འཇམ་དཔལ་བསྟོད་པ་བྱིན་རླབས་གཏེར་ཆེན།
འཇམ་དཔལ་བསྟོད་པ་བྱིན་རླབས་གཏེར་ཆེན་བཞུགས་སོ། །ཨོཾ། སྐུ་མཆོག་འཇམ་དཔལ་གཞོན་ནུར་ཕྱག་འཚལ་ལོ། །འཇམ་དབྱངས་གསུང་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཁྱེན་རབ་ཡེ་ཤེས་སེམས་དཔར་ཕྱག་འཚལ་ལོ། །རྒྱལ་ཀུན་ཡེ་ཤེས་རྟེན་འབྲེལ་ཕྱག་འཚལ་ལོ། །ཡེ་ཤེས་རལ་གྲི་འཛིན་ལ་ཕྱག་འཚལ་ལོ། །ཐབས་ཀྱི་ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །ཤེས་རབ་མདའ་རྣོན་ འཕེན ་ལ་ཕྱག་འཚལ་ལོ། །སྙིང་རྗེའི་གཞུ་ཆེན་འཆང་ལ་ཕྱག་འཚལ་ལོ། །བདག་གིས་མགོན་པོ་འཇམ་དབྱངས་ཁྱོད་དྲན་ཏེ། །གུས་པས་སྙིང་ནས་གསོལ་བ་འདེབས་ལགས་ན། །ཐུགས་དམ་ཆེན་པོས་ཉེ་བར་རྗེས་བཟུངས་ནས། །སྤོབས་པའི་གཏེར་བརྒྱད་གྲོལ་བར་མཛད་དུ་གསོལ། །ཨོཾ་ཨ་ར་པ་ཙ་ན་དྷཱིཿཧཱུྃ། ཞེས་པའང་ལྕགས་སྦྲུལ་ཟླ་བ་དགུ་པའི་ཚེས་ཉི་མའི་གྲངས་ཟིལ་གནོན་ཆེན་པོའི་བསྙེན་སྒྲུབ་ལ་གནས་པའི་ཐུན་སྐབས་ཤིག་ཏུ་དྷཱིཿམིང་པས་སྤེལ་བ་དགེ ༈ བདེ་གཤེགས་སྲས་བཅས་ཀུན་གྱི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་མཐུས། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །ཅེས་པའང་ཐེག་པ་ཆེན་པོའི་ཚུལ་ལ་མི་ཕྱེད་པའི་འདུན་པ་ཅན་འཇམ་དཔལ་དགྱེས་པའི་རྡོ་རྗེས་ས་གླང་ཟླ་བ་གཅིག་པའི་ཚེས་བཅུ་གསུམ་ལ་བྲིས་པའོ།། །།