མགྲོན་བཞི་བརྔན་ཆོག་དཔག་བསམ་ལྗོན་ཤིང་།
མགྲོན་བཞི་བརྔན་ཆོག་དཔག་བསམ་ལྗོན་ཤིང་བཞུགས་སོ། །
ན་མོ་པདྨཱ་ཀཱ་རཱ་ཡ། འདིར་བསང་དང་འབྲེལ་བར་བརྔན་བྱེད་ན་གཟའ་སྐར་དུས་ཚེས་བཟང་པོར། གཞི་དཀར་སྟེང་དཀར་ཟླུམ་ཟས་ཕུད་བཟང་དགུས་བསྐོར་བ། ཕྱེ་མར། ཕུད་མཆོད། བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་སྣ་བདུན། འདོད་ཡོན་ལྔ། མཆོད་པའི་ལྷ་མོ་སོགས་ཀྱི་གཟུགས་འགྲོས་དང་། ཉེར་སྤྱོད་སྨན་རག་བཅས་པ་བཤམས། བརྔན་གཏོར་རི་རབ་བང་རིམ་བཞི་སྟེང་དཀར་གཏོར་གཅིག །དེའི་མདུན་དུ་འབྲས་ཀྱི་བྱ། གཡས་སུ་འབྲས་ལུག ། གཡོན་དུ ་འབྲས་གཡག །རྒྱབ་ཏུ་འབྲས་ར་སོགས་གཟུགས་འགྲོས་སྣ་ཚོགས། ལྷ་ཀླུ་སྡེ་བརྒྱད་ཀྱི་བཤོས་བུ་སོགས་མཐུན་རྫས། འདོད་ཡོན་སྣ་ཚོགས་ཀྱི་གཟུགས། དར་ཚོན་བལ་ཚོན། འབུལ་གཏོར་དཀར་ཟླུམ་ལ་དཀར་གསུམ་མངར་གསུམ་སོགས་ཟས་སྣ་དང་། དམར་གཏོར་
སྣ་ཤ་ཁྲག་སོགས་ཀྱིས་བརྒྱན་པ། ཟ་ཆང་འོ་ཞོའོ་སྐྱེམས་ཕུར་སྣ་ཚོགས། ཕྱི་མར་ཤེལ་ཚིག་སོགས་མཐུན་རྫས་ཅི་འབྱོར་གཙང་བར་བཤམས། དེའི་འོག་ཏུ་གླུད་མི་གཟུགས་ཕྱུགས་གཟུགས་བཤོས་བུ་ཏིང་ལོ་ཆར་སྒོག་པ་སོགས་ཟས་སྐོམ་སྣ་ཚོགས། རས་སྣ་སོགས་གླུད་ཆས་ཅི་འབྱོར་བསགས་པ་བཤམས་ལ། བསང་གཞུང་ཁྱེར་ནས། དང་པོ་ཡང་གཞིའི་གཏོར་མ་སྔགས་དྲུག་ཕྱག་དྲུག་དང་། ཉེར་སྤྱོད་སྨན་རག་རྣམས་བྱིན་བརླབ་བྱས་ནས། ཐོག་མར་དཀོན་མཆོག་སྲིད་ཞུའི་མགྲོན་ལ་འབུལ་ནི། ཨོཾ་ཨཱཿཧཱུྃ་ཧོ། མཆོད་གཏོར་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་རབ་འབྱམས་ཀྱིས་ནམ་མཁའི་ཁམས་ཁྱབ་པ་འདི་ཉིད་མཆོད་ཅིང་འབུལ་བའི་གནས་ནི། སྐྱབས་གནས་དམ་པ་
དཀོན་མཆོག་གསུམ་དང་རྩ་གསུམ་སྲུང་མ་དང་བཅས་པ་སྐྱབས་འོས་རྒྱ་མཚོའི་ལྷ་ཚོགས་ཆོས་ཀྱི་དབྱིངས་ཀྱི་ཀླས་པ་རྣམས་ལ་འབུལ་ལོ། །དེ་རྣམས་ཀྱི་སྐུ་གསུང་ཐུགས་དགྱེས་རབ་ཀྱི་མཆོག་དང་མཉེས་རབ་ཀྱི་ཕུལ་དམ་པར་གྱུར་ཏེ་ཐུགས་དམ་ཡོངས་སུ་བསྐངས་པར་གྱུར་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཡིད་བཞིན་དུ་བསྩལ་བར་མཛད་དུ་གསོལ་ལོ། །དེ་ནས་རྔ་རོལ་དབྱངས་དང་བཅས་ཏེ། ཨོཾ། རིག་འཛིན་པདྨ་ཐོད་ཕྲེང་རྩལ། །རྒྱ་བོད་མཁས་གྲུབ་བཀའ་གཏེར་གྱི། །དགོངས་བརྡ་སྙན་བརྒྱུད་བླ་མ་ལ། ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །བསང་དང་སྦྲགས་མར་བྱེད་ན། ཕྱག་འཚལ་བསང་དང་མཆོད་པ་འབུལ། ཞེས་བྱ། བདེ་གཤེགས་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་སེམས་དཔའ་ལྕམ་དྲལ་བཅས། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །ཕྱག་འཚལ༴ ཆོས་ཀྱི་རྒྱལ་པོ་ཤཱཀྱའི་ཏོག །ཉེ་སྲས་བརྒྱད་དང་གནས་བརྟན་སོགས། །འཕགས་པའི་ཚོགས་དང་བཅས་པ་ལ། །ཕྱག་འཚལ༴ འཇམ་དཔལ་སྐུ་དང་པདྨ་གསུང་། །ཡང་དག་ཐུགས་ཀྱི་ལྷ་ལ་སོགས། །སྒྲུབ་ཆེན་བཀའ་བརྒྱད་དཀྱིལ་འཁོར་ལ། །
ཕྱག་འཚལ༴ བདེ་མཆོག་དགྱེས་རྡོར་གསང་འདུས་དང་། །འཇིགས་བྱེད་དུས་ཀྱི་འཁོར་ལོ་སོགས། །རབ་འབྱམས་ཡི་དམ་ལྷ་ཚོགས་ལ། །ཕྱག་འཚལ༴ རང་སངས་རྒྱས་དང་དྲང་སྲོང་དང་། །གྲུབ་པའི་ཚོགས་དང་དཀར་ཕྱོགས་ལྷ། །མཆོད་འོས་རྒྱ་མཚོའི་ཚོགས་རྣམས་ལ། །ཕྱག་འཚལ༴ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ། །བདེ་གཤེགས་སྲས་བཅས་བཞུགས་པའི་གནས། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཕྱག་འཚལ༴ ཉེར་བཞིའི་ཡུལ་དང་སོ་གཉིས་ཞིང་། །དཔལ་གྱི་གནས་བཅུར་བཞུགས་པ་ཡི། །རབ་འབྱམས་དཔའ་བོ་མཁའ་འགྲོ་ལ། །ཕྱག་འཚལ༴ མ་ཧཱ་ཀཱ་ལ་ལྕམ་དྲལ་སོགས། །རྒྱལ་བའི་བཀའ་ཉན་འཇིག་རྟེན་སྐྱོང་། །བསྟན་སྲུང་དམ་ཅན་རྒྱ་མཚོ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །མདོར་ན་མཆོག་གསུམ་རྩ་བ་གསུམ། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །བཀའ་སྡོད་དྲེགས་པའི་ཚོགས་རྣམས་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །ཧོཿ ལྷ་མཆོག་ཁྱེད་རྣམས་དགྱེས་པའི་མཆོད་པ་ནི། །གཟུགས་སྒྲ་དྲི་རོ་རེག་བྱ་འདོད་ཡོན་ལྔ། །མེ་ལོང་ལ་སོགས་བཀྲ་ཤིས་རྫས་མཆོག་བརྒྱད། །
གདུགས་དང་བུམ་པ་ལ་སོགས་རྟགས་མཆོག་བརྒྱད། །འཁོར་ལོ་ལ་སོགས་རྒྱལ་སྲིད་རིན་ཆེན་བདུན། །རལ་གྲི་ལ་སོགས་ཉེ་བའི་རིན་ཆེན་བདུན། །སྒེག་པ་མ་སོགས་མཆོད་པའི་ལྷ་མོའི་ཚོགས། །རབ་འབྱམས་ནམ་མཁའ་གང་བའི་མཆོད་སྤྲིན་འབུལ། །རིན་ཆེན་སྣ་ཚོགས་ལྷ་ཀླུ་མིའི་ནོར་བུ། །བུམ་བཟང་དཔག་བསམ་ཤིང་དང་འདོད་འཇོའི་བ། །བདུད་རྩིའི་སྤྲིན་ཆེན་མ་རྨོས་ལོ་ཐོག་དང་། །ལྷ་ཡི་སྐྱེད་ཚལ་ཡིད་དུ་འོང་བས་མཆོད། །མཆོད་ཡོན་ལ་སོགས་ཉེར་སྤྱོད་རྣམ་པ་བདུན། །གདན་དང་ན་བཟའ་རྒྱན་ཕྲེང་རོལ་མོའི་ཚོགས། །རྒྱལ་མཚན་བ་དན་རྣམ་མང་ཡོ་བྱད་མཛོད། །རྡོ་རྗེ་འཁོར་ལོ་ལ་སོགས་ཕྱག་མཚན་རིགས། །སྨན་གཏོར་རཀྟ་ཚོགས་ཀྱི་མཆོད་པ་སོགས། །སོ་སོའི་ཐུགས་དམ་སྐོང་བའི་དམ་ཚིག་རྫས། །ཕྱི་ནང་གསང་བའི་མཆོད་སྤྲིན་མཐའ་ཀླས་ཤིང་། །མདོར་ན་སྣང་སྲིད་འཇིག་རྟེན་མཆོད་རྫས་དང་། །འཇིག་རྟེན་ལས་འདས་འཕགས་པའི་སྤྱོད་ཡུལ་གྱི། །ཟག་མེད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས། །མཆོད་དོ་བརྔན་ནོ་ཐུགས་དམ་བསྐང་གྱུར་ཅིག །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས། །རྣལ་འབྱོར་བདག་ཅག་
སྐྱབས་མཆོག་རྣམས་ཀྱི་ཐུགས་རྗེས་བྱིན་བརླབས་ནས། །མི་མཐུན་ནད་གདོན་བར་ཆད་ཀུན་ལས་གྲོལ། །མཐུན་རྐྱེན་ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད། །བདག་ཅག་རྣམས་ཀྱི་ཚེ་རབས་ཐོག་མེད་ནས། །བསགས་པའི་སྡིག་སྒྲིབ་ཉམས་ཆག་དག་གྱུར་ཅིག །ཚོགས་ཆེན་རྣམ་གཉིས་རབ་ཏུ་རྫོགས་གྱུར་ཏེ། །དོན་གཉིས་ལྷུན་གྲུབ་སངས་རྒྱས་མྱུར་ཐོབ་ཤོག །ཅེས་དམིགས་ལ་གཏོར་མ་རྣམས་ཨ་ཀཱ་རོས་བསང་ནང་དུ་འབུལ། གཉིས་པ་ཡོན་ཏན་མགྲོན་རིགས་ཀྱི་བརྔན་གཏོར་ལ་ཆབ་བྲན། སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས་བརྔན་གཏོར་རི་རབ་གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་བསྐོར་བའི་རི་རབ་ཀྱི་སྟེང་དུ་ཁཾ་ལས་འདོད་ཡོན་གྱི་ཞལ་ཟས་དྭངས་ཤིང་ཐོགས་པ་མེད་པ་མཁོ་དགུའི་ཡོ་བྱད་དང་འདོད་དགུའི་དཔལ་འབྱོར་ཆར་ལྟར་འབེབ་པ་དཔག་བསམ་གྱི་ཤིང་དང་མཚུངས་པར་གྱུར། རི་རབ་ཀྱི་ཕྱོགས་མཚམས་སུ་ཡི་གེ་ཏི་སྨུག་ནག་ལས་འོད་འཕྲོས། སྲིད་གསུམ་གྱི་དྭངས་བཅུད་བསྡུས་ནས་གཟུགས་འགྲོས་རྣམས་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། འབྲས་གཡག་དཀར་པོ་སོགས་སྲིད་པའི་སྲོག་ཆགས་གཟུགས་འགྲོས་སྣ་ཚོགས་པ་
འབྱུང་བ་ལྔ་དང་རིན་ཆེན་ལྔ་ལས་གྲུབ་པའི་ལུས་ལ་རིན་པོ་ཆེའི་རྭ་དང་ཡན་ལག་ལྡན་པ། སྤུ་ཉག་མ་རེ་རེ་ལས་ཀྱང་འདོད་ཡོན་ལྔ་འཕྲོ་བ། རྔ་མ་སྤྲིན་ཕུང་གཏིབས་པ་ལས་བདུད་རྩིའི་ཆར་འབེབ་པ་དང་། གཞན་ཡང་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་བརྟེན་པའི་མཁར། མཁོ་བའི་ཡོ་བྱད་སོགས་རང་རང་སོ་སོའི་ཡིད་དང་མཐུན་པའི་འདོད་ཡོན་རྒྱ་མཚོ་མ་ཚང་བ་མེད་པ། དབང་པོ་དྲུག་གི་སྤྱོད་ཡུལ་དུ་རྨད་དུ་བྱུང་བའི་དགའ་བདེ་བསྐྱེད་བའི་རང་བཞིན་འཛད་མེད་ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་སོགས་གཞན་ལྔས་བྱིན་གྱིས་བརླབས་ནས། ཧོཿ འདོད་པའི་ཡོན་ཏན་ཀུན་དང་ལྡན་པའི་མཆོད་གཏོར་རྒྱ་ཆེན་པོ་འདི་བསྔོ་ཞིང་འབུལ་བའི་ཡུལ་དུ་གྱུར་པ་ནི། རྒྱལ་བའི་བཀའ་ཉན་ཅིང་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་གཉེར་འཛིན་པ། དབང་ཕྱུག་མ་ཧཱ་དེ་བ་སོགས་དྲེགས་པའི་སྡེ་དཔོན་སུམ་ཅུ། སྔགས་བདག་དྲེགས་པ་བཅོ་བརྒྱད། འཇིགས་བྱེད་དགུ་དང་ཕྱོགས་སྐྱོང་བ་བཅུ་སོགས་དཔལ་མགོན་བདུན་ཅུ་རྩ་ལྔ་རྣམས་དང་། ས་བདག་གི་རྒྱལ་པོ་ལྟོ་འཕྱེ་ཆེན་པོ་དང་ཐེ་སེ་རྗེ་བློན། སའི་ལྷ་མོ་བརྟན་མ། ལྷ་མིན་གྱི་རྒྱལ་པོ་ཐགས་བཟང་རིས་རྣམས་དང་། སྲིད་པ་
འདིའི་ལོ་ཟླ་ཞག་དུས་སྤར་སྨེ་འབྱུང་བ་ལྔའི་གཙུག་ལག་རྒྱུད་ཀྱི་ལྷ་ཕྱོགས་དང་དུས་སུ་རྒྱུ་ཞིང་གནས་པ་རྣམས་དང་། རྣལ་འབྱོར་བདག་ཅག་ཡོན་མཆོད་རྣམས་ལ་ཁ་འཛིན་རྒྱབ་བརྟེན་སྡོང་གྲོགས་བྱེད་པའི་འགོ་བའི་ལྷ་ལྔ། སྐྱོབ་པའི་ལྷ་དགུ། དགྲ་ལྷ་ཝེར་མ། ནོར་ལྷ་གཏེར་བདག །སློབ་དཔོན་དང་ཕ་མེས་རྒྱུད་ཀྱི་སྲུང་མ། བདག་ཅག་རྣམས་ཀྱི་རིགས་ཀྱི་ཕ་མཚུན་མ་མཚུན་གྱི་ལྷ་དང་བཅས་པ་རྣམས་དང་། རྒྱ་དཀར་ནག་ཞང་ཞུང་འཇང་དང་ལི་ཡུལ་ཤཾ་བྷ་ལ་སོགས་འཛམ་བུ་གླིང་གི་མཐའ་དབུས་ཀྱི་ཡུལ་ཀུན་གྱི་གནས་བདག་དང་ཆོས་འཁོར་དང་སྒྲུབ་གནས་གཏེར་གནས་སྦས་ཡུལ་གཙུག་ལག་ཁང་གི་སྲུང་མ་རྣམས་དང་བཅས་པ་དང་། བོད་ཡུལ་སྐྱོང་བའི་བརྟན་མ་བཅུ་གཉིས། མགུལ་ལྷ་བཅུ་གསུམ། དགེ་བསྙེན་ཉེར་གཅིག་སོགས་གངས་ཅན་བོད་ཡུལ་སྟོད་སྨད་བར་གསུམ་གྱི་གཞི་བདག་གཉེན་པོ་རྣམས་དང་། རང་ཅག་གནས་པའི་ཡུལ་རིས་འདི་ཉིད་ཀྱི་ཟོ་དོར། ཆེ་རིམ་གང་འདོད་སྨྲོས་ལ། ལ་སོགས་པ་ཁྱེད་རྣམས་ལ་མཆོད་གཏོར་བརྔན་ཆ་དམ་པ་འདི་རྣམས་འབུལ་ལོ། །ཐམས་ཅད་མཉེས་ཤིང་ཚིམ་སྟེ་བྱམས་པ་དང་སྙིང་རྗེ་ཆེན་པོའི་ངང་ནས་བདག་ཅག་འཁོར་དང་བཅས་པའི་ཁ་འཛིན་རྒྱབ་བརྟེན་སྡོང་གྲོགས་མཛད་ནས་ཆོས་མཐུན་གྱི་
བསམ་པ་ཡིད་བཞིན་དུ་འགྲུབ་པར་མཛོད་ཅིག དེ་ནས་རོལ་མོ་དབྱངས་སྙན་བཅས་ཏེ་འདི་སྐད་དོ། །ཧོཿ སྟོང་པའི་ངང་ལས་བྷྲཱུྃ་ཡིག་ཡོངས་གྱུར་པའི། །རིན་ཆེན་རི་རབ་བང་རིམ་བཞི་དང་ལྡན། །ཤར་ཕྱོགས་ཤེལ་དང་ལྷོ་ཕྱོགས་བཻཌཱུར་ཡ། །ནུབ་ཕྱོགས་རཱ་ག་བྱང་ཕྱོགས་གསེར་ལས་གྲུབ། །ཉང་གཏེར་གདོན་ཆ་ཡིན། །དེ་ཡི་དབུས་སུ་ཁཾ་ཡིག་འོད་དུ་ཞུ། །འདོད་ཡོན་ཞལ་ཟས་དྭངས་ཤིང་ཐོགས་པ་མེད། །མཁོ་དགུའི་ལོངས་སྤྱོད་འདོད་དགུའི་དཔལ་འབྱོར་ལྡན། །དཔག་བསམ་ཤིང་ལྟར་འདོད་ཡོན་ཆར་བཞིན་འབེབ། །རི་རབ་དེ་ཡི་ཕྱོགས་བཞི་མཚམས་རྣམས་སུ། །ཏི་ཡིག་རེ་རེ་ཡོངས་སུ་གྱུར་པ་ལས། །གཟུགས་འགྲོས་རིན་ཆེན་ལྔ་ལས་གྲུབ་པ་ཡི། །ཁུ་བྱུག་ཤང་ཤང་རྨ་བྱ་ནེ་ཙོ་དང་། །བྱ་རྒོད་ཁྲུང་ཁྲུང་ངང་པ་དཀར་སེར་དང་། །བྱ་ནག་གསེར་མིག་ལྕགས་ཀྱི་བྱ་ཁྲ་སོགས། །མཁའ་ལ་འཕུར་བའི་འདབ་ཆགས་སྣ་ཚོགས་ཀྱང་། །འཕུར་འཇོལ་ལྡིང་དང་བརྩེ་བའི་ཉམས་དང་ལྡན། །སེང་གེ་དར་མ་སྟག་གཟིག་དོམ་དྲེད་དང་། །ཁྱི་ནག་འཕར་སྤྱང་ཕག་རྒོད་སྲེ་མོ་སོགས། །ལྡེར་ཆགས་རྣམས་ཀྱང་ངར་སྐད་ཁྲོ་ལོ་ལོ། །གླང་ཆེན་སྟོབས་ལྡན་གཡག་ལུག་ར་གསུམ་དང་། །མཛོ་འབྲི་བ་གླང་ངར་སྐད་ཆེམས་སེ་ཆེམ། །རྟ་མཆོག་རྒྱལ་པོ་
དྲེའུ་བོང་བུ་སོགས། །རྨིག་ཟླུམ་རྣམས་ཀྱང་ཚེར་སྐད་ལྷངས་སེ་ལྷང་། །གསེར་རྟ་དུང་ལུག་ཤེལ་ར་གཡུ་འབྲི་རྣམས། །མཛེས་སྡུག་ཡིད་འོང་རྫུ་འཕྲུལ་བསམ་མི་ཁྱབ། །དུང་སེང་གཡུ་འབྲུག་མཚལ་སྟག་རྡོ་རྗེའི་ཁྱུང་། །རྟ་རྒྱལ་སྤྲིན་ཤུགས་འདོད་འཇོ་དུང་གི་བ། །དེ་སོགས་ཁྱད་འཕགས་རྫུ་འཕྲུལ་མཐུ་ལྡན་རིགས། །མཁའ་ལ་འགྲོ་ཞིང་གང་འདོད་ཕྲིན་ལས་བསྒྲུབ། །ཚིགས་བཅད་གཅིག་འདི་གསར་དུ་ཁ་བསྐང་ཡིན། ཤྭ་རྣ་དགོ་བ་རྐྱང་འབྲོང་བསེ་དང་གཉན། །གཙོད་དང་གླ་བ་སྤྲེའུ་ལ་སོགས་པའི། །རི་དྭགས་རྣམས་ནི་བརྩེ་འགྱུ་བྲིངས་སེ་བྲིང་། །ཆུ་སྲིན་གསེར་ཉ་དུང་སྦལ་སྤིར་སྤྲུལ་སོགས། །ཆུ་གནས་སྣ་ཚོགས་རྐྱལ་ལྡིང་གྱ་ལ་ལ། །གཟུགས་འགྲོས་ཡིད་འོང་སྣ་ཚོགས་དེ་དག་ཀྱང་། །དབང་པོ་དྲུག་ལྡན་སྒོ་ལྔ་ཚང་བ་ཡི། །རྭ་ལ་རིན་ཆེན་སྣ་ལྔའི་འོད་ཟེར་འཕྲོ། །མིག་གཉིས་ཉི་མ་ཟླ་བ་ཡིད་དུ་འོང་། །སྤུ་ལ་འདོད་ཡོན་སྣ་ཚོགས་ཆར་ལྟར་འབེབ། །རྨིག་བཞི་རྫུ་འཕྲུལ་རྐང་པ་བཞི་དང་ལྡན། །རྔ་མ་སྤྲིན་ཕུང་བདུད་རྩིའི་ཆར་རྒྱུན་འབེབ། །གཞན་ཡང་མཆོད་པའི་དཀོར་ནོར་སྣ་ཚོགས་ནི། །རྐང་པ་གཅིག་གསར་བསྣན། ཞལ་ཟས་
བཤོས་བུ་སྣ་ཚོགས་སྐར་ལྟར་བཀྲ། །སྦ་སྨྱུག་ཤུག་པ་རྩི་ཤིང་ལྡེམས་སེ་ལྡེམ། །དར་ཟབ་བལ་ཚོན་ལྷོ་སྤྲིན་ཐིབས་སེ་ཐིབ། །གསེར་དངུལ་གཡུ་དུང་ཤེལ་ཚིག་དཀར་ནག་དང་། །བརྔན་པའི་དམ་རྫས་འཇའ་ཚོན་ཁྱུགས་སེ་ཁྱུག །འབྲུ་སྨན་བདུད་རྩི་དྲི་ངད་ཆི་ལི་ལི། །བསང་གི་དུད་སྤྲིན་འདོད་ཡོན་སྤྲིན་ལྟར་འཁྲིགས། །དེ་འདྲའི་དམ་རྫས་མཆོད་སྤྲིན་སྣ་ཚོགས་ཀྱིས། །ལྷ་སྲུང་གཉེན་པོ་རྣམས་ནི་སོ་སོར་བརྔན། །སོ་སོའི་ཡིད་མཐུན་འདོད་དགུ་ལྷུན་གྲུབ་པའི། །འདོད་ཡོན་མི་ཟད་ནམ་མཁའ་མཛོད་ཀྱི་སྤྲིན། །ཟག་མེད་བདེ་བ་ཆེན་པོའི་རང་བཞིན་འདིས། །སྲུང་མ་རྣམས་ནི་མཉེས་ཤིང་ཚིམ་གྱུར་ཅིག །འདི་ནས་རྐང་པ་གསུམ་གསར་བསྣན། དེ་རྣམས་དེ་ལྟར་བརྔན་པའི༴ སོགས་ཐོག་གི་འདོད་གསོལ་སྦྱར་ལ། གཏོར་མ་གཙང་སར་འབུལ་བའམ། བསང་དང་སྦྲགས་ན་བསང་ནང་ཕུལ། འབྲུ་གསུམ་དང་ཨ་ཀཱ་རོས་ཇི་ལྟར་བསྔོས་པ་བཞིན་འདོད་དགུ་མི་ཟད་པས་མཉེས་པར་བསམ། བལ་མཚོན་སོགས་བསང་སྟེགས་ཀྱི་ཕྱོགས་སུ་བཙུགས་པར་བྱའོ། །ཡང་ན་སྟོང་པའི་ངང་ལས་སོགས་འདོན་ཆ་སྔ་མའི་ཚབ་ཏུ་འདི་བཏོན་པས་ཀྱང་ཆོག་སྟེ། ཧཱུྃ། སྔོན་གྱི་བསྐལ་པ་དང་པོ་ལ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །
དམ་ལ་བཏགས་པའི་ལྷ་འདྲེ་རྣམས། །ཐམས་ཅད་འདིར་བྱོན་དམ་ལ་དགོངས། །བདག་ནི་སློབ་དཔོན་དེ་ཉིད་ཀྱི། །གདུང་རིགས་འཛིན་པའི་རྣལ་འབྱོར་ཡིན། །ཁྱེད་རྣམས་དམ་ལ་བཏགས་པ་ཡི། །ལྷ་འདྲེ་དེ་ཡི་རིགས་ཡིན་པས། །བཀའ་དང་དམ་ལས་མ་འདའ་ཞིག །ཀྱེ། འབྲས་གཡག་ཤམ་པོ་འབྲས་ལུག་གྭ་པ་དང་། །འབྲས་ར་རྒྱ་བོ་ལ་སོགས་གཟུགས་འགྲོས་རྣམས། །ཤ་ནི་ས་ལ་རུས་པ་རྡོ། །ཁྲག་ནི་ཆུ་ལ་དབུགས་ནི་རླུང་། །སེམས་ནི་ནམ་མཁའ་ལྟོ་བ་སྤྲིན། །མཆིན་པ་ས་དང་མཁྲིས་པ་རླུང་། །མཁལ་མ་རྫ་རི་རྒྱུ་མ་ལམ། །པགས་པ་རྩི་ཤིང་ནགས་ཚལ་ལ། །སྐུ་ལུས་བརྟེན་པའི་གནས་མཆིས་སོ། །བཀྲེས་ན་བཟའ་བའི་ཟས་མཆིས་སོ། །ཁྱེད་རྣམས་ཀྱི་ནི་སྤྱན་ལམ་དུ། །ཞིང་ཁམས་གནས་རིས་ཐམས་ཅད་དུ། །བཞུགས་པའི་གནས་དང་བརྟེན་པའི་མཁར། །གུས་པའི་ཡིད་ཀྱིས་འབུལ་ལགས་ན། །ཁྱེད་ཀྱི་རྟེན་ས་འདི་ལ་ཆོས། །ཁྱེད་ཀྱི་ལོངས་སྤྱོད་འདི་ལ་གྱིས། །ཆོས་དང་མཐུན་པའི་སྡོང་གྲོགས་མཛོད། །བརྔན་པའི་དམ་རྫས་འབུལ་བ་ནི། །ཤེལ་ཚིག་ཁྲི་དཀར་སྟོང་ནག་འདི། །དཀར་པོ་གཡང་མོ་ལུགས་བརྒྱར་
འབུལ། །ནག་པོ་ཟར་མོ་འབྲི་བརྒྱར་འབུལ། །ཁྲ་བོ་མདོ་ཕྲུག་རྟ་བརྒྱར་འབུལ། །ཁམ་པ་འགྱིང་བ་གཡག་བརྒྱར་འབུལ། །དཀར་དམར་གཏོར་མའི་ཚོགས་ནི་སྤུངས་སེ་སྤུང་། །འབྲང་རྒྱས་ཞལ་དཀར་རི་ལྟར་ཟངས་སེ་ཟང་། །འགྱིང་གཡག་རྣམས་ཀྱང་ངུར་སྒྲ་ཆེམས་སེ་ཆེམ། །ར་ལུག་རྣམས་ཀྱང་འབའ་སྐད་དི་རི་རི། །ར་སྐྱེས་རྣམས་ཀྱང་སྒྲིད་སྒྲ་ཤ་ར་ར། །སྙན་བྱ་རྣམས་ཀྱང་གསུང་སྙན་ཀྱུ་རུ་རུ། །མཛོ་གཡག་རྣམས་ཀྱང་ངུར་དིར་ཟངས་སེ་ཟང་། །ཅང་ཤེས་རྣམས་ཀྱང་རྨིག་སྒྲ་ཁྲ་ལ་ལ། །བ་གླང་རྣམས་ཀྱང་འབུ་སྒྲ་དི་རི་རི། །ལྟོ་འཕྱེ་རྣམས་ཀྱང་གྱད་འགྲོས་གྱ་ལ་ལ། །བོང་དྲེལ་རྣམས་ཀྱང་མདུར་འགྲོས་ཟུ་ལུ་ལུ། །སྒོ་ཁྱི་རྣམས་ཀྱང་འཁང་ཟུག་དི་རི་རི། །ཕག་རྒོད་རྣམས་ཀྱང་ངུར་སྐད་ཆེམས་སེ་ཆེམ། །འདབ་ཆགས་རྣམས་ཀྱང་འཕུར་ལྡིང་ལྷབས་སེ་ལྷབ། །རི་དྭགས་རྣམས་ཀྱང་རྩེ་རྒྱུག་བྲེངས་སེ་བྲེང་། །གཅན་གཟན་རྣམས་ཀྱང་ངར་སྐད་ཆེམས་སེ་ཆེམ། །ཉ་སྦལ་ཆུར་གནས་རྐྱལ་ལྡིང་ཡ་ལ་ལ། །བསང་གི་དུང་སྤྲིན་རྣམས་ནི་ཐིབས་སེ་ཐིབ། །བདུད་རྩི་ཇ་ཆང་མཚོ་ལྟར་གྱི་ལི་ལི། །རྩི་ཤིང་སྦ་སྨྱུག་རྣམས་ནི་ལྡེམས་སེ་ལྡེམ། །བལ་ཚོན་རྣམས་ཀྱང་སྤྲིན་ཕུང་ཐིབས་སེ་ཐིབ། །དར་མཚོན་རྣམས་ནི་འཇའ་ཚོན་ཁྱུགས་སེ་
ཁྱུག །སྟག་རས་གཟིག་རས་རྣམས་ནི་ལྷབས་སེ་ལྷབ། །གསེར་དངུལ་རིན་ཆེན་རྣམས་ནི་ཁྲ་ལ་ལ། །སྨན་རྣམས་དྲི་ཞིམ་ངད་པ་ཆི་ལི་ལི། །འཕན་གདུགས་དར་དཔྱངས་རྣམས་ནི་པུ་རུ་རུ། །རྔ་གླིང་རོལ་མོའི་ཚོགས་ནི་ཁྲོ་ལོ་ལོ། །འདོད་ཡོན་ལོངས་སྤྱོད་དཀོར་ནོར་བསམ་མི་ཁྱབ། །དེ་འདྲའི་དམ་རྫས་འདོད་ཡོན་སྣ་ཚོགས་ཀྱིས། །སྲུང་མ་རྣམས་ནི་མཉེས་ཤིང་ཚིམ་གྱུར་ཅིག །དེ་རྣམས་དེ་ལྟར་བརྔན་པའི་བྱིན་རླབས་ཀྱིས། །བདག་ཅག་རྒྱུ་སྦྱོར་ཡོན་མཆོད་ཐམས་ཅད་ལ། །འདོད་ཡོན་ལོངས་སྤྱོད་བུ་ནོར་འཕེལ་བ་དང་། །མཐུན་པའི་བསམ་པ་སྒྲུབ་ལ་རེ་བ་སྐོངས། །མི་མཐུན་རྐྱེན་དང་བར་ཆད་ཐམས་ཅད་བཟློག །བཅོལ་བའི་ལས་རྣམས་ཐམས་ཅད་འགྲུབ་པར་མཛོད། །ཅེས་བྱས་ལ་གཏོར་མ་ཕུལ། སློབ་དཔོན་པདྨས་མཛད་པའི་བརྔན་གཞུང་མངའ་བདག་ཉང་རིན་པོ་ཆེས་བྲག་སྲིན་མོ་སྤར་རྗེས་ནས་གཏེར་དུ་བཞེས་པ་ལས་འདོན་ཆ་གོང་འོག་གཉིས་ག་བྱུང་བས་གཉིས་ཀ་བཏོན་ཀྱང་རུང་ལ། གང་རུང་རེས་ཀྱང་ཆོག་སྟེ་དོན་འདྲ་བས་སོ། །འདིར་ནི་འདོན་ཆ་ཕྱི་མ་གོང་འོག་ཅུང་ཟད་བསྡེབས་པར་བྱས་པའོ། །མགྲོན་བཞིའི་གཏོར་མ་རྒྱས་པར་མ་བཏང་ཡང་གཞི་བདག་སོགས་ཡོན་ཏན་མགྲོན་སྒེར་བརྔན་འདི་བསང་སོགས་ལ་སྦྱར་ཆོག་གོ །གསུམ་པ་གླུད་གཏོར་གཏོང་བ་ལ་རྒྱས་པར་ལན་ཆགས་ཀྱི་མགྲོན་ལ་གླུད་གཏོར་དང་། སྙིང་རྗེའི་མགྲོན་ལ་གཏོར་མ་སོ་སོར་བཤམས་ཤིང་བྱིན་གྱིས་བརླབ་སྟེ་སོ་སོ་ལ་བསྔོ། འདིར་དེ་ཉིད་སྟབས་གཅིག་ཏུ་བྱ་བས། གླུད་རྣམས་དང་།
དེར་བརྔན་གཏོར་རྣམས་ཀྱི་ཟེག་མ་འཐོར་བ་སོགས་ལྷག་མ་ཐམས་ཅད་དང་། སྣོད་རྣམས་ཀྱི་བཤལ་ཆུའང་དེར་བླུགས། ཟུར་དུ་དཀར་དང་དམར་གྱི་གསུར་བཏང་བ་རྣམས་ལ་ཆབ་བྲན། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཁཾ་འོད་དུ་ཞུ་བ་ལས་མཆོད་སྦྱིན་གླུད་ཀྱི་གཏོར་མ་སྦྱིན་ཡུལ་གྱི་མགྲོན་སོ་སོ། རང་རང་གི་ཡིད་ལ་གང་འདོད་པའི་འདོད་ཡོན་དྲུག་ལྡན་གྱི་རྣམ་པ་མ་ཚང་བ་མེད་པ། དབང་པོ་དྲུག་ཚིམ་པར་བྱེད་པ། དྲི་ཚོར་བ་ཙམ་གྱིས་ཉོན་མོངས་དང་སྡུག་བསྔལ་ཞི་བར་བྱེད་པ། ནམ་ཡང་ཟད་པ་མེད་པ་ནམ་མཁའི་མཛོད་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ཞེས་ཅི་རིགས་དང་། སམྦྷ་རའི་སྔགས་ཅི་རིགས་བརྗོད། སངས་རྒྱས་ཀྱི་མཚན་བཞི་བརྗོད་ནས། ཧོཿ གླུད་གཏོར་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བ་འདི་ཉིད་བསྔོ་ཞིང་སྦྱིན་པའི་གནས་སུ་གྱུར་པ་ནི། ཡོན་ཏན་གྱི་མགྲོན་རིགས་མཐུ་དང་སྟོབས་ཆེ་བ་དེ་དག་གི་སྡེ་དང་རིས་སུ་གཏོགས་ཀྱང་ཁས་ཞན་ཅིང་དབང་ཆུང་བ་ལྷག་མའི་མགྲོན་དུ་གྱུར་པ་ཐམས་ཅད་དང་། བདག་ཅག་རྣམས་ལ་སྔོན་གྱི་ལན་ཆགས་ཡོད་པ་དང། གཞན་ཡང་སྲིད་པའི་སྤྱི་འདྲེ། འབྱུང་བ་རང་གནས་ཀྱི་འདྲེ་ལྔ། །ལྷན་ཅིག་སྐྱེས་པའི་འདྲེ་སོགས་སྲིད་པ་ཁུངས་ཀྱི་ཡི་དྭགས་དང་། འཚེ་བའི་བསམ་པ་ཅན་མཁའ་ལ་རྒྱུ་བའི་ཡི་དྭགས་ཀྱི་རིགས་སུ་གཏོགས་པ། གནོད་པའི་འདྲེ་དགུ། གཙུག་ལག་ཁང་གི་
གདོན་བཅུ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ། ནད་བདག་རིམས་བདག །ཤི་འདྲེ་ཕོ་མོ། ཟ་འདྲེ་ཤི་གཤེད། བསེ་རགས་འགོང་པོ། དམ་སྲི་རྒབ་འདྲེ་སོགས། འཕྲལ་གྱི་རྐྱེན་བགེགས་བྱེད་ཅིང་མི་མཐུན་བར་ཆད་རྩོམ་པའི་གདོན་འགེགས་འབྱུང་པོའི་རིགས་སུ་གྱུར་པ་ཐམས་ཅད་དང་། ནམ་མཁའི་ཁམས་ཀྱིས་ཁྱབ་པའི་ཁམས་གསུམ་སྲིད་པ་ལ་གནས་པའི་རིགས་དྲུག་གིས་བསྡུས་པའི་སེམས་ཅན་སྙིང་རྗེའི་ཡུལ་དུ་གྱུར་པ་མ་ལུས་ལུས་པ་མེད་པ་ཐམས་ཅད་ལ་བསྔོའོ། །དེ་རྣམས་ཐམས་ཅད་ཀྱིས་རང་རང་སོ་སོའི་ཇི་ལྟར་འདོད་པའི་ལོངས་སྤྱོད་མ་ཚང་བ་མེད་པ་རྒྱ་ཆེན་པོ་ཐོབ་ཅིང་དགའ་མགུ་ཡི་རངས་སུ་ཚིམ་ནས། གདུག་རྩུབ་ཕྲག་དོག་སོགས་ཉོན་མོངས་དང་། ལུས་དང་སེམས་གྱི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་དེ། ཞི་ཞིང་བྱམས་པ་བྱང་ཆུབ་ཀྱི་སེམས་དང་ལྡན་ཞིང་ཟག་མེད་ཀྱི་བདེ་བས་རྣམ་པར་གྲོལ་བར་གྱུར་ཅིག །བདག་གི་བསོད་ནམས་སྟོབས་དག་དང་། །རྣམ་སྣང་མངོན་བྱང་ལས་སོ། དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་ཀྱིས་སུ། །སེམས་ཅན་རྣམས་ལ་ཕན་འདོགས་པས། །དོན་རྣམས་གང་དག་བསམ་
པ་ཀུན། །འཇིག་རྟེན་ཁམས་ནི་མ་ལུས་འདིར། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག རྫོགས་ཆེན་རྒྱུད་ལས་སོ། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་དང་། །དྲན་དང་བཟུང་དང་བསམས་དང་རེག །ལྷོད་དང་ཞི་དང་གྲོལ་བར་མཛོད། །ཁམས་གསུམ་དག་པའི་ཞིང་། །སློབ་དཔོན་པདྨའི་གསུངས་ལས་སོ། །སྲིད་གསུམ་ཐུགས་རྗེའི་མགྲོན། །མ་ལུས་ཁྱབ་པའི་ཟས། །ཆོས་ཉིད་རྟོགས་པའི་མཐུས། །མི་ཟད་གཏེར་དུ་བསྔོ། །ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། སྤྱོད་འཇུག་ལས་སོ། །ལོངས་སྤྱོད་ཆད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །རྒྱུད་སམ་ཊ་ཕས་སོ། །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་འགྲོ་འགྱུར་བ། །དེ་ཡིས་སངས་རྒྱས་ཉིད་ཐོབ་ཤོག །ཅེས་བྱས་ལ། སརྦ་བྷཱ་ཏ་གཙྪ། ཞེས་དང་སེ་གོལ། །ཕྱིར་སྨྲས་རང་གནས་སུ་གཤེགས་ནས་ཀླུད་གཏོར་ཕྱོགས་གཞན་དུ་བསྐྱལ། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །མདོ་ཐོག །འགྲོ་བའི་ནང་ནས་རང་བྱུང་སངས་རྒྱས་ཤོག །སྔོན་ཚེ་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་དགུ་འདི་དག་སྦྱིན་པས་སྒྲོལ་གྱུར་
ཅིག །ཅེས་སྨོན་ལམ་དང་། འབྱུང་པོ་གང་དག་འདིར་ནི༴ སོགས་ཚིགས་བཅད་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་པར་བྱའོ། །དེ་ལྟར་བརྔན་ཆོག་འདི་ནི་ཉང་གཏེར་བརྔན་གཞུང་གི་དགོངས་པ་གཞིར་བྱས་ནས་བཀོད་པ་ཡིན་ལ། སྲི་ཞུའི་མགྲོན་གཏོར་དང་། གླུད་གཏོར་རྣམས་རང་ཚིག་གིས་གསར་རྩོམ་དང་། བརྔན་གྱི་ཚིགས་བཅད་རྣམས་བརྔན་གཞུང་ལྟར་བྲིས་པ་སྟེ། སྤྱིར་རྒྱགས་བརྔན་གྱི་གཞུང་སླད་མེད་གཏེར་མ་གུ་རུ་རིན་པོ་ཆེའི་རྡོ་རྗེའི་གསུང་དུ་མ་ཡོད་བཞིན་གསར་རྩོམ་ལ་དགོས་པ་མི་ཆེ་ན་ཡང་། རྒྱས་བསྡུས་འཚམ་པར་མགྲོན་བཞིའི་བརྔན་གཏོར་རྐྱང་པ་གཏོང་བའམ། བསང་དང་འབྲེལ་བར་བྱེད་པ་དང་། དེ་དག་གང་འདོད་རེ་རེ་སྒེར་དུ་གཏོང་བའམ། གཞི་བདག་གི་བསང་སོགས་ལ་བརྔན་ཆོག་ཙམ་ཞིག་སྦྱར་འདོད་པ་རྣམས་ལ་ཕན་ཕྱིར་ས་སྤྲེལ་གནམ་ལོ་གསར་ཤར་ཆོ་འཕྲུལ་ཟླ་བའི་ཚེས་གསུམ་ལ་མི་ཕམ་པས་བྲིས་པ་དགེ་ལེགས་འཕེལ། མངྒ་ལཾ། ༈ །། བསང་སོགས་ཀྱི་སྐབས་སུ་ཡུལ་རིས་བྱེ་བྲག་པའི་གཞི་བདག་ལ་བསྔོ་བའི་འཕྱོང་ནི། ཀྱེེ། བདག་ཅག་འདུག་པའི་ས་ཆ་ཡུལ་རིས་འདི་ལ་གནས་པའི་གཞི་ཡི་བདག་པོ། ཆྒཻ་མོ། གང་འདོད་ཀྱི་མིང་སྨྲོས་ལ། དེ་ལ་སོགས་པ་ས་ཕྱོགས་འདི་ཡི་གཞི་བདག་ཆེ་ཕྲ་ཐམས་ཅད་དང་། གཞན་ཡང་འདུག་ཕྱོགས་འདིའི་སྲ་བ་བྲག་ལ་གནས་པ། བརྟན་པ་ཕ་ཝང་དང་རྡོ་བ་ལ་གནས་པ། མཐོ་བ་གངས་རི་དང་བྲག་རི་སྤང་རི་སོགས་རི་
ལ་གནས་པ། དམའ་བ་ཤོད་དང་གཞུང་དུ་གནས་པ། སྐྱེ་བ་ཤིང་དང་རྩི་ཐོག་ལ་གནས་པ། འཁྱིལ་པ་མཚོ་དང་མཚེའུ་ལ་གནས་པ། འབབ་པ་ཆུ་མིག་དང་ཆུ་ཀླུང་ལ་གནས་པ། བརྟན་པ་ས་དང་གནས་ཁང་ལ་གནས་པ། ལྷ་རྟེན་དང་སྦས་གནས་གཏེར་གནས་ལ་གནས་པ། བྱིན་རླབས་ཅན་གྱི་གནས་དང་གཉེན་དམིགས་ལ་གནས་པ། ནེའུ་གསེང་དང་སྐྱེད་ཚལ་རྫིང་བུ་སོགས་གནས་སྣ་ཚོགས་ལ་གནས་པ། ཕ་རི་དང་གཡས་ལ་གནས་པ། ཚུ་རི་དང་གཡོན་ལ་གནས་པ། མདུན་རྒྱབ་ཉིན་སྲིབ་ཀྱི་ཕྱོགས་སུ་གནས་པ། མཐོ་ནམ་མཁའ་ལ་གནས་པ། དམའ་ས་གཞི་ལ་གནས་པ། བར་བར་སྣང་དུ་གནས་པ། འབར་བ་མེ་དང་གཡོ་བ་རླུང་ལ་གནས་པ། ཕྱུགས་ལྷས་དང་ལམ་སྲང་ལ་གནས་པ། དུར་ཁྲོད་དང་འབྲོག་སྟོང་ལ་གནས་པ། གཙུག་ལག་ཁང་དང་མཆོད་རྟེན་ལ་གནས་པ། ཚོང་དུས་སོགས་སྐྱེ་བོའི་འདུ་གནས་སུ་གནས་པ། ཕུག་དང་ཡང་དབེན་དུ་གནས་པ་སོགས་ཆེ་བ་ཡུལ་ཁམས་ནས་ཆུང་བ་རྡུལ་ཕྲ་མོའི་བར་གྱི་འབྱུང་བའི་ཁམས་དང་། སྟེང་འོག་ཕྱོགས་མཚམས་ལ་གནས་པའི་ལྷ་ཀླུ་གཉན་བཙན་བདུད་དང་སྲིན་པོ་རྒྱལ་པོ་གཟའ་དམུ་མ་མོ་ཐེའུ་རང་སོགས་སྡེ་ཚན་སྣ་ཚོགས་ཀྱི་
རིགས་སུ་གཏོགས་པ། གཉུག་མར་གནས་དང་གློ་བུར་ལྷགས་པ། རྗེ་དང་བྲན་ཕོ་དང་བྲན་མོ། གཉེན་དང་མཛའ་བ། རྒན་པ་དང་གཞོན་ནུ་ཆེ་བ་དང་ཆུང་བ་སོགས་སྣ་ཚོགས་ཀྱི་ཚུལ་དུ་སྣང་བ། ལས་སྣ་ཚོགས་བྱེད་པ། བརྫུ་བག་སྣ་ཚོགས་སྟོན་པ། གཟུགས་སྣ་ཚོགས་འཆང་བ། བདེ་སྡུག་སྣ་ཚོགས་མྱོང་བ། སྲིད་པ་ལས་ཀྱི་སྣང་བས་བསྡུས་པའི་མི་མ་ཡིན་ཇི་སྙེད་ས་ཕྱོགས་འདིར་འཁོད་པ་གཅིག་ཀྱང་མ་ལུས་པ་ཐམས་ཅད་ལ༑ བདུད་རྩི་བསང་གི་དུད་སྤྲིན། དཀར་དམར་འདོད་དགུའི་གཏོར་མ། ཇ་ཆང་འོ་ཞོའི་སྐྱེམས་ཕུད། དར་ཚོན་བལ་ཚོན་གྱི་ཕྲེང་བ། སྣ་ཚོགས་མཐུན་རྫས་ཀྱི་མཆོད་པ། འདོད་ཡོན་མི་ཟད་ནམ་མཁའ་མཛོད་ཀྱི་འཁོར་ལོ་འདིས་ཁྱེད་རྣམས་སོ་སོའི་ཅི་འདོད་པ་ཕམ་རྒྱལ་ཕྱོགས་ལྷུང་མེད་པར་མཉམ་པ་ཉིད་དུ་ཐོབ་ནས་རེ་བ་ཡོངས་སུ་རྫོགས་ཤིང་དགྱེས་མཉེས་མགུ་སྟེ་རབ་ཏུ་ཚིམ་པར་གྱུར་ཅིག །སྡུག་བསྔལ་ཐམས་ཅད་བྲལ་བའི་བདེ་བ་ལ་རྟག་ཏུ་གནས་པར་གྱུར་ཅིག །ཕོག་ཐུག་འགྲམ་འཁྲུག་གི་ཉེས་པ་ཞི་བར་གྱུར་ཅིག་ཀོ་ལོང་གདུག་རྩུབ་ཀྱི་སེམས་
འདོར་བར་གྱུར་ཅིག །འདིར་གནས་པ་ཐམས་ཅད་ལ་ཕན་ཚུན་ཕ་མ་བུ་ཚའི་ཚུལ་དུ་བྱམས་པར་མཛོད་ཅིག །གནས་མགྲོན་གྱི་དམ་ཚིག་ཟུངས་ཤིག །འགལ་རྐྱེན་ལས་སྲུང་ཤིག །མཐུན་རྐྱེན་སྤེལ་ཅིག འདོད་དོན་སྒྲུབས་ཤིག བཅོལ་པའི་ལས་གྱིས་ཤིག བཀྲ་ཤིས་དགེ་མཚན་དང་མི་ནོར་མངའ་ཐང་རྒྱས་པར་མཛོད་ཅིག ཁྱེད་ཅག་སྐྱེ་བ་ཀུན་ཏུ་བདག་ཅག་རྣམས་ལ་ཆོས་དང་མཐུན་པའི་གྲོགས་སུ་འགྱུར་ཞིང་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་ནས། འོག་མིན་དག་པའི་ཞིང་དུ་ཚོམ་བུ་གཅིག་ཏུ་སངས་རྒྱས་པར་གྱུར་ཅིག །ས་སྤྲེལ་ཟླ་བ་གཉིས་པའི་ཚེས་བཞི་ལ་དྷཱི་མིང་པས་བྲིས་པ་དགེ༔ ༈ །རྒྱུན་བསང་འདོད་དགུའི་ཆར་འབེབ་བཞུགས། བསང་བྱས་ཤིང་བྱིན་གྱིས་བརླབས་ལ་འདི་སྐད་དོ། ཧཱུྃ། དབྱིངས་ཀྱི་ངང་ལས་བསྐྱེད་པ་ཡི།། མ་འགག་ཐབས་ཀྱི་རྟེན་འབྲེལ་གར། །ཡེ་ཤེས་བདུད་རྩི་བསང་གི་སྤྲིན། །འདོད་དགུ་ཕུན་སུམ་ཚོགས་པ་འདིས། །རྒྱལ་དབང་པདྨ་ཐོད་ཕྲེང་སོགས། །བརྒྱུད་གསུམ་རིགས་འཛིན་བླ་མ་བསང་། །སྒྲུབ་པ་ཆེན་པོ་བཀའ་བརྒྱད་སོགས། །ཡི་དམ་ཞི་ཁྲོ་རབ་འབྱམས་བསང་། །ཡེ་ཤེས་ཕག་མོ་སྡེ་ལྔ་སོགས། །གནས་གསུམ་དཔའ་བོ་མཁའ་འགྲོ་
བསང་། །མདོར་ན་སངས་རྒྱས་ཆོས་དགེ་འདུན། །དཀོན་མཆོག་སྲི་ཞུའི་མགྲོན་རྣམས་བསང་། །མ་ནིང་མཆེད་གསུམ་ལེགས་ལྡན་ནག །དཔལ་ལྡན་ཚོགས་ཀྱི་བདག་པོ་དང་། །ཨེ་ཀ་ཛཱ་ཏི་རེ་མ་ཏི། །ཚེ་རིང་མཆེད་ལྔ་བརྟན་མར་བཅས། །རྣམ་སྲས་ཛམ་ལྷ་གཏེར་བདག་བརྒྱད། །རྡོ་རྗེ་ལེགས་པ་རཱ་ཧཱུ་ལ། །ལས་གཤིན་ཐང་ལྷ་ཙིའུ་དམར། །གེ་སར་སྐྱེས་བུ་དགྲ་ལྷའི་ཚོགས། །དྲེགས་པའི་སྡེ་དཔོན་སུམ་ཅུ་དང་། །བཀའ་དང་གཏེར་གྱི་སྲུང་མ་གཉན། །སྤར་སྨེ་གཟར་སྐར་ལོ་སོགས་ལྷ། །མགོན་པོ་དགྲ་བླ་བཅུ་གསུམ་དང་། །འཛམ་བུ་གླིང་གི་གཞི་ཡི་བདག །ཁྱད་པར་ཕྱོགས་འདིའི་གནས་བདག་རིགས། །བདག་སྐྱོབ་སྲུང་མའི་ཚོགས་དང་བཅས། །ཡོན་ཏན་མགྲོན་རིགས་མ་ལུས་བསང་། །ལུས་དང་དཔལ་ལ་འཚེ་བ་ཡི། །བགེགས་རིགས་ལན་ཆགས་མགྲོན་རྣམས་བརྔན། །ཁམས་གསུམ་སྲིད་པར་གནས་པ་ཡི། །རིགས་དྲུག་སྙིང་རྗེའི་མགྲོན་ཀུན་བརྔན། །སྲིད་དང་ཞིབ་མ་ལུས་པ། །མཉམ་ཉིད་བདེ་བ་ཆེན་པོར་ཚིམ། །ཉམ་གྲིབ་མི་གཙང་དབྱིངས་སུ་དག །མཁོན་འགྲས་འགྲམ་འཁྲུག་སོར་ཆུད་ཅིང་། །སྣོད་བཅུད་ཕྱྭ་
གཡང་བཀྲག་མདངས་རྒྱས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །མི་མཐུན་འགལ་རྐྱེན་བར་ཆད་ཞི། །མཐུན་རྐྱེན་ཚེ་བསོད་དཔལ་འབྱོར་རྒྱས། །འཁོར་འདས་སྣང་སྲིད་དབང་དུ་སྡུས། །ཉེར་འཚེ་དགྲ་བགེགས་གདུག་པ་སྒྲོལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །འདོད་རྒུ་ཡིད་བཞིན་འགྲུབ་པར་མཛོད། །འཇམ་དཔལ་དགྱེས་པའི་རྡོ་རྗེས་སྤེལ་བ་དགེའོ། །བར་གྱི་ཆོས་སྐྱོང་རྣམས་འབྱིན་འཇུག་སོ་སོའི་འདོད་པ་ལྟར་སྦྱར་ཆོག་གོ །མངྒ་ལཾ། ༈ །བསང་མཆོད་སྐོར་བཞུགས་སོ། །ན་མོ་གུ་རུ་པདྨ་མཉྫུ་གྷོ་ཥཱ་ཡ། འདིར་བསང་བྱ་བར་འདོད་པས། དུས་བཟང་སོགས་ཀྱི་སྐབས་དང་། རྒྱུན་དུའང་རུང་སྟེ། གཙང་མའི་ཤིང་སྣ་དང་ཕྱེ་མར་འོ་སྐོམ་མེར་བསྲེག་ནས། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ། ཡེ་ཤེས་ཀྱི་བདུད་རྩི་བསང་གི་དུད་སྤྲིན་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་འདོད་དགུའི་འབྱོར་པ་མ་ཚང་བ་མེད་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་རབ་འབྱམས་མུ་མེད་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། སྤྲོ་ན་སྔགས་དྲུག་ཕྱག་དྲུག་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། བསྡུ་ན་གོང་གི་དམིགས་པ་གསལ་བཏབ་ལ། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་བས་ཆོག་གོ །ཐོག་མར་བདེ་བར་གཤེགས་པ་སྤྱི་ལ་བསང་མཆོད་ཕུལ་བ་ནི། ཨོཾ། ཡེ་ཤེས་བདུད་རྩི་བསང་གི་དུད་པའི་སྤྲིན། །
ཀུན་ཏུ་བཟང་པོའི་མཆོད་སྤྲིན་རབ་འབྱམས་ཀྱི། །སྣང་སྲིད་ནམ་མཁའི་ཁྱོན་ཀུན་ཡོངས་བཀང་ནས། །ཕྱོགས་བཅུའི་བདེ་གཤེགས་རྣམས་ལ་མཆོད་བར་བགྱི། ༡། གདོད་མའི་མགོན་པོ་རིགས་ལྔ་གངས་ཅན་མཚོ། །སྟོན་པ་བཅུ་གཉིས་སྐལ་བཟང་སངས་རྒྱས་སྟོང་། །སྨན་གྱི་བླ་མ་མི་འཁྲུགས་འོད་དཔག་མེད། །ཚེ་དཔག་མེད་དང་ཀླུ་ཡི་དབང་ཕྱུག་རྒྱལ། ༢ ། སྒྲོན་མའི་རྒྱལ་པོ་རྩལ་བརྟན་དོན་གྲུབ་དགོངས། །བྱམས་པའི་རྒྱན་དཔལ་དགེ་གྲགས་དཔལ་དམ་པ། །ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན། །ལྷུན་པོ་ལྟར་འཕགས་རྩལ་གྲགས་དཔལ་དང་ནི། ༣ །སེམས་ཅན་ཐམས་ཅད་ལ་དགོངས་གྲགས་པའི་དཔལ། །ཡིད་ཚིམ་མཛད་པ་རྩལ་རབ་གྲགས་དཔལ་དང་། །དཔལ་སྙིང་བརྩེགས་པ་རྣམ་དག་བསྒྲག་པའི་རྒྱལ། །རྡོ་རྗེ་རབ་འཇོམས་རིན་ཆེན་ཏོག་ལ་སོགས། ༤ །རབ་འབྱམས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ནི། །དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ལ། །གུས་པས་ཕྱག་འཚལ་བསང་གི་མཆོད་པ་འབུལ། །སྡིག་ལྟུང་ཉེས་བའི་ཚོགས་ཀུན་མཐོལ་ཞིང་བཤགས། ༥ །འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །མགོན་པོ་ཁྱེད་རྣམས་ཐུགས་
རྗེས་རྗེས་བཟུང་ནས། །གནས་སྐབས་མཐར་ཐུག་ཕན་དང་བདེ་བའི་དོན། །འབད་མེད་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །གང་ཞིག་མཚན་དྲན་པ་ཙམ་གྱིས་དོན་ཐམས་ཅད་གེགས་མེད་པར་འགྲུབ་པར་མདོ་ལས་གསུངས་པའི་སངས་རྒྱས་བརྒྱད་སོགས་བདེ་བར་གཤེགས་པ་སྤྱི་ཡི་བསང་མཆོད་དོ། །བྱང་སེམས་སྤྱི་བསང་ནི། ཨོཾ་ཨཱཿཧཱུྃ། གང་ཞིག་དྲན་པས་རྒུད་པ་ཀུན་སེལ་ཞིང་། །ཕུན་ཚོགས་དཔལ་ཡོན་མ་ལུས་རབ་རྩོལ་བ། །རབ་འབྱམས་ཕྱོགས་བཅུའི་ཞིང་བཞུགས་རྒྱལ་བའི་སྲས། །ཀུན་ལ་གུས་པས་ཕྱག་འཚལ་མཆོད་པར་བགྱི། ༡། འཇམ་དཔལ་གཞོན་ནུ་དཔལ་ལྡན་རྡོ་རྗེ་འཛིན། །སྤྱན་རས་གཟིགས་དབང་མགོན་པོ་བྱམས་པའི་དཔལ། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་འཕགས་མཆོག་ཀུན་ཏུ་བཟང་། ༢ །སྨན་གྱི་རྒྱལ་པོ་སྐར་མ་དྲི་མེད་དང་། །སྨན་ནི་ཡང་དག་འཕགས་དང་སྨན་ཆེན་པོ། །སྤོས་ཀྱི་གླང་པོ་ནམ་མཁའ་མཛོད་ལ་སོགས། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་བསང་ཞིང་མཆོད། ༣ །རྡོ་རྗེ་སྒེག་མོ་ཕྲེང་བ་གླུ་གར་དང་། །བདུག་སྤོས་མེ་ཏོག་སྣང་གསལ་དྲི་ཆབ་མ། །སྒྲོལ་མ་ཀུ་རུ་ཀུལླེ་འོད་ཟེར་ཅན། །རབ་འབྱམས་སེམས་མའི་ཚོགས་རྣམས་བསང་ཞིང་མཆོད། ༤ །མཁྱེན་
པའི་མཁའ་དབྱིངས་སྙིང་རྗེའི་སྤྲིན་ཕུང་ཅན། །མཁའ་ཁྱབ་འགྲོ་བའི་ཕན་བདེའི་གཏེར་གྱུར་པ། །ཕྱོགས་བཅུ་དུས་གསུམ་དག་ན་གང་བཞུགས་པའི། །རྒྱལ་སྲས་སེམས་དཔའ་སེམས་མའི་ཚོགས་རྣམས་ལ། ༥ །ལྷ་ལམ་རབ་ཁྱབ་བསང་གི་དུད་པའི་ཚོགས། །རབ་འབྱམས་ཀུན་ཏུ་བཟང་བོའི་མཆོད་སྤྲིན་གྱིས། །བསང་ངོ་མཆོད་དོ་ཐུགས་དམ་དགྱེས་བསྐང་ནས། །བདག་ཅག་འདོད་པའི་དོན་ཀུན་ལྷུན་གྲུབ་མཛོད། །ཉེ་བའི་སྲས་ཆེན་བརྒྱད་སོགས་བྱང་ཆུབ་སེམས་དཔའ་སྤྱི་ལ་བསང་མཆོད་ཕུལ་བའི་སྐབས་སོ། །ཨོཾ་ཨཱཿཧཱུྃ། ཀུན་བཟང་རིགས་ལྔ་རིགས་གསུམ་དགའ་རབ་རྗེ། །ཤྲཱི་སེང་པད་འབྱུང་གྲུབ་པའི་རིགས་འཛིན་བརྒྱད། །རྗེ་འབངས་ཉེར་ལྔ་རྩ་བའི་བླ་མ་སོགས། །དགོངས་བརྡའ་སྙན་རྒྱུད་རིག་འཛིན་བླ་མ་དང་། ༡ །གསར་རྙིང་མཁས་གྲུབ་བཀའ་གཏེར་དག་སྣང་བརྒྱུད། །མདོར་ན་འདས་དང་མ་འོངས་ད་ལྟར་གྱི། །བླ་མ་རིག་འཛིན་བརྒྱུད་པར་བཅས་པ་ཀུན། །ཞིང་ཁམས་གཞལ་མེད་ཁང་དང་ཚོམ་བུར་བཅས། ༢ །མདུན་གྱི་ནམ་མཁར་དབང་པོའི་གཞུ་བཞིན་དུ། །མ་འདྲེས་ཡོངས་རྫོགས་དགྱེས་བཞིན་བཞུགས་པ་ལ། །ཡིད་ཆེས་དད་
པས་རྡུལ་སྙེད་ལུས་བཏུད་དེ། །དྲི་བཟང་བསང་མཆོད་ཡེ་ཤེས་བདུད་རྩིའི་སྤྲིན། ༣ །འདོད་དགུའི་ཆར་འབེབ་ལྷ་ལམ་ཁྱབ་པ་འདིས། །བསང་ངོ་མཆོད་དོ་དགྱེས་རབ་མཆོག་གྱུར་ཅིག །མི་ཤེས་ཉོན་མོངས་བག་མེད་མ་གུས་པས། །བླ་མའི་སྐུ་གསུང་ཐུགས་དང་འགལ་བ་བཤགས། ༤ །རྒྱལ་ཀུན་ཞལ་སྐྱིན་བླ་མའི་མཆོག་རྣམས་ལ། །གུས་པའི་སེམས་ཀྱིས་བསང་མཆོད་ཕུལ་བའི་མཐུས། །ཉམས་གྲིབ་ཉེས་ལྟུང་གང་མཆིས་ཡོངས་དག་ནས། །དགྱེས་པའི་ཐུགས་ཀྱིས་རྗེས་སུ་འཛིན་པར་ཤོག །༥ བྱིན་རླབས་རྩ་བ་རིག་འཛིན་བླ་མའི་ཚོགས། །སྤྱི་བོའི་ཆུ་སྐྱེས་ཟེའུ་འབྲུར་རྟག་བཞུགས་ནས། །དབང་དང་བྱིན་རླབས་དངོས་གྲུབ་སྩོལ་བ་དང་། །རྟག་ཏུ་བླ་མའི་བཞེད་པ་འགྲུབ་གྱུར་ཅིག །བྱིན་རླབས་ཀྱི་རྩ་བ་བླ་མ་སྤྱིའི་བསང་མཆོད་ཀྱི་སྐབས་སོ། །ཨོཾ་ཨཱཿཧཱུྃ། རིགས་བརྒྱ་རིགས་ལྔ་རིགས་གསུམ་རིགས་མཆོག་གཅིག །སྒྲུབ་པ་སྡེ་བརྒྱད་བདུད་འདུལ་ཁྲོ་བོ་བཅུ། །སྒྱུ་འཕྲུལ་དྲ་བ་དགྱེས་རྡོར་བདེ་མཆོག་དང་། །དུས་འཁོར་གསང་འདུས་འཇིག་བྱེད་སྒྱུ་མ་ཆེ། །སངས་རྒྱས་ཐོད་པ་ཚོགས་ཆེན་འདུས་པ་སོགས། །རྒྱུད་སྡེ་དྲུག་
དང་རྒྱུད་ལུང་མན་ངག་གི །ཞི་ཆགས་ཁྲོ་བོའི་ཚུལ་འཆང་ཡི་དམ་ལྷ། །རབ་འབྱམས་སྒྱུ་འཕྲུལ་དྲྭ་བ་ཆེན་པོ་ཡི་དཀྱིལ་འཁོར་ལྷ་ཚོགས་མ་ལུས་ཐམས་ཅད་ལ། །གཙང་མར་སྦྱར་བའི་ལྷ་ཚོགས་མཆོད་པའི་རྫས། །རབ་འབར་མེ་ཡིས་བསྲེག་པའི་དུད་པའི་སྤྲིན། །མི་གཙང་ཉེས་པའི་ཚོགས་ཀུན་སེལ་བྱེད་ཅིང་། །ཕྱི་དང་ནང་དང་གསང་བའི་དམ་རྫས་ཀྱི། །མཆོད་སྤྲིན་རབ་འབྱམས་དགྱེས་དགུར་ཤར་བ་ཡིས། །བསང་ངོ་མཆོད་དོ་དགྱེས་རབ་མཆོག་ལྡན་ཞིང་། །མཉེས་རབ་ཕུལ་གྱུར་ཐུགས་དམ་སྐོང་གྱུར་ཅིག །སྒྲིབ་བྲལ་མཁྱེན་པའི་མཁའ་ཀློང་ཡངས་པ་ལ། །རྨད་བྱུང་ཐུགས་རྗེའི་སྤྲིན་ཆེན་རབ་གཡོས་པས། །གདུལ་བྱའི་རེ་འདོད་ཡིད་བཞིན་སྐོང་བ་ཡི། །དངོས་གྲུབ་རྒྱ་མཚོའི་ཆར་འབེབ་ཡི་དམ་ལྷ། །འབར་བའི་བཀའ་སྡོད་ཚོགས་དང་བཅས་པ་ཡིས། །རྣལ་འབྱོར་བདག་ཅག་ལྟོས་པར་བཅས་པ་རྣམས། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་འཛིན་ཞིང་། །རྣམ་གཉིས་དངོས་གྲུབ་འདོད་དགུའི་མཆོག་སྩོལ་མཛོད། །ཡི་དམ་སྤྱི་བསང་གི་སྐབས་སོ། །ཧཱུྃ། ངང་ཉིད་
ཆོས་སྐུ་སྐྱེ་བ་མེད་པ་ལས། །གཞན་དོན་འགག་མེད་སྙིང་རྗེའི་རོལ་པ་ཉིད། །བདུད་འདུལ་ཁྲོ་བོ་མཆོག་གི་སྐུར་བཞེངས་པ། །དུས་གསུམ་རྒྱལ་བའི་ཕྲིན་ལས་འདུས་པའི་དངོས། །ལྷ་མཆོག་རྡོ་རྗེ་གཞོན་ནུ་ཡབ་དང་ཡུམ། །སྲས་མཆོག་རིགས་ལྔ་བདུད་འདུལ་ཁྲོ་བོ་བཅུ། །དབྱིངས་ཀྱི་ཡུམ་བཅུ་ཕྱག་བརྙན་ཕྲ་མེན་ཚོགས། །ཕུར་སྲུང་བཅུ་གཉིས་སྐྱེས་བུ་རྣམ་པ་གསུམ། །དཀར་བདུད་ལྕམ་དྲལ་ལ་སོགས་བཀའ་ཉན་སྡེ། །དཔལ་ཆེན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལྷ། །མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལ། །དག་བྱེད་དྲི་ཞིམ་བསང་གི་མཆོད་པ་འབུལ། །མཉམ་པ་ཆེན་པོ་ཀུན་ཏུ་བཟང་པོའི་དབྱིངས། །མ་འགག་རོལ་བ་འདོད་པའི་ཡོན་ཏན་ཚོགས། །ཟག་མེད་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། །བླ་མེད་མཆོག་གི་བསང་མཆོད་དམ་པ་འདིས། །སྐུ་གསུང་ཐུགས་ཀྱི་དགྱེས་པ་ཀུན་སྐོང་ཞིང་། །དམ་ཚིག་ཉམས་ཆག་ཐམས་ཅད་དག་གྱུར་ཅིག །བླ་མེད་མཐུ་དང་དབང་གི་དངོས་གྲུབ་ཀུན། །ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ། །ཡི་དམ་ལྷ་མཆོག་ཁྱེད་ཀྱི་གཟི་བྱིན་གྱིས། །བར་ཆད་བགེགས་ཀྱི་ཚོགས་རྣམས་བཟློག་ནས་སུ། །ལས་བཞིའི་ཕྲིན་ལས་གང་དང་གང་བརྩམ་པ། །ཐོགས་
པ་མེད་པར་མྱུར་དུ་འགྲུབ་པར་མཛོད། །ཐུན་མོངས་མ་ཡིན་པའི་ཡི་དམ་ལྷག་པའི་ལྷ་རྡོ་རྗེ་ཕུར་པའི་ལྷ་ཚོགས་ཀྱི་སྤྱི་བསང་གི་སྐབས་སོ། །ཧྲཱིཿརྣམ་དག་ཤེས་རབ་དབྱིངས་ཀྱི་ཕྱག་རྒྱ་ནི། །རྡུལ་བྲལ་སྟོང་པའི་ངང་ལས་འོད་གསལ་སྐུ༑༑ཡེ་གདངས་ཁ་དོག་འོད་ལྔའི་དྲྭ་བ་ཅན། །བདེ་ཆེན་མཁའ་འགྲོའི་ཚོགས་རྣམས་འདིར་གཤེགས་ཤིག །ཐོགས་མེད་མཁའ་ལ་ཐུགས་རྗེའི་ཤུགས་ཀྱིས་བསྐྱོད། །ཡིད་འཕྲོག་སྐུ་ཡི་རྣམ་འགྱུར་ཅི་ཡང་སྟོན། །དམ་ལྡན་སྒྲུབ་པ་པོ་ཡི་བར་ཆད་སེལ། །དཔལ་ལྡན་མཁའ་འགྲོའི་ཚོགས་ཀྱི་དབང་ཕྱུག་མ། །རྡོ་རྗེ་ཕག་མོ་རིགས་ལྔའི་ཌཱཀྐི་ནཱི། །མཚོ་རྒྱལ་ལ་སོགས་ཐུགས་ཀྱི་དགྱེས་སྡེ་ལྔ། །གནས་ཡུལ་ཞིང་གི་བཀོད་པ་སྣ་ཚོགས་སུ། །ཞིང་སྔགས་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མ། །འབུམ་ཕྲག་ཡངས་པ་ཆེན་པོའི་ཚོགས་རྣམས་ལ། །དྲི་ཞིམ་བསང་མཆོད་བདེ་སྟོང་རོལ་པའི་སྤྲིན། །རྡོ་རྗེའི་གླུ་གར་ཕྱི་ནང་གསང་མཆོད་ཀྱིས། །བསང་ངོ་མཆོད་དོ་དགྱེས་རབ་མཆོག་གྱུར་ཅིག །དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས། །འགལ་འཁྲུལ་ཉེས་ལྟུང་དབྱིངས་སུ་དག་གྱུར་ཅིག །ཕྱི་ནང་གསང་བའི་བར་ཆད་མ་ལུས་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་དེང་འདིར་སྩོལ། །སྐྱེ་མེད་དབྱིངས་
ལ་འགག་མེད་རིག་པ་ཤར། །གཉིས་མེད་མཉམ་པ་ཆེན་པོའི་ངང་ཉིད་དུ། །གནས་གསུམ་མཁའ་འགྲོའི་ཚོགས་རྣམས་འབྲལ་མེད་ཅིང་། །ས་དང་ལམ་གྱི་ཡོན་ཏན་མཐར་ཕྱིན་མཛོད། །དེ་ལྟར་སྤྱི་བསང་ཚན་དྲུག་པོ་འདི་ལྟ་བུ་དགོས་ཞེས་རྫོགས་ཆེན་མཆོག་སྤྲུལ་ལྔ་པ་ཆེན་པོའི་བཀའ་རྩལ་ནོར་བུའི་ཅོད་པཎ་གཙུག་ན་བཅིངས་ཤིང་ལྷ་རེག་དང་རིན་ཆེན་དང་པོའི་གནང་སྐྱེས་བཅས་ཕེབས་ཕྲལ། བླ་མ་རྩ་གསུམ་ལ་གསོལ་བ་བཏབ་ཅིང་བསྟན་འཁྲོར་ཕན་པའི་བསམ་པས་རུ་དམ་ཡང་ཁྲོད་པདྨ་བསམ་གཏན་བདེ་ལྡན་གླིང་དུ་འཇམ་དཔལ་དགྱེས་པའི་རྡོ་རྗེས་བཀོད་པ་དགེ་ལེགས་འཕེལ། ༑ བསང་བསྡུས། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། སྲིད་བཞིའི་ཞིང་ན་གང་བཞུགས་པའི། དཀོན་མཆོག་རྩ་གསུམ་ཆོས་སྐྱོང་རྒྱ་མཚོ་དང་། ཨོ་རྒྱན་རྗེ་དང་སྐྱེས་མཆོག་དགྲ་བླའི་གཙོ། མ་མགོན་གཟའ་རྡོར་ཙིའུ་དམར་བདུད་བཙན་ཀླུ། །མ་ནིང་སྔགས་བདག་དཔོན་སུམ་ཅུ་དང་། །དྲེགས་ཆེན་བཅོ་བརྒྱད་དཔལ་མགོན་བདུན་ཅུ་ལྔ། ཤྭོ་ལོག་མེ་རྟ་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་ལྔ་ལ་བསྣན་པའོ། མགུལ་ལྷ་དགེ་བསྙེན་ཡུལ་རིས་ཟོ་དོར་ཚོགས། །
མཐུ་ཆེན་སྡེ་བཞི་ལ་སོགས་གཏེར་སྲུང་རིགས། ཆོས་སྐྱོང་བེར་ནག་རྨ་རྒྱལ་གཡུ་སྒྲོན་སོགས། །འགོ་བའི་ལྷ་སྲུང་མ་ལུས་ཐམས་ཅད་དང་། །མདོར་ན་མཆོད་དད་སྦྱིན་པའི་ཡུལ་རྣམས་ལ། །ཡེ་ཤེས་བདུད་རྩི་བསང་གི་མཆོད་པ་འབུལ། །རྣམ་དག་ཟག་མེད་དགའ་བདེས་རྒྱུད་ཚིམ་ནས། །བདག་གི་རེ་འབྲས་མྱུར་དུ་སྨིན་པ་དང་། །འགྲོ་རྣམས་སངས་རྒྱས་ཐོབ་པའི་རྒྱུར་གྱུར་ཅིག །ཨོཾ་ཨཱཿཧཱུྃ། བཟླའོ། སྔོན་མོ་ཞིག་ཏུ་ཨ་ཛི་ཏཱསོ། ཤུབྷཾ། མངྒ་ལཾ། ༈ །གཟའ་བསང་བཞུགས་སོ། །ཧཱུྃ། ཕྱོགས་བཅུའི་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །གཟའ་བདུད་ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །གདོང་མོ་མཆེད་བཞི་གཟའ་དང་རྒྱུ་སྐར་དང་། །སྡེ་བརྒྱད་དྲེགས་པའི་ཚོགས་བཅས་ད་ཚུར་བྱོན། །ཤིང་སྣ་ཟས་སྣ་ཤ་ཁྲག་ར་གསུར་གྱི། །དུ་བའི་སྤྲིན་ཕུང་ནམ་མཁའ་ཁྱབ་པ་ཉིད། །ཡེ་ཤེས་བདུད་རྩིའི་རང་བཞིན་འདོད་དགུའི་སྤྲིན། །ཟག་མེད་བདེ་བ་ཆེན་པོའི་བདག་ཉིད་འདིས། །དྲང་སྲོང་ཁྱབ་འཇུག་ཆེན་པོ་བསང་ཞིང་མཆོད། །འཁོར་གྱི་གདོང་མོ་རྣམ་བཞི་བསང་ཞིང་མཆོད། །སྤྲུལ་པའི་གཟའ་ཆེན་བརྒྱད་པོ་བསང་ཞིང་མཆོད། །
དུས་འཛིན་གཟའ་དང་རྒྱུ་སྐར་བསང་ཞིང་མཆོད། །ཕོ་ཉ་དྲེགས་པ་སྡེ་བརྒྱད་བསང་ཞིང་མཆོད། །བསང་ངོ་མཆོད་དོ་དྲེགས་པ་མཐུ་བོ་ཆེ། །མ་གཡེལ་མ་གཡེལ་བདག་གི་སྡོང་གྲོགས་མཛོད། །སྡང་བའི་དགྲ་སོད་གནོད་པའི་བགེགས་དཔུང་ཆོམས། །འཁོར་སྲུང་རྐྱེན་བཟློག་བར་ཆད་མ་ལུས་སོལ། །ཚེ་དཔལ་འབྱོར་པ་འཕེལ་ཞིང་རྒྱས་པ་དང་། །ཡིད་ལ་ཇི་ལྟར་རེ་བའི་དོན་རྣམས་ཀུན། །ཐོགས་མེད་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །ལྕགས་ཡོས་ཟླ་བཞིའི་ཚེས་དགུ་ལ་མི་ཕམ་པས་སོ། ༈ །བཙན་རོལ་པ་རྐྱ་བདུན་གྱི་བསང་བཞུགས་སོ། །ཀྱེ། ནུབ་ཕྱོགས་བཙན་ཡུལ་ཟངས་ཐང་དམར་པོ་ནས། །ཆེ་བཙན་རྒྱལ་པོ་གནོད་སྦྱིན་ཙི་འུ་དམར། །རོལ་པ་མཆེད་བདུན་བཙན་གྱི་དམག་དཔུང་བཅས། །མཁའ་ལ་གློག་དམར་འཁྱུག་བཞིན་མྱུར་དུ་བྱོན། །གཙང་སྦྱར་མཆོད་ཚོགས་བསང་གི་དུད་པའི་སྤྲིན། །ཡེ་ཤེས་བདུད་རྩི་འདོད་དགུའི་གཏེར་ཆེན་པོས། །བསང་ངོ་བརྔན་ནོ་ཆོས་སྐྱོང་ཐུགས་དམ་ཅན། །དྲེགས་པ་བཙན་གྱི་རྒྱལ་པོ་དགྱེས་གྱུར་ཅིག །རྣལ་འབྱོར་བདག་ལ་ལུས་དང་གྲིབ་བཞིན་དུ། །རྟག་ཏུ་དབྱེར་མེད་བྱ་ར་སྡོང་གྲོགས་མཛོད། །
མི་མཐུན་རྐྱེན་སོལ་མཐུན་རྐྱེན་ཡིད་བཞིན་སྒྲུབས། །བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད། །ལྕགས་ཡོས་ཟླ་བ་བཞི་པའི་ཚེས་དགུ་པ་ལ་མི་ཕམ་པས་སོ། ༈ །སྨན་བཙུན་མཆེད་ལྔའི་བསང་བཞུགས་སོ། །ཀྱེ། ཡེ་ཤེས་བདུད་རྩི་བསང་གི་དུད་པའི་སྤྲིན། །འདོད་དགུ་ཆར་འབེབ་ལྷ་ལམ་ཁྱབ་པ་འདིས། །འཆི་མེད་དབང་མོ་ལྷ་སྨན་མཆེད་ལྔ་ནི། །འབུམ་ཕྲག་མཁའ་འགྲོའི་འཁོར་དང་བཅས་པ་བསང་། །བརྟན་མ་བཅུ་གཉིས་སྨན་ཕྲན་འབུམ་དང་བཅས། །བོད་ཡུལ་ཟོ་དོར་དཀར་ཕྱོགས་སྐྱོང་བ་རྣམས། །བསང་ངོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །ཉམས་གྲིབ་མི་གཙང་གདུང་བ་ཀུན་དག་ནས། །དགྱེས་ཞལ་ཟླ་བ་ལྟ་བུས་བདག་ཅག་ལ། །ཚེ་དཔལ་འདོད་དགུ་ཡིད་བཞིན་འཇོ་བ་དང་། །བདེ་ཆེན་དགའ་བ་འཕེལ་བའི་གྲོགས་མཛད་ནས། །འཛད་མེད་དངོས་གྲུབ་དཔལ་གྱིས་སྐྱོང་བར་མཛོད། །ལྕགས་ཡོས་ཟླ་བ་བཞིའི་ཚེས་དགུ་ལ་མི་ཕམ་པས་སོ། ། ༈ ཐང་ལྷའི་བསང་བཞུགས་སོ། །ཨོཾ་ཨཱཿཧཱུྃ། དྲི་བཟང་བསང་མཆོད་ལྷ་ལམ་འགེངས་པ་འདི། །མཐོ་རིས་འབྱོར་པ་མ་ཚང་མེད་པ་དང་། །ཡེ་ཤེས་སྒྱུ་འཕྲུལ་
དྲྭ་བའི་རང་བཞིན་ཏེ། །ཀུན་བཟང་བདེ་བ་ཆེན་པོའི་མཆོད་སྤྲིན་འདིས། ༡ །འཕགས་མཆོག་ནམ་མཁའི་སྙིང་པོའི་ཡེ་ཤེས་གར། །སྟོང་གསུམ་མི་མཇེད་བདག་པོ་ཚངས་པ་ཆེ། །ཡུལ་སྐྱོང་ཟོ་དོར་ཚུལ་འཛིན་དྲི་ཟའི་རྒྱལ། །གཉེན་ཆེན་ཐང་ལྷ་དགྱེས་སྡེ་བཙུན་མོ་དང་། ༢ །བཀའ་བློན་འབངས་འཁོར་སྤྲུལ་པ་ཡང་སྤྲུལ་བཅས། །མཆོད་ཅིང་བརྔན་ནོ་དགྱེས་རབ་མཆོག་གྱུར་ཅིག །རྒྱལ་དབང་པདྨའི་རྒྱུད་འཛིན་རྣལ་འབྱོར་བདག །སྙིང་གི་བུ་ལྟར་བརྩེ་བས་རྟག་བསྐྱང་ནས། ༣ །མི་མཐུན་ཀུན་སོལ་མཐུན་རྐྱེན་ལེགས་ཚོགས་སྤེལ། །མཐའ་བཞིའི་རྒྱལ་ཁམས་དབང་དུ་འདུ་བ་དང་། །མཐའ་དམག་རྒྱལ་འགོང་གདུག་པའི་རྒྱུ་འགྲུལ་ཆོད། །ལས་བཞིའི་ཕྲིན་ལས་དངོས་གྲུབ་དཔལ་འབར་མཛོད། ༤ །ལྕགས་ཡོས་ཟླ་བ་བདུན་ཚེས་དྲུག་དགོངས་མོར་མི་ཕམ་པས་ཕྲལ་བྲིས་སོ། ༈ །ལྷ་ཆེན་བསང་ནི། ཀྱེ། ཡེ་ཤེས་བདུད་རྩི་བསང་གི་དུད་པའི་སྤྲིན། །སྣང་སྲིད་བདེ་སྟོང་རོལ་མོར་འཆར་བ་འདིས། །འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་སྒྱུ་འཕྲུལ་ལས། །འཇིག་རྟེན་སྐྱོང་བའི་རྒྱལ་པོ་ལྷ་ཆེན་པོ། །དབང་ཕྱུག་ཡབ་
ཡུམ་བཀའ་སྡོད་སྤྲུལ་པ་བཅས། །མཆོད་ཅིང་བརྔན་ནོ་དགྱེས་པའི་ཐུགས་ཀྱི་དགོངས། །སྲིད་གསུམ་དབང་བསྒྱུར་དབང་གི་ཞགས་པ་ཡིས། །འདོད་དགུའི་དཔལ་ཡོན་འགུགས་པའི་ཕྲིན་ལས་མཛོད། །ཅེས་པའང་ཟླ་བ་བདུན་པའི་ཚེས་དྲུག་ལ་མི་ཕམ་པས་བྲིས་པའོ། ༈ གེ་སར་གྱི་བསང་ནི། ཀྱེཿ འདོད་དོན་ཀུན་སྒྲུབ་དགྲ་ལྷ་མཐུ་བོ་ཆེ། །རིགས་གསུམ་པདྨའི་སྒྱུ་འཕྲུལ་སེང་ཆེན་རྒྱལ། །ནོར་བུ་དགྲ་འདུལ་བཀའ་སྡོད་ཕོ་ཉར་བཅས། །བསང་ངོ་མཆོད་དོ་བསམ་དོན་ལྷུན་གྲུབ་མཛོད། །རྡོ་ཤུལ་གྲུབ་དབང་རིག་འཛིན་གྱིས་གསུང་བསྐུལ་ངོར་ལྕགས་ཡོས་རྒྱལ་ཟླའི་ཚེས་བདུན་ལ་མི་ཕམ་པས་བྲིས་པ་མངྒ་ལཾ། ༈ རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། ཡེ་ཤེས་བདུད་རྩི་བསང་གི་དུད་པའི་སྤྲིན། །འདོད་ཡོན་ཀུན་ལྡན་ཀུན་བཟང་མཆོད་སྤྲིན་གྱིས། །རིགས་བྱེད་དབང་མོ་དབང་མཛད་མཁའ་འགྲོ་འབུམ། །བསང་ངོ་མཆོད་དོ་དབང་གི་དངོས་གྲུབ་སྩོལ། །ཨ་ཚང་གི་ངོར་མི་ཕམ་པས་སོ། ༈ རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། གཏོར་མ་ཟག་མེད་ཡེ་ཤེས་བདུད་རྩིའི་གཏེར། །འདོད་དགུ་ལྷུན་གྲུབ་འཛད་མེད་ནམ་མཁའ་མཛོད། །རིགས་བྱེད་དབང་མོ་འཁོར་དང་བཅས་ལ་འབུལ། །དགྱེས་པར་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་པདྨ་ཌཱ་ཀཱི་ནཱི་ཀུ་རུ་ཀུལླེ་ས་པ་རི་ཝཱ་ར་མ་ཧཱ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་
མ་མ་སརྦ་སིདྡྷི་ཧཱུྃ། ཞེས་པ་ཨ་ཚང་གིས་བསྐུལ་ངོར་མི་ཕམ་པས་སོ། །མངྒ་ལཾ། ༈ ཀྱེ། བདུད་རྩི་ཤིང་གི་དུད་པའི་སྤྲིན། །ཁ་དོག་དྲི་རོ་ནུས་པར་ལྡན། །ཡེ་ཤེས་བདུད་རྩིའི་རང་བཞིན་འདིས། །ཕུར་ཝེར་མཆེད་གསུམ་ལྕམ་དང་བཅས། ༡ །རྣོ་མཐོང་ཕྱའུ་གཡང་དཀར་དང་། །གཡུང་དྲུང་གསས་ཆེན་སྡེ་ལྔ་སོགས། །མདུད་ལྷ་སུམ་བརྒྱ་དྲུག་ཅུའི་སྡེ། །གནམ་ས་བར་གྱི་ཝེར་མའི་དཔུང་། ༢ །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །མོ་ལྷ་ཤེས་བཞི་མཐོང་བརྒྱད་ལྷ། །ཐམས་ཅད་མ་ལུས་བསང་ཞིང་མཆོད། །གྲིབ་རྨུག་མུན་པ་དབྱིངས་སུ་སངས། ༣ །རྣོ་མཐོང་མཁྱེན་པའི་ཉི་མ་གསལ། །དུས་གསུམ་སྒྲིབ་མེད་མཐོང་བ་ཡི། །མངོན་ཤེས་འཕྲུལ་གྱི་དངོས་གྲུབ་སྩོལ། །གར་འགྲོ་གར་འདུག་དགྲ་བླ་མཛོད། ༤ །བཀྲ་ཤིས་ལེགས་ལམ་སྣ་དྲོངས་ལ། །ཕུན་ཚོགས་བསམ་དགུ་གྲུབ་པ་ཡི། །རྟེན་འབྲེལ་སྒྲིག་པའི་དགྲ་བླར་བཞུགས། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། ༥ །ཅེས་པ་གཡུང་དྲུང་སྡེ་ལྔའི་དཔལ་གསས་དབུ་དགུའི་ཞལ་རས་ངོམས་པའི་གནས་སུ་རྟེན་འབྲེལ་ཕྱ་གཤེན་གྱི་ལེགས་ལམ་ཡིད་བཞིན་འགྲིགས་པའི་གནས་དུས་དགེ་བར། ཁྱིམ་བདག་རྐྱ་ལོའི་གཡང་སྤེལ་བའི་ཚེ་མི་ཕམ་པས་བྲིས་པ་དགེའོ། ༈ ཀྱེཿ བསམ་དོན་ཀུན་འགྲུབ་དགྲ་བླ་མཐུ་བོ་ཆེ༔ འཛམ་གླིང་བོད་ཀྱི་དགྲ་ལྷ་གེ་སར་རྒྱལཿ དཔའ་ཐུལ་
སུམ་ཅུ་སྐྱེས་བུ་དགྲ་ལྷའི་ཚོགས༔ གཙང་མ་ཕུད་ཀྱི་མཆོད་པ་འབུལ་ལོ་བཞེས༔ འདོད་པའི་དོན་ཀུན་མ་ལུས་ཀུན་འགྲུབ་ནས༔ བཀྲ་ཤིས་དཔལ་འབྱོར་བདེ་བླག་མྱུར་འགྲུབ་མཛོད༔ ཇ་མཆོད་བསང་མཆོད་གང་འོས་སྐབས་སུ་སྦྱར་ན་བཀྲ་ཤིས་བདེ་ལེགས་འབྱུང་ཞིང་དངོས་གྲུབ་ནོར་ཆར་འབེབ་པའི་གནད་དོན་ཡོདཿ སྔགས་བན་པདྨའི་མིང་གིས་སོ། ༈ །རང་གནས་གང་དུ་འདུག་པའི་ཚེ་གནས་བདག་མཆོད་ཐབས་མཐུན་རྐྱེན་ཆར་འབེབ་བཞུགས། ཧྲཱིཿ རྒྱལ་དབང་པདྨ་རྒྱལ་པོ་སོགས། །རྒྱལ་བ་རིག་འཛིན་བརྒྱུད་པ་ཡི༑ །བཀའ་དང་དམ་ཚིག་ལ་གནས་པའི། །ལྷ་ཀླུ་བརྟན་མ་སྡེ་བརྒྱད་སོགས། །དཀར་ཕྱོགས་སྐྱོང་བའི་དགེ་བསྙེན་རིགས། །གནས་གཞི་གཏེར་གྱི་བདག་པོ་རྣམས། །འདིར་གཤེགས་གཏོར་མ་སྐྱེམ་ཕུད་སོགས། །བསང་ཡིན་ན་འདིར་གཤེགས་བདུད་རྩི་བསང་མཆོད་སོགས། ཞེས་བྱ། མཐུན་རྫས་འདོད་ཡོན་མཆོད་པ་བཞེས། །བདག་ནི་རིག་འཛིན་པདྨའི་གདུང་། །ཁྱེད་རྣམས་ལྷ་འདྲེ་དེ་ཡི་རིགས། །བཀའ་དང་དམ་ལས་མ་འདའ་བར། །སྲུང་སྐྱོབ་སྡོང་གྲོགས་ཕྲིན་ལས་སྒྲུབས། །ཁྱད་པར་ཡུལ་རིས་ས་ཕྱོགས་འདིའི། །ཡུལ་ལྷ་གཞི་བདག་གནས་བདག་རིགས། །ཡབ་ཡུམ་ལྕམ་དྲལ་ཕོ་ཉར་བཅས། །མ་ལུས་འཁོར་བཅས་གནས་འདིར་གཤེགས། །མཐུན་རྫས་འདོད་ཡོན་གཏོར་མ་སོགས། །བསང་མཆོད། ནམ་མཁའ་མཛོད་ཀྱི་
འཁོར་ལོར་འབུལ། །ཉམས་ཆག་འགལ་འཁྲུལ་ཅི་མཆིས་བཤགས། །ཐུགས་དམ་གཉེན་པོ་དགྱེས་པར་བསྐང་། །ཡུལ་འདིའི་ཟོ་དོར་གཉེན་པོ་ཡིས། །བདག་ཅག་འཁོར་དང་བཅས་པ་རྣམས། །མ་ཡིས་བུ་བཞིན་རྟག་བསྐྱང་ནས། །མཐུན་པའི་དངོས་གྲུབ་མ་ལུས་སྩོལ། །ཨོཾ་ཨཱཿབྷུ་མི་པ་ཏི་ས་པ་རི་ཝ་ར་མ་ཧཱ་པཱུ་ཙ་ཁཱ་ཧི་ཁཱ་ཧི། སརྦ་སིདྡྷི་ཧཱུྃ། ཞེས་པའང་མེ་སྤྲེལ་ཟླ་བ་གཅིག་པའི་ཚེས་ཉེར་ལྔ་ལ་མི་ཕམ་རྣམ་པར་རྒྱལ་བའི་རིག་ཁམས་ལས་རྡོལ་བ་དགེའོ། ༈ །རྫ་བསང་བཞུགས། རྫས་རྣམས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་སྤེལ་ནས། ཀྱེ། བྱང་ཕྱོགས་ཕྱ་གཡང་འོ་མའི་རྒྱ་མཚོ་གང་། །འཕེལ་མཛད་ཡུལ་སྐྱོང་བདུད་རྩིའི་ཐིག་ལེ་ཉིད། །མ་སང་སྡེ་དཔོན་རྫ་ཡི་རྒྱལ་པོ་ཆེ། །རྡོ་རྗེ་འཕན་ཕྱུགས་འཁོར་བཅས་གནས་འདིར་གཤེགས། །ཡིད་མཐུན་ཞལ་ཟས་གཏོར་མ་རི་ལྟར་སྤུངས། །ཇ་ཆང་འོ་ཞོའི་སྐྱེམས་ཕུད་མཚོ་ལྟར་བསྐྱིལ། །བརྔན་ཆའི་དཀོར་ནོར་སྣ་ཚོགས་སྐར་ལྟར་བཀྲམ། །བདུད་རྩི་བསང་གི་དུད་པ་སྤྲིན་ལྟར་འཁྲིགས། །དར་སྣ་བ་དན་རྒྱལ་མཚན་འཇའ་ལྟར་བཀྲ། །སྙན་དབྱངས་རོལ་མོའི་འབྲུག་སྒྲ་འུ་རུ་རུ། །འདོད་ཡོན་ཀུན་ལྡན་བདེ་བ་ཆེན་པོའི་གཏེར། །གུས་པས་འབུལ་ལོ་
དགྱེས་པའི་ཐུགས་ཀྱིས་བཞེས། །པདྨ་ཐོད་ཕྲེང་རྩ་བརྒྱུད་བླ་མ་ཡི། །བཀའ་བཞིན་བདག་ཅག་རྣམས་ལ་དུས་ཀུན་ཏུ། །སྲུང་སྐྱོབ་སྡོང་གྲོགས་གཡེལ་བ་མེད་པ་དང་། །ཚེ་བསོད་དཔལ་འབྱོར་སྤེལ་བའི་ཕྲིན་ལས་མཛོད། །ཅེས་པའང་རབ་ཚེས་ཕུར་བུ་ས་སྤྲེལ་ལོའི་ཧོར་ཟླ་དང་པོའི་ཚེས་བདུན་ལ། རྫ་ཀླུང་ཕྱོགས་སུ་ཕན་པའི་བསམ་པས། དགའ་སྟོད་བཀྲ་ཤིས་ཆོས་གླིང་གི་རི་ཁྲོད་བདེ་མཆོག་ཕོ་བྲང་དུ་མི་ཕམ་འཇམ་དཔལ་རྡོ་རྗེས་འཕྲལ་བྲིས་དགེ་ལེགས་འཕེལ།། ༈ །།ལྕམ་མོའི་བསང་བཞུགས་སོ། །ཨོཾ་ཨཱཿཧཱུྃ། ཡོན་ཏན་ཐབས་མཆོག་རུ་དམ་ཆོས་འཁོར་གྱི། །གནོད་སྦྱིན་དབང་པོའི་ཕྱོགས་ཀྱི་སྒོ་སྲུང་བ། །དཔྱལ་གྱི་བྲག་དཀར་རིན་ཆེན་སྤུངས་འདྲ་བའི། །རི་དབང་ལ་གནས་ཡུལ་སྐྱོང་མཐུ་བོ་ཆེ། །ལྕམ་མོ་ཆེན་མོ་སྨན་བཙུན་གཞོན་ནུའི་ཚུལ། །ཡིད་འོང་མཛེས་སྡུག་ལང་ཚོའི་དཔལ་འབར་མ། །མིང་པོ་ལྷ་ཡི་དགེ་བསྙེན་དྲག་རྩལ་ཅན། །བཀྲ་ཤིས་ལེའུ་འཚོ་བྱེད་ཡུལ་གྱི་ལྷ། །ལྕམ་དྲལ་རྣམ་གཉིས་འཁོར་དང་ཡང་འཁོར་བཅས། །ཡིད་ལྟར་མྱུར་བའི་རྫུ་འཕྲུལ་སྟོབས་ཤུགས་ཀྱིས། །སྒྲིབ་མེད་མཁའ་ལམ་གདན་ཁྲིར་དྭངས་པའི་སྐུ། །བསང་མཆོད་མགྲོན་དུ་གནས་འདིར་གཤེགས་སུ་གསོལ། །
ཡུམ་ལྔའི་རང་བཞིན་འབྱུང་ལྔའི་རྟེན་འབྲེལ་ལས། །གཙང་སྦྱར་བསང་གི་དུད་སྤྲིན་ལྷ་ལམ་ཁྱབ། །ཏིང་འཛིན་སྔགས་དང་ཕྱག་རྒྱས་རྣམ་འཕྲུལ་པས། །གང་བཞེད་དེར་སྣང་ངོ་མཚར་བསམ་མི་ཁྱབ། །དབང་པོའི་བརྟན་པ་དབང་མེད་འཕྲོག་བྱེད་པ། །འདོད་ཡོན་དྲུག་ལྡན་སྒྱུ་མའི་གར་མཁན་མས། །ཚོགས་དྲུག་བདེ་བར་སྦྱར་བའི་མཆོད་སྦྱིན་གྱིས། །ཀུན་གསལ་ལམ་གྱི་ཐ་གྲུ་ཕྱུར་བུར་བཀང་། །གཏོང་དང་ལེན་པའི་མཚན་མ་མི་དམིགས་ཀྱང་། །མཆོད་དང་དགྱེས་པའི་རྣམ་རོལ་འགག་པ་མེད། །བདེ་མཆོག་སྒྱུ་མ་བདེ་བའི་མཆོད་སྤྲིན་གྱིས། །ཁྱོད་ཐུགས་མཁའ་དབྱིངས་ཀུན་ནས་འགེངས་གྱུར་ཅིག །པདྨ་རྒྱལ་པོ་བརྒྱུད་པར་བཅས་པ་ཡི། །རྡོ་རྗེའི་ཐ་ཚིག་ཐུགས་ཀྱིས་རབ་དགོངས་ནས། །ཕྱོགས་འདིའི་དགོན་གནས་ཡུལ་གཞི་མངའ་འབངས་བཅས། །བུ་བཞིན་སྲུང་སྐྱོབ་སྡོང་གྲོགས་གཡེལ་མེད་མཛོད། །ཟབ་མོའི་ཆོས་ནོར་གཏེར་གྱི་སྲུང་མ་ཆེ། །རིག་འཛིན་དཔའ་བོར་བདེ་སྟེར་གསང་བའི་གྲོགས། །མངོན་ཤེས་ཚེ་གཡང་རིགས་བརྒྱུད་རྐང་བཞིའི་ལྷ། །སྨན་བཙུན་དཔའ་མོ་དགྱེས་པའི་ཞལ་རས་ཀྱི། །ཡིད་འཕྲོག་
ཟླ་བ་དྭངས་པའི་མེ་ལོང་ལས། །འཛུམ་པའི་འོད་དཀར་བདུད་རྩིའི་ཟེར་ཕྲེང་གིས། །སྒྲུབ་མཆོག་ཀུནྡའི་དགའ་ཚལ་རྟག་སྐྱོངས་ཤིང་། །ཚེ་དཔལ་འབྱོར་པའི་ཆུ་གཏེར་འཕེལ་བར་མཛོད། །སྨན་བཙུན་ཟླ་བ་གཞོན་ནུའི་འཁྲི་ཤིང་ལས། །དགེ་མཚན་འདབ་སྟོང་ཕྱོགས་བཅུར་རབ་རྒྱས་ནས། །བདེ་སྐྱིད་གེ་སར་སྦྲང་རྩིའི་རྡུལ་དམར་གྱིས། །ས་འདི་དཔལ་གྱིས་ཀུན་ནས་གང་བར་མཛོད། །ལྷ་མོ་ཁྱོད་ནི་དམ་ཚིག་ཚད་མ་སྟེ། །བདག་ཅག་རྣམས་ནི་གུ་རུའི་བརྒྱུད་འཛིན་ཕྱིར། །རྡོ་རྗེའི་ཡལ་གམ་ག་ཕྲེང་བའི་མཛའ་གཅུགས་ཀྱིས། །ནམ་ཡང་དགེ་ལེགས་ཤིས་པའི་དཔལ་སྩོལ་ཅིག །རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ་ལྔ་པས་གསུང་བསྐུལ་ལྟར་ཟླ་དགུའི་ཚེས་སུམ་ཅུ་ལ་མི་ཕམ་རྣམ་རྒྱལ་པས་སྤེལ་བ་དགེ་ལེགས་འཕེལ་ལོ།། ༈ །མནོལ་བསང་ཉམས་གྲིབ་ཀུན་སེལ་བཞུགས། བདུད་རྩི་ཅན་གྱི་ཤིང་གསུམ་སོགས་མེར་བསྲེགས་ལ་གཙང་མའི་ཆབ་ཀྱིས་བྲན། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ། ཀྱེ། ལྷ་རི་མཐོ་ལ་སྐྱེས་པ་ཡི། །རྩི་ཤིང་ལོ་འདབ་སྣ་ཚོགས་འདི། །འབར་བའི་མེ་ལ་བསྲེགས་ནས་སུ། །གཙང་མ་ཆབ་ཀྱིས་ལེགས་པར་བྲན། །
སྔགས་དང་ཕྱག་རྒྱས་བྱིན་གྱིས་རླབས། །ཏིང་འཛིན་དག་པས་འདོད་དགུར་སྤེལ། །ངོ་བོ་རང་བྱུང་ཡེ་ཤེས་ལས། །རྣམ་པ་ཀུན་བཟང་མཆོད་པའི་སྤྲིན། །མཁའ་ལ་བདུད་རྩིའི་ཆར་འབེབས་ཤིང་། །བར་སྣང་དྲི་ཞིམ་བསང་གིས་ཁྱབ། །ས་གཞི་འདོད་ཡོན་དགྱེས་དགུས་བཀང་། །ཐམས་ཅད་བདེ་ཆེན་འོད་གསལ་ངང་། །རང་བཞིན་དག་པའི་བསང་མཆོད་འདིས། །མི་བསང་བ་ནི་གང་ཡང་མེད། །གདུག་པའི་དུག་དང་བཙོག་པའི་གྲིབ། །ཐམས་ཅད་མ་ལུས་སངས་གྱུར་ཅིག །མཆོག་གསུམ་རྩ་གསུམ་བྱིན་རླབས་དང་། །སྔགས་དང་ཕྱག་རྒྱ་ཏིང་འཛིན་མཐུ། །ཆོས་ཉིད་རྣམ་དག་ཆོས་ཅན་རྫས། །རྟེན་འབྲེལ་ཐབས་ཀྱི་ཆོ་ག་ཡིས། །མ་རིག་རྒྱུ་ལ་རྐྱེན་གྱིས་བསླད། །རྣམ་རྟོག་དབང་གིས་བྱུང་བ་ཡི། །མི་གཙང་དྲི་མའི་ཚོགས་རྣམས་ཀུན། །དེ་རིང་འོད་གསལ་ཆེན་པོར་བསངས། །ཕྱི་སྣོད་དག་པའི་ཞིང་དུ་བསངས། །ནང་བཅུད་ལྷ་དང་ལྷ་མོར་བསངས། །རྫས་རྣམས་ཡེ་ཤེས་བདུད་རྩིར་བསངས། །སྣང་སྲིད་བདེ་བ་ཆེན་པོར་བསངས། །མཆོག་གསུམ་རྩ་གསུམ་ཆོས་སྐྱོང་དང་། །དགྲ་བླ་ཝེར་
མ་ནོར་གྱི་ལྷ། །ཡུལ་ལྷ་གཞི་བདག་འགོ་བའི་ལྷར། །མི་གཙང་ཉམས་གྲིབ་ཕོག་པ་བསངས། །རིགས་དྲུག་སེམས་ཅན་བགེགས་རིགས་རྣམས། །སོ་སོའི་ལས་སྣང་སྒྲིབ་པ་བསངས། །ཁྱད་པར་བདག་ཅག་འཁོར་བཅས་ལ། །མནོལ་བཙོག་གྲིབ་ཀྱིས་ཕོག་པ་བསངས། །ནམ་མཁའ་བཞིན་དུ་དྭངས་གྱུར་ཅིག །ཉི་ཟླ་བཞིན་དུ་གསལ་གྱུར་ཅིག །ཤེལ་གོང་བཞིན་དུ་དག་གྱུར་ཅིག །མེ་ཏོག་བཞིན་དུ་རྒྱས་གྱུར་ཅིག །ནད་གདོན་བར་ཆད་མི་མཐུན་ཞི། །ཚེ་བསོད་དཔལ་འབྱོར་ཉམས་རྟོགས་རྒྱས། །སྣང་སེམས་ལྷ་མི་དབང་དུ་འདུ། །གནོད་བྱེད་དགྲ་བགེགས་ཚར་བཅད་དེ། །སྣང་སྲིད་རྣམ་དག་ཆེན་པོའི་ངང་། །རང་བྱུང་འོད་གསལ་འདུས་མ་བྱས། །གཉིས་མེད་ཡེ་ཤེས་ཆེན་པོ་རུ། །ཐམས་ཅད་ཕྱམ་གཅིག་སངས་རྒྱས་ཤོག །དེ་ལྟར་དམིགས་ལ། ཨོཾ་ཨཱཿཧཱུྃ། བརྒྱ་རྩ་བརྒྱད་བཟླའོ། །དེས་ཉམས་གྲིབ་མི་གཙང་བ་ཐམས་ཅད་འཕྲལ་དུ་དག་ནས་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་འགྱུར་རོ། །མེ་སྤྲེལ་ཟླ་བ་ལྔ་པའི་ཚེས་བཅུ་ལ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་བློ་མཚོ་ལས་ལེགས་པར་བྱུང་བ་དག་བྱེད་
གཙང་མའི་ཆོ་ག་བདུད་རྩིའི་སྤྲིན་ཆེན་ཡང་དག་པར་མངྒ་ལཾ། ༈ །རླུང་རྟའི་བ་དན་གྱི་མཆོད་པ་འདོད་དགུ་མྱུར་སྩོལ་བཞུགས། ཧོ། ཀུན་ཁྱབ་དག་པ་ཡེ་ཤེས་ཆེན་པོ་ལས། །རྣམ་རོལ་མ་འགག་རང་སྣང་བཀོད་པའི་རྒྱན། །བཀྲ་ཤིས་རླུང་རྟ་སྙན་པའི་བ་དན་ཆེ། །ཀུན་བཟང་མཆོད་པའི་སྤྲིན་ཆེན་རབ་ཏུ་འཕྲོ། ༡ །རྫུ་འཕྲུལ་ཤུགས་ལྡན་རྟ་རྒྱལ་བ་ལ་ཧ། །རྣམ་མང་རིན་ཆེན་རྒྱན་སྤྲས་རླུང་ལྟར་འཕྱོ། །གང་བསམ་ཐོགས་མེད་བགྲོད་པ་རྡོ་རྗེའི་སྟོབས། །རྫུ་འཕྲུལ་རྐང་པ་བཞི་ཡི་རོལ་པ་ལས། ༢ །ཕྱོགས་བཞིར་སྟག་སེང་ཁྱུང་འབྲུག་འཕྱོ་ཞིང་ལྡིང་། ས་དང་བར་སྣང་ནམ་མཁའི་ཁྱོན་ཀུན་ཏུ། །བདེ་དང་ལེགས་དང་རྒྱལ་དང་གྲུབ་པ་ཡི། །བཀྲ་ཤིས་གླུ་དབྱངས་ལྷ་ཡི་རྔ་སྒྲ་སོགས། ༣ ། རོལ་མོའི་དབྱངས་བཅས་མེ་ཏོག་ཆར་འབེབས་ཤིང་། །ལྷ་རྫས་མཆོད་པའི་སྤྲིན་གྱིས་ཕྱོགས་ཀུན་ཁྱབ། །ས་གསུམ་དགེ་བའི་བཀྲ་ཤིས་དཔལ་ཡོན་གྱི། །ལེགས་ཚོགས་མ་ལུས་ལྷུན་གྱིས་གྲུབ་པ་ཡི། ༤ །ཡིད་བཞིན་འདོད་འབྱུང་མཆོད་པའི་གཏེར་ཆེན་འདིས། །རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ལྷ། །གནས་གསུམ་མཁའ་འགྲོ་
དམ་ཅན་ཆོས་སྐྱོང་ཚོགས། །དགྲ་ལྷ་ཝེར་མ་ནོར་ལྷ་གཏེར་བདག་དང་། ༥ ། ཡུལ་ལྷ་གཞི་བདག་དཀར་ཕྱོགས་སྐྱོང་བའི་སྡེ། །འགོ་ཞིང་སྐྱོབ་པ་མཆོད་པའི་མགྲོན་གྱུར་ཀུན། །གསོལ་ལོ་མཆོད་དོ་བསྟོད་དོ་མངའ་གསོལ་ལོ། །དགྱེས་རབ་མཆོག་ལྡན་མཉེས་རབ་ཕུལ་གྱུར་ནས། ༦ །མཐུ་སྟོབས་ནུས་པ་རྡོ་རྗེའི་རླུང་ཤུགས་ཀྱིས། །རྣམ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །ཚེ་དཔལ་བསོད་ནམས་རླུང་རྟའི་སྟོབས་བསྐྱེད་ནས། །གང་འདོད་ཕྲིན་ལས་ཐོགས་མེད་ཡིད་བཞིན་འགྲུབ། ༧ །མི་མཐུན་ཕྱོགས་རྣམས་མཐུན་པའི་གྲོགས་སུ་བསྒྱུར། །བཀྲ་ཤིས་དགེ་མཚན་སྙན་པའི་བ་དན་བསྒྲེངས། །ཕ་རོལ་རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། ༨ །ཅེས་བཀྲ་ཤིས་གྲངས་ལྡན་གྱི་ཚིགས་སུ་བཅད་པ་འདི་ཉིད་མཛེས་བྱེད་ཆུ་ཡོས་དབྱུགས་གུ་ཟླ་བའི་ཡར་ཚེས་བཅུ་པའི་དུས་བཟང་བར་རུ་དམ་ཡང་ཁྲོད་པདྨ་བསམ་གཏན་བདེ་ལྡན་གླིང་དུ་མི་ཕམ་རྣམ་པར་རྒྱལ་བས་བཀོད་པ་དགེ་ལེགས་འཕེལ། ༈ །འདི་ལ་ཆེད་དུ་དམིགས་པའི་ལྷ་ཡི་ཁ་བསྒྱུར་འཛུད་པར་འདོད་ན། འགོ་ཞིག་སྐྱོབ་པ་མཆོད་པའི་མགྲོན་གྱུར་དང་། །ཁྱད་པར་གེ་སར་
ནོར་བུ་དགྲ་འདུལ་རྩལ། །རྫུ་འཕྲུལ་རྡོ་རྗེའི་རྐྱང་རྒོད་ཕེར་པོ་དང་། །དཔའ་རྟུལ་དྭངས་སྨན་བཀའ་སྡོད་ཕོ་ཉར་བཅས། །གསོལ་ལོ་མཆོད་དོ་བསྟོད་དོ་མངའ་གསོལ་ལོ། །དབུ་འཕང་གཉན་པོ་ཆོས་ཀྱི་དབྱིངས་སུ་བསྟོད། །ཅེས་ཚིགས་བཅད་གཅིག་བསྣན། ཁྱད་པར་སྣང་སྲིད་དབང་སྡུད་སྟོབས་ཀྱི་ལྷ། །པདྨ་དབང་ཆེན་རྟ་མཆོག་རོལ་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་བཀའ་སྡོད་ཕོ་ཉར་བཅས། །གསོལ་ལོ་མཆོད་དོ་བསྟོད་དོ་མངའ་གསོལ་ལོ། །དབུ་འཕང་གཉེན་པོ་ཆོས་ཀྱི་དབྱིངས་སུ་བསྟོད། །ཅེས་ཚིགས་བཅད་གཅིག་བསྣན་ལ། དེ་བཞིན་དུ། ཁྱད་པར་དཔལ་མགོན་ཚོགས་བདག་ཡབ་ཡུམ་དང་། །སྐུ་གསུང་ཐུགས་མགོན་ཕྱོགས་བཅུ་སྡེ་བརྒྱད་མགོན། །དགྲ་བླ་ལྷ་དམག་ཚེ་རྫི་ཤུགས་མགོན་བཅས། །ཞེས་དང་། ཁྱད་པར་མདོ་ཁམས་ཤར་ཕྱོགས་ཡུལ་སྐྱོང་ཆེ། །རྨ་རྒྱལ་སྤོམ་ར་འཁོར་དང་བཀའ་ཉན་དང་། །མ་སང་དགྱེས་སྡེ་སྨན་གྱི་ཚོགས་དང་བཅས། །ཞེས་སོགས་ཚིགས་བཅད་གཅིག་བསྣན་པར་བྱའོ། ༈ ཧོ། བཀྲ་ཤིས་རླུང་རྟ་སྙན་པའི་བ་དན་ཆེ། །ཀུན་བཟང་མཆོད་པའི་སྤྲིན་ཆེན་འཕྲོ་བ་འདིས། །རྩ་གསུམ་སྲུང་མ་དགྲ་བླ་ཟོ་དོར་བཅས། །གང་འདོད་ཁ་བསྒྱུར་
བྱའོ། །གསོལ་ལོ་མཆོད་དོ་བསམ་དོན་ལྷུན་གྲུབ་མཛོད། །རླུང་རྟའི་གསོལ་བསྡུས་འདི་ཡང་གོང་ཚེས་དེ་ལ་མི་ཕམ་པས་བཀོད་པ་མངྒ་ལཾ། །དགེའོ། །དགེའོ། །དགེའོ། ། ༈ ཧྲཱི༔ དགེ་མཚན་རླུང་རྟ་སྙན་པའི་བ་དན་ཆེ། །འདོད་དགུ་ཀུན་འབྱུང་མཆོད་པའི་སྤྲིན་ཕུང་འདི། །རྩ་གསུམ་དམ་ཅན་དགྲ་བླའི་ཚོགས་ལ་འབུལ། །བསམ་དོན་ཀུན་འགྲུབ་ཕྱོགས་ལས་རྣམ་རྒྱལ་མཛོད། །ཅེས་པ་འདི་ཡང་ཤིང་སྦྲུལ་ཟླ་ཚེས་ལ་མི་ཕམ་པས་སོ། །འདི་ཡི་ཚིག་རྐང་གསུམ་པ་ལྷ་གང་འདོད་ལ་ཁ་བསྒྱུར་བར་བྱ་སྟེ། གེ་སར་སྐྱེས་བུ་འཁོར་དང་བཅས་ལ་འབུལ། །ཞེས་པ་ལྟ་བུའོ། །མངྒ་ལཾ། ༈ །རླུང་རྟའི་གསོལ་མཆོད་ཕྲིན་ལས་ལྷུན་གྲུབ་བཞུགས། ཧོཿ ཀུན་ཁྱབ་དག་པ་ཆོས་དབྱིངས་ཆེན་པོའི་ངང་། །རང་རྩལ་མ་འགག་རོལ་པ་ཕྲིན་ལས་ལྷ། །རྫུ་འཕྲུལ་རྐང་པ་བཞི་ལྡན་རླུང་ཤུགས་ཀྱིས། །གང་འདོད་གནས་སུ་ཐོགས་མེད་ཕྱིན་པའི་རྟ། ༡ །ཡེ་ཤེས་འཇིག་རྟེན་མགོན་མཛད་གང་ཡང་རུང་། །བརྫུས་གཟུགས་མྱུར་མཛད་ལས་ཀྱི་ལྷ་ཆེན་བཞི། །འཁོར་འདས་ཡོངས་ལ་ཁྱབ་རྒྱུ་མཐུ་བོ་ཆེ། །བོས་པ་ཙམ་གྱིས་གློག་ལྟར་མྱུར་དུ་བྱོན། ༢ །དཔག་བསམ་ལྗོན་པའི་ཚལ་ན་
རྒྱུ་བ་ཡི། །དགྲ་བླ་ཁྱུང་ཆེན་སྤྱན་འདྲེན་གཤེགས་སུ་གསོལ། །དར་སྣ་བ་དན་རོལ་མོའི་མཆོད་པ་འབུལ། །མངའ་གསོལ་གཟེངས་བསྟོད་ཐུགས་དམ་གཉེན་པོ་བསྐང་། །མཛངས་འཕྲུལ་ཕུན་སུམ་ཚོགས་པའི་རླུང་རྟ་བསྐྱེད། །ཁྱད་པར་ཤིང་ཁམས་རླུང་གི་ཀ་བ་ཚུགས། །ཕ་རོལ་རྒོལ་བ་ཐམས་ཅད་ཟིལ་གྱིས་ནོན། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །འཇིགས་རུང་མེ་ཡི་ཚྭ་ཚྭ་འཁྲུགས་པ་ཡི། །དགྲ་བླ་སྟག་ཆེན་སྤྱན་འདྲེན་གཤེགས་སུ་གསོལ། །དར་སྣ་བ་དན་རོལ་མོའི་མཆོད་པ་འབུལ། །མངའ་གསོལ་གཟེངས་བསྟོད་ཐུགས་དམ་གཉན་པོ་བསྐང་། །དཔའ་སྟོབས་ཕུན་སུམ་ཚོགས་པའི་རླུང་རྟ་སྐྱེད། །ཁྱད་པར་མེ་ཁམས་རླུང་གི་ཀ་བ་ཚུགས། །ཕ་རོལ་རྒོལ་བ་ཐམས་ཅད་ཟིལ་གྱིས་ནོན། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །ཤེལ་བྲག་གངས་ཆེན་ལྕགས་རིའི་ཟོམ་གནས་པ། །དགྲ་བླ་སེང་ཆེན་སྤྱན་འདྲེན་གཤེགས་སུ་གསོལ། །དར་སྣ་བ་དན་རོལ་མོའི་མཆོད་པ་འབུལ། །མངའ་གསོལ་གཟེངས་བསྟོད་ཐུགས་དམ་གཉེན་པོ་བསྐང་། །མཛེས་བརྗིད་
ཕུན་སུམ་ཚོགས་པའི་རླུང་རྟ་སྐྱེད། །ཁྱད་པར་ལྕགས་ཁམས་རླུང་གི་ཀ་བ་ཚུགས། །ཕ་རོལ་རྒོལ་བ་ཐམས་ཅད་ཟིལ་གྱིས་ནོན། །ཕྱོགས་ལས་རྣམ་བར་རྒྱལ་བའི་ཕྲིན་ལས་མཛོད། །ཆུ་ལྡན་ཆར་སྤྲིན་ཟབ་མོའི་ཀློང་གནས་པ། །དགྲ་བླ་འབྲུག་ཆེན་སྤྱན་འདྲེན་གཤེགས་སུ་གསོལ། །དར་སྣ་བ་དན་རོལ་མོའི་མཆོད་པ་འབུལ། །མངའ་གསོལ་གཟེངས་བསྟོད་ཐུགས་དམ་གཉེན་པོ་བསྐང་། །སྙན་གྲགས་ཕུན་སུམ་ཚོགས་པའི་རླུང་རྟ་སྐྱེད། །ཁྱད་པར་ཆུ་ཁམས་རླུང་གི་ཀ་བ་ཚུགས། །ཕ་རོལ་རྒོལ་བ་ཐམས་ཅད་ཟིལ་གྱིས་ནོན། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །གང་གིས་མཆོད་ལ་འཕྲལ་དུ་མགོན་མཛད་ཅིང་། །གློ་བུར་སྟོབས་སྤེལ་སྲིད་པ་ལས་ཀྱི་ལྷ། །རྟེན་འབྲེལ་གནས་ལ་དབང་བསྒྱུར་མཐུ་བོ་ཆེ། །མཆོད་དོ་བསྟོད་དོ་དེ་རིང་དཔལ་སྐྱེད་ཅིག །ཕྲིན་ལས་ལྷ་མགོན་གཉན་པོ་ཐུགས་དམ་ཅན། །གློག་ལྟར་མྱུར་བའི་ཤུགས་དང་བཟློག་མེད་སྟོབས། །བསྐྱེད་ལ་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཚེ་དཔལ་ཀླུང་
གི་རྒྱལ་མཚན་སྲིད་རྩེར་སྒྲེངས། །སྙན་པའི་བ་དན་ས་ཆེན་གསུམ་དུ་ཕྱོར། །གྲགས་པའི་འབྲུག་སྒྲ་མཁའ་དང་མཉམ་པར་སྒྲོགས། །གང་བསམ་ཐོགས་མེད་བགྲོད་པའི་ལས་ཤུགས་ཀྱི། །མཐུ་སྟོབས་ནུས་པ་རླུང་གིས་མེ་བཞིན་སྦོར། །ཕས་ཀྱི་རྒོལ་བ་ཀུན་ལས་རྣམ་རྒྱལ་བའི། །འགྱུར་མེད་ཀླུང་གི་དཔལ་ཡོན་རབ་གྲུབ་སྟེ། ཆོས་དང་སྲིད་ཀྱི་ལེགས་ཚོགས་མ་ལུས་པ། །ཡིད་བཞིན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །འདི་ནི་རང་བཟོ་མ་ཡིན་ཏེ་གཙུག་ལག་གི་དགོངས་པ་བཞིན་དུ། རབ་ཚེས་ལྕགས་ཡོས་ས་ག་ཟླ་བའི་ཚེས་བཅུ་གཅིག་རེས་གཟའ་བཀྲ་ཤིས་དང་། རྒྱུ་སྐར་མེ་བཞི་རྩེ་བའི་དུས་ཚེས་བཟང་པོའི་དགུང་གི་ཆ་ལ་ ༧ འཇམ་དཔལ་དགྱེས་པའི་རྡོ་རྗེའི་རིག་པའི་རྩལ་ལས་བྱུང་བ་རྣོ་ཁྱད་ཕན་ཡོན་ཆེའོ། །མངྒ་ལཾ། ༈ །པདྨ་དབང་ཆེན་ལ་བརྟེན་ནས། བསོད་ནམས་རླུང་རྟའི་དཔལ་བསྐྱེད་ན། གཏོར་མ་སྐྱེམས་ཕུད་དར་སྣ་བཤམས། བསང་དང་བརྔན་བྱ་རོལ་མོ་སྤིར། ཧཱུཾ་ཧྲཱི། རྒྱལ་ཀུན་སོ་སོར་རྟོག་པ་ཡི། །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་གར། །བདེ་ཆེན་དབང་གི་རྒྱལ་པོ་ནི། །པདྨ་ཁྲག་འཐུང་རྟ་མཆོག་དཔལ། །འཁོར་བཅས་དབང་བསྒྱུར་རྡོ་རྗེའི་
སྐུ། །གར་གྱི་དབང་ཕྱུག་དཔའ་བོའི་གཙོ། །མཁའ་འགྲོའི་ཚོགས་ཀྱི་རྗེ་བོ་ནི། །ཆོས་སྐྱོང་དགྲ་བླའི་གྲོལ་ཕུག་སྟེ། །དྲེགས་པ་ཡོངས་ཀྱི་གཙུག་རྒྱན་མཆོག །དམར་ནག་འབར་བའི་སྐུ་མངའ་བ། །དབང་དྲག་སྟོབས་ལྡན་ཉི་འབུམ་གཟི། །བདེ་ཆེན་ཁྲོ་མོ་དགྱེས་པས་རོལ། །དྲེགས་གཏུམ་བཟོད་པར་དཀའ་བ་ཡི། །རྡོ་རྗེའི་རྟ་གདོང་རྔམས་པའི་ཞལ། །བཞེད་པ་བརྒྱད་ཀྱི་དབྱངས་སུ་འཚེར། །སྲིད་ཞིའི་དྭངས་བཅུད་ལས་གྲུབ་པའི། །དགྲ་བླ་ཝེར་མའི་སྤྲུལ་པ་འགྱེད། །སྐུ་རྗེ་སེང་ཆེན་ནོར་བུ་སོགས། །རྟ་ལ་ཆིབས་པའི་དགྲ་བླ་འབུམ། །བྱིན་གྱིས་རློབས་ཤིང་ཚེ་དཔལ་སྐྱེད། །སེང་ལ་ཆིབས་པའི་ཝེར་མ་འབུམ། །གཟི་བྱིན་སྐྱེད་ཅིང་གཞན་སྡེ་གནོན། །ཁྱུང་ལ་ཆིབས་པའི་ཝེར་མ་འབུམ། །མཐུ་རྩལ་སྐྱེད་ཅིང་བློ་གྲོས་སྤེལ། །སྟག་ལ་ཆིབས་པའི་ཝེར་མ་འབུམ། །དཔལ་ངར་སྐྱེད་ཅིང་བདེ་དྲོད་སྤོར། །འབྲུག་ལ་ཆིབས་པའི་ཝེར་མ་འབུམ། །སྙན་གྲགས་སྒྲོགས་ཤིང་དགེ་མཚན་བསྐྱེད། །རྣལ་འབྱོར་ཚེ་དཔལ་རླུང་རྟའི་སྟོབས། །དྲན་པ་
ཙམ་གྱིས་སྤེལ་བྱེད་པ། །སྲིད་ཞིའི་དགེ་མཚན་དབང་བསྒྱུར་བའི། །དགྲ་བླ་ཝེར་མ་གྲངས་མེད་འཕྲོ། །ཁྱོད་ལ་གུས་པས་ཕྱག་འཚལ་ཞིང་། །དར་སྣ་བ་དན་རོལ་མོའི་དབྱངས། །བསང་དང་སྐྱེམས་ཕུད་བརྔན་ཡོན་རྫས། །དངོས་སུ་བཤམས་དང་ཏིང་འཛིན་གྱི། །བདེ་སྟོང་ཡེ་ཤེས་རོལ་མོ་ཡིས། །མཁའ་དབྱིངས་རྒྱས་པར་བཀང་སྟེ་འབུལ། །ཐུགས་རྗེས་དགྱེས་ཤིང་བཞེས་སུ་གསོལ། །རྡོ་རྗེའི་ཡེ་ཤེས་ཆེན་པོ་ཡིས། །བྱང་ཆུབ་བར་དུ་བྱིན་གྱིས་རློབས། །ཕྱོགས་ངན་དུས་སྐེག་བྱེད་དུ་ཚུད། །སྔོན་ལས་ཕྲལ་རྐྱེན་ལས་གྱུར་པའི། །རླུང་རྟ་རྒུད་པའི་སྐྱོན་ཀུན་ཞི། །ཉམས་ཤིང་འགྲིབ་པ་སོར་ཆུད་ནས། །ཕུན་ཚོགས་དགེ་མཚན་ཤིས་པ་ཡི། །རླུང་རྟ་སྙན་པའི་བ་དན་སྒྲེངས། །གྲགས་པ་འབྲུག་གི་སྒྲ་ཆེན་འུར། །གང་བསམ་ཐོགས་མེད་འགྲུབ་པ་ཡི། །ཕྲིན་ལས་རླུང་རྟའི་སྟོབས་ཤུགས་བསྐྱེད། །མཆོག་ཐུན་དབང་གི་དངོས་གྲུབ་སྩོལ། ཧཱུྃ། དཔལ་ཆེན་ཁྱོད་ཀྱི་སྤྲུལ་པ་ནི། །ཤར་ཕྱོགས་ཡོངས་ལ་དབང་བསྒྱུར་བ། །རྡོ་རྗེ་དབང་ཆེན་ཁྲོ་བོའི་སྐུ། །
རྡོ་རྗེ་རིགས་ཀྱི་འཁོར་དང་བཅས། རྫུ་འཕྲུལ་རྒྱ་སྟག་རི་མོ་ཅན། །དཔག་བསམ་ལྗོན་པའི་ཚལ་ན་རྒྱུ། །དགྲ་བླ་ཝེར་མ་གིང་ཚོགས་འགྱེད། །བྱི་འབྲུག་སྤྲེལ་གསུམ་ལོ་སྐལ་གྱི། །རྟེན་འབྲེལ་ཁྱིམ་དང་སྐྱེ་མཆེད་སོགས། །གསུམ་གྱི་དཔལ་འཛིན་རླུང་གི་བདག །ཁྱོད་ལ་གུས་པས་ཕྱག་འཚལ་ཞིང་། །དར་སྣ་བ་དན་རོལ་མོའི་དབྱངས། །བསང་དང་སྐྱེམས་ཕུད་བརྔན་ཡོན་རྫས། །དངོས་སུ་བཤམས་དང་ཏིང་འཛིན་གྱི། །བདེ་སྟོང་ཡེ་ཤེས་རོལ་མོ་ཡིས། །མཁའ་དབྱིངས་རྒྱས་པར་བཀང་སྟེ་འབུལ། །ཐུགས་རྗེས་དགྱེས་ཤིང་བཞེས་སུ་གསོལ། །རྡོ་རྗེའི་ཡེ་ཤེས་ཆེན་པོ་ཡིས། །བྱང་ཆུབ་བར་དུ་བྱིན་གྱིས་རློབས། །ཕྱོགས་ངན་དུས་སྐེག་བྱད་དུ་ཚུད། །སྔོན་ལས་ཕྲལ་རྐྱེན་ལས་གྱུར་པའི། །རླུང་རྟ་རྒུད་པའི་སྐྱོན་ཀུན་ཞི། །ཉམས་ཤིང་འགྲིབ་པ་སོར་ཆུད་ནས། །ཕུན་ཚོགས་དགེ་མཚན་ཤིས་པ་ཡི། །རླུང་རྟ་སྙན་པའི་བ་དན་སྒྲེངས། །གྲགས་པ་འབྲུག་གི་སྒྲ་ཆེན་འུར། །གང་བསམ་ཐོགས་མེད་འགྲུབ་པ་ཡི། །ཕྲིན་ལས་རླུང་རྟའི་སྟོབས་ཤུགས་བསྐྱེད། །མཆོག་
ཐུན་དབང་གི་དངོས་གྲུབ་སྩོལ། །ཧཱུཾ། དཔལ་ཆེན་ཁྱོད་ཀྱི་སྤྲུལ་པ་ནི། །ལྷོ་ཕྱོགས་ཡོངས་ལ་དབང་བསྒྱུར་བ། །རིན་ཆེན་དབང་ཆེན་ཁྲོ་བོའི་སྐུ། །རིན་ཆེན་རིགས་ཀྱི་འཁོར་དང་བཅས། །རྫུ་འཕྲུལ་མེ་སྦྲུལ་འཁྱིལ་ཆེན་རྔམས། །མེ་དཔུང་འབར་བའི་ཀློང་ན་བཞུགས། །དགྲ་བླ་ཝེར་མ་གིང་ཚོགས་འགྱེད། །ཕག་ལུག་ཡོས་གསུམ་ལོ་སྐལ་གྱི། །རྟེན་འབྲེལ་ཁྱིམ་དང་སྐྱེ་མཆེད་སོགས། །གསུམ་གྱི་དཔལ་འཛིན་ཀླུང་གི་བདག །ཁྱོད་ལ་གུས་པས་ཕྱག་འཚལ་ཞིང་། །དར་སྣ་བ་དན་རོལ་མོའི་དབྱངས། །བསང་དང་སྐྱེམས་ཕུད་བརྔན་ཡོན་རྫས། །དངོས་སུ་བཤམས་དང་ཏིང་འཛིན་གྱི། །བདེ་སྟོང་ཡེ་ཤེས་རོལ་མོ་ཡིས། །མཁའ་དབྱིངས་རྒྱས་པར་བཀང་སྟེ་འབུལ། །ཐུགས་རྗེས་དགྱེས་ཤིང་བཞེས་སུ་གསོལ། །རྡོ་རྗེའི་ཡེ་ཤེས་ཆེན་པོ་ཡིས། །བྱང་ཆུབ་བར་དུ་བྱིན་གྱིས་རློབས། །ཕྱོགས་ངན་དུས་སྐེག་བྱད་དུ་ཚུད། །སྔོན་ལས་ཕྲལ་རྐྱེན་ལས་གྱུར་པའི། །རླུང་རྟ་རྒུད་པའི་སྐྱོན་ཀུན་ཞི། །ཉམས་ཤིང་འགྲིབ་པ་སོར་ཆུད་ནས། །ཕུན་ཚོགས་དགེ་མཚན་ཤིས་པ་ཡི། །རླུང་རྟ་སྙན་པའི་བ་དན་སྒྲེངས། །གྲགས་
པ་འབྲུག་གི་སྒྲ་ཆེན་འུར། །གང་བསམ་ཐོགས་མེད་འགྲུབ་པ་ཡི། །ཕྲིན་ལས་རླུང་རྟའི་སྟོབས་ཤུགས་བསྐྱེད། །མཆོག་ཐུན་དབང་གི་དངོས་གྲུབ་སྩོལ། ཧཱུྃ། དཔལ་ཆེན་ཁྱོད་ཀྱི་སྤྲུལ་པ་ནི། །ནུབ་ཕྱོགས་ཡོངས་ལ་དབང་བསྒྱུར་བ། །པདྨ་ཆེན་པོ་ཁྲོ་བོའི་སྐུ། །པདྨ་རིགས་ཀྱི་འཁོར་དང་བཅས། །རྫུ་འཕྲུལ་ལྕགས་སྤྲེལ་མཐུ་རྩལ་ཅན། །གནམ་ལྕགས་རི་བོའི་ཟོམ་ན་རྒྱུ། །དགྲ་བླ་ཝེར་མ་གིང་ཚོགས་འགྱེད། །སྟག་རྟ་ཁྱི་གསུམ་ལོ་སྐལ་གྱི། །རྟེན་འབྲེལ་ཁྱིམ་དང་སྐྱེ་མཆེད་སོགས། །གསུམ་གྱི་དཔལ་འཛིན་ཀླུང་གི་བདག །ཁྱོད་ལ་གུས་པས་ཕྱག་འཚལ་ཞིང་། །དར་སྣ་བ་དན་རོལ་མོའི་དབྱངས། །བསང་དང་སྐྱེམས་ཕུད་བརྔན་ཡོན་རྫས། །དངོས་སུ་བཤམས་དང་ཏིང་འཛིན་གྱི། །བདེ་སྟོང་ཡེ་ཤེས་རོལ་མོ་ཡིས། །མཁའ་དབྱིངས་རྒྱས་པར་བཀང་སྟེ་འབུལ། །ཐུགས་རྗེས་དགྱེས་ཤིང་བཞེས་སུ་གསོལ། །རྡོ་རྗེའི་ཡེ་ཤེས་ཆེན་པོ་ཡིས། །བྱང་ཆུབ་བར་དུ་བྱིན་གྱིས་རློབས། །ཕྱོགས་ངན་དུས་སྐེག་བྱད་དུ་ཚུད། །སྔོན་ལས་ཕྲལ་རྐྱེན་ལས་གྱུར་པའི། །རླུང་རྟ་རྒུད་པའི་སྐྱོན་ཀུན་ཞི། །
ཉམས་ཤིང་འགྲིབ་པ་སོར་ཆུད་ནས། །ཕུན་ཚོགས་དགེ་མཚན་ཤིས་པ་ཡི། །རླུང་རྟ་སྙན་པའི་བ་དན་སྒྲོགས། །གྲགས་པ་འབྲུག་གི་སྒྲ་ཆེན་འུར། །གང་བསམ་ཐོགས་མེད་འགྲུབ་པ་ཡི། །ཕྲིན་ལས་རླུང་རྟའི་སྟོབས་ཤུགས་བསྐྱེད། །མཆོག་ཐུན་དབང་གི་དངོས་གྲུབ་སྩོལ། ཧཱུྃ། དཔལ་ཆེན་ཁྱོད་ཀྱི་སྤྲུལ་པ་ནི། །བྱང་ཕྱོགས་ཡོངས་ལ་དབང་བསྒྱུར་བ། །ཀརྨ་དབང་ཆེན་ཁྲོ་བོའི་སྐུ། །ཀརྨ་རིགས་ཀྱི་འཁོར་དང་བཅས། །རྫུ་འཕྲུལ་མཐིང་ཕག་མི་བཟད་འཇིགས། །རྒྱ་མཚོ་ཆེན་པོའི་དབུས་ན་འཕྱོ། །དགྲ་བླ་ཝེར་མ་གིང་ཚོགས་འགྱེད། །བྱ་གླང་སྦྲུལ་གསུམ་ལོ་སྐལ་གྱི། །རྟེན་འབྲེལ་ཁྱིམ་དང་སྐྱེ་མཆེད་སོགས། །གསུམ་གྱི་དཔལ་འཛིན་ཀླུང་གི་བདག །ཁྱོད་ལ་གུས་པས་ཕྱག་འཚལ་ཞིང་། །དར་སྣ་བ་དན་རོལ་མོའི་དབྱངས། །བསང་དང་སྐྱེམས་ཕུད་བརྔན་ཡོན་རྫས། །དངོས་སུ་བཤམས་དང་ཏིང་འཛིན་གྱི། །བདེ་སྟོང་ཡེ་ཤེས་རོལ་མོ་ཡིས། །མཁའ་དབྱིངས་རྒྱས་པར་བཀང་སྟེ་འབུལ། །ཐུགས་རྗེས་དགྱེས་ཤིང་བཞེས་སུ་གསོལ། །རྡོ་རྗེའི་ཡེ་ཤེས་ཆེན་པོ་ཡིས། །
བྱང་ཆུབ་བར་དུ་བྱིན་གྱིས་རློབས། །ཕྱོགས་ངན་དུས་སྐེག་བྱད་དུ་ཚུད། །སྔོན་ལས་ཕྲལ་རྐྱེན་ལས་གྱུར་པའི། །རླུང་རྟ་རྒུད་པའི་སྐྱོན་ཀུན་ཞི། །ཉམས་ཤིང་འགྲིབ་པ་སོར་ཆུད་ནས། །ཕུན་ཚོགས་དགེ་མཚན་ཤིས་པ་ཡི། །རླུང་རྟ་སྙན་པའི་བ་དན་སྒྲེངས། །གྲགས་པ་འབྲུག་གི་སྒྲ་ཆེན་འུར། །གང་བསམ་ཐོགས་མེད་འགྲུབ་པ་ཡི། །ཕྲིན་ལས་རླུང་རྟའི་སྟོབས་ཤུགས་བསྐྱེད། །མཆོག་ཐུན་དབང་གི་དངོས་གྲུབ་སྩོལ། ཧཱུྃ་ཧྲཱི། དབང་ཆེན་པདྨ་ཧེ་རུ་ཀཿ །བདེ་ཆེན་གར་གྱི་དབང་ཕྱུག་དང་། །རྡོ་རྗེ་ཁྲོས་མ་ཕག་གི་གདོང་། །ཡབ་ཡུམ་གཉིས་མེད་རོལ་པ་ལས། །རིགས་བཞིའི་དཔའ་བོ་མཁའ་འགྲོ་གིང་། །ཆོས་སྐྱོང་དགྲ་བླ་ཝེར་མ་བཅས། །དབྱིངས་ནས་དགོངས་པའི་རྩལ་བསྐྱེད་ལ། །རྣལ་འབྱོར་རྩ་རླུང་རིག་པའི་ཁམས། །སྟོབས་ནུས་མཐུ་རྩལ་ཤུགས་བསྐྱེད་ཅིང་། །རྡོ་རྗེའི་རླུང་གི་ཤུགས་སྟོབས་ཀྱིས། །གནས་སྐབས་གང་བསམ་འབད་མེད་གྲུབ། །མཐར་ཐུག་པདྨ་རྟ་མཆོག་གི །བདེ་ཆེན་ཐུགས་ཀྱི་ཐིག་ལེ་རུ། །འདུ་འབྲལ་མེད་པར་འཚང་རྒྱ་བའི། །ཕྲིན་ལས་ཐོགས་པ་མེད་པར་སྒྲུབས། །ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་
ཧུ་ལུ་ཧཱུྃ་ཕཊཿ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧ་ཧཱ་ཧི་ཧཱི་ཧེ་ཧཻ་ཧོ་ཧཽ་སརྦ་ཀརྨ་བྷྲཱུྃ་ཧཱུྃ་ཧཱུྃ་ཕཊ༔ འདི་ཡིས་རླུང་རྟ་གུད་པ་གསོ། །དགེ་མཚན་རྟེན་འབྲེལ་ཕྱོགས་མེད་རྒྱས། །སྙན་གྲགས་རྒྱལ་མཚན་སྲིད་ན་མཐོ། །མཆོག་ཐུན་ཕྲིན་ལས་ཡིད་བཞིན་འགྲུབ། །ས་མ་ཡ༔ རྒྱ༔ རབ་ཚེས་ཆུ་ལུག་ཆུ་ཟླའི་ཚེས་མི་བདག་གི་གྲངས་ལ་པདྨ་རང་བྱུང་བཞད་པའི་རྡོ་རྗེས་སྒྲུབ་ཁང་བདུད་ལས་རྣམ་རྒྱལ་དུ་བྲིས་པ་དགེའོ་མངྒ་ལཾ༔ ༈ ཨོཾ་ཨཱཿཧཱུྃ། དཀོན་མཆོག་རྩ་གསུམ་ལྷ་དང་དྲང་སྲོང་དང་། །རིགས་གསུམ་མགོན་དང་རྣམ་རྒྱལ་ལྷ་མོའི་ཚོགས། །པདྨ་ཐོད་ཕྲེང་རྒྱ་བོད་རིག་པ་འཛིན། །དཔལ་མགོན་ཚོགས་བདག་དགྲ་བླ་ལྷ་དམག་དང་། །འགོ་བའི་ལྷ་མགོན་གེ་སར་སྐྱེས་བུ་ཆེ། །རྟེན་འབྲེལ་སྲིད་པ་རྒྱུད་ཀྱི་ལྷ་རྣམས་ལ། །དངོས་བཤམས་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་འབུལ། །གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབ། །བྱད་ཕུར་གཏད་གནན་གདོན་བགེགས་བར་ཆད་ཀྱིས། །རླུང་རྟ་གུད་ཅིང་ཉམས་པའི་སྐྱོན་ཀུན་ཞི། །འཐབ་མཁོན་མི་ཁ་དགྲ་གྱོད་ཕུང་སྲི་སོགས། །མི་མཐུན་བར་ཆད་མ་ལུས་ཞི་བར་མཛོད། །རྫུ་འཕྲུལ་རྐང་པ་བཞི་དང་ལྡན་པ་ཡི། །བསོད་ནམས་ཀླུང་རྟའི་སྟོབས་ཤུགས་རབ་རྒྱས་ནས། །ཆོས་དང་སྲིད་དང་མཆོག་དང་ཐུན་མོང་གི །དངོས་གྲུབ་མ་ལུས་ཡིད་བཞིན་འགྲུབ་པར་མཛོད། །ཨོཾ་ཝཱ་གི་ཤྭ་རི་མུཾ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་བཛྲ་པཱ་ཎི་ཧཱུྃ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཨོཾ་ཨཱཿཧཱུྃ་ཧོ། ཧྐྵྨླྺྼྻྃ་སྭཱ་ཧཱ།
ཨོཾ་སརྦ་གྲ་ཧ་ནཱ་ཀྵཱ་ཏྲ་དྷྱ་མི་ཀ་ར་ནི་སྭཱ་ཧཱ། ཨོཾ་ཧེ་ཧེ་ཏིཥྛ་ཏིཥྛ་བནྡྷ་བནྡྷ་དྷ་ར་ཡ། དྷཱ་ར་ཡ། ནི་རུནྡྷ་ནི་རུནྡྷ་ཨ་མུ་ཀ་ཨུརྞ་མ་ནི་ཡེ་སྭཱ་ཧཱ། ཨོཾ་པདྨ་ཙནྡྷ་མ་ནི་ཛྭ་ལ་ཧཱུྃ། ཨོཾ་མ་ཎི་རཱ་ཛ་ཧ་ཧ་ཧི་་་་ཧི་ཧེ་ཧཻ་ཧོ་ཧཽ། སརྦ་བི་ཛ་ཡ་སིདྡྷི་ཧཱུྃ། ཨོཾ་ཨཱཿཧཱུྃ་ཧོ་ཧེ་སྟག་སེང་ཁྱུང་འབྲུག་འདི་ཡར་བསྐྱེད། ཀུན་འདུས་སརྦ་འདུ་འདུ་ཧོ། ཨོཾ་བཛྲ་ཨཱཿཡུ་ཥེ་སྭཱ་ཧཱ། བདག་ཅག་གི་ཚེ་དང་བསོད་ནམས་དཔལ་དང་རླུང་རྟ་ཐམས་ཅད་གོང་ནས་གོང་དུ་བསྐྱེད་ཅིག་ཨོཾ་ཡེ་དྷར་མཱ་ཧེ་སོགས་སྭཱ་ཧཱ། ཨོཾ་བྷུ་ར་བྷུ་བ་སྭ༔སྭ་ཏི་ན་མ་སྭཱ་ཧཱ། ཨོཾ་སརྦ་ཏི་ཐི་ནཱ་ཀྵ་ཏྲ་གྲ་ཧེ་མངྒ་ལེ་བྷྱོ༔ སྭཱ་ཧཱ། ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མ་དྷ་ལེ་མཎྚ་ལེ་སྭཱ་ཧཱ། ན་མོ་བུདྡྷ་དྷརྨ་སཾ་གྷ་ཡ་མ་མ་ཤྲཱི་ཡེ་མངྒ་ལ་བྷ་བ་ཏུ་སྭཱ་ཧཱ། འདི་ཉིན་རེ་བཞིན་བཏོན་ན་རྟག་ཏུ་བཀྲ་ཤིས་པ་དང་། བྱ་བ་གང་བརྩམ་པ་བར་ཆད་མེད་པར་ཡིད་བཞིན་གྲུབ་པ་དང་། བསོད་ནམས་རླུང་རྟའི་སྟོབས་རྩལ་ཆེར་རྒྱས་ནས། སྙན་གྲགས་དང་དཔལ་འབྱོར་འཕེལ་བ་དང་། བསམ་པའི་དོན་ཀུན་ཆོས་མཐུན་ལེགས་ལམ་འཕེལ་ཏེ་མཆོག་དང་མཐུན་མོང་གི་དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར་རོ། །མངྒ་ལཾ། ༈ །གེ་སར་རྒྱལ་པོ་ལ་བརྟེན་པའི་ལམ་ལྷའི་གསོལ་མཆོད་ཡིད་བཞིན་དོན་གྲུབ་ཅེས་བྱ་བ་
བཞུགས་སོ། །སྐྱེམས་ཕུད་གཏོར་མ་བསང་ཕྱེ་མར་བརྔན་ཆས་སོགས་འདུས་བྱས་ལ་འདི་སྐད་དོ། །ཧཱུྃ། རིགས་གསུམ་པདྨའི་སྒྱུ་འཕྲུལ་ཡེ་ཤེས་སྐུ། །སྣང་སྲིད་དགྲ་བླ་ཝེར་མའི་རྒྱལ་པོ་ནི། །སྐུ་རྗེ་སེང་ཆེན་ནོར་བུ་འདྲ་འདུལ་རྩལ། །དོན་གྲུབ་ཝེར་མ་དཀར་པོ་འཁོར་དང་བཅས། །མཆོག་གསུམ་བརྒྱུད་གསུམ་བླ་མ་རྒྱུད་དྲུག་གི །ཡི་དམ་ལྷ་ཚོགས་གནས་གསུམ་མཁའ་འགྲོ་མ། །མ་མགོན་གཟའ་རྡོར་སྡེ་གསུམ་སྲུང་མའི་ཚོགས། །ནོར་ལྷ་གཞི་བདག་གནས་བདག་གཏེར་བདག་དང་། །ཐུགས་ཀར་དགྲ་བླ་ཝེར་མ་ཅོང་སེ་སོགས། །གཞི་མགྲོན་བྱེས་ཡག་ལམ་ལྷ་གཉེན་པོའི་ཚོགས། །བསང་སྐྱེམས་ཕྱེ་མར་དར་སྣ་བརྔན་ཆས་དང་། །སྨན་གཏོར་ཤ་ཁྲག་རྔ་དབྱངས་རོལ་མོ་སོགས། །མཐུན་པའི་དམ་རྫས་དངོས་སུ་བཤམས་པ་དང་། །ཡིད་ཀྱིས་སྤྲུལ་ཞིང་མཐའ་ཡས་ཞིང་ཁམས་ཀུན། །ཡོངས་ཁྱབ་བདེ་སྟོང་ཡེ་ཤེས་བདུད་རྩིའི་སྤྲིན། །མཆོད་པ་འབུལ་ལོ་ཐུགས་དམ་གཉེན་པོ་བསྐང་། །མངའ་གསོལ་གཟེངས་བསྟོད་རྡོ་རྗེའི་དམ་བསྲེ་ན། །འདི་ནས་བྱང་ཆུབ་སྙིང་པོའི་བར་དག་ཏུ། །སྲུང་སྐྱོབ་བྱིན་གྱིས་རློབས་ལ་བསམ་པའི་དོན། །
གེགས་མེད་ཡིད་བཞིན་གྲུབ་པའི་དངོས་གྲུབ་སྩོལ། །ལམ་དགྲ་བར་ཆད་མི་མཐུན་ཕྱོགས་ལས་སྐྱོབས། །མཐུན་རྐྱེན་འདོད་པའི་རེ་བ་འབད་མེད་སྒྲུབས། །དོན་གཉིས་གྲུབ་མཆོག་བདེ་བའི་ཤུལ་ལམ་ལ། །བསུ་སྐྱེལ་སྡོང་གྲོགས་བཅོལ་བའི་ཕྲིན་ལས་མཛོད། །ཅེས་བྱས་པས་འདོད་དོན་དངོས་གྲུབ་མ་ལུས་པ་འབད་མེད་འགྲུབ་པར་འགྱུར་རོ། །ཞེས་པའང་ཝེར་མ་བསེ་རུ་འོད་ལྡན་དཀར་པོས་ལྕགས་འབྲུག་ཟླ་བ་བཅུ་གཅིག་གི་ཚེས་དགུ་ལ་བྲིས་པ་དགེའོ། །མངྒ་ལཾ། ༈ ལམ་ལྷའི་བསང་། ཨོཾ་ཨ་ཧཱུྃ། རྗེས་སྤྱོད་ལ་སོགས་ཕྱོགས་བཅུའི་སངས་རྒྱས་དང་། །ཁྲོ་བཅུ་ཕྱོགས་སྐྱོང་བཅུ་དང་ཕྱོགས་ཀྱི་ལྷ། །བཀྲ་ཤིས་དོན་གྲུབ་རྒྱལ་བར་མཛད་རྣམས་དང་། །སྤར་སྨེ་གཟའ་སྐར་ལོ་ཟླ་ཞག་དུས་ལྷ། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས། །དགྲ་བླ་ཝེར་མ་ཐུགས་དཀར་ཅང་སེ་གཉན། །སྣ་ཚོགས་ལས་དང་དུས་དང་ཕྱོགས་སོ་སོའི། །ལམ་ལྷ་གཉན་པོ་འཁོར་དང་བཅས་པ་དང་། །རྣལ་འབྱོར་བདག་གི་རིགས་བརྒྱུད་སྲུང་མ་དང་། །འགོ་བའི་ལྷ་མགོན་ཡུལ་རིས་ཟོ་དོར་བཅས། །ཁྱད་པར་གར་འགྲོའི་ཕྱོགས་ཀྱི་སངས་རྒྱས་དང་། །རྒྱལ་སྲས་
སེམས་དཔའ་བཀྲ་ཤིས་ལྷ་མོའི་ཚོགས། །སྲིད་པའི་ལྷ་ཆེན་གནས་ཡུལ་དུས་ཀྱི་ལྷ། །སྔོན་བསུ་རྗེས་སྐྱེལ་སྡོང་གྲོགས་མཛད་རྣམས་ལ། །དྲི་ཞིམ་བདུད་རྩི་བསང་གི་མཆོད་པའི་སྤྲིན། །ཀུན་བཟང་རྣམ་རོལ་བདེ་བ་ཆེན་པོས་མཆོད། །བདག་ཅག་ཕྱོགས་སུ་དོན་གཉེར་འགྲོ་བ་ལ། །བར་ཆད་འཚེ་བ་གང་ཡང་མི་འབྱུང་ཞིང་། །ཇི་ལྟར་འདོད་པའི་དོན་ཀུན་ཡིད་བཞིན་འགྲུབ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད། ༥ །རྫོགས་ཆེན་མཆོག་སྤྲུལ་ལྔ་པ་རིན་པོ་ཆེས་བཀའ་བསྐུལ་ལྟར་མི་ཕམ་རྣམ་པར་རྒྱལ་བས་བཀོད་པ་དགེ་ལེགས་འཕེལ། ༈ །རྣལ་འབྱོར་པ་གནས་གང་དུ་འགྲོ་སྡོད་ཀྱི་དོན་སྒྲུབ་པ་ན། དེའི་ཕྱོགས་ཀྱི་ཡུལ་བདག་མི་མ་ཡིན་རྣམས་དབང་དུ་འདུས་ན་མི་རྣམས་ཆེད་རྩོལ་མེད་པར་དབང་དུ་འགྱུར་བས་འདི་ལ་བརྩོན་པ་གལ་ཆེའོ། །དེ་ཡང་གཙང་མའི་བསང་རྫས་འདུ་བྱས་ལ་མེར་སྲེགས་ཤིང་བྱིན་གྱིས་བརླབས་པར་བྱས་ཏེ་འདི་སྐད་དུ། ཧཱུྃ། བདག་ཉིད་པདྨ་དབང་ཆེན་ནི། །དམར་ནག་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་པདྨའི་དབྱུག་ཐོ་གདེངས། །གཡོན་པ་ཞགས་པ་དམར་པོ་བསྣམས། །དོར་ཐབས་བདུད་བཞིའི་གདན་ལ་བཞུགས། །ཐུགས་ཀར་ཉི་མའི་
དཀྱིལ་འཁོར་སྟེང་། །ཧཱུྃ་ཡིག་དམར་པོ་མེ་ལྟར་འབར། །དེ་ལས་ཛ་དམར་ལྕགས་ཀྱུའི་དབྱིབས། །ཁ་བ་བུ་ཡུག་ལྟར་འཚུབ་པས། །ཕྱོགས་དེའི་གནས་བདག་གཞི་ཡི་བདག །སྡེ་བརྒྱད་མི་མ་ཡིན་གྱི་རིགས། །ཀུན་གྱི་སྙིང་ནང་ཞུགས་པ་ཡིས། །རང་བཞིན་མཉམ་ཉིད་བདེ་བ་ཆེ། །དབྱེར་མེད་ངང་དུ་གྱུར་པ་ལ། །དྲེགས་པའི་ཁེངས་སེམས་གདུག་རྩུབ་ཞི། །རང་དབང་མེད་པར་བདག་ལ་འདུན། །ཤ་རུས་སྦྲང་ལྟར་འདུས་པར་བསམ། །ཧྲཱིཿ པདྨ་ཀྲོ་ཏ་ཧྱ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ། ཨ་མུ་ཀ་ཏྲི་ཨངྐུ་ཤ་ཛ་༔ ཨཱ་ཀ་རྴཱ་ཡ་ཧྲཱི༔ ཝ་ཤཾ་ཀུ་རུ་ཧོ། ཞེས་བཟླས། དམིགས་གསལ་བྱེད་ན་ཨ་མུ་ཀའི་མལ་དུ་མིང་གཞུག །སྤྱིར་དཀྱུས་ལྟར་བཟླས་ནས་དམིགས་པ་གཟིར་བས་འགྲུབ་བོ། །རྟགས་ནི་དངོས་ཉམས་རྨི་ལམ་དུ། །ཡུལ་དེའི་མི་རྣམས་འདུ་བ་དང་། །ཕྱག་འཚལ་ཟས་སོགས་སྟེར་བ་དང་། །རི་དྭགས་གཅན་གཟན་ལ་སོགས་པ། །སྣ་ཚོགས་འདུ་ཞིང་དགའ་ཚུལ་བྱེད། །དེ་ལྟར་བྱུང་ན་ངེས་པར་འགྲུབ། །ཨོཾ་ཨཱཿཧཱུྃ། དབྱིངས་ནས་འགགས་མེད་ཤར་བ་ཡི། །འདོད་ཡོན་ཀུན་འབྱུང་བསང་མཆོད་འདི། །ཟག་མེད་བདེ་བསྐྱེད་
དམ་ཚིག་རྫས། །ཀུན་བཟང་མཆོད་པའི་སྤྲིན་ཆེན་གྱིས། །རྩ་གསུམ་རྒྱལ་བ་རབ་འབྱམས་བསངས། །ཆོས་སྐྱོང་ནོར་ལྷ་དགྲ་བླའི་ཚོགས། །གནས་བདག་གཞི་ཡི་བདག་པོ་མཆོད། །ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །སྡེ་བརྒྱད་འབྱུང་པོ་མི་མིན་རིགས། །གང་དག་ཇི་སྙེད་མཆིས་པ་རྣམས། །ཞི་ཞིང་བྱམས་པའི་སེམས་ཀྱིས་ནི། །མཆོད་ཅིང་བརྔན་ནོ་དགྱེས་གྱུར་ཅིག །ཕན་ཚུན་ཕ་མ་བུ་ཚའི་ཚུལ། །བརྩེ་ཞིང་གདུང་བ་ཉིད་དུ་གྱུར། །རང་སེམས་གདོད་ནས་མ་སྐྱེས་པ། །རང་བཞིན་འོད་གསལ་མཉམ་པ་ཆེར། །ང་ཁྱོད་མེད་པར་རོ་གཅིག་པའི། །བྱང་ཆུབ་སེམས་ཀྱིས་ཡོངས་སུ་བཟུང་། །དེ་ཡི་བྱིན་རླབས་ཆེན་པོ་ཡིས། །སྲས་བཅས་རྒྱལ་བའི་ཐུགས་རྗེའི་མཐུ། །དྲེགས་པའི་རྒྱུད་ལ་ཞུགས་གྱུར་ནས། །མི་དགེའི་བསམ་པ་ཐམས་ཅད་ཞི། །བྱང་ཆུབ་སེམས་དང་ལྡན་པར་ཤོག །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཤིན་ཏུ་དགའ་ཞིང་བརྩེ་བ་དང་། །དད་དང་གདུང་བ་ཆེན་པོ་ཡིས། །རང་དབང་མེད་བར་བྲན་བཞིན་དུ། །དགོས་པའི་དོན་ཀུན་སྒྲུབ་གྱུར་ཅིག །བདག་དང་འབྲེལ་
ཚད་སེམས་ཅན་ཀུན། །འཁོར་བའི་ཆུ་བོ་ལས་བརྒལ་ནས། །བདེ་ཆེན་གདོད་མའི་གྲོང་ཁྱེར་དུ། །མངོན་པར་བྱང་ཆུབ་འགྲུབ་པར་ཤོག །འཇིག་རྟེན་བདེ་ཞིང་ལོ་ལེགས༴ སོགས་ཚིགས་བཅད་བརྗོད། འདི་ནི་ཤིན་ཏུ་གལ་ཆེའོ། །ས་གླང་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཀྱི་སྔ་དྲོར་ཡིག་རྙིང་གི་མན་ངག་བཞིན་འཇམ་དཔལ་དགྱེས་པའི་རྡོ་རྗེས་ཤར་མར་བྲིས་པ་དགེ་ཞིང་བཀྲ་ཤིས། །ཤུ་བྷཾ། །དགེའོ། ༈ །།ཆར་འབེབས་བསང་མཆོད་འདོད་རྒུ་ཆར་འབེབ་བཞུགས། དཀར་མངར་ཀླུ་སྨན་འོ་སྐོམ་དང་། །ཤིང་སྣ་བརྔན་ཆས་གཙང་མ་བསྲེགས། །ཆུ་གཙང་གིས་བྲན་བྱིན་གྱིས་བརླབ། །མགྲོན་རྣམས་སྤྱན་དྲངས་འདི་ལྟར་གྱེར། །ཧྲཱིཿ ཆོས་ཀྱི་དབྱིངས་ལས་མ་འགག་རང་ཤར་བ། །ཡེ་ཤེས་བདུད་རྩི་བསང་གི་མཆོད་པའི་སྤྲིན། རང་བཞིན་མཆོད་པ་གཞན་ལའང་ཁ་བསྒྱུར་ཆོག །ཀུན་བཟང་རྣམ་འཕྲུལ་རྒྱ་མཚོའི་གཏེར་གྱུར་པས། །རིན་ཆེན་འདོད་འབྱུང་ནོར་བུའི་ཁང་བཟང་དང་། །བླ་བྲེ་རྒྱལ་མཚན་བ་དན་ཁྲི་སྟན་གདུགས། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་དང་། །སྣ་ཚོགས་རོལ་མོ་བཟའ་བཅའ་བཏུང་བའི་རིགས། །རྡུལ་སྙེད་ལུས་ཀྱི་ཕྱག་བཅས་བསྟོད་
དབྱངས་སྒྲ། །གསེར་གྱི་སྙིང་པོའི་སྤྲིན་དང་དཔག་བསམ་ཤིང་། །འདོད་འབྱུང་བུམ་པ་ནོར་བུ་སྐྱེད་མོས་ཚལ། །ཁྲུས་རྫིང་བ་མཆོག་རིན་ཆེན་རི་བོ་དང་། །བདུད་རྩིའི་ཆུ་བོ་ནད་སེལ་སྨན་གྱི་ཆར། །འཇིག་རྟེན་ལྷ་ཀླུ་མི་ཡི་འབྱོར་པ་དང་། །འཇིག་རྟེན་ལས་འདས་བླ་མེད་མཆོད་པའི་ཚོགས། །ནོར་བུའི་རྒྱལ་པོ་རྒྱ་མཚོའི་སྤྲིན་རྣམས་ཀྱིས། །ནམ་མཁའི་དབྱིངས་ཀུན་རྒྱས་པར་བཀང་ནས་སུ། །བདེ་བར་གཤེགས་པ་སྲས་དང་སློབ་མར་བཅས། །གངས་ཆེན་མཚོ་སྤྲིན་རྒྱ་མཚོ་ཐམས་ཅད་ལ། །གུས་པས་མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བདེ་བར་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས། །རྣམ་སྣང་སྙིང་པོ་ཅན་གྱི་སྤྲིན་ཆེན་དང་། །ཀླུ་རིགས་ལས་བྱུང་སྤྲིན་གྱིས་རྣམ་པར་མཛེས། །སྤྲིན་གྱི་ཆུ་འཛིན་དཔལ་ལྡན་སྤྲིན་གྱི་གཟི། །སྤྲིན་བྱུང་སྤྲིན་གྱི་དཀྱིལ་འཁོར་རྣམ་འཇོམས་སྤྲིན། །ནམ་མཁའ་དཔག་མེད་སྤྲིན་ཆེན་གློག་འབར་ཚོགས། །སྤྲིན་ཆེན་མཐུ་རྩལ་དཔལ་དང་སྤྲིན་མཛེས་དང་། །སྤྲིན་སྡུག་ཆེན་པོ་སྤྲིན་གྱི་དཀྱིལ་འཁོར་ཆེ། །སྤྲིན་འོད་སྤྲིན་ཆེན་སེང་གེ་སྤྲིན་ཆེན་གདུགས། །
བལྟ་སྡུག་སྤྲིན་ཆེན་དང་ནི་སྤྲིན་ཆེན་ཁེབས། །སྤྲིན་ལས་བྱུང་བ་སྣང་བར་བྱེད་པའི་དལ། །ཕྱོགས་བཅུ་མཐོ་འགེབ་རྔ་དབྱངས་རབ་སྒྲོགས་དང་། །སྤྲིན་བསིལ་མི་དགའ་རབ་འཇོམ་སྒྲ་ཟབ་སྒྲོགས། །སྤྲིན་ཆེན་བདལ་དང་གང་གཱའི་ཆུ་སྤྲིན་དང་། །རྩལ་གྱི་སྤྲིན་ལྟར་དཔའ་དང་འབྲུག་སྒྲ་སྒྲོགས། །ཀུན་ཏུ་སྤྲིན་སྟོན་རྒྱ་ཆེན་སྤྲིན་དང་ནི། །སྤྲིན་འཛག་སྤྲིན་ལྟར་རྣམ་སྒྲོགས་སྤྲིན་ལྟར་འཕགས། །སྤྲིན་འདྲའི་ན་བཟའ་མནབ་དང་སྤྲིན་གྱི་གནས། །སྤྲིན་གྱིས་ལོ་ཐོག་སྐྱེད་དང་ཆར་གྱི་སྤྲིན། །སྤྲིན་ཕུང་རྣམ་པར་རྒྱས་དང་སྤྲིན་འདུ་མཛད། །སྤྲིན་ཆེན་ཨུཏྤལ་སྤྲིན་ཆེན་སྤོས་ཀྱི་སྐུ། །སྤྲིན་ཆེན་འཕགས་པ་སྤྲིན་ཆེན་དབང་ཕྱུག་དང་། །སྤྲིན་ཆེན་འོད་མཛད་དང་ནི་སྤྲིན་ཆེན་བྱིན། སྤྲིན་ལྟར་རྣམ་འཇོམས་སྤྲིན་གྱི་ཆུ་བོ་དང་། །རིན་ཆེན་ནོར་བུའི་སྤྲིན་འདྲ་སྤྲིན་སྡུད་དང་། །དུས་མིན་སྤྲིན་དང་ལྕེ་འབབ་རྣམ་པར་འཇོམས། །སྤྲིན་ཆེན་ལྟ་བུར་ནམ་མཁའི་མཐོངས་ནས་བསྒྲགས། །སྤྲིན་ཆེན་སྒྲ་འབྱིན་སྤྲིན་ཆེན་ཆར་ཆུ་སྐྱེས། །བསྙེམ་པའི་གཟི་བརྗིད་སྒྲུབ་པའི་སྤྲིན་དང་ནི། །རོ་བྲོ་དྲུག་དང་ལྡན་
པའི་ཆུ་ཆེན་སྤྲིན། །ཆུ་འཐོར་སྤྲིན་ཆེན་སྤྲིན་ཆེན་རྒྱ་མཚོ་འགེངས། །ཆར་མེད་ཚེ་ན་སྤྲིན་གྱིས་ཀུན་ཏུ་འགེབ། །སྤྲིན་གཟུགས་མཐའ་ཡས་དང་ནི་སྤྲིན་ཆེན་པོ། །ཐམས་ཅད་རྣམ་སྒྲུབ་འཛམ་བུའི་སྤྲིན་གྱི་དཔལ། །གཟི་བརྗིད་འོད་མཛད་སྤྲིན་གྱི་འོད་ཟེར་ཅན། །ཤཱཀྱ་སེང་གེ་དང་ནི་ཀླུ་དབང་རྒྱལ། །དེ་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་ན། །བདེ་གཤེགས་བྱམས་པ་ཆེན་པོའི་སྤྲིན་མངའ་བ། །ཐམས་ཅད་ཀུན་ལ་གུས་པས་མཆོད་ཅིང་འདུད། །འཇམ་དཔལ་སྤྱན་རས་གཟིགས་དབང་གསང་བའི་བདག །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའ་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། །རྗེ་བཙུན་སྒྲོལ་མ་ལྷ་མོ་རིགས་བྱེད་མ། །གང་གཱའི་ལྷ་མོ་ནོར་རྒྱུན་དཔལ་ལྷ་མོ། །ཕྱོགས་བཅུའི་ཞིང་བཞུགས་སེམས་དཔའ་སེམས་མའི་ཚོགས། །ཀུན་ལ་གུས་པས་ཕྱག་འཚལ་མཆོད་ཅིང་བསྟོད། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོས། །མགོན་མེད་འགྲོ་ལ་བྱམས་པས་རྗེས་དགོངས་ཏེ། །ཆར་པའི་བར་ཆད་ལྔ་པོ་བསལ་བ་དང་། །ཆར་གྱི་རྒྱུན་ཆེན་མྱུར་དུ་དབབ་པར་མཛོད། །
འགྲོ་ཀུན་བདེ་སྐྱིད་ལྡན་པར་བྱིན་གྱིས་རློབས། །ཚངས་དབང་བརྒྱ་བྱིན་རྒྱལ་ཆེན་བཞི་ལ་སོགས། །ཆར་པའི་བར་ཆད་ལྔ་ནི། སྤྲིན་ཡོད་གློག་འབྱུང་འབྲུག་གྲགས་རླུང་བསིལ་ལྡང་ནས་ལྟས་མཁན་དག་གིས་ཆར་འབེབ་ཅེས་ལུང་བསྟན་ཀྱང་། ས་ཆེན་པོ་ལས་མེ་ཁམས་འཕགས་ནས་མོད་ལ་སྐམ་པ་ཐན་པའི་རྒྱུ་དང་པོའོ། །དེ་བཞིན་དུ་མི་མཉམ་པའི་རླུང་བྱུང་བས་ཆར་དེ་ཕྱོགས་གཞན་དགོན་པ་རྣམས་སུ་འཕེན་པ་གཉིས་པའོ། །ལྷའི་བུ་ཆར་གྱི་ཤུགས་ཅན་དག་མྱོས་ཤིང་བག་མེད་པས་ཆར་དུས་སུ་འབེབ་མི་སྟེར་བ་གསུམ་པའོ། །མི་རྣམས་འདོད་པའི་དབང་གིས་ཆོས་མིན་སྤྱོད་པ་དག་ལ་ལྷས་ཆར་འབེབ་ཏུ་མི་སྟེར་བ་བཞི་པ། ལྷ་མིན་སྒྲ་གཅན་རྒྱ་མཚོ་ནས་འཕགས་ཏེ་ལག་གཉིས་ཆར་བར་བཟེད་ནས་རྒྱ་མཚོར་སྡུག་བསྔལ་ཞེས། འདུལ་བ་ལུང་རྣམ་འབྱེད་ཀྱི་རྒྱུ་མཚན་གྱི་གླེང་བཞིའི་སྐབས་ནས་གསུངས་སོ། །འཇིག་རྟེན་སྐྱོང་བའི་ཚོགས་དང་ཁྱད་པར་དུ། །དཔལ་ལྡན་ཀླུ་ཡི་དབང་པོ་ཆེན་པོ་རྣམས། །རྒྱལ་བའི་བཀའ་བཞིན་དེང་འདིར་སྤྱན་འདྲེན་ན། །སྤྲིན་ཕམ་པའི་ཆེན་བརྩེགས་པའི་གཞོན་པ་ལ་ཞོན་ནས། །སྣ་ཚོགས་གཟུགས་མངའ་ནོར་བུའི་ཅོད་པཎ་ཅན། །ཟབ་མོའི་འབྲུག་
སྒྲ་རྣམ་འབྲུག་གློག་འོད་བཅས། །རིན་ཆེན་ཆར་གྱི་རྒྱུན་བཟང་འབེབ་ཕྱིར་དུ། །བྱམས་པའི་ཐུགས་ཀྱིས་གནས་འདིར་གཤེགས་སུ་གསོལ། །ཀླུ་རྒྱལ་གཡོག་མཐའ་ཡས་པ་རྒྱ་མཚོའི་སྤྲིན། །བཀོད་པའི་གཟི་བརྗིད་དཀྱིལ་འཁོར་གདུགས་འདྲའི་རྒྱལ། །དགའ་བོ་ཉེར་དགའ་རྒྱ་མཚོ་གཟི་ཅན་དང་། །ཆུ་ལྷ་དང་ནི་འཇོག་པོ་ཡུལ་འཁོར་སྲུང་། །མ་དྲོས་པ་དང་ནོར་རྒྱས་བུ་དང་ནི། །བཏང་བཟུང་ས་སྲུང་བུ་དང་ནུ་ཏ་ལ། །དཔལ་གྱི་གཟི་བརྗིད་དཔལ་བཟང་གློག་གི་འཕྲེང་། །གཙུག་ན་ནོར་བུ་སྣང་ལྡན་གཙུག་ཕུད་ཅན། །གཙུག་ན་ནོར་བུ་ཐོགས་པ་ལ་སོགས་པའི། །ཀླུ་རྒྱལ་ཀུན་ལ་གུས་པས་མཆོད་ཅིང་བསྟོད། །སངས་རྒྱས་བདེན་བས་ཀླུ་རྣམས་རབ་བསྐུལ་ན། །དཀོན་མཆོག་གསུམ་གྱི་བྱིན་རླབས་དྲན་གྱིས་ལ། །ཀླུ་ཡི་རྒྱལ་པོ་སེམས་དཔའ་ཆེན་པོ་རྣམས། །འཛམ་བུའི་གླིང་འདིར་ཆར་གྱི་རྒྱུན་ཆེན་ཕོབས། །རྩི་ཤིང་མེ་འབྲས་བདེ་ལེགས་རྒྱས་པར་མཛོད། །ཡུལ་ཕྱོགས་འདིར་གནས་ས་བདག་ལྷ་ཀླུ་སོགས། །འཛམ་གླིང་གནས་བདག་སྡེ་
བརྒྱད་མ་ལུས་ལ། །འདོད་དགུ་ཀུན་འབྱུང་མཆོད་སྤྲིན་རབ་འབྱམས་འབུལ། །དགྱེས་ཤིང་ཚིམ་ནས་བྱམས་སེམས་ལྡན་གྱུར་ཅིག །བྱམས་པའི་སྟོབས་མངའ་བདེ་གཤེགས་སྲས་དང་བཅས། །མོས་པའི་ཡུལ་དུ་མངོན་སུམ་གསལ་བྱས་ཤིང་། །གུས་པས་ཕྱག་འཚལ་མི་དགེ་སྡིག་པ་བཤགས། །ཉམས་ཐག་འགྲོ་བ་ཀུན་ལ་རྗེས་ཆགས་པའི། །མཁའ་དང་མཉམ་པ་བྱམས་པའི་སེམས་ཀྱིས་ནི། །སངས་རྒྱས་ཆོས་དང་དགེ་འདུན་བདེན་པ་དང་། །སྙིང་པོ་སྔགས་དང་ཕྱག་རྒྱའི་ནུས་པ་དང་། །སྟོང་དང་རྟེན་འབྱུང་ཟབ་མོའི་བྱིན་རླབས་ཀྱིས། །ཀླུ་རྒྱལ་འཁོར་དང་བཅས་པ་དེང་བསྐུལ་ན། །ལྷ་ལམ་རབ་ཏུ་ཁྱབ་པའི་སྤྲིན་ཆེན་ནི། །མཐོན་མཐིང་ནོར་བུའི་ལྷུན་པོ་བརྩེགས་པའི་གཟུགས། །མཛེས་པའི་གློག་དམར་གཡོ་བའི་སྐ་རགས་ཅན། །ཡིད་འོང་འབྲུག་སྒྲ་དལ་བུའི་དབྱངས་དང་བཅས། །རྨད་བྱུང་དགའ་བདེ་སྐྱིད་པའི་ཆར་གྱི་རྒྱུན། །འཛད་མེད་འདོད་རྒུ་འབེབ་པར་མཛད་དུ་གསོལ། །བདུད་རྩིའི་བཅུད་ཀྱིས་ས་ལ་ལོ་ཐོག་
འཕེལ། །རྩི་ཤིང་སྨན་རྣམས་ནུས་པ་དང་ལྡན་ཞིང་། །སྣོད་བཅུད་བཀྲགས་མདངས་དཔལ་འབྱོར་གོང་དུ་འཕེལ། །མཁའ་ལ་ལྷ་རྣམས་བྱམས་པའི་ཐུགས་ཀྱིས་གནས། །བར་སྣང་ཀླུ་རྣམས་བདེ་བའི་གར་གྱིས་བྲེལ། །ས་ལ་མི་རྣམས་དགའ་བའི་སྒྲ་འབྱིན་པའི། །དགེ་མཚན་མྱུར་བ་ཉིད་དུ་མཐོང་གྱུར་ཅིག །འཇིག་རྟེན་ཁམས་སུ་ནད་མུག་མཚོན་འཁྲུག་ཞི། །རྫོགས་ལྡན་དུས་བཞིན་དགའ་བདེས་ཁྱབ་པ་དང་། །རྒྱལ་བསྟན་སྣང་བ་རྟག་ཏུ་མི་ནུབ་པར། །བྱམས་ཆེན་རྒྱལ་བའི་དགོངས་པ་འགྲུབ་གྱུར་ཅིག །༣༡ །ཏདྱཐཱ། དྷཱ་ར་ནི་དྷཱ་ར་ཎི། ཨུཏྟཱ་ར་ཎི། སམ་པྲ་ཏིཥྛི་ཏེ། བི་ཛ་ཡ་བརྞ། སཏྱ་པྲ་ཏི་ཛྙཱ་ས་ར་ཧ། ཛྙཱ་ན་པ་ཏི་ཨུད་དེ་པཱ་ད་ནི། བི་ནཱ་མ་ནི། ཨ་བྷི་ཥིཉྩ་ནི། ཨ་བྷི་བྱ་ཧཱ་ར། ཤུབྷཱ་བྷཱི་ཏི། ཨ་ཛི་མ་ཏུ། ཨེ་ཧི་ཀུ་མ་བཱ་ལ་ནི། བཱ་ཧ་ཧ་ར་ཀླེ་ཤཱ་ན། དྷུ་ན་པཱ་པཾ། ཤོ་དྷ་ཡ་མརྒཱ་ན། ནི་རྭ་ཏི་ཀ་དྷརྨ་ཏཱ་ཤུདྡྷ་ལོ་ཀ་བཾ་ཏི་མི་ར་ར་ཙ་ས་དུ་ཁཿཤ་མ་ན་སརྦ་བུདྷ་ཨ་བ་ལོ་ཀ་ན་ཨ་དྷིཥྛི་ཏེ་པྲ་ཛྙཱ་ཛྙཱ་ན་བྷེ་སྭཱ་ཧཱ། ཞེས་བརྗོད་པར་བྱའོ། །གཞན་ཡང་གོས་དང་ཟས་གཙང་མར་བྱས་ལ་གཙང་མའི་མཆོད་པ་གང་ཡང་རུང་བ་སྦྱར་ཏེ་འདི་བརྗོད་པའམ་
རང་བཞིན་དུ་བརྗོད་ཀྱང་རུང་སྟེ་ཆར་འབེབ་པར་བྱེད་དོ། །བྱམས་པའི་སེམས་ཉེ་བར་བཞག་ལ་ཀླུ་བདེ་བ་སྦྱིན་པའི་གཟུགས་སོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཀླུ་རྣམས་ཡིད་ལ་དྲན་པའི་སྒོ་ནས་ནམ་འདོད་དུ་བྱའོ། །འདི་ནི་ལོ་སྔ་ཕྱིར་ཐན་པས་ཉེན་ཚེ་བྱམས་པའི་སེམས་ཀྱིས། སྤྲིན་ཆེན་པོའི་མདོ་ཡི་དོན་བསྡུས་ཏེ་རབ་ཚེས་མི་ཟད་པའི་ཟླ་བ་བཞི་པའི་ཚེས་བཅུ་བདུན་ལ་འཇམ་དཔལ་དགྱེས་པས་བྲིས་པ་སྟེ། དེ་ཡི་རྗེས་སུ་ཡིད་དུ་འོང་བའི་སྤྲིན་གྱིས་ཕྱོགས་ཀུན་ཁེབ་ཅིང་ཆར་རྒྱུན་བབ་པ་སོགས་དགེ་མཚན་དང་བཅས་པའོ། །མངྒ་ལཾ། ༈ དཀར་མངར་དང་བཤོས་གཙང་མར་མེ་བསང་རྣམས་ཀླུ་ལ་འབུལ། ངོ་མཚར་ཨ་ལ་ལ་ཧོ། །མི་དང་ཀླུ་རུ་འཚམས། །བཀྲ་ཤིས་པར་གྱུར་ཅིག །ལོ་ཕྱུགས་རྟག་ཏུ་ལེགས། །མི་ནོར་འཕེལ་ཞིང་དར། །མགོན་དང་སྐྱབས་སུ་མཛོད། །བདག་གི་བཀའ་ལ་ཉོན། །མཐུ་ཆེན་དབང་དང་ལྡན། །ཕོ་བྲང་བཞུགས་ཡུལ་ནི། །གཡུའི་ནེའུ་གསེང་མ་ལ། །ཤེལ་གྱི་ཁུ་འཕང་འདྲིལ། །ཀླུ་རྒྱལ་འཁོར་བཅས་ལ། །བདག་དང་རྒྱུ་འབྱོར་འཁོར་བཅས་ཀྱིས། །གནོད་པ་ཅི་བགྱིས་མཐོལ་ཞིང་བཤགས། །རྩི་དང་སྨན་གྱིས་གསོས། །དག་ཚངས་ཁྲུས་
ཀྱིས་བཀྲུས། །མཐུན་པའི་སྨན་རྣམས་སྦྱར། །གུས་པས་མཆོད་པ་འབུལ། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ཞེས་ཀླུའི་སྤང་སྐོང་ལས་གསུངས་པའོ། །མངྒ་ལཾ། ། ༈ བླ་མ་དགོངས་འདུས་ལས་སྒྲུབ་མཐར་གཏེར་སྦ་བ། རིན་པོ་ཆེའམ་མ་རྙེད་ན་གང་བྱུང་བུམ་པར། བཀྲ་ཤིས་རྫས་དང་ཅི་འདོད་གསོལ་ཚིག་གཏོར་མ་སོགས་དངོས་གྲུབ་ཀྱི་རྫས་དང་། གཞན་ཡང་དར་སྣ་ཟས་སྣ་འབྲུ་སྣ་རིན་པོ་ཆེ་སོགས་ཀྱིས་བཀང་། དཀྱིལ་འཁོར་འོག་གམ་དེ་ལས་གཞན་མཛོད་ཕུག་སོགས་སུ་ཚགས་དམ་པོར་གཏེར་སྦ་བཀྲ་ཤིས་པའི་ཚིགས་བཅད་སྣ་ཚོགས་དང་སྨོན་ལམ་བཏོན། ཨོཾ་བྷྲཱུྃ། ལྷ་མིའི་སྐྱོབ་པ་སངས་རྒྱས་བཅོམ་ལྡན་འདས། །བདག་དང་འགྲོ་ལ་ཐུགས་རྗེས་བརྩེར་དགོངས་ཤིང་། །ཉེ་བར་བཟུང་ཕྱིར་ས་འདི་ཁ་ཕྱེས་མཛོད། །བཀྲ་ཤིས་ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །རྣལ་འབྱོར་བདག་ཅག་མཆེད་ལྕམ་ཐམས་ཅད་ཀྱིས། །སྣ་ཚོགས་འདོད་ཡོན་ལོངས་སྤྱོད་གཏེར་སྦས་པས། །ནམ་ཞིག་འདུས་བྱས་སྐྱེ་འཆི་འབྱུང་བའི་ཚེ། །ལྷག་བསམ་དག་པས་སྒྲུབ་གཏེར་འདི་ཉིད་ལ། །བརྟེན་ནས་མི་ཟད་གཏེར་གྱིས་མདུན་བསུས་ཤིང་། །མཆོག་དང་ཐུན་མོངས་དངོས་གྲུབ་ལ་སོགས་པ། །
འདོད་ཡོན་ལོངས་སྤྱོད་རྣམས་ལ་སྤྱོད་པར་ཤོག །བཀྲ་ཤིས་ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །བླ་མ་དམ་པ་རྣམས་ཀྱི་གཏེར་སྦས་པས། །ནམ་ཞིག་མི་རྟག་སྐྱེ་འཆི་བྱུང་དུས་དེར། །མི་ཟད་རིན་ཆེན་གཏེར་གྱིས་མདུན་བསུས་ཤིང་། །འདོད་ཡོན་ལོངས་སྤྱོད་རྣམས་དང་འཕྲད་པར་ཤོག །བཀྲ་ཤིས་ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །ཡི་དམ་ལྷ་ཚོགས་རྣམས་ཀྱི་གཏེར་སྦས་པས། །ནམ་ཞིག་མི་རྟག་སྐྱེ་འཆིའི་དུས་བྱུང་ཚེ། །མི་ཟད་རིན་ཆེན་གཏེར་གྱིས་མདུན་བསུས་ཤིང་། །འདོད་ཡོན་ལོངས་སྤྱོད་རྣམས་དང་འཕྲད་པར་ཤོག །བཀྲ་ཤིས་ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །མ་མོ་མཁའ་འགྲོ་རྣམས་ཀྱི་གཏེར་སྦས་པས། །ནམ་ཞིག་མི་རྟག་སྐྱེ་འཆི་བྱུང་དུས་དེར། །མི་ཟད་རིན་ཆེན་གཏེར་གྱིས་མདུན་བསུས་ཤིང་། །འདོད་ཡོན་ལོངས་སྤྱོད་རྣམས་དང་འཕྲད་པར་ཤོག །བཀྲ་ཤིས་ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །དམ་ཅན་ཆོས་སྐྱོང་རྣམས་ཀྱི་གཏེར་སྦས་པས། །ནམ་ཞིག་མི་རྟག་སྐྱེ་འཆི་བྱུང་དུས་དེར། །མི་ཟད་རིན་ཆེན་གཏེར་གྱིས་མདུན་བསུས་ཤིང་། །
འདོད་ཡོན་ལོངས་སྤྱོད་རྣམས་དང་འཕྲད་པར་ཤོག །རྡོ་རྗེ་སློབ་དཔོན་ཐུགས་ཀྱི་གཏེར་སྦས་པས། །སྒྲུབ་པའི་ཡང་སྙིང་མཛོད་དང་འཕྲད་པར་ཤོག །མཆེད་དང་ལྕམ་དྲལ་རྣམས་ཀྱི་གཏེར་སྦས་པས། །མིང་སྲིང་མི་འབྲལ་འགྲོགས་ཤིང་རབ་མཐུན་ནས། །ཚོམ་བུ་གཅིག་གི་ངང་དུ་གྲོལ་བར་ཤོག །དེར་ཡང་ཐུགས་རྗེས་འགྲོ་ཀུན་སྒྲོལ་བར་ཤོག །ཞེས་སོ། །སྒྲུབ་པ་ཆེན་པོའི་ལས་མཐའ་གཏེར་སྦ་བ་ལ། སྒྲུབ་གཏོར་སོགས་དངོས་གྲུབ་ཀྱི་རྫས་རིན་ཆེན་དང་སྨན་སྣ་སོགས་སར་སྦས་ཏེ་སྨོན་ལམ་བཏབ་པར་གསུང་པ་ལས་བསྐྱེད་བཟླས་སོགས་མ་གསུང་པས་སྤྱིར་དེ་ཙམ་གྱིས་ཆོག་ལ། རྒྱས་སྤྲོས་བྱེད་ན་བུམ་པར་དངོས་གྲུབ་ཀྱི་རྫས་དང་། ལྔ་ཚན་ལྔའི་ཁྲོལ་བུ་སོགས་བཀྲ་ཤིས་པའི་རྫས་ཅི་འབྱོར་བསགས། ས་བོན་འབྲུ་ལྔ་དང་། འདོད་གསོལ་སྔགས་སོགས་ཀྱང་བཅུག་ན་ལེགས། །བྷྲཱུྃ་ལས་རིན་ཆེན་འདོད་འབྱུང་གི་བུམ་པར་རྫས་རྣམས་རིགས་ལྔའི་ས་བོན་དཔའ་བོ་འབྲུ་ལྔ་ལས་ཕྱོགས་བཅུ་དུས་གསུམ་གྱི་འདས་མ་འདས་ཀྱི་དཔལ་ཡོན་བཀྲ་ཤིས་བདེ་ལེགས་
ཐམས་ཅད་བརྫུས་ཏེ་རིན་པོ་ཆེའི་རྣམ་པར་དེར་གནས་པ། གཏེར་གྱི་བུམ་པ་འདོད་དགུའི་འབྱུང་གནས་ནམ་ཡང་མི་ཟད་པའི་ཡེ་ཤེས་རིན་པོ་ཆེའི་དབྱིག་ཏུ་བསམ་ལ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཞེས་ཇི་མང་བཟླས་པས་བྱིན་གྱིས་རློབ་པའོ། །དེ་ནས་ས་ནང་དུ་སྦས་ལ། འབྲུའི་མེ་ཏོག་འཐོར་ཞིང་། བྷྲཱུྃ། ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །སྒྲུབ་པ་ལས་ཀྱི་གཏེར་སྦེད་དོ། །དུས་གསུམ་རྒྱལ་བའི་ཐུགས་ཆུད་པའི། །དངོས་གྲུབ་མཆོག་གི་སྙིང་པོ་ནི། །ཟད་པའི་དུས་མེད་ཡིད་བཞིན་མཛོད། །འཕེལ་འགྲིབ་མེད་པར་འབྱུང་བ་སྟེ། །བདེ་ཆེན་བྱང་ཆུབ་སེམས་ཀྱི་གཏེར། །གཏེར་འདི་ཆོས་ཀྱི་དབྱིངས་སུ་སྦ། །གཏེར་ཆེན་འདི་ཡི་བྱིན་བས་ཀྱིས། །མཁའ་ཁྱབ་སེམས་ཅན་ཐམས་ཅད་ལ། །འདོད་དགུ་ལྷུན་གྱིས་གྲུབ་པར་ཤོག །རིན་ཆེན་བུམ་པ་འདོད་དགུའི་གནས། །ནང་ན་འཁོར་འདས་དྭངས་བཅུད་འཁྱིལ། །རིགས་མཆོག་ལྔ་ཡི་གཏེར་སྦས་པས། །ཡེ་ཤེས་ལྔ་དང་ལྡན་པར་ཤོག །སྙིང་པོ་ལྔ་ཡི་གཏེར་སྦས་པས། །འགྲོ་ཀུན་ཟག་མེད་སྙིང་པོར་ལྡན། །སྐུ་ལྔ་ལྷུན་གྱིས་གྲུབ་པར་ཤོག །རཏྣ་ལྔ་ཡི་གཏེར་སྦས་པས། །རིན་ཆེན་གཏེར་ལ་ལོངས་སྤྱོད་ཅིང་། །མཚོན་གྱི་བསྐལ་པ་རྒྱུན་ཆད་ཤོག །དྲི་སྣ་ལྔ་ཡི་གཏེར་སྦས་པས། །འགྲོ་ཀུན་དབང་པོ་
མཆོག་ཏུ་གསལ། །རྒུད་པའི་སྐལ་བ་རྒྱུན་ཆད་ཤོག །སྨན་སྣ་ལྔ་ཡི་གཏེར་སྦས་པས། །འགྲོ་ཀུན་བདེ་ཞིང་ལང་ཚོར་ལྡན། །ནད་ཀྱི་སྐལ་པ་རྒྱུན་ཆད་ཤོག །འབྲུ་སྣ་ལྔ་ཡི་གཏེར་སྦས་པས། །བཟའ་བཏུང་འབྱོར་པ་ཕུན་སུམ་ཚོགས། །མུ་གེའི་བསྐལ་པ་རྒྱུན་ཆད་ཤོག །དར་སྣ་ལྔ་ཡི་གཏེར་སྦས་པས། །འགྲོ་ཀུན་བཀྲག་མདངས་གཟི་བརྗིད་འཕེལ། །ཀུན་གྱིས་ཡིད་དུ་འོང་བར་ཤོག །དམ་རྫས་གཏོར་མའི་གཏེར་སྦས་པས། །རིག་འཛིན་སྒྲུབ་པོ་རྒྱུན་མི་ཆད། །མི་ཟད་གཏེར་དང་ལྡན་པར་ཤོག །དམ་རྫས་སྣ་ཚོགས་གཏེར་སྦས་པས། །སྣ་ཚོགས་གང་དང་གང་འདོད་པའི། །མཆོག་ཐུན་དངོས་གྲུབ་ཐོབ་པར་ཤོག །བཀྲ་ཤིས་རྫས་ཀྱིས་གཏེར་སྦས་པས། །ཕྱོགས་དུས་ཀུན་དུ་བཀྲ་ཤིས་ཤིང་། །སྐལ་བཟང་བདེ་ལེགས་འཕེལ་བར་ཤོག །མཁའ་ལ་ཡེ་ཤེས་ཆོས་གཏེར་དང་། །ས་ལ་རིན་ཆེན་ནོར་གཏེར་ལྡན། །སྐྱེ་དགུར་དཔལ་འབྱོར་གཏེར་འཕེལ་ནས། །སྣོད་བཅུད་བཀྲ་ཤིས་དཔལ་ལྡན་ཤོག །བདག་དང་སེམས་ཅན་ཐམས་ཅད་ཀྱི། །ཚེ་དང་བསོད་ནམས་དཔལ་འབྱོར་ལྡན། །གོང་ནས་གོང་འཕེལ་མཁའ་མཉམ་རྒྱས། །འཛད་མེད་
གཏེར་ལ་སྤྱོད་པར་ཤོག །བདག་གི་ཡིད་ལ་གང་བསམ་པ། །གེགས་མེད་ཡིད་བཞིན་འགྲུབ་པ་དང་། །ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས། །འགྲོ་ཀུན་བདེ་ལ་འགོད་པར་ཤོག །བསམ་པ་ཐམས་ཅད་དགེ་བ་དང་། །སྦྱོར་བ་ཐམས་ཅད་མཐའ་རུ་ཕྱིན། །དངོས་གྲུབ་ཐམས་ཅད་ཡིད་བཞིན་ཐོབ། །ཕྲིན་ལས་ཐམས་ཅད་ལྷུན་གྲུབ་ཤོག །ས་དང་བར་སྣང་ནམ་མཁའི་ཁྱོན། །དཔལ་དང་བདེ་དང་འབྱོར་བས་གང་། །ནམ་མཁའི་གཏེར་མཛོད་མི་ཟད་པས། །སྲིད་པ་ཇི་སྲིད་སྐྱོང་བར་ཤོག །སངས་རྒྱས་བསྟན་པ་དར༴ སོགས་ཚིགས་བཅད་བརྗོད། གཞན་ཡང་གལྤོ་དང་དགོངས་འདུས་ཀྱི་གཏེར་སྦ་བའི་སྨོན་ལམ་ཀྱང་བཏབ། ཡེ་དྷར་ཅི་མང་བཟླ་ཞིང་སྦས་ནས་རིགས་ལྔ་སོགས་ཀྱི་བཀྲ་ཤིས་ཀྱི་ཚིགས་བཅད་སྣ་ཚོགས་བརྗོད་པར་བྱའོ། །མེ་བྱ་ཟླ་བ་གཉིས་གཉིས་པའི་ཚེས་བཅུ་གསུམ་ལ་འཆི་མེད་མཆོག་གྲུབ་གླིང་དུ་འཇམ་དཔལ་དགྱེས་པས་སླད་ནས་རང་གི་སྒྲུབ་རྫས་དངོས་གྲུབ་ཀྱི་དབྱིག་ཏུ་སྦ་སྙམ་པས་འདི་ལྟར་བྲིས་པ་དགེ་ལེགས་འཕེལ་ལོ། ། ༈ བདུད་རྩིའི་རྒྱུད་ལས། ཤིང་གི་ལྷ་མོ་འོད་འཆང་མ། །བཛྲ་ལ་སྱེའི་སྤྲུལ་པ་སྟེ། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་ན་ཤིང་གི་བུམ་པ་བསྣམས། །ཤིང་ཐོག་
ཀུན་གྱི་སྲུང་མ་སྟེ། །ཤིང་གི་ལྷ་མོར་ཕྱག་འཚལ་ལོ། །སྨན་གྱི་ལྷ་མོ་ནོར་གྱི་རྒྱུན། །བཛྲ་མཱ་ལེའི་སྤྲུལ་པ་སྟེ། །སྐུ་མདོག་སྔོ་བསང་འོད་ཟེར་འབར། །ཕྱག་ན་གཏེར་གྱི་བུམ་པ་བསྣམས། །སྨན་དང་གཏེར་གྱི་སྲུང་མ་སྟེ། །སྨན་གྱི་ལྷ་མོར་ཕྱག་འཚལ་ལོ། །རྩི་ཡི་ལྷ་མོ་བློ་གྲོས་མ། །བཛྲ་གཱིརྟིའི་སྤྲུལ་པ་སྟེ། །སྐུ་མདོག་དམར་གསལ་འོད་ཟེར་འབར། །ཕྱག་ན་བདུད་རྩིའི་བུམ་པ་བསྣམས། །རྩི་དང་སྨན་གྱི་སྲུང་མ་སྟེ། །རྩི་ཡི་ལྷ་མོར་ཕྱག་འཚལ་ལོ། །ནགས་ཀྱི་ལྷ་མོ་རྨ་བྱའི་མགྲིན། །བཛྲ་ནཱིརྟི་སྤྲུལ་པ་སྟེ། །སྐུ་མདོག་ལྗང་སེར་འོད་ཟེར་འབར། །ཕྱག་ན་དྲི་སྤོས་རྨ་བྱ་བསྣམས། །དྲི་སྤོས་ཀུན་གྱི་སྲུང་མ་སྟེ། །ནགས་ཀྱི་ལྷ་མོར་ཕྱག་འཚལ་ལོ། །ཞེས་སོ། ༈ །སྒྲུབ་ཆེན་མཐར་གཏེར་སྦ་བའི་ཚེ་དུས་གསུམ་འདུ་འབྲལ་མེད་པའི་སྨོན་ལམ་གདབ་སྟེ། ཧེ་རུ་ཀ་གལྤོ་ལས། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སྐུ་མཆོག་བྱང་ཆུབ་སེམས་སུ་རབ་ཞུགས་པ། །སྣང་སྲིད་ཐམས་ཅད་མི་རྟག་དུས་བྱུང་ཚེ། །ཟད་མེད་མི་ཟད་གཏེར་གྱིས་མདུན་ནས་བསུ། །སྐྱེ་ཤི་མེད་པའི་ཚེ་དང་ཕྲད་པར་ཤོག །དུག་གསུམ་སྐུ་གསུང་ཐུགས་སུ་གཏེར་
སྦས་པས། །དུག་གསུམ་རྣམ་པར་དག་པས་སྐུ་གསུམ་དང་། །སྐུ་གསུམ་འགྱུར་བ་མེད་པ་ཐིག་ལེའི་གཏེར། །རྫོགས་པ་ཆེན་པོ་ཐིག་ལེ་བདེ་ཆེན་ཀློང་། །ཐིག་ལེ་བདེ་ཆེན་གློང་དུ་གཏེར་སྦས་པས། །སྣང་སྲིད་ཐམས་ཅད་བདེ་ཆེན་ས་ལ་བཀོད། །ལམ་གྱི་ནང་ན་ཉེ་ལམ་བདེར་ཚོགས་པ། །ཐབས་ཀྱི་ནང་ན་མ་ནོར་དམ་པའོ། །ཟག་མེད་བྱང་ཆུབ་སེམས་ཀྱི་གཏེར་སྦས་པས། །དུས་གསུམ་སངས་རྒྱས་སེམས་ཅན་གཉིས་མེད་དེ། །མི་ཟད་གཏེར་གྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་སོ། །མདོ་པད་དཀར་གླིང་གཞིར་འཇམ་དཔལ་བྱང་སེམས་འོད་མཆོག་ཏུ་གྱུར་པས་ཆོས་བཟུང་ཚུལ་མང་ཙམ་ཡོད། རྟོགས་བརྗོད་ཐེལ་ལམ་ལྟ་དགོས་སོ། ༈ །གནས་བདག་མཆོད་ཐབས་བཞུགས་སོ། ཧཱུྃ། རིག་འཛིན་རྡོ་རྗེ་གྲོ་ལོད་ཀྱིས། །བྱིན་རླབས་སྟག་ཚང་བསམ་འགྲུབ་འདིའི། །གནས་བདག་ཀླུ་སྨན་མཆེད་ལྔ་སོགས། །དགྱེས་ཤིང་བརྩེ་བས་ད་ཚུར་བྱོན། །དབུས་ཕྱོགས་ཆུ་བོ་རིར་གནས་པ། །ཀླུ་སྨན་དཀར་མོ་འཁོར་བཅས་ལ། །བདུད་རྩི་བསང་
གི་མཆོད་པ་འབུལ། །བ་ལིང་གཏོར་མའི་མཆོད་པ་འབུལ། །གཙང་མ་ཕུད་ཀྱི་མཆོད་པ་འབུལ། །སྣ་ཚོགས་མཐུན་རྫས་མཆོད་པ་འབུལ། །རྣལ་འབྱོར་བསམ་པ་བསྒྲུབ་ཏུ་གསོལ། །ཤར་ཕྱོགས་གོ་ཏྲར་གནས་བཅས་པ། ཀླུ་སྨན་སྔོན་མོ་འཁོར་བཅས་ལ། བདུད་རྩི་བསང་གི་སོགས་གོང་བཞིན་འགྲེའོ། །ལྷོ་ཕྱོགས་འབྲུག་མགོའི་གནས་བདག་ནི། ཀླུ་སྨན་སེར་མོ་འཁོར་བཅས་ལ། བདུད་རྩི་བསང་གི་སོགས། ནུབ་ཕྱོགས་སེང་མཚོའི་གནས་བདག་ནི། ཀླུ་སྨན་དམར་མོ་འཁོར་བཅས་ལ། །བདུད་རྩི་བསང་གི་སོགས། བྱང་ཕྱོགས་གོ་ཚང་བྲག་གི་གནས་བདག་ནི། ཀླུ་སྨན་ལྗང་མོ་འཁོར་བཅས་ལ། བདུད་རྩི་བསང་གི་སོགས། གཞན་ཡང་ཡུལ་ཕྱོགས་འདིར་གནས་པའི། །ལྷ་ཀླུ་གཉན་དང་ས་བདག་སོགས། །གནས་བདག་གཞི་བདག་ཐམས་ཅད་ལ། །བདུད་རྩི་བསང་གི་སོགས། རིག་འཛིན་པདྨའི་ཡང་འཁོར་གྱི། །ཀླུ་སྨན་ཆུ་བདག་མཆེད་ལྔ་པོ། །སྔོན་གྱི་ཞལ་བཞེས་ཇི་བཞིན་དུ། །གནས་འདིར་སྒྲུབ་པའི་རྣལ་འབྱོར་ལ། །རྩེ་ཞིང་གདུང་བའི་གྲོགས་མཛོད་ཅིག །འབྱུང་བའི་
འཇིགས་པ་ཞི་བ་དང་། །སྣོད་བཅུད་བཀྲག་མདངས་འབྱོར་བ་སྤེལ། །ཀླུ་གཡང་ཟས་ནོར་བདེ་སྐྱིད་དཔལ། །མ་ལུས་བདག་ལ་མྱུར་དུ་སྩོལ། །དགྱེས་པའི་ཞལ་སྟོན་ལེགས་ཉེས་སྨྲོས། །གནས་འདིར་ཟབ་མོ་སྒྲུབ་པའི་སྡེ། །འཕེལ་ཞིང་རྒྱས་ལ་བསྟན་འགྲོའི་དོན། །རླབས་ཆེན་འགྲུབ་པའི་རྟེན་འབྲེལ་སྒྲིགས། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །སྣང་གསལ་པྲ་ཡི་མེ་ལོང་ལས། །ཆེད་དུ་བསམ་དང་རྩོལ་མེད་ཀྱང་། །གནས་ཀྱི་བདག་པོ་མཆེད་ལྔ་ཡི། །རང་ཞལ་ངོམས་ནས་ངེད་ལྔ་པོ། །མཆོད་དང་གྲོགས་ལྡན་བགྱིད་ཅེས་སུ། །བསྒྲགས་ཚེ་ཟླ་ཀླུང་སྨྱོན་པ་ཡིས། །ཟླ་༡ཚེས་༡༨དགེ་བར་སྤེལ་ལེགས་སོ། །ཕུད་དང་གཏོར་མ་བསང་གང་རུང་རེས། །མཆོད་ན་དེ་དེའི་མཆོད་ཚིག་ཁོ་ནས་ཆོག་གོ །མངྒ་ལཾ། །