཏོད་པའམ་ཚིག་གིས་བཏགས་པར་བྱ་སྟེ་མཚན་ཡང་དག་པར་བརྗོད་པའི་ཚིག་གིས་རིགས་གང་འདོད་པ་ལས་དྲིས་ནས་གདགས་པར་བྱའོ། །དེ་ལྟར་རིག་པའི་དབང་ལྔ་བསྐུར་པས་སྐུ་ལྔ་དང་ཡེ་ཤེས་ལྔའི་རྗེས་སུ་གནང་བ་བྱིན་པ་ཡིན་ཏེ། དགོས་པ་ནི་མ་རིག་པའི་ཐིབ་པོ་བཅོམ་ནས་རིག་པའི་ཡེ་ཤེས་རང་གསལ་དུ་འགྱུར་པའོ། །
གཉིས་པ་རྡོ་རྗེ་བཞིའི་བྱིན་རླབས་བྱེད་པ་ལ། སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་དང་། རིག་རྩལ་ཡེ་ཤེས་རྡོ་རྗེའི་དབང་བསྐུར་བ་གཉིས་ལས། དང་པོ་ལ། སློབ་མའི་ལུས་ངག་ཡིད་གསུམ་ལ་ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྦྱིན་པ་དང་། དེ་དག་གི་མཐའ་རྟེན་གཉིས་ལས། དང་པོ་སྐུ་ཡི་རྗེས་སུ་གནང་བའི་སླད་དུ། ཁྱེད་རྣམས་གོང་ལྟར་ལྷར་གསལ་བ་ལ། འཕགས་མཆོག་ལྷག་པའི་ལྷའི་སྐུ་རྟེན་འདི་ཉིད་སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབས་པ་ལ་བརྟེན་ཡེ་ཤེས་སེམས་དཔའི་སྐུ་ལས་རང་འདྲ་གཉིས་པ་ཞིག་ཆད་དེ་ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པས་ལུས་སྣང་སྟོང་འཇམ་དཔལ་རྡོ་རྗེའི་སྐུ་ཡི་རང་བཞིན་དུ་འགྱུར་བར་མོས་པ་མཛོད་ཅིག །ཅེས་བྱ་ལ་སློབ་དཔོན་གྱིས། སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་སྐུ་ཡིན་ཏེ། །སངས་རྒྱས་སྐུ་ཡི་བྱིན་རླབས་པས། །འཇམ་དཔལ་དབྱངས་ཀྱི་སྐུ་ཐོབ་ཤོག །སྔགས་མཐར། ཛཿཧཱུྃ་བཾ་ཧོ་ཏིཥྛ་བཛྲ། ཞེས་བརྗོད་པས་བསྟིམ། སློབ་མས། གང་ཚེ་ལྟ་བར་འདོད་པའམ། །ཅུང་ཟད་འདྲི་བར་འདོད་ན་ཡང་། །མགོན་པོ་འཇམ་དབྱངས་ཁྱོད་ཉིད་ནི། །གེགས་མེད་པར་ཡང་མཐོང་བར་ཤོག །ཅེས་སྨོན་ལམ་གདབ་ཏུ་གཞུག །དེ་ནས་གསུང་གི་རྗེས་སུ་གནང་བ་ནི། སློབ་དཔོན་
འཇམ་པའི་དབྱངས་ཀྱི་ཐུགས་ཀ་ནས། སྔགས་ཀྱི་ཕྲེང་བ་འོད་ཟེར་གྱི་རང་བཞིན་ཅན་ཞལ་ནས་ཐོན། སློབ་མའི་ཐུགས་ཀར་ཞུགས་ཤིང་ཐིམ་པས་འཇམ་པའི་དབྱངས་ཀྱི་གསུང་གྲགས་སྟོང་གཞོམ་མེད་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་པར་བསམ་ལ། སྔགས་འདིའི་རྗེས་ཟློས་མཛོད། ཅེས་ཕྲེང་བ་གཏད་དེ་བསྙེན་སྒྲུབ་ཀྱི་སྔགས་བཞི་ལན་གསུམ་རྗེས་ཟློས་བྱེད་དུ་གཞུག །མཐར་སློབ་དཔོན་གྱིས། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །སངས་རྒྱས་ཀུན་གྱི་གསུང་ཆེན་པོ། །སྙིང་པོ་བླ་མེད་གསུང་ཐོབ་ཤོག །ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཝ་ཀྱེ་དཾ་ན་མ། ཨ་ཨ་ནས༴ གརྦྷ་ཨཱའི་བར་བརྗོད། སློབ་མས། བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས། སོགས་སྨོན་ལམ་གདབ་དུ་གཞུག །གསུམ་པ་ཐུགས་ཀྱི་རྗེས་སུ་གནང་བ་ནི། སློབ་མ་རྣམས་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ་མདུན་གྱི་ནམ་མཁར་ཨ་དཀར་པོ་གཅིག་བསམས་ལ། ཨ། བརྒྱ་རྩ་བརྒྱད་བརྗོད་པར་བྱས་ལ། དེ་ནས་སློབ་དཔོན་གྱིས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །དེ་སེམས་དོན་སྤྱོད་ཨེ་མ་ཧོ། །ཞེས་བརྗོད་
ལ་ཨ་དེ་ནམ་མཁར་ཡལ་བའི་ངང་ལ་སྤྲོ་བསྡུ་མེད་པར་ཆོས་ཉིད་ལ་དཔོན་སློབ་ལྷན་ཅིག་ཏུ་མཉམ་པར་བཞག །དེ་ནས་སློབ་མས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་པ། །མྱ་ངན་འདས་དང་འཁོར་མི་གནས། །ཡང་དག་དོན་འགྲུབ་འབྲས་ཐོབ་ཤོག །ཅེས་རྗེས་ཟློས་ཀྱི་ཚུལ་དུ་སྨོན་ལམ་གདབ་པར་བྱའོ། །སློབ་དཔོན་གྱིས། དེ་རྣམས་ཀྱིས་ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་བྱིན་པས་གནས་གསུམ་དུ་ལྷག་པའི་ལྷའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་ནས་སྐུ་བསྒོམ་པ་དང་། སྔགས་བཟླ་བ་དང་། ཐུགས་ཏིང་ངེ་འཛིན་རྣམ་པར་དག་པ་ལ་དབང་། མཐར་ཐུག་ཡེ་ཤེས་ལྷའི་སྐུ་གསུང་ཐུགས་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་མཐའ་རྟེན་བྱེད་ལས་བདུན་གྱི་དང་པོ། མཚན་བརྗོད་ཀྱི་གླེགས་བམ་གཏད་ལ། སྨྲ་བའི་སེངྒེ་མཚུངས་པ་མེད། །འགྲོ་ལ་བརྩེ་བའི་ཕན་སེམས་ཀྱིས། །ཆོས་འདི་ཀློག་དང་ཀུན་ཆུབ་དང་། །རྒྱ་ཆེན་དོན་རབ་སྤྱོད་པར་གྱིས། །ཞེས་དང་རྒྱུད་ཀྱི་ལུང་ཡང་བཀླག །གཉིས་པ་སྤྱི་བོར་གདུགས་ཕུབ་ལ། ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །སེམས་ཅན་སྡུག་བསྔལ་སྐྱོབ་པར་བྱེད། །ཟབ་ཅིང་ཡངས་ལ་རྒྱ་ཆེ་བའི། །འགྲོ་བའི་སྟོན་པར་བརྩོན་པར་གྱིས། །
གསུམ་པ་གཡས་སུ་རལ་གྲི་དང་། གཡོན་དུ་མདའ་གཞུ་གཏད་ལ། ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །བདུད་ཀྱི་དཔུང་རྣམས་ཕམ་པར་གྱིས། །བཞི་པ་དུང་འབུད་དུ་གཞུག་ལ། ཆོས་ཀྱི་དུང་ནི་སྒྲ་ཆེན་ལྡན། །ཀུན་ཏུ་རབ་སྒྲོགས་སྙན་པའི་སྒྲ། །ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། །དྲི་མེད་ཀུན་ཏུ་སྣང་བར་གྱིས། །ལྔ་པ་འཁོར་ལོ་གཏད་ལ། འཁོར་ལོས་སྒྱུར་བར་སྟོབས་པོ་ཆེ། །ཡང་དག་དོན་སྟོན་དེ་བཞིན་ཉིད། །འདྲེན་པ་རྣམས་ཀྱི་འཁོར་ལོ་མཆོག །ཁྱོད་ཀྱིས་རྟག་ཏུ་བསྐོར་བར་གྱིས། །དྲུག་པ་སྒྲུབ་དཔེ་མན་ངག་ལས་ཚོགས་དང་བཅས་པ་གཏད་ལ། བདག་མེད་སེངྒེའི་སྒྲ་དང་ལྡན། །འདི་སྒྲུབ་འབད་པ་དོན་ཡོད་ཕྱིར། །མུ་སྟེགས་རྒོལ་བ་བཟློག་ནས་ཀྱང་། །ནོར་བ་ཐམས་ཅད་རྣམ་པར་སྤོང་། །བདུན་པ་རྡོ་རྗེ་སློབ་དཔོན་གྱི་སྲིན་ལག་ལ་བཟུང་དུ་གཞུག་ལ། འགྲོ་བའི་བླ་མ་སྟོན་པ་པོ། །གོང་ནས་བརྒྱུད་མར་རིམ་བཞིན་དུ། །ཇི་ལྟར་མཐར་སོན་དོན་ཡོད་ལྟར། །རྡོ་རྗེ་སློབ་དཔོན་བདག་གིས་ཀྱང་། །བུ་ཁྱོད་ལ་ཡང་སྤྱི་བླུགས་གཏད། །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །འཛད་མེད་ཡིད་བཞིན་གཏེར་ཆེན་
པོ། །བུ་ཁྱོད་ཀྱིས་ནི་ལོངས་སྤྱོད་ཅིགཿ ཅེས་བྱའོ། །དེ་དག་རྣམས་ཀྱིས་གནས་སྐབས་སུ་འཇམ་དཔལ་གྱི་ཆོས་བཀའ་རབ་འབྱམས་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་དང་། བསྙེན་སྒྲུབ་ལས་གསུམ་གྱི་ཚུལ་གྱིས་རང་གཞན་གྱི་དོན་རྒྱ་ཆེན་པོ་བྱེད་པ་ལ་དབང་། མཐར་ཐུག་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཡོན་ཏན་དང་ཕྲིན་ལས་ལ་མངའ་དབང་འབྱོར་བར་འགྱུར་རོ། །གཉིས་པ། ཡེ་ཤེས་རྡོ་རྗེའི་བྱིན་གྱིས་བརླབ་བཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ནས་རིག་པ་རྩལ་གྱི་དབང་ཞུ་བའི་སླད་དུ་རྟེན་འབྲེལ་གྱིས་རྫས་དང་ཇི་འབྱོར་བའི་མཎྜལ་ཐོགས་ཏེ་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། ཨེ་མ་ཧོ། རྡོ་རྗེ་སློབ་དཔོན་ཡི་དམ་ལྷ་ཡི་ཚོགས། །དཔའ་བོ་དཔའ་མོ་ཐམས་ཅད་དང་། །འཕགས་པ་འཇམ་དཔལ་རིགས་ལྔ་དང་། །མཁའ་འགྲོ་སྡེ་ལྔ་རིག་འཛིན་རྣམས། །བདག་ལ་གསན་ཅིང་དགོངས་སུ་གསོལ། །བདག་ཅག་འཁོར་བའི་རྒྱ་མཚོ་ལས། །སེམས་ཅན་ཀུན་གྱི་དོན་ཕྱིར་དུ། །རྫོགས་པའི་སངས་རྒྱས་ཐོབ་པར་བྱ། །དེ་ཕྱིར་རྡོ་རྗེ་སློབ་དཔོན་ལ། །ཤེས་རབ་རལ་གྲི་ཡོན་དུ་འབུལ། །སྣང་སྲིད་གསལ་བའི་མེ་ལོང་དང་། །འབྲུ་དང་དཀར་གསུམ་མངར་གསུམ་དང་། །ལན་ཚྭ་ཆུ་ཡི་སྙིང་པོ་ཡོན་དུ་འབུལ། །ཐབས་ཤེས་
མདའ་གཞུ་ཡོན་དུ་འབུལ། །ལུས་ངག་ཡིད་གསུམ་ཡོན་དུ་འབུལ། །བདག་ལ་རྡོ་རྗེ་སློབ་དཔོན་གྱིས། །རིག་པའི་རྩལ་དབང་བསྐུར་དུ་གསོལ། །ཨཱཿརིགས་ལྔ་ཡེ་ཤེས་ལྔ་ལྡན་གྱི། །ངོ་སྤྲོད་གསང་བ་བསྟན་དུ་གསོལ། །ཞེས་ལན་གསུམ་བྱའོ། །དེ་ནས་སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི། ཧོ། སྐལ་ལྡན་རིགས་ཀྱི་བུ་རྣམས་ཁྱེད་བདག་གི་རྗེས་སུ་འཇུག་པས་ན། གཏིང་སྐྱེས་ཀྱི་དད་པ་ཁ་ལ་མ་དྲོས་པ་ཡོད་དམ། མྱུར་མགྱོགས་བརྩོན་འགྲུས་རྟབ་རྟོབ་མི་ལྡང་བ་ཡོད་དམ། དམ་ཚིག་དང་སྡོམ་པ་ཐུབ་བམ། བྱ་བ་ཇི་བྱེད་སེམས་ཅན་དོན་དུ་ནུས་སམ། དེ་ལྟར་ནུས་ན་དབང་བསྐུར་ངོ་སྤྲོད་གསང་བ་བསྟན་པར་བྱ། མོས་གུས་ཡིད་ཆེས་དད་པ་དང་བཅས་པས་ཉམས་སུ་ལོངས་པར་གྱིས་ཤིག །ཅེས་བརྗོད། དེ་ནས་རིག་པའི་རྩལ་དབང་བསྐུར་བ་ལ། །ཐོག་མར་ཡེ་ཤེས་རྡོ་རྗེའི་བྱིན་འབེབས་པ། །དེ་བརྟན་ཅིང་བྱིན་གྱིས་བརླབ་པ་གཏོར་མའི་དབང་། དངོས་གཞི་ངོ་སྤྲོད་ཅིང་དབང་བསྐུར་བ་གསུམ་ལས་དང་པོ། རང་ཉིད་སྔར་ལྟར་རྣམ་སྣང་མཐིང་ཀ་ཡུམ་དང་བཅས་པ་དང་། སྙིང་གའི་ལྷ་ལྔ་པོ་ཡང་གོང་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་
གྱུར། སློབ་དཔོན་དང་མདུན་གྱི་དཀྱིལ་འཁོར་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་འདུས་པའི་རང་བཞིན་ཅན་ལ་མོས་གུས་གདུང་ཤུགས་དྲག་པོས་བདག་ལ་རྡོ་རྗེའི་ཡེ་ཤེས་ཀྱི་བྱིན་དབབ་ནས་རིག་པ་རྩལ་གྱི་དབང་བསྐུར་དུ་གསོལ་སྙམ་པས་དཔོན་སློབ་ལྷན་ཅིག་ཏུ། ཌ་དྲིལ་རོལ་མོ་བཅས་བྱིན་རྫས་བདུག་ཅིང་དབྱངས་སྙན་པོས། ཨོཾ་ཨཱཿཧཱུྃ་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སོགས་དང་། བསྟོད་པ་འདུད་ཉི་ཤུ་དང་། བླ་མ་རིག་འཛིན་རྣམས་ཀྱི་བརྒྱུད་པའི་གསོལ་འདེབས་སོགས་བྱས་ནས། ནམ་མཁའ་གང་བའི་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་སྤྲིན་གཏིབ་པ་ལྟར་བྱོན་ནས་རང་ལ་ཐིམ་པས་རྡོ་རྗེ་ཡེ་ཤེས་ཀྱི་བྱིན་དབབ་པར་བསམ་ཞིང་བརྗོད་མེད་ཀྱི་རང་མདངས་བསྐྱང་བར་བྱའོ། །དེ་བརྟན་པར་བྱ་བའི་ཕྱིར་དུ། གཏོར་མ་འདི་ཉིད་ཕྱི་གཏོར་མའི་དབྱིབས་ལ་ནང་རིན་པོ་ཆེའི་གཞལ་ཡས་ཁང་གི་དབུས་སུ་རྣམ་སྣང་ཡབ་ཡུམ། ཤར་དུ་རྡོར་སེམས་ཡབ་ཡུམ་སོགས་རིགས་ལྔའི་དཀྱིལ་འཁོར་ལ་རབ་འབྱམས་ཡི་དམ་ཞི་ཁྲོ་མ་ཚང་བ་མེད་པ་དང་། གཞན་ཡང་རྩ་བརྒྱུད་ཀྱི་བླ་མ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཏིལ་གྱི་གང་བུ་ཕྱེ་བ་བཞིན་དུ་བཞུགས་པ་དེ་དག་ཐམས་ཅད་ཀྱིས་སློབ་མ་རྣམས་ལ་བརྩེ་བའི་ཐུགས་ཀྱིས་
དགོངས། དགྱེས་པའི་ཞལ་གྱིས་ཕྱོགས། འཛུམ་པའི་སྤྱན་གྱིས་གཟིགས་ནས་རིག་རྩལ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཕྲིན་ལས་མཛད་པར་མོས་པ་མཛོད་ཅིག །ཨོཾ་ཨཱཿཧཱུྃ། ཡེ་ཤེས་དབང་བསྐུར་ཅོད་པཎ་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །ངོ་མཚར་རྨད་བྱུང་དཔལ་གྱི་གཏོར་མ་འདི། །རྒྱུ་ནི་དོག་མོ་ས་ལ་འཁྲུངས་པའི་འབྲུ། །དག་ཅིང་དྲི་མེད་འབག་ཙོག་ལ་སོགས་པ། །གཙང་ཞིང་གཙང་མར་སྦྱར་བ་བརྗིད་པའི་དཔལ། །ཟུར་བཞི་ལོག་བརྒྱད་དཔུང་པ་བཞི་དང་ལྡན། །རྩ་བ་བརྟན་པ་རྩེ་མོ་གནམ་དུ་མཐོ། །བདེ་གཤེགས་རྩ་བའི་ལྷ་ཚོགས་མཉེས་པའི་རྟེན། །སྤྲུལ་པ་བྱེ་བ་དཔག་མེད་ཚིམ་བྱའི་ཕྱིར། །པདྨ་འདབ་བརྒྱད་མཛེས་པས་མཐའ་ནས་བསྐོར། །མཐེབ་ཀྱུ་སྤྲེལ་མའི་ཚོགས་ཀྱིས་དཔུང་བསྐྱེད་ལ། །རོ་བརྒྱ་ལྡན་པའི་ཞལ་ཟས་དུ་མས་བརྒྱན། །རིན་ཆེན་གཏོར་གཞོང་ཡངས་པ་ཆོས་ཀྱི་དབྱིངས། །གཏོར་མ་འདོད་ཡོན་རྣམ་ལྔ་ཡེ་ཤེས་ལྔ། །འཇམ་དཔལ་སྐུ་མཆོག་བདེ་ཆེན་འདུ་འབྲལ་མེད། །རྣམ་དག་བདུད་རྩི་འཕགས་པ་མཆོད་པའི་རྫས། །གཉིས་མེད་དབྱིངས་སུ་དམ་ཚིག་གཉན་པོ་བསྲེ། །
མ་མོ་མཁའ་འགྲོ་དབང་དུ་བསྡུ་བ་དང་། །ཕྲིན་ལས་རྣམ་བཞིའི་འགྲོ་བ་འདྲེན་པ་དང་། །སྤྲུལ་པ་དཔག་མེད་ལས་ལ་འགྱེད་པ་དང་། །དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ནས། །གཏོར་མ་འདོད་ཡོན་རྣམ་པ་ལྔ་ཡི་དབང་། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿསྡྱི་ཏོ་ཧྲཱི་དི། ཛྙཱ་ན་མཱུརྟི་ར་ཧཾ་བུདྡྷོ། བུདྡྷཱ་ནཱཾ་ཏྲྱ་དྷ་བརྟྟི་ནཱཾ། ཨོཾ་བཛྲ་ཏཱིཀྵྞ་དུཿཁ་ཙྪེ་ད། པྲཛྙཱ་ཛྙཱ་ན་མཱུརྟྟ་ཡེ། ཛྙཱ་ན་ཀཱ་ཡ་ཝཱ་གཱི་ཤྭ་ར། ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿཞེས་པའི་སྔགས་ཐུང་དང་། ཨོཾ་སརྦ་དྷརྨཱ་བྷ་བ་སྭཱ་བྷ་ཝ། བི་ཤུདྡྷེ་བཛྲ་ཙཀྵུ་ཨ་ཨཱ་ཨཾ་ཨཿ པྲ་ཀྲྀ་ཏི་པ་རི་ཤུདྡྷཱཿསརྦ་དྷརྨཱ་ཡ་དུ་ཏ་སརྦ་ཏ་ཐཱ་ག་ཏ། ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷི་ཏཱ་མུ་པཱ་དཱ་ཡ་ཏི་ཨཾ་ཨཿ སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུྃ་ཧྲཱིཿ། བྷ་ག་ཝཱན་ཛྙཱ་ན་མུརྟྟི་ཝཱ་གཱི་ཤྭ་ར། མ་ཧཱ་ཝཱ་ཙ་སརྦ་དྷརྨཱ། ག་ག་ནཱ་མ་ལ་སུ་པ་རི་ཤུདྡྷ། དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཿ །ཞེས་སྔགས་རིང་གཉིས་བརྗོད། དེ་ནས་གཏོར་མ་འདི་སྤྱི་བོར་བཞག་པའི་ཚེ་གཙོ་བོ་རྣམ་སྣང་ཡབ་ཡུམ་དང་བདེ་གཤེགས་སྐུ་ཡི་རིགས་ཀྱི་ལྷ་ཚོགས་འོད་དུ་ཞུ་ཞིང་རིག་འཛིན་དང་། རིགས་གཞན་རྣམས་དང་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ལ་སོགས་པ་གཞན་ལས་ཀྱང་རང་
འདྲ་དཔག་མེད་འཕྲོས་ཏེ་ཞུ་བ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་ཏེ་སློབ་མའི་སྤྱི་བོ་ནས་ཐིམ་པས་བདེ་ཆེན་འཁོར་ལོའི་གནས་ཀྱི་རོ་རྐྱང་དབུ་གསུམ་གང་བས་སྐུ་ཡི་དབང་དང་བྱིན་རླབས་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཅེས་བྱས་ལ། ཧཱུྃ། ཡེ་ཤེས་དབང་བསྐུར་ཅོད་པཎ་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །རྣམ་པར་སྣང་མཛད་སྐུ་ཡི་དབང་། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཞེས་དང་། ཆོས་སྐུ་འདུས་པ་ཀུན་ཏུ་བཟང་པོ་དང་། །ལོངས་སྐུ་འདུས་པ་འཇམ་དཔལ་རིགས་ལྔ་དང་། །སྤྲུལ་སྐུ་འདུས་པ་ཤཱཀྱ་ཐུབ་པ་སོགས། །སྐུ་གསུམ་བླ་མ་རྣམས་ལ་གསོལ་བ་འདེབས། །རྡོ་རྗེ་མཁའ་འགྲོ་རིན་ཆེན་མཁའ་འགྲོ་དང་། །པདྨ་མཁའ་འགྲོ་ལས་ཀྱི་མཁའ་འགྲོ་དང་། །དེ་བཞིན་མཁའ་འགྲོ་ཨོ་རྒྱན་མཁའ་འགྲོ་སོགས། །མ་ལུས་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །འཇམ་དཔལ་དབྱངས་དང་རྡོ་རྗེ་འཆང་ཆེན་པོ། །འཇམ་དཔལ་བཤེས་གཉེན་ཤྲི་
སིདྷ་དང་། །རང་བྱུང་ཆེན་པོ་པདྨ་འབྱུང་གནས་སོགས། །རིག་འཛིན་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །ཁྲི་སྲོང་ལྡེའུ་བཙན་འཇམ་མགོན་སྤྲུལ་པའི་སྐུ། །ཤེལ་བཟའ་སྒྲོན་ཅིག་མཚན་ལྡན་གསང་བའི་ཡུམ། །གཏེར་སྟོན་ཆེན་པོ་གསར་བན་ཕྱོགས་མེད་སོགས། །སྤྲུལ་པའི་སྐུ་མཆོག་རྣམས་ལ་གསོལ་བ་འདེབས། །ལུང་ཟིན་གསར་བན་ཉི་མའི་སྙིང་པོ་ནས། །དྲིན་ཆེན་རྩ་བའི་བླ་མའི་བར་བྱོན་པའི། །བརྒྱུད་པའི་བླ་མ་རྣམས་དང་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་བཅས་ལ་གསོལ་བ་འདེབས། །སྤྲོ་ན་བླ་བརྒྱུད་རྒྱས་པ་བྱ། མཆན། བརྒྱུད་པའི་བླ་མ་ཐམས་ཅད་ཀྱིས། །བྱིན་གྱིས་བརླབ་པར་མཛད་ནས་ཀྱང་། །སྐལ་ལྡན་རིགས་ཀྱི་བུ་འདི་ཡི། །རིག་པའི་རྩལ་དབང་ཐོབ་པར་ཤོག །བུདྡྷ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ། ཞེས་གཏོར་མ་སྤྱི་བོར་བཞག །དེ་ནས་གཏོར་མ་འདི་མགྲིན་པར་བཞག་པའི་ཚེ་གཙོ་བོ་སྣང་མཐའ་ཡབ་ཡུམ་དང་པདྨ་གསུང་གི་རིགས་ཀྱི་ལྷ་ཚོགས་འོད་དུ་ཞུ་ཞིང་རིག་འཛིན་དང་སོགས་གོང་དང་འདྲ་ལ། སློབ་མའི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་གནས་ཀྱི་རོ་རྐྱང་དབུ་གསུམ་གང་བས་གསུང་གི་དབང་དང་བྱིན་རླབས་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཅེས་དང་།
།ཧཱུྃ་ཡེ་ཤེས་དབང་བསྐུར་ཅོད་པཎ་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །གསུམ་སེལ་མཐའ་ཡས༴ སངས་རྒྱས་འཛུམ་པ༴ སངས་རྒྱས་བཞད་ལ༴ སངས་རྒྱས་གསུང་ཉིད༴ སངས་རྒྱས་ཐུགས་ལ༴ སྣང་བ་མཐའ་ཡས་གསུང་གི་དབང་། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཆོས་སྐུ་འདུས་པ་ཀུན་ཏུ་བཟང་སོགས་ནས་རྩལ་དབང་ཐོབ་པར་ཤོག །བར་གོང་ལྟར་ལ་སྔགས་མཐར། པདྨ་བྷ་ལིཾ་ཏ་ཨ་བྷི་ཥིཉྩ་ཨཾ། ཞེས་མགྲིན་བར་བཞག །དེ་ནས་གཏོར་མ་འདི་ཉིད་སྙིང་གར་བཞག་པའི་ཚེ་གཙོ་བོ་རྡོར་སེམས་ཡབ་ཡུམ་དང་། རྡོ་རྗེ་ཐུགས་ཀྱི་རིགས་ཀྱི་ལྷ་ཚོགས་འོད་དུ་ཞུ་ཞིང་རིག་འཛིན་དང་སོགས་ནས། སློབ་མའི་སྙིང་ག་ཆོས་ཀྱི་འཁོར་ལོའི་གནས་ཀྱི་རོ་རྐྱང་དབུ་གསུམ་གང་བས་ཐུགས་ཀྱི་དབང་དང་བྱིན་རླབས་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཧཱུྃ་ཡེ་ཤེས་དབང་བསྐུར་ཅོད་པཎ་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སངས་རྒྱས་ཆགས་པ༴ སངས་རྒྱས་འདོད་ལ༴ སངས་རྒྱས་དགྱེས་པ༴ སངས་རྒྱས་རོལ་ལ༴ རྡོ་རྗེ་སེམས་དཔའ་ཐུགས་ཀྱི་དབང་། །རིགས་ཀྱི་
བུ་ལ་དབང་བསྐུར་རོ། །ཆོས་སྐུ་འདུས་པ་ཀུན་ཏུ་བཟང་སོགས་ནས། རྩལ་དབང་ཐོབ་པར་ཤོག །བར་དང་སྔགས་མཐར། བཛྲ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་སྙིང་གར་བཞག །དེ་ནས་གཏོར་མ་འདི་ཉིད་ལྟེ་བར་བཞག་པའི་ཚེ་གཙོ་བོ་རིན་འབྱུང་ཡབ་ཡུམ་དང་། ཡོན་ཏན་རིན་ཆེན་རིགས་ཀྱི་ལྷ་ཚོགས་འོད་དུ་ཞུ་ཞིང་རིག་འཛིན་དང་། སོགས་ནས། སློབ་མའི་ལྟེ་བ་སྤྲུལ་པའི་འཁོར་ལོའི་གནས་ཀྱི་རོ་རྐྱང་དབུ་གསུམ་གང་བས་ཡོན་ཏན་གྱི་དབང་དང་བྱིན་རླབས་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཧཱུྃ་ཡེ་ཤེས་དབང་བསྐུར་ཅོད་པཎ་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །མེད་པ་ལས་བྱུང་༴ སངས་རྒྱས་འབྱུང་བ༴ ནམ་མཁའ་ལས་བྱུང་༴ ཡེ་ཤེས་ལས་བྱུང་ཁྱོད༴ རིན་ཆེན་འབྱུང་ལྡན་རྒྱས་པའི་དབང་། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཆོས་སྐུ་འདུས་པ་ཀུན་ཏུ་བཟང་སོགས་ནས། རྩལ་དབང་ཐོབ་པར་ཤོག །བར་དང་སྔགས་མཐར། རཏྣ་བ་ལིཾ་ཏ་ཨ་བྷི་ཥིཉྩ་སྭཱ། ཞེས་བརྗོད་ཅིང་གཏོར་མ་ལྟེ་བར་བཞག །དེ་ནས་གཏོར་མ་འདི་གསང་གནས་སུ་བཞག་པས་གཙོ་བོ་དོན་གྲུབ་ཡབ་ཡུམ་དང་ལས་ཀྱི་རིགས་ཀྱི་ལྷ་ཚོགས་
ཐམས་ཅད་འོད་དུ་ཞུ་ཞིང་རིག་འཛིན་བརྒྱུད་པ་རྣམས་དང་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱང་འོད་དུ་ལྟེམ་གྱིས་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་ཏེ་སློབ་མའི་གསང་བར་ཐིམ་པས་བདེ་སྐྱོང་གི་འཁོར་ལོའི་གནས་ཀྱི་རོ་རྐྱང་དབུ་གསུམ་གང་བས་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་མ་ལུས་པ་ཐོབ་པར་གྱུར་པའི་མོས་པ་མཛོད། ཧཱུྃ་ཡེ་ཤེས་དབང་བསྐུར་ཅོད་པཎ་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སྒྱུ་འཕྲུལ་དྲྭ་བ༴ སངས་རྒྱས་རོལ་སྟོན༴ ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །དོན་ཡོད་གྲུབ་པ་ཕྲིན་ལས་དབང་། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཆོས་སྐུ་འདུས་པ་ཀུན་ཏུ་བཟང་སོགས་ནས་རིག་པའི་རྩལ་དབང་ཐོབ་པར་ཤོག །བར་གོང་འདྲ། སྔགས་གཉིས་ཀྱིས་མཐར། ཀརྨ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱ། ཞེས་བརྗོད་གཏོར་མ་གསང་བར་བཞག །དེ་དག་གིས་གཏོར་མ་ལ་བརྟེན་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ཐོབ་ཅིང་དབང་བཞི་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ནས་རིག་སྟོང་གདོད་མའི་རང་ཞལ་བལྟ་བའི་ཕྱིར་བརྡ་ཡི་དབང་ནི། རང་རིག་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆེན་པོ་
མ་མཐོང་བའི་མཚོན་བྱེད་དུ་མིག་དར་འཆིང་མཛོད། ཅེས་བྱས་ལ། སློབ་མ་རྣམས་མིག་དར་གྱིས་བཀབ་ལ། ཅུང་ཞིག་བཞག་དེ་ནས་མིག་དར་བསལ་ལ། སློབ་དཔོན་གྱིས། རང་བྱུང་གི་ཤེལ་ཉི་ཟེར་ལ་བསྟན་ནས། ཀྱེ་རིགས་ཀྱི་བུ་རྣམས། མན་ཤེལ་འོད་ལྔ་འབར་བ་ལྟར། །རང་བྱུང་རིག་པ་ཆོས་ཀྱི་སྐུ། །འདི་འདྲ་ཇི་འདྲར་རྟོགས་པར་གྱིས། །ངོ་བོ་རང་བཞིན་ཐུགས་རྗེ་ལྡན། །སྐུ་གསུམ་འདུ་འབྲལ་མེད་པར་དབང་བསྐུར་རོ། །ཨོཾ་ཨཱཿཧཱུྃ། ཞེས་སྤྱི་བོར་བཞག །དེ་ནས་སློབ་དཔོན་གྱིས་འདི་སྐད་དུ། རིགས་ཀྱི་བུ་རྣམས་ལུས་རྣམ་སྣང་ཆོས་བདུན་དང་ལྡན་པའི་སྒོ་ནས། ཡིད་སྤྲོ་བསྡུ་བཅས་བཅོས་མེད་པར་མཉམ་པ་ཉིད་དུ་ཞོག་མཛོད། དེ་ལྟར་བཞག་པའི་དུས་ན་ཐ་མལ་གཉུག་མའི་ཤེས་པ་རང་གི་ངོ་བོ་དམིགས་གཏད་ཀྱི་རྣམ་པ་གང་དུའང་མ་གྲུབ་པའི་སྟོང་སང་ངེ་བ་མཐའ་དབུས་བྲལ་བའི་ནམ་མཁའ་ལྟ་བུ་འདི་ནི་ངོ་བོ་ཀ་ནས་དག་པ་དང་། སྟོང་བཞིན་དུ་གསལ་ཆ་འགགས་མེད་ས་ལེ་བ་འདི་ནི་རང་བཞིན་ལྷུན་གྱིས་གྲུབ་པའོ། །དེ་གཉིས་ཐ་དད་དུ་མེད་པར་དབྱེར་མེད་རོ་གཅིག་པ་བརྗོད་པ་ཀུན་དང་བྲལ་བར་སོ་སོ་རང་གིས་ཉམས་སུ་མྱོང་བ་འདི་ནི་ཟུང་འཇུག་གི་རིག་པ་ཡིན་ཏེ། འཁོར་འདས་ཐམས་ཅད་ལ་ཐུགས་རྗེ་ཀུན་ཏུ་ཁྱབ་
པའོ། །དེ་ལྟ་བུའི་སྟོང་གསལ་འདུས་མ་བྱས་པའི་རིག་པ་བརྗོད་པ་དང་བྲལ་བའི་ཚུལ་གྱིས་ཡུལ་མེད་རང་གསལ་དུ་མྱོང་བ་འདི་ནི། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་གཅིག་པུར་གྱུར་པ་ངེས་པ་དོན་གྱི་ཀུན་བཟང་འཇམ་པའི་དབྱངས་ཞེས་བྱ་བ་རང་ཞལ་མཇལ་བ་ཡིན་པས་དུས་ཀུན་ཏུ་འདི་དང་མ་བྲལ་བར་གོམས་པར་གྱིས་དང་། གློ་བུར་རླུང་སེམས་འཁྲུལ་པའི་འཕོ་འགྱུར་གྱི་རྫུན་རིས་ཟད་ནས་གདོད་མའི་དབྱིངས་སུ་ཡེ་ཤེས་ཀྱི་སྐུ་ཐོབ་པར་གདོན་མི་ཟའོ། །དེ་ཕྱིར་སྤྲོ་དགའ་སྐྱེད་ལ་རྡོ་རྗེའི་ཚིག་གི་གནས་འདི་ལ་གསན་པས་ཁྱབ་སྟེ། ཨཱཿགདོད་ནས་གྲོལ་བའི་ངོ་མཚར་ཅན། །རང་ཤར་རང་གྲོལ་ངང་དུ་སྐྱོངས། །ནང་དབྱིངས་ཤེལ་དང་འཇའ་ཚོན་བཞིན། །རྐྱེན་གྱིས་ཕྱི་རུ་ཤར་བ་ལ། །གཉིས་མེད་ཟུང་འཇུག་ངང་དུ་བསྒོམ། །སྣང་བ་དང་ནི་མཆེད་པ་དང་། །ཚད་དུ་ཕེབས་དང་ཟད་པ་ཡིས། །ཀུན་བཟང་དགོངས་པ་རྫོགས་པའོ། །དྷརྨྨ་དྷཱ་ཏུ་ཨ་ཨ་ཨཿ དེ་ནས་ཨ་ལྔའམ་རིགས་ལྔའི་སྐུ་ཉི་མའི་ཟེར་ལ་བསྟན། སློབ་བུ་རྣམས་ཀྱི་མིག་ལའང་ཤེལ་བཀབ་ལ་བལྟར་བཅུག་སྟེ། ངོ་སྤྲད་པ་ནི། འོ་རིགས་ཀྱི་བུ་རྣམས་སྔོན་བཅོམ་ལྡན་རང་བྱུང་རིག་པའི་
རྒྱལ་པོ་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ཤེལ་རི་སྤུངས་པའི་ཤེལ་ཁང་ཡངས་པ་རུ། རང་བྱུང་མན་ཤེལ་གྱི་བརྡ་ཐབས་ལ་བརྟེན་ནས། རང་སྣང་གི་འཁོར་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ལ་ཤེས་རབ་ཀྱི་སྒོ་ཕྱེས་ནས་ཡེ་ཤེས་ཀྱི་སྣང་བ་བསྟན་ཅིང་དབང་བསྐུར་བས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གཅིག་པུ་འཇམ་དཔལ་ཡེ་ཤེས་ཀྱི་ཞལ་མཐོང་སྟེ་སྣང་སྲིད་འཇམ་དཔལ་རིགས་ལྔའི་ཞིང་སྣང་དུ་གྲོལ་ཞིང་། སྣང་བ་དེ་ལས་འགྱུར་བ་མེད་པར་ཡེ་ཤེས་སྣང་བ་ལམ་མེར་གསལ་བ་དེ་བཞིན་དུ་སློབ་བུ་ཁྱེད་རྣམས་ལ་རྡོ་རྗེ་སེམས་དཔའི་མེ་ལོང་འདིས་བརྡ་བསྟན་ཅིང་ངོ་སྤྲད་ཏེ་བྱིན་གྱིས་བརླབས་པས་རང་སེམས་གཉུག་མ་རང་བྱུང་གི་ཡེ་ཤེས་ཉིད་རང་མདངས་འགགས་པ་མེད་པར་གནས་པ་དེ་ཉིད། ལམ་དུས་སུ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ནི། སྙིང་དབུས་སུ་གནས་པ་གཞི་ཡི་སྒྲོན་མ་གདོད་མའི་འཇམ་དཔལ་རྡོ་རྗེ་རིག་པ་གཞོན་ནུ་བུམ་པ་སྐུ་ཡི་རང་རྩལ། དཀར་འཇམ་རྩའི་སྒྲོན་མའི་ལམ་ནས་བརྒྱུད་དེ། རྒྱང་ཞགས་ཆུའི་སྒྲོན་མས་རྟེན་བྱས་ནས། ཕྱིར་སྣང་གི་ཚུལ་དུ་དག་པ་དབྱིངས་ཀྱི་སྒྲོན་མ་མཐིང་ཀ་ཁྱབ་པ་ཆེན་པོ་འཇའ་ཟེར་དང་བཅས་
པའི་དྲྭ་བར་ཐིག་ལེ་སྟོང་པའི་སྒྲོན་མ་ཆུ་མིག་ཏུ་རྡོ་བོར་བ་ལྟ་བུའི་ཐིག་ལེ་ཟླུམ་པོའི་ནང་དུ། རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་ཕྲེང་བའམ། རྟ་རྔ་ལ་མདུད་པ་བོར་བ་ལྟ་བུའི་ཐིག་ལེ་སྦྲེལ་མ་ཅན་ཏེ། དེ་ལྟར་རང་འོད་མ་བྱས་ཡེ་རྫོགས་སུ་ཤར་བ་སོ་སོ་རང་གི་ཉམས་སུ་མྱོང་བ་འདི་ཉིད། གཞིར་གནས་ཡེ་ཤེས་ཀྱི་རང་མདངས་འཛིན་མེད་ཡུལ་དང་བྲལ་བར་ཤར་བ། དེ་ཉིད་རང་ངོ་ཤེས་པའི་ཤེས་རབ་རང་བྱུང་གི་སྒྲོན་མ་གང་ཞིག་ལམ་དུས་ཀྱི་འཇམ་དཔལ་དཔའ་བོ་ཉིད་ཀྱི་མཐུས། གློ་བུར་འཁྲུལ་པའི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱང་སྟེ། མཐར་ཐུག་འབྲས་བུའི་འཇམ་དཔལ་རང་བྱུང་ཡེ་ཤེས་ཀྱི་སྒྲོན་མེ་ཆོས་ཀྱི་དབྱིངས་དང་མཉམ་པ་ཉིད་དུ་གྱུར་པའི་རྟག་ཁྱབ་འོད་གསལ་གྱི་དགོངས་པ་བྲི་གང་དང་བྲལ་བར་སངས་རྒྱ་བ་ཡིན་པར། རྡོ་རྗེའི་ངེས་ཤེས་ཆེན་པོས་ལྟོས་ཤིག །ས་མ་ཡ། ཞེས་བརྗོད་ཅིང་། ཨཱཿམེ་ལོང་ལྟ་བུའི་ཡེ་ཤེས་ནི། །འོད་ཟེར་དཀར་པོ་སྙིང་ལ་གནས། །སྙིང་ལ་ཡེ་ཤེས་ངོ་སྤྲོད་པས། །རྡོ་རྗེ་སེམས་དཔའི་ཞལ་དང་མཉམ། །འདི་ལ་ཐེ་ཚོམ་བྱར་མི་རུང་། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་
ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤང་བ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །རང་བྱུང་རང་ངོ་ཤེས་པའི་དབང་ཐོབ་ཤོག །སྔགས་རིང་ཐུང་གཉིས་བརྗོད། ཨཱཿམཉམ་པ་ཉིད་ཀྱི་ཡེ་ཤེས་ནི། །འོད་ཟེར་སེར་པོ་སྙིང་ལ་གནས། །སྙིང་ལ་ཡེ་ཤེས་ངོ་སྤྲད་པས། །རིན་ཆེན་འབྱུང་ལྡན་ཞལ་དང་མཉམ། །འདི་ལ་ཐེ་ཚོམ་བྱར་མི་རུང་། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག༴ དོན་ཆེན༴ ཁོང་ནས༴ ཚིག་ཏུ༴ བརྗོད་པ༴ རང་བྱུང་རང་ངོ་༴ སྔགས་རིང་ཐུང་བརྗོད། ཨཱཿསོ་སོར་རྟོག་པའི་ཡེ་ཤེས་ནི། །འོད་ཟེར་དམར་པོ༴ སྙིང་ལ་ཡེ་ཤེས༴ སྣང་བ་མཐའ་ཡས༴ འདི་ལ་ཐེ་ཚོམ༴ རྫོགས་པའི༴ ཨ་ནི་ཡིག་འབྲུ༴ དོན་ཆེན༴ ཁོང་ནས༴ ཚིག་ཏུ༴ བརྗོད་པ༴ རང་བྱུང་རང་ངོ་༴ སྔགས་རིང་ཐུང་བརྗོད། ཨཱཿབྱ་བ་གྲུབ་པའི༴ འོད་ཟེར་ལྗང་གུ༴ སྙིང་ལ༴ དོན་ཡོད་གྲུབ་པའི༴ འདི་ལ་ཐེ་ཚོམ་བྱར༴ རྫོགས་པའི༴ ཨ་ནི་ཡིག༴ དོན་ཆེན༴ ཁོང་ནས༴ ཚིག་ཏུ༴ བརྗོད་པ༴ རང་བྱུང་རང་ངོ་༴ སྔགས་རིང་ཐུང་བརྗོད། ཨཱཿཆོས་ཀྱི་དབྱིངས་ཀྱི༴ འོད་ཟེར་མཐིང་ཀ༴ སྙིང་ལ༴ རྣམ་པར་སྣང་
མཛད༴ འདི་ལ༴ རྫོགས་པའི༴ ཨ་ནི༴ དོན་ཆེན༴ ཁོང་ནས༴ ཚིག་ཏུ༴ བརྗོད་པ༴ རང་བྱུང་རང་ངོ་༴ སྔགས་རིང་ཐུང་བརྗོད། ཨཱཿཐམས་ཅད་མཁྱེན་པའི་ཡེ་ཤེས་ནི། །འོད་ཟེར་འཇའ་ཚོན་སྙིང་ལ་གནས། །སྙིང་ལ་ཡེ་ཤེས་ངོ་སྤྲད་པས། །འཇམ་དཔལ་གཞོན་ནུའི་ཞལ་དང་མཉམ། །འདི་ལ་ཐེ་ཚོམ་བྱར་མི་རུང་། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤང་བ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །རང་བྱུང་རང་ངོ་ཤེས་པའི་དབང་ཐོབ་ཤོག །སྔགས་གཉིས་བརྗོད་ལ། དུས་གསུམ་སངས་རྒྱས་ཀྱི་ངོ་བོ་འདི་ལྟར་དུ་རང་ལ་ཡེ་ནས་གནས་ཀྱང་སྔར་མ་མཐོང་བ་ལས། ད་མཐོང་བ་འདི་བདེ་བར་གཤེགས་པ་རིགས་ལྔ་ཡིན་ནོ། །དུས་ནམ་ཡང་མི་འབྲལ་བར་སྒོམས་ཤིག །ཐེ་ཚོམ་མེད་པར་སངས་རྒྱ་བ་ཡིན་ནོ། །དེས་ན་རིགས་ཀྱི་བུ་རྣམས་དབྱིངས་དང་རིག་པའི་རང་གདངས་ཡེ་ཤེས་ཀྱི་ཐིག་ལེ་རྣམས་གནད་དུ་བསྣུན་པར་བྱེད་པ་སྣང་བ་བཞིའི་རྣལ་འབྱོར་དང་མ་བྲལ་བར་མཛད་དགོས་པས། རྡོ་རྗེའི་ཚིག་འདི་རྣམས་ལ་གསན་པས་ཁྱབ་སྟེ། ཨཱཿབསམ་བརྗོད་
བྲལ་བའི་སེམས་ཉིད་ཀ་དག་སྟེ། །མ་འགགས་ཝ་ལེར་གསལ་བ་སངས་རྒྱས་དངོས། །དེ་ལ་རྒྱུན་དུ་གནས་ན་ཐ་སྙད་ཀྱི། །བསྒོམ་དང་སྒྲུབ་པ་བྱ་རྒྱུ་མེད་པར་རྫོགས། །ཅི་ཕྱིར་རང་རིག་ཆོས་སྐུ་དག་པ་ལ། །སྐྱེ་ཤི་མེད་པས་ལས་དང་རྣམ་སྨིན་མེད། །དེ་མེད་བསྐྱེད་དང་རྫོགས་པའང་ཅི་ཡང་མེད། །འཁྲུལ་དང་གྲོལ་བའི་མིང་ཡང་དེ་ལ་མེད། །མེད་པའི་དོན་ལ་མཉམ་པའི་རྒྱལ་པོར་བཞག །དྭངས་པའི་ཐུན་གཅིག་བསྒོམ་ན་འཁོར་བ་འཇིག །བདེ་བར་གཤེགས་པ་ཀུན་གྱི་བྱང་ཆུབ་སེམས། །ཡང་དག་སྙིང་པོ་འོད་ཀྱི་ཕུང་པོ་ཅན། །ཡིན་ནི་གཅིག་ཡིན་ཁྱབ་ནི་ཀུན་ཏུ་ཁྱབ། །གནས་ནི་རྟག་ཏུ་སྙིང་གི་དབུས་ནའོ། །གསལ་སྟོང་ཕྱོགས་བཅུ་དུས་གསུམ་ཀུན་ཏུ་གསལ། །དེ་ཉིད་རང་འོད་ཡིན་ཕྱིར་ངེས་ཤེས་ན། །སྐུ་དང་ཡེ་ཤེས་རྒྱལ་བའི་ཞིང་དུ་གྲོལ། །མ་དག་ལས་ཀྱི་སྣང་བའི་སྐྱོན་དང་བྲལ། །རང་འོད་མ་ཤེས་ལུས་དང་བག་ཆགས་ཀྱི། །སྣང་བའི་གོ་ཕྱེ་འཁྲུལ་བ་རྒྱ་བསྐྱེད་ནས། །རང་གནས་ཡེ་ཤེས་རང་དང་མཇལ་མི་འགྱུར། །དེ་ཕྱིར་ལུས་ནི་དྲང་སྲོང་ཙོག་པུ་དང་། །རླུང་ནི་དལ་བ་མིག་ནི་ཟིམ་བུས་བལྟ། །མངོན་སུམ་ཡེ་ཤེས་མཐོང་
།བས་གྲོལ་བར་འགྱུར། །དེ་ནས་བླང་དོར་མེད་པའི་འདུག་སྟངས་ཀྱིས། །དྭངས་མའི་རླུང་བཅིང་ཐད་ཀར་མིག་གིས་བལྟ། །ཆོས་ཉིད་མངོན་སུམ་ཡེ་ཤེས་མཐོང་བ་ནི། །གློ་བུར་དྲི་བྲལ་རང་རིག་སངས་རྒྱས་དངོས། །མིག་གི་དཀྱིལ་འཁོར་གཡས་གཡོན་མཛོད་སྤུར་གཅུན། །ཉམས་སྣང་གོང་འཕེལ་ཐ་མལ་རྣམ་རྟོག་འགགས། །འོད་གསལ་དོན་གྱི་ཡེ་ཤེས་དེ་ཉིད་དང་། །རྒྱུན་དུ་བསྟུན་པས་བསྐྱེད་རྫོགས་ལྷུན་གྱིས་གྲུབ། །སྲིད་པ་ཐ་མར་གྱུར་པ་ཉིད་ཡིན་ནོ། །དེ་ནས་སེངྒེ་རབ་ཏུ་འགྱིང་བ་ཡི། །འདུག་སྟངས་སྟེང་འོག་འཇམ་དཔལ་ཡེ་ཤེས་རླུང་། །ཁ་སྦྱར་མིག་ནི་མཛོད་སྤུའི་སྟེང་ཐད་བལྟ། །མ་བསྐྱེད་རྫོགས་པ་སྐུ་གསུམ་ཡེ་ཤེས་ལྔ། །ཐིག་ལེ་ཐིག་ཕྲན་ཟ་འོག་གུར་ཁྱིམ་དང་། །རེ་ལྡེ་མིག་མང་དར་ཚགས་རྩིབ་ཤར་དང་། །སྣང་བ་རྣམ་དག་ཡེ་ཤེས་སྣང་བ་འཕེལ། །ཐ་མལ་མིང་ཟད་ཡེ་ཤེས་རྒྱུན་ཆད་མེད། །འདི་ཉིད་ཤེས་ན་སྐྱེ་བ་མེད་པར་འགྱུར། །དེ་ནས་སྙིང་པོའི་དོན་བཅུའི་གནད་ཀྱི་དོན། །སྦས་པའི་ཏི་ཀ་སྐལ་ལྡན་སྙིང་གི་ནོར། །འབྲས་བུ་ཀུན་གྱི་ཡང་བཅུད་དྭངས་མ་ཡིན། །དེ་ཡི་དགོངས་པ་ཡང་དག་བསྟན་པ་ནི། །ལུས་གནད་གཅུན་པས་
རིག་པ་ཡུལ་དང་མཇལ། །ངག་གནད་གཅུན་པས་བརྗོད་མེད་གནས་ལུགས་རྟོགས། །ཡིད་གནད་གཅུན་པས་འགྱུ་བ་རང་སར་ཟད། །གང་མཐོང་ལྟ་བ་དྲན་བསམ་ཆོས་སྐུར་གྲོལ། །བར་རོ། འོ་རིགས་ཀྱི་བུ་རྣམས་དེ་ལྟར་ངོ་སྤྲད་པས་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱི་ཡིག་ཚོགས་ལག་མཐིལ་གང་ལས་ཆོས་ཐམས་ཅད་ཀྱི་དོན་ཐུགས་སུ་ཆུད་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པ་དེ་བཞིན་དུ་རིགས་ཀྱི་བུ་ཁྱེད་རྣམས་ཀྱང་། འཇམ་དཔལ་རྫོགས་པ་ཆེན་པོའི་དོན་ཉམས་སུ་བླང་བས་དུས་མྱུར་བ་ཉིད་དུ་ཆོས་ཟད་ཀྱི་དབྱིངས་སུ་ལྷུན་གྲུབ་གདོད་མའི་བཙན་ས་ཟིན་པར་གྱིས་ཤིག །ཚུལ་དེ་ལྟར་བརྩོན་པས་གནས་སྐབས་སུ་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་ནས་བདེ་བར་གཤེགས་པའི་ཆོས་ཚུལ་ཐམས་ཅད་རང་གྲོལ་དུ་ཤེས་ཤིང་གདིང་ཐོབ་སྟེ། མཐར་ཐུག་ཡེ་ཤེས་རྡོ་རྗེའི་སྐུ་ཐོབ་ནས་ནམ་མཁའ་ཇི་སྲིད་དུ་སེམས་ཅན་གྱི་དོན་རྟག་ཁྱབ་ལྷུན་གྲུབ་ཏུ་མཛད་པ་ཡིན་ནོ། །དེ་ལྟར་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྨིན་བྱེད་ཟབ་མོ་བཀའ་གཏེར་དག་སྣང་གི་ཆུ་བོ་གཅིག་འདྲེས་ཐུན་མིན་ཟབ་རྒྱ་ཅན་གྱི་དབང་བསྐུར་ལེགས་པར་གྲུབ་པའི་བཀའ་
དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ། ཞེས་བརྗོད་ལ་འབུལ་དུ་གཞུག །སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་པོ་བཅས་ཀུན་བཟང་མཆོད་པའི་སྤྲིན་དུ་སྤྲུལ་ནས་ཕུལ་ན་ཐུགས་རྗེ་ཆེན་པོས་བཞེས་ཤིང་ལོངས་སྤྱོད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་དུས་ཀུན་ཏུ། །ལུས་དང་ལོངས་སྤྱོད་དངོས་ཀུན་གྱིས། །དཔལ་ལྡན་བླ་མ་ཁྱེད་མཆོད་པས། །བརྩེ་བས་རྗེས་སུ་འཛིན་པར་མཛོད། །དེ་ལྟར་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ལེགས་པར་གྲུབ་པ་ལ། ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པའི་ཕྱག་གིས་མེ་ཏོག་གི་ཆར་འབེབས་ཤིང་། ཞལ་ནས་བཀྲ་ཤིས་པའི་གླུ་དབྱངས་བསྒྲགས་པས་དུས་ཐམས་ཅད་དུ་དགེ་ཞིང་ཤིས་པའི་དཔལ་ཡོན་མི་ཟད་པར་སྩོལ་བར་གྱུར། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུན་ཏེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་ད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲཱ་མ་ཎ་སཱ་ཧཱ། ༈ །ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །
དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་འཕེལ་བ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར། །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་༴ སེམས་ཅན་གང་དག་འགྲོ་དང་༴ དེ་དག་ཐམས་ཅད་དེང་༴ ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །རྒྱལ་བ་སྲས་བཅས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱིས་ལེགས་པར་བསམ་པ་དང་། །གསང་སྔགས་རིགས་སྔགས་རྣམས་ཀྱི་མཐུ་སྟོབས་དང་། །བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་གིས། །བསོད་
ནམས་རི་བོ་བཞིན་དུ་བརྟན་པ་དང་། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་གྲགས་ནམ་མཁའ་ལྟ་བུར་ཁྱབ་པ་ཡི། །གསུམ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་སོགས་བཀྲ་ཤིས་བརྗོད། དེ་ལྟ་བུའི་དབང་བསྐུར་ཟབ་མོ་ནོས་པ་ལས་བྱུང་བའི་དགེ་བའི་ཆོས་དང་རང་གཞན་གྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་གདོད་མའི་བྱང་ཆུབ་ཆེན་པོར་དམིགས་པ་བྲལ་བའི་ཚུལ་གྱིས་ཡོངས་སུ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་སོགས་བསྔོ་སྨོན་བྱ། སླར་རྗེས་ཆོག་སྤྱི་ལྟར་བྱས་ཏེ་ལས་གཞུང་བསྡུ་བར་བྱའོ། །རིག་འཛིན་རྒྱལ་པོ་པདྨ་འོད་འབར་ལ། །རིང་ནས་གཅིག་ཏུ་མོས་པ་དེ་ཡིས་མཐུས། །ཟབ་མོའི་མན་ངག་དག་གིས་གནད་མཐོང་ནས། །དབྱིངས་ཀྱི་མཁའ་འགྲོའི་སྙིང་མཛོད་ཆོས་ཀྱི་རྗེ། ༡། རིག་འཛིན་བརྒྱུད་པའི་ལུང་བཞིན་འཁྲུལ་མེད་དུ། །བཀོད་པའི་དགེ་བས་མཐའ་ཡས་འགྲོ་བ་ཀུན། །རང་རིག་འཇམ་མགོན་མཐོང་ལ་སྒྲིབ་པའི་ཆ། །བསལ་ནས་འགྱུར་མེད་བདེན་དོན་མཐོང་བར་ཤོག །ཅེས་པའང་ལམ་འདིའི་བཀའ་སྲོལ་ཡོངས་ཀྱི་བྱིན་རླབས་ཆུ་བོ་གཅིག་ཏུ་འདུས་པའི་སྐལ་བ་ལྡན་པ་རིག་འཛིན་བླ་མ་རྣམས་ཀྱི་དགྱེས་ཞལ་གྱིས་བསྐྱངས་ཤིང་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་བཀའ་སྐྱོང་བ་མི་ཕམ་རྣམ་པར་རྒྱལ་བས་རབ་ཚེས་ལྕགས་སྦྲུལ་སྣྲོན་ཟླའི་ཉ་ལ་ཡི་དམ་ལྷག་པའི་ལྷའི་བསྙེན་སྒྲུབ་ལ་གཞོལ་བའི་ཐུན་གསེང་གཅིག་ཏུ་ལེགས་པར་སྤེལ་བ་འདིས། བསྟན་འགྲོའི་ཕན་བདེ་ནམ་མཁའ་དང་མཉམ་པ་སྤེལ་བར་གྱུར་ཅིག། །།