རིག་སྔགས་ཀྱི་རྒྱལ་པོ་ཨ་ར་པ་ཙ་ལ་བརྟེན་ནས་བླང་དོར་བརྟག་པ་འཇམ་དཔལ་དགྱེས་པའི་ཞལ་ལུང་།
རིག་སྔགས་ཀྱི་རྒྱལ་པོ་ཨ་ར་པ་ཙ་ལ་བརྟེན་ནས་བླང་དོར་བརྟག་པ་འཇམ་དཔལ་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །
ན་མོ་མཉྫུ་ཤྲཱི་ཡེ། འདིར་རིག་སྔགས་ཀྱི་རྒྱལ་པོ་ཨ་ར་པ་ཙ་ལ་བརྟེན་ནས་བླང་དོར་བརྟག་པ་ལ། རིན་པོ་ཆེའམ་ཤིང་བཟང་པོ་ལས་ཤྭ་གྲུ་བཞི་མཉམ་པར་བཅོས་ལ་ལོགས་དྲུག་ལ་ཡི་གེ་དྲུག་བཀོད། དུས་སུ་ལྷག་པའི་ལྷ་ཡིད་ལ་བྱས་ནས་རྩ་སྔགས་དང་ཡེ་དྷར་གསུམ་མམ་བདུན་བཟླས་ལ་དམོད་པ་བོར་ཏེ་འཆང་བར་བྱའོ། །༼ཨ་ཨ༽ ནམ་མཁའ་དྲི་མེད་ལ་བབས་ན། འདྲི་བ་པོ་ཉོན་ཅིག །ཇི་ལྟར་རྡུལ་དང་བྲལ་བའི་ནམ་མཁའ་བཞིན་དུ་རང་སེམས་ཡོངས་སུ་དག་པར་གྱིས་ལ་བཏང་སྙོམས་སུ་གནས་པར་གྱིས་ཤིག །བརྡ་ནི་རྣམ་ཐར་གསུམ་ལྡན་སྟོང་པ་ཉིད་ཀྱི་སྒྲའོ། །གཞི་དང་
སྲོག་ཕྱར་འཚུབས་མེད་ཅིང་དགེ་བར་འགྱུར་རོ། །བློ་དང་དོན་ཕྱ་ལ་བཏང་སྙོམས་ཀྱི་ངོ་སྟེ་གེགས་ཅི་ཡང་མེད། མི་སྣང་བ་དང་ལྟས་ངན་ཟློག་པ་སོགས་ལ་མཆོག །སངས་རྒྱས་བྱང་སེམས་ལ་བརྟེན་ན་སྒྲིབ་པ་དག་ཅིང་འབྲས་བུ་མྱུར་དུ་འབྱུང་། འཚུབས་དང་མི་བདེ་བའི་རྣམ་པ་སྔར་ཡོད་ནའང་ཞི་བར་འགྱུར་རོ། །གྲོགས་དང་ནོར་ཕྱྭ་ལ་སྔར་ཡོད། ཕྱིས་འབྱུང་བར་དཀའ་སྟེ། གལ་ཏེ་འབྱུང་འདོད་ན་རྒྱལ་བའི་ཡུམ་ལ་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །དགྲ་མེད། མགྲོན་པོ་ཤུལ་ལམ་བདེ་ཞིང་འཇམ། ནད་ཞི་ཞིང་གདོན་ཅི་ཡང་མེད་པར་བརྟག །
ཆོས་ཕྱྭ་ལ་སྤང་བ་དང་བསྒོམ་པ་དགེ་བར་འགྱུར་ཏེ། ཉེས་སྒྲིབ་ཡོངས་སུ་དག་པར་འགྱུར་རོ། །བོར་བའི་རིགས་གཞི་ནས་མ་གཡོས་ན་མ་གཏོགས་རྙེད་དཀའ། འོང་ངམ་གྲུབ་བམ་ཞེ་ན་བཏང་སྙོམས་ཆེ། ལྷག་མའི་དྲི་བ་ཐམས་ཅད་ལ་མཉམ་ཞེས་བྱའོ། །ཡི་དམ་རྡོ་རྗེ་སེམས་དཔའ་སོགས་ལ་བརྟེན་ནས་ཡིག་བརྒྱ་དང་། ཡུམ་རྒྱས་འབྲིང་བསྡུས་གསུམ་ཀློག་པ་དང་། བརྒྱ་བཞི་ཤེར་སྙིང་བདུད་ཟློག་སོགས་བྱས་ན་དགེ་བར་འགྱུར་རོ། །ནམ་སྙིང་ལྷར་འཛིན། འདི་མི་འཇིགས་པ་སྦྱིན་པའི་མོ་ཡིན་ནོ། །ཨ་ར༽ ཉི་མ་འོད་འབར་ལ་བབས་ན། འདྲི་བ་པོ་ཇི་ལྟར་ཉི་མ་གསལ་བ་བཞིན་དུ་ལྷང་ངེར་ཐག་ཆོད་པར་གདའ་སྟེ་ཡོངས་སུ་དགེའོ། །གཞི་སྲོག་ལ་དཀར་ཆོས་སོགས་ལ་འབད་ན་དགེ། བརྡའ་ནི་རྡུལ་མེད་རྣམ་པར་གསལ་ཞེས་བྱའོ། །བློ་དང་དོན་གྱི་ཆ་ལ་ཡིད་གཉིས་ཀྱི་དྲྭ་བ་ཆད་ན་བཟང་། གྲོགས་དང་ནོར་ཕྱྭ་ལ་འོད་ཅན་གྱི་རྫས་སམ་དམར་པོའི་རིག་ཅུང་ཟད་འོང་། དགྲ་མེད། མགྲོན་པོ་ལམ་བདེ་ཞིང་ཁ་གསལ་གཏམ་སྙན་བཅས་ཏེ་མྱུར་དུ་འོང་། ནད་ལ་འདུས་པ་མྱུར་དུ་ཞི་ཞིང་གདོན་ནི་
མེད། ཆོས་ཕྱྭ་ལ་བློ་གྲོས་དང་ཐོས་བསམ་འཕེལ། བོར་བའི་རིགས་ལྷོ་ནུབ་ཏུ་བཙལ་ན་རྙེད། གཏམ་ཟེར་མཁན་འོང་། འོང་ངོ་གྲུབ་བམ་ཞེ་ན་བློ་གསལ་འོང་། ལྷག་མའི་དྲི་བ་ཐམས་ཅད་ལ་རུང་ཞེས་ལུང་སྟོན་ཀྱང་། ས་ཡི་ལས་དང་བརྟེན་པའི་ལས་ཅུང་ཟད་ངན། ཤེས་རབ་ཀྱི་ལྷ་བརྟེན་ཅིང་། མར་མེ་དང་དར་ཅོག་ཕུལ། ཕྱོགས་བཅུ་མུན་སེལ་དང་། འོད་ཟེར་གྱི་ལེའུ་བཏོན་ན་ཤིན་ཏུ་དགེ། འདི་མུན་པ་སོང་བའི་མོ་ཞེས་བྱའོ། །༼ཨ་པ༽ ཟླ་བ་བཟང་པོ་ལ་བབས་ན། ཇི་ལྟར་ནམ་མཁར་ཟླ་བ་བདུད་རྩིའི་འོད་ཅན་གསལ་བ་བཞིན་དུ་ཞི་རྒྱས་དང་དགེ་བའི་ལས་འགྲུབ་སྟེ་བཟང་ངོ་། །བརྡ་ནི་སྐྱེས་བུ་མེད་པའི་ཚོགས་སུ་འདོད་ཡོན་ལ་རོལ་ཞེས་བྱའོ། །གཞི་དང་སྲོག་ཆ་ལ་གྲིབ་སེལ་དང་ཁྲུས་བྱ་ན་བུ་ཚ་འཕེལ། བློ་དང་དོན་ཕྱྭ་ལ་གེགས་མེད་འཇམ་པའི་ལས་ལ་དགེ། དབང་དྲག་ལ་སྟོབས་ཆེར་མེད། གྲོགས་དང་ནོར་ཆ་ལ་དཀར་རིགས་དང་བཟའ་བཏུང་འཕེལ། དགྲ་མེད་ཅིང་མགྲོན་པོ་ཤུལ་ལམ་བདེ་ཞིང་མྱུར་དུ་སླེབས། ནད་གྲང་བ་མ་ཞུ་བ་སྟེ་མྱུར་དུ་བདེ། གདོན་གང་ཡང་མེད། ཆོས་ཕྱྭ་ལ་རྣམ་དཀར་གྱི་བློ་
འཕེལ་ཏེ་དགེ། བོར་བའི་རིགས་ལྷོའམ་བྱང་དུ་དཔྱད་ཅིང་བུད་མེད་ལ་ཚོལ་དུ་གཞུག །འོང་ངམ་གྲུབ་བམ་ཞེ་ན་གྲུབ། ལྷག་མའི་དྲི་བ་ཐམས་ཅད་ལ། བུད་མེད་ཀྱི་ལས་དང་འཇམ་པོའི་ལས་ལ་ལེགས་ཞེས་ལུང་སྟོན། མེ་ཡི་ལས་ལ་ཅུང་ངན་ནོ། །ཆུང་གསུམ་དང་དགའ་བ་འཕེལ། སྒྲོལ་དཀར་དང་རྣམ་རྒྱལ་མ་སོགས་ལྷ་མོ་བསྟེན། བུད་མེད་ཀྱི་རིགས་ལུང་བསྟན་པའི་མདོ་གང་རུང་སྒྲོགས། ཆུ་སྦྱིན་དང་ཁྲུས་མཆོད་ཉེའུ་འདོན། ཀླུ་བཅོས་སོགས་བྱས་ན་ཤིན་ཏུ་བཟང་། བླ་མའི་རྣལ་འབྱོར་གང་རིགས་ལ་བརྟེན་ན་བཟང་། འདི་ཆུ་འཛིན་བཟང་པོ་དཀྲིག་པའི་མོ་ཡིན། ༼ཨ་ཙ༽ སྐར་མ་རབ་གསལ་ལ་བབས་ན། བློ་ཡི་གཡོ་བ་མེད་དེ་བགས་ཀྱིས་བསྒྲུབས་ན་ཤིན་ཏུ་ལེགས། ཚོམ་བུ་མཛེས་པ་མི་འཐོར་བ་འཁོར་ཞེས་བྱའོ། །གཞི་དང་སྲོག་གི་ཆ་ལ་དར་ཅོག་དང་བསང་བྱས་ན་དགེ། བློ་དང་དོན་ཕྱྭར་འགྲོ་བ་དང་གཏོང་བའི་ལས་ལ་དགེ། གྲོགས་དང་ནོར་ཆ་ལ་ཤིང་སྤྱད་དང་སྲོག་ཆགས་ལྗང་གུ་རས་སོགས་དང་གཏམ་ཕྲིན་འོང་། དགྲ་མེད་མགྲོན་པོ་ལམ་བདེ་ཞིང་ཆེས་ཤིན་ཏུ་མྱུར་བར་སླེབ། ནད་རླུང་དང་སེམས་འཕྱོ་བ་ཙམ་ལས་མི་སྐྱོན། མཚུན་གསོལ་
དང་ལྗོན་ཤིང་གི་ལྷ་སོགས་གསོལ། གདོན་ནི་མི་འདུག །རྟོག་པ་ཙབ་ཚུབ་མང་བའི་ཉེན་ཅུང་གདའ། མི་གཡོ་བ་བརྟེན་ན་བཟང་། ཆོས་ཕྱྭ་ལ་བཟང་སྟེ་ལྷག་པར་གཞན་དུ་འགྲོ་བ་སོགས་དགེ། བོར་བའི་རིགས་གཞན་དུ་སོང་ཡང་མྱུར་དུ་རྩད་བཅད་ན་བྱང་ངམ་ཤར་ནས་རྙེད་ཀྱང་སྲིད། འོང་ངམ་གྲུབ་བོ་ཞེ་ན་འོང་གྲུབ་ཞེས་བྱ་བ། དྲི་བ་ལྷག་མ་ཐམས་ཅད་ལ་དགེ་ཡང་ཆུ་ཡི་ལས་ཀུན་ལ་ཅུང་ཟད་ངན། སྒྲོལ་ལྗང་དང་ཕྲིན་ལས་ཀྱི་ལྷ་རིགས་བརྟེན། ཆོས་སྐྱོང་སྐོང་གསོལ། རླུང་རྟ་གྲངས་མང་། བསྐོར་ཕྱག་གཏོར་ཟློག །མདོས་རིགས་དང་། སངས་རྒྱས་བྱང་སེམས་ཡུལ་གཞན་དུ་བྱོན་པའི་རབས་དང་། སངས་རྒྱས་འགྲོ་བ་ཕལ་ཆེར་སོགས་ཀླག །ལྷ་ལྗང་གུའི་རིགས་བསྟེན་ན་ལས་གང་ཡིན་མྱུར་དུ་འགྲུབ། འདི་མཁའ་ལ་གོ་ལ་འཁོར་བ་བཞིན་རླུང་གིས་ཤུགས་འཕེལ་བའི་མོ་ཡིན་པར་ཤེས་པར་བྱའོ། །༼ཨ་ན༽ གསེར་གྱི་ས་གཞི་ལ་བབས་ན་ཇི་ལྟར་ས་གཞི་བཟང་པོ་བཞིན་དུ་བརྟན་པའི་ལས་འགྲུབ་སྟེ་དགེ། བརྡ་ནི་ཚད་གཞལ་དུ་བས་མཐའ་མ་རྙེད་པར་ལུས་ཞེས་བྱའོ། །གཞི་དང་སྲོག་ལ་ཤིན་ཏུ་བརྟན་ཏེ་དགེ། བློ་དང་དོན་ཕྱྭར་
སྡོད་ས་བརྟན་པོ་སོགས་བཟང་སྟེ་མི་ལྡོག །གྲོགས་ནོར་ལ་ཕུག་ཏུ་བཟང་སྟེ་ཅུང་ཟད་ཕྱི་དལ་ཆེ། དགྲ་མེད། མགྲོན་པོ་ལམ་འགོར་སྟེ་ཕུག་ཏུ་བཟང་། ནད་བད་ཀན་སོགས་ཅུང་ཟད་ཡོད་ཀྱང་མི་སྐྱོན། འཕྲལ་དུ་དེངས་དཀའ། མེ་ལ་སྦྱིན་སྲེག་དང་། རླུང་འཁོར། ཇོ་དར་གྲངས་མང་བྱ། གདོན་ནི་མེད། ལེ་ལན་ས་ཆུ་མི་འཕྲོད་པ་སོགས་ཀྱིས་ལེན། ཆོས་ཕྱྭ་ལ་ཕུག་བཟང་སྟེ་གཞི་གཅིག་ཏུ་སྡོད་གྲུབ་ན་བཟང་། བོར་བ་རང་མིས་རྙེད་པའམ་ཤར་དུ་ཚོལ་ན་མྱུར་བར་མ་རྙེད་ན་ཕྱིས་དཀའ། འོང་ངམ་གྲུབ་མི་གྲུབ་འདྲི་ན་ཕྱི་དལ་ཆེ། ལྷག་མ་དྲི་བ་ཀུན་ལ་ཕྱི་དལ་མེད་ན་བཟང་། གཏམ་ཕྲིན་བགྲོ་བ་སོགས་རླུང་གི་ལས་ལ་ངན། ཤཱཀྱ་ཐུབ་པ། མི་གཡོ་བ་སོགས་རྡོ་རྗེའི་རིགས་བསྟེན་ན་ཤིན་ཏུ་བཟང་ཡང་ཡོན་ཏན་ནོར་བུའི་རིགས་ཀྱི་ལྷ་དང་ཕྱྭ་གཡང་སྒྲུབ་པ། སཙྪ་འབུམ་གཏེར། རྡོ་ལ་གཟུངས་བརྐོས་པ་དང་། རྟེན་བཞེངས་ས་བདག་བཅོས་ན་ཤིན་ཏུ་བཟང་། འདིར་སྡོད་ན་གཞི་བརྟན་ཆགས་པའི་མོ་ཡིན་ནོ། །༼ཨ་དྷཱིཿ༽ རྡོ་རྗེ་དབྱངས་ཅན་ལ་བབ་ན། ཇི་ལྟར་གཏམ་བཟང་པོའི་ཕྲིན་ཐོས་པ་བཞིན་སྟེ་གང་ལའང་ཡིད་དགའ་བ་འཕེལ་ཏེ་བཟང་། བརྡ་ནི་ཐུགས་ཀྱི་ལྷ་མོས་
བློ་ཚད་མེད་པར་འཕེལ་ཞེས་སོ། །རིག་གནས་སྤྱི་དང་མདོ་ཕྱོགས་སྦྱང་ན་བཟང་། གཞི་དང་སྲོག་གི་ཆ་ལ་ལྷ་མོ་ལ་བརྟེན་པའི་ཚེ་སྒྲུབ་བྱས་ན་ཚེ་སྲོག་གཞི་བརྟན། བློ་ཕྱྭ་དང་དོན་སྒྲུབ་པ་ལ་ཤིན་ཏུ་བཟང་། གྲོགས་ནོར་གྱི་ཆ་ལ་ཡིད་དགའ་བའི་ངོ་ཡོད། དགྲ་མི་འབྱུང་ཞིང་ལྷ་ཡིས་སྐྱོབ། དགའ་ཞིང་ལམ་བདེ་མྱུར་དུ་སླེབ། ནད་ཞི་བར་འགྱུར། གདོན་གང་ཡང་མེད། ལེ་ལན་གཞན་མེད་དེ་འཚུབ་ལྟར་སྣང་ཡང་བརྡ་ཡིན་བཟང་། ལྷ་ལ་གསོལ་བ་ཐོབ་དང་འདི་བྱེད་ཀྱི་བློ་སྣ་གསལ། བོར་བ་ཐབས་མཁས་བྱས་ན་རྙེད། ཆོས་ཕྱྭ་ལ་བློ་གྲོས་འཕེལ་ཏེ་རྡོ་རྗེ་དབྱངས་ཅན་བསྒྲུབས་ན་ཤིན་ཏུ་བཟང་། འོང་ངམ་གྲུབ་བམ་ཞེ་ན་ཡིད་ལ་བསམ་པ་ལྟར་འོང་ཞིང་གྲུབ། ལྷག་མའི་དྲི་བ་ཀུན་ལ་དགེ་སྟེ་ཞི་ལས་གྲུབ། བུད་མེད་ཀྱི་ལས་སོགས་ལ་ཁྱད་པར་བཟང་སྟེ། གྲོང་ཁྱེར་དྲུག་པའི་གཙོ་མོ་ཡུམ་གྱི་མོ་སྟེ་ཤིན་ཏུ་བཟང་། ཡི་དམ་ལ་རིགས་གསུམ་དང་བྱང་སེམས་གང་རུང་དང་། ཧེ་རུ་ཀའི་རིགས་ཀྱི་ཡུམ་གྱི་དཀྱིལ་འཁོར་བརྟེན་ཅིང་འོད་གསལ་དང་། འདུན་པའི་རྣལ་འབྱོར་ལ་བརྟེན་ན་བཟང་། བདེ་མཆོག་དང་རྡོ་རྗེ་མཁའ་འགྲོ་
ལ་སོགས་པ་དང་། ཏིང་འཛིན་རྒྱལ་པོ་ཀློག །མ་མོའི་མདོས་སྐོང་བྱ། ཆོས་སྐྱོང་དམ་ཅན་ལྕམ་དྲལ་དང་ཚེ་རིང་མཆེད་ལྔ་སོགས་ལྷ་གཞོན་ཚུལ་ཅན་ཞི་བ་དང་། ཁྱད་པར་དམག་ཟོར་དང་རེ་ཏི་སོགས་ལྷ་མོ་བརྟེན། གཞོན་ནུ་མའི་སྟོན་མོ་དང་དུང་གྲགས་བྱས་ན་ལྷ་གང་སྒྲུབ་པ་དེ་འགྲུབ་ལྷ་སྒྲུབ་པ་ལ་འབད། རང་གི་ཡིད་ལ་ཇི་ལྟར་བརྣག་པ་དེ་བཞིན་སྟེ་འདིས་གྲུབ་སྟེ་འདི་བློ་གྲོས་ཇེ་བཟང་དུ་འགྲོ་བའི་མོ་ཡིན་ནོ། །༼ར་ཨ༽ གསལ་བའི་སྒྲོན་མེ་ལ་བབས་ན། ཇི་ལྟར་སྒྲོན་མེ་བཟང་པོ་བཞིན་དུ་རང་སེམས་ཤིན་ཏུ་གསལ་ཞིང་དགེའོ། །བརྡ་ནི་མར་མེ་གསལ་ཞིང་རླུང་མེད་ཅེས་བྱའོ། །གཞི་དང་སྲོག་ཕྱྭར་བཟང་། བློ་དང་དོན་ཕྱྭར་རང་གི་ཇི་ལྟར་བསམ་པ་བཞིན་གྱིས་དང་བཟང་། གྲོགས་དང་ནོར་ས་ལ་དགྲ་མི་འབྱུང་རིང་ན་ཡོད་སྐད་ཐོས་ཀྱང་གནོད་མི་ནུས། མགྲོན་པོ་ལམ་བདེ་ཞིང་ཁ་གསལ་ཡོད། ནད་གཞི་ཇེ་དང་དུ་འགྲོ། གདོན་མེད་ཀྱང་སྔོན་ལས་ཤིན་ཏུ་སྔར་སོང་བའི་དབང་གིས་ལན་ཏེ་ཆེར་མི་སྐྱོན། ཆོས་ཕྱྭ་ལ་རང་མགོར་འདོན་ཏེ་གེགས་མེད། བོར་བའི་རིགས་ནུབ་ལྷོར་བཙལ་ན་རྙེད། འོང་ངམ་གྲུབ་མི་གྲུབ་སོགས་ལ་གེགས་མེད་འབད་པས་བརྩམས་ན་འགྲུབ་
དྲི་བ་ལྷག་མ་གང་ལའང་བྱ་བ་བརྩམ་པ་ལ་ཉེས་པ་མེད་ཅེས་བྱའོ། །སྐལ་བཟང་དང་དབུ་དུམ་བཞི་སྒྲོགས། ཚེ་དཔག་མེད་ཀུ་རུ་ཀུལླེ་འོད་ཟེར་ཅན་སོགས་དང་པདྨ་རིགས་ཀྱི་ལྷ་བསྟེན། ཧཱུྃ་མཛད་ཡབ་ཡུམ་དང་ཁྱུང་དམར་བསྒྲུབས་ན་འགྲུབ། ཆོས་སྐྱོང་ལྷ་ཆེན་ཙི་དམར་སོགས་བསྟེན། ལམ་བསལ་ཞིང་སྦྱིན་སྲེག་སོགས་བྱས་ན་གེགས་མེད་འབྱུང་སྟེ་བསམ་པ་མཐར་ཕྱིན་པར་འགྱུར་རོ། །འདི་རང་མགོ་རང་གི་ཐོན་པའི་མོ་ཡིན་ནོ། །༼ར་ར༽ དཔལ་རྟ་མགྲིན་ལ་བབས་ན། དབང་གི་བྱ་བ་སོགས་མྱུར་དུ་འགྲུབ་སྟེ་དགེ། བརྡ་ནི་འདོད་བདེ་མེ་རུ་འབར་ཏེ་ཞུན་མར་ཡང་ཡང་བྲན་ཞེས་བྱ། གཞི་དང་སྲོག་ཕྱྭ་ལ་རབ་ཏུ་འཕེལ། ལུས་མཛེས་པའི་བཀྲག་མདངས་རྒྱས། བློ་དང་དོན་ཕྱྭ་མྱུར་དུ་འགྲུབ་སྟེ་ཁ་གསལ་ཡོད། མཁའ་འགྲོའི་སྒྲུབ་པ་ཚད་དུ་བསྐྱལ་ན་ཕྲིན་ལས་རྣོ་མྱུར་ཆེ། གྲོགས་དང་ནོར་ཕྱྭ་སྐམ་ནོར་དང་། དམར་རིགས་ཆེས་འཕེལ། ལྷག་པར་དབང་གི་སྦྱིན་སྲེག་ཇི་མང་བྱས་ན་འདོད་པའི་དགའ་བ་ཤིན་ཏུ་འཕེལ། དགྲ་མི་འབྱུང་ཞིང་ཕར་རྒོལ་ན་ཤར་རམ་དབུས་སུ་ཡོད་པའི་དགྲ་ཞིག་ཐུབ་པའི་གཏམ་མྱུར་དུ་གསལ།
མགྲོན་པོ་ཤིན་ཏུ་མགྱོགས་ཤིང་ལམ་བདེ་བཟང་། ནད་ཚད་པ་ཁྲག་དང་རིམས་ཏེ་དེ་འདྲ་ཡིན་ན་བཅོས་རིམ་དགོས། གཞན་མྱུར་དུ་དངས་འགྲོ། གདོན་གང་ཡང་མེད། ལེ་ལེན་བྱ་བ་རྔམ་ཆེན་དང་འར་འུར་གྱིས་ལས་ཀྱིས་ལན། ལྷ་དྲག་པོ་འཁོར་ན་ཕོག་ཐུག་ཕྲ་མོ་འོང་གིན་འདུག་པས་བཙན་སོགས་གསོལ་ན་ལེགས། ཆོས་ཕྱྭ་ལ་རྣམ་དཀར་དང་དབང་གི་ལས་འཕེལ་ཏེ་བཟང་། བོར་བའི་རིགས་ལྷོའམ་ནུབ་ཏུ་རྙེད། འོང་ངམ་གྲུབ་བམ་ཞེ་ན་ཤིན་ཏུ་ཡང་མགྱོགས་ཤིང་གྲུ་སྟེ་གྲུབ། དྲི་བ་ལྷག་མ་ཀུན་ལ་དགེ་ཡང་བརྟན་པའི་ལས་དང་། ས་ཆུའི་ལས་ལ་ཤིན་ཏུ་མི་དགེ་སྟེ། ཆུ་བསྐོལ་བས་ཟད་པ་དང་ལྡིང་ཀ་རྐམ་པ་བཞིན་དུའོ། །ཡི་དམ་རྟ་མགྲིན་འདོད་རྒྱལ་སོགས་དབང་གི་ལྷ་དང་པདྨའི་རིགས་ཀྱི་ཁྲོ་བོ་བརྟེན། དོན་ཞགས་སོགས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཀློག །མར་མེ་སྦྱིན་སྲེག་སོགས་མེ་ལ་བརྟེན་པའི་ལས་དང་བཙན་སོགས་སྲུང་མར་བསྟེན། དབང་དྲག་གི་ལྷ་ལ་བསྟེན་ན་དོན་མྱུར་དུ་འགྲུབ་ཅིང་དགའ་བ་མེ་བཞིན་འབར། འདི་དགའ་སྟོན་འཕེལ་བའི་མོ་ཡིན་ནོ། །༼ར་པ༽ འཆི་བདག་གི་བདུད་ལ་བབས་ན། བརྡ་ནི་གསོད་དམ། ཇི་ལྟར་མེ་
སྟག་ཆུང་དུ་ཆུས་གསོད་པ་བཞིན་དུ་བྱ་བ་གང་ལའང་མི་དགེ་རྣམ་པས་འཆི་བདག་གི་གཤིན་རྗེས་བཟུང་། ངོ་བོ་ལྷོ་ཡི་ཕྱི་སྒོ་སྐྱོང་བ། བརྡ་ནི་གསོད་དོ་ཤི་འོ་འཇོམས་སོ་ཞེས་བསྒྲགས་སོ། །གཞི་དང་སྲོག་ཆ་ལ་ཤི་ངོ་དང་བར་ཆད་ཆེ། བཀའ་ཆོས་རྡུལ་སྤྲུགས་དང་ཁྲོ་བོ་རོལ་པའི་གཏོར་ཟློག་བྱ། བློ་དང་དོན་ཕྱྭ་ལ་གེགས་དང་བར་ཆད་ཆེ་བས་མི་འགྲུབ་བཤོལ་ན་འཐད། གྲོགས་དང་ནོར་མེད་ཀྱི་སྟེང་དུ་གེགས་ཆེ། དགྲ་ངོ་ཡོད་པས་ལྷོ་བྱང་དུ་ལྷག་པར་འཛེམ་དགོས། མགྲོན་པོ་ཤིན་ཏུ་མི་བདེ་ལམ་གེགས་ཆེ། གདུགས་དཀར་དང་དགྲ་བྲུབ་བྱ། ནད་པ་ལ་ཉན་ཆེ་སྟེ་གྲང་ནད་རྨུ་ཆུ་སོགས་ཆུ་ནད་དང་ནད་དྲག་པོ་ཡིན། སྔགས་རྒྱུན་དང་སྲུང་རིམ་མྱུར་དུ་མ་འབད་ན་སོས་དཀའ། གདོན་ལ་སྐོམ་བཏུང་ཉེས་དང་། རྫས་སྔོ་ནག་གི་རིགས་དབྱིབས་ཟླུམ་པོ་དང་། ཡུག་སའི་ཟས་ནོར་སྦྲ་ཕྱར་སོགས་ནག་པོའི་རིགས་དང་། བརྩོག་བསྣོལ་དང་ཉམས་པའི་གྲིབ་ངོ་ཆེ། མནན་གཏད་དང་བྱད་ངོ་ཆེ་བས་ཕུར་བ་དང་སྒྲོལ་མ་སོགས་ཀྱིས་བྱད་བཀྲོལ་བྱད་ཟློག་བྱས་ན་ཕན། ཀླུ་གཏད་དང་དམིགས་པའི་རིམ་གྲོ་བྱ། དེར་ དོགས་པ ་མེད་རིགས་
ལ་ཆུ་འདྲེ་སོགས་ཡེ་འདྲོག་བསྲུང་བར་བྱ། ཆོས་ཕྱྭ་ལ་བར་ཆད་ཆེ་བས་སྐྱབས་འགྲོ་འབུང་། གཏོར་ཟློག་གཏད་གྲོལ་གྲིབ་སེལ་སོགས་འབད། མདོ་སྣ་ཚོགས་དང་སྙིང་པོ་རྟག་བརྟན་བསྟན་པའི་མདོ་ཡི་རིགས་བཀླག །སྒྱུར་གཏོ། བདུད་མདོས། བརྒྱ་བཞི། ཟོར་མདོས་སོགས་ཡས་གཏོ་བྱང་དུ་བོར་བ་སོགས་མ་བྱས་ན་ཤིན་ཏུ་ངན་ནོ། །ལྷབ་ཀྱིས་འབར་བ་ཐུམ་གྱིས་ཤི་ཞེས་སྲོག་ལ་འཚེ་ཞིང་བར་ཆད་ཆེ་བའི་མོ་ཡིན། ཚེ་མདོ་གཟུངས་མང་དུ་བྱ། བོར་བ་ལྷོ་བྱང་དུ་སོང་སྟེ་ཤུལ་རྗེས་མི་མཐོང་། འོང་ངམ་གྲུབ་མི་གྲུབ་རིགས་ལ་བསམ་པ་ལོག་པས་བར་བཅད་པས་མི་འགྲུབ། དྲི་བ་ལྷག་མ་ཐམས་ཅད་ལ་ངན་ཀྱང་རྔོན་དང་དུག་སྦྱོར་གསོད་པ་སོགས་དགེ། འཇོམས་བྱེད་ཀྱི་ལས་གྲུབ་ཅེས་ལུང་སྟོན་ནོ། །༼ར་ཙ༽ སྟོབས་ཀྱི་རྒྱལ་པོ་ལ་བབས་ན། ཇི་ལྟར་ནགས་ལ་མེ་འབར་བ་ང་གིས་བསྐྱོད་པ་བཞིན་ཏུ་སྟོབས་ཤུགས་ངང་གིས་བབས་ན་བཟང་། དབང་དྲག་གི་ལས་ལ་ནུས་པ་ངར་དང་ལྡན། ངོ་བོ་ནི་གསུང་གི་བདག་ཉིད་འཇོམས་བྱེད་གཤིན་རྗེ་གཤེད་ཀྱི་ཡུམ་གྱི་ཞལ་ནས། བརྡ་ནི་འདིར་ཞུགས་པ་ལ་སྟོབས་སྦྱིན་ནོ་ཞེས་སོ། །འདི་སྟག་སེང་དཔའ་སྐད་འདོན་པའི་མོ་ཡིན།
གཞི་དང་སྲོག་ཕྱྭ་ཤུགས་སྟོབས་འཕེལ་བས་ཅིས་ཀྱང་མི་ཚུགས། བློ་དང་དོན་ཕྱྭར་ཇི་ལྟར་བསམ་པ་སྟོབས་དང་ལྡན། དགུག་པ་དང་དྲག་ལས་ལ་མཆོག །ཡི་དམ་སྒྲུབ་པ་གནད་མཐུན་པར་བྱས་ན་ཤིན་ཏུ་ལེགས། གྲོགས་དང་ནོར་ཕྱྭ་ལ་འབྱོར་བ་འཕེལ། ཁྱད་པར་ཡོ་བྱད་ལྗང་གུ་དང་དབྱིབས་འཇོང་མོ་གཡོ་བའི་རིགས་འཕེལ། དགྲ་མེད་ཅིང་དགྲ་ཡི་རིགས་ཀུན་ལ་རྣམ་པར་རྒྱལ། མགྲོན་པོ་ལམ་བདེ་ཞིང་སླེབས་པ་མྱུར། ཕན་འདོགས་པའི་རིགས་དང་འཕྲད། ནད་པ་ཟིང་ལང་བྱུང་ཡང་མི་སྐྱོན། དགྲ་བླ་གསོལ། གདོན་ནི་ཅི་ཡང་མེད། དགྲ་བླ་ཤིན་ཏུ་མགོན་ཀྱང་ཁྱོད་ཀྱི་མཆོད་པ་ཆེན་པོ་བྱས་རློམས་ཀྱང་། གསོལ་མཆོད་དེ་ཙམ་དེ་སྔ་མ་བྱུང་བས་ལྷག་དགོས། ཆོས་ཕྱྭ་ལ་དོན་གང་ཡིན་མཆོག་ཏུ་འགྲུབ། བོར་བ་སྟོབས་ཀྱིས་རྙེད། འོང་ངམ་གྲུབ་བམ་ཞེ་ན་གྲུ་སྟེ། ལྷ་ལ་ལྟོས་པ་གྱིས། དྲི་བ་ལྷག་མ་ཀུན་ལ་སྟོབས་འཕེལ་ཞིང་དགེ་ཞེས་ལུང་སྟོན་ཀྱང་། ཆར་དབབ་པ་སོགས་ས་ཆུའི་ལས་ཡིན་ན་སྐབས་དེར་འབྲིང་ཙམ་དུ་ཤེས་པར་བྱའོ། །ཡི་དམ་ཕུར་པ་སོགས་དྲག་པོ་དང་། སྐུ་ཡི་རིགས་ཀྱི་ཁྲོ་བོ་
དང་ཁྲོ་མོ་ཁམས་གསུམ་རྣམ་རྒྱལ་དང་གུར་དྲག་སོགས་ཡི་དམ་ལྷར་བསྟེན། གྲྭ་ལྔ་ཏོག །ཁྲོ་བཅུའི་རྒྱུད་སོགས་བཀླག །ཆོས་སྐྱོང་དགྲ་བླ་དཔང་བསྟོད་བྱས་ན་ལྷའི་མགོན་བྱེད། ལྷ་བསང་དང་། རླུང་རྟ་གསོལ་མཆོད་བྱས་ན་བསམ་པའི་ལས་ཤིན་ཏུ་སྟོབས་དང་ལྡན་ཏེ་དགེ། ཆོས་སྐྱོང་ཚོགས་བདག་མགོན་པོ་དང་གཟའ་བདུད་རཱ་ཧུ་ལ་བསྟེན་ན་དངོས་གྲུབ་ཡོད། འདི་སྟོབས་ཤུགས་འཕེལ་བའི་མོ་ཡིན། ༼ར་ན༽ སྡོང་པོ་རླ་ན་མེད་ལ་བབས་ན། ཇི་ལྟར་ལྗོན་ཤིང་སྐམ་པོ་བཞིན་དུ་འབྲས་བུ་ཅི་ཡང་མེད་པར་ཤེས་པར་བྱ་སྟེ། བདུད་ཀྱི་ཕོ་ཉ་ཤར་ལྷོ་ན་རྒྱུ་བ་དྲི་ཟ་ལྟོག་འགོང་གི་རིགས་ན་རེ། ཡིད་རྟག་ཏུ་གདུང་ཡང་རེ་བ་ནམ་དུ་མི་འགྲུབ་པས་འདི་སྡུག་ཅེས་བརྡ་གྲོགས་སོ། །གཞི་སྲོག་ལ་འཕྲལ་མི་སྐྱོན་ཀྱང་ཕུག་སུ་ཞན་པས་འབྲིང་ཙམ་དུ་རྒྱུ་བས། བློ་དང་དོན་ཕྱྭ་ལ་འུབ་འུབ་འབར་ཡང་ཐུམ་ཐུམ་མནོལ་བ་དང་འདྲ་སྟེ་འགྲུབ་དཀའ། གྲོགས་ནོར་ཅི་ཡང་མེད། དགྲ་ཕྲན་བུ་ཡོད་ཀྱང་ཆེར་གནོད་མི་ནུས། མགྲོན་པོ་ལམ་དུ་ངལ་དུབ་ལུས་ཕྱི་འགྱངས་ཆེ། ནད་མཁྲིས་ཁམས་ཕྲན་བུ་སྟེ་མི་གནོད། གདོན་དྲི་ཟ་མཚུན་རིགས་སམ་ཉེ་དུའི་རེ་
ཆགས་ཡོད་ཀྱང་ཆེར་མི་གནོད། དེར་སྙིང་རྗེས་གསུར་ལན་ཆགས་ཆུ་སྦྱིན་གནས་སྤྱད་བྱ། མི་ཁྱོད་ཀྱི་ཡུལ་གཞི་གནས་བདག་དང་གཡང་ཉམས་འདུག །གསེར་འོད་གཡང་འགུགས་གཡང་འབོད་བྱ། ཚོགས་བསགས་དང་འཁྲུག་བཅོས་ལ་གནད་ལེགས་པར་བཅོས་ན་བཟང་། ཆོས་ཕྱྭ་ལ་བསམ་བསམ་མང་སྟེ་འགྲུབ་འགྲུབ་དཀོན་པ་བྱིས་པས་འཇའ་ཚོན་བསྙེགས་པ་དང་འདྲ། བོར་བའི་གཞན་གྱིས་བརྐུས་སྦེད་བྱས་རྙེད་པར་དཀའ། འོང་ངམ་གྲུབ་བམ་ཞེས་སོགས་ལ་རང་བསམ་གཞན་གྱིས་དབང་དུ་སོང་བས་རྨི་ལམ་གྱི་བྱ་བ་བཞིན་གྲུབ་འབྲས་མཐོང་དཀའ། དྲི་བ་ལྷག་མ་ཐམས་ཅད་ཀུན་ལ་མི་ལེགས་ཤིང་ཁྱད་པར་འདོད་བདེ་དོན་གཉེར་ལ་མི་བཟང་། བྱ་བ་བཤོལ་འདོད་ན་འདི་བབ་པ་ལེགས་ཏེ་བཤོལ་ཐུབ་བོ། །འགོང་པོ་བཅུད་མེད་ཀྱི་མོ་ཡིན། འདི་ལ་རིམ་གྲོ་ས་སྙིང་འཁོར་ལོ་བཅུ་པ། གསེར་འོད་སོགས་ཟས་ནོར་འཕེལ་བའི་གཟུངས་རིགས་དང་། འཇམ་དཔལ་རྩ་རྒྱུད་སོགས་བཀླག་གོ །༼ར་དྷཱིཿ༽ ལྷོ་ཡི་སྒོ་བ་ལ་བབས་ན་བཀྲ་ཤིས་སྣང་བའི་སྒོ་སྟེ་བཟང་། ཡེ་ཤེས་ཀྱི་མིག་འབྱེད་
པ་ཡིན་ནོ། །བརྡ་ནི་ནུབ་ཀྱི་ལྷ་མོ་གྲོགས་སུ་འགུགས་ཞེས་བྱའོ། །གཞི་ལ་བཀྲ་ཤིས་འཕེལ། སྲོག་ཆ་དགེ། བློ་དང་དོན་ཕྱྭ་བཟང་པོའི་གྲོགས་ཀྱིས་བགོ་བ་བཞིན་བྱས་ན་བཟང་མིག་སྨན་དང་པྲ་ཕབ་པ་དང་མཐོང་བའི་ལས་ལ་ལེགས། གྲོགས་དང་ནོར་ཕྱྭར་བརྩོན་པ་བསྐྱེད་ན་འགྲུབ། དགྲ་མེད་མགྲོན་པོ་བདེ་ཞིང་མྱུར་དུ་སླེབས། ནད་པ་ལ་རིམ་གྲོ་བསྒྲུབས་ན་འཕྲལ་དུ་ཕན་ངོ་ཆེ། གདོན་ནི་གང་ཡང་མེད། ཆོས་ཕྱྭ་ལ་བཟང་སྟེ་བསླབ་སྦྱང་གི་ཕན་ཐོགས། བོར་བ་ལྷོའམ་ནུབ་ཏུ་བཙལ་ན་རྙེད། འོང་ངམ་གྲུབ་བམ་ཞེ་ན་གྲུ། དྲི་བ་ལྷག་མ་ཀུན་ལ་དགེ་སྟེ་མི་རུང་བའི་ལས་ལ་གློ་བུར་བློ་ལྡོག་གོ །གཤེད་དམར་ལྷར་བསྟེན་ན་ལེགས། གསུང་གི་ལྷ་མོ་དང་པདྨའི་རིགས་ཀྱི་ལྷའམ་གཞན་ཡང་འོད་ཟེར་ཅན་སོགས་ལྷ་དང་། རྡོར་ལེགས་སོགས་ཆོས་སྐྱོང་གང་མོས་བསྒྲུབས་ན་ལེགས་པའི་རྟགས་དང་བཅས་ཏེ་དོན་འཕེལ་ལོ། །ཆོས་གྲྭ་ཏོག་གསེར་གསུམ། དཀོན་མཆོག་ཏ་ལ། རྟ་མཆོག་དང་ཀུ་རུ་ཀུལླའི་རྒྱུད་སོགས་བཀླག །མར་མེ་དང་བསམ་ལྷུན་ཇི་འགྲུབ་བྱས་ན་བློ་ལེགས་པར་འགྱུར། ཕན་པའི་གྲོགས་ཀྱིས་བློ་བཟང་པོ་སྟོན་པའི་མོ་ཡིན་ནོ། །༼པ་ཨ༽
བདུད་རྩི་བུམ་པ་ལ་བབས་ན། ཇི་ལྟར་བུམ་པ་བདུད་རྩིས་གང་བ་བཞིན་དུ་ཞི་བའི་ལས་འགྲུབ། བརྡ་ནི་བདུད་རྩི་འཐུང་དང་མི་འཆི་ཐོབ་ཅེས་བྱའོ། །གཞི་དང་སྲོག་ཕྱྭ་ལ་བཟང་། བློ་དང་དོན་ཕྱྭ་ལ་གེགས་མེད་ཅིང་འགྲུབ། བླ་མའི་སྒྲུབ་པ་གང་འདོད་བྱ། གྲོགས་ནོར་ནི་འབྱུང་ཞིང་ཕན་ཐོགས་ཏེ་བུམ་པ་བཟང་པོ་འདོད་རྒུ་འབྱུང་བའི་གནས་སོ། །དགྲ་ནི་མེད་དེ་ཀུན་ཀྱང་ཞི་བའི་ཡིད་དང་ལྡན། མགྲོན་པོ་ལམ་བདེ་མྱུར་བུལ་འབྲིང་། གདོན་ནི་ཅིའང་མེད། ནད་པ་ལ་སྨན་དཔྱད་རིམ་གྲོས་ཤིན་ཏུ་ཕན་ཏེ་བདུད་རྩིར་འགྱུར། ཆོས་ཕྱྭ་ལ་ཞི་བའི་ལས་སོགས་འགྲུབ་སྟེ་དགེ། ཡི་དམ་ཀུན་རིག་སོགས་སྒྲིབ་སྦྱོང་ལྷ་དང་། སྨན་བླ་མི་འཁྲུགས་པ་སོགས་བསྟེན་ན་ལེགས། བོར་པ་ལྷོའམ་ཆུ་མཚོ་ཡི་འགྲམ་དུ་འཚོལ། གྲུབ་བམ་ཞེ་ན་འགྱོད་པ་མེད་པར་གནས། དྲི་བ་ལྷག་མ་ཀུན་ལ་འཇམ་ཞིང་རུང་ཞེས་ལུང་བསྟན། དུག་བཏང་བ་སོགས་མི་འགྲུབ། ཆུ་སྦྱིན་བུམ་ཁྲུས་གནས་འདྲེན་བཤགས་སྦྱོང་སོགས་བྱས་ན་མི་མཐུན་པ་ཀུན་ཞི་བར་འགྱུར་རོ། །གཉེན་དུ་གནས་ཤིང་འཇམ་པའི་ལས་ཀྱི་སྡུད་པའི་མོའོ། །༼པ་ར༽
རྫིང་བུ་ཕུག་མེད་ལ་བབས་ན། ཇི་ལྟར་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་ཏེ་ལོངས་སྤྱོད་འགྲིབ། བརྡ་ནི་བདུད་ཀྱི་ཕོ་ཉ་ལྷོ་ནུབ་ན་རྒྱུ་བའི་སྲིན་པོའི་སྡེ་ཚོགས་ན་རེ། རྒྱ་མཚོ་ལ་བྱེ་མའི་མཁར་རྩིགས་པ་འདིས་ཅི་བྱེད་ཅེས་ཟེར་རོ། །གཞི་སྲོག་ལ་འཕྲལ་དུ་མི་སྐྱོན་ཀྱང་ཕུག་ཅུང་ཟད་འཛེར་བས་ཚོགས་བསགས་བློ་དོན་ནི་འབྲིང་ཙམ་སྟེ་གྲོགས་ཀྱིས་ཕན་པ་མི་འོང་། གྲོགས་དང་ནོར་ཕྱྭར་ཅུང་ཟད་འབྱོར་ཀྱང་ཡུན་རིང་མི་གནས་ཤིང་མི་ཕན། དགྲ་སེམས་ལས་ཆེན་པོ་ཅན་མང་དུ་འདུག་ཀྱང་དངོས་སུ་གནོད་མི་ནུས། མགྲོན་པོ་ཁ་འགྱོད་བོར་མེད་ཅིང་དུས་སུ་འབྱོར་དཀའ། གདོན་ནི་རྫས་ཕོ་མོ་བྱེ་བྲལ་མཁོན་འཛིང་གི་ས་ནས་འོང་བའི་ཅུང་ཟད་ཡོད་ཀྱང་ངོས་མི་ཟིན་ལ་གནོད་པ་ཆུང་། ནད་པ་རྩབ་རྩུབ་མི་བདེ་བ་ཆེ། ལན་ཆགས་དང་གླུད་མང་དུ་བོར་དགོས། ཆོས་ཕྱྭ་ལ་བསྐྱེད་བཟང་པོ་མི་འོང་ཡིད་གཉིས་དང་བློ་སྐྱོན་ཆེན་པོ་ཡོད་པས་ཐབས་ནོར་འདུག་པས་ལྟུང་བཤགས་དང་། བཟང་སྤྱོད། ཕལ་ཆེན། སྐལ་བཟང་སོགས་མདོ་བཀླག རྒྱ་ཆེན་རོལ་པ་འདོན། བརྒྱད་སྟོང་སྒྲོགས་ན་ཕན། ཁྱད་པར་སིདྡྷི་དང་བཀའ་ཐང་མང་དུ་སྒྲོགས། དད་པ་མེད་པ་ཁྱོད་དད་པ་བསྐྱེད་
དགོས་སོ། །བོར་བའི་རིགས་ཆུད་ཟོས་པས་རང་ལ་ཕན་དཀའ། འོང་ངམ་གྲུབ་བམ་ཞེ་ན་བརྩམ་པར་འདུག་སྟེ་འབྲས་བུ་འབྱུང་དཀའ། དྲི་བ་ལྷག་མ་ཀུན་ལའང་མི་དགེ་ཞིང་ཁྱད་པར་གཉེན་མི་འདུམ། འདུན་བཤིགས་དང་བྱས་པ་བཤིགས་པ་འདྲ་གཞན་ལ་ཁ་སྤོ་བ་སོགས་ལ་བཟང་། དགེ་འདུན་ལ་གསོལ་སྟོན་དང་ཚོགས་མཆོད་མང་པོ་ཕུལ། མཁའ་འགྲོ་གསང་ཡེ་དང་སེང་གདོང་སོགས་བསྟེན། གསུར་བསྔོ་གླུད་འཇལ་བྱས་ན་བཟང་། འདི་དགའ་སྟོན་འགྲིབ་པའི་མོ་ཡིན་ནོ། །༼པ་པ༽ བདུད་རྩིའི་རྒྱ་མཚོ་ལ་བབས་ན། ཇི་ལྟར་རྒྱ་མཚོ་ཆེན་པོ་ཆུ་ཡི་གང་བ་བཞིན་དུ་ལོངས་སྤྱོད་འཕེལ། བརྡ་ནི་རྣམ་རྒྱལ་དཀར་མོས་དབྱར་གྱི་ཆུ་བོ་ཇེ་ཆེར་རྒྱས་ཞེས་བྱའོ། །གཞི་དང་སྲོག་ཕྱྭར་བཟང་སྟེ་དཔལ་འབྱོར་འཕེལ། བློ་དང་དོན་ཕྱྭར་རྙེད་པ་ཕུན་སུམ་ཚོགས་པ་འབྱུང་། གྲོགས་དང་ནོར་ཕྱྭར་རྒྱ་མཚོ་ཆེན་པོའི་ཆུ་བཞིན་མི་ཟད། དགྲ་མི་འབྱུང་ལ་སྔར་ཡོད་ཀྱང་འདུམ། མགྲོན་པོ་ལམ་བདེ་ཞིང་དུས་སུ་སླེབ། ནད་པ་གྲང་བ་ཙམ་སྟེ་མི་སྐྱོན་ཀྱང་ཆུ་ནད་ལ་འབྲིང་། གདོན་གང་ཡང་མེད། འདོད་ཆགས་འཕེལ་བའི་ཉེན་ཆེ་ཞིང་བུད་མེད་དང་
འཕྲད། ཆོས་ཕྱྭ་ལ་ཤིན་ཏུ་བཟང་། བདུད་རྩི་ཡོན་ཏན་ལ་བརྟེན་པ་དང་། ཞི་བའི་ལྷ་བསྒྲུབས་ན་ཞི་བའི་ལས་འགྲུབ། བོར་བ་གཉེན་གྱིས་རྙེད་པའམ། བྱང་དང་ལྷོར་ཉུལ་ན་རྙེད། འོང་ངམ་གྲུབ་བམ་ཞེས་དྲི་ན་བློ་མཐུན་ཅིང་ངང་གིས་གྲུ། དྲི་བ་ལྷག་མ་ཀུན་ལ་དགེ་སྟེ་བཟའ་བཏུང་འཕེལ། ཁྱད་པར་ཆུ་ཡི་ལས་ལ་བཟང་། གཉེན་འགྲིགས་ཀྱང་མེ་ཡི་ལས་ལ་ཅུང་ཞན་ནོ། །ཕལ་པོ་ཆེ་དང་གཟུངས་གྲྭ་ལྔ་བཀླག །སྐུ་རྟེན་ལ་ཁྲུས་གསོལ་ཀླུ་མཆོད་ན་ཡིད་འོང་འཕེལ། ཆེས་ཐལ་མེད་ན་ནད་སོགས་ཞི་བའི་མོ་གཙང་མའི་ཁྲུས་ལྟ་བུ་ཡིན་ནོ། །༼པ་ཙ༽ ཉོན་མོངས་བདུད་ལ་བབས་ན། རྒྱ་མཚོ་གཞུང་ནས་རལ་བ་བཞིན་དུ་མི་བདེ་འབྱུང་སྟེ། བརྡ་ནི་བྱང་གི་ཕྱི་སྒོ་ནས་གནས་པ་གནོད་སྦྱིན་གདུག་པ་ཅན་ན་རེ། གདུག་ཅན་ཀླུ་ཡི་མཇུག་མས་རྒྱ་མཚོ་དཀྲུགས་ཤིང་རྙོགས་སོ་ཞེས་ཟེར། གཞི་སྲོག་ལ་གེགས་ཆགས་ཚུབ་ཆ་ཆེ། བློ་དང་དོན་ཕྱྭ་གང་ལ་སེམས་ཙབ་ཙུབ་དང་མི་བདེ་བའོ། །གྲོགས་དང་ནོར་ཕྱྭ་ཐལ་བ་རླུང་གིས་ཁྱེར་བ་དང་འདྲ་སྟེ་ངན། དགྲ་ངོ་ཆེ། ཁྱད་པར་ཤར་རམ་བྱང་ནས་གནོད་པ་ཡོད། ཁ་མཆུ་བཤད་གཏམ་གྱི་ངོ་ཆེ། མགྲོན་པོ་དང་ལམ་ཕྱྭར་བོར་རལ་ཟག་
གསུམ་འབྱུང་། ནད་ནི་རླུང་དང་གཡོ་བྱེད་རྩ་རྒྱུས་ཀྱི་ནད་ཡིན། བདེ་བ་མི་སྟེར་བས་འབྱུང་གཏོར་དང་ཆ་གསུམ་གྲངས་མང་། སྡོང་རྒྱན་མདོ། བཟང་སྤྱོད། འཆི་བསླུ། མཎྜལ་བཞི་ཆོག་སོགས་བྱ། མི་གཡོ་བའི་བསྙེན་པ་དགོས། གདོན་ཤིང་ཆ་དང་ལྗང་གུའི་རིགས་གདོན། སྡེ་བརྒྱད་དང་སྔགས་ཟོར་སོགས་གནོད་པའི་ངང་ཕོག་པའི་གྲིབ་ངོ་ཡོད། ལེ་ལེན་ཁ་ཡེ་ཉེས་པ་མང་བའི་འདུ་ལོང་གིས་སར་ཕྱིན་པའི་འགྲོ་སྡོད་བྲེལ་བ་ཤག་འགྱེད་པ་སོགས་གནོད། ཆོས་ཕྱྭ་ལ་བློ་འཁྲུགས་ཟིང་ཟིང་མི་བདེ་བ་འོང་། སྡོམ་པ་འཆལ། མི་གཡོ་བ་བསྟེན། ཁྲོ་བོའི་གཏོར་ཟློག་བྱ། གླང་ཆེན་སྣ་བསྒྱུར་བཅའ། ཆོས་རྡུལ་སྤྲུགས་དང་གནོད་སྦྱིན་མདོས་དང་། རླུང་རྟ་བཅོས། བོར་བ་ལམ་ལོག་སྟེ་མི་རྙེད། འོང་ངམ་གྲུབ་བམ་ཞེ་ན་ཡིད་ཙབ་ཙུབ་མང་བས་དོན་ཐོག་ཕྱིན་དཀའ། དྲི་བ་ལྷག་མ་ཀུན་ལ་མི་དགེ། ཁྱད་པར་ཡིད་འཁྲུགས་སེམས་ལས་ཆེ། དབྱེན་དང་བྱེ་སྦྱོར་ལྟས་ངན་སོགས་ལ་བཟང་། འདི་ཉོན་མོངས་ཐང་ཁོལ་གྱི་མོ་ཡིན། སཱཙྪ་སེར་པོའམ་མཆོད་རྟེན་སེར་པོ་བཞེངས་ན་ཕན། ༼པ་ན༽ གསེར་གྱི་པདྨ་ལ་བབས་ན། གཡུ་ལྗང་
ལ་གསེར་གྱི་སྙེ་མ་འཁྲུངས་པ་བཞིན་དོན་གང་ལའང་ལེགས། མ་རྨོས་པའི་ལོ་ཏོག་ཅེས་ཀྱང་བྱ། བརྡ་ནི་སྐུའི་འཇམ་དཔལ་དཀར་པོའི་ཡུམ་ཤིན་ཏུ་ཡིད་འོང་མའི་ཞལ་ནས། བདུད་རྩིའི་ཆར་གྱིས་བརླན་པའི་མེ་ཏོག་མནྡ་ར་བའི་ཚལ་འདི་ཤིན་ཏུ་མཛེས་སོ་ཞེས་ཟེར་རོ། །གཞི་སྲོག་ལ་ལེགས་པའི་དཔལ་གྱིས་ངོ་ཆེ་བས་བཟང་། བློ་དང་དོན་ཕྱྭར་ཇེ་ལེགས་ལ་འགྲོ། གྲོགས་དང་ནོར་ཕྱྭར་འཕེལ་ཞིང་ཕན་ཐོགས་ཆེ། ལྷག་པར་ནོར་རྒྱུན་མ་དང་། རྣམ་སྲས་འཛཾ་ལྷའི་གཡང་སྒྲུབ་བྱས་ན་ཕུན་སུམ་ཚོགས་པ་འཕེལ། ཆོས་སྐྱོང་སྨན་བཙུན་བསྟེན། དགྲ་མེད་མགྲོན་པོ་ལམ་བདེ་ཞིང་ག་ལེར་དོན་བཅས་སུ་སླེབ། ནད་རིམ་གྱིས་ཞི། གདོན་མེད་དོ། །ཁྱོད་ལ་ལྟ་མཁན་མང་པོ་འདུག །དེ་ཚོ་ལ་ཕན་ཀྱང་ཐོགས། ཆོས་ཕྱྭ་ལ་ལེགས་པའི་བསམ་པ་འཕེལ། ལེགས་བཤད་ཀྱིས་སྐྱེ་བོའི་བུང་བ་བསྡུ་ཞིང་ཕན། ཆོས་སྐྱོང་དགྲ་བླ་ལ་རྟེན་གཟུགས། ཕག་དཀར་དང་རྡོ་རྗེ་ལྷ་མོ་སོགས་ཞི་བའི་ལྷ་བསྟེན། རྒྱ་ཆེན་རོལ་པ་དང་བྱང་ཆུབ་སེམས་དཔའི་སྡེ་སྣོད་བཀླགས་ན་ཕུགས་སུ་བཀྲ་ཤིས། བོར་བ་རྙེད་ཕྱིས་ནའང་ཕུག་བཟང་། འོང་གྲུ་མི་གྲུ་ལ་རིམ་གྱིས་གྲུ། དྲི་བ་ལྷག་མ་ཀུན་ལ་རིམ་གྱིས་བཟང་ན་
ཡང་། འཕྲལ་གྱི་མྱུར་ངོ་མི་ཆེ། ལང་ཚོ་མཛེས་པ་དང་ལྡན་པའི་མོ་སྟེ་ཉམས་དགའ་བ་འཕེལ་ལོ། །༼པ་དྷཱིཿ༽ བྱང་གི་སྒོ་བ་ལ་བབས་ན་བདུད་རྩི་སྨན་གྱི་སྒོ་སྟེ་ཕན་པ་འབྱུང་། གསེར་གྱི་སྙིང་པོའི་སྤྲིན་དཀྲིགས་པ་ཞེས་ཀྱང་བྱ། བརྡ་ནི་ལྷོ་གསེར་གྱི་ཆུ་ཕྲན་གཡང་དུ་ལོན་ཞེས་བྱའོ། །གཞི་དང་སྲོག་ཕྱྭར་བཟང་། བློ་དང་ནོར་ཕྱྭར་ཇི་ལྟར་བསམ་པ་བཞིན་དུ་འགྲུབ། བཅུད་ལེན་དང་གསོ་བ་འགྲུབ། སོ་སོར་འབྲང་མ་ལྷར་བརྟེན་ན་བསམ་པ་མཐར་ཕྱིན། གྲོགས་དང་ནོར་ཕྱྭ་ལ་རྙེད་པ་དང་དགའ་བ་ཤིན་ཏུ་འཕེལ། དགྲ་མི་འབྱུང་། མགྲོན་པོ་ལམ་བདེ་ཞིང་དུས་སུ་སླེབ། ནད་ལ་སྨན་པའི་ངག་བཞིན་བྱས་ན་ཞི་བར་འགྱུར། གདོན་ནི་མེད། སྔར་ཡོད་སོང་ཚར། ཆོས་ཕྱྭ་ལ་རྒྱུད་འཇམ་ཞིང་ཇི་ལྟར་བསམ་པ་བཞིན་འགྲུབ། བོར་བའི་རིགས་ལྷོ་བྱང་དུ་ཚོལ་དང་ངེས་པར་རྙེད། འོང་ངམ་གྲུབ་བམ་སོགས་འདྲི་ན་འོང་གྲུ་ཞེས་སོ། །ལྷག་མའི་དྲི་བ་ཐམས་ཅད་ལ་དེ་བཞིན་དུ་ལེགས་ཞེས་ལུང་སྟོན། མི་དགེ་བའི་བློ་འདོར་དུ་བཅུག་ན་བཟང་ངོ་། །ཡི་དམ་མི་འཁྲུགས་པ་དང་། རྣམ་འཇོམས་དཀར་པོ་བདུད་རྩི་འཁྱིལ་པ་སོགས་ལ་བརྟེན་ནས་ཞི་ལས་བྱས་
ན་རྒྱ་མཚོའི་ནང་གི་ནོར་བུ་བཞིན་དུ་བཀྲ་ཤིས་འཕེལ། གཞན་ཡང་ལྷ་གུ་རུ་པདྨ་འབྱུང་གནས་དང་། རིན་ཆེན་རིགས་ཀྱི་ལྷར་བརྟེན། ནོར་ཅན་དང་རྒྱས་པའི་རིགས་བསྟེན། ཆོས་སྐྱོང་གཙང་རིས་ཀྱི་ལྷ་ཞི་བ་བསྟེན་ན་བཟང་། མགོན་དཀར་ཡིད་བཞིན་ནོར་བུར་གསོལ་མཆོད་བྱ། ཆུ་ལ་སཱཙྪ་གདབ། གསེར་ཟམ་དང་རླུང་རྟ་སྔོན་པོ་བྱ། ཀླུ་འབུམ་ཆུ་ལ་ཞུགས་པ་སོགས་བྱས་ན། གཉེན་གྱིས་ཕན་པ་བརྗོད་ཅིང་མདུན་ནས་བསུ་བའི་མོ་ཡིན་པས་ལེགས་སོ། །༼ཙ་ཨ༽ བཀྲ་ཤིས་གདུགས་ཆེན་ལ་བབས་ན། ཇི་ལྟར་གདུགས་དཀར་གཡོ་བ་བཞིན་དུ་བཀྲ་ཤིས་པ་འཕེལ། བརྡ་ནི་མེ་ཏོག་དགའ་ཚལ་དུས་སུ་སྨིན་ཞེས་བྱ། གཞི་དང་སྲོག་ཕྱྭར་ལེགས། བློ་དང་དོན་ཕྱྭར་བཟང་། སེང་གདོང་མའི་བཟླས་བསྒོམ་བྱས་ན་བཟང་། ཁྱད་པར་གཏམ་ཕྲིན་འོང་། སྐབས་འགར་གཏམ་བྱ་ལམ་རྗེས་མེད་ལྟ་བུར་ཡང་འགྲོ། གྲོགས་ནོར་ལྷ་ལ་གསོལ་མཆོད་བྱས་ན་གཏམ་སྙན་ངོ་ཡོད། དགྲ་གང་ཡང་མེད་དོགས་མི་དགོས། མགྲོན་པོ་ལམ་བདེ་ཞིང་མྱུར་བར་སླེབ། ནད་མྱུར་དུ་ཞི་འགྲོ། གདོན་ཡིད་ཀྱིས་བཏག་སྟེ་དོན་ལ་མེད། རང་གིས་རྟོགས་པའི་ཁུ་ཕྲིག་གི་ལེ་ལེན་ཙམ་ལས་གཞན་མེད།
ཆོས་ཕྱྭ་ལ་བཟང་། བོར་བ་འབྲིང་། འོང་ཨི་གྲུ་ན་གེགས་ནི་ཅི་ཡང་མེད། རང་གིས་བཞག་ན་མ་གཏོགས་སོ། །དྲི་བ་ལྷག་མ་ཀུན་ལ་དབུགས་འབྱིན་ཞེས་ལུང་སྟོན། རྒྱལ་མཚན་རྩེ་མོ་དང་། བཀྲ་ཤིས་ལྷ་མོ་དང་། རྨ་བྱ་ཆེན་མོ་ལྷར་བསྟེན། ཇོ་དར་འཁོར་ལོ་བཙུགས་ན་བཟང་། རྒྱལ་པོ་སྐུ་ལྔ་གསོལ་ན་བཟང་། འདི་ལམ་གར་འདོད་དུ་བདེ་ཞིང་ཐར་པའི་མོ་ཡིན་ནོ། །༼ཙ་ར༽ འབར་བའི་རུ་མཚོན་ཆེན་པོ་ལ་བབས་ན། ཇི་ལྟར་ཕྱོགས་ལས་རྒྱལ་བའི་དཔའ་དར་ཐོབ་པ་བཞིན་བཟང་། བརྡ་ནི་ལོག་རྟོག་བདུད་དགྲ་འཇོམས་བྱེད་དཔུང་གི་ཁྲོ་བོ་གཤིན་རྗེའི་གཤེད་ཀྱི་ཞལ་ནས། དགྲ་ཕམ་མོ། །བདུད་འདུལ་ལོ་ཞེས་སྒྲོགས་སོ། །གཞི་དང་སྲོག་ཕྱྭར་རྒྱུན་གྱིས་སྲུང་རིམ་འབད་ན་ཤིན་ཏུ་ལེགས། བློ་དང་དོན་ཕྱྭ་ལ་ཕྱོགས་ལས་རྣམ་པར་རྒྱལ་ཞིང་དགེ། ཁྱད་པར་ཕ་རོལ་གཟིར་བ་སོགས་དྲག་པོའི་ལས་ལ་མཆོག་ཏུ་བསྔགས། ཟློས་པ་བརྩམ་ན་འགྲུབ། གྲོགས་དང་ནོར་ཕྱྭ་ལ་སྟོབས་ཀྱིས་རྙེད་པ་དང་། སྐོམ་ནོར་སོགས་འབྱུང་། དགྲ་བོ་ཀུན་ཚར་གཅོད་ཅིང་རྣམ་པར་རྒྱལ། མགྲོན་པོ་ཤིན་ཏུ་མྱུར་ཞིང་གཞན་ལས་རྒྱལ། ནད་ཞི།
གདོན་གླགས་ལྟ་བ་ཙམ་ཡང་མེད། རང་སྟོབས་ཆེ་བས་གཞན་ཡིད་ཁོང་དུ་ཆུད་ནུས་པ་ཡོད་པས་དེ་ལ་སྙིང་རྗེ་བསྐྱེད་དགོས་སོ། །ཆོས་ཕྱྭ་ལ་དབང་དྲག་གི་ཕྲིན་ལས་རྣོ་ཁ་ཐོན། བོར་བརྙེད། གྲུབ་བམ་མི་གྲུབ་ལ་ངེས་པར་གྲུབ། དྲི་བ་ལྷག་མ་ཀུན་ལ་སྟོབས་དང་ལྡན་པར་ལུང་བསྟན་ཏེ། ས་ཆུའི་ལས་སྤྱི་ལ་འཇུག་དཀའོ། །ཐོག་སེར་དབབ་པ་སོགས་འགྲུབ། ཡི་དམ་དྲག་སྔགས་དང་གཤིན་རྗེ་བསྟེན། ལམ་གཏུམ་མོ་དང་ཞུ་བདེ། ཕྲིན་ལས་མེ་རླུང་ལ་བརྟེན་པའི་ལས་བྱས་ན་དབང་དྲག་ལ་ནུས་པ་མཆོག་ཏུ་ཐོན་ནོ། །གཞན་ཡང་རིགས་གསུམ་གྱི་སྐུ་ཡི་ཁྲོ་བོ་དང་། རིགས་དྲུག་ལས་གསུང་དང་། ཕྲིན་ལས་ཀྱི་ལྷ་ཡབ་བསྟེན། ཁྲོས་ནག་དང་ཕུར་པ་བསྟེན་ན་ནུས་པ་ཐོབ། ཆོས་སྐྱོང་རྒྱལ་བཙན་དང་དགྲ་བླ་གང་རུང་བསྟེན། ཁྱད་པར་མ་ནིང་དང་མགོན་པོ་དང་ལས་གཤིན་དང་སྔགས་བདག་ལ་བསྟེན་ན་བཟང་། བསང་དང་མནོལ་བསང་དཔུང་བསྟོད་བྱ། ཤིན་ཏུ་སྟོབས་དང་ལྡན་ཏེ་གཞན་སྡེ་བཏུལ་བའི་མོ་ཡིན་ནོ། །༼ཙ་པ༽ བློ་སྟོང་ལ་བབས་ན། ཇི་ལྟར་ལུང་སྟོང་དུ་རླུང་གཡོ་བ་བཞིན་དུ་བློ་སྟོང་། བརྡ་ནི་བདུད་ཀྱི་ཕོ་ཉ་ནུབ་བྱང་ན་རྒྱུ་བ་གྲོང་རྒྱུག་འདྲེ་གདོན་རྣམས་
ན་རེ། ཤོག་སྐྱ་རླུང་གིས་ཁྱེར་བ་འདི་དཀའ་ལས་ཆེ་སྟེ་སུས་སྡུད་ནུས་ཟེར། གཞི་སྲོག་གང་ལའང་མི་མཐུན་བྱེ་བྲལ་འཐོར་ཞིག་ཆེ་ཡང་རིམ་འགྲོས་ཕན། བློ་དང་དོན་ཕྱྭ་ལ་སེམས་ལས་ཆེ་སྟེ་དོན་ཆུང་། གྲོགས་ནོར་ལག་ན་ཡོད་པའང་འཁྱོར་བའི་ཆུ་བཞིན་ཕྱིར་འཛག །དགྲ་སྔར་བྱམས་ཕྱིས་སྡང་ལྟ་བུ་ཡོད་ཀྱང་རྩོད་པ་ཙམ་ལས་ཆེར་མི་གནོད་ཀྱང་། དེ་དང་ཐག་རིང་དུ་བཤོལ་ལ་དེ་ལ་ཕན་པའི་ནོར་སྦྱིན། མགྲོན་པོ་སྟོང་ལོག་ཏུ་སོང་བའམ་ཇི་བཞིན་དོན་འབྱོར་དཀའ། ནད་གྲང་རླུང་སྟེ་ཕྲ་མོ་ཁམས་མི་མཐུན་པའོ། །ལེ་ལན་གྲོགས་ངན་འཁོར་ངན་འབྲེལ་བའི་དབང་གིས་ཡིད་སྐྱོ་འཕེལ། དེ་རྣམས་དང་བྱེ་ན་དགའ། སྤྱོད་ལམ་སྨད་པའི་གྲིབ་ངོ་ཆེ། གདོན་གནོད་ཆེར་མེད་ཀྱང་འཕྲལ་གྱི་ཡི་དྭགས་ལ་གླུད་བོར་དགོས། མོ་འདྲེ་གྲི་མོ་བཀར་བར་བྱ། ཆོས་ཕྱྭ་ལ་བློ་ཙབ་ཙུབ་མང་སྟེ་ཇི་བཞིན་འགྲུབ་པར་དཀའ། བོར་བ་ལག་ཏུ་ཚུད་དཀའ། གྲུ་དང་མི་གྲུ་སོགས་ལ་བློ་སྟོང་གི་མོ་སྟེ་འགྲུབ་དཀའ། དྲི་བ་ལྷག་མ་ཀུན་ལ་ཇི་བཞིན་མི་འབྱུང་ཞེས་ལུང་སྟོན། བསྒོ་བ་ཉན་པར་མི་བྱེད་པའི་ངོ་ཡོད། རང་སེམས་བརྟན་པར་གྱིས་ལ་ཚོགས་
བསགས་དང་། འདུལ་བ་སྒྲོགས། སེལ་ཕྱེ་དང་། བྱེ་བྲལ་གཏོ་བཅོས་དང་ཞི་བསངས་འཁྲུགས་བཅོས་བྱ། སྣང་བརྒྱད་ཉེས་སེལ་སྒྲོགས། བློ་དུམ་བུར་འཐོར་བའི་མོ་ཡིན་ནོ། །༼ཙ་ཙ༽ སྙན་པའི་བ་དན་ལ་བབས་ན། ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་སྒྲ་བཞིན་དུ་གཏམ་སྙན་དང་གྲགས་པ་འཕེལ་ཏེ་ཁྱུང་འབྲུག་གནམ་ལ་ལྡིང་བའི་མོ་ཡིན། བརྡ་ནི་བདུད་རྩི་འཁྱིལ་བའི་ཞལ་ནས། སྤོ་ལ་དར་ཕྱར་བ་བཞིན་དུ་ཀུན་ནས་བསྒྲག་རན་པར་འདུག་གོ །ཞེས་སོ། །གཞི་སྲོག་ལ་བཟང་། རླུང་རྟ་དར། འོན་ཀྱང་ཆེས་ཐལ་ཆེས་པས་ཐུང་གིས་བསྒྲིམ་དགོས། བློ་དང་དོན་ཕྱྭ་ལ་བསམ་པའི་རེ་བསྐོང་འགྲུབ། ཆོས་སྐྱོང་སྒྲུབ་པ་གནད་སྨིན་བྱས་ན་ཕྲིན་ལས་ཅི་བརྩམས་འགྲུབ། གྲོགས་དང་ནོར་ཕྱྭ་ལ་མྱུར་དུ་རྙེད་ངོ་ཆེ། དགྲ་འཐབ་པ་ཡོད་ཀྱང་བདག་ཉིད་རྒྱལ། མགྲོན་པོ་ལམ་བདེ་ཞིང་ཆེས་མགྱོགས་པར་འཁོར། གཏམ་ཡང་ཐོས། ནད་རླུང་ཁམས་འཕེལ་ཀྱང་མི་སྐྱོན། གདོན་མེད། ཆོས་དོན་ལ་ཤིན་ཏུ་བཟང་། སྙན་པ་ཆེན་པོ་ཐོབ། བོར་བའི་རིགས་མྱུར་དུ་རྙེད་ལས་ཆེ། ཤར་བྱང་དུ་ཚོལ། འོང་དང་གྲུ་མི་གྲུ་ལ་འོང་ཞེས་ལུང་སྟོན། དྲི་བ་ལྷག་མ་ཐམས་
ཅད་ཀུན་ལ་དགེ་ཞིང་བརྟན། ས་དང་ཆུ་ཡི་ལས་ལ་འབྱུང་དཀའ། མཆོད་བསྟོད་དང་རྦོད་གཏོང་བསྟེན། ཁྲོ་བོ་དབྱུག་སྔོན་དང་ལྷ་མོ་ཙི་སྒྲུབ། ཕྲིན་ལས་ཀྱི་ལྷ་དང་ངན་ནེ་མ་དུར་ཁྲོད་བདག་པོ་སོགས་ཆོས་སྐྱོང་དང་དགྲ་བླ་བསྟེན། ཁྱད་པར་ཞིང་སྐྱོང་ཀུན་དགའ་གཞོན་ནུ་བསྒྲུབས་ན་ལེགས། འགྲོ་བའི་ལས་དང་། ཁ་ཏོན་སོགས་རྩོལ་བ་ལ་བསྟེན་ནས་མཁའ་སྤྱོད་དང་རྐང་མགྱོགས་སོགས་བསྒྲུབས་ན་བཟང་། བསྐྲད་ལས་ལ་ལེགས། སྙན་དར་དང་མང་ཇ་སོགས་འགྱེད་བཏང་བྱས་ན་བཟང་། མྱུར་དུ་ཐག་ཆོད་ཅིང་གཏམ་སྙན་གྱི་མོ་ཡིན་ནོ། །༼ཙ་ན༽ ཕུང་པོའི་བདུད་ལ་བབ་ན། ཇི་ལྟར་ལྗོན་པ་རྐེད་ནས་ཆད་པ་ལྟར་གཞི་སྲོག་གྲོགས་ནོར་གང་ལའང་ངན། བརྡ་ནི་ཤར་གྱི་ཕྱི་སྒོ་ན་གནས་པ་དབུགས་ལེན་གྱི་ཤན་པ་ན་རེ། ལྕུགས་ཕྲན་ཟོར་བས་རྔས་ཞེས་ཟེར་རོ། །དེས་ན་སྔགས་རྒྱུན་རིགས་ཀློག་པ་དང་། གཏོར་ཟློག་བྱ། བློ་དང་དོན་ཕྱྭར་འགགས་པ་ཆེ། རླུང་རྟ་ལམ་དུ་མི་རྒྱུག །འགགས་སེལ་དང་བར་ཆད་ལམ་སེལ་ཀློག །སྒྲོལ་མ་ཕྱོགས་བཅུ་མུན་སེལ་ཐར་མདོ་འདོན། དགྲ་ངོ་ཆེ་ཞིང་ཁྱད་པར་ཤར་རམ་དབུས་རང་གནས་ན་གཉའ་
ནོན་ཡོད། རྟ་དམར་དང་ཀིང་ཀང་གི་དགྲ་བྲུབ་སོགས་ལ་འབད། གཏད་དཀྲུགས་བྱ། མི་ཆེན་གྱིས་བཀའ་བཀྱོན་སོགས་འོང་བས་བཟློག་པ་བྱ། མགྲོན་པོ་ལ་བར་ཆད་དང་འགྱོད་གཞི་ཆེ་སླེབ་པར་དཀའ། ནད་བད་ཀན་ལྕི་ཐིབ་སྟེ་དབུགས་འཐུམ་པ་སོགས་འོང་། སྐེགས་གཏོ་དང་། ཧ་ས་གརྦྷ་དང་། འཆར་ཀའི་ཟོར་མདོས་བྱ། གདོན་ས་བདག་ཡུལ་ལྷ་གནོད། རྫས་སེར་པོ་དང་གྲུ་བཞི་གནས་ཁང་སོགས་ཀྱིས་གནོད། བན་བོན་མི་ཆེན་གྱི་རྫས་སམ་ལག་ནས་བྱུང་བ་རྒྱལ་གདོན་འཁྲི་བ་ཡོད། རྐྱེན་ནི་གཉུག་མར་གནས་པའི་མི་དང་། མི་མིན་ཆེན་པོ་ལ་འགྲས་སམ། རྟེན་ཆེན་པོ་ལ་གནོད་པ་སོགས་ཀྱིས་ལེན། བཙོག་གྲིབ་བྱིང་འཐིབ་ཆེ་བས་བསང་ཁྲུས་བྱ། ཆོས་ལ་བསམ་པ་ལམ་དུ་འཁྱོགས་པས་རིམ་གྲོ་སྒྲོལ་མ་སོགས་བར་ཆད་སེལ་བའི་ལྷ་བསྟེན། ལམ་འཕྲང་བསལ། སྣང་བརྒྱད་དང་། ཉེས་སེལ། ཁང་ས་དུར་ས་བཅོས། ས་གནད་གསོ་ཞིང་ཡུལ་ལྷ་བཅོས། བོར་བ་སེང་གེའི་ཁར་ཤ་ཆུད་པ་འདྲ་རྙེད་དཀའ། ཨེ་འོང་ཨེ་གྲུ་ཨེ་གྲུབ་ལ་འུར་ཆེ་ཡང་མི་འགྲུབ་ཅེས་བྱ། ལྷག་མའི་དྲི་བ་ཐམས་ཅད་ལ་མི་དགེ་སྟེ་གཡོ་སྒྱུའི་གཞན་ཁུགས་སུ་
གཞུག་ན་འགྲུབ། མནན་གཏད་རྨུགས་པར་བྱེད་ན་བཟང་། ལྷག་པར་རིས་མནན་པའི་མོ་ཡིན། གཏོར་ཟློག་གི་རིགས་དང་། བཀའ་བརྒྱད་ཁྲོམ་ཕྱི་གཏོར། རྒྱལ་མདོས། བྱས་པ་བཤིགས་པ་སོགས་བྱ། གདུགས་དཀར་དང་ཙི་ཕུར་པ་སོགས་ལ་འབད་པར་བྱའོ། །༼ཙ་དྷཱིཿ༽ ཤར་གྱི་སྒོ་བ་ལ་བབས་ན། གཏམ་སྙན་གྱི་ཁང་པ་སྟེ་བཟང་པོའི་བྱ་བ་འགྲུབ། དཔག་བསམ་གྱི་ཤིང་ཞེས་ཀྱང་བྱ། བརྡ་ནི་ཕྲིན་ལས་ཀྱི་བ་དན་རྣམ་པར་སྒྲོན་བྱས་བྱའོ། །གཞི་སྲོག་བློ་དོན་གྲོགས་ནོར་ཀུན་ལ་གསར་དུ་བཟང་པོ་གློ་བུར་དུ་འབྱུང་། གཞན་དུ་ཕྲིན་བསྐྱལ་པ་སོགས་ལ་ལྷག་པར་བཟང་། དགྲ་མེད་ཅིང་ཡིད་དུ་འོང་། མགྲོན་པོ་ལམ་བདེ་ཞིང་གྲོགས་བཟང་དང་འཕྲད་མྱུར་དུ་སླེབ། ནད་ཞི། གདོན་མེད། ཆོས་ཕྱྭ་ལ་ལེགས་པའི་བློ་དང་བྱ་བ་འཕེལ། བོར་བ་ཤར་རམ་བྱང་ནས་རྙེད། འོང་ངམ་ཨེ་གྲུ་ལ་ལེགས་པར་གྲུ་ཞིང་གྲོས་ཐག་ཆོད། ལྷག་མའི་དྲི་བ་ཐམས་ཅད་ལ་དེ་བཞིན་བྱས་ན་ལེགས་ཞེས་བརྗོད། ཡི་དམ་སྟོབས་ཆེན་དང་། ལོ་གྱོན་མ། རྣམ་པར་རྒྱལ་བ་སྒྲོལ་མ། ཕྲིན་ལས་རིགས་ཀྱི་ལྷ་བསྟེན། ཕྱག་བཞི་པ་སོགས། ཆོས་སྐྱོང་
དགྲ་བླ་དང་། ཐུགས་ཀར་ཅང་སེ་གསོལ། རྨ་རྒྱལ་དང་གནོད་སྦྱིན་རིགས་བསྟེན་ན་ལེགས། མདོ་སྡེ་དགོངས་འགྲེལ་དང་། སཱ་ལུ་ལྗང་བའི་མདོ། གང་པོས་ཞུས་པ། བྱམས་ཞུས། དཔལ་ཕྲེང་སེང་གེའི་སྒྲ་ཡི་མདོ། སྡོང་པོས་བརྒྱན་པ་སོགས་བཀླག །ཆོས་འཆད་ཉན་བགྱིས་ན་ལེགས། དུང་གྲགས་དང་བ་དན་བསྒྲེངས། གཏམ་གྱི་དགའ་སྟོན་དང་རྩེད་མོ་ཐོན་པའི་མོ་ཡིན་ནོ། །༼ན་ཨ༽ གསེར་གྱི་རི་བོ་ལ་བབས་ན། ཇི་ལྟར་གསེར་རི་ནམ་མཁའ་མཐོ་བ་བཞིན་དུ་གཞི་སྲོག་བརྟན། བརྡ་ནི་མི་འགྱུར་བའི་གཡུང་དྲུང་ཡིན་ཞེས་བྱའོ། །བློ་དང་དོན་ཕུགས་སུ་བརླིང་། གྲོགས་ནོར་སྔར་ཡོད་བརྟན་ཅིང་མི་གཡོ་ཤུགས་ཀྱིས་བཟང་། དགྲ་ནི་ཅི་ཡང་མེད་པར་རང་སྟོབས་བརྟན། མགྲོན་པོ་འཐོར་ཞིག་མེད་ཀྱང་ཅུང་ཟད་འགོར། ནད་ཞི་གདོན་གང་ཡང་མེད། ཆོས་ཕྱྭ་བརྟན་ཅིང་མི་གཡོ་ཤུགས་ཀྱིས་བཟང་། བོར་བ་གཞན་ལག་ཏུ་མི་འགྲོ། ཨེ་གྲུ་ཨེ་འོང་ལ་བརྩམས་ཟིན་མི་ལྡོག་སྟེ་གཞན་ལ་ཕྱི་འགྱངས་ཡོད་སྲིད་ཀྱང་དོན་དུ་འགྲུབ། ལྷག་མའི་དྲི་བ་ཀུན་ལ་ལེགས་ཀྱང་འགྲོ་བ་ལ་ཕྱི་དལ་ཕྲ་མོ་ཡོད། ཕལ་ཆེན་དང་འདུལ་བ་སྒྲོགས། གཤེད་རིགས་ཀྱི་ཡུམ་དང་རྡོ་རྗེ་རིགས་
ཀྱི་ལྷ་བསྟེན། ས་ཡི་སྙིང་པོ་ལྷར་བཟུང་། སྤྱན་མའི་གཟུངས་དང་རྣམ་སྲས་དང་། འཛམ་ལྷ་བསྟེན་ན་བཀྲ་ཤིས་འཕེལ། སྐུ་རྟེན་དང་། མཆོད་རྟེན་བཞེངས། བརྟན་པའི་ལས་བྱ། འཕོ་མེད་རང་ས་ཟིན་པའི་མོ་ཡིན་པས་གཞི་བརྟན་པའི་བྱ་བ་ལེགས་སོ། །( ན་ར ) ལྷའི་བུའི་བདུད་ལ་བབས་ན། ཁང་བཟང་མེ་ལ་ཚིག་པ་བཞིན་དུ་ངན། བརྡ་ནི་ནུབ་ཀྱི་ཕྱི་སྒོ་ན་གནས་པ་བསླུ་བྱེད་ལོག་འདྲེན་ཆེན་པོ་ན་རེ། འདོད་པའི་མེ་འབར་ན་རང་ཚིག་ཅེས་བྱའོ། །གཞི་དང་སྲོག་ཕྱྭར་མི་བརྟན་གེགས་ཆགས་ཆེ། བློ་དང་དོན་ཕྱྭ་མཐར་ཕྱིན་པ་ཡི་འབྲས་བུའི་སྟོང་། གྲོགས་དང་ནོར་ནི་དར་ཟབ་བསྲེག་པའི་ཐལ་བ་བཞིན། དགྲ་ཡོད་ཅིང་ཁྱད་པར་ལྷོ་ནུབ་ནས་འཚེ་བ་འབྱུང་། མགྲོན་པོ་མི་ནོར་གང་ལའང་འཚུབས་ཆ་ཆེ། ནད་ཚ་བ་ཁྲག་དང་རིམས་ནད་སོགས་གཟེར་ཆེ་ཞིང་ངན། གདོན་ཤ་ཁྲག་དང་། རྫས་གྲུ་གསུམ་མམ་དམར་པོའི་རིགས་ནུབ་ནས་འོང་བས་གདོན། ཐབ་གསུར་དང་ཕོག་ཐུག་སོགས་ཉེས་པ་ཡོད། ཆོས་ཕྱྭ་ལ་བར་ཆད་ཤིན་ཏུ་ཆེ་བས་ཞི་བའི་སྦྱིན་སྲེག་དང་ཆུ་སྦྱིན་གྲངས་མང་། སྨན་སྒྲུབ་བྱ། ཞི་བ་དཀར་པོ་དང་བཀའ་ཐང་།
སིདྡྷི་གྲངས་མང་བྱ། བོར་བ་མི་རྙེད། ཨེ་འོང་ཨེ་གྲུ་ལ་འཚུབས། བར་ཆད་ཆེ་བས་མི་འགྲུབ། ལྷག་མའི་དྲི་བ་ཀུན་ལ་མི་དགེ་སྟེ་གྲོང་མེ་ལ་བསྲེག་པ་སོགས་མི་ཤེས་པའི་ལས་ཁ་ཅིག་ལ་བསྔགས། འདི་ཕུང་པོ་སྡུག་བསྔལ་གྱིས་ཉེན་པའི་མོ་ཡིན་པས། གཅོད་གཏོང་། བརྒྱ་བཞི་སོགས་བོར་དགོས་སོ། །༼ན་པ༽ གསེར་གྱི་གཞོང་པ་འབྲུས་གང་བ་ལ་བབས་ན། ཇི་ལྟར་རིན་པོ་ཆེའི་གཞོང་པ་ཟས་ཀྱིས་གང་བ་བཞིན་དུ་ལོངས་སྤྱོད་འཕེལ། འདོད་འཇོའི་བ་ཞེས་ཀྱང་བྱ། བརྡ་ནི་རྒུད་པ་ཞི་བྱེད་སྐུའི་འཇམ་དཔལ་དཀར་པོའི་ཞལ་ནས། སྣོད་གསེར་བུམ་དང་བཅུད་བདུད་རྩི་འཛོམ་པ་ཤིན་ཏུ་མཛེས་ཞེས་སོ། །གཞི་སྲོག་ལ་བཟང་སྟེ་བདེ་བར་ལྡན། བློ་དོན་ལ་ཡིད་འོང་དགའ་བ་འཕེལ། ཁྱད་པར་ཟས་ནོར་གྲོགས་ཀྱི་ཚུར་འདུ་ཞིང་རྒྱས། དགྲ་རྐུན་མེད། མགྲོན་པོ་དོན་བཟང་དུས་འགྱང་བ་ཙམ་ན་དགའ་བར་སླེབ། ནད་ཞི་བའི་བདེ་བ་དང་ལྡན། གདོན་ནི་མེད། གདོན་དུ་བལྟས་ཀྱང་གཡབ་ཡིན། ཆོས་ཕྱྭ་ལ་བཟང་། བོར་བ་ཤར་རམ་དབུས་སུ་རྙེད་པའམ་ལྷོ་ནས་འབྱོར། བྱ་བ་ཨེ་གྲུ་དང་། ཨེ་སླེབས་ལྟ་བུ་ལ་རང་ཡུལ་སླེབ་ཟིན་དང་མགོ་རྩོམ་ཟིན་མིན་ན་ཅུང་འགྱོད་
སྟེ་ཕུགས་སུ་དོན་ཡིད་བཞིན་འབྱོར། ལྷག་མའི་དྲི་བ་ཀུན་ལ་ཡིད་བདེ་བར་གྱིས་ཞེས་ལུང་སྟོན། དབང་བསྐུར་ཞུ་ཞིང་ནོར་ཅན་དང་རིན་པོ་ཆེའི་རིགས་ལྷར་བསྟེན། བསྐྱེད་རིམ་དང་སྒྱུ་རྩལ་ལུས་ཀྱི་བཅུད་ལེན་སོགས་བྱས་ན་ལེགས། ཚོགས་སྐོང་དང་ཀླུ་མཆོད་བྱ། རྣམ་སྣང་གི་རིགས་རྒྱུད་དང་ཚངས་པའི་རིགས་བྱེད་བཀླག །ཚོགས་བདག་གླང་སྣ་དང་ཀུན་འཁྱིལ་མཆེད་གསུམ་བསྟེན་ན་བཟང་། འདི་སྐྱིད་འཕེལ་སོ་ནམ་ལེགས་པའི་མོ་ཡིན། ༼ན་ཙ༽ བྱེ་མའི་རི་བོ་ལ་བབས་ན། ཇི་ལྟར་ཐལ་བ་རླུང་གིས་གཏོར་བ་བཞིན་དུ་དོན་འབྲས་ཉམས་ཤིང་སྟོར། བརྡ་ནི་བདུད་ཀྱི་ཕོ་ཉ་བྱང་ཤར་ན་རྒྱུ་བ་དམ་སྲི་བློ་རྐུན་གྱི་ཚོགས་ན་རེ། གསེར་གྱི་ཁང་བཟང་རྡུལ་དུ་རིམ་གྱིས་ཞིག་ཅེས་བྱའོ། །གཞི་དང་སྲོག་ཕྱྭར་མར་མར་འགྲིབ། བློ་དང་དོན་ཕྱྭ་ལ་འཕོ་འགྱུར་ཆེ་ཞིང་མཐར་རྒུད་པ་མྱོང་། གྲོགས་ནོར་གསར་དུ་མི་འབྱུང་སྔར་ཡོད་རིམ་གྱིས་ཉམས། མི་མངོན་པའི་དགྲ་གློ་བུར་བས་དཔལ་ལ་འཚེ་བ་འབྱུང་བས་དགྲ་མནན་དང་མདོ་ཟློག་ནན་ཏན་བྱ། མགྲོན་པོ་སླེབ་ཚེ་འགྱོད་པའི་གཏམ་ཅུང་ཟད་དང་བཅས་པར་འོང་། ནད་སྐྱོན་བྱེད་ཆེར་མི་མངོན་པར་འཇམ་བུའི་ནད་དེ་དཀར་
ཆོས་རིམ་གྲོ་བྱ། གདོན་ཆེར་མེད་ཀྱང་ཀུན་རྟོག་ཚུབ་པོ་སློང་། ཞི་སྦྱིན་བྱ། ལེ་ལན་ནི་སྔར་གྱི་གྲོས་དང་བྱ་བ་ཉེས་པའི་བག་ཕྲ་མོའི་བསགས་པས་ལན། སེལ་དང་ཆུང་མདོས་ཆུང་སྲི་མནན། དགེ་འདུན་ལ་ཞལ་སྟོན་བྱས་ནས་བཀྲ་ཤིས་ཀྱི་ཚིགས་བཅད་གསུང་དུ་གཞུག །ཆོས་ཕྱྭ་ལ་ཕུགས་མི་བཟང་བས་དོན་འགྲུབ་དཀའ། བོར་བ་རིམ་གྱིས་ལོན་དཀའ། ཨེ་གྲུ་སོགས་ལ་དཀའ། གྲུབ་ཀྱང་དོན་མེད། དྲི་བ་ལྷག་མ་ཀུན་ལ་དོན་བཟང་པོ་མེད་ཅེས་ལུང་སྟོན། བཤིགས་པའི་ལས་ཚོགས་དགེ། རི་བོ་རྡུལ་དུ་འཛད་པའི་མོ་འདི་གཞི་སོགས་ལ་མི་མངོན་བཞིན་དུ་ངན་པས། དཀོན་བརྩེགས་དང་བཀྲ་ཤིས་བརྩེགས་པ་འདོན། བསམ་ལྷུན་ཅི་མང་དང་གསེར་ཟམ་བཙུགས་དགོས། སྲི་མནན་དང་གསེར་གྱི་གླེགས་བམ་བཞེངས་ན་ཕན། ༼ན་ན༽ གསེར་གྱི་ཁང་བཟང་ལ་བབས་ན། ཇི་ལྟར་འབྱོར་པ་རྒྱས་པའི་གཞལ་མེད་ཁང་བཞིན་བརྟན་ཅིང་རྒྱས་ལ་བཟང་། བརྡ་ནི་གསེར་གྱིས་གཞིའི་སྟེང་དུ་རཏྣའི་ལྷུན་པོ་ཆགས་པ་བཞིན་ངོ་མཚར་ཆེ་ཞེས་སོ། །མི་ཟད་པའི་གཏེར་ཡིན་པས་གཞི་སྲོག་ལ་ཆེས་བརྟན་པས་བཟང་། བློ་དང་དོན་ཕྱྭ་ཤིན་ཏུ་
བརླིང་པས་ས་དང་ལྷུན་པོ་ཇི་སྲིད་དུ་བཟང་ཡང་ཕྱི་དལ་ཆེ། ནོར་ལྷ་དང་ཡུལ་ལྷ་བསྒྲུབས་ན་འགྲུབ། གྲོགས་དང་ནོར་རྒྱ་ཆེན་པོ་ཕུགས་སུ་བཟང་། དགྲ་ནི་མི་སྲིད། མགྲོན་པོ་དོན་ཆེ་སླེབ་པ་འགྱངས་ཏེ་བཟང་། ནད་ལྕི་འཐིབ་རིགས་ཡུན་རིང་སྟེ་མི་སྐྱོན། ནད་གཞན་གྱི་འབྱུང་བར་དཀའ། གདོན་དང་ལེ་ལན་ཅི་ཡང་མེད། ཆོས་ཕྱྭ་ལ་སྡོམ་བརྩོན་སོགས་བརྟན་ཅིང་བསམ་པ་འགྲུབ། བོར་བ་གཞི་ནས་མ་གཡོས། གལ་ཏེ་གཡོས་ན་དཀའ། འོང་ངམ་ཨེ་གྲུ་ལ་ཐག་ཆོད་ཟིན་ན་མ་གཏོགས་ཅུང་ཕྱི་དལ་ཆེ། ལྷག་མའི་དྲི་བ་ཀུན་ལ་ཕྱི་དལ་མེད་ན་ཤིན་ཏུ་ལེགས་ཏེ་བཀའ་ཞུ་བ་དང་སྔ་མའི་བྱ་བ་གཏོང་བ་སོགས་བསྐྱོད་ཅིང་བཤིགས་པའི་ལས་ལ་ཤིན་ཏུ་དཀའ་ཞེས་སྟོན། གཏེར་སྒྲུབ་པ་དང་བཅིང་པ་དང་རིངས་པའི་ལས་ལ་མཆོག །ནོར་རྒྱུན་མ་སོགས་གཡང་ལྷ་བསྟེན་ཅིང་མཆོད་རྟེན་བཞེངས། བུམ་གཏེར་སྦ། རྒྱས་པའི་ལས་བསྒྲུབས་ན་ཤིན་ཏུ་བཟང་། སྦྱན་མའི་གཟུངས་དང་། ས་སྙིང་གི་གཟུངས་སོགས་སྒྲོགས། མགོན་པོ་བེར་ནག་དང་ཞང་བློན་གསོལ་ན་བཟང་། ཆེ་ཐོག་ཆེ་བཞག་གི་མོ་ཡིན་ནོ། །༼ན་དྷཱིཿ༽ ནུབ་ཀྱི་སྒོ་བ་ལ་བབས་ན། རིན་པོ་ཆེའི་
མཛོད་མིག་ཕྱེ་བ་བཞིན་དུ་ཕུན་སུམ་ཚོགས། བརྡ་ནི་ཤར་རིན་པོ་ཆེའི་གཏེར་སྒོ་འབྱེད་ཅེས་སོ། །འོ་མ་ལས་མར་དང་རྒྱ་མཚོ་ལས་ནོར་བུ་རྙེད་ཅེས་བྱའོ། །གཞི་སྲོག་ལ་འཕོ་འགྱུར་མེད་དེ་བཟང་། བློ་དོན་ལ་བརླིང་ཞིང་ཕུགས་སུ་ལེགས། གྲོགས་ནོར་འདོད་པ་བཞིན་དུ་འགྲུབ། དགྲ་མི་འབྱུང་། མགྲོན་པོ་དོན་བཟང་ལམ་བདེ། ནད་ཇེ་དངས་ལ་རིམ་གྱིས་འགྲོ། གདོན་གང་ཡང་མེད། ཆོས་ཕྱྭ་ལ་ཤིན་ཏུ་བཟང་། རྡོ་རྗེའི་རིགས་དང་། རིགས་གསུམ་དེ་བཞིན་གཤེགས་པའི་རིགས་བསྟེན་ན་བཟང་། སྟོབས་པོ་ཆེ་དང་དཔལ་ཆེན་པོ་བསྟེན། བོར་བ་དང་གཞན་དུ་འབྱིན་དཀའ་ལ། འོང་ངམ་ཨེ་གྲུ་ལ་ཕུགས་སུ་གྲུ། ལྷག་མའི་དྲི་བ་ཀུན་ལ་དགེ་སྟེ་ཁྱད་པར་རིན་ཆེན་རིགས་ཚོལ་བ་ལ་བཟང་། བདུད་བཙན་ཀླུ་གསུམ་བསྟེན་ན་དགེ། ཀུན་ལ་བསྙེན་བཀུར་དང་གཞི་བདག་རིགས་དང་ཡུལ་ལྷ་གསོལ། ས་བདག་མཆོད་ན་བཀྲ་ཤིས། མཁར་ལ་བག་མ་ཐོགས་པའི་མོ་ཞེས་བྱའོ། །༼དྷཱི་ཨ༽ འཇམ་དཔལ་དཔའ་བོ་ལ་བབས་ན། ནོར་བུ་ལག་ཏུ་ཚུད་པ་བཞིན་ཇི་བསམ་འགྲུབ། བརྡ་ནི་བདེ་ཆེན་ཐུགས་ཡེ་ཤེས་སེམས་དཔའི་ཞལ་ནས། རིག་པ་ཡེ་ཤེས་ཆེན་
པོའི་རྩལ་ཕྱོགས་མེད་དུ་རྒྱས་ཞེས་བྱའོ། །གཞི་སྲོག་ལ་བརྟན་ཅིང་གེགས་མེད་བཟང་། བློ་དང་དོན་ལ་ཐེ་ཚོམས་མེད་དེ་མི་བསླུ་བའི་ཚད་མ་ཞེས་བྱའོ། །ནང་དོན་སྤྱི་དང་སྔགས་ལ་ཐོས་བསམ་བྱས་ན་བཟང་། གྲོགས་ནོར་ཇེ་འཕེལ་དུ་འགྲོ། དགྲ་ཐམས་ཅད་གུས་པས་འདུད། མགྲོན་པོ་ལམ་བདེ་ཞིང་དགའོ། །ནད་རང་བཞིན་གྱིས་ཞི་འགྲོ། གདོན་གང་ཡང་མེད་དེ་ད་ཡང་མི་འབྱུང་། ཐམས་ཅད་ལེགས་པ་སྟེ་ལེ་ལེན་ཅི་ཡང་མེད། ཆོས་ཕྱྭར་བཟང་སྟེ་ཡིད་འོང་འཕེལ། ཇི་ལྟར་བསམ་པ་འགྲུབ། བོར་བ་རྙེད། འོང་ངམ་གྲུབ་བམ་ཞེ་ན་གྲུ་དང་འོང་ཞེས་བྱའོ། །དྲི་བ་ལྷག་མ་མཐའ་དག་ལ་དོན་གྲུབ་ཅེས་བྱའོ། །ཡི་དམ་འཇམ་དཔལ་པད་འབྱུང་དུས་འཁོར་ཡང་དག་སོགས་བསྟེན། ལམ་སྒྱུ་ལུས་དང་རྫོགས་ཆེན་སྦྱོར་དྲུག་བསྒོམ། ཆོས་སྐྱོང་ཐང་ལྷ་དང་མགོན་པོ་བསྟེན། རྟེན་གསུམ་བཞེངས་ན་ཕུན་སུམ་ཚོགས་ངོ་ཡོད། འདི་གྲོང་ཁྱེར་སོ་དྲུག་གི་གཙོ་བོ་ཡབ་ཀྱི་མེ་སྟེ་ཡེ་ཤེས་རྒྱས་ཤིང་མཆོག་གྲུབ་པའི་མོ་ཡིན་ནོ། །༼དྷཱི་ར༽ དཔལ་གྱི་བེའུ་ལ་བབས་ན། མེ་ཏོག་གི་དགའ་ཚལ་དུ་སླེབ་པ་བཞིན་ཡིད་འོང་གི་ལྟད་མོ་མཐོང་། བརྡ་ནི་བློ་གསལ་
མིག་གིས་ལྟོས་དང་ཡ་མཚན་ཕ་གི་གདའ་ཞེས་སོ། །གཞི་ལ་བཟང་། སྲོག་ཕྱྭར་ཤིན་ཏུ་དགེ། བློ་ལེགས་ཤིང་བཟང་། གནས་སོགས་ཤིས་ཤིང་གྲོས་འགྲིགས་ཤིང་དགེ་ལ་མངོན་ཤེས་འོང་། དོན་ལེགས་པར་འགྲུབ། གྲོགས་ནོར་དགའ་བར་བཅས་ཏེ་རྙེད། དགྲ་མེད། མགྲོན་པོ་བདེ་ཞིང་ལམ་མྱུར། ནད་འཕྲལ་དུ་ཞི། གདོན་ཅི་ཡང་མི་སྣང་། ལེ་ལེན་མེད་པས་ཡིད་དགའ། ཆོས་ཕྱྭ་ཇི་བསམ་འཕེལ། བོར་བ་མྱུར་དུ་རྙེད། གྲུ་དང་ཨེ་འོང་ལ་གྲུ་དང་འོང་ཞེས་བྱའོ། །ལྷག་མའི་དྲི་བ་ཀུན་ལ་རང་བློས་གང་བཅད་ལྟར་རུང་ཞེས་བྱའོ། །སྒྲིབ་པ་རྣམ་སེལ་དང་གཙུག་ཏོར་རྣམ་རྒྱལ་གདུགས་དཀར་སོགས་བཀྲ་ཤིས་པའི་ལྷ་བསྟེན། ཁྱད་པར་བདེ་མཆོག་དང་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་བརྟེན་ན་དགེ་ཞིང་བསམ་པ་འགྲུབ། བསམ་ལྷུན་བཏང་ན་བཟང་ངེས་སོ། །རང་གི་སྔར་བསྟེན་ཡི་དམ་དང་། ཆོས་སྐྱོང་སྙིང་ལ་བཅག་པ་དེ་ཁོ་ན་ལྟར་གྱིས་དང་བཀྲ་ཤིས། གྲོགས་ཀྱིས་འདུན་པའི་མོ་ཡིན་ནོ། །༼དྷཱི་པ༽ གསེར་གྱི་ཉ་མོ་ལ་བབས་ན། མཚོ་ལ་ཉ་མོ་འཕྱོ་བ་བཞིན་དུ་སྒྱུ་རྩལ་དང་བཀྲ་ཤིས་འཕེལ། བརྡ་ནི་བདུད་རྩི་ཁྲུས་ལ་ཞུགས་པས་དགའ་བ་འཕེལ་ཞེས་སོ། །གཞི་
ལ་བཟང་། བློ་དོན་ལ་ལེགས། གྲོགས་ནོར་ཆེན་པོ་འབྱུང་། དགྲས་བརླག་མི་རྙེད། མགྲོན་པོ་ལམ་བདེ་ཞིང་དུས་སུ་སླེབ། ནད་ཞི། གདོན་མེད། བོར་བ་ལོན། ཆོས་ཕྱྭར་དགེ་བ་འཕེལ། འོང་ངམ་གྲུ་ཞེ་ན་དུས་སུ་སྨིན་ཞེས་བྱའོ། །དྲི་བ་ལྷག་མ་ཡང་འཇམ་ཞིང་དགེ། གསོ་རིག་བསླབ་ན་བཟང་། དཀོན་བརྩེགས། དྲན་ཉེར་མདོ་ཕྲན་རྣམས་སྒྲོགས། ཞི་རྒྱས་ཀྱི་སྦྱིན་སྲེག་བྱས་ན་དོན་བཟང་པོ་དང་འཕྲད། བྱམས་པ་ལྷར་བཟུང་ན་ལེགས། འདི་བློ་དོན་ལ་རྩོལ་ཞིང་མཐུན་པའི་མོའོ། །༼དྷཱི་ཙ༽ ཆོས་དུང་དཀར་པོ་ལ་བབས་ན། དུང་གི་སྒྲ་དབྱངས་འབྱིན་པ་བཞིན་བཀྲ་ཤིས་དང་སྙན་པ་འཕེལ། བརྡ་ནི་བློ་ཡི་བསམ་པ་སྙན་པའི་དབྱངས་སུ་གྲགས་ཞེས་བྱ། གཞི་སྲོག་བློ་དོན་གང་ལའང་བཟང་སྟེ་གཏམ་སྙན་འོང་། །ཁྱད་པར་སྒྲ་བསླབ་པ་དང་རྩོད་པར་སྨྲ་བ་སོགས་ལ་ལེགས། གྲོགས་ནོར་ལ་ཁ་གསལ་ཡོད། དགྲ་མེད། མགྲོན་པོ་གཏམ་སྙན་བཅས་ཏེ་སླེབ། ནད་པར་སྲོག་མི་སྐྱོན་ཀྱང་སེམས་འཕྱོ་བ་སོགས་འོང་། གདོན་མེད། ཆོས་ཕྱྭ་ལ་སྙན་པ་འོང་། བོར་བ་ཁ་གསལ་ཡོད། འོང་ངམ་གྲུ་ན་འོང་དང་གྲུ་ཞེས་བྱའོ། །ལྷག་མའི་དྲི་བ་
ཀུན་རུང་ཞེས་ལུང་སྟོན། འཕགས་པ་ཀུན་ཏུ་བཟང་པོར་ལྷར་བཟུང་། རྒྱལ་མཚན་རྩེ་མོ་དང་ཏོག་གཟུངས་འདོན། ཆོས་སྐྱོང་ཞལ་བཞི་དང་གནོད་སྦྱིན་རིགས་བསྟེན། གཏམ་དང་སྨྲ་བ་བཟང་པོ་འཕེལ་བའི་མོ་ཡིན། ཞུ་གནང་བརྡ་འཕྲོད་དོ། །གསེར་གྱི་འཁོར་ལོ་ལ་བབས་ན། ཇི་ལྟར་རྒྱལ་བུས་རྒྱལ་ས་ཐོབ་པ་བཞིན་དུ་ཕུན་སུམ་ཚོགས་ཏེ་བཟང་། བརྡ་ནི་འབད་པ་མེད་པར་གཏེར་ཐོབ་པ་མཚར་ཞེས་སོ། །གཞི་སྲོག་ལ་ཤིན་ཏུ་བརྟན་ཅིང་བཟང་། བློ་དོན་ཕུགས་བརླིང་བས་ལེགས། ཁྱད་པར་མི་ཆོས་ལ་རྩེར་ཕྱིན་པ་འོང་། གྲོགས་ནོར་འཕེལ། དགྲ་དབང་དུ་འགྱུར། མགྲོན་པོ་རྒྱལ་ཞིང་སྐྱིད། ནད་པ་ངེས་པར་མི་སྐྱོན་ཀྱང་ལྷ་མ་དགའ་ནས་ཡུན་ཅུང་ཟད་རིང་བས་ན། གདོན་མེད། ཆོས་ཕྱྭར་བཀྲ་ཤིས་ཤིང་ལེགས། བོར་བ་དུས་གཞན་ན་རྙེད་སྲིད། འོང་ངམ་ཨེ་གྲུ་ན་ཅུང་བཤོལ་ཏེ་ཕུག་ལེགས། དྲི་བ་ལྷག་མ་ཀུན་ལ་ཕུགས་སུ་ལེགས་ཞེས་བྱ། ཡི་དམ་རྦོད་སྟོང་དང་གཤིན་རྗེའམ། བླ་མེད་ཧེ་རུ་ཀ་དང་རྣམ་སྣང་སོགས་བརྟེན། གཙུག་གཏོར་འཁོར་བསྒྱུར་ཡི་དམ་ལ་བསྟེན། བདུད་ཚར་གཅོད་པའི་གཟུངས་སྒྲོགས། གུར་ཞལ་སོགས་ཆོས་སྐྱོང་དགྲ་བླ་བསྟེན་ན་བཟང་། འདི་ཁྲི་ལ་འཛེགས་པའི་མོ་ཡིན།
༼དྷཱི་དྷཱིཿ༽ རྒྱལ་མཚན་མཐོན་པོ་ལ་བབས་ན། ཇི་ལྟར་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲེངས་པ་བཞིན་དུ་རྣམ་པར་རྒྱལ་ཞིང་བཟང་སྟེ་དམིགས་པའི་ལས་འགྲུབ། བརྡ་ནི་བསམ་འཕེལ་དབང་གི་རྒྱལ་པོ་ལ་བརྟེན་ན་འབྲས་བུ་གོང་ནས་གོང་དུ་འཕེལ་བ་འདི་ངོ་མཚར། གཞི་མི་ནུབ་པས་བཟང་། སྲོག་ཤིན་ཏུ་བརྟན་ཏེ་རྡོ་རྗེ་དང་འདྲ། བློ་དང་དོན་ཕྱྭར་ཤིན་ཏུ་ལེགས། རིལ་བུ་རལ་གྲི་དང་ཕྱག་མཚན་སྒྲུབ་པ་སོགས་ལ་བཟང་། གྲོགས་དང་ནོར་འདུ། ཡིད་བཞིན་ནོར་བུ་འདོད་པ་འབྱུང་སྟེ་རེ་བ་ལས་ལྷག་པར་དོན་འཕེལ། དགྲ་མེད། མགྲོན་པོ་ལམ་བདེ་ཞིང་སླེབ། ནད་ངང་གིས་ཞི། གདོན་དང་ལེ་ལེན་ཅི་ཡང་མེད། བོར་བ་རང་བློའི་གྲོགས་ཀྱིས་བསྟན་པ་བཞིན་བྱས་ན་རྙེད། འོང་ངམ་གྲུ་ལ་ལེགས། ཆོས་ཕྱྭ་ལ་རྒྱུ་སྐར་གྱི་དབུས་སུ་ཟླ་བ་བཞིན་གསལ། ཡི་དམ་སྒྲུབ་པ་ལ་འབད་ན་དངོས་གྲུབ་ཆེན་པོ་ཡོད། ཁྱད་པར་ཚད་མ་སྤྱངས་ན་ལེགས། དྲི་བ་ལྷག་མ་ཀུན་ལ་ཇི་ལྟར་རིགས་པར་རུང་ཞེས་ལུང་སྟོན། ཡི་དམ་ཡང་དག་དང་དགྱེས་རྡོར་གསང་འདུས་དང་ཕྱག་རྡོར་སོགས་ལ་བསྟེན་ནས་དགེ་ཚོགས་སྤེལ་ན་ཤིན་ཏུ་བཀྲ་ཤིས། མགོན་པོ་ཕྱག་དྲུག་པ་མཆོད་ན་
ལེགས། ཆོས་རྫོགས་ཆེན་དང་། མཚན་བརྗོད་སོགས་བཀླག །ཆོས་སྐྱོང་གེ་སར་སྐྱེས་བུ་དོན་གྲུབ་ཝེར་མ་བསྟེན། འདི་ནི་ནོར་བུའི་རྒྱལ་མཚན་སྒྲེང་བའི་མོ་ཡིན། ད་ནི་དེ་དག་གི་ལན་དུ་སླར་ཡང་གཅིག་བརྟག་པས། བཟང་ན་ཕུག་བཟང་། ངན་ན་ཕུག་ངན། དེ་ཡང་ཡབ་ཡུམ་དང་། གོ་ཟློག་སོགས་བབ་ལེན་དཔྱད་དེ་སྨྲའོ། །ནན་ཆེན་མ་གཏོགས་གཅིག་གིས་ཆོག །བླང་དོར་སྣ་ཚོགས་བརྟན་པའི་འཁྱུད་དཔྱད་གྲོང་ཁྱེར་སུམ་ཅུ་རྩ་དྲུག་པའི་འཁྲུལ་འཁོར་ཨྠྀི། །ད་ནི་རྟེན་འབྲེལ་འཕྲུལ་མིག་བཤད། །སྲོག་སོགས་རང་རང་ཁམས་དེ་ལས། །ནང་འཕྲད་དང་ནི་གྲོགས་དང་ནི། །དྷཱི་དྷཱི་ཅན་ལ་དར་ཞེས་བརྗོད། །ཨ་ནི་བཏང་སྙོམས་ར་ནི་རྒུད། །རྩ་རླུང་བཟང་པོ་མགྱོགས་ངོ་ཆེ། །བ་ཆུ་བཟང་པོ་གཉེན་འགྲིགས་ངོ་། །དྷཱི་ཡིག་སྔོན་དམར་འགྱུར་པ་དྲུག །གང་ཤར་བློ་ཡི་ཆ་ལ་ལེགས། །ལན་ལ་བསྟུན་ཏེ་ཁམས་བསྟུན་དཔྱད། །དྷཱི་ཡིག་རྗེས་སུ་གནས་པ་དྲུག །སྔོན་མའི་ཁམས་མཐུན་ལྷ་སྒྲུབ་བཟང་། །ཨ་ཡིག་སྔོན་མ་ཅན་བཏང་སྙོམས། །ཨ་རྗེས་ཅན་དྲུག་བར་ཆད་མེད། །ར་ཡིག་འདོད་པའི་ཡིད་ཡིན་ཏེ། །ཙ་ནི་གཏམ་སྨྲ་བ་ཡི་ངོ་། །དང་
པོ་རང་ས་གཉིས་པ་གཞན། །པ་ནི་ལོངས་སྤྱོད་དགའ་བ་སྟེ། །ན་ནི་གནས་ཡུལ་བྱ་བའོ། །སྔར་གྱི་སྡུག་བསྔལ་ཞི་བ་ལ། །ཨ་ཡི་རིགས་བཟང་སྔར་མེད་པ། །འཕེལ་བ་ལ་ནི་དྷཱི་ཡིག་ལེགས། །པ་ཞི་ར་དབང་ན་རྒྱས་པ། །ཙ་ནི་དྲག་པོ་དྷཱི་ཡིག་མཆོག །ཨ་ནི་ཀུན་ཁྱབ་ནང་སེལ་སྦྱར། །ཨ་མཁའ་ར་མེ་ས་ཆུ་སྟེ། །ཙ་རླུང་ན་ས་དྷཱི་ཡེ་ཤེས། །དེ་བཞིན་ར་མིག་ཨ་རྣ་བ། །ན་སྣ་ས་ལྕེ་ཙ་ནི་ལུས། །དྷཱི་ནི་ཡིད་ཀྱི་རང་བཞིན་ནོ། །དེ་བཞིན་ཡུལ་དྲུག་ཤེས་དྲུག་ཀྱང་། །དེ་བཞིན་སྙིང་དང་རྒྱུ་མ་ར། །གློ་ལོང་ཨ་ལ་མཚན་མཁྲིས་ཙ། །མཁལ་སྒང་བསམ་སེ་པ་ཡིན་ལ། །མཚེར་བ་ཕོ་བ་ན་མིག་སྟེ། །དངས་མའི་ཐིག་ལེ་དྷཱི་ཡིག་གོ །ཨ་དྷཱི་ཐུགས་དང་ཐིག་ལེ་སྟེ། །ར་ཙ་གསུང་དང་རླུང་གི་ཁམས། །ལྷག་མཐོང་དྲག་རྩུབ་དུས་མར་ངོ་། །ན་པ་སྐུ་སྟེ་རྩའི་རང་བཞིན། །ཞི་གནས་ཞི་འཇམ་དུས་ཡར་ངོ་། །ཨ་དབྱིངས་དྷཱི་ནི་ཡེ་ཤེས་སོ། །རྩ་ང་ར་ནི་གཏམ་ཚིག་གོ །ན་སྐུ་པ་དེ་བཅུད་དེ་རྩ། །ཨ་དྷཱི་ནམ་མཁའ་ན་པ་ས། །ར་ཙ་བར་སྣང་ཁམས་སུ་བསྟན། །ན་པ་མོ་དང་ར་ཙ་ཕོ། །ཨ་དྷཱི་མ་ནིང་ཉིད་དུ་ཤེས། །ཨ་དྷཱི་དབུས་ལ་པ་
ནི་ལྷོ། །ར་ནུབ་ཙ་བྱང་ན་ཤར་རོ། །ཨ་ནི་ངེས་མེད་ར་ནི་དམར། །པ་དཀར་ཙ་ལྗང་ན་སེར་པོ། །དྷཱི་ནི་སྣ་ཚོགས་མདོག་ཏུ་བསྟན། །ཨ་ནི་མ་ངེས་ར་གྲུ་གསུམ། །པ་ནི་ཟླུམ་པོ་ཙ་ཟླ་གམ། །ན་ནི་གྲུ་བཞི་དྷཱི་སྣ་ཚོགས། །ཨ་ནི་བདེ་གཤེགས་ར་པདྨ། །པ་ནི་རིན་འབྱུང་ཙ་དོན་གྲུབ། །ན་ནི་རྡོ་རྗེ་དྷཱི་ཡིག་ནི། །དྲུག་པ་ཧེ་རུ་ཀ་ཡི་རིགས། །དེ་བཞིན་སྒྲ་དྲི་རོ་སོགས་དང་། །འཁོར་དང་མྱ་ངན་འདས་པའི་ཆོས། །དྲུག་ཚན་དྲུག་ཏུ་ལེགས་སྦྱར་ཏེ། །བརྟག་བྱའི་དོན་ལ་རིག་མདའ་སྦྱར། །གང་བརྟགས་དེ་ཡི་མིང་ཐོགས་དང་། སྡེ་ཚན་མཚུངས་པའི་ཡི་གེ་སྦྱར། །ཡང་ན་སེམས་ཀྱི་མཚན་མ་རུ། །བཟུང་བའི་ཡི་གེར་དམིགས་ཏེ་བརྟག །ཡིད་ཀྱི་རྟེན་འབྲེལ་གང་བརྟག་ལ། །དེ་བཞིན་རྗེས་སུ་སྟོན་པ་ཡིན། །རྟེན་འབྲེལ་མོ་ཡིག་མཚན་མ་དང་། །ཕྱི་ནང་གསང་བའི་ཁམས་ཀྱི་ལྟས། །མཚུངས་པར་སྦྱར་བའི་རྣལ་འབྱོར་པས། །སྣང་བ་རྟེན་འབྲེལ་འཆར་སྒོ་ལས། །དུས་གསུམ་པ་ཡི་བླང་དོར་ཤེས། །གཞན་ཡང་སྔགས་ཀྱི་འཁྱུད་དཔྱད་དང་། །མཁའ་ལས་ལྟས་དང་མར་མེ་དང་། །ཆུ་དང་སྒྲ་དང་མེ་ལོང་དང་། །ཡིད་ལ་པྲ་
དབབ་པ་ཡི་ལས། །འཇམ་པའི་རྡོ་རྗེའི་སྔགས་ཀྱི་རྒྱུད། །མཁས་པ་གཞན་ལས་སྐལ་བཟང་གི །ཡིད་ལ་སྣང་བ་བཞིན་དུ་དཔྱད། །འདི་ནི་འཇམ་པའི་རྡོ་རྗེ་ཡི། །རིག་སྔགས་ཆོས་ལས་འཆང་བྱེད་པའི། །ཡིད་ཀྱི་མེ་ལོང་ངོས་ལ་ནི། །རྒྱུན་བརྟན་གཟུགས་བརྙན་ཤར་བ་ལགས། །རབ་ཚེས་ལྕགས་འབྲུག་ལོར་མི་ཕམ་པས་བྲིས་པ་དགེ་ལེགས་འཕེལ།། །།འདིའི་མན་ངག་ལ་ཐོ་མཚམས་བཅས་པའི་དུས་ན་གདབ་པར་མི་བྱ་སྟེ། དོན་སྟོན་པར་མི་འགྱུར་ལ། ཐོ་མཚམས་མེད་ཅིང་གསལ་ལ་སྤྲོ་བ་དང་བཅས་པའི་དུས་ན་ཤིན་ཏུ་ངེས་ཤིང་། བརྟག་བྱ་བཤད་པ་དང་མཐུན་པར་ཐོ་མཚམས་མེད་པར་འགྱུར་རོ། །སྤྱིའི་རྟགས་དང་མཚན་མ་ནི་སྤྱིར་བརྟག་ཅིང་། གང་ལ་དམིགས་པའི་བརྟག་བྱ་རེ་རེ་ནས་དམོད་བོར་ཏེ་བརྟག་པར་བྱ་ཞིང་། བརྟག་པ་གཅིག་གིས་ཐམས་ཅད་ལ་ཁ་དམར་གདགས་པར་མི་བྱ། ཕྱི་བརྟག་པ་དེ་དང་། ནང་དེ་དུས་ཀྱི་ལྟས་དང་། གསང་བ་སེམས་ཀྱི་ཆར་སྒོ་བསྒྲགས་ཤེས་ན་མངོན་ཤེས་འཆར་རོ། །ཨྠྀི། །དགེའོ། །དགེའོ། །དགེའོ།། །།སྟེང་དུ་དྷཱི་ལ་འོག་ཏུ་ཨ།
ཤར་དུ་ར་ལ་ལྷོ་རུ་ན། །ནུབ་ཏུ་ཙ་ལ་བྱང་དུ་པ། །ཡི་གེ་དྲུག་པ་ཅི་ནུས་བཟླས་ཤིང་། དེ་སྐབས་མདུན་གྱི་ནམ་མཁར་འཇམ་དཔལ་ཡེ་ཤེས་སེམས་དཔའ་འཁོར་དང་བཅས་པ་འོད་ཐིབས་སེ་བྱོན་ནས་མངོན་སུམ་བཞུགས་པ་ལ་འདོད་དོན་སྟོན་པའི་གསོལ་བ་དྲག་ཏུ་གདབ་ནས་ཤྭ་འཕང་བས་ལེགས་ཉེས་མངོན་སུམ་དུ་ཤྭ་ལས་གསལ་བར་བསམས་ཏེ་ལན་གཉིས་འཕང་སྟེ་དཔྱད། གལ་ཆེ་ན་ལན་གཅིག་སྔར་བཞིན་འཕང་། ཡབ་ཡུམ་གོ་ཟློག་ནི། ཨ་དྷཱི་ལྟ་བུ་སླར་དྷཱི་ཨ་ལྟ་བུ་ལ་བབ་ན་ཡིན། ཤྭ་འགུལ་བའི་སྒྲུབ་ཐབས་རྒྱུད་ནང་ཡོད། འདིའི་ཡི་གེ་དྲུག་པ་སོགས་དུས་འཁོར་ལས་འབྱུང་། གཞན་ཡང་མཁའ་འགྲོ་རྒྱ་མཚོ་སོགས་ལས་བཤད་པའི་དོན་ཡང་ཡིན། དེ་དག་ཏུ་མོ་འདེབས་རྒྱུ་རང་ཁ་བཤད་ཀྱང་དོན་གྱིས་རིགས་པར་འགྲུབ་པ་ཡིན་ནོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝནྟུ།། །།