གཏོ་སྒྲོམ་འབུམ་ཏིག་གི་དགོངས་དོན་ལག་ལེན་ཁྱེར་བདེར་བཀོད་པའི་གཏོ་ཡི་ཆོ་ག་བཀྲ་ཤིས་འདོད་འཇོ།
གཏོ་སྒྲོམ་འབུམ་ཏིག་གི་དགོངས་དོན་ལག་ལེན་ཁྱེར་བདེར་བཀོད་པའི་གཏོ་ཡི་ཆོ་ག་བཀྲ་ཤིས་འདོད་འཇོ་ཞེས་བྱ་བ་བཞུགས་སོ།། །།
བླ་མ་མཆོག་དང་འཇམ་པའི་དབྱངས། །སྲས་བཅས་རྒྱལ་ལ་གུས་བཏུད་ནས། །གཞན་ལ་ཕན་པར་བྱེད་པ་ཡི། །གཏོ་ཡི་ལག་ལེན་ཅི་རིགས་འགོད། །དེ་ལ་གཏོ་ཞེས་པ་ཉེས་པ་ལེགས་པར་འཆོས་པའི་ཐབས་རྣམས་ཀྱི་མིང་ཡིན་ལ། དེ་དག་གི་བྱེ་བྲག་ཚེགས་ཆུང་ལ་དོན་ཆེ་བ་རྣམས་ནི་གཏོ་ཡི་མན་ངག་དང་མཁྱུད་སྤྱད་དུ་ཡང་གྲགས་སོ། །གཏོ་དེ་ལ་དཀར་ནག་ཁྲ་གསུམ་སོགས་ཀྱི་དབྱེ་བ་དང་། གཏོ་ཐབས་སུམ་བརྒྱ་དྲུག་ཅུ་སོགས་རྣམ་གྲངས་མཐའ་ཡས་པ་ཡོད་ཅིང་། དོན་བསྡུས་ན། ཕན་བྱེད་ཀྱི་གཏོ་དང་གནོད་བྱེད་ཀྱི་གཏོ་གཉིས་སུ་འདུ་ལ། དེ་དག་གི་བྱེ་བྲག་ཚད་ལས་འདས་པ་ཡོད་ཀྱང་། འདིར་ནི་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་རབ་ཀྱི་མངའ་བདག་འཕགས་པ་འཇམ་དཔལ་ཉིད་ལ། ལྷ་ཚངས་པ་ཆེན་
པོ་སོགས་འདུས་པའི་འཁོར་རྣམས་ཀྱིས་ཞུས་པའི་གཏོ་སྒྲོམ་འབུམ་ཏིག་ལས། ཕན་བྱེད་ཀྱི་གཏོ་སྨན་གྱི་ནགས་ཚལ་ལྟ་བུའི་སྐོར་དང་། གནོད་བྱེད་ཀྱི་གཏོ་དུག་གི་སྡོང་པོ་ལྟ་བུའི་སྐོར་ཚོ་གཉིས་བསྟན་པ་ལས། སྔ་མའི་སྐོར་ཚོ་རྣམས་ལག་ལེན་དུ་འདེབས་ཚུལ་མདོར་བསྡུས་བཀོད་པ་ལ། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་གྱི་དང་པོ་ལ། བདག་ལྷར་བསྐྱེད་པ་དང་། མཆོད་སྦྱིན་གྱི་གཏོར་མ་གཏོང་བ་ཙམ་ལས་གང་བྱེད་ཀྱང་སྔོན་དུ་བཏང་ན་ལེགས་པའི་ཡན་ལག་ཏུ་འགྱུར་བས། ཐོག་མར་གཏོ་གང་བྱེད་ཀྱི་རྫས་རྣམས་ཚོགས་པར་བྱས་ནས། གཞི་གཙང་མར་དཀར་དམར་གྱི་གཏོར་མ་གཉིས་དང་ཉེར་སྤྱོད་བདུན་བཤམས། དེའི་འོག་ཏུ་གླུད་ཞིག་ཀྱང་བཤམས་ལ། བདེ་བའི་སྟན་ལ་འདུག་སྟེ། སྐྱབས་སེམས་ཚད་མེད་བཞི་
སྒོམ་པ་སྔོན་དུ་སོང་ནས། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས། །མུྃ་ཡིག་ཡོངས་སུ་གྱུར་པ་ལས། །རང་ཉིད་འཕགས་པ་འཇམ་དཔལ་དབྱངས། །དམར་སེར་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་ཡེ་ཤེས་རལ་གྲི་གདེངས། །གཡོན་པས་ཤེར་ཕྱིན་གླེགས་བམ་གྱིས། །མཚན་པའི་ཨུཏྤལ་སྡོང་བུ་འཛིན། །གཞོན་ཚུལ་དར་དང་རིན་ཆེན་བརྒྱན། །པད་ཟླའི་གདན་ལ་སྐྱིལ་ཀྲུང་བཞུགས། །གནས་གསུམ་འབྲུ་གསུམ་ཡི་གེས་མཚན། །འོད་འཕྲོས་རང་འདྲའི་ཡེ་ཤེས་པ། །སྤྱན་དྲངས་གཉིས་སུ་མེད་པར་ཐིམ། །བདེ་གཤེགས་རིགས་ལྔའི་དབང་བསྐུར་ཞིང་། །རིགས་ཀྱི་བདག་པོས་རྒྱས་གདབ་བསམ། །ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དབུས། །མུཾ་ཡིག་ཐ་མར་སྔགས་ཀྱིས་བསྐོར། །འོད་འཕྲོས་འཕགས་མཆོད་འགྲོ་ཀུན་གྱི། །སྒྲིབ་སྦྱང་སྣང་སྲིད་ལྷར་གྱུར་ནས། །ཀུན་ཀྱང་སྔགས་ཀྱི་རང་སྒྲ་སྒྲོགས། །གང་འདོད་ལས་རྣམས་འགྲུབ་པར་བསྒོམ། །ཨོཾ་ཝཱ་གཱི་ཤཱ་རི་མུྃཿ ཞེས་པའི་རིག་སྔགས་ཅི་འགྲུབ་དང་། ཨོཾ་ཨཱཿཧཱུྃ་ཨཱརྱ་མཉྫུ་ཤྲཱི་ཝཱ་གཱི་ཤྭ་རི་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཿཞེས་པ་ཅི་རིགས་བཟླས། མཐར་ཉེར་སྤྱོད་
རྣམས་བྱིན་རླབས་སྤྱི་ལྟར་བྱས་ལ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཨཱརྱ་མཉྫུ་ཤྲི་ས་པ་རི་ཝཱ་ར་ཨརྒྷཾ་སོགས། ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་པས་མཆོད། གཞོན་ནུའི་སྐུ་ལུས་སོགས་ཀྱིས་བསྟོད། སྤྲོ་ན་འདུད་ཉི་ཤུ་དང་། མཉམ་མེད་མས་ཀྱང་བསྟོད། མཚན་བརྗོད་ཀྱང་འདོན་པར་བྱས་ལ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བ་དང་། ཁྱད་པར་དུ་ལས་གང་ལ་དམིགས་ནས་བརྩམ་པའི་གཏོ་ཐབས་འདི་དག་གི་འབྲས་བུ་མངོན་སུམ་དུ་གྱུར་ནས་རེ་བ་ཡོངས་སུ་རྫོགས་པར་མཛད་དུ་གསོལ། ཞེས་འདོད་དོན་ལ་གསོལ་བ་བཏབ། དེ་ནས་དཀར་གཏོར་གཙང་མ་དཀར་གསུམ་མངར་གསུམ་སོགས་ཟས་སྣས་བརྒྱན་པ་འོ་སྐྱེམས་དང་བཅས་པ་དང་དམར་གཏོར་ཤ་ཁྲག་དང་གཟུགས་འགྲོས་ཀྱིས་བརྒྱན་པ་ཇ་ཆང་གི་ཕུད་དང་སྤྲགས་པ་གཉིས་ལ།
རཾ་ཡཾ་ཁཾ། སྟོང་པའི་ངང་ལས་དཀར་དང་དམར་གྱི་གཏོར་མ་འདི་ཉིད་མགྲོན་སོ་སོའི་ཐུགས་དང་མཐུན་པའི་འདོད་ཡོན་མི་ཟད་པ་ནམ་མཁའ་མཛོད་ཀྱི་འཁོར་ལོ་ཟག་མེད་བདེ་བ་ཆེན་པོའི་གཏེར་དུ་གྱུར། ཨ་ཀཱ་རོས་བརླབས་ནས་འབུལ་བ་ནི། ཀྱེ། རྗེ་བཙུན་འཕགས་པ་འཇམ་དཔལ་དབྱངས། །ཚངས་པ་འཇོག་པོ་རྣམ་རྒྱལ་མ། །ཀོང་ཚེ་འཕྲུལ་རྒྱལ་ལ་སོགས་པའི། །གཙུག་ལག་བརྒྱུད་པའི་བླ་མ་དང་། །ཡི་དམ་སངས་རྒྱས་བྱང་སེམས་ཚོགས། །གནས་གསུམ་དཔའ་བོ་མཁའ་འགྲོ་མ། །དམ་ཅན་ཆོས་སྐྱོང་སྲུང་མར་བཅས། །ལོ་ཟླ་ཞག་དུས་སྤར་སྨེ་དང་། །གཟའ་སྐར་འབྱུང་ལྔའི་གཙུག་ལག་ལྷ། །མ་ལུས་འཁོར་དང་བཅས་པ་དང་། །འགོ་བའི་ལྷ་མགོན་གཉེན་པོའི་ཚོགས། །ཡུལ་རིས་ཟོ་དོར་བཅས་པ་ཡིས། །དཀར་གཏོར་བཟང་དགུས་བརྒྱན་པ་དང་། །བདུད་རྩི་འོ་སྐྱེམས་འདི་བཞེས་ལ། །བདག་གི་ཡིད་ལ་གང་འདོད་པའི། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་པས་ཕུལ། དམར་གཏོར་ལ་དམིགས་ཏེ། ཀྱེ། མཁའ་མཉམ་དྲག་པོའི་ཞིང་ཁམས་ནས། །ཆོས་ཉིད་ཞི་ལས་མ་གཡོས་ཀྱང་། །གདུག་པ་འདུལ་མཛད་དྲག་པོའི་ཚུལ། །ཁྲོ་བོ་ཁྲོ་
མོའི་ཚོགས་རྣམས་དང་། །རྒྱལ་བ་སྲས་དང་བཅས་པ་ཡི། །བཀའ་དང་དམ་ཚིག་ལ་གནས་པ། །སྣང་སྲིད་དྲེག་པ་མཐུ་བོ་ཆེ། །གནམ་ས་བར་སྣང་ལ་རྒྱུ་ཞིང་། །ལེགས་ཉེས་སྟངས་འཛིན་དམ་ཚིག་གི །རྗེས་གཅོད་འགལ་བྱེད་ཆོམས་ལ་འབེབས། །དཔལ་མགོན་དྲེགས་པ་སྡེ་བརྒྱད་ཚོགས། །འཁོར་དང་བཅས་པ་ཐམས་ཅད་ཀྱིས། །ཇ་ཆང་ཕུད་ཀྱི་མཆོད་པ་དང་། །དམར་གཏོར་མཐུན་རྫས་འདི་བཞེས་ལ། །བདག་གིས་ཇི་ལྟར་བརྩམ་པ་ཡི། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་པས་ཕུལ། སྐབས་འདིར་གཏོར་མ་གཏང་ངམ་དེར་བཞག །གླུད་གཟུགས་ལ་ཆང་བུ་དང་། །ཏིང་ལོ་ཤ་ཁྲག་སྒོག་ཙོང་སོགས་ཟས་སྣ་དང་རས་སྣ་སོགས་གླུད་ཆས་གང་འབྱོར་བས་བརྒྱན་པ་ལ་དམིགས་ཏེ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་གླུད་གཏོར་འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པར་འཆར་བ་ནམ་མཁའ་མཛོད་ཀྱི་རང་བཞིན་དུ་གྱུར། སམ་བྷཾ་ར་དང་། མཚན་བཞི་བརྗོད་ལ། ཀྱེ། རྒྱུ་སྦྱོར་ཡོན་གྱི་བདག་པོ་འདིར། །སྔོན་གྱི་ལན་ཆགས་ཡོད་པ་དང་། །འཕྲལ་གྱི་རྐྱེན་བགེགས་བྱེད་པ་ཡི། །གནོད་བྱེད་གདོན་བགེགས་འབྱུང་པོ་དང་། །རིགས་དྲུག་སེམས་ཅན་ཐམས་ཅད་ལ། །གླུད་གཏོར་
འདོད་ཡོན་ཀུན་ལྡན་འདི། །བསྔོས་པ་བཞིན་དུ་ཐོབ་གྱུར་ཅིག །དགའ་མགུ་ཡི་རངས་ཚིམ་གྱུར་ནས། །བུ་ལོན་ལན་ཆགས་བྱང་བ་དང་། །ཤ་འཁོན་སྡིག་སྒྲིབ་དག་གྱུར་ཅིག །གནོད་ཅིང་འཚེ་བའི་གདོན་རྣམས་ཀྱིས། །བཟུངས་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེག །ཕྱིན་ཆད་གནོད་འཚེ་མི་བྱེད་པར། །ཞི་ཞིང་བྱམས་པའི་སེམས་ཀྱིས་སུ། །རང་རང་སོ་སོའི་གནས་སུ་དེངས། །ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་དང་། །དྲན་དང་བཟུང་དང་བསམ་དང་རེག །ལྷོད་དང་ཞི་དང་གྲོལ་བར་མཛོད། །རིགས་དྲུག་སོ་སོའི་ལས་སྣང་གི །སྡུག་བསྔལ་ཐམས་ཅད་བྲལ་གྱུར་ནས། །ཟག་མེད་བདེ་བར་ལོངས་སྤྱོད་ཅིང་། །རྣམ་གྲོལ་ས་ལ་གནས་གྱུར་ཅིག །ཅེས་བྱས་ལ་གླུད་གནོད་པའི་ཕྱོགས་སུ་བོར་བར་བྱའོ། །རྒྱས་པར་ཡི་དམ་གང་རུང་གི་གཞུང་བསྲངས་ལ་ཚོགས་མཆོད་དང་ཆོས་སྐྱོང་རྣམས་ཀྱི་གསོལ་ཁ་བཏང་ནས་འདོད་དོན་ལ་གསོལ་བ་བཏབ། དེ་ཙམ་མ་འགྲུབ་ན་ཡང་། སྡེ་བརྒྱད་གསེར་སྐྱེམས་ཅི་འགྲུབ་བྱའོ། །གཉིས་པ་དངོས་གཞི་གཏོ་ཐབས་ལ། གཞུང་ལས། བསྒྱུར་ཐབས་རྣམས་པ་ལྔའི་གཏོ་ནི། རྒྱལ་མོ་ཁྲོམ་བསྒྱུར། །གླང་ཆེན་སྣ་བསྒྱུར། གྲི་ཁ་མཚོན་བསྒྱུར། འབྱུང་བའི་དལ་བསྒྱུར། །སྲིད་པ་ལྟེ་བསྒྱུར་ལྔ་སོ་སོའི་ནང་གསེས་དང་བཅས་པ་དང་། བསྒྲལ་ཐབས་རྣམ་པ་གསུམ་གྱི་གཏོ་
ནི། ཤི་འདྲེ་ལྷས་སྒྲོལ། གཤིན་རྗེ་གྲུ་སྒྲོལ། ས་བདག་འཕྲང་སྒྲོལ་གསུམ་དང་། ཁ་ཆིངས་རྣམ་པ་ལྔའི་གཏོ་ནི། ཕུང་སྲི་ཁ་ཆིངས། ཆུང་སྲི་ཁ་ཆིངས། དམ་སྲི་ཁ་ཆིངས། རྒྱལ་འགོང་ཁ་ཆིངས། ས་བདག་ཁ་ཆིངས་སོ། གདབ་ཐབས་རྣམ་པ་ལྔའི་གཏོ་ནི། བླ་ཕུར་དང་། །སྲོག་ཕུར་དང་། སྲིད་ཕུར། ཚེ་ཕུར། དཔལ་ཕུར་གདབ་པ་ལྔ་དང་། དེའི་ཡན་ལག་གེགས་ཕུར་གདབ་པ་དང་བཅས་པའོ། །བཅད་ཐབས་གསུམ་གྱི་གཏོ་ནི། སྐྱེ་འཕྲོ་དང་། ཤི་རྒབ་དང་། གོད་ཁ་བཅོད་པའོ། །དབྱེ་ཐབས་གསུམ་གྱི་གཏོ་ནི། ཕ་སྤུན་དབྱེ་བ། སྤུན་དང་ཕ་སྤད་དབྱེ་བ་དང་། གཟའ་མི་དབྱེ་བ་གསུམ། འདུན་འགྲོས་ངན་པ་དབྱེ་བ་དང་བཅས་པའོ། །བསྐྱེད་ཐབས་རྣམ་པ་བཞི་ནི། །སྲོག་ལུས་དབང་ཀླུང་བསྐྱེད་པའོ། བཟློག་ཐབས་གསུམ་ནི། འབྱུང་བ་གཡུལ་ཟློག །བྱིས་པ་ཀླུང་ལོག་བཟློག་པ། ཕྱོགས་ངན་བཟློག་པ་གསུམ་མོ། །ཡང་བཟློག་ཐབས་གསུམ་མམ་དྲིལ་ཐབས་རྣམ་པ་གསུམ་ནི། བྱད་ཁ་ཕུར་དྲིལ། མི་ཁ་རྡོག་དྲིལ། ཐུབ་ཆོད་ཀུན་དྲིལ་གསུམ། གེགས་བསྒྱུར་རྣམ་པ་བཞི་ནི། སྲོག་ལུས་དབང་རླུང་ལ་དགྲ་དར་བའི་གེགས་བཟློག་པའི་ཐབས་བཞིའོ། །
ཆིངས་ཐབས་གསུམ་ནི། མི་རྒོད་ཇག་ཆིངས། རྟ་ཆིངས། ཆིངས་གསུམ་གནད་ཀྱི་གདམས་པ་གསུམ་མོ། །ཉེས་པ་གསུམ་བཅོས་པའི་གཏོ་ནི། བག་མ་བླངས་ཉེས་པ། ཁང་པ་བརྩིགས་ཉེས་པ། དུར་གདབ་ཉེས་པ་དང་གསུམ་མོ། །མི་རིགས་བདུན་གྱི་གཏོ་ནི། རྒྱལ་པོ། བནྡེ། བོན་པོ། ཞང་བློན། དམངས། བུད་མེད། བྱིས་པ་བདུན་གྱི་གཏོའོ། །གཞུག་ཐབས་གཉིས་ནི། ས་གཏེར་དང་བར་གཏེར་རོ། །དེ་དག་ལ་ནང་གསེས་ཀྱི་དབྱེ་བ་དང་བཅས་པའི་སྡོམ་གྱི་དོན་ལྟར་དང་། དེར་མ་འདུས་པ། སྐག་བཟློག་དང་། ངན་བཟློག་ནག་པོ། འཆི་བསླུ་སོགས་དང་། ཁ་འཐོར་གྱི་གཏོ་ཕྲན་སྣ་ཚོགས་གསུངས་པ་རྣམས་འདིར་སྡེ་ཚན་གྱི་སྐོར་ཚོ་བཀྲ་ཤིས་རྫས་བརྒྱད་ཀྱི་གྲངས་སུ་སྡེབས་ཏེ་ལག་ལེན་དུ་བྱ་ཚུལ་བསྟན་པར་བྱ་བ་ལ། མི་མཐུན་པ་བཟློག་པའི་སྐོར་ལས། རྒྱའི་ངན་བཟློག་ནག་པོ་ཞེས་བྱ་བ་གཏོ་ཀུན་ཐུབ་རྒྱལ་པོ་ནི། བཟའ་ཚང་ལ་སྐེག་ཆེ་བ་དང་། སྨེ་བ་དམར་ནག་ལ་སྤུངས་པ། སྤར་ཁ་དགྲ་བདུད་ལ་སྤུངས་པ། བན་བོན་དང་འགྲས་པ། མོ་དང་རྨི་ལྟས་ངན་པ་སོགས་ཆག་ཆེ་ཞིང་ཉམ་རླུང་བཟློག་པའི་ཐབས་ནི། གཟའ་སྐར་བཟང་པོའི་དུས་སུ། ཕྱར་ནག་སོགས་གཏོ་གཞི་ནག་པོའི་སྟེང་དུ། རིལ་མ་བརྒྱ་རྩ་བརྒྱད། དེ་བཞིན་
ཤིང་སྤེན་མ། བོང་བ། སོལ་བ། འཇག་མ་བརྒྱ་རྩ་བརྒྱད་དང་། ངར་མི་བརྒྱ་རྩ་བརྒྱད་ཚང་བར་བྱས་ལ། རིལ་མ་སྤེན་མ་སོལ་བ་བོང་བ་འཇག་མ་དང་ངར་མི་རེ་རེ་བཅས་ལྷན་ཅིག་སྣོད་དུ་བཤམས་པ་ཉིད། རེ་རེ་ལ་སྔགས་འདི་རེ་རེ་བརྗོད་དེ། ཆུ་ཆེན་འབབ་པའི་ནང་དུ་བསྒྱུར་བའམ། དེ་ལྟར་མ་གྲུབ་ན་ཟངས་ཆུས་བཀང་བའི་སྣོད་དུ་བསྒྱུར་ནས། མཐར་ཐམས་ཅད་ཚང་བའི་རྗེས་སུ་ཆུ་ཆེན་པོར་དོར་བར་བྱའོ། །དེ་ལ་སྔགས་ནི། ཨོཾ་ཕྲི་ཧྲི་ཙི་ཧྲི། ཉི་མ་བྷནྡྷ་ནི། ཏྲ་དུ་ནི། གཏུམ་ནི། ཏིསྟྲ་ཡ་ས་པཱ་ར་ཎི་ཛ་ཛ་ལྷ་ལ་ཛ། ན་རམ་ཀརྨ་ཨདྷི་ན་བྷི་ཏི་ཧཱུྃ་ཧཱུྃ། ཨུཥྞཱི་ཥ་ཡ་སརྦ་བྷནྡྷ་ནི་ཏྲ་ཡ་ངན་བྷྱོཿབྷྱོཿ གཏོས་བཟློག་བཟློག །ཆེ་གེ་མོའི་ངན་དགུ་དུག་བཅུ་ཐམས་ཅད་དང་ཆག་ཆེན་ཉམ་རླུང་སྐག་ཆེ་བ་རྣམས་རིལ་མ་བཞིན་དུ་ཆུས་ཁྱེར་ཅིག །སྤེན་མ་བཞིན་དུ་ཆུས་ཁྱེར་ཅིག །བོང་པ་བཞིན་དུ་ཆུས་ཤིག་ཅིག །སོལ་བ་བཞིན་དུ་ཆུས་ཤིག་ཅིག །ངན་སྐག་ཐམས་ཅད་ཕྱགས་མས་ཕྱོགས་ཤིག །འདི་ཡིས་མི་ཐུབ་གང་ཡང་མེད། །དེས་ཀྱང་མ་ཐུབ་མ་བཟློག་ན། །མི་ལ་ངན་གེགས་ལངས་པ་ཀུན། །ངར་མི་འདི་ཡིས་བཟློག་ཅིང་བསྒྱུར། །ཞེས་རྫས་ཡོན་བདག་རྣམས་ལ་བསྐོར་ཞིང་ཆུ་ནང་དོར། །གཏོ་བསྒྱུར་བྱས་ལ་ཞེས་པ་བཟློག་པ་སོགས་འདོན་ཅིང་ཐལ་རྡེབ་
བྱ་བ་ཡིན་ཡང་། བདེན་བདར་འདི་ལྟར་གཏོ་བསྒྱུར་དང་གཏོ་ཐབས་ཀུན་ལ་ཁ་བསྒྱུར་སོ་སོར་བྱས་ཏེ་སྦྱོར་ན་ལེགས། ན་མོ། སངས་རྒྱས་ཆོས་དང་དགེ་འདུན་གྱི་བདེན་པ་དང་། བླ་མ་ཡི་དམ་མཁའ་འགྲོའི་འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཀོང་ཚེ་འཕྲུལ་གྱི་རྒྱལ་པོ་གཙུག་ལག་སྲིད་པའི་ལྷ་དང་བཅས་པའི་བདེན༴ དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི༴ འགོ་བའི་ལྷ་དང་དཔལ་མགོན་རྣམས་ཀྱི༴ སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་ཅིང་ཆོས་ཅན་རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད་པའི་བདེན་པའི་སྟོབས་ཀྱིས། འཕགས་པ་འཇམ་དཔལ་དང་ཀོང་ཙེ་བྱང་ཆུབ་སེམས་དཔའི་བཀའ་ལུང་བཞིན། གཙུག་ལག་སྲིད་པ་འཕྲུལ་གྱི་གཏོ་ཐབས་འདི་བྱས་པས། རྒྱུ་སྦྱོར་ཡོན་གྱི་བདག་པོ་འཁོར་དང་བཅས་པའམ། བདག་གམ་དམིགས་བྱ་ཆེ་གེ་མོ་ཞེས་སྨོས་ལ། འདི་རྣམས་ལ་གནོད་པའི་སྐེག་རིགས་སྲི་ངན་བྱད་ཕུར་རྦོད་གཏོང་ནད་གདོན་བར་ཆད་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་བཟློག་པར་གྱུར་ཅིག །ཞི་བར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག །ཞེས་བརྗོད་ཐལ་མོ་བརྡབ་ཅིང་རྟེན་འབྲེལ་སྙིང་པོ་བཟླས་ཏེ།
ཕྱི་མིག་མི་བལྟ་བར་ནང་དུ་ལོག་ནས་ལས་རྗེས་བསྡུ་བ་དང་བཀྲ་ཤིས་བརྗོད་པར་བྱའོ། །དེས་གེགས་ཆེ་བ་དང་། ཉམ་ང་བ་ཐམས་ཅད་བཟློག་པར་ངེས་ཏེ་ཤིན་ཏུ་ཟབ་བོ། །འདི་ལ་རྫས་འདྲ་ཡང་སྔགས་མི་འདྲ་བ་ཨུཥྞཱི་ཥའི་ཕྱི་ཟློག་སོགས་བྱད་ཁ་ཆུར་བསྒྱུར་དུ་གྲགས་པའི་མན་ངག་བཀའ་གཏེར་རྣམས་སུ་ཟབ་པར་བསྔགས་པ་གཞན་པ་ཡང་ཡོད་དོ། །འདི་སྐབས་སུ་ཨུཥྞཱི་ཥའི་ཕྱིར་ཟློག་དང་གཤིན་རྗེ་གཤེད་ཀྱི་དྲག་སྔགས་སོགས་ཞག་བདུན་ནམ་ཐ་ན་ཡང་ཞག་གསུམ་དུ་བཟླས་ནས་ལས་སྦྱོར་གྱི་ཚུལ་དུ་འདི་བྱས་ན་ཤིན་ཏུ་ཟབ། དེ་ལྟར་མ་གྲུབ་ཀྱང་འཕྲལ་དུ་འདི་ལྟར་བྱས་ནའང་ཕན་པར་ངེས་སོ། །ཡང་ཆག་ཆེ་བ་ཟློག་པ་དང་། ན་བ་གསོ་བ་དང་། འཆི་བ་བསླུ་བར་བྱེད་པ་ལ། སྤར་ཁ་བརྒྱད་ཀྱི་སྤྱི་གཏོ་ནི། སྣོད་སྡེར་གཙང་མར་ཁམས་སའི་རུས་སྦལ་བྱས་ཏེ། དེའི་མགོ་བོ་དམར། རྐང་ལག་བཞི་སེར། གཞོག་གཡས་དཀར། གཡོན་སྔོན་པོའམ་ལྗང་། མཇུག་མ་ནག་པོ་ཅན་གཅིག་གན་རྐྱལ་དུ་བཞག དེའི་མགོ་ལ་རྟ་སྦྲུལ་དང་། ལི་ཡི་གཟུགས་སམ་
ཕྱག་རྒྱ་འགོད་པ་སོགས། ལོ་བཅུ་གཉིས་དང་སྤར་ཁ་བརྒྱད་ཕྱོགས་སོ་སོར་བཀོད། ཕོ་གདོང་དང་མདའ་བཀྲ། མོ་གདོང་དང་འཕང་བཀྲ། ངར་གླུད་དང་གཏོར་མ་རྣམས་རེ་རེ་ནས་བརྒྱད་རེ་བྱས་པ་སྤར་ཁ་སོ་སོར་བཀོད། དབུས་སུ་ལུས་ལས་བསྒྲེས་པའི་ཟན་ནམ་ཁམས་ལས་ངར་གླུད་ཆེ་བ་གནམ་ལོ་གང་ཡིན་གྱི་མགོ་ཅན་གཅིག་བཤམས། ལུས་ལ་གོས་བསྐོན། ཕོ་ལ་ཕོ་ཤིང་། མོ་ལ་མོ་ཤིང་ལ་ལོ་གྲངས་ཁྲམ་བཏབ་པ་ཕྲག་པ་གཡས་གཡོན་དུ་བཙུགས་དར་སྣ་ལྔ་བལ་ཚོན་ལྔས་བརྒྱན། གླུད་དེ་ཆུ་གཏོར་དང་སྦྲགས་ལ་གཏོང་། ཀེག་བཟློག་ཆེན་མོ་བྱེད་ན་བཅུ་གཉིས་བཅུ་གཉིས་སུ་བསག་གོ །གཞུང་ལས་བཅས་ཆོག་ཙམ་ལས་མ་བསྟན་ཀྱང་། རང་འཇམ་དཔལ་དུ་གསལ། ཡས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས། ཧཱུྃ་བྷྱོཿ གཏོ་འདི་གཙུག་ལག་འཕྲུལ་གྱི་གཏོ། །དཔྱད་འདི་ཀོང་ཙེ་རྒྱལ་པོའི་དཔྱད། །གྱེར་འདི་རྒྱ་ནག་གཙུག་ལག་གྱེར། །སྨྲེང་འདི་གཏོ་མཁན་བདག་གིས་སྨྲེང་། །བསྒྱུར་ནི་འབྱུང་པོའི་རྒྱལ་པོས་བསྒྱུར། །བྷྱོཿ ལྷོ་ཕྱོགས་འབྱུང་བའི་རྒྱལ་པོ་ནི། །མེ་ཁམས་འབྱུང་བ་
གཏོ་ཡི་བདག །གླུད་དང་ཡས་རྟགས་འདི་ལོངས་ལ། །ནད་གདོན་སྐག་ཆག་བསྒྱུར་དུ་གསོལ། །དེ་བཞིན་བྱང་ཕྱོགས་ཆུ་ཁམས། ནུབ་ཕྱོགས་ལྕགས་ཁམས། ཤར་ཕྱོགས་ཤིང་ཁམས། མཚམས་བཞི་འབྱུང་བའི་རྒྱལ་པོ་ནི། །ས་ཁམས་འབྱུང་བ་གཏོ་ཡི་བདག །ཅེས་ཁ་བསྒྱུར། མདོས་ཀྱི་བདག་པོས་མདོས་བཞེས་ཤིག །གླུད་ཀྱི་བདག་པོས་གླུད་བཞེས་ཤིག །གོང་ལྟར་ཁྱེར་ཅིག་སོགས་ཀྱི་ཚིགས་བཅད་དང་། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཆག་ཆེན་ཉམ་ང་ཐམས་ཅད་བཟློག །ཅེས་བྱས། བདེན་པ་བརྗོད་ལ་སྲི་སྐག་ནད་གདོན་བར་ཆད་དུས་མིན་འཆི་བ་ཐམས་ཅད་བཟློག་པའི་ཁ་བསྒྱུར་བྱས་ཏེ་རྟེན་སྙིང་བཟླ་ཞིང་གང་གནོད་པའི་ཕྱོགས་སམ། འདྲེ་ལྔ་བདུད་གཅོད་ལུས་ཆད་གནོད་པའི་ཕྱོགས་གང་རུང་དུ་བསྐྱལ། ནང་དུ་ལོག་ནས་བཀྲ་ཤིས་བྱའོ། །དེས་སྲོག་ལུས་དབང་ཐང་མི་མཐུན་པ་དང་སྤར་ཁ་དགྲ་ཐོག་ཏུ་ཕྱིན་པ་ཀུན་ལ་ཕན། །གཞན་ཡང་དགུ་དུར་དུ་ཆུད་པ། གསོན་གཤིན་ལག་སྦྲེལ། སྐྱ་མདའ་ཐུག་པ། གདན་སར་སྤུངས་སོགས་སྤར་ཁའི་སྐྱོན་ཀུན་དང་། མི་ནོར་
ལ་འཚེ་གོད་བྱུང་བ་ཐམས་ཅད་ལ་གཏོ་འདི་ལན་གཅིག་བཏང་བས་བཟློག་ཅེས་གསུངས། རྒྱས་པ་སྤར་ཁ་བརྒྱད་མདོས་དང་། སྤར་ཁའི་ཉེས་པ་སྒོས་བཅས་ཀྱི་གཏོ་རྣམས་གཞན་དུ་གསལ། བསྡུ་ན་འདིས་ཆོག་གོ །ཡང་ཀེག་ཆེ་བ་ལ་ལོ་དེར་སྤར་ཁ་གང་བབ་དེའི་ཕྱུགས་གང་ཡིན་ལ་སྤར་ཁ་རང་རང་གི་སྙིང་སྐུར་དུ། འབྲུ་བརྒྱད་ཁལ་དུ་བཀལ་བ་མཆོད་གནས་ལ་ཡོན་དུ་འབུལ་བའམ། ཡང་ན་སྤར་ཁའི་ཕྱོགས་སུ་གཏོར་བཏང་ངོ་། །སྐབས་འདིར་སྤར་བརྒྱད་ཀྱི་ཕྱུགས་བརྒྱད་ནི། ལི་ཡི་རྟ། ༡ ཁོན་གྱི་ལུག ༢ དྭ་ཡི་ར། ༣ ཁེན་ཁྱི། ༤ ཁམ་ཕག ༥ གིན་གླང་། ༦ ཟིན་གྱི་བོང་བུ་འམ་དྲེལ། ༧ ཟོན་གྱི་མཛོ་འམ་རྟོལ་ལེ། ༨ འབྲུ་བརྒྱད་ནི་ལི་ནས། ཟོན་བར་རིམ་བཞིན། འབྲས་སམ་ཁྲེ། ༡ སྲན་མ་ཟར་མ། ༢ ཇུ་ཙེ། ༣ བྲ་བོ། ༤ ཡུངས་དཀར་སྲན་མ། ༥ གྲོ། ༦ སོ་བ། ༧ ཟར་མའོ། ༨ དེ་དག་གི་ཤིང་བརྒྱད་ནི་རིམ་བཞིན། སེ་བ། ༡ལྕང་མ། ༢ཚར་པ། ༣སྦྱར་བ་རེ་ལྕག༤ སྤེན་མ། ༥ཤུག་པ། ༦སྟག་པ། ༧ གསོམ་པའོ། ༨ བྱ་བརྒྱད་ནི། རིམ་བཞིན། སྐྱ་ག ༡ །ཐི་བ། ༢ འཇོལ་མོ། ༣ ཁྲུང་ཁྲུང་། ༤ ཁྭ་ད། ༥ འུག་པ། ༦ ལྕོག་འམ་ནེ་ཙོ། ༧ པུ་ཤུད་དོ། ༨ །རང་རང་གི་ཤིང་གི་ལྷས་པའི་སྤར་བུ་དང་གཟེབ་ལ་སྐུར་མ་ཟེར། གཞན་ཡང་
སྤར་ཁ་སོ་སོའི་ཟས་གོས་ནོར་སོགས་རྩིས་གཞུང་རྣམས་སུ་གསལ། འདི་དག་སྤར་ཁ་སོ་སོའི་མཐུན་རྫས་དང་མདོས་རྫས་སུ་ཤེས་པར་བྱའོ། །ཡང་ཀེག་ཆེ་བ་དེའི་འཕུར་སྨེ་གང་གི་ཐོག་ཏུ་ཕྱིན་པའི་གདོན་དེ་བཅོས་པར་བྱ། ཀག་ཆེ་གཏོ་ནག་སྲོག་གཅོད་མདངས་བསྐང་སོགས་ཀྱང་བྱ་བར་བཤད་དོ། །ཡང་སྨེ་བ་དཀར་གསུམ་ལ་བབ་པའི་ཀེག་ཆེ་བའི་ནད་པ་ལ། ལྷ་གསོལ། རྒྱལ་མདོས་དཀར་པོ་དྲུག་མདོས་བྱ། མི་རྟ་རྒྱང་བུ་སོགས་དཀར་པོས་དཀོར་བདག་བཅོས་ནས། དཀར་གོང་གི་རྡེའུ་ལོ་གྲངས་ཕོ་ཡི་ཕུ་དུང་གཡས་པ་དང་། མོ་ཡི་གཡོན་དུ་བླུག །དཀར་གསུམ་ཀྱང་བྲན། ས་དཀར་ལ་སྔགས་འདི་ལོ་གྲངས་བཟླས་པས་བྲབས། ཨོཾ་གཏོ་ལ་དུན་ཙེ་ཡ་མ་ད་ར་སརྦ་དུཥྚན་བྷྱོ་བྷྱོ་བཟློག་བཟློག དེ་ནས་དེ་ལོའི་གནམ་སྨེ་དབུས་བཞག་གིས་བཀོད་པའི་དཀར་གསུམ་གང་རུང་གནས་སའི་ཕྱོགས་ཀྱི་རི་རྩེའམ་ལམ་ཁར་ཉི་མ་རྩེ་ཤར་ལ་ཡས་དང་རྡེའུ་རྣམས་བསྐྱལ། བསྐྱལ་དུས་མི་དཀར་རྟ་དཀར་རམ་རྒྱན་ཆས་དཀར་པོ་ཐོགས་པ་སོགས། མདོར་ན་དཀར་པོ་གཅིག་དང་འཕྲད་ན་གཏོ་ཐེབས་པའི་མཚན་མའོ། །སྨེ་བ་དམར་གཉིས་ལ་བབ་པ་ནའམ་ཀེག་ཆེ་བ་ལ། མི་སྨུག་གསུམ། དམུ་རྟ་སྨུག་པོ་
དང་རྒྱང་བུ་སྨུག་པོས་དམུ་བཅོས་སོ། །མི་དམར་རྟ་དམར་རྐྱང་དམར་གྱིས་བཙན་བཅོས། ཡས་དེ་རྣམས་དང་གོང་བཞིན་རྡེའུ་དམར་པོ་ལོ་གྲངས། ཤ་སྣ་ཁྲག་སྣ་སྙིང་སྣ་རྣམས་ཀྱང་བླུགས། སེ་འབྲུ་འམ་ཚར་འབྲུ་དང་། །ས་དམར་ལ་གོང་གི་སྔགས་ལོ་གྲངས་བཟླས་ཏེ་བཏབ། དམར་གཉིས་གནས་ཕྱོགས་སུ་ཉིན་ཕྱེད་བསྐྱལ། མི་དམར་རྟ་དམར་སོགས་དང་འཕྲད་ན་ཐེབས་སོ། །སྨེ་བ་ནག་མཐིང་ལ་བབ་པ་ལ། སྦལ་ལྕོང་ཁྲ་མོས་ཀླུ་བཅོས། མི་མོ་ནག་མོ། རྟ་ནག་མོ། རྔ་མ་ནག་པོ་སོགས་ཀྱིས་བདུད་དང་མ་མོ་བཅོས། ཕུ་དུང་དུ་རྡེའུ་ནག་པོ་ལོ་གྲངས་དང་བྲ་སྲན་བླུགས། ས་ནག་དང་ཐལ་བ་སྤར་གང་ལ་གོང་སྔགས་ལོ་གྲངས་བཟླས་ཏེ་བླུགས། ཉི་མ་ནུབ་དུས་ནག་མཐིང་ཕྱོགས་སུ་བསྐྱལ། གཟུགས་ནག་པོའམ་ནག་པོ་ཐོགས་པ་དང་འཕྲད་ན་ཐེབས་སོ། །སྨེ་བ་ལྗང་སེར་ལ་བབ་ནས་ནའམ། ཀེག་ཆེ་བ་ལ། ཀླུ་དང་ས་བདག་བཅོས། ཕུ་དུང་དུ་རྡེའུ་ལྗང་གུའམ། སེར་པོ་ལོ་གྲངས་དང་། ཤིང་འབྲས་སམ། སྒོག་པ་གཡེར་མ་སྒོ་ང་ཁུར་བ་བླུགས། ས་སེར་ལ་སྔགས་ལོ་གྲངས་བཟླས་ཏེ་བླུགས། སྨེ་བ་ལྗང་སེར་གང་རུང་གི་ཐོག་ཏུ། དུས་ཚོད་ཉི་དྲོས་སམ་མྱུར་སྨད་ལ་བསྐྱལ། དེར་བཙུན་པ་ཤིང་གི་འཁར་བ་ཐོགས་པ་དང་འཕྲད་ན་ཐེབས་སོ། །ཡང་གཏོ་ནག་པོའི་ནག་པོ་ནི། མི་ན་བའམ་ཀེག་ཆེ་བ་དེའི་གཟུགས། ཕོ་ཡིན་ན་སྟག་པ་ཤུགས་པ་སོགས་ཕོ་ཤིང་ལ་བྱ། མོ་ཡིན་ན་ལྕང་མ་གླང་མ་སོགས་མོ་ཤིང་ལ་བྱ། བྱིས་པ་ཡིན་ན་འོམ་བུ་སྟར་བུ་ཁམ་བུ་སོགས་བུ་ཤིང་ལ་བྱ། གཟུགས་དེ་ལ་ནད་པ་རང་གི་གོས་དྲི་མ་ཅན་བསྐོན། ལྷམ་དང་
སྐ་རགས་རྙིང་པ་དང་། རང་གི་སྐེ་རྒྱན་གྱི་ནོར་བུ་སྟེ་རིན་པོ་ཆེ་ཞིག་ཀྱང་མགུལ་ནས་བཀྲོལ་ཏེ་གླུད་ཀྱི་སྐེ་ལ་བཏགས། ལོ་འགྲོས་བཅུ་གཉིས་ཀྱི་གཟུགས་དང་བཅས་པ་བཤམས། འདི་ལ་བྱིན་རླབས་དང་བསྔོ་བའི་སྨྲེང་མ་གསུངས་ཀྱང་འདོད་ན་གོང་གི་གླུད་བྱིན་རླབས་དང་། ཁྱེར་ཅིག་སོགས་ཚིགས་བཅད་བརྗོད་ནས་བསྔོས། ནད་པ་དེའི་རང་གེགས་དང་བདུན་ཟུར་གྱི་ཉི་མའམ་དུས་ཚོད་ལ་བབ་ཚེ། ལོ་དེའི་སྤར་ཁ་གང་ཡིན་གྱི་ཕྱུགས། ལི་ལ་རྟ་སོགས་གོང་དུ་བཤད་པ་ལྟར་ཕྱུགས་དེ་ལ་བཀལ་ནས། འདྲེ་ལྔ་གནས་ཕྱོགས་སུ་བསྐྱལ། མི་ཆེ་གེ་མོ་ལ་གནོད་པའི་གདོད་གེགས་འབྱུང་པོ་ཐམས་ཅད་ཀྱིས་གཏོ་འདི་ལོངས་ཤིག་ཅེས་བྱ་ཞིང་། བདེན་བརྗོད་མཐར་མི་ཆེ་གེ་མོའི་ནད་ཀེག་བར་ཆད་ཐམས་ཅད་ཞི་ནས་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་གྱུར་ཅིག །ཅེས་དངོས་སུ་བརྗོད་པའམ། དེ་ལྟར་བདེན་པའི་སྟོབས་ཡིད་ཀྱིས་དམིགས་ལ་རྟེན་སྙིང་བཟླ་བཞིན་ཕྱི་མིག་མི་ལྟ་བར་ལོག །གཏོ་ནག་འདི་བསྐྱལ་དུས་དེ་དང་གཞན་སུ་ཞིག་དང་གདོང་འཕྲད་པ་དེ་ལ་ལོ་མ་འཁོར་བར་རྐྱེན་འོང་བས་གསང་བར་བྱའོ། །རང་གི་ཕ་མ་དང་སྤུན་ཟླ་ན་བ་ལྟ་བུ་ལས། གཞན་གྱི་
དོན་དུ་གལ་ཐོད་ཐོད་མི་བྱ་སྟེ། སྡིག་ཆེ་བའི་སླད་དུའོ་ཞེས་གསུངས། དཀར་ནག་ཁྲ་གསུམ་གྱི་གཏོ་འདིར་བཤད་སྐོར་འདི་ལ། མགོ་དགུ་ལག་དགུའི་གཏོ་ཞེས་ཀྱང་ཟེར་རོ། །ཡང་སྐག་དང་བར་ཆད་བཟློག་པ་འཆི་བདག་ཞགས་འགྲོལ་གྱི་གཏོ་ནི། སྲོག་ལ་དགྲ་དར་ནས་ན་བ་ལ། རྒྱབ་བཅོས་སུ་སྲོག་བསླུ་ཉེའུ་འདོན་བྱ། ཚེ་གཟུངས་འདོན། རང་ལོ་གང་ཡིན་པའི་གཟུགས་ལ་རང་གི་སྙིང་གའི་དྲེག་པ་ལ་བསྒྲེས་པའི་ཟན་ལས་ངར་གླུད་ཆག་གང་བ་ཞིག་བསྐྱོན། ཕོ་ཡིན་ན་ཕོ་ཤིང་མོ་ལ་མོ་ཤིང་གི་བྱང་བུ་ལ་ནད་པའི་ལོ་གྲངས་ཀྱི་ཁྲམ་བཏབ་ལ། ཕོ་ཁྲམ། མོ་ཁྲམ་ཟེར། མཆན། བཏབ་ལ། ཕོ་གླུད་ཀྱི་ཕྲག་པ་གཡས་དང་མོ་གླུད་ཀྱི་གཡོན་དུ་བཙུགས། རང་སྐེག་གི་ཉི་མ་དང་དུས་ཚོད་ལ་བདུད་གཅོད་ཀྱི་ཕྱོགས་སུ་བསྐྱལ་ལ་མིང་འདི་ཞེས་བྱ་བའི་སྲོག་སྐེག་བསྒྱུར་རོ། །གཏོ་ལོང་ཞིག་བྱས་ལ་བཏང་། དེས་བཟློག་པར་འགྱུར་རོ་གསུངས། འདི་ལའང་རང་འཇམ་དཔལ་དུ་སྐད་ཅིག་གིས་བསྐྱེད་ལ། གླུད་འབྲུ་གསུམ་མམ་སམྦྷ་རས་བྱིན་རླབས་བྱ། ཁྱེར་ཅིག་སོགས་ཚིགས་བཅད་
ཀྱིས་བསྔོས་ལ། བདེན་སྟོབས་དམིགས་ནས་མིང་འདི་ཞེས་སོགས་སྦྱར་ཀྱང་ལེགས། དེ་བཞིན་གཏོ་ཕྲན་གླུད་ཅན་རྣམས་ལའང་རིགས་འགྲེ་ཤེས་པར་བྱའོ། །ལུས་ལ་དགྲ་དར་ཞིང་ན་ན། ན་ཟླ་གཅིག་གིས་སྣ་དྲངས་པའི་མི་ལོ་གྲངས་ཙམ་མམ་ཅི་རིགས་ལས་ཕྱེ་བླངས། དེ་ཆ་གསུམ་དུ་བཅད་དེ། ཆ་གཅིག་ལ་ལོ་བཅུ་གཉིས་ཀྱི་གཟུགས་དང་གཏོར་མ་རྒྱས་པར་བྱ། ཆ་གཅིག་ལ་གཏོ་གཞི་བྱ། ཆ་གཅིག་རང་ལུས་བཀྲུས་པའི་ཆུས་སྦྲུལ་ཏེ་ངར་གླུད་ཆེ་བ་གཅིག་བྱ། དེ་ལ་ནད་པའི་གོས་གྱོན་འཕྲོས་གཡོགས་ལ་རང་གི་མལ་དུ་བཞག་ནས། གཏོར་མ་ཨོཾ་ཨཱཿཧཱུྃ་གིས་འདོད་ཡོན་མི་ཟད་པར་བྱིན་གྱིས་བརླབས། ཨ་ཀཱ་རོས་སྡེ་བརྒྱད་ཀྱི་མགྲོན་ལ་ཕུལ་ཏེ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ཀྱི་ཕྲིན་ལས་བཅོལ། ངར་གླུད་དེ་ནད་པའི་མགོ་ལ་ལན་གསུམ་བསྐོར་ནས། བདེན་སྟོབས་དམིགས་ལ། མིང་འདི་ཞེས་བྱ་བའི་ན་སྐག་བསྒྱུར་རོ། །ཤི་སྐག་བསྒྱུར་རོ། །ལུས་སྐག་བསྒྱུར་རོ། །གཏོས་བསྒྱུར་རོ། །ཞེས་བརྗོད་ལ་བདུད་གཅོད་ཕྱོགས་སུ་བསྐྱལ། ལོ་འགྲོས་བཅུ་གཉིས་རང་རང་གི་ཕྱོགས་སུ་བཏང་། དེ་ནས་ནད་པ་མལ་ས་སྤོ། དེས་ནད་སོས་པར་འགྱུར་རོ། །དབང་ཐང་ལ་དགྲ་དར་ནས་ནན། རང་བྱུང་ལ་ཆོས་སྟོན་དྲངས། བརྒྱ་བཞི་བྱ། བྱིས་པ་ལོ་གྲངས་ལ་སྟོན་མོ་བྱ། བོན་པོ་འཐེང་པོས་གཡང་
བླན། ཡོན་དུ་ལྷམ་བྱིན། མཆོད་གནས་རབས་ཆད་ཀྱིས་དཔང་སྐོང་དང་སྡུད་པ་ཀློག །ཡོན་དུ་དར་རས་སམ། མཚོན་ཆའི་སྒང་བུ་བྱིན། བནྡེ་ཞར་བས་ཚེ་ཆོག་བྱ། ཡོན་དུ་ཞྭ་འམ་མགོ་ཤ་བྱིན་ན་རྟེན་འབྲེལ་དེས་ནད་ལས་གྲོལ་བར་འགྱུར་རོ། །རླུང་རྟ་ལ་དགྲ་དར་ནས་ན་ན། ཀླུང་རྟ་ཞེས་པ་རྒྱ་ནག་གི་སྐད་ལས་བོད་སྐད་དུ་དོན་འགྱུར་ཡིན་པས་ཀླུང་རྟ་ཟེར་བ་ལས་རླུང་རྟ་ཞེས་བརྗོད་པ་ལེགས། མ་ཀླུང་སྤང་ཀླུང་སོགས་ཀ་ཀླུང་ཡིན་ནོ། །མཆན། དགྲ་སྲི་དགྲ་བཟློག་གམ། འབུམ་དང་ཉི་ཁྲི་འདོན། མི་ཁ་བསྒྱུར། དེས་ནད་ལས་ཐར་བར་འགྱུར་རོ། །ན་སྐེག་བསྒྱུར་བའི་གཏོའོ། །ཡང་ཀེག་ཕུར་གདབ་པ་ནི། འདྲེ་གནོད་ཀྱི་ཀེག་ཆེ་བ་ལ་བྱ་སྟེ། ཁྱོ་ག་བུད་མེད་བྱིས་པ་གསུམ་ལ་རིམ་བཞིན་ཕོ་ཤིང་མོ་ཤིང་བུ་ཤིང་མགོ་མཇུག་མ་ལོག་པའི་ཕུར་པ་བྱ། གྲོང་པ་རྣམས་ཀྱི་ཕུར་པ་ལྟ་བུས་ཆོག་འདྲ། དེའི་ངོས་གཅིག་ལ། སྐྱེས་པའམ། བུད་མེད་དམ། བྱིས་པ་མིང་འདི་ཞེས་བྱ་བའི་ཚེ་ལ་སྐྱོབ་ཅིག །སྲོག་བརྟན་པར་གྱིས་ཤིག་ཅེས་བྲིས་ལ། བསྲུང་བྱ་དེའི་སྲོག་ཁམས་དང་མཐུན་པའི་དར་གྱིས་གྲིལ་ནས། ཚིག་འདི་སྐད་བརྗོད་པར་བྱ་སྟེ། རྒྱུ་སྦྱོར་མིང་འདི་ཞེས་བྱ་
བས་ལྷ་དང་དྲང་སྲོང་རྣམས་ལ་ཕྲིན་ལས་བཅོལ་བ་ནི། ལོ་སྐེག་ཟླ་སྐེག་ཞག་སྐེག་དང་དུས་ཚོད་ཀྱི་སྐེག་དང་། གཤེད་བཞིའི་སྐེག་བཟློག་ཏུ་གསོལ། འདྲེ་ངན་དང་རྨི་ལམ་ངན་པ་དང་ལྟས་ངན་རྣམས་བཟློག་ཏུ་གསོལ། ཀེག་ཕུར་འདེབས་པའི་ལས་མཛོད་ཅིག །རྒན་པ་རྣམས་ཀྱི་ཚེ་བསྲིངས་ཤིག །གཞོན་པ་རྣམས་ཀྱི་དཔལ་སྐྱེད་ཅིག །ནད་པ་རྣམས་ཡོ་ནས་ཐོན་ཅིག །སྲིའུ་རྣམས་ཚང་ནས་གསོས་ཤིག །བེའུ་ཕྱུགས་ལུག་རྣམས་འཕེལ་བར་མཛོད་ཅིག །ཅེས་བྱས་ལ་སྲོག་བསྐྱེད་པའི་ཕྱོགས་ཀྱིས་ཕྱོགས་བཟང་བར་ས་ལ་གདབ་པར་བྱའོ། །དེ་ལྟར་བྱས་པས་སྐེག་ཇི་ལྟ་བུ་ཡང་བཟློག་པར་འགྱུར་རོ། །ཡང་གཅིག་སྲོག་ལུས་དབང་ཀླུང་མི་མཐུན་པ་དང་། དགུ་དུར་དུ་ཚུད་པ་བཟློག །འབྱུང་བཞི་ལ་དགྲ་དར་བ། བུད་མེད་ལ་ཁྱེའུ་མེད་པ། བུ་མ་སོས་པ་རྣམས་ལ་ཕུར་པ་གདབ་ཐབས་ལ། ཕོ་ལ་ཕོ་ཤིང་མོ་ལ་མོ་ཤིང་གི་ཕུར་པ་བྱ། དེ་ཡང་ཕུར་པའི་མགོ་བོ་གྲུ་བཞིར་བྱས་པའི་ལོགས་ལ། ཤར་དུ་སྟག་སྐྱ་བོ། རབ་གཟུགས་བྲིས་ནས་འདོད་གསོལ་ཏུ་སྟག་སྐྱ་བོ་མི་འདི་ཡི་སོགས་སྦྱར། མི་འདི་ཡི་སྲོག་ལུས་
དབང་ཐང་རླུང་རྟ་སྐྱོབ་ཅིག །ཅེས་དང་། དེ་བཞིན་དུ། ལྷོར་གཡུ་འབྲུག་སྔོན་པོ། ནུབ་ཏུ་བྱ་དམར་པོ། བྱང་དུ་རུས་སྦལ་ནག་པོ། འདོད་གསོལ་བཅས་བྲི། ཕུར་པ་དེའི་གཤམ་དུ། ནང་དུ་ཟེར། ཨོཾ་ཨེ་ཡཾ་ཁཾ་བྷྲཱུྃ་རཾ་སུཾ་བྲུཾ། ཞེས་དང་། སྣང་བརྒྱད་ཀྱི་སྙིང་པོ་ཡང་བྲི། ཨོཾ་ཨ་ཀ་ནི་སོགས། རྐེད་པ་ལ་རྟེན་འབྲེལ་སྙིང་པོ་གཡས་སྐོར་གྱིས་བྲི། དཀར་གསུམ་མངར་གསུམ་ཕྱེ་མ་བྱས་ཏེ་འབྲུ་སྣ་དང་སྦྱར་བའི་ཐུམ་བུ་ཞིག་ཕུར་པའི་མགོ་ལ་བཏགས། བལ་ཚོན་སྣ་ལྔ་ཡང་ཕུར་པ་ལ་བཏགས་ཏེ་ནས་ཀྱི་སྟེང་དུ་འཛུགས། ཆུ་གཏོར་བཏང་། གསེར་སྐྱེམས་དང་ཕུད་མཆོད། གཏོ་སྨྲེང་གོང་ལྟར་གྱེར་ལ་དེར་མཐུན་ཕུར་འདེབས་པའི་ལས་མཛོད་ཅིག །ཅེས་ཁ་བསྒྱུར་བསྣན། གོང་སྨོས་བདེན་སྟོབས་བརྗོད་མཐར། མིང་འདི་ཞེས་བྱ་བའི་སྲོག་ལུས་དབང་ཀླུང་མི་མཐུན་པ་སོགས། སྐག་དང་བར་ཆད་གནོད་པའི་ཕྱོགས་ཐམས་ཅད་རབ་ཏུ་ཞི་ནས་མི་མཐུན་པ་ཐམས་ཅད་མཐུན་པར་འགྱུར་ཞིང་བཀྲ་ཤིས་བདེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང་། བསམ་པའི་དོན་ཐམས་ཅད་ཡོངས་སུ་གྲུབ་པར་གྱུར་ཅིག །ཅེས་བརྗོད་རྟེན་སྙིང་ཡང་ཅི་རིགས་བརྗོད། ཉི་མ་ཐམས་ཅད་དགེ་བ་
ཡིན་སོགས་ཚིགས་བཅད་དང་མདོ་ལས་གསུངས་པའི་བཀྲ་ཤིས་ཅི་རིགས་བརྗོད། ཕུར་པ་དེ་དམིགས་བྱའི་ལུས་ལ་གཡས་བསྐོར་ནང་སྐོར་ཐར་ལན་གསུམ་བྱས་ལ། སྟག་སྐྱ་བོ་སོགས་ཕྱོགས་མ་ལོག་པར་བྱས་ཏེ་ཁྱིམ་གྱི་ལྷ་རྟེན་ལ་དམ་པར་བཏགས། ལུས་མི་མཐུན་པ་དང་ལུས་དགྲ་དར་ན་བསྲུང་བྱའི་མལ་གྱི་གཡས་ཕྱོགས་དབང་ཐང་དགྲ་དར་ལ་སྔས། རླུང་རྟ་དགྲ་དར་ན་མལ་གཞུག་ཕྱོགས་སུ་བཏབས། དེས་མི་མཐུན་པ་ཀུན་ལ་ཕན་ནོ། །མི་མཐུན་པ་ལ་ཕུར་པ་གདབ་པའི་གཏོ་ཟབ་མོའོ། །ཡང་གསོ་བ་བཞི་ལྡན་གྱི་གཏོ་ཞེས་པ། སྲོག་ཁམས་བསྐྱེད་ཅིང་གསོ་བའི་གཏོ་ནི། འཆི་ངེས་ཀྱི་སྲོག་བསླུ་བའི་སྲོག་འདོན། ཉེའུ་འདོན་བྱ། ཤོག་བུ་ལ་ཚེ་དཔག་མེད་ཀྱི་སྙིང་པོ་བྲི། རྒྱབ་ངོས་སུ་ན་ཟླ་གསུམ་གྱི་མིང་བྲི་ཞིང་འདི་ཡི་ཚེ་དང་དབང་ཐང་བསྲུང་བྱ་འདིས་ཐོབ་པར་གྱུར་ཅིག །ཅེས་བྲི། ལྷ་སྲིན་སྡེ་བརྒྱད་ལ་གསེར་སྐྱེམས་བཏང་། བདེན་བརྗོད་རྗེས་སུ། བསྒྲུབ་བྱ་ཆེ་གེ་མོ་འདིས་ཚེ་དང་དབང་ཐང་མི་ཟད་པ་ཐོབ་པར་གྱུར་ཅིག །ཅེས་བརྗོད་རྟེན་སྙིང་བཟླ། བསྒྲུབ་བྱ་དེས་རྒྱུན་པར་ཚེ་གཟུགས་ལ་ཡི་དམ་བྱ། ཐབས་དེས་ཚེ་གསོ་བར་འགྱུར་རོ། །
ལུས་གསོ་བ་ལ་དཀྱིལ་འཁོར་བཞེངས་ནས་དབང་བསྐུར། ཚཱ་ཙྪ་གདབ། ཉེའུ་འདོན་བྱ། བྱུར་ཕུད་ཀྱི་གཏོ་གཞན་ལས་བྱུང་བ་ཡང་བྱ། ས་བདག་བཅོས། ལུས་སོགས་འབྱུང་བ་གསོ་བསྐྱེད་ཀྱི་འཇམ་དབྱངས་གསེར་འཁོར་སོགས་བཏགས། ལུས་ཆས་བསྒྱུར། མིང་བརྗེ། དེས་ལུས་སོས་པར་འགྱུར་རོ། །དབང་ཐང་གསོ་བ་ཕྱུགས་ཀྱི་གཡང་རབ་བརྩིགས་པའི་གཏོ་ལ། རུས་མི་གཅིག་པ་གསུམ་ལས་ཡོན་བླངས། ཤིང་སྣ་བཅུ་གསུམ། ལུང་པ་བཅུ་གསུམ་གྱི་ཆུ། ཞིང་གི་ཀླུ་མོ་བཅུ་གསུམ་གྱི་ས། སྔོ་སྣ་བཅུ་གསུམ། བ་དམར་བྲལ་གྱི་འོ་མ། འབྲུ་སྣ་བཅུ་གསུམ། ཆུ་མིག་རྒྱུན་འབབ་དགུའི་ཆུ། ཕྱུག་པོ་དགུའི་མར་དང་འབྲུ་རྣམས་གཟའ་སྐར་བཟང་པོར་བུམ་པའི་ནང་དུ་བླུགས་ནས་ཁྱིམ་གྱི་དབུས་སུ་གཏེར་དུ་གཞུག །བསང་གསུར་ཆེན་པོ་བཏང་། ཉལ་སའི་འོག་ཏུ་ཟས་སྣ་ཚོགས་ཀྱི་བུམ་གཏེར་གཞུག་འདི་དག་གཡང་གི་གཟའ་སྐར་ལ་གཏད་ནས་བྱ་ཞིང་། གཡས་དགུ་སྐོར་རམ། གཡང་བླན་བྱ། བཀྲ་ཤིས་བརྗོད། བདེན་སྟོབས་དང་། ཡོན་བདག་འདི་ལ་ཕྱ་གཡང་བཀྲ་ཤིས་ཐམས་ཅད་འདུ་ཞིང་མི་ནུབ་འཕེལ་རྒྱས་འབྱུང་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ། དེའང་གཡང་སྐར་ནི། སྐར་མ་རྒྱལ་ལ་ལུག་ལྷས་བྱ། སྒྲོག་ལ་རྟ་བྲེས་བརྩིགས། བིའུ་རྫི་ལ་གླང་དང་གནག་གི་གདངས་བསྲེལ། དེས་དབང་
ཐང་གསོའོ། །རླུང་རྟ་གསོ་བ་དཔལ་གྱི་འཕན་རྨང་བརྗེ་བའི་གཏོ་ནི། རི་རྩེ་རྒྱས་ཀྱི་ས། ཤིང་རྩེ་རྒྱས་ཀྱི་རྩེ་མོ། བྲག་རྩ་བ་བརྟན་རྒྱས་ཀྱི་རྡོ། ཤ་བའི་རྭ་རྩེ་གཡས། འོམ་བུའི་སོལ་བས། ཞེས་པ་ལྟར་ན་འོམ་སོལ་གྱི་སྣག་ཚས། ཨེ་ཡཾ་རཾ་བཾ་ལཾ། སྟེ་འབྱུང་ལྔའི་སྙིང་པོ་དང་། ནག་རྩིས་རང་རྐང་ལྟར་ན། ཤིང་མེ་ས་ལྕགས་ཆུ་ལྔའི་ས་བོན། ཡཾ་རཾ་བྷྲཱུྃ་ཀེཾ་ཁཾ། ལྔ་ཡིན་ཞིང་། དེ་དག་གི་སྔགས་ཀྱང་། མ་མ་སྔོ་ཏ་སྔོ་ཏ་སོགས་ལྔ་ཡིན་ལ། ལུགས་འདིའི་ལྕགས་དང་ནམ་མཁའི་ཁམས་གཅིག་པ་དང་། ཤིང་དང་རླུང་དོན་འདྲ་བར་གསུངས་འདུག་པས། འདི་རྣམས་གང་འོས་བྱས་ཀྱང་འགལ་བ་མེད་དོ་སྙམ་སྟེ་གཞན་གྱིས་བཤད་པ་ནི་མ་མཐོང་ངོ་། །ཡུལ་གྱི་དར་མ་བཅུ་གསུམ་ནི། ཡུལ་དེར་བསོད་ནམས་དབང་ཐང་ཆེ་ཞིང་རླུང་རྟ་དར་བའི་མི་སྨོན་འོས་སུ་གྱུར་པ་བཅུ་གསུམ་གྱི་མིང་བྲིས་ལ། དེའི་མཇུག་ཏུ་འདི་རྣམས་ཀུན་དང་མཉམ་པའི་དབང་ཐང་དང་རླུང་རྟ་ཆེ་གེ་མོ་འདིས་ཐོབ་པར་ཤོག་ཅེས་བྲིས་པའི་ཤོག་དྲིལ་བཅུག །གཞན་དུ་ན་གསེར་སོགས་འབྱུང་བའི་སྙིང་པོའི་རྟེན་འབྲེལ་གྱི་རྫས་ཀྱང་སྲོག་བསྐྱེད་སྐབས་སུ་བཤད་པ་དག་གིས་རུང་། རྫས་དེ་དག་ཐུམ་པ་བྱས་པ་ཤིང་ཆོ་འབྲང་ཅན་ཞེས་རྩ་ལག་རྒྱས་པ་ལ།
བཏགས་ནས་ཁྱིམ་གྱི་སྒོར་བཙུགས། མི་སྤུན་རབས་མང་པོ་ཅན་གྱི་མདའ། བུད་མེད་བུ་བདུན་ཡོད་ཅིང་དབང་ཐང་རྒྱས་པ་ལྟ་བུའི་དཔལ་མོ་ཆེའི་འཕང་གཉིས་སྦྲེལ་ཏེ་མལ་འོག་ཏུ་གཞུག །གྲོག་ཚང་གི་ས་དང་། བུ་མང་པོ་ཡོད་པའི་མི་ཚང་གསུམ་གྱི་སྒྱེད་པུའི་དྲེག་པ་ལ་གཏོ་གཞི་བྱས་ནས། བདེན་བརྗོད་དང་། ཆེ་གེ་མོའི་བསོད་ནམས་ཁ་རྗེ་རླུང་རྟ་རྣམས་ཟླ་བ་ཡར་གྱི་ངོ་དང་དབྱར་གྱི་ཆུ་ལྟར་གོང་ནས་གོང་དུ་དར་ཞིང་རྒྱས་ལ་ཕུན་སུམ་ཚོགས་པའི་དཔལ་ཐོབ་པར་གྱུར་ཅིག །ཅེས་བརྗོད་ལ་རྟེན་སྙིང་མང་དུ་བཟླས་ཏེ་བཀྲ་ཤིས་བརྗོད་པར་བྱའོ། །བསྐྱེད་ཐབས་རྣམ་པ་བཞིའི་གཏོ་ལས། སྲོག་བསྐྱེད་པ་ནི། ཨོཾ་ཨཱཿཧཱུྃ་ཧྲཱིཿ སྲོག་ཐ་ཏྲི་ཡར་བསྐྱེད། ལམ་ལམ་ཡལ་ཡལ་བྲུྃ་རཾ་ནྲི་བསྐྱེད་ཅེས་སྔགས་འདི་སྲོག་ས་ཁམས་ཅན་ལ་དར་དམར་ལ་མཚལ་གྱིས་བྲིས་པ། མེ་ཤེལ་ལམ་མེ་རྡོ་ལ་དཀྲིས་ནས་མགུལ་དུ་བཏགས། སྲོག་ཆུ་ཡིན་ན་དར་དཀར་ལ་ར་དཀར་གྱི་འོ་མས་བྲིས། རྡོ་ཁབ་ལེན་ནམ། ཁྲོ་ལྕགས་དང་བཅས་པ་གྲིལ་ནས་བཏགས། སྲོག་ཤིང་ཡིན་ན་དར་སྔོན་ལ་ཁ་ཆར་གྱིས་ཆུས་སྦྱངས་པའི་སྣག་ཚས་བྲིས། ཆུ་ཤེལ་ལམ་
ཆུ་རྡོ་སྔོན་པོའམ་ཉ་ཡི་སྒོ་ང་ལ་བྲིས་ནས་བཏགས། སྲོག་མེ་ལ་དར་ལྗང་ལ་ཤིང་གི་ཐོག་ཆུའམ་སྦང་མའི་ཁུ་བས་བྲིས་པ། རྒུན་འབྲུམ་མམ། ཨ་རུ་རའམ། བིལ་བའི་འབྲས་བུ་ལ་གྲིལ་ནས་བཏགས། སྲོག་ལྕགས་ཁམས་པ་ལ་དར་སེང་ལ་ཡུང་བའི་ཁུ་བས་བྲིས། གསེར་ས་བྱུང་མེས་མ་བཞུས་པ་ཅུང་ཟད་གྲིལ་ནས་བཏགས། དེས་སྲོག་གི་སྟོབས་ནུས་བསྐྱེད་ནུས་པར་འགྱུར་རོ། །ལུས་བསྐྱེད་པའི་སྔགས་ནི། ཧཱུྃ་བྷྲཱུྃ་ཧྲཱིཿཏྲཾ་ཡལ་བསྐྱེད། མེར་རཾ་ཏྲཾ་ཡལ་བྷྲཱུྃ་ཡར་བསྐྱེད། ཅེས་པ་ལུས་ཤིང་པ་ལ་དར་སྔོ་ནག་ལ་བྲི་བ་སོགས་ལུས་ཁམས་ཀྱི་མ་མདོག་གི་དར་ལ་བྲིས་ནས་གོས་ཀྱི་གོང་བར་བཏགས་པས་ལུས་བསྐྱེད་པར་འགྱུར་རོ། །དབང་ཐང་བསྐྱེད་ན། ཨོཾ་སྤེལ་སྤེལ་ཡཾ་སྤེལ་ཡཾ་སྤེལ། ཡལ་ཡལ་དཾ་དཾ་རཾ་སྤུངས་རཾ་སྤུངས་འདུ་འདུ་ཧེ་ཧེ་འདུས། ཞེས་པའི་སྔགས་འདི་བྲི་བའི་སྣག་ཚ་སྲོག་གི་སྐབས་ནས་བཤད་པ་ལྟར་དབང་ཐང་གི་ཁམས་ཀྱི་མ་ཡི་འབྱུང་བའི་དར་ལ་བྲི་བའམ། དབང་ཐང་ཤིང་ཡིན་ན་ཆུ་ཤེལ་ལམ་ཆུ་རྡེའུ་འམ་ཆུ་ཤིང་གི་བྱང་བུ། མེ་པ་ལ་ཙན་དན་གྱི་བྱང་བུ། ས་པ་ལ་མེ་ཤེལ་ལམ་མེ་རྡོ།
ལྕགས་པ་ལ་གསེར་རམ་ར་གན། ཆུ་པ་ལ་ལྕགས་ཀྱི་བྱང་བུ་ལ་བྲིས་ནས་བཏགས་པས་ཟས་ནོར་འཕེལ་ཞིང་དབང་ཐང་བསྐྱེད་དོ། །སྐབས་འདིའི་སྔགས་རྫས་གསེར་འཁོར་དང་བསྡུར་ནས་ཅུང་ཟད་ཁ་བསྐངས་པ་ཡིན་ནོ། །རླུང་རྟ་བསྐྱེད་ན། ཨོཾ་ཨཱཿཧཱུྃ་ཧོ་ཧེ་སྟག་སེང་ཁྱུང་འབྲུག་འདིར་ཡར་སྐྱེད། ཀུན་འདུས་སརྦ་འདུ་འདུ་ཧོ། ཞེས་པ་འདི་རིན་པོ་ཆེ་བརྡར་བ་དང་བསྲེས་པའི་སྣག་ཚས་དར་རང་རང་གི་རླུང་རྟའི་ཁམས་ཀྱི་མ་ཡི་མདོག་ལ་བྲི་བར་བྱ་སྟེ། དཔེར་ན་བྱི་འབྲུག་སྤྲེལ་གསུམ་ལོ་པ་ཡིན་ན་རླུང་ཤིང་གི་མ་ཆུ་ཁམས་ཡིན་པས་དར་སྔོན་པོའམ་ནག་པོ་ལ་བྲི་བ་སོགས་གཞན་ལ་འགྲེ། སྔགས་འདི་བསྒྲུབ་བྱའི་སྤྱི་བོར་བཏགས་ན་མི་ཀུན་བྱམས་ཤིང་རླུང་རྟའི་སྟོབས་རྒྱས་པར་འགྱུར་རོ། །འདི་བཞི་འཇམ་དབྱངས་གསེར་འཁོར་དང་སྦྲགས་ན་ཕན་སྟོབས་ཆེ་བས་དེའི་ཁ་བསྒྱུར་ལྟར་བྱ། གཏོ་སྒྲོམ་འདི་དང་འཇམ་དབྱངས་གསེར་འཁོར་རྩ་བ་དང་དེའི་ཡན་ལག་ཁ་བསྒྱུར་སུམ་ཅུ་རྩ་བརྒྱད་པ་གཉིས་ཁམ་པ་ཁྲ་མོས་བསྒྱུར་བའི་ནག་རྩིས་ཀྱི་མན་ངག་གི་གདམས་པ་ཟབ་མོ་ཡིན་ནོ། །སྲོག་ལུས་དབང་རླུང་བསྐྱེད་པ་འདི་དག་སྲོག་སོགས་རང་
རང་དར་བའི་ལོ་ཟླ་ཞག་དུས་དང་བསྟུན་ཏེ་བྲིས་ལ། བདེན་པའི་སྟོབས་དམིགས་ཤིང་རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་འཐོར་བ་དང་བཀྲ་ཤིས་བརྗོད་དེ་བཏགས་པར་བྱའོ། །མི་རིགས་སོ་སོ་དང་བསྟུན་པའི་གཏོ་ལས། མི་རྗེ་ས་བདག་རྒྱལ་པོའི་གཏོ་ནི། བྱ་རྒོད་ཐོད་པ་དང་། ཁུ་བྱུག་གི་སྤུ་དང་། འབྲུ་སྣའི་དར་ཕྱེ་ལ་རིན་པོ་ཆེ་བརྡར་བའི་གླུད་གཟུགས་བདུན་བྱས་པ་དང་། འབངས་མི་གང་ཡང་རུང་བ་ལྔའི་མིང་རས་བྲིས་པའི་ཤམ་དུ་འདི་རྣམས་རྗེའི་གླུད་དུ་སོང་ཞིག །ཞེས་བྲི་བརྗོད་གཉིས་ཀ་བྱ། བདེན་སྟོབས་བརྗོད་ཅིང་དམིགས་ལ། རྫས་དེ་རྣམས་དར་དཀར་གྱི་ཕུ་དུང་དུ་བླུགས་པ་སྤྲེའུ་གཅིག་གི་མགུལ་དུ་བཏགས་ནས་གངས་ཀྱི་རྩེ་ལ་བསྐྱལ་བས་རྗེ་བོ་ལ་གནོད་པའི་སྐག་བཟློག་པར་འགྱུར་རོ། །བནྡེའི་གཏོ་ནི། སྦ་དཀར་ལ་ན་ཟླའི་མིང་བྲིས་ནས་སྦ་དཀར་དེ་གསུམ་གཏུབ་བྱས་ལ། དངོས་མས། མ་རྙེད་ན་གཟུགས་བྱ། ཤར་ཕྱོགས་ཀྱི་མཆོད་རྟེན་རྙིང་པའི་འོག་ཏུ་སྦས། བནྡེ་དེ་སྐེག་དང་གནོད་པ་ལས་གྲོལ་བའི་བདེན་སྟོབས་བརྗོད། ཡས་བོར་ནས་སློབ་
དཔོན་ལ་བནྡེ་དེའི་ཕྲེང་བའམ། རྡོ་རྗེ་དྲིལ་བུ་རྙིང་པ་ཡོན་དུ་ཕུལ་བས་གནོད་པ་ལས་ཐར་བར་འགྱུར་རོ། །བོན་པོའི་གཏོ་ནི། བྱ་བོན་པོའི་ཐོད་དཀར་གྱི་མགོ །མ་རྙེད་ན་དེའི་སྤུ་ལས་དེའི་གཟུགས་བྱས། རྔ་ཀོག་གཅིག་ལ་ན་ཟླའི་མིང་བྲིས། བོན་པོའི་བཤང་བརྡར་བའི་ཕྱེ་མ། སིལ་ཁྲོལ་གཡུག་རྒྱུ་དེ་ཡིན། གཡག་རུ། གཡག་མགོ །གཡག་རྔ་རྣམས་གངས་མཐོང་སར་བསྐྱལ་ལ་བདེན་སྟོབས་བརྗོད། རྔ་གསར་པ་ཞིག་སློབ་དཔོན་ལ་ཡོན་དུ་ཕུལ་བར་བྱའོ། །ཞང་བློན་གྱི་གཏོ་ནི། ཤོག་བུ་ལ་དེའི་ན་ཟླའི་མིང་བྲིས། རྔེའུ་འམ་རྟེའུ་གཅིག་གི་སྐེ་ལ་བཏགས་ནས་ཤར་དྲང་པོར་བསྐྱལ། སློབ་དཔོན་ལ་རྟ་དང་ཁྲབ་ཕུལ་བར་བྱ། ཁྱི་དང་དྲེའུ་གླུད་དུ་གཏོང་། འདི་དངོས་སམ་ཡང་ན་དེའི་གཟུགས་བརྙན་གླུད་དུ་བཏང་ངོ་། །དམངས་ཀྱི་གཏོ་ནི། ན་ཟླ་གཅིག་གི་མིང་ཤོག་བུ་ལ་བྲིས། གླང་གཅིག་གི་སྐེ་ལ་བཏགས་ནས་བྱང་ཤར་དུ་བསྐྱལ། ཡང་ན་མིང་བྱང་བོང་བུའི་སྐེ་ལ་བཏགས་ནས་བྱང་དུ་བསྐྱལ་ལོ། །སློབ་དཔོན་ལ་ནོར་སྣ་གཅིག་འབུལ་བར་བྱའོ། །བུད་མེད་ཀྱི་གཏོ་ནི།
འཕང་ལན་ཟླའི་མིང་རུས་བྲིས། བལ་སྐུད་དང་བཅས་གླང་གི་སྐེ་ལ་བཏགས་ནས་ཆུ་ལ་བསྐྱར། སློབ་དཔོན་ནམ་མིང་པོ་ལ་མགོ་རྒྱན་སྣ་གཅིག་བྱིན། གླང་དེ་ཕ་མིང་ལ་སྦྱིན་པར་བྱ། བྱིས་པའི་གཏོ་ནི། ཤིང་བུ་དགུ་ལ་མགལ་བ་བྱས། མ་ཡི་ཁེད་མར་གཏུམས། འབྲུ་སྣ་ལྔའི་ཕྱེ་ལས་ཟན་བྱས་པ་ལུས་ལ་བསྒྲེས་པའི་ངར་གླུད་བདུན་བྱས། དེ་དག་གི་སྙིང་གར་ན་ཟླའི་མིང་རུས་བཅུག་ལ་ཕྱོགས་གང་བདེར་གླུད་དུ་བཏང་། མེ་ཡོག་བྱིས་པ་རྣམས་ལ་སྟོན་མོ་བྱ། དེས་བྱིས་པ་སྐག་ལས་ཐར་རོ། །མི་རིགས་བདུན་གྱི་གཏོ་འདིའི་སྐབས་སུ་གཞུང་ན་གསལ་ཁ་མེད་ཀྱང་། གླུད་གཟུགས་གསུམ་མམ་བདུན་ལྟ་བུའི་ནང་དུ་ན་ཟླའི་མིང་བཅུག་ལ། གླུད་དེ་དག་དམིགས་བྱའི་གླུད་དུ་སོང་ནས་སྐག་དང་གནོད་པ་ལས་གྲོལ་བའི་བདེན་སྟོབས་དམིགས་པ་བྱས་ན་ལེགས་སོ། །གཞན་ཡང་ཤིན་ཏུ་སྐེག་ཆེ་བ་ལས་ཐར་དཀའ་ན། ན་མཉམ་དང་བརྗེ་བའི་གཏོ་ནག་ལ། སྡོང་པོ་འདྲེ་ཅན་གཅིག་གི་ཤིང་བཅད་དེ། ན་ཟླའི་ལུས་ཚད་ཀྱི་ཤིང་བྱང་བྱས་པར་ན་ཟླ་དེའི་མིང་རུས་བྲིས་ལ་
དེའི་སྟེང་དུ་ནུབ་གཅིག་བཞག །རྟ་རུས་མི་རུས། ཁྱི་རུས། སྦང་མ། ཆུ་ར། སྙ་ལོ། ཟྭ་ཚོད། གླ་སྒང་། རབས་ཆད་ཀྱི་ཤིང་ཤུན་པ། ངར་མི་ནག་མོ་གཅིག །ཤིང་ཁྲ་མ་འཛེར་པ་ཅན་གྱི་དུམ་བུ། སེ་བའི་ཤིང་དུམ་རྣམས་ནད་པའི་ལྷྭམ་ནང་དུ་བཅུག་ནས་ཤར་གྱི་འདྲེ། ལྷོའི་འདྲེ། ནུབ་ཀྱི་འདྲེ། བྱང་གི་འདྲེ་རྣམས། སྟག་དོང་དྲིལ་ཅིག །བྲུབ་ཅིག་ཅེས་བྱ། ན་ཟླའི་ལུས་ཚད་ཀྱི་ཤིང་བྱང་ལ་ཕྱ་ལས། སྡོང་པོ་མེས་རེག་ལ་བྷྱོཿ སྡོང་པོ་ཆུས་ཁྱེར་ལ་བྷྱོཿ འབྱུང་བ་ལྔའི་གླུད་ལོངས་ཤིག །མཉམ་གཉིས་ད་རྗེས་ཤིག །མི་དང་ནད་དུ་ཕྲོལ་ཅིག །དེ་ལྟར་ན་ཟླའི་མིང་ནས་བོས་ནས་འདི་དང་ནད་པ་རྗེས་ཤིག་ཅེས་ཐུབ་ཆོད་བྱ། ཀི་ཀི་བསོ་བསོ་ཧ་ཧ་ལྷ་རྒྱལ་ལོ་སོགས་གཞན་ལས་རྒྱལ་བའི་སྐད་གསང་ཆེར་འདོན་པ་ལ་ཐོ་ལེས་གདབ་ཅེས་བྱའོ། །དེས་སྐག་ན་མཉམ་ལ་བསྒྱུར་ནས་ནད་པ་སོགས་བདེ་བར་འགྱུར་རོ། །དེ་དཔེར་ན་གཟའ་ནད་ཕོག་པ་སྔགས་ཀྱིས་ཕུག་རོན་དང་ཉ་ལ་སྤོ་བ་དང་ཚུལ་འདྲའོ། །ཡས་གནོད་པའི་ཕྱོགས་སུ་བོར་བྱའོ། །ན་མཉམ་བརྗེ་བའི་གཏོ་སྐབས་འདིར་གཏོ་སྒྲོམ་གྱི་དཔེ་ལ་ལར། སྲེ་ལོང་ལས་གཟུགས་བཅོས་ཏེ་རྫས་གཞན་དང་བཅས་པའི་སོག་དང་སྔགས་བཅས་ཀྱི་མཚན་
ཞིག་འདུག་པ་དེ་དེའི་གོང་གི་འགོང་ཇག་བསྒྱུར་བའི་འཕྲོས་སུ་སྨོས་པ་འདྲ་སྟེ་སྐབས་འདིར་དགོས་ངེས་མིན་ལ། སྲེ་ལོང་གི་བཅས་ཆོག་སྔགས་དང་བཅས་པ་དེ་ཐེའུ་རང་འགོང་པོ་དགྲ་ལ་ཟ་ཁ་གཏོད་པའི་ངན་ཐབས་ཞིག་ཡིན་པས་དེའི་ལག་ལེན་མ་བཀྲོལ་ལོ། །ཡང་རང་སྐག་ན་མཉམ་ལ་བསྒྱུར་བའི་གཏོ་ནི། སྤར་ཁ་ལི་ལ་བབ་ན་ངར་གླུད་ལྔ་ཚིགས་ཞེས་བརྗེས་མ་དེའི་མགུལ་དུ་ན་ཟླའི་མིང་བྲིས་ལ་དར་ནག་པོས་གཏུམས་པ་བཏགས། ཐིག་གུ་ཕྱིན་ཀ་ལོག་གཅིག་གིས་གླུད་དེ་འགག་མིག་ཏུ་བཅུག་པའི་ཐིག་སྣེ་མི་ལུས་རྟ་སྦྲུལ་གང་རུང་གི་མགོ་ཅན་བྱས་པར་འཁྲིད་དུ་བཅུག །གླུད་དེ་དག་ལྷོ་ངོས་སུ་བསྐྱལ་བའི་རྒྱབ་ནས་མི་ནག་པོ་རལ་གྲི་ཐོགས་པ་གཅིག་གིས། བདུད་ལ་གསེར་སྐྱེམས་དང་བཤོས་བུ་ཡོས་ཁྲ་རྣམས་མཆོད་ནས། སྨྲེང་འདི་བརྗོད་དེ། ཀྱེ། ལྷ་སྲིན་སྡེ་བརྒྱད་རྣམས། དམིགས་བྱ་ཆེ་གེ་མོ་འདི་བས། ན་ཟླ་ཆེ་གེ་མོ་འདི་བཟང་། གཏོ་མཁན་རང་གི་སྐག་སྤོ་ན། ང་བས་ན་ཟླ་ཁོ་བཟང་། གཟུགས་ཀྱང་འདི་ལེགས། འདི་ན་སྐག་ཆེན་རྒྱུ་སྦྱོར་ཆེ་གེ་མོ་འདི་ལ། ནད་རིགས་བཞི་བརྒྱ་རྩ་བཞི། གློ་བུར་ཡེ་འགྲོགས་སུམ་བརྒྱ་དྲུག་ཅུ། བྱར་མི་བཏུབ་པ་བཀྲ་མི་ཤིས་པ་ཐམས་
ཅད་འཕྲོག་པའི་མི་ན་ཟླ་ཁོ་རང་ཡིན་པས། འདི་འཁྱེར་ལ་སོང་ཞིག །ཁོ་རང་ས་ཆ་འདི་ཞེས་བྱ་བ་ན་འདུག་གོ །ཁོའི་མིང་ལ་མིང་ནས་སྨོས་ཏེ་འདི་སྐད་ཟེར་བ་ཡིན། བསྲུང་བྱ་ཆེ་གེ་མོ་འདིའི་གླུད་དུ་ན་ཟླ་ཆེ་གེ་མོ་འདི་ཁྱེར་ལ་སོང་ཞིག །ཅེས་བརྗོད་ལ་ཡས་བོར་ཏེ་ཕྱི་མིག་མི་ལྟ་གཏམ་མ་ཤོར་བར་ནང་དུ་ལོག་པར་བྱ། དེད་མི་དང་ཁ་སྨྲེང་དེ་བཞིན་དུ་སྤར་ཁ་གཞན་ཀུན་ལ་འདྲ། ཁོན་ལ་ངར་གླུད་གསུམ་བྱས། དབུས་མའམ་འབྲིང་པོའི་མགུལ་ན་ན་ཟླའི་མིང་བྲིས་པ་དར་ལྗང་གིས་དགྲ་མདོག་ཡིན་གྲིལ་བ་བཏགས། ལུག་མགོ་ཅན་ལ་ཁྲིད་བཅུག་ལྷོ་ནུབ་ཏུ་འོ་དོད་བོས་ལ་བསྐྱལ། དྭ་ལ་ངར་གླུད་དཀར་པོ་བདུན་བྱས་བདུན་ཚིགས་ལ་ན་ཟླའི་མིང་དར་དམར་གྲིལ་བ་བཏགས། སྤྲེལ་མགོ་ཅན་ལ་འཁྲིད་བཅུག་ཕྱོགས་ནུབ་ཏུ་བསྐྱལ། ཁེན་ལ་ངར་གླུད་བཅུ་གསུམ་བྱ། བཅུ་ཚིགས་པའི་སྐེ་ལ། ན་ཟླའི་མིང་དར་ལྗང་གིས་གྲིལ་བ་བཏགས། ཁྱི་མགོ་ཅན་ལ་ཁྲིད་བཅུག་སྟེ་ནུབ་བྱང་དུ་བོར། ཁམ་ལ་ངར་གླུད་དགུ་བྱ། དགུ་ཚིགས་པའི་སྐེར། ན་ཟླའི་མིང་བྲིས་པ་དར་སེར་གྱིས་གཏུམས། བྱི་ཕག་མགོ་ཅན་གྱིས་ཁྲིད་དེ་བྱང་དུ་བོར། གིན་ལ་ངར་གླུད་བཅུ་གསུམ། བཅུ་གསུམ་པའི་སྐེ་ལ་ན་ཟླའི་མིང་དར་ལྗང་གཏུམས་པ་བཏགས། གླང་མགོ་ཅན་གྱིས་ཁྲིད་ནས་བྱང་ཤར་དུ་བོར། ཟིན་ལ་ངར་གླུད་གཅིག་གི་སྐེ་ལ་ན་ཟླའི་མིང་དར་དཀར་གཏུམས་པ་བཏགས། མི་ལུས་སྟ་མགོ་ཅན་ལ་ཁྲིད་བཅུག་སྟེ་ཤར་དུ་བསྐྱལ། ཟོན་ལ་ངར་
གླུད་གཉིས་བྱས་པའི་མགུལ་དུ་ན་ཟླའི་མིང་བྲིས་པ་དར་ལྗང་གིས་གཏུམས་ལ་བཏགས། མི་ལུས་འབྲུག་མགོ་ཅན་ལ་འཁྲིད་བཅུག་སྟེ་ཤར་ལྷོར་བཏང་། འདི་ལ་ན་མཉམ་བསད་པའི་གཏོ་ཡང་ཟེར་ཏེ་གཞན་ལ་གནོད་ཕྱིར་སྡིག་ཆེ་བས་ཕྱི་མའི། གར་ཐོད་ཐོད་དུ་མི་བྱའོ། །ཡང་མིང་སྲིང་གང་རུང་གཅིག་འཆི་འདོད་པའི་ཀེག་ལ་བབ་ན། འཇག་མའི་གཟུགས་མི་ཚད་གཅིག་བྱས་དེའི་ཁར་སྙིང་རློན་པ་ཅིག་བཅུག །བསྒྲུབ་བྱའི་ཞྭ་ལྷམ་གོས་གསུམ་བསྐོན། འཁོར་གསུམ་ཚང་བར་བཏགས། མདའ་གཞུ་རལ་གྲི་བཅས། སྔར་ཤི་བའི་མི་གཟུགས་བཅུ་གསུམ་མིང་བཅས་ཤོག་བུ་ལ་བྲིས་པ་བཏགས། གཞན་ཡང་ཟས་སྣ་འབྲུ་སྣ་རས་སྣ་བསོག་པའི་གླུད་མང་པོས་བསྐོར། གླུད་བྱིན་བས་དང་། བསྔོ་བ་རྒྱས་བསྡུས་གང་རུང་གཅིག་གི་ཆོ་ག་ལ་བརྟེན་ནས་དགྲ་ཕྱོགས་སུ་བསྐྱལ་ལ། གོས་སྤྲུག་བསོ་བསོ་ཞེས་སྐད་གསང་མཐོན་པོས་གསོས་གདབ་པར་བྱས་པས་འཆི་འདོད་ཀྱི་སྐེག་ལས་ཐར་བར་འགྱུར་རོ། །ཡང་བསྒྲལ་ཐབས་གསུམ་གྱི་གཏོ་ཡི་བྱེ་བྲག །གཤིན་རྗེ་གྲུ་སྒྲོལ་གྱི་གཏོ་འདི་ནི། མི་ཚང་གཅིག་ལ་ཤི་ཁ་བྱེ་བའམ། མི་ཞིག་འཆི་ངེས་པའི་ནད་ཀྱིས་ཐེབས་པའམ། ཅི་བྱས་ཀྱང་མ་ཕན་པའི་ནད་པ་སོགས་ལ་བྱ་སྟེ།
སོག་མ་ལ་ནད་པའི་གཟུགས་བྱ་དེ་ལ་ཤོག་བུའམ་འཇིམ་པ་ལས་ཁ་མིག་སོགས་བཏོད། མི་རུས་རྟ་རུས་ཁོང་དུ་བཅུག །ནད་པའི་མིང་རུས་སྙིང་གར་གཞུག །དེ་ནད་པའི་འདབས་སུ་བསྙལ་ལ། ནད་པའི་ཟ་འཕྲོ་བྱིན། གོས་རྙིང་གིས་གཡོགས། ལུས་ལས་བསྒྲེས་པའི་ཟན་ལས་ངར་མི་གཅིག་དང་། ཟན་ཆང་གཅིག་དང་། ཟས་ཕུད་སོགས་ཟས་སྣའི་གླུད་བཤམས་སམ་བྷ་རས་བྱིན་རླབས་བྱ། གཏོ་མཁན་འཇམ་དཔལ་གྱི་ང་རྒྱལ་ལ་གནས་པས། ནད་པ་དེའི་ཁྱིམ་གྱི་མི་སྔར་ཤི་བ་རྣམས་དང་དེ་རྣམས་གསོད་པའི་ཟ་འདྲེ་དང་བཅས་པ་ལ་འདི་ལྟར་བསྔོ་བར་བྱ་སྟེ། ཀྱེ། འདྲེ་གདོན་གནོད་བྱེད་ཐམས་ཅད་དང་། ཕ་ཁུ་ཚང་ཟླ་དང་། ཕུ་ནུ་ཟླ་གྲོགས་དང་། སྔར་ཤི་བའི་གཤིན་འདྲེ་དང་། གཤིན་རྗེ་འཆི་བདག་གིས་གླུད་འདི་ལོངས་ཤིག །བཞེས་ཤིག །ནད་པ་འདི་ཡི་སྐག་དང་གནོད་པ་ཐམས་ཅད་བསྒྱུར་ཅིག །ཅེས་ཁ་སྨྲེང་བཏང་། བཟའ་ཚང་ནང་སྔར་རོ་འདོན་པ་དེའམ། ཡང་ན་ངན་ལོང་རྟོག་མེད་ལ་བསྐུར་ནས་ཕ་མེས་ཀྱི་དུར་ས་སོགས་སུ་བསྐྱལ་ལོ། །ཡང་ན་ཆུ་བོའི་གཞུང་ལ་བསྐུར། བདེན་སྟོབས་བརྗོད། གཏོ་ཁྱེར་མི་སྒོར་མ་སླེབས་གོང་དུ་ནད་པ་དེ་ལོ་དེའི་དཔལ་བསྐྱེད་ཕྱོགས་སུ་བྲོས་བཀྲ་
ཤིས་བརྗོད། དེ་ལྟར་བྱས་པས་རབ་ལོ་དགུ། འབྲིང་ལོ་གསུམ། ཐ་མ་ཡང་ལོ་གཅིག་གི་འཆི་བ་མི་ལྡོག་པ་མི་སྲིད་དོ། །འདི་ནི་རང་གི་ཕ་མ་དང་བུ་ཚའི་དོན་མིན་པ་གཞན་ལ་མི་བྱ། གཏོ་འདི་སུ་དང་འཕྲད་པ་ལ་ན་ཚ་གོད་ཁ་དྲག་པོ་ཡོངས་ངེས་སོ། །གཤིན་རྗེ་གྲུ་སྒྲོལ་གྱི་གཏོ་ངོ་མཚར་རོ། །ཞེས་གསུངས་སོ། །ཡང་སྐག་ཆེན་པོ་ལ་བབ་པའམ་ནད་པ་འཆིར་ དོགས་པ ་ལ། འཆི་བསླུའི་གཏོ་ལས། ནག་མོ་སྣ་བཅད་ཀྱི་གཏོ་ནག་ནི། བུད་མེད་རིགས་མི་གཅིག་པ་དགུ་ལས་ཕྱེ་བླངས་ལ། དེ་ནང་རང་གི་ཕྱེ་བསྣན་ནས། ས་སྤྱིན་དང་བསྲེས་ཏེ། ཕྱར་བ་ནག་པོར་འབྲུ་ནག་བཀྲམ་པའི་སྟེང་དུ། བུད་མེད་སྣ་བཅད་པ་ལྔ་ཡི་གཟུགས། གཡས་ན་ཁྲམ་ཤིང་། གཡོན་པ་ནད་རྐྱལ་ལམ་ཚོན་གྱི་དྲུ་གུ་ཐོགས་པ། ཐོད་བཅིངས་པ་ལ་སྤར་ཁའི་རྟགས་བྱས་པ། ཕྱོགས་བཞི་དབུས་ལྔར་བཞག་ཆགས་ཆེ་བ་ཆས་དེའི་སྐེར་ཐིག་གུ་ནག་པོ་ཞིག་ཕྱིན་ཀ་ལོག་ཏུ་འགག་མིག་ཏུ་བཏགས་ནས་བདེན་སྟོབས་བརྗོད་ཅིང་། མིང་འདི་ཞེས་བྱ་བ་འཆི་བའི་སྐག་ལས་ཐར་ནས་ཚེ་རིང་དུ་འཚོ་བར་གྱུར་ཅིག་ཅེས་བརྗོད་དེ། སྐག་ཅན་དེའི་སྐེ། བེ་ཐག་པ་བུད་མེད་གཅིག་གིས་བཀྲོལ་ནས། ཡས་རྟགས་ཀྱི་མགུལ་
དུ་བཏགས་ལ་ཡས་དེ་ནག་མོ་དེས་ཁྱེར་ནས། བསྲུང་བྱའི་ལུས་ཚད་དམ། འདྲེ་ལྔ། བདུད་གཅོད་གནས་པའི་ཕྱོགས་གང་རུང་དུ་བསྐྱལ། གཏོ་འདི་གཟའ་དར་བའི་དུས་སུ་བྱ། གཏོ་བསྐྱལ་དུས་དེར་ཕྱོགས་དེའི་ཁད་ཉེ་བར་བུད་མེད་དམ། འཁོར་གསུམ་བཏགས་པའམ། ཕད་ཚེ་སྟོང་པ་ཐོགས་པའམ། སྒྲོ་སྟོང་ཁུར་བ། མི་ནག་ཕྱུགས་ནག་དང་འཕྲད་ན་གཏོ་ཐེབས་པའི་རྟགས་སོ། །མི་དཀར་རྟ་དཀར་དང་འཕྲད་ན་ལོག་པས་སླར་ཡང་བསྐྱར་དགོས། གང་དང་མ་འཕྲད་ན་འབྱམས་པ་ཡིན་པས་བསྐྱར་ན་ལེགས། ཡང་མི་རོ་རྟ་ཞོན་གྱི་གཏོ་ནི། བདུད་གཅོད་ཕྱོགས་སུ་དོང་ཞིག་བྲུས། བུད་མེད་ལྔ་ལས་ཕྱེ་བླངས་ནས་ངར་མི་ཆེ་བ་གཅིག་བྱས་ལ། ནད་པ་སྐག་ཆེ་བ་དེའི་མགུལ་དུ་བཏགས། རྟ་གཅིག་ལ་ཕྱིན་ཀ་ལོག་ཏུ་སྐྱོན། ནད་པའི་གོས་དྲི་མ་ཅན་གྱི་གྲིལ། གཏོར་མ་ནག་པོ་གཅིག་དང་བཅས་པ་ཁྱེར་ནས་དོང་བྲུས་པ་དེར་བཅུག །གཏོར་མ་དེ་དོང་ཁར་བཏང་། བདེན་སྟོབས་དམིགས་ལ་ལོག་ནས་ཁྱིམ་དུ་ཚེ་ཆོག་བྱ། གཏོ་བསྐྱལ་དུས། རྟ་པའམ། མོ་གཞོན་དང་། ཁྱི་དང་འཕྲད་ན་ཐེབས། ངལ་ནས་ཐང་ཆད་པའམ། ཤུས་འདེབས་པ། ངུ་བ་དང་འཕྲད་ན་ལོག་པས་བསྐྱར། དེས་འཆི་བ་བཟློག་གོ །ཡང་ཙན་དན་
སྡོང་སྒྲིལ་གྱི་གཏོ་ནི། ནད་པ་དེ་ཐག་པ་གཅིག་གིས་སྡོང་པོ་འདྲེ་ཅན་གཅིག་དང་སྦྲེལ། སྡོང་པོ་ལ་ནད་པའི་ལོ་གྲངས་ཀྱི་ཁྲམ་བཏབ། ངན་དགུ་དུག་བཅུ་ཐམས་ཅད་ཁྱེར་ཅིག་ཅེས་བྲིས། བདེན་སྟོབས་དམིགས་ལ། མཐུན་གསུམ་ལོ་པས་བདུད་གཅོད་ཀྱི་ཕྱོགས་སུ་སྡོང་པོ་བསྒྲིལ་བ་དང་མཉམ་དུ་སྦྲེལ་ཐག་བཅད་ལ་བཏང་། དེའི་ཚེ་ཕར་འགྲོ་དང་འཕྲད་ན་བཟང་། སྒ་དང་ལག་ཆ་སོགས་མེད་པའི་མི་སྟོང་རྟ་སྟོང་དང་འཕྲད་ན་ཐེབས། ཚུར་བྱུང་བ་དང་། ཁྲེས་པོ་ཁུར་བ་དང་འཕྲད་ན་ངན་ནོ། །དེས་འཆི་སྐག་བཟློག་པར་འགྱུར་རོ། །ཡང་འདྲེ་བུ་ཟན་མའི་གཏོ་ནི། བུད་མེད་ཡུག་ས་མ་ལྔ་ལས་ཕྱེ་བླངས་ལ། བུད་མེད་ནག་མོ་རབས་ཆད་ལྔ། ནད་རྐྱལ་དང་མཚོན་སྐུད་ཀྱི་གྲུ་གུ་ཐོགས་པ་བྱ། ཐོད་བཅིངས་སྤར་རྟགས་གཟུགས། ཡང་རྒྱལ་འགོང་གི་གཟུགས་གཅིག་ཀྱང་བྱ། བྱ་ནག་མོའི་སྒོ་ང་། རེའུ་ལུག་གུ་ཁྱིའུ་མིག་མ་བྱེ་བའི་མགོ །ལྟག་སྐོར་རུས། མགལ་བ། བྲ་བོ་རུག་པ་རྣམས་ཕྲུ་བ་རྫ་མ་ནག་པོ་གཅིག་ཏུ་བླུགས་པ་དེ་མདུན་བཞག །ནད་བདག་གླུད་བདག་རྣམས་ལ་བརྔན་རྫས་བྱིན་པས་ཚིམ་ནས་གཞན་དུ་འགྲོ་བར་བསམ། བྱིས་པ་ཆུང་ངུ་ཡོད་པ་གཞན་གྱི་
ཁང་འགྲམ་མམ། དེའི་ཁྱིམ་མཐོང་སར་དེ་ཚང་གི་ཚང་མང་ངམ་མལ་ལ་ཁ་གཏད་དེ་བཞག་ལ། ཁྱོད་ཀྱི་ཟ་རེས་ཁྱིམ་འདི་རུ་ཡོད་ཀྱིས་ཟོ་ཞིག །གཡའ་སྲི་མགོ་དམར་མ། སྤང་སྲི་མགོ་སྔོན་མ། ནགས་སྲི་མགོ་ནག་མ། ཆུང་སྲི་མགོ་སྔོན་མ། དམ་སྲི་ནག་མོ་རལ་པ་ཅན། འགོང་མོ་ནག་མོ་བྱ་བ་ཁྱོད་ཕ་ཀའི་ཁྱིམ་དུ་བཞུད་ཅིག །ཅེས་བརྗོད་ལ་ཕྱི་མིག་མི་ལྟ་བར་ལོག །གཏོ་འདི་བྱིས་པ་གཅིག་གཉིས་ཤི་བ་ལ་རྒྱུ་རྐྱེན་ཡིན་པས་མི་བྱ། དེ་བས་མང་བ་ཤི་ན་ཐབས་འདིས་ཤི་ཁ་ཆོད་དེ་འདྲེ་སྲི་གཞན་ལ་ཟ་ཁ་སྤོས་པར་འགྱུར་རོ། །སྡིག་ཆེ་བས་མི་བྱའོ། །སྐག་ཕྲན་བསྒྱུར་བའི་གཏོ་ཅི་རིགས་བསྟན་པ་ལས། རོ་འདོད་ལག་པ་བཅག་པའི་གཏོ་ནི། ས་ཕུལ་དོ་ལས་གླང་པོ་ཆེའི་གཟུགས་བྱ། ལུག་གི་ལག་གཡས་སུག་པ་དང་མ་བྲལ་བ་གཅིག་དང་། མགལ་བ་ཁ་ནག་གཉིས། སྐུད་པས་དཀྲི་ཞིང་དེ་དག་སྐྲ་ཤད་ཀྱི་སྐུད་པས་སྦྲེལ་ནས་གླང་པོ་ལ་ཁལ་དུ་བཀལ། མི་དེའི་འདྲེ་ལྔའམ་བདུད་བཅོད་ཀྱི་ཕྱོགས་སུ་དོང་གྲུ་གསུམ་བྲུས་པ་དེར་སོང་ལ། དང་པོ་ལག་ངར་དེ་བཅག་ལ། གནོད་པར་བྱེད་པའི་འདྲེ་ཐམས་ཅད་ཀྱི་ལག་ངར་བཅག་གོ །ཅེས་བརྗོད།
དེ་ནས་དོང་དེར་དང་པོ་ལག་ངར་བཅུག །དེ་ནས་གླང་པོ་བཅུག །དེ་ནས་མགལ་བ་བཅུག །སས་བྱིབས། གཡམ་པ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད། བདེན་སྟོབས་བརྗོད་ཅིང་རྟེན་སྙིང་བཟླ། དེས་རོ་འདོད་ལག་པ་བརྫིས་པའི་ཉེས་པ་ཞིའོ། །དགུ་མིག་ཏུ་ཚུད་ན། སངས་རྒྱས་བྱང་སེམས་ཀྱི་སྐུ་གཟུགས་དང་། གསུང་རབ་དམ་པའི་ཆོས་ཀྱི་གླེགས་བམ། རིང་བསྲེལ་ལྡན་པའི་མཆོད་རྟེན་སོགས་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་སྤྱན་དྲངས་ནས་སྟེགས་ལ་བཞུགས་སུ་གསོལ་ཏེ། དེ་ལ་ན་མོ་བུདྡྷ་ཡ་སོགས་ཕྱག་འཚལ་བའི་གཟུངས་བརྗོད་ཅིང་དགུ་མིག་ལ་བབ་པ་དེས་ཕྱག་ལན་དགུ་བཙལ། བསྐོར་བ་དགུ་བྱ། མེ་ཏོག་དང་སྤོས་དང་མར་མེ་ཡོན་ཆབ་ལྷ་བཤོས་རྣམས་རེ་རེ་ནས་དགུ་རེ་དགུ་རེ་ཕུལ། མཆོད་པ་འབུལ་བའི་ཚིགས་བཅད་གང་རུང་དང་། མཆོད་གཟུངས་སམ་རྟེན་སྙིང་བཟླ་སྟེ་འབུལ། གཏོར་མ་དང་གླུད་དགུ་བཏང་འཕགས་པ་བློ་གྲོས་བཟང་པོས་ཞུས་མདོ་དང་། སྐྱེས་པ་ལ་ཕྱག་སྟོང་སྤྱན་སྟོང་གི་གཟུངས། བུད་མེད་ལ་སྒྲོལ་མ། བྱིས་པ་ལ་ཁྱེའུས་ཞུས་མདོ། རྒན་མོ་ལ་
བགྲེས་མོས་ཞུས་པའི་མདོ་ཀླག །དེ་ནས་དགུ་མིག་ལས་ཐར་རོ་ཞེས་བརྗོད། བདེན་སྟོབས་དམིགས་ཤིང་བཀྲ་ཤིས་བརྗོད་པས་དགུ་མིག་གི་ཉེས་པ་ཞི་བར་འགྱུར་རོ། །སྤར་ཁའི་སྐྱ་མདའ་འཐུག་པས་བུད་མེད་ཀྱི་བུ་མ་སོས་ན། ཕོ་མོ་གཉིས་ལས་གང་རུང་གཅིག་ལ་དེར་ཁྱིམ་གཞན་དུ་བྱོལ་བས་ཐུབ། སྤར་ཁ་གདན་ས་གཅིག་ཏུ་འཚོགས་པ་དང་། རང་སྐྱེས་སྤར་ཁའི་སྟེང་ཕྱིན་པའི་སྐག་ཅན་ལ་གླུད་ནག་པོ་གཅིག་སྤར་ཁ་གང་བབ་དེ་ཡི་སྟེང་དུ་བཏང་ན་ཐུབ། སྤར་ཁ་དགྲ་ཐོགས་ཏུ་ཕྱིན་པས་ཤི་ཆད་ཆེ་ན། ལུག་ནག་གི་མཇིང་པ་གཅིག །རང་ལོའི་གཟུགས་ཀྱིས་བསྐོར་ནས། སྤར་དགྲའི་ཕྱོགས་སུ་སྦད་ན་ཐུབ། སྤར་ཁ་དུར་ཐོག་ཏུ་ཕྱིན་པ་ལའང་གོང་གི་བཅོས་འདི་དག་གིས་ཐུབ། སྤར་ཁ་དགུ་མིག་ཏུ་ཚུད་པ་ལ། ཕོ་ལ་གླུད་ནག་པོ་དགུ། མོ་ལ་དམར་པོ་དགུ་བྱས། ཧཱུྃ་བྷྱོཿ གཏོ་འདི་གཙུག་ལག་འཕྲུལ་གྱི་གཏོ། སོགས་སྤར་ཁའི་སྤྱི་མདོས་སྐབས་ལྟར་གཏོ་སྨྲེང་གྱེར་ལ། བདེན་སྟོབས་བརྗོད་དེ་དག་གནོད་ཕྱོགས་སུ་བཏང་བས་ཐུབ་བོ། །ཡང་བཟློག་ཐབས་གསུམ་བྱེ་བྲག །
ཕྱོགས་ངན་གྱི་ཉེས་པ་ ༡ བཟློག་ཐབས་ནི། ཤར་དུ་འགྲོ་ན་ལག་ཏུ་ལྕགས་ཆ་ཞིག་ཁྱེར། ལྷོར་ཆུ་གཏོར། ནུབ་ཏུ་མེ་གཏོར། བྱང་དུ་ས་སེར་གཏོར། མཚམས་བཞིར་ཤིང་ཐོགས་ཏེ་འགྲོ་བས་ཐུབ། ཡང་ན་རུས་སྦལ་ཁོག་པ་རང་ལུས་ལ་བཏགས་ཏེ་འགྲོ། ཡང་ན་ལུས་ལས་བགྲེས་གླུད་རང་ལོའི་མགོ་ཅན་བྱས་ལ་ཐོགས་ཏེ། སྒོ་རྩ་ནས་གོམ་པ་ལོ་གྲངས་སོང་མཚམས་འགྲོ་ཕྱོགས་སུ་བོར་བས་ཐུབ་ངེས་སོ། །ཡང་གཅིག་ཕྱོགས་ངན་དུ་འགྲོ་དགོས་བྱུང་བའི་གཏོ་ནི། ལི་པ་བྱང་དུ་འགྲོ་དགོས་བྱུང་ན། འབྲུ་སྣ་ལྔ་ལས་བྱས་པའི་ངར་གླུད་གཅིག །འབྲུག་གི་གཟུགས་ཀྱི་ཁོག་པར་བཅུག །སྒོ་ནས་བྱང་དུ་གོམ་པ་ལོ་གྲངས་བོར་བའི་མཚམས་སུ་ས་དེར་དོང་བྲུས་ལ་མནན། དེའི་འགྲེས་སྦྱར་ཏེ་གཤེད་བཞི་ཤར་དུ་འགྲོ་ན་ངར་གླུད་སྤྲེལ་གཟུགས་ཀྱི་ཁོག་པར་བཅུག་ལ་མནན་པ་སོགས་ལོ་གཞན་ལ་ཤེས་པར་བྱའོ། །ཡང་དྲིལ་ཐབས་རྣམ་པ་གསུམ་གྱི་གཏོ་ཡི་ནང་ཚན། ཐུབ་ཆོད་ཀུན་དྲིལ་གྱི་གཏོ་ཞེས་པ་ནི། རུས་སྦལ་གྱི་ཁོག་པ་ལ་མཚལ་གྱིས་ཡི་གེ་ཧྲཱིཿགཅིག་བྲིས་པ་དེ། དར་རམ་ཤོག་བུ་ལ་
གསེར་གྱིས་ཡེ་དྷར་མ་བྲིས་པ་དང་ལྷན་ཅིག་འཆང་། དེ་ཡང་དེ་ཉིད་ཁྱིམ་དུ་བཞག་ན་ཁྱིམ་ཐུབ། ཕྱོགས་སུ་འགྲོ་ན་ཕྱོགས་ཐུབ། ལས་གང་བྱེད་ཀྱང་གཏོ་འདི་ལུས་ལ་བསྟན་པ་གལ་ཆེ་སྟེ། ལས་བྱ་ཉེས། རྫས་སྲེལ་ཉེས། ཕྱོགས་ངན་དང་ཐུག་པ་སོགས་ཉེས་པ་ཐམས་ཅད་འདི་གཅིག་པུས་ཐུབ་པས་ཀུན་ཐུབ་རྒྱལ་པོ་ཞེས་གསུངས་པ་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །དེ་ཡན་ཆད་ཀྱིས་སྐག་བཟློག་གི་གཏོ་ཐབས་ཅི་རིགས་གསུངས་པ་བསྟན་ནས། ཞར་བྱུང་དུ་ཉེར་མཁོའི་གཏོ་སྐོར་ཅི་རིགས་བསྟན་པ་ལ། སྐྱེས་པ་ལ་ཆག་སྒོ་ཆེ་ན། ངར་གླུད་མཐོ་གང་པའི་ཁོངས་པར་འབྲུ་སྣ་བླུགས། སྐེ་ལ་དགྲ་འདྲེའི་ལིང་ག་ཁྲག་གིས་བྲིས་པ་བཏགས། མདའ་བཀྲ། འཕང་བཀྲ། ནམ་མཁའ། རྒྱང་བུ། ཤིང་རིས། མེ་ལོང་རྣམས་གླུད་ལ་བཏགས་ཏེ། ཕྱོགས་ངན་གནས་པའི་ཕྱོགས་ཞིག་ཏུ་བཞག །སྐག་ཅན་རང་གི་གོ་མཚོན་ཐོགས་ལ་དེ་བསད་ཚུལ་བྱ། མུ་ཏོ་པ་ཞིག་གིས་ངའི་ཕ་བསད་དོ་ཞེས་ཆོ་ངེས་བཏབ། དེ་ལ་འདམ་པའི་རྟ་ཕྱོགས་ཀྱི་གཟུགས་མང་པོ་དང་། འབྲུ་སྣ་དང་། རིན་པོ་ཆེ་ལ་སོགས་པ་སོ་སོའི་མིང་སྨོས་ཏེ་འདི་དག་ཁྱོད་ལ་ཕ་
བསད་པའི་སྟོངས་སུ་འཇལ་ལོ་ཞེས་བརྗོད་ལ་བྱིན། དེ་ནས་སྟོངས་འཕྲོད། དེ་མ་སོད་ཚུལ་བྱ་ཞིང་བཟའ་བཏུང་གི་ངོ་བསྲོ་བྱ། བདེན་སྟོབས་བརྗོད་ལ། ནང་དུ་ལོག་སྟེ་བཀྲ་ཤིས་བརྗོད་པར་བྱའོ། །སྐྱེས་པ་གཅིག་ཁ་རྗེ་ཅིར་ཡང་མ་བཏུབ་ན། ཁ་རྗེ་བསྐྱེད་པ་ནི། སྙུག་མ་ཚིགས་དགུ་གཅིག་ལ་གཡག་རྔ་དཀར་པོ་བསྐོན། སྟག་རས། གཟིག་རས། དར་དཀར་པོ། ལྕགས་ཀྱི་བྱང་བུ་བཏགས་པ་གཟའ་སྐར་བཟང་པོར་མཛོད་དུ་སྦས་ལ་བདེན་སྟོབས་བརྗོད་པ་དང་། མདོ་ལས་བྱུང་བའི་བཀྲ་ཤིས་བརྗོད་པར་བྱའོ། །བུད་མེད་ཁྱོ་ལ་མི་དགའ་ན། མོ་ཡི་སྐྲ་ཉག་མ་གཅིག་བཅད། ཁྱོ་ག་རང་གི་ཁ་དལ་དལ་བྱས་ལ་མོའི་གཤེད་ཀྱི་དུས་སུ་མོའི་འོག་ཏུ་སྦས་སོ། །རྟག་ཏུ་བྱེས་སུ་དགྲ་སྡང་ན། མདའ་བཅུ་གཉིས་སྐུད་པ་དཀར་ནག་གཉིས་ཀྱིས་སྦྲེལ། ལན་གསུམ་ས་ལ་བརྡབ་སྟེ། རྟ་ཡི་དུས་སུ་ལུས་གཅོད་པའི་ཕྱོགས་སུ་བསྐྱལ། རྟག་ཏུ་ཞོ་ཆང་ཉེས་ན། སྲེ་ལོང་གཅིག་ཆང་དུ་བཙོས་ལ་ཚིག་མ་ཕུལ་གང་དང་སྦྲགས་ཏེ་ཁྱི་ཡི་དུས་ཚོད་ལ་བྱང་དུ་བསྐྱལ་ལོ། །རྟག་ཏུ་ཤོ་ཡི་རྒྱལ་ཁ་ཤོར་ན། ཁོ་རང་
གི་རྒྱབ་ཏུ་ལིངྒ་མི་གསུམ་ཞེས་པ་འདི་འཇུག་གསུམ་བྲི། ཁོའི་དགྲ་སྤྲོད། ལུས་གཅོད་པའི་ས་ནས་ཚུར་འོང་ལ་བྱའོ། །འདི་རྣམས་ལ་བདེན་སྟོབས་དམིགས་ལ་བརྗོད་པར་བྱས་ན་ལེགས། གཡང་གཏའ་བསྔམ་པའི་སྐོར་ལ། ཕྱུགས་གཡང་ཉམས་ན་ཁམས་ལས་ཕྱུགས་ཀྱི་གཟུགས་དུ་མ་ཁ་དོག་སྣ་ཚོགས་པ་བྱས་པ་ལ་གཡང་བླན། དེ་རྣམས་དང་དཀར་གསུམ་མངར་གསུམ་འབྲུ་སྣ་རིན་ཆེན་སྣ་ཚོགས་བཅས་སྤར་བུའི་ནང་དུ་བླུག །ཁ་བལ་གྱིས་བཅད་དེ་ཕྱུགས་ཀྱི་རྭ་བའི་དཀྱིལ་དུ་སྦས་ན་ཕྱུགས་འཕེལ་ལོ། །བདེན་སྟོབས་ལ་ཕྱུགས་གཡང་འཕེལ་ཞིང་བརྟེན་པའི་སྨོན་ལམ་སྦྱར། རྟེན་སྙིང་བཟླ། བཀྲ་ཤིས་བརྗོད། གཡང་གི་གཟའ་སྐར་དང་བསྟུན་ནོ། །ཡང་གཡང་ཉམས་གསོ་བའི་གཏོ་ནི། སྐར་མ་གཡང་དཀར་ལ་བབ་པའི་དུས་སུ། ཕྱུག་པོ་དགུའི་ཞིང་ས་དང་ཁང་ས་བླངས་ལ། འབྲང་རྒྱས་ནོར་བུའི་དབྱིབས་ཅན་བཟོས། དེའི་དཀྱིལ་དུ་གཡང་མོ་དགུའི་སོག་པ་ལ། རྟ་དགུའི་རྔ་རྔོག་གནག་དགུའི་རྩིད་པ། ཕྱུག་པོ་དགུའི་ནས། ཆུ་མིག་རྒྱུན་འབབ་དགུའི་ཆུ། རིན་ཆེན་སྣ་ཚོགས་དང་།
འབྲུ་སྣ་ཚོགས་བཅུག །གཡང་བླན་ལ་མཛོད་དུ་སྦ་ཞིང་ཞག་ལྔར་ནོར་རྫས་ཕྱིར་མི་གཏོང་། གཡང་བླན་པའི་གཏོའོ། །ཡང་རྟ་བོང་གི་གཡང་ཉམས་ན། རྟ་བོང་སྒྲོག་འགྲོལ་གྱི་གཏོ་འདི་བྱ་སྟེ། རྟ་བོང་གཉིས་སྒྲོག་ཏུ་བཙུད། ནས་བྲེ་གང་གི་སྟེང་དུ་ལོ་བཅུ་གཉིས་ཀྱི་གཟུགས་བཀོད། ནམ་རྒྱང་མདའ་འཕང་རྣམས་ལྔ་བཀོད། རྟ་བོང་བརྒྱུད་མང་པོ་ཡོད་པའི་རྨིག་རྗེས་ཀྱི་ས་ཚོམ་དང་། རྔ་རྔོག་སོགས་སྤུ་བླངས་ནས་རྟ་གཡང་བླན། པགས་པ་དམར་སེར་གྱི་གཡང་གཞི་གཅིག །ཤིང་སེ་བའི་མགལ་བ། ཤིང་སྣ། འབྲུ་སྣ། དར་སྣ་ཚོགས་བསགས་པ་རྟ་བོང་དེའི་མགོ་ལ་བཏགས། དཔྲལ་བར་མེ་ལོང་བཏགས་ནས་བདེན་སྟོབས་དམིགས་བརྗོད་བྱ། བཀྲ་ཤིས་བརྗོད་ཅིང་རྫས་རྣམས་མཛོད་དུ་སྦའོ། །རྟ་བོང་ལ་དགྲ་ཁ་ཟུག་ན། རྟ་བོང་གི་གཟུགས་བྱས། བདག་པོ་རྟ་སྒ་ཁུར། ཐུ་བ་སྔ་ལོགས་ཕྱི་ལོགས་བརྗེས་ལ། མདའ་ཆག་གཞུ་ཆག་ཁྱེར། ཁུས་འདེབས་ཀི་བྱེད་པའམ་རང་གི་བདུད་གཅོད་ལོ་དེའི་སྤར་ཁའི་ཕྱོགས་སུ་བརྒྱུག་ནས་མདའ་བརྡེག །དེ་དུས་སྔོན་དུ་གང་འདུག་པའི་མི་ལ་དེ་ཁྱེར་བྱས་ནས་ཡས་བོར་ནས་རྟ་གཟུགས་དང་མདའ་ཆག་བཞུ་ཆག་བོར།
ཁྱིམ་དུ་བྲོས། རྟ་བོང་སྒྲོག་འགྲོལ་གྱི་གཏོའོ། །ལུག་གི་གཡང་ཉམས་སམ་ལུག་ལ་སྤྱང་ཀི་ཤོར་ན། ནས་བྲེ་གང་སོགས་གོང་དང་མཐུན། ལུག་དཀར་པོ་མགོ་དམར་ལ་གཡང་ལན་གསུམ་བཀུག །ལུག་ལྕགས་མགོ་ལ་དར་སྣས་བརྒྱན་པའི་མགོ་དར་ལྕགས་ཁས་གྲིལ། དཔྲལ་བར་མེ་ལོང་བཏགས། ཤིང་སྣའི་མགལ་པ་གཅིག་ངར་མི་ལ་ཁྲམ་བྱང་བསྐུར་བ་རྣམས་ལུག་རྫིས་མདའ་རྒྱང་གསུམ་དུ་བསྐྱལ། ཕྱིར་ལོག་ནས་ཐོབ་རྩི་ཐོ་ལས་བཏབ། ལུག་ཤི་གཞུག་དེའི་ཐོད་པར་ལུག་གི་གོད་འདྲེའི་མིང་གཟུགས་བྲིས་ལ་མནན་པ་བྱ། ཕྱུག་པོ་བཞིའི་ཞིང་ས། འཕན་པོ་བཞིའི་མི་བརྒྱུད་མང་བ་ཁང་ས་བླངས་ལ་དེ་ནང་རིན་པོ་ཆེ་བརྡར་བ་བསྲེས་ནས་ལུག་གི་ར་བའི་དཀྱིལ་ཏུ་སྦས་ལ་བཞག་ལུག་རྫི་བདག་པོ་དང་ལོ་མཐུན་པ་ཞིག་བཙལ་ལོ། །ལུག་གི་གཏོའོ། །ཚེ་ཚེ་ནག་ཐུས་ཀྱི་མི་རྒྱུད་མང་བ་གཏོ་ལ། ར་གཡང་ཉམས་ན། ནས་བྲེ་སོགས་གོང་དང་འདྲ། ར་ཁྱི་ལག་གི་ཐོད་པར་གནོད་སྲི་ཐམས་ཅད་མནན་ཏེ་དོང་དུ་བྲུབས། ར་རོག་མོ་ལ་གཡང་བླན། ར་རོག་པོ་གཅིག་དར་ཆས་སུ་བཅུག་ལ། རྒྱང་བུ་དཀར་ནག་ཤིང་སྣའི་མགལ་བ་རྣམས་
རྭ་གཡས་པ་ལ་བཅིངས། སྤུ་སྣ་དང་ཡུངས་ས་མོའི་གོས་ལྷྭམ་ཁལ་དུ་བཀལ། ཁྲེས་པོ་ནག་པོ་ཁུར་བ་གཅིག་གིས་འུར་རྡོས་དེད་ལ་ལམ་པོ་ཆེར་བསྐྱལ། ཕྱིར་ལོག་ནས་ཐོ་ལེས་བཏབ། བཀྲ་ཤིས་བརྗོད། ཚེ་ཚེ་ནག་ཐུས་ཀྱི་གཏོའོ། །གནག་གཡང་ཉམས་ན། སྐར་མ་བིའུ་རྫིའམ་ནག་པ་ལ་གནག་འབྲི་སྤུ་རྟགས་ཅན་གཅིག་ལ། ཕྱུག་པོ་གནག་མང་པོ་ཡོད་པའི་གནག་གི་སྤུ་དང་། མར་དང་ལྕི་བ། ཕྱུག་པོའི་ནས། ར་ལུག་གི་སྤུ་ལ་ཐིག་གུ་བྱས་པ་རྣམས་དེའི་མགུལ་དུ་བཏགས། གཡང་ལན་གསུམ་བླན། དེ་ཕྱུག་གདང་གི་གྲལ་བཏགས། དེ་ཉིད་གཞན་ལ་འཚོང་བ་དང་བསད་པ་སོགས་མི་བྱ་བར་གཡང་རྟེན་དུ་བཟུང་། ཤི་ནའང་དེའི་སྤུ་སོགས་ལ་གཡང་བླན་ལ་མཛོད་དུ་སྦ། སྐར་མ་བིའུ་རྫི་ལ་གནག་གདངས་གསར་པ་བྲེས། གནག་རྫི་དབང་ཐང་དར་བ་བཙལ་ལ་བཞག དེས་གནག་གཡང་འཕེལ་བར་འགྱུར་རོ། །ཕྱུགས་གོད་གཅོད་པའི་གཏོ་ལ། ཕྱུགས་རྗེས་མ་ཤི་བ་དེའི་ཐོད་པའི་དཔྲལ་བར་རྡོ་རྗེ་རྒྱ་གྲམ་དང་། ལྟག་པར་གཡུང་དྲུང་། སྣ་གོང་དུ་ཁྲམ་བྲིས་པ་ལ་ཆོས་བོན་གཙུག་ལག་
གསུམ་གྱིས་རྒྱས་བཏབ་པ་ཞེས་བྱ། འགྲམ་པ་གཡས་པར་གོད་སྲི་ཁ་ཐཾ། ཞེས་དང་། གཡོན་པར་གོད་ཁ་ཆོད་ཅིག་ཅེས་བྲི། ཐོད་པའི་ནང་དུ་གོད་ཁ་ཐམས་ཅད་བཅད་དོ། །བྲུབ་བོ། །མནན་ནོ། །མ་ལྡང་ཞིག །ཅེས་པ་བྲིས་ལ་གཞུག །གོད་འདྲེའི་ལིང་གའི་སྙིང་གར། ཐ་ཏྲི་ཡ་ཛ་ཞེས་བྲིས་པའང་ཐོད་ནང་བཅུག །ཕྱུགས་དེའི་སྙིང་གི་ནང་དུ་ཡང་དེ་འདྲ་བཅུག །ལྤགས་པ་ལ་གོད་འདྲེ་གོད་སྲི་ཐམས་ཅད་དུལ་ལོ་རུལ་ལོ་ཞེས་སྣང་བྱ་བ་བྲིས། ཐོད་པ་དང་སྙིང་པགས་པས་གྲིལ་ལ། ཕྱུགས་དེའི་རྒྱུ་མའི་ཕྱིན་ཀ་ལོག་ཏུ་དཀྲིས་ནས། ཕྱུགས་ཀྱི་རྭ་བའི་མཐོང་ས་སམ། སྲང་མདོའམ། ལམ་རྒྱ་གྲམ་དུ་མནན། དེ་སྟེང་དང་པོ་མེ་བླུག །དེ་སྟེང་ཆུ་བླུགས། དེ་སྟེང་ས་དང་རྡོ་མནན་ཏེ་དོང་ཁ་བསུབ། དེ་ལྟར་མེ་ཆུ་ས་རྡོ་བཞིས་བྱིབས་ནས་མནན་པས་གོད་ཁ་ཆོད་པའི་གཏོ་ཤིན་ཏུ་ཟབ་བོ། །འདི་བཅས་ཆོག་ཙམ་གྱིས་ཀྱང་ཆོད་ལ། རྒྱས་པར་གོད་མནན་གཞན་དུ་གསལ་ལོ། །ཡང་གོད་ཁ་བཅད་པའི་གཏོ་ལ། ལུག་གི་ཐོད་པར། གོད་འདྲེའི་ལིང་གའི་ལྟོ་བར། གོད་འདྲེ་མཱ་ར་ཡ་ནན། ཞེས་བྲིས་པ་བཅུག །དེ་ལྷོ་ནུབ་ཀྱི་ཕྱོགས་སུའམ། ཕྱི་སྒོའི་ཐེམ་འོག་ཏུ་
མནན། ཕྱི་སྒོའི་སྒོ་ཀླད་ཀྱི་ཁར། དབུས་སུ་རྟ་ཡི་མགོ །གཡས་སུ་རི་བོང་གི་མགོ །གཡོན་དུ་རྨིག་པ་ཁ་དབྲག་ཅན་གྱི་མགོ་གཅིག་བཞག །སྒོ་ཤིང་ལ་ཕྱུགས་ཀྱི་སྲེ་ལོང་གཅིག་བཏགས་པས་གོད་ཁ་ཆོད་དོ། །དེ་རྣམས་ལ་བདེན་སྟོབས་བརྗོད་ན་ལེགས། དེ་རྣམས་གསོན་རྩིས་སྐག་གཏོ་སོགས་ཀྱི་སྡེ་ཚན་དང་པོའོ།། །།གཉིས་པ་དགྲ་བཟློག་གི་གཏོ་ལ། བསྒྱུར་ཐབས་རྣམ་པ་ལྔའི་ནང་ཚན། རྒྱལ་མོ་ཁྲོམ་བསྒྱུར་ལའང་། དམག་ཁྲོམ་བསྒྱུར་བ་དང་། འདྲེ་ཁྲོམ་བསྒྱུར་བ་གཉིས་ཡོད་པའི། དང་པོ་དམག་ཁྲོམ་བསྒྱུར་བའི་གཏོ་ནི། ལོ་ཀླུང་གི་ལྷ་ཚོགས་གནམ་ལོ་གང་ཡིན་དེའི་ཕྱོགས་སུ་གཏོ་གཏུགས་པར་བྱ་སྟེ། དེ་ཡང་གཡག་དཀར་པོའམ། དཀར་ཟལ་གྱི་མགོ་ཡོད་ན་རབ། མེད་ན་གཡག་མགོ་གང་རྙེད་ལ་བྱ། དེའི་དཔྲལ་བར་མེ་ལོང་ལ་ལྷ་གསོལ་ལོ་བྱ་བ་བྲིས་པ་བཏགས། རྣ་བ་གཉིས་ལ་ལྷས་གཏམ་སྙན་ཟློས་ཤིག་བྱ་བ་བྲིས་པ་རྔ་མ་དཀར་པོའི་ཕོན་བཅས་བཏགས། ཤིང་གི་བྱང་བུ་ཆེ་བ་གཅིག་ལ་ཁྲོམ་སྣ་བསྒྱུར་རོ་དགྲ་སྣ་བསྒྱུར་རོ། །དམག་སྣ་བསྒྱུར་རོ་བྱ་བ་བྲིས་པའང་མགོ་དེ་ལ་བཏགས། རི་རྩེའམ་མཁར་རྩེར་གཟུགས། དེའི་ཁ་ལོ་
ལྷའི་ཕྱོགས་སུ་བསྟན་ལ་བཞག །དེ་མཐོང་སར་རང་གི་དམག་མིའི་མཚོན་ཁ་མི་བསྟོན། ཅིས་ཀྱང་དེ་དང་གདོང་སྤྲད་དུ་འགྲོ་དགོས་བྱུང་ནས་སྟབས་མ་བདེ་ན་གདོང་ཚུགས་སུ་མི་འགྲོ་བར། གཡས་གཡོན་གང་བདེར་བསྐོར་ནས་འགྲོ། ལོའི་ལྷ་ཚོགས་སར་དམག་མི་གྲངས། གཡུལ་སྤྲོད་པའི་དུས་སུ་མདུང་རྩེར་བཏགས་ཚུལ་གྱིས་ཁ་དགྲ་ཕྱོགས་སུ་བསྟན་པར་བྱ། ཡང་ཟླ་བ་གང་ཡིན་དེའི་ཕྱོགས་སུ་ཟླ་བའི་ལྷ་ཚོགས་པས། དེར་ལུག་དཀར་པོ་ཡོད་ན་རབ། མེད་ན་ལུག་མགོ་ལ་བྱ། རྔ་མ་དཀར་པོ་དང་། དར་ལེ་རྒན་རྭ་རྩེ་ལ་བཏགས། དཔྲལ་བར་མཚལ་གྱི་གཡུང་དྲུང་རིས་བྲིས། ཤོག་བུ་ལ་ལྷས་གཏམ་སྙན་ཟློས་ཤོག་བྱ་བ་བྲིས་ལ་ལྕེ་དང་རྣ་བ་གཉིས་སུ་བཏགས། མདུང་གི་རྩེ་མོའི་ཡུ་བར་བཏགས། ཁ་ཟླ་བའི་ལྷ་འཚོགས་སར་བསྟན་ལ་རང་གི་སྒོ་ཁང་ངམ་ཁང་ཐོག་ཏུ་བཙུགས། དེ་ཕྱོགས་དང་གཞན་ཡང་ཞག་དང་དུས་གང་ཡིན་པ་དེ་དག་གི་ལྷ་འཚོགས་སར་མཚོན་ཁ་མི་བསྟན། བཅའ་ཆོག་དེ་ལྟར་བྱས་ནས། ཡི་དམ་གཞུང་བསྲངས་ལ། ཚོགས་དང་ཕུད་ཀྱིས་མཆོད། ལོ་ཟླ་ཞག་དུས་ཀྱི་ལྷ་རྣམས་ལ་གསོལ་མཆོད་ལེགས་པར་བྱ། ཆོས་སྐྱོང་སྲུང་མ་དང་། དགྲ་བླ་ཝེར་མ་རྣམས་གསོལ་མཆོད་གཞུང་གཞན་ལས་བྱུང་བ་རྒྱས་བསྡུས་ཅི་རིགས་དང་། ཡུལ་ལྷ་གཞི་བདག་ལ་བསང་དང་གསེར་སྐྱེམས་གཏོར་མས་ལེགས་པར་མཆོད། སྡེ་བརྒྱད་གསེར་
སྐྱེམས་གང་འགྲུབ་བྱ། གཏོ་དེ་དག་གི་ཕྱོགས་སུ་མཚོན་ཁ་མི་བསྟན། ཡི་དམ་དྲག་པོའི་ལས་གཞུང་གི་བཟློག་སྔགས་དང་བཟློག་བྱང་སྦྱར་ལ། དགྲ་ཕྱོགས་སུ་ཁྲག་སྣ་དུག་སྣའི་ཐུན་བརྡེག་ལ། སྲིད་པའི་སྣ་བསྒྱུར་རོ། །དམག་གི་ཁྲམ་སྣ་བསྒྱུར་རོ། །མཚོན་སྣ་བསྒྱུར་རོ། །མཚོན་ཆའི་ཁྲམ་ཁ་བསྒྱུར་རོ། །ཞེས་བྱས་ལ། མི་ཕོ་མོ་ཀུན་གྱིས་བྷྱོས་གདབ། བསོས་གདབ། མདའ་འུག་སྒྲོ་མ་ལ་ར་ཁྲག་གིས་སྔགས་འདི་བྲིས་པ་དགྲའི་ཕྱོགས་སུ་འཕང་། ཨོཾ་ཧ་ལི་ཧ་ལི་མུར་ཡ། ཧ་ལི་ཧྲཱི་ད་ཡ་དུན་དུན་མུར་ཡ་ཤག་ཁྲོཾ་སྣ་བསྒྱུར། ཤག་ཤིག་ཁྲོམ་སྣ་བསྒྱུར། མཚོན་རྦད་ཏྲག་ཁྱུང་རི་ལི་བྷྱོ། སྔགས་འདི་བརྒྱ་རྩ་བརྒྱད་མདའ་ཟོར་ལ་བཟླས། དགྲ་བོའི་རུས་སམ། ཕ་རོལ་དམག་དཔོན་གྱི་རུས་ཁམས་ཀྱི་དགྲ་ཁམས་ཀྱི་ལྕགས་བཅས་ཏེ་ཕ་རོལ་རུས་ཤིང་ཡིན་ན་ལྕགས་ཀྱི་མདེའུ། མེ་ཡིན་ན་ཆུ་ཐུམ་སོགས་བྱ། ངོ་ལན་གྱི་དུས་ཀྱང་། དགྲ་ཁམས་ཀྱི་དགྲ་དང་བསྟུན་པ། དཔེར་ན་ཕ་རོལ་ཤིང་པ་ལ། བྱ་སྤྲེལ་ལྕགས་ཀྱི་དུས་སུ་འཕེན་པ་ལྟ་བུ་སྟེ། ལྕགས་ལ་མེ་རྦད། མེ་ལ་ཆུ་རྦད། ཆུ་ལ་ས། ས་ལ་ཤིང་། ཤིང་ལ་ལྕགས་རྦད་པར་བྱའོ། །དར་ནི་
དགྲ་བོའི་ཁམས་ཀྱི་དགྲ་མདོག་ཅན་བྱར། དེ་ལྟར་བྱས་ན་དམག་སྣ་མི་བསྒྱུར་བ་ནི་མི་སྲིད་དོ། །གཏོ་འདི་ནི་ཕ་རོལ་གྱི་དམག་མི་འབྱུང་བར་བཟློག་པ་དང་། འོང་ཡང་དེ་ལས་བྱུང་བའི་ཉེས་པ་མི་འབྱུང་བར་བཟློག་པར་བྱེད་པའི་ཐབས་ཡིན་ནོ། །གླང་ཆེན་སྣ་བསྒྱུར་ཀྱི་གཏོ་ལ་དཀར་ནག་ཁྲ་གསུམ་ལས། དང་པོ་དཀར་པོ་ནི། དར་རམ་ཤོག་བུ་ཁྲུ་གང་པ་གཅིག་ལ། གླང་པོ་ཆེ་དཀར་པོ་གཅིག་ལ་ཞུབ་ཅན་གསུམ་བསྐྱོན་པ་བྲི། ཞུབ་ཅན་ཞེས་པ་གོ་ཁྲབ་གྱོན་པ་ལ་ཟེར། དེ་དག་གི་ལག་ན་རལ་གྲི་སོགས་མཚོན་ཕྱར་བ་བྲིའོ། །དེ་ལ་དར་སྣ་ལྔ་བཏགས། གླང་དང་སྟག་གི་ཉི་མ་ལ། གཟའ་དམར་ཕུར་སངས་གསུམ་དར་བ་དང་། སྐར་མ་མགོ་ལག་རྒྱལ་གསུམ་གང་རུང་དང་འཛོམ་པའམ། ཡང་ན་ཆུ་མཆུ་དང་བྲེ་གང་རུང་དང་འཛོམས་ཀྱང་རུང་སྟེ། དུས་དེ་ཉིན་གླང་གཟུགས་དེ་མདུང་ལ་བཏགས་ནས་ཁ་དགྲ་ཕྱོགས་སུ་བསྟན་པ་མཁར་གྱི་རྩེ་ལ་གཟུགས། ཡི་དམ་གྱི་གཞུང་བསྲངས་ལ་ཚོགས་དང་བསྐང་བ། ཆོས་སྐྱོང་དགྲ་ལྷ་སྡེ་བརྒྱད་རྣམས་ལ་གསོལ་མཆོད་རྒྱས་བསྡུས་ཅི་རིགས་བྱ་བ་ལྷ་ཆ་རྒྱས་པར་གཏང་བའི་དོན་ཏོ། །བན་དེས་ཚེ་ཆོག་བྱ།
འཕགས་པ་གཙུག་གི་ནོར་བུའི་མདོ་དང་། སྟོབས་པོ་ཆེ། གཞན་གྱིས་མི་ཐུབ་པའི་མདོ། རྒྱལ་མཚན་རྩེ་མོའི་གཟུངས་སོགས་རྒྱབ་ཆོས་སུ་བཀླག །དགྲ་ཡི་དམག་དཔོན་གྱི་མིང་རུས་བྲིས་པ་རང་ངམ་རང་གི་དམག་དཔོན་གྱི་ལྷྭམ་ནང་བཅུག་ལ་གྱོན། བདེན་སྟོབས་བརྗོད་དེ། ཕ་རོལ་གྱི་དམག་བཟློག་ཅིང་དམག་གི་དཔུང་ལས་རྒྱལ་བར་གྱུར་ཅིག །ཅེས་དང་། སྟོང་ཆེན་རབ་འབྱམས་ལས་གསུངས་པ་འདི་ཡང་བརྗོད་ན་ལེགས་ཏེ། སངས་རྒྱས་ཀྱིས་ནི་བདུད་ཕམ་མཛད། །ཆོས་མ་ཡིན་ནི་ཆོས་ཀྱིས་སོ། །དགེ་འདུན་གྱིས་ནི་མུ་སྟེགས་ཕམ། །དབང་པོས་ལྷ་མིན་ཕམ་པར་འགྱུར། །ལྷ་མིན་རྣམས་ཀྱིས་ཟླ་བ་ཕམ། །ནམ་མཁའ་ལྡིང་གིས་རྒྱ་མཚོ་ཕམ། །མེ་ཡིས་ཤིང་རྣམས་ཕམ་པར་གྱུར། །ཆུས་ནི་མེ་ཡང་ཕམ་པར་གྱུར། །རླུང་གིས་སྤྲིན་རྣམས་རབ་ཏུ་ཕམ། །རྡོ་རྗེ་ཡིས་ནི་རིན་ཆེན་ཕུག །ལྷ་རྣམས་བདེན་པར་རབ་ཏུ་གསུངས། ས་ཡང་བདེན་པར་གནས་པ་ལགས། །སངས་རྒྱས་དང་ནི་ཆོས་ཀྱང་བདེན། །བདེན་པ་རྒྱལ་གྱུར་རྫུན་མ་ལགས། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ཅག་
རྣམས་ནི་ནད་དང་གདོན། །ཕྱིར་རྒོལ་བ་ནི་ཀུན་ལས་རྒྱལ། །སྡིག་པ་ཐམས་ཅད་རབ་ཏུ་ཕམ་སྭཱ་ཧཱ། ཞེས་པའི་རྒྱལ་དབྱངས་འདི་འོག་གི་སྐབས་རྣམས་སུའང་ཅི་རིགས་པར་སྦྱར་ན་ལེགས་སོ། །དེས་གཡུལ་འཁྲུགས་ལས་རྒྱལ་བར་འགྱུར་རོ། །གླང་ཆེན་སྣ་བསྒྱུར་ཁྲ་བོ་ནི། ཁམས་ལ་གླང་པོ་ཆེ་ཡི་གཟུགས་གཅིག་བྱ། ཁ་དོག་དཀར་པོས་བྱུགས། དེའི་རྒྱབ་གཞུང་དུ་ཞུབ་ཅན་མི་ལྔ་བསྐྱོན། བརླ་སྒང་གཉིས་དང་དཔུང་པ་གཉིས་ལ་རེ་རེ་སྟེ་བཞི། ཁྱོན་དྲིལ་ཞུབ་ཅན་དགུའི་གཟུགས་བསྐྱོན་དུས་ཚོད་གཟའ་སྐར་གོང་བསྟན་དང་འདྲ། དེའི་རྒྱབ་སྐྱོར་དུ་བོན་གྱིས་ཤ་བ་རུ་རྒྱས་ཀྱི་གཏོ་དང་། བན་དེས་དབང་ཕྱུག་མའི་ཟོར་མདོས། གོང་བཤད་མདོ་རྣམས་འདོན། གཏོ་མཁན་རང་ཉིད་འཕགས་པ་འཇམ་དཔལ་དུ་བསྒོམས་ལ། ལག་གཡས་སུ་དམར་གཏོར་གཅིག་ཐོགས། གཡོན་བ་སོའི་ཕྲེང་བ་བགྲང་སྟེ་སྔགས་འདི་ལན་ཅི་མང་བཟླ། ཨོཾ་ཡཱ་ཡཱ་ཐེན་ཐེན། དགྲ་སྣ་བསྒྱུར། སརྦ་ཡ་ཧུར་ཐུམས་གདོན་སྣ་བསྒྱུར། །ཡཱ་ཡཱ་རྦད་རྦད་དམག་སྣ་བསྒྱུར། །ཡཱ་ཡཱ་སྲོག་ཐུམས་དགྲ་སྣ་བསྒྱུར། །
ཡཱ་ཡཱ་ཆོ་ཆོ་དགྲ་སྣ་བསྒྱུར། །ཡཱ་ཡཱ་བྷྱོ་བྷྱོ་གླང་སྣ་བསྒྱུར། ཞེས་སོ། །ཡོན་བདག་ཀུན་གྱིས་ཀྱང་གོ་མཚོན་ཐོགས་ལ། བསོ་དང་བྷྱོ་སྒྲས་གདབ། སྤྲང་པོ་ངན་ལོང་གཅིག་གིས་གཏོ་སྣ་ཁྲིད། དགྲ་ཕྱོགས་འཁྲུག་སར་བསྐྱལ། དེས་འཁྲུགས་ལས་རྒྱལ་ལོ། །གླང་པོ་སྣ་བསྒྱུར་ནག་པོ་ནི། དགྲ་དུར་ནག་པོ་ནི། དགྲ་དུར་ནག་པོའམ་དུག་ཟོར་ནག་པོ་ཞེས་ཟབ་པར་བསྟན་པ་ཡིན་ལ། འདི་བྱེད་དུས་ཀྱི་གཟའ་སྐར་ནི་གོང་དུ་བསྟན་པ་དང་འདྲ། གླང་བུ་ནག་པོ་གསོན་པོ་གཅིག་གི་རྭ་ལ་ཆུ་གྲི་རེ་རེ་གཟུགས། ཤོག་བུ་ལ་སྔགས་འདི་བྲིས་པ་རྭ་གཉིས་ལ་བཏགས། གླང་ཆེན་སྣ་བསྒྱུར་འདི་དགྲ་བོའི་སྲོག་ལ་བསྒྱུར་རོ། །བྷྱོ་གདོན་བསྒྱུར་རོ། །དམག་སྣ་བསྒྱུར་རོ། །གྲི་སྣ་བསྒྱུར་རོ། །མཚོན་སྣ་བསྒྱུར་རོ། །གླང་སྣ་བསྒྱུར་རོ། །གདོན་སྣ་བསྒྱུར་རོ། །བྷྱོ་བྷྱོ། ཞེས་སོ། །མེ་ལོང་གཅིག་ལ། གླང་མིག་དགྲ་ལ་ལྟོས་ཤིག །ཅེས་བྲིས་པ་དཔྲལ་བར་བཏགས། ཕྱུགས་ཀྱི་ལྟག་སྐོར་རུས་པ། ལྟག་སྐོར་མ་དགུ་ལ། མི་ནད་ཕྱུགས་ནད་དང་མཚོན་དང་གྲི་ཁ་ཐམས་ཅད་དགྲ་
ཡུལ་གྱི་ལྟག་པར་བསྐོར་ལ་སོང་དགྲ་ལ་བྷྱོ་བྷྱོ། ཞེས་བྲིས་པ་སྐེ་ལ་ཐི་གུ་ལ་བརྒྱུས་ནས་བཀོན། རི་ཤོ་པ་དང་། རེ་ལྕག་པ་དང་། སྤྱང་ཚེར་མ་དང་། སྲན་མ་རྣམས་དང་། དབྱི་མོང་དང་། དུག་ཤིང་རྣམས་ཀྱི་མགལ་བ་གཉིས་བྱས་ལ་དེའི་སྣེ་མེས་བསྲེག་པ་གླང་ལ་ཁལ་དུ་བཀལ། དགྲ་ལ་དུག་སྦྱོང་ཅིག །དགྲ་ལ་དུག་བཤོས་ཤིག །ཅེས་བྲིས་པ་བཏགས། འདྲེ་ཚེར་མ་དང་། སྲིན་ཤིང་སྣ་མ་དང་། སྟག་འུ་ཆུང་། ཟྭ་དང་འཇག་མའི་མི་གཟུགས་གཅིག་བྱས་པའི་ཁོང་པར་ཁྲག་གི་གྲོད་པ་བཅུག །དགྲའི་དམག་དཔོན་གྱི་མིང་རུས་དེར་བཏགས་སམ། གཟུགས་ཀྱི་ཁོག་པར་གཞུག །འདི་དགྲ་བོ་ཆེ་གེ་མོའི་གཟུགས་ཡིན་ནོ་ཞེས་བརྗོད་ཅིང་དེ་ལྟར་བསམ་པར་བྱ། རྩྭ་གཟུགས་དེ་གླང་ལ་བསྐྱོན། སྤེན་མའི་ཕྱག་མ་གཅིག་ལ། ངན་དགུ་དུག་བཅུ་ཐམས་ཅད་དགྲ་བོའི་ཡུལ་དུ་ཕྱོགས་ལ་སོང་། ཞེས་བྲིས་པ་བཏགས་ནས། ཕྱགས་མ་དེ་གླང་གི་མཇུག་མ་ལ་གདག་པར་བྱའོ། །གཏོ་འདི་བྱེད་པའི་དུས་སུ་སོ་སོར་འབྲངས་མ་དང་། ཕྱིར་བཟློག་རྣམ་རྒྱལ་བཀླག །ཐང་འབུམ་འདོན། མཚེ་ཡུངས་ཀར་
བྲོ་བོ་སྲན་ནག་རྣམས་གཡག་རུ་གཡས་པའི་ནང་དུ་དུག་ཁྲག་དང་བསྲེས་པ་བཞག་སྟེ། སྔགས་འདི་སྟོང་བཟླས་ལ་དགྲ་གཟུགས་ལ་བྲབས། ཨོཾ་མེ་རཾ་ཤིགས་རཾ་ཤིག །ལྕགས་རཾ་ཤིག །ཆུ་རཾ་ཤིག །ཤིང་རཾ་ཤིག །དགྲ་ལ་ཕྱོ་ཕྱོ། ཆོ་ཆོ་ཞེས་པའང་སྣང་། དགྲ་སྣ་བསྒྱུར་རོ། །མཚོན་སྣ་བསྒྱུར་རོ། །གྲི་སྣ་བསྒྱུར་རོ། །བདུད་སྣ་བསྒྱུར་རོ། །དམག་སྣ་བསྒྱུར་རོ། །གླང་སྣ་བསྒྱུར་རོ། །བྷྱོ་བཟློག་བསྒྱུརཿ ཞེས་སོ། །དེ་ནས་ངན་ལོང་གཅིག་གམ་དབང་པོ་མ་ཚང་བ་ལྟ་བུས་སྣ་ཁྲིད་ལ་གཏོ་བཏེགས་ནས། གོ་མཚོན་ཐོགས་པ་མང་པོས་རྒྱབ་ནས་འདེད་ཅིང་བྷྱོས་གདབ། བུད་མེད་མང་པོས་ཐོ་ལེས་གདབ་ཅིང་གོས་སམ་ཕྱར་བ་སོགས་ཀྱིས་གཡབ་མོ་གདབ། དགྲ་བོའི་དམག་གམ་གཡུལ་དུ་བསྐྱལ་ལ་དགྲ་གཟུགས་དེའི་སྙིང་ཁར་མཚོན་བརྡེག་ནས་ཁྲག་གྲོད་བཏོལ་ལ་བཏོང་། གཡག་རུ་ཐུན་དང་བཅས་པ་དགྲ་ཕྱོགས་དེར་ཟོར་དུ་འཕང་། གླང་དེ་ཉིད་ཕྱིར་མི་འཁོར་བར་འཐུམ་དུ་གཞུག །གླང་དེ་སུས་བླངས་པ་དེ་ལ་ངན། གཏོ་མཁན་ལྷའི་ང་རྒྱལ་བཅས་བདེན་སྟོབས་དམིགས་
ལ་ཕྱི་མིག་མི་ལྟ་བར་ལོག །དེས་དགྲ་ལ་མི་རོ་དགུ་བརྟུད་འོང་ངེས་སོ། །ཁྱིམ་ནང་དུ་ལྷ་གསོལ། གཡང་བླན་བཀྲ་ཤིས་བརྗོད། གཙུག་ཏོར་རྣམ་རྒྱལ་བཀླག་གོ །ཡང་གཞུང་འདིའི་གནོད་བྱེད་ཀྱི་གཏོའི་སྐབས་ཀྱི་གླང་ཆེན་སྣ་བསྒྱུར་བྱ་ཚུལ་ནི། གླིང་ཞིག་ལ་སྟག་རིས་བཏོང་ནས་གཏོ་བྱས་གླང་བསྒྲེལ་ཏེ་དེའི་ལུས་ཀྱི་གཏོ་བསྒྱུར་བྱེད་པ་འདི་དགྲ་ཁ་ཕུང་དུ་གཏོང་བའི་ངན་ཐབས་ཡིན་ཀྱང་ཞིབ་པར་མ་བཀྲལ་ལོ། །གཞན་ཡང་གླང་ཆེན་སྣ་བསྒྱུར་གྱི་སྐོར་ལ་ཕ་དམ་པའི་འཁྱུད་སྤྱད་དུ་བསྟན་པ་དང་། དབྱངས་འཆར་གྱི་མན་ངག་གི་ཡིག་ཆར་བསྟན་པ་སོགས་སོ་སོའི་གསོག་དང་བཅས་ཅུང་མི་འདྲ། རྙིང་མའི་གཤིན་རྗེ་གཤེད་ཚེ་བདག་ནག་པོའི་ལས་སྦྱོར་གྱི་ལྷ་ལྟ་བུ་ཚེ་བདག་རྣ་ཆ་བརྒྱད་དུ་གྲགས་པའི་ནང་ཚན་གཤིན་རྗེ་གཤེད་འཆར་ཁ་ནག་པོ་མདོས་ཟོར་ཀྱི་རྣ་ཆ་ཞེས་གྲགས་ལ། མདོས་ཟོར་གྱི་མན་ངག་མང་དུ་ཡོད་ཅིང་དེའི་མདོས་ཟོར་གྱི་ཡན་ལག་ཏུ་གླང་ཆེན་སྣ་བསྒྱུར་གྱི་བཅས་དང་འདོན་ཆ་རྒྱས་པར་ཡོད་དོ། །གླང་ཆེན་སྣ་བསྒྱུར་འདི་རིགས་གདུགས་པའི་སྣ་ཁ་སྤྱི་དང་། དགྲ་དང་དམག་སྣ་བསྒྱུར་བའི་ཐབས་སུ་ཟབ་པར་བསྔགས་པ་ཡིན་ནོ། །བསྒྱུར་གཏོ་ལྔའི་ནང་ཚན་གྲི་
ཁ་མཚོན་བསྒྱུར་གྱི་གཏོ་འདི་ནི་ཕ་ཚན་ལ་གྲི་ཁ་བྱེ་བའམ། མཚོན་ཁ་ཟུག་པ་ལ་བྱ་སྟེ། དེ་ཡང་དགྲས་བཏབ་པའི་མཚོན་དང་རྡོ་དང་གྲི་གཞུག་ཏུ་ཤི་བ་རྗེས་མ་དེའི་མཚོན་རྣམས་གལ་ཆེ་བས་བསགས། གཞི་སྟེགས་ལ་ནམ་མཁའ་དང་རྒྱང་བུ་དམར་པོ་ལྔ། བཙང་བཤོས་དམར་པོ་གྲུ་གསུམ་ལྔ་བཤམས་ལ། ཡུལ་བཙན་དང་ཡུལ་ལྷ་ཡུལ་བདག་མཆོད་ལ་གྲི་ཁ་བསྒྱུར་བའི་ཕྲིན་ལས་བཅོལ། ར་ཁྱི་ཕག་གསུམ་ཐོད་པའམ། གཡག་རུ་གཡས་པའི་ནང་དུ་གྲི་ཁ་གཏོང་བའི་དགྲ་བགེགས་ཀྱི་ལིང་ག་སྤྱི་མཐུན་སྙིང་གར། ནྲི་ཏྲི་ལ་ཛ་བཞིས་གཞིར་བ་དང་། གྲི་སྲིན་མཱ་ར་ཡ་ནན་སོགས་ཁ་བསྒྱུར་དང་། ལིང་གཟུགས་ཀྱི་ཐ་མར། ཨོཾ་ཨཱཿཧཱུྃ་མཱ་ར་ཡ་སོགས་གཞུང་འདིར་བསྟན་སྔགས་རྣམས་ཀྱིས་བསྐོར་བའི་ཕྱི་ནས་ཛ་ཁྲཾ་གྱིས་བསྐོར་བ་བྲིས་ཏེ་ཐོད་པའི་ནང་བཅུག །ཡང་ན་ར་སོགས་ལ་ལིང་ག་དང་གནོད་བྱེད་ཀྱི་མིང་བྲིས་ལ་དོང་དུ་མནན་ཀྱང་རུང་། མནན་པའི་རིགས་གང་བྱེད་ཀྱང་རྒྱས་སྤྲོས་བྱེད་ན་རྟ་མགྲིན་དང་གཤིན་རྗེ་གཤེད་སོགས་ཡི་དམ་ཁྲོ་བོ་གང་རུང་གི་བདག་བསྐྱེད་བསྒོམས་ལ། དེའི་སྨད་ལས་སྤྱི་ལྟར་དང་། ཨེ་ཁང་བསྐྱེད་པ་དགྲ་བགེགས་གསལ་ཞིང་འགུགས་
པ་ནན་ཏན་བྱས་ལ། འདིར་བསྟན་གྱི་གཏོ་དེ་ལ་སྦྱར་ནས། མནན་པ་ཚུལ་བཞིན་བྱ། བསྡུས་པ་འདོད་ན། སྔར་འཇམ་དཔལ་གྱི་བདག་བསྐྱེད་བསྒོམ་པ་ཡིན་ན་སྐད་ཅིག་གིས་ཁྲོ་བོ་གཤིན་རྗེ་གཤེད་དུ་གནས་གྱུར་པར་བསྒོམ་པའམ། ཡང་ན་སྐད་ཅིག་དྲན་རྫོགས་སུ་རང་ཉིད་ཁྲོ་བོ་གཤིན་རྗེ་གཤེད་ནག་པོ་ཞལ་གཅིག་སྤྱན་གསུམ་པ་ཕྱག་གཉིས་གྲི་གུག་ཐོད་ཁྲག་གམ། ཐོད་དབྱུག་དང་ཐོད་ཁྲག་ཐོགས་པ། ཁྲོ་བོའི་ཆས་ཀུན་རྫོགས་ཤིང་ཞབས་བརྐྱང་བསྐུམ་གྱིས་པད་ཉི་རོ་གདན་ལ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའི་ཐུགས་ཀར་ཉི་མ་ལ་ཧཱུྃ་གི་མཐར་སྔགས་ཕྲེང་འཁོར་བ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་ནས་སྣང་སྲིད་ཁྲོ་བོའི་དཀྱིལ་འཁོར་དུ་གྱུར་པས་སྔགས་ཀྱི་སྒྲ་སྒྲོགས་ཤིང་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་རང་ལ་འདུས་པའི་དམིགས་པ་དང་མ་བྲལ་བར། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་ཅི་ནུས་བགྲང་། མདུན་དུ་བྲུབ་ཁུང་གྲུ་གསུམ་ཐར་མེད་ལས་ཀྱི་བཙོན་ཁང་གི་ནང་དུ་ལིང་ག་དེ་ཉིད་དགྲ་བགེགས་དངོས་སུ་གསལ། སླར་
ཡང་རང་གི་ཐུགས་ཀ་ནས་སྤྲོས་པའི་འགུག་བྱེད་ཕོ་ཉའི་ཚོགས་ནམ་མཁའ་གང་བར་སྤྲོས་པས་ཕྱོགས་བཅུར་གནས་པའི་དགྲ་བགེགས་སྤྱི་དང་། དགྲ་སྲི་དྲི་སྲི་ཐམས་ཅད་རང་དབང་མེད་པར་བཀུག་ནས་ལིང་ག་ལ་ཐིམ་པར་བསམས་ལ། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ། གནོད་བྱེད་ཆེ་གེ་མོ་དགྲ་སྲི་སོགས་ཁ་བསྒྱུར་ཨཱ་ཀརྵ་ཡ་ཛཿཛཿཧཱུྃ་བཾ་ཧོཿ ཞེས་དམིགས་པ་གསལ་བས་ཅི་ནུས་བརྗོད། དེ་ནས་ཐུན་ཡོད་ན་བྲབས་ཏེ་ནུས་པ་ཉམས་པར་བྱས་བྱད་ཐག་གིས་བཅིངས། མེད་ན་མི་དགོས། ཟླ་བ་མར་ངོ་ལ་ལམ་རྒྱ་གྲམ་དུ་དོང་བྲུས་པར། རང་ལྷའི་ང་རྒྱལ་གྱིས། ཧཱུྃ། དམ་ཉམས་དགྲ་བགེགས་སྡིག་ཅན་རྣམས། འཕང་ངོ་རྒྱ་མཚོའི་གཏིང་དུ་འཕང་། མནན་ནོ་རི་རབ་ལྗིད་ཀྱིས་མནན། ནམ་ཡང་ལྡང་བར་མ་བྱེད་ཅིག །ཅེས་བརྗོད་ལ་མནན་ཆས་རྣམས་དོང་དུ་འཕང་། འབྱུང་བའི་གདན་གྱི་རྔམས་འོག་འཆི་བདག་ལས་ཀྱི་གཤིན་རྗེའི་ལྕགས་ཁང་དུ་དགྲ་བགེགས་ཐར་མེད་དུ་བྲུབས་ལ་སྟེང་ནས་འབྱུང་བཞི་དང་གསེར་གྱི་རི་རབ་ཀྱིས་མནན་པར་བསམས་ལ། རོ་གཡམ་ལ་སྟེང་དུ་རྡོ་རྗེ་རྒྱ་གྲམ། འོག་ཏུ་རི་རབ་
གླིང་བཞི་བྲིས་པས་མནན། མེ་ཆུ་བླུགས། ས་རྡོས་དོང་ཁ་བཅད་ནན་བཅག་བྱ། དེ་སྟེང་རང་ཉིད་ལྷའི་ང་རྒྱལ་གྱིས་བྲོ་འཁྲབ་ལ། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ། གནོད་བྱེད་དགྲ་སྲི་ཐམས་ཅད་མཱ་ར་ཡ་ནན་ཨོཾ་ལཾ་ཧཱུྃ་ལཾ་སྟྭམྦྷ་ཡ་ནན། ཞེས་མནན་སྔགས་ཅི་ནུས་བཟླ་ཞིང་། དམིགས་མེད་ཀྱི་ལྟ་བས་རྒྱས་གདབ་བོ། །མནན་པ་གང་ལའང་བསྡུ་ན་འདི་ཙམ་གྱིས་རུང་། སྐབས་འདིར་གཞུང་ལས་ གཞན་སོ་སོར་ཁ་བསྒྱུར་ གསུངས་པའི། དགྲ་དང་གྲི་སྲི་མནན་སྔགས་འདི་ཅི་ནུས་བགྲང་དགོས་ཏེ། ཨོཾ་ཨཱཿཧཱུྃ་མ་ར་ཡ་བསྒྱུར་བཟློག །མེ་སྲིས་དུ་ནན། དཔེ་ཁ་གཅིག་ལ་མེ་གྲིས་གྲིས་དུ་ནན་ཞེས་སྲི་ཐམས་ཅད་གྲི་བྲིས་པ་སྣང་། ཆུ་སྲི་ས་དུ་ནན། ལྕགས་སྲི་ས་དུ་ནན། ཤིང་སྲི་ས་དུ་ནན། ས་སྲི་ས་དུ་ནན། མཚོན་སྲི་ས་དུ་ནན། མདའ་སྲི་ས་དུ་ནན། མདུང་སྲི་ས་དུ་ནན། རྡོ་སྲི་ས་དུ་ནན། གཡང་སྲི་ས་དུ་ནན། ཐིབས་སྲི་ས་དུ་ནན། དུག་སྲི་ས་དུ་ནན། ཆུང་སྲི་ས་དུ་ནན། བུ་སྲི་ས་དུ་ནན། ལྕེབས་སྲི་ས་དུ་ནན། ཐོག་སྲི་ས་དུ་ནན། འགག་སྲི་ས་དུ་ནན། དམེ་སྲི་ས་དུ་ནན། གཅོད་སྲི་ས་དུ་ནན། མཛེ་སྲི་ས་དུ་ནན། དགྲ་ལ་དམར་
ཕོག་ཨཿ ཡའམ། བཤན་དམར་དགྲ་ལ་ཕོག །ཅེས་བཟླའོ། །དེ་ལྟར་བྱས་པས་སྲི་རིགས་མནན་པར་འགྱུར་རོ། །གྲི་ཁ་བཟློག་པ་དངོས་ཀྱི་གཏོ་ནི། སྔར་གསོག་གི་སྐབས་སུ་བཤད་པའི་རྡོ་དང་མཚོན་ཆ་རྣམས་གྲི་སྲི་དངོས་སུ་བསམས་ལ། དེ་ཐམས་ཅད་ཐབ་ཁུང་ཞིག་ཏུ་སོལ་མེས་བསྲེགས་ལ་སྦུད་པས་སྦུད། འདི་ཡང་སྦུད་པ་དགུ་རྡུངས་ཀྱི་སྐབས་ཀྱི་རྟེན་འབྲེལ་ལྟར་བྱས་ན་མཆོག །མིན་ཀྱང་རུང་སྟེ། བདེན་སྟོབས་དམིགས་ལ་དགྲ་སྲི་དང་གྲི་ཁ་བྱེ་བ་ཐམས་ཅད་བསྲེག་ཅིང་བརླགས་ཏེ་མེད་པར་གྱུར་ཅིག་བརྗོད། དེ་ནས་ཐལ་སོལ་དང་། ཡས་རྣམས་དང་། མདའ་དང་རྡོ་ལ་ཁྲག་གིས་ཁྲམ་རིས་དང་བྷྱོ་བཟློག་བསྒྱུར་གསུམ་བྲིས་པ་དང་། ཡང་ཤ་བའི་རྭ་གཡས་པ་གཅིག་ལ། ར་ཁྲག་དང་དུག་གིས་བྱུགས་ཏེ་དམར་པོར་བྱས། དུག་ཁྲག་བསྲེས་པའི་སྣག་ཚས། གྲི་ཁ་མཚོན་ཁ་དགྲ་ལ་སྒྱུར། དགྲ་ལ་དམག་ཕོག །བཙན་གྱི་ཇག་པ་ཁྱེད་རང་ཡང་དགྲ་ལ་རྒྱུགས། བསྒྱུར་ཞེས་སྣང་། ཅེས་བྲི་
བའམ། བྲིས་པ་བཏགས། གོང་གི་སྲི་མནན་གྱི་སྔགས་དེའི་མེ་སྲི་ས་དུ་སོགས་ཀྱི་ནན་ཞེས་པའི་ཚབ་ཏུ། བསྒྱུར་ཅེས་སྦྱར་ཏེ་དར་རམ་ཤོག་བྱང་ལ་བྲིས་པ་ཡང་ཤ་རུ་ལ་བཏགས་པའི་བཟློག་ཡས་དེ་རྣམས་དགྲ་ཕྱོགས་སུ་བཏེགས་ལ། ལྷའི་ང་རྒྱལ་དང་ལྡན་པས་ཟོར་དུ་འཕང་། ཡང་ན་ཤི་གཞུག་གང་དུ་ལངས་པ་དེའི་ཕྱོགས་སུ་འཕངས། སྔར་གྱི་རྡོ་ལ་སོགས་པ་སྐུད་པ་སྔོ་དམར་གྱི་འུར་ཐོག་གིས་དགྲ་ཕྱོགས་སུ་འཕང་པས་དགྲ་བགེགས་བརླག་པར་བསམས་ལ་གོང་གི་སྔགས་བསྒྱུར་ཤམ་ཅན་བཟླ། ཕྱི་མིག་མི་ལྟ་བར་ནང་དུ་ལོག་ནས་ལས་རྗེས་བསྡུ། བཀྲ་ཤིས་བརྗོད། ཡས་དེ་སུས་ཁྱེར་བ་ལ་ངན་ནོ། །དེས་གྲི་
ཁ་བྱེ་བ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །དེ་ལྟ་བུ་མ་འཛོམ་ན། ཁམ་སའི་མཁར་གྲུ་བཞི་ཆེ་བ་གཅིག་བྱས་ལ། དགྲ་མཁར་དུ་དམིགས། དེའི་ནང་དུ་མདའ་མདུང་རྡོ་བ་སོགས་དགྲས་འཕང་ཚད་དང་། དགྲའམ་ལོ་མི་མཐུན་པའི་མཚོན་རྣམས་ཇི་སྙེད་པ་བཅུག་ནས། རོ་སོལ་གྱིས་བསྲེག །རྦུད་པས་འབུད། བདེན་སྟོབས་དམིགས། བུད་མེད་སྟག་ལོ་པའམ། ཡུགས་ས་མོ་གཅིག་གིས་གཡབ་མོ་བརྡབ་ལ། བྷྱོ་བྷྱོ་བཟློག་བཟློག་དང་དགྲ་ལ་དམོད་པ་བྱ་བའི་དགྲ་བཟློག་བྱ། དེ་ནས་གཏོ་མཁན་གྱིས་ལྷའི་ང་རྒྱལ་བསྐྱེད་ལ། ཨོཾ་ར་ཙ་ར་དུ་ཐུམས། ར་ཙ་ཤག་ཕི། ར་ཙ་ཆུ་ཐུམས་ཆུ་ཐུམས། ཞེས་བཟླའོ། །ཐལ་ཟོར་དགྲ་ཕྱོགས་འཕང་། ར་ཐོད་ནང་དུ་དགྲའི་དཔོན་དང་ནང་བློན་གྱི་ལིང་ག་བཅུག་ལ་དགྲ་ཕྱོགས་ཀྱི་ལམ་རྒྱ་གྲམ་དུ་མནན་པ་བྱ། ཕྱོགས་དང་དུས་ཚོད་ནི་དགྲའི་རུས་ཁམས་ཀྱི་གཤེད་ཀྱི་ཐོག་ཏུ་བྱུང་ན་རབ་བོ། །ཡང་དགྲ་སྲི་མནན་པའི་གཏོ་ནི། ཤིང་ཚེར་མ་ཅན་ལ་དགྲ་ཡི་མིང་རུས་བྲིས་ནས་རང་གི་ཁྲེས་པོའི་འོག་ཏུ་མནན། འབྲུ་སྣ་ལ་མི་གཟུགས་
བྱས། དེའི་སྙིང་གར་ཕུར་པ་ཆུང་ངུ་གསུམ་བཏབ་པ་ཐ་མ་དགྲའི་མིང་བྱང་གིས་བསྐོར་བ་དེ་ཉི་མ་ནུབ་ཁར་ཆུ་ལ་བསྐྱུར། ཡང་ཤོག་བུ་ལ་དགྲའི་མིང་བྱང་བྲིས་པ་ཉིན་ཕྱེད་དུས་མེ་ལ་བསྲེག །བདེན་སྟོབས་དམིགས། དེས་དགྲ་སྲི་བྲུབས་པར་འགྱུར་རོ། །རྒྱའི་རྦུད་པ་དགུ་རྡུངས་ཀྱི་གཏོ་ལ། རང་གི་དམག་མི་རྣམས་ཆས་པའི་ཚེ། གཏོ་མཁན་གྱིས་སྦྱིན་བདག་གམ་དམག་དཔོན་ལྟ་བུ་དེའི་ལོ་ཡི་བདུན་ཟུར་ལོ་པ་ལས་མདའ་དང་མདུང་བླངས། ཡས་མར་གྱི་ལོ་གཤེད་དམ། དུར་ཞུགས་ཀྱི་གཤེད་བཞི་ལས་རལ་གྲི་གཡར། གསུམ་ཀ་ལས་སྒྱེད་རྡོ་གསུམ་བླངས། ཡུགས་ས་མོ་ལས་སོལ་བ་དང་བུད་ཤིང་དང་མེ་བླངས་ལ་སྦར། མཚོན་ཆ་རྣམས་ཀྱི་ཆག་དུམ་སོགས་བསྲེག་ཆོག་པ་ཞིག་ཡིན་ན་ཐབ་དེར་བཅུག །མི་ལོ་ན་མེ་ནང་མཚོན་རྩེ་བསྲེག་ཚུལ་ཙམ་དང་། རྩེ་མོ་བརྡར་ཕྱེ་ཅུང་ཟད་མེ་ནང་བཏབ། ཤར་ནས་སྦུད་པ་དཀར་པོ་གཉིས་འབུད། དེ་བཞིན་ལྷོ་ནས་སེར་པོ་གཉིས། ནུབ་ནས་དམར་པོ་གཉིས། བྱང་ནས་ལྗང་ཀུའམ་སྔོན་པོ་གཉིས། སྟེང་ནས་ནག་པོ་གཅིག་རྣམས་དྲག་ཏུ་གཉིས་བྱས་པའང་འདུག་ཀྱང་གཅིག་དང་། བུས་པས་མེ་ངར་ཆེ་བར་བྱས་ལ་མཚོན་ཆ་རྣམས་བསྲེག །འདི་ལ་སྔོན་གྱི་ཁུངས་སྨྲེང་གྱེར་འདོད་ན་རྩིས་གཞུང་གཞན་
ནས་འབྱུང་བ་ལྟར་བྱ། གྱེར་མེད་ཀྱང་བདེན་སྟོབས་དམིགས་ལ། སྡང་བ་དགྲ་ཡི་མཚོན་གྱི་དབལ་སོད། ངར་ཆོག །མཚོན་ཁ་བསྙིལ། མཚོན་གྱི་ནུས་པ་གཏན་ནས་ཉམས་པར་གྱུར་ཅིག །ཅེས་བརྗོད། མི་ཀུན་གྱིས་སྡང་བའི་དགྲ་ཡི་མཚོན་གྱི་དབལ་སོད་ཅེས་སྒྲོགས་པ་དང་། བསོ་གདབ། དེ་ལྟར་བྱས་ནས་འཁྲུགས་ན་རང་ལ་མཚོན་ཁ་མི་འབྱུང་། ཚུར་བརྒྱབ་པའི་མཚོན་དེས་ཕར་སོད། འདི་གར་ཐོད་ཐོད་དུ་མི་བྱ། ཤིན་ཏུ་ཟབ། འདི་ལ་ཕ་རོལ་གྱི་མཚོན་རིགས་དང་དགྲའི་ཁམས་མཐུན་གྱི་རྫས་ལ་དེའི་བླ་བཟུང་སྟེ་བསྲེག་ན་དེའི་སྟོབས་བརླག་གོ །འདི་གཏོ་སྒྲོམ་གཞུང་དུ་གནོད་བྱེད་ཀྱི་གཏོ་ཡི་གྲངས་སུ་བསྟན་ཀྱང་འདིར་མཚོན་ཁ་བསྙིལ་བའི་གཏོ་རུ་ཡར་བླངས་པ་ཡིན་ནོ། །གཟའ་དགྲ་བཟློག་གི་གཏོ་ནི། རེས་གཟའ་ཉི་མའི་ཉིན་དམག་བྱུང་སྟེ་འཐབ་ན། རང་གི་དམག་དཔོན་ཞང་བློན་གྱི་ཆས་སུ་ཞུགས་ལ། ཕ་རོལ་གྱི་དམག་གི་གདོང་དུ་ཆུ་གཏོར། ཟླ་བ་ལ་མི་གོས་སེར་གྱོན་པས་ས་གཏོར། མིག་དམར་ལ་མི་ནག་པོས་ཆུ་
བྲེ་གསུམ་གཏོར། ལྷག་པ་ལ་བན་དེ་གཅིག་གི་མཚོན་ཐོགས་ལ་བཟློག་པ་བྱ། ཕུར་བུ་ལ་ཞུབ་ཅན་གཅིག་གིས་བསོས་གདབ། པ་སངས་ལ་མཛོའམ་གླང་ཞོན་པས་སྣ་དྲངས་ཏེ་དམག་གི་གདོང་དུ་མེ་གཏོར། སྤེན་པ་ལ་རྟ་ནག་ཞོན་པས་ཤིང་ལོ་མ་ཅན་ཕྱར་བས་སྣ་དྲངས། དེས་ཕ་རོལ་གྱི་དམག་ཕམ་ནས་བཟློག་པར་འགྱུར་རོ། །དྲང་སྲོང་དགྲ་བཟློག་གི་གཏོའོ། །འདིས་མཚོན་པའི་འཁྲུགས་པ་རྒྱལ་ཐབས་ཀྱི་མན་ངག་དམག་རྩིས་དུ་མ་ཡོད་ཀྱང་། བོད་དུ་ཆེར་མ་དར་ལ། ཇོ་སྲས་ཀྱི་གཏེར་ཁ་ནས་བྱུང་བའི་དམག་རྩིས་ཀྱི་གཞུང་དང་ལྐོག་ཡིག་རྣམས་སུ་མན་ངག་ཟབ་སྦས་ཅན་ཡོད་པའང་འབྱུང་རྩིས་ཀྱི་ལུགས་ཡིན། གཞན་འབྱུང་རྩིས་ལུགས་ཀྱི་ཐེབ་བཟློག་རྣམས་རྩིས་གཞུང་མ་བུ་རྣམས་སུ་ཡོད་ཅིང་། འཐབ་རྩོད་རྒྱལ་ཕམ་འགྲན་པ་དང་ཟོར་འཕེན་པ་སོགས་ལ་ཐེབས་བཟློག་ཤིན་ཏུ་གལ་ཆེ། དུས་འཁོར་དང་དབྱངས་འཆར་ལས་གསུངས་པ་སྐར་རྩིས་ལུགས་ཀྱི་ཐེབས་བཟློག་དང་། ཁྱད་པར་དབྱངས་འཆར་བ་གཡུལ་ལས་རྒྱལ་བའི་རྒྱུད་དང་། མན་ངག་རྣམས་སུ་
གཡུལ་འཁྲུགས་ལས་རྒྱལ་ཐབས་ཀྱི་མན་ངག་ཟབ་མོ་རྣམས་བསྟན། གཏེར་མ་རྣམས་སུའང་གཟའི་གདོང་གཏད་སོགས་ཀྱིས་མཚོན་པས་དཀར་རྩིས་འབྱུང་རྩིས་གཉིས་ཀའི་ལུགས་ཀྱི་ཐེབས་ཀྱི་ཐེབས་བཟློག་དང་། མན་ངག་ཤིན་ཏུ་མང་པོ་བཞུགས་པ་ཡིན་ནོ། །གཞན་ཡང་དགྲ་ཡི་ཕྱོགས་དབྱེ་ཐབས་ཀྱི་གཏོ་རྣམ་པ་གསུམ་ལས། ཕ་སྤུན་དབྱེ་ན། ཁྱི་ཐོད་ཀྱི་དཔྲལ་བར་བྱ་རོག་གི་གཟུགས་བྲིས། བྱ་རོག་གི་ལྟོ་བར། ཨོཾ་བྷ་ཀ་ཤ་མ་རུ་ན་ཧཱུྃ་ཞེས་བྲི། སྤྱང་ཀུའི་ཐོད་པའི་དཔྲལ་བར་འུག་པའི་གཟུགས་ཀྱི་ལྟོ་བར། ལམ་བྷ་རུ་ཤ་ན་ཧཱུྃ། ཡི་གེ་རྣམས་ལ་ཚེགས་སྤངས་ཏེ་བྲི། དེ་གཉིས་ཀྱི་སྡེར་མོའི་བར་དུ། དུ་རུ་ཀ་ཤ་ན་ཕུང་ཞིག །ཅེས་བྲིས། ཐོད་པ་གཉིས་པོའི་ནང་དུ་དབྱེ་བྱ་གཉིས་པོའི་མིང་རུས་སོ་སོར་བྲིས་པའི་མཐར། འདི་གཉིས་དབྱེ་བར་གྱིས་ཤིག །དགྲ་བོ་ཆེ་གེ་མོ་ཤག་ཕྱེ་ཤག་ཕྱེ། ཚལ་ཚལ་ཤིག་ཤིག །གྲཾ་གྲཾ། གྲུཾ་གྲུཾ། ཕུར་ཕུར། ཕྱེ་ཕྱེ། ཁྲོལ་ཁྲོལ། ཞེས་བྲིས་པ་བཅུག །དབྱེ་སྔགས་དེ་བཟླས་ལ་ཐུན་བྲབས། དེ་ནས་མི་མཐུན་པའི་ཉི་མ་ལ་འགྲིགས་ན་རབ། དུས་གང་དེར་
ཐོད་པ་གཉིས་ཁྱེར་ལ། དགྲ་བོའི་ཕ་མེས་ཀྱི་དུར་སར་སྦས་ན་རབ་ཡིན་པས་དུར་སའི་ཕར་ཚུར་གྱི་ཕྱོགས་སམ། གྲོང་གི་འགྲམས་ཕར་ཚུར་དུ་སྦས་ན་དགྲ་བོའི་ཤ་རུས་པའང་འབྲལ་བར་བྱེད་ན་གཉེན་འབྱེད་པ་ལྟ་ཅི་སྨོས་སོ། །གཉིས་པ་ཕུ་ནུ་འམ་ཕ་སྦད་འབྱེད་ན། སྲེ་མོང་དང་བྱི་ལའི་ཐོད་པའམ། ཕག་དང་སྦྲུལ་གྱི་ཐོད་པར་གོང་བཞིན་བྲི། བྲི་མ་བདེ་ན་ཤོག་བུ་ལ་བྲིས་ཏེ་སྦྱར། བྲ་ཉེ་འམ་འཇིག་རྟེན་བྱ་རོག་དང་འུག་པའི་སྒྲོ་དང་སྦྲགས་ལ་ཐོད་པ་གཉིས་ཁ་སོ་སོར་ཕྲལ་ནས་ཆུ་ཕར་འགྲམ་ཚུར་འགྲམ་དུ་སྦས་པས་དེས་པར་འབྲལ་ལོ། །གསུམ་པ་བཟའ་མི་འབྱེད་ན། དེ་དག་གི་མདའ་འཕང་རྙིང་པ་ལ་སོ་སོའི་མིང་རུས་བྲིས། གོས་དྲི་མ་ཅན་གྱི་དུམ་བུ་ལ་སོ་སོའི་གཟུགས་བྲིས། མིང་དང་དབྱེ་སྔགས་ཀྱང་བྲིས། རྒྱབ་སྤྲད་ནས་མདའ་དང་འཕང་སོ་སོར་བཏགས། མི་མཐུན་པའི་ཉི་མའམ། འཇིག་ཉི་ལ་ཕག་སྦྲུལ་གྱི་དུས་སུ་ལམ་ཆེན་པོའི་ཕར་ཀ་དང་ཚུར་ཁར་སྦས་ཏེ་བཞག་ན། ལོ་གསུམ་ཚུན་འབྲལ་ངེས་སོ། །ཡང་ཕ་རོལ་པོ་གཉིས་གྲོས་བྱས་ནས་བདག་ལ་གནོད་པ་བྱེད་ན། དེ་དག་གི་མདུན་གྲོས་དབྱེ་བ་ནི། ཁྱི་དང་ཕག་གི་ཐོད་པར་སོ་སོའི་མིང་རུས་བྲིས་པ་གཞུགས། སོ་སོར་སྐུད་པ་སྔོ་དམར་གྱིས་བཅིངས། ཨོཾ་མ་ན་ཀ་ར་པྲད་ད་ཤིག་ཤིག་ཕྱེ། ཞེས་སྟོང་རྩ་བརྒྱད་བཟླས་ཐུན་བྲབས།
མི་འཕྲོད་པའི་ཉི་མ་ལ། ཁྱི་ཐོད་དགྲ་བོའི་ཐེམ་པའི་འོག་ཏུ་སྦ། ཕག་ཐོད་ཕྱི་རོལ་དུ་སྦ། དེས་བསྐལ་པར་ཡང་འགྲོགས་པར་མི་འགྱུར་རོ། །འདི་རྣམས་མ་སྤེལ་ཅིག །གསང་ངོ་ཞེས་གསུངས་པ་ལྟར། རང་དོན་འབའ་ཞིག་ལ་ཆགས་པས་ལས་འདི་བརྩམ་པར་མི་བྱ། བྱས་ན་ཉེས་ལྟུང་ཆེ་བ་འབྱུང་བས་བག་ཡོད་པར་གྱིས་ཤིག །ཡང་བཅིངས་ཐབས་རྣམ་པ་གསུམ་གྱི་གཏོ་ནི། མི་རྒོད་ཇག་ཆིངས་ལ། ཇག་དཔོན་གྱི་མིང་རུས་ཅན་གྱི་ལིང་ག་ཟེར་མོ་དང་ཁྱི་ཁྲག་གིས་བྲིས་པ་དགྲ་གཤེད་ལ་གཏད་པར་བྱ་སྟེ། དཔེར་ན་ཇག་དཔོན་ཤིང་སྟག་ལོ་པར་ཤིང་གི་ལིང་གའི་ལྟོ་བར་མིང་རུས་བྲིས། དེ་ཉིད་ལྕགས་སྤྲེལ་ལོ་པས་སྤྲེལ་ཐོད་དུ་བཅུག་སྟེ་གཟའ་པ་སངས་དང་སྐར་མ་ནུབ་སྐར་བདུན་གྱི་གང་རུང་འཛོམ་པའི་སྤྲེའུའི་ཞག་དུས་ལ། རང་གནས་ཀྱི་ནུབ་ཕྱོགས་སུ་བྲག་དཀར་པོ་ལ་མནན་པར་བྱ། དོང་ཁ་གཡམ་དཀར་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་བཅད། བདེན་སྟོབས་དམིགས་པ་སྨོན་ལམ་ཁ་བསྒྱུར་བྱ། ཕ་རོལ་གྱི་གཤེད་ལྕགས་ཀྱི་སྔགས། ཨོཾ་མ་མ་ཀ་ར་ཀ་ར་ཡེ་སྭཱ་ཧཱ། ཞེས་
བཟླས་ཀྱང་ལེགས། དེའི་འགྲེས་སྦྱར་ཏེ་ལོ་འགྲོས་དྲུག་ཅུ་སོ་སོའི་འབྱུང་གཤེད་སྦྱར་ཤེས་པར་བྱའོ། །དེས་ཇག་པ་ཆོམ་པོ་འཇོམས་པར་ཐེ་ཚོམ་མེད་དོ། །ཡང་རྟ་ཆིངས་ནི། མཉམ་གཉིས་ཀྱི་རྟ་རྒྱུག་འགྲན་པ་སོགས་ལ་བྱ་སྟེ། རང་གིས་ཞོན་རྒྱུའི་རྟ་དེ་དེ་ཉིན་རེས་གཟའི་ཁམས་ཀྱི་མདོག་དང་མཐུན་པར་བྱུང་ན་བཟང་། རྟ་དེའི་ཟེ་རྔོག་གི་ཁྲོད་དུ་རེས་གཟའི་མདོག་མཐུན་གྱི་དར་རམ། གཟའི་ཁམས་མཐུན་གྱི་ཤིང་སོགས་ཀྱི་གཟའ་དེའི་རྟགས་མཚན་བྱ། རང་གི་རྐྱ་མི་རྣམས་ཀྱིས། དེ་ཉིན་གྱི་རེས་གཟའི་ཁམས་ཀྱི་གྲོགས་སམ་རླུང་རྟའི་གྲོགས་དང་མཐུན་པའི་གོས་གྱོན། རང་ལོའི་མཐུན་གསུམ་གྱི་ཕོད་ནི། དཔེར་ན་བསྒྲུབ་པར་བྱ། བྱ་གླང་སྦྲུལ་གསུམ་ཡིན་ན། བྱ་ཕོད་སྔོན་པོ་བཙུགས་པ་དེས་འགྲེ། རང་གི་རླུང་རྟའི་ཁ་དོག་དང་མཐུན་པའི་ལྕག་ཚན་ལག་ཏུ་བཟུང། ཁ་རེས་གཟའ་དང་རང་གི་རླུང་རྟའི་གྲོགས་ཀྱི་ཕྱོགས་སུ་བལྟས་ལ་རྟ་ཞོན། འཐབ་ཟླ་གཞན་གྱི་རྟ་དེ་ལ་གཤེད་ཀྱི་ཐུན་བྲབས་པ་ནི། ཕ་རོལ་གྱི་རྟ་དེ་དཀར་པོ་ཡིན་ན་ས་དམར་པོས་བྲབས་པ་སོགས་འགྲེ། དེ་ཉིན་སྟག་རྟ་ཁྱི་གསུམ་གང་རུང་གི་ཞག་ཡིན་ན་སྤེན་པ་བཅོས།
གཏོར་མ་སོགས་སྤེན་པ་ལ་མཆོད་ཅིང་བསྟོད་པ་བྱ། དེས་འགྲེ། ཕག་ལུག་ཡོས་གསུམ་ཟླ་བ། བྱ་གླང་སྦྲུལ་གསུམ་ཕུར་བུ། བྱི་འབྲུག་སྤྲེལ་གསུམ་ལ་མིག་དམར་བཅོས། དེ་ཉིན་གཟའ་དེ་དར་ན་བཟང་། གུད་ན་གུད་པ་གསོ་བའི་རྟེན་འབྲེལ་བྱའོ། །དེས་ཕ་རོལ་གྱི་རྟ་འཆིང་ཞིང་རང་གི་རྟ་མགྱོགས་པའི་རྒྱལ་ཁ་ཐོབ་པར་འགྱུར་རོ། །ཡང་ཆིངས་གསུམ་གྱི་གཏོ་ནི། ཕ་རོལ་གྱི་རྟ་དང་མདའ་དང་ཤོ་གསུམ་བཅིངས་པའི་གདམས་པ་སྟེ། རྟ་རྒྱུགས་ན་ཕ་རོལ་པོའི་རྟ་གཟུགས་ཀྱི་ལིང་ག་རྐང་ལག་ཞགས་པས་བཅིངས་པ་བྲི། མདའ་དང་ཤོ་ལ་ཕ་རོལ་གྱི་འདྲ་གཟུགས་ལིང་གའི་དཔྲལ་བར་རུས། སྙིང་གར་མིང་། ཡན་ལག་བཞི་ལ་ཛཿཧཱུྃ་བོཾ་ཧོཿབཀོད། རྐང་ལག་ཞགས་པས་བསྡམས་པ་བྱ། མི་རྟའི་གཟུགས་ལ་མིའམ་རྟ་ཆེ་གེ་མོ་འདི་ཞེས་བྱ་བའི་སྟོབས་དང་ལུས་རྩལ་ཆིངས་ཤིག་བནྡྷ་བནྡྷ། ཞེས་བྲི། དགུག་གཞུག་བྱས་ན་ལེགས། དེ་ནས་དེ་ཉིད་དྲང་སྲོང་དམ་རེས་གཟའ་གང་ཡིན་གྱི་ཐུན་སྔགས་བྲབས་པར་བྱ་སྟེ། རེས་གཟའ་དྲང་སྲོང་ཉི་མ་ཡོད་པའི་ཉིན། ཨོཾ་ཉི་མ་སཱུརྱ་ཨ་ཨ་ཧཱུྃ་ཧཱུྃ་ཕཊ། ཟླ་བར། ཨོཾ་ཟླ་བ་
ཙནྡྲ་ཀྵྱ་ཀྵྱ་ཧཱུྃ། དམག་དཔོན་ལ། ཨོཾ་དམག་དཔོན་པ་ཤ་ཏ་བ་ལི་བྲེཾ་ཧཱུྃ། ལྷག་པར། ཨོཾ་ལྷག་པ་ནི་ཤ་གྷ་ཛ་ཧཱུྃ། ཕུར་བུ་ལ། ཨོཾ་ཕུར་བུ་ཤི་ཏྲི་ཏྲི་ཧཱུྃ། པ་སངས་ལ། ཨོཾ་པ་སངས་ཝཱ་ཁ་ཤ་ཧཱུྃ། སྤེན་པར། ཨོཾ་སྤེན་པ་ཏྲི་ཤ་ཧཱུྃ། ཞེས་སོ་སོའི་སྔགས་ཀྱི་ཤམ་བུར་ཆེ་གེ་མོའི་མདའ་དང་རྩལ་ཆིངས་ཤིག །ཞེས་སམ་ཆེ་གེ་མོའི་ཤྭ་གྲངས་ཆིངས་ཤིག་ཅེས་སམ། ཆེ་གེ་མོའི་རྟའི་བང་ཆིངས་ཤིག་ཅེས་གང་འདོད་བགྲངས། སྔགས་དེ་བརྒྱའམ་སྟོང་གི་གྲངས་ཐེམ་ནས། རྟའི་མདོག་གི་གཤེད་ཀྱི་ས་ཕྱེའམ། ཕ་རོལ་པོའི་རླུང་རྟའི་ཁམས་ཀྱི་དགྲ་མདོག་གིས་ཕྱེ་རྡོ་ཕྱེ་སོགས་ཀྱིས་ཐུན་བྲབས། ལིང་ག་དེ་ཡུགས་ས་མོའི་འཕང་ལོའི་མིག་ཏུ་བཅུག །ཚོན་སྐུད་ཀྱིས་ཕྱི་ཀ་ལོག་ཏུ་དཀྲི། རྙེད་ན་ཁོའི་གཤེད་དུ་གྱུར་པའི་ལོ་ཡི་ཐོད་པར་བཅུག །དེ་མེད་ན་ཕོ་རོག་དང་འུག་པའི་སྡེར་མོའི་བར་རམ། ཡང་ན་ཁྲ་དང་སྐྱ་གའི་སྡེར་མོའི་བར་རམ། ཡང་ན་བྱི་བ་དང་བྱི་ལའི་སྡེར་མོའི་བར་རམ། ཡང་ན་བྱི་བ་དང་སྲེ་མོང་གི་སྡེར་མོའི་བར་གང་རུང་དུ་བཅུག་ལ་གོང་བཞིན་དཀྲིས་ནས། རྟ་ཆིངས་རྟ་ལམ་གྱི་འོག །མདའ་ཆིངས་འཕེན་
ལམ་འོག་ཤོ་ཆིངས་ཤོ་གདན་འོག་ཏུ་བཅུག་སྟེ་གཡམ་པས་མནན། དྲང་སྲོང་གཟའ་ལ་སོ་སོའི་སྔགས་ཀྱིས་གཏོར་མ་ཕུལ། གཟའ་ཡི་མདོག་མཐུན་གྱི་དར་རང་གི་མགོ་ལ་འཆིང་། རང་གི་དབང་ཐང་གཙོ་བས་དབང་ཐང་བསྐྱེད་པའི་མ་མདོག་གི་གོས་གྱོན། དབང་ཐང་གི་ཁམས་ཀྱི་མ་ཡི་ཕྱོགས་སུ་རྒྱབ་བཏད། གྲོགས་ཕྱོགས་སུ་ཁ་བལྟ། རང་གི་སྲོག་ལྷ་གནས་པའི་ཕྱོགས་ནི། དཔེར་ན་རྟ་སྦྲུལ་གྱིས་ལྷོ་ཕྱོགས་སུ་གཏོར་མ་བཏང་སྟེ་འབྱུང་བའི་ལྷ་ལ་འབུལ་དེས་འགྲེ། རང་གི་རླུང་རྟའི་མདོག་གི་ཕོད་དམ་འཕྲུ་བཙུགས། ཡུགས་སའི་རྐང་རྗེས་ས་དང་ལྷང་མ་ལྷང་ཚེར་གྱི་ཕྱེ་མ་མ་ཚོར་བར་ཁོའི་སྤྱི་གཙུག་ཏུ་བཏབ་པས་ཁོའི་ལྷ་འདྲོགས་ཏེ་རྩལ་དང་ཉིན་རེའི་བསོད་ནམས་ངེས་པར་འཆིང་ནས་རང་ཉིད་རྒྱལ་བར་འགྱུར་ངེས་སོ། །བྱ་བ་ཟིན་ནས་མནན་པ་འདོན། ལིང་ག་ཆུའམ་མེ་ལ་གཤེགས། རྫས་རྣམས་དབེན་པར་སྦ། འདི་ཤིན་ཏུ་ཟབ་སྟེ་མཁོ་གལ་ཆེ་བ་ཡིན་པས། གཏོ་སྒྲོམ་གཞུང་དུ་དྲང་སྲོང་གི་སྔགས་དང་
ཞལ་ཤེས་རྣམས་གབ་པ། རཏྣ་གླིང་པས་བུམ་ཐང་དགེ་གནས་ནས་གཏེར་དུ་བཞེས་པ་མཉམ་གཉིས་རྩལ་འགྲན་ཆིངས་གསུམ་གནད་ཀྱི་གདམས་པ་ལས་བྱུང་བ་བཞིན་བཀོད་པ་ཡིན་ལ། འདིས་མཚོན་མན་ངག་གི་གཏོ་ཐབ་རྣམས་འཕངས་པ་མེད་པའི་གསེར་གྱིས་བསླུས་ཀྱང་སྦྱིན་པར་འཕངས་པའི་གདམས་པ་ཡིན་ནོ། །དགྲ་བཟློག་དང་དགྲ་ལས་རྒྱལ་བའི་ཐབས་སྐོར་གྱི་སྡེ་ཚན་ཏེ་གཉིས་པའོ།། །།གདོན་བཟློག་པའི་གཏོ་ཡི་སྐོར་ལས། དང་པོ་རྒྱལ་པོ་ཁྲོམ་བསྒྱུར་གྱི་བྱེ་བྲག་འདྲེ་ཁྲོམ་བསྒྱུར་བ་མ་ཏྲཾ་ཁྲོམ་བཟློག་གི་གཏོ་ནི། ཡུལ་དུ་འདྲེ་དམག་ཁྲོམ་དུ་ལྷག་པ་སོགས་གནོད་པ་ཀུན་ལ་བསྔགས་པ་ཡིན་ལ། དེའི་བྱ་ཐབས། དུར་ཁྲོད་ཀྱི་ས་དང་། རོ་ཁུངས་ས། ཕུང་ཤུལ་གྱི་ས་རྣམས་ས་སྤྱིན་པོ་དང་བསྲེས་ལ་ཕུབ་ཀྱི་སྟེང་དུ་ཁྲོ་བོ་མ་ཏྲཾ་གི་གཟུགས་མདའ་གང་གི་ཚད་་་་ཅན། ཞལ་དབུས་ནག །གཡས་ལྗང་། གཡོན་དཀར་བ་འདོམ་ནག་པོ། རྐང་ལག་བཞི་སེར་པོ་བྱས་ཏེ་གན་རྐྱལ་དུ་བཞག་པའི་ལག་པ་གཡས་སུ་མཚེ། གཡོན་དུ་
ཡུངས་ཀར་གང་བུ་ཐོགས་པ། མགོ་ལ་ཟེར་མོའི་ཕོད་གཟུགས། དེའི་སྙིང་གར་ཨེ་ཁང་གྲུ་གསུམ་ཕྱི་ནག་ནང་དམར་བ་གཅིག་བཞག །དེའི་ནང་དུ་ཁམ་སའི་མི་གཟུགས་ཀྱི་དཔུང་པ་གཡས་པར་ཤིང་སྟག་པའི་ཁྲམ་ཤིང་གི་བྱང་བུ་ལ། ཁྲམ་མང་པོ་དང་། ཁྱི་ཁྲག་གིས་ཡས་ཀྱི་བདུད་བཟློག མས་ཀྱི་སྲི་བཟློག །ལྷ་མ་སྲིན་སྡེ་བརྒྱད་བཟློག །ཅེས་བྲིས་པ་བཙུགས་པ་བཅུག་ངར་གླུད་དང་ཆང་བུ་ཤ་ཁྲག་ཟས་སྣ་བླུགས་ཀྱང་ལེགས། མ་ཏྲཾ་གི་མགོ་བོའི་ཕྱོགས་སུ་གླུད་དམར་པོ་ཉི་ཤུ། གཞོག་གཡས་སུ་ལྗང་གུ་ཉི་ཤུ། གཡོན་དུ་དཀར་པོ་ཉི་ཤུ། འདོམས་ཀྱི་ཕྱོགས་སུ་ནག་པོ་ཉི་ཤུ། ཡན་ལག་བཞི་ལ་རེ་རེར་གླུད་སེར་པོ་ལྔ་ལྔ་སྟེ་ཉི་ཤུ་བཞག་པས་ཁྱོན་ངར་གླུད་བརྒྱ་ཐམ་པ་བཀོད། གཞུང་གི་བཅས་ལ་འདི་ཙམ་ལས་མ་གསུངས་ཀྱང་། ནམ་རྒྱང་མདའ་འཕང་ཤིང་རིས་ཕོ་ཏོང་མོ་ཏོང་། འཕན་རྒྱལ་མཚན་ཟས་སྣ། ཤ་སྣ། ཁྲག་སྣ། དར་སྣ་གཟུགས་འགྲོས་སོགས་གླུད་ཆས་ཇི་འབྱོར་བས་མཐའ་བསྐོར་བྱས་ན་ལེགས་པའི་ཡན་ལག་ཏུ་འགྱུར་རོ། །དེ་ནས་གཏོ་མཁན་གྱིས་རྒྱས་པར་ཡི་དམ་གྱི་
ལས་གཞུང་བསྲང་། ཚོགས་མཆོད་གསོལ་ཁ་ལེགས་པར་གཏོང་། བསྡུ་ན་གོང་གི་སྔོན་འགྲོའི་སྐབས་སུ་བསྟན་པ་བཞིན་བཟླས་པ་དང་། དཀར་གཏོར་དམར་གཏོར་བཏང་། དེ་ནས་མདུན་གྱི་ཡས་རྟགས་གླུད་ཆས་རྣམས་ལ་ཆབ་བྲན་ལ། སྔོན་འགྲོའི་སྐབས་ཀྱི་གླུད་ཀྱི་བྱིན་རླབས་ལྟར་བྱས་ཏེ། རྒྱས་པར་སྔགས་དྲུག་ཕྱག་དྲུག །བསྡུ་ན་ནམ་མཁའ་མཛོད་དམ། འབྲུ་གསུམ་དང་སམ་བྷ་རས་བརླབས་ནས། ཡས་མགྲོན་དགུག་པ་དང་། བསྔོ་བ་སོགས་མདོས་གཞུང་གཞན་ལས་འབྱུང་བ་ལྟར་རྒྱས་པར་འདོན་པའམ། བསྡུ་ན། ཀྱེ། སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས། །ཚུར་གཤེགས་མདོས་དང་ཡས་ལ་བྱོན། །གླུད་ཀྱི་བདག་པོ་གླུད་གཞེས་ཤིག །མདོས་ཀྱི་བདག་པོ་མདོས་བཞེས་ཤིག །ཡིད་མཐུན་འདོད་ཡོན་རྒྱ་མཚོ་འདིས། །ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །རྒྱུ་འབྱོར་ཡོན་བདག་འཁོར་བཅས་ལ། །རྣལ་འབྱོར་བདག་ཅག །ལྷ་འདྲེའི་ཁྲོམ་ཁ་བསྒྱུར་དུ་གསོལ། །འབྱུང་གནོད་སོགས་ཁ་བསྒྱུར་གང་འོས་བྱ། ཁྱེར་ཅིག་ཁྱེར་ཅིག་སོགས་ཚིགས་བཅད་བརྗོད། དེ་ནས་གཏོ་སྒྲོམ་གཞུང་གི་གྱེར། ཧཱུྃ་བྷྱོ། གཏོ་འདི་གཙུག་ལག་འཕྲུལ་གྱི་གཏོ། །དཔྱད་འདི་ཀོང་ཚེ་རྒྱལ་པོའི་དཔྱད། །གྱེར་འདི་རྒྱ་ནག་གཙུག་ལག་
གྱེར། །སྨྲེང་འདི་གཏོ་མཁན་བདག་གི་སྨྲེང་། །བསྒྱུར་ནི་འབྱུང་བའི་རྒྱལ་པོས་བསྒྱུར། །བྷྱོ། ལྷོ་ཕྱོགས་འབྱུང་བའི་རྒྱལ་པོ་ནི། །མེ་ཁམས་འབྱུང་བ་གཏོ་ཡི་བདག །མ་ཏྲཾ་ཁྲམ་དང་བཅས་པ་འདིས། །གཤིན་རྗེའི་ཁྲོམ་སྣ་དགྲ་ལ་བསྒྱུར། །གདོན་གྱི་ཁྲོམ་སྣ་དགྲ་ལ་བསྒྱུར། །བཙན་གྱི་ཁྲོམ་སྣ་དགྲ་ལ་བསྒྱུར། །བྷྱོ། བྱང་ཕྱོགས་འབྱུང་བའི་རྒྱལ་པོ་ནི། །ཆུ་ཁམས་འབྱུང་བ་གཏོ་ཡི་བདག །མ་ཏྲཾ་ཁྲམ་དང་བཅས་པ་འདིས། །གནོད་སྦྱིན་ཁྲོམ་སྣ་དགྲ་ལ་བསྒྱུར། །མ་བདུད་ཁྲོམ་སྣ་དགྲ་ལ་བསྒྱུར། །བྷྱོ། ནུབ་ཕྱོགས་འབྱུང་བའི་རྒྱལ་པོ་ནི། །ལྕགས་ཁམས་འབྱུང་བ་གཏོ་ཡི་བདག །མ་ཏྲཾ་ཁྲམ་དང་བཅས་པ་འདིས། །ཀླུ་བདུད་ཁྲོམ་སྣ་དགྲ་ལ་བསྒྱུར། །བདུད་ཀྱི་ཁྲམ་སྣ་དགྲ་ལ་བསྒྱུར། །བྷྱོ། ཤར་ཕྱོགས་འབྱུང་བའི་རྒྱལ་པོ་ནི། །ཤིང་ཁམས་འབྱུང་བ་གཏོ་ཡི་བདག །མ་ཏྲཾ་ཁྲམ་དང་བཅས་པ་འདིས། །དྲི་ཟའི་ཁྲོམ་སྣ་དགྲ་ལ་བསྒྱུར། །མེ་ལྷའི་ཁྲམ་སྣ་དགྲ་ལ་བསྒྱུར། །འདྲེ་གདོན་ཁྲོམ་སྣ་དགྲ་ལ་བསྒྱུར། །གཉན་གྱི་ཁྲོམ་སྣ་
དགྲ་ལ་བསྒྱུར། །བྷྱོ། མཚམས་བཞི་འབྱུང་བའི་རྒྱལ་པོ་ནི། །ས་ཁམས་འབྱུང་བ་གཏོ་ཡི་བདག །མ་ཏྲཾ་ཁྲམ་དང་བཅས་པ་འདིས། །མེ་ལྷ་སྲིན་པོ་རླུང་ལྷ་དང་། །ཀླུ་དང་གནོད་སྦྱིན་གྲུལ་བུམ་དང་། །ས་བདག་གདོན་དང་ཡི་དྭགས་དང་། །འབྱུང་པོའི་ཁྲོམ་སྣ་དགྲ་ལ་བསྒྱུར། །མི་ནད་གདོན་གྱི་ཁྲོམ་སྣ་དགྲ་ལ་བསྒྱུར། །གྲི་དང་མཚོན་གྱི་ཁྲོམ་སྣ་དགྲ་ལ་བསྒྱུར། །མི་ནད་ཕྱུགས་ནད་ཁྲོཾ་སྣ་དགྲ་ལ་བསྒྱུར། ཅེས་གྱེར་བཏང་ནས། གཏོ་མཁན་རང་ཉིད་འཇམ་དཔལ་དུ་བསྒོམ་ལ། སྔགས་འདི་བརྒྱ་རྩ་བརྒྱད་བཟླ། ཨོཾ་ཁྲོམ་བསྒྱུར་ཁྲོམ་ཤིག །བདུད་ཁྲོམ་བསྒྱུར། གཟའ་ཁྲོམ་བསྒྱུར། བཙན་ཁྲོམ་བསྒྱུར། རྒྱལ་པོའི་ཁྲོམ་བསྒྱུར། ས་བདག་ཀླུ་གཉན་གྱི་ཁྲོམ་བསྒྱུར། དམུའི་ཁྲོམ་བསྒྱུར། སྨན་མོའི་ཁྲོམ་བསྒྱུར། གདོན་གྱི་ཁྲོམ་བསྒྱུར། འདྲེ་ཡི་ཁྲོམ་བསྒྱུར། ཐེའུ་རང་གི་ཁྲོམ་བསྒྱུར། བྷྱོ་བྷྱོ་བྷྱོ། བཟློག་བཟློག་བཟློག །ཆིལ་ཆིལ་ཡཱ་ཡཱཿ བརྒྱ་རྩ་བརྒྱད་ཚང་བ་དང་སྔགས་དེ་བཟླ་བཞིན། མི་ཕོ་མོ་ཀུན་གྱིས་བྷྱོས་འདེབས་ཤིང་གཏོ་དེ་བཏེགས་ནས། གདོན་གྱིས་གནོད་པའི་ཕྱོགས་སམ་ལམ་པོ་ཆེར་བསྐྱལ།
བཟློག་སྔགས་བརྗོད་ཅིང་བདེན་སྟོབས་དམིགས་ལ། ཆེ་གེ་མོ་ལ་གནོད་པའི་ལྷ་འདྲེའི་ཁྲོམ་ཁ་བསྒྱུར་ཅིག་སོགས་བདེན་སྟོབས་བརྗོད་ཅིང་ཡེ་དྷར་བཟླ། དེས་གདོན་ཐམས་ཅད་བཟློག་པར་འགྱུར་ལ། མེ་ཆུ་ས་གཡོས་ཐོག་སེར་ཤ་འུད་སོགས་འབྱུང་བཞིའི་གནོད་པ་དང་གཞན་ཡང་འཚེ་བ་གང་ལ་ཡང་འདི་བསྔགས་སོ། །མ་ཏྲཾ་ཁྲམ་མདོས་རྒྱས་པ་ནི་མ་མོའི་རྒྱུད་ལུང་སོགས་རྙིང་མ་བཀའ་གཏེར་གྱི་སྐོར་ལས་འབྱུང་ཡང་། བསྡུ་ན་འདིས་ཆོག་པ་ཡིན་ནོ། །བྱེ་བྲག་ཏུ་ཁྱིམ་དུ་འདྲེ་རྒྱལ་པོ་ཆགས་པ་འདོན་ན། སྙུག་རྒོད་གཅིག་ལ། སྟག་རས་གཟིག་རས། ཟ་འོག་གི་དུམ་བུ། རྔ་མ་དཀར་པོ་དང་། བྱ་སྤུས་བརྒྱན་པར་རྒྱལ་པོའི་གཟུགས་ཤོག་བུ་ལ་བྲིས་པའི་སྙིང་གར། རཱ་ཙ་ཙ་ཏྲི། ཞེས་རྒྱལ་པོའི་མིང་དང་ས་བོན་བྲིས་པ་བཏགས། དེར་རྒྱལ་པོ་དེ་བསྟིམ་པར་དམིགས་ནས་རང་གི་ཁང་པའི་ནང་དུ་ཕྱི་བསྐོར་ལན་གསུམ་བྱས་ལ་ལྷ་ཁང་ཞིག་ཏུ་བསྐྱལ་ནས། རྒྱལ་པོ་དེར་ཐོན་པར་བསམས། བདེན་སྟོབས་བརྗོད་ཅིང་རྟེན་སྙིང་བཟླ། ནང་དུ་བཀྲ་ཤིས་བརྗོད། དེས་རྒྱལ་པོ་རང་གནས་སུ་བསྐྱལ་
བར་འགྱུར་རོ། །ཡང་ཁྱིམ་དུ་སྲིན་མོ་ཆགས་པ་འདོན་པའི་གཏོ་ནི། བག་ཟན་ལས་སྟོད་མི་ལ་སྨད་སྦྲུལ་དུ་ཡོད་པའི་གཟུགས་བྱས་ལ་རྫ་གསར་པར་བཅུག །དེར་དཀར་གསུམ་མངར་གསུམ་འབྲུ་སྣ་རིན་ཆེན་སྣ་ཚོགས་བླུགས་ལ། སམ་བྷ་རས་འདོད་ཡོན་རྒྱ་མཚོར་བརླབ། གཟུགས་དེར་ས་སྲིན་མོ་བསྟིམ་པར་བསམ་ལ། འདྲེ་ལྔ་གནས་སར་སྦ། བདེན་སྟོབས་བརྗོད་པས་ཐོན་པར་འགྱུར་རོ། །ཡང་རྒྱལ་འགོང་ཁ་ཆིང་གི་གཏོ་ལ། ཁ་བཅིངས་པ་དང་། མནན་པ་དང་། འབྱམ་དུ་གཞུག་པ་གསུམ་ལས། ཕྱི་མ་འདི་རྒྱལ་འགོང་ཟ་ཁ་སྤོ་བའི་འབྱམ་གཏོ་ཡིན་ལ། དེའི་བྱ་ཐབས་ཕད་ཚེ་ཁྲ་བོ་གཅིག་གི་ནང་དུ། རྟ་ཐོད་ལ་རྒྱལ་མཁར་གླིང་བཞི་དང་རྩེ་ལ་རྒྱལ་པོའི་ཞལ་དང་བཅས་བ་བྲིས་ལ། རྒྱལ་པོ་གཏོས་བསྒྱུར་རོ། །ཞེས་པ་ཡང་བྲི། རྟ་ཐོད་དེའི་འགྲམ་པ་གཡས་སུ་གསེར་གྱི་ཉི་མ། གཡོན་དུ་ཤེལ་གྱི་ཟླ་བ་བྲིས། གཏོ་འདི་སུ་དང་འཕྲད་པ་དེའི་ཕྱི་ལ་རྒྱལ་འགོང་འཁོར་དང་བཅས་པ་སོངས་ཤིག །སུས་བླངས་བ་ལ་སྡིགས་ཤིག །ཅེས་བྲིས། རམ་བུ། རུག་པ། སྦང་མ། ཆུར་ཕྱེ། གྲོ་དང་སྲན་མ། བྲ་བོ། སོ་བ། སྤྲེའུའི་སྤུ། བོང་བུའི་སྤུ། ལྟག་སྐོར་རུས་པ། སྲེ་ལོང་། ལྟེ་རྒྱགས། བཟོ་རས་རྣམས་བླུགས་གཏོ་འདི་སུས་བླང་ཞིང་ཁྱེར་བ་ལ་སྡིགས། སུ་དང་འཕྲད་པའི་ཕྱིར་སོངས་ཤིག །
ཅེས་བྲིས་པ་བཅུག །རྒྱལ་མདོས་སམ། བྱུར་འབུད་ཀྱི་གཏོ་འདོན་གཞན་དང་སྦྲགས་ལ་ལམ་པོ་ཆེར་མཆོག་གི་བསྐྱེལ། །ཁྱེར་མཁན་སྤྲང་པོ་ངན་ལོང་ལ་བསྐུར། དེ་ནང་དུ་འོང་མི་བཅུག་གོ །རྒྱལ་མདོས་སོགས་རྒྱས་པར་མ་ལྕོགས་ན། སམ་བྷ་རས་འདོད་དགུར་བརླབས་ལ། ཀྱེ། གནོད་བྱེད་རྒྱལ་འགོང་འཁོར་བཅས་ཀྱིས། །རང་མཐུན་ཡས་གཏོ་འདི་ལོངས་ལ། །གནས་འདིར་འདུག་པར་མ་བྱེད་པར། །སུ་དང་འཕྲོད་པའི་རྗེས་སུ་སོང་། །ཁྱེར་ཅིག་སོགས་ཚིགས་བཅད་བརྗོད་ལ། །རྒྱལ་འགོང་རྣམས་ཡས་གཏོ་དེར་བསྟིམ། །ཕྱོགས་སུ་བསྐྱལ་ལ་བདེན་སྟོབས་བརྗོད་པས་འདྲེ་ཟ་ཁ་སྤོ་བར་འགྱུར་རོ། །ཡང་རང་ཁྱིམ་དུ་རྒྱལ་འགོང་ཆགས་ཏེ་འདྲེར་སོང་ན། འབྲུག་གི་དུས་ཚོད་ལ། སྙུག་མའི་མགུལ་དུ། དར་སྣ། ཁྲབ་བྱང་། བྱེ་རུ། ཤེལ་རྔ་མ་དཀར་པོ་རྣམས་བཏགས། ཤ་ལག་ངར་ལྷུ་གཅིག་ལ་ཁྱི་གཟུགས་གཅིག་བྲིས་རྫས་དེ་རྣམས་ལ་རྒྱལ་པོ་བསྟིམ་པར་དམིགས་ནས་ཁྱི་ཡི་དུས་སུ་སྲོག་གཅོད་པའི་ཕྱོགས་སུ་བསྐྱེལ། རྒྱལ་པོ་རྣམས་འདིས་མ་ཆགས་མ་གནོད་
ཅིག་བརྗོད། དེ་ནས་ཤོག་གུ་ལ་བྱི་ལའི་གཟུགས་གཅིག་བྲིས་ནས་ཁྱིམ་གྱི་གདུང་མ་ལ་བཏགས། བརྩེ་བྱིའི་སྲོག་གི་དགྲ་ཕྱོགས་བདེན་སྟོབས་དམིགས་རྟེན་སྙིང་བཟླ། དེས་རྒྱལ་ཚབ་བྱི་བ་ཞེས་བྱ་སྟེ། བྱི་བ་ལ་གནོད་དེ་འོན་ཀྱང་ཁྱིམ་དེའི་རྒྱལ་འགོང་ཟ་ཁ་སྤོ་བར་འགྱུར་རོ། །འགོང་པོའི་ཇག་པ་བསྒྱུར་བའི་གཏོ་ནི། བསླང་ནས་གསུམ་ལ་ཟན་བྱས་ལ། ཆ་གསུམ་གྱི་གཅིག་རང་ལུས་སྟོད་ཀྱི་དྲེག་པར་བསྒྲེས་ལ་གླུད་གཟུགས་དཀར་པོ་གཅིག་བྱ། དེའི་རྐེད་པར་རྟ་དཀར་པོ་གཅིག་བཏགས། གཅིག་ལུས་ཀྱི་རྐེད་པར་བསྒྲེས་ལ་ཁྲོ་བོ། རྐེ་ལ་སྲེ་ལོང་འབྲུ་སྣ་གསུམ་གཞན་ལས་བསླང་གཅིག་སྨད་དུ་བསྒྲེས་ཏེ་གླུད་གཟུགས་ནག་པོ་བྱ། རྐེ་ལ་ཡོང་མོ་བཏགས། དཀར་པོ་རང་དང་གཡག་ཤིང་ཞེས་པ་ཡ་ཤི་ཟེར་སྒོ་འདེན་པའི་ཤིང་ལྡེའུ་མིག་གིས་འབྱེད་དགོས་པ་དེ་ཡིན། ན་མཉམ་གཞན་གྱི་སྒོའི་གཡག་ཤིང་གི་བུ་གར་བཞག །ཁྲ་བོ་གྲོང་པའི་བར་ལག་ཏུ་བཞག །ནག་པོ་ཟམ་ཁ་ནས་ཆུ་ལ་བསྐུར། འགོང་པོ་འདིར་མ་འདུག་ད་སོང་སོགས་འོ་དོད་འབོད་བསོས་གདབ། བདེན་སྟོབས་དམིགས། འགོང་ཆགས་བསྒྱུར་བར་བསམ། ཕྱིས་མི་ལྡང་བའི་སླད་དུ། འགོང་པོའི་ལིང་ག་མིང་བྱང་སྤྲེལ་ཐོད་དུ་བཅུག་པ་
ལ་བཙས་ཆེན་པོའི་འོག་ཏུ་མནན་པར་བྱའོ། །འགོང་ཇག་བསྒྱུར་བར་ཐེ་ཚོམ་མེད་དོ། །ཀླུ་མཁར་བ་འདེགས་པའི་གཏོ་འདི་ནི། ཀླུས་གནོད་པའམ། ཁོན་ཁམ་གིན་ལ་སྐྱེས་པ། སྨེ་བ་བཞི་ལྗང་ལ་སྐྱེས་པ། ལོ་རང་རང་གི་ས་བདག་གནོད་པ་རྣམས་ལ་བྱ་བར་གསུངས། འབྲུ་སྣ་ལྔ་ལས་སྦལ་པ་ནག་པོའི་གཟུགས་བྱས། སྐུད་པ་སྔོ་དམར་གྱིས་ནད་པའི་སྲིན་ལག་དང་སྦྲེལ་ཏེ་བཞག །ན་ཟླ་བསྐོས་ལ་སྦལ་བ་བསྒྲལ། སྦལ་བ་དེ་ཀླུ་གཟུགས་སྣ་ཚོགས་ཀྱིས་བསྐོར་ལ་ཟ་ཚུལ་བྱ། རང་ཉིད་འཇམ་དཔལ་དུ་གསལ་ལ། ཧཱུྃ། དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཁྲོ་བོའི་ཚོགས་ཀྱི་མཐུ་སྟོབས་ཀྱིས། །འཇམ་དཔལ་རལ་གྲི་རྣོན་པོ་ཡིས། །ཀླུ་ཡི་བྱད་ཐག་བཅད་དུ་གསོལ། །ཞེས་བརྗོད་ལ། ནད་པ་དང་སྦལ་པ་སྦྲེལ་བའི་ཐག་པ་བཅད་ནས་ཀླུ་གཟུགས་ཀྱི་སྟེང་དུ་བསྐྱུར་བས། བྱད་ཐག་གིས་བཅིངས་པ་ལས་དབྱུང་། བྱད་གྲོལ་བར་བསམ། ཀླུ་སྨན་གྱིས་ཀླུ་མཆོད་རྒྱས་བསྡུས་སྤྱི་ལྟར་བྱ། བྱུར་འབུད་ཀྱི་གཏོ་དང་ཀླུ་མདོས་བྱིན། དེ་ནས་ཀླུའི་མཁར་བ་འདེགས་སོ་ཞེས་བྱས་ལ་གཏོ་ཡས་རྣམས་ཀླུས་གང་ནས་གནོད་པར་བསྐྱལ།
བདེན་སྟོབས་དམིགས། ཕྱིར་ལོག་ཏེ་ལམ་དུ་མཚམས་བཅད་ཕྱིར་ཐལ་བ་གཏོར། ཐོ་ཞིག་བཙུགས་ལ་ཁྱུང་དུ་དམིགས། ཁྱིམ་དུ་འོང་ནས་ནད་པ་ལུས་ཆས་བསྒྱུར། བཀྲ་ཤིས་བརྗོད་པར་བྱའོ། །ཡང་ཇག་པ་བཅུ་གཉིས་ཀྱི་གཏོ་འདི་ནི། དམེ་སྲི་འཁོར་བ་དང་། སྲོག་ལུས་ལ་མེ་དགྲ་དར་བ་ལུས་སྨེ་བདུན་དམར་ལ་སྐྱེས་པ་རྣམས་ལ་བྱ་སྟེ། སྔོན་དུ་བཙན་མདོས་བཏང་ན་ལེགས། འབྲུ་སྣ་ནག་པོ་གསུམ་ལས་ན་ཟླའི་མི་གཟུགས་བྱ། མི་རེང་མཚོན་ཐོགས་དྲུག །རྟ་པ་མཚོན་ཐོགས་དྲུག་བྱས་ལ་སྤེལ་ཏེ་བཞག །ཐོག་མར་བཤོས་བུ་དམར་པོ་ཟུར་གསུམ་བཅུ་གཉིས་དང་སྐྱེམས་ཕུད་བཤམས། བྱིན་རླབས་བྱ། སྨྲེང་ལ། ཀྱེ་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་། བཙན་གྱི་ཇག་པ་བཅུ་གཉིས་པོ། འདིར་གཤེགས་ཡས་དང་གླུད་འདི་ལོངས། གྲི་སྲིལ་སོགས་གནོད་པ་བཟློག །ཁྱེར་ཅིག་སོགས་བརྗོད། སྡེ་བརྒྱད་གསེར་སྐྱེམས་དང་། བདེན་སྟོབས་བརྗོད་ལ་ཡས་རྣམས་ཕྱོགས་ངན་ཡོད་སར་ཁྱེར་ཏེ། ལྷ་མ་སྲིན་སྡེ་བརྒྱད་དང་ཇག་པ་བཅུ་གཉིས། ན་ཟླ་འམ། གང་འདོད་མིང་འདི་ཞེས་བྱ་བའི་མི་འདི་བདག་ཅག་གི་གླུད་དུ་ཁྱེར་ཅིག །གྲི་འཁོར་
བ་དང་ངན་དགུ་དུག་བཅུ་ཐམས་ཅད་འདི་ཡིས་ཕྲོགས་སོ། །ཕྱོགས་ཆེ་གེ་མོ་ན་ཁོ་རང་གབ་ནས་འདུག་གོ །ཁོ་ཁྱེར་ཅིག་བྱས་ལ་ཡས་རྣམས་བཏང་ཕྱི་མིག་མི་བལྟ་བར་ལོག །བཀྲ་ཤིས་བརྗོད་པར་བྱའོ། །གྲི་ཁ་བཅད་པའི་གཏོའོ། །ཡང་གཤིན་པོ་མཁར་བ་འདེགས་པའི་གཏོ་འདི། གཤིན་ལྟོགས་འདྲེ་རེད་པ་ལ་བྱ་སྟེ། ནས་ཀྱི་ཚིག་མ་དང་ཁམས་ལས་གྲི་ཕོ་མོ་ཤི་འདྲེ་ཕོ་མོ་གང་ཡིན་གྱི་གཟུགས་བྱས་ལ་དེའི་ཁོངས་པར་འབྲུ་སྣ་དང་འདྲེ་ཕོ་མོ་དེའི་མིང་བྲིས་པ་བཅུག །ངར་ཟན་གསུམ། ཆང་བུའི་ཟན་གསུམ། གྲོད་པ་གཅིག་ཏུ་ཆུ་ཕུལ་གང་རྣམས་ཀྱང་བཞག །རྫས་ཐམས་ཅད་གཟུགས་ཀྱི་ཁོག་པར་བཙུད་པ་ལྟ་བུ་འདུག་ཀྱང་འདི་ལྟར་རུང་། གྲེ་ཕོ་མོ་དེ་ལ་བསྟིམ་པ་དང་། ཡས་རྣམས་དེའི་ཟ་སྐལ་གྱི་འདོད་ཡོན་དུ་བརླབ། དེ་ནས་ཡོན་བདག་གི་མི་རྣམས་ཀྱི་གྲེ་ཕོ་མོ་ལ་ཁྱོད་འདིར་ཅི་ལ་འོང་། འོང་དོན་མེད་ཚུལ་སོགས་ཀྱི་ཤག་བཏབ། ད་སོངས་ཤིག་མ་འདུག་ཅིག་ཅེས་བརྗོད་ལ། ལམ་གསུམ་ཆུ་གསུམ་བསྒལ་བའི་ཡུལ་ཕྱོགས་སུ་བསྐྱལ། བདེན་སྟོབས་བརྗོད་ནས་ས་སྤར་བ་གསུམ་གཏོར། བསོད་དང་ཐོ་ལེས་གདབ། ཕྱི་མིག་མི་
བལྟ་བར་ལོག་ནས་ཁྱིམ་ནང་དུ་ཕ་མེས་རིགས་ཀྱི་གྲི་མཚུན་གསོལ་བའི་ཆོ་ག་གཏོ་གཞན་ལས་འབྱུང་བ་ལྟར་བྱ། དེས་ཕན་པར་འགྱུར་རོ། །ཁ་འཐོར་སྣ་ཚོགས་ཀྱི་གཏོ་ཡི་ལེའུ་ལས་རྒྱལ་པོ་མཆོད་པའི་གཏོ་ལ། རྒྱས་པར་རྒྱལ་ཐབས་བཅུ་གསུམ་བྱ། མཛོ་རྟོལ་དྲེའུ་གང་རྙེད་ལ། དཀོར་རྒྱལ་འདེགས་པའི་གཏོ་བྱ་སྟེ། མཆོད་རྟེན་དང་། ལྷ་ཁང་གི་གཟུགས་དང་། གསུང་རབ་དང་། སྟག་དང་སྤྲེའུ་བྱ་རྒོད་གཟུགས་ཀྱིས་བརྒྱན། རྟ་དང་ཁྱི་ཡི་དཀོར་རྣམས་བྱིན་རླབས་བྱས་ནས་རྒྱལ་པོ་ལ་བསྔོས་ཏེ། རྟེན་ཡོད་པའི་ལྷ་ཁང་དུ་བསྐྱལ་ལོ། །ཡང་འགོང་པོ་ཆགས་ན། འཇིམས་ལས་ཤྭ་སེར་པོ་གསུམ། ནག་པོ་གསུམ། རྡོ་ཕ་ཝང་ལོང་བུ། བྲ་བོའི་ཟན། ཟྭ་དང་ཉུངས་ཀྱི་ལོ་མ། སྦངས་མ་རྣམས་རས་ཀྱི་ཁུག་མར་བཅུག་ནས་ཞག་གཅིག་རང་གི་སྔས་སུ་བཅུག །དེ་ནས་ལམ་པོ་ཆེར་བསྐྱལ་ཏེ་འདི་སྐད་བརྗོད་པར་བྱ། འགོང་པོ་ཆེ་གེ་མོ་ཞེས་མིང་ནས་བརྗོད་དེ། འདི་ངལ་ཆགས་པ། གང་ལ་སྤོ་འདོད་པ་དེའི་མིང་ནས་བརྗོད་ལ། འདིས་ཕྲོགས་སོ། །ཁོ་ཡིས་ཁྱེར་རོ། །ཁྱོད་རང་ཁོའི་ཁྱིམ་དུ་སོང་ཞིག །ཅེས་བརྗོད་ལ། བདེན་སྟོབས་དམིགས་ཏེ་བོར། དེས་
རང་ཁྱིམ་དུ་ཆགས་པའི་འགོང་པོ་སྐྱེས་འདེགས་པར་འགྱུར་རོ། །ཡང་མི་རྒྱུད་གཅིག་ལ་གྲི་ཁ་ཟུག་ན། བདུད་བཙན་བསྡོངས་ནས་གནོད་པ་ཡིན་པས། ལུག་མགོ་ནག་གཅིག་གི་མགོ་ལ་དར་མཐིང་ནག་བཅིངས། མདའ་འཕང་དཀར་ནག །ཕོ་གདོང་མོ་གདོང་། ནམ་མཁའ་དཀར་ནག་རྣམས་བཤམས་ལ། ལྷ་གཞུང་ནས་འབྱུང་བ་ལྟར་གྱི་སྨྲེང་གྱེར་ནས་གཏོ་ཡས་དེ་རྣམས་ལུག་ལ་བཀལ་ཏེ་བྱང་དུ་བཏང་བས་བདུད་འཕོས་པར་འགྱུར། གཏོ་གཞུང་གི་བདུད་མདོས་ཀྱི་གྱེར་རྒྱས་པ་མེད་ན། སམ་བྷ་ར་སོགས་ཀྱིས་བྱིབས་བྱ། ཀྱེ། སྲིད་པ་བདུད་ཀྱི་སྡེ་ཚོགས་རྣམས། །ཚུར་གཤེགས་མདོས་དང་ཡས་ལ་བྱོན། །གླུད་ཀྱི་བདག་པོས་གླུད་བཞེས་ཤིག །མདོས་ཀྱི་བདག་པོས་མདོས་བཞེས་ཤིག །ཡིད་མཐུན་འདོད་ཡོན་རྒྱ་མཚོ་འདིས། །བདུད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །བདུད་ཀྱི་གནོད་བ་བསྒྱུར་དུ་གསོལ། །ཁྱེར་ཅིག་ཁྱེར་ཅིག་སོགས་ཚིགས་བཅད་གཅིག་བརྗོད་པས་ཀྱང་རུང་། ཡང་ལུག་མགོ་དམར་ལ་གོང་བཞིན་དར་དམར་བཅིང་། མདའ་འཕང་ཕོ་གདོང་མོ་
གདོང་ནམ་མཁའ་དམར་པོ་རྣམས་བཀལ་ཏེ། བཙན་གྱི་གྱེར་རྒྱས་པའམ། གོང་གི་བདུད་ཞེས་པ་བཙན་དུ་ཁ་བསྒྱུར་ལ་ལྷོར་བཏང་། ཐབས་དེས་བདུད་བཙན་ཆོས་ནས་གྲི་ཁ་ཟུག་རྒྱུན་ཆོད་པར་འགྱུར་རོ། །ཡང་ཕ་རྒྱུད་གཅིག་ལ་རབས་ཆད་མང་ན། བན་བོན་གྱི་གདུང་ཆད་ནས་གནོད་པས། དེའི་ཕྱོགས་སུ་མཆོད་རྟེན་ཞིག་གི་ནང་དུ་ཕྱག་རྡོར་གྱི་སྐུ་གཅིག་གཞུག་པ་བཞག །ཕོ་མདོས་མོ་མདོས་སྤྱི་ལྟར་བཏང་བས་ཕན། ཡང་ཕ་གཅིག་གི་བརྒྱུད་པ་ལས་བྱུང་བའི་ཕ་ཚན་དེར་སྨྱོ་འབོག་དང་འོན་ལོང་མང་ན་དུར་ས་འམ་ཁང་ས་ལ་སེལ་ཡོད་པས་ལེན་པ་ཡིན་པས། མཛོ་རོག་པོའི་ཐོད་པར་སྲི་མནན་བྱ། རུས་པ་སྤོ། ལྷ་རྒྱས་པར་གསོལ། ཡང་མི་བརྒྱུད་ལ་འགག་གྲི་མང་ན། མནའ་མ་རྒན་རིམ་ལ་དམིགས་རྟེན་བྱས་ཏེ་གཡང་ལེན་གསུམ་བྱ། དུར་ལྷ་གསོལ། ལུང་གསུམ་མདོར་ཝ་ཐོད་དུ་འགག་སྲི་མནན། ཡང་མི་ཚན་གཅིག་ལ་བྱེས་སུ་ཤི་བ་མང་ན། ཞང་ཉེའི་འདྲེས་གནོད་པས། འབྲི་དགུ་དང་མཛོ་དགུའི་གཟུགས་བྱས་ལ། ལུང་གསུམ་མདོར་སོང་སྟེ། ཡས་བྱིན་བརླབས་བྱ་ཞིང་། འདྲེ་གཏོ་བྱ་སྟེ། ཀྱེ། སྣང་
ཞིང་སྲིད་པའི་འདྲེ་གདོན་རྣམས། །ཚུར་ཤོག་མདོས་དང་སོགས། ལྷ་འདྲེའི་ཐུགས་དམ་ལྷ་འདྲེའི་གནོད་པ་ཞེས་དང་། ཁྱེར་ཅིག་སོགས་བརྗོད། འབུམ་འདོན། མི་རུས་ལྔ་ལ་སྟོན་མོ་བྱ། བྱེས་སུ་ཤི་བའི་མིང་བྲིས་ལ་དུར་ས་བཟང་བར་དུར་དུ་གདབ། ཡང་སྐྱེས་དར་མར་ཤི་ཁ་བྱེ་ན། དུར་སྐྱེན་ཡོད་པས་དུར་ས་སྤོ། དུར་ལྷ་གསོལ། སྣ་དཔའ་དང་། འགོང་དཔལ་བྱ། གཡག་རོག་གི་ཐོད་པར་དུར་སྲི་མནན། ཡང་མི་བརྒྱུད་གཅིག་ལ་བྱིས་པ་མ་འཕེལ་ན། ཆུང་སྲི་ལངས་པས། ཐོད་པ་དང་རྭ་ཡོད་ཚད་དུ་ཆུང་སྲི་མནན་པའི་ཐབས་བྱས་ལ་བྲག་བྱ་དམར་པོའི་གཤོག་པའི་འོག་ཏུ་མནན། ལོ་བཅུ་གཉིས་ཀྱི་གཟུགས་གཏའ་རུ་བཟུང་བར་བྱ། ཡང་བྱིས་པ་ཤི་རོ་སྐྱེས་ན། དཔལ་ཤོར་ནི་ཕྱིས་ཀྱང་བུ་སྐྱེ་བས་བཀྲ་ཤིས་པའི་གཏོ་རིགས་བྱ། བྱུར་ཤོར་ནི། རྟ་གཡང་ཉམས་པས། རྟ་ཡི་ཉི་མ་དང་དུས་ཚོད་ལ། རྟ་རིགས་བཟང་མའི་རྔོག་མ་དང་། སྤུ་དང་། རྨིག་པའི་འོག་གི་ས་བརྐོས་ལ། དེར་རྟེན་བྱས་ཏེ་གཡང་བླན་ལན་གསུམ་བྱས་ནས་རྟ་བྲེས་སུ་སྦའོ། །འདི་རྣམས་ཁ་འཐོར་སྣ་ཚོགས་ཀྱི་གཏོ་ཕྱོགས་གཅིག་བསྟན་པའི་ལེའུའོ། །
ཡང་ཁ་ཆིང་རྣམ་པ་ལྔའི་གཏོ་ལས། དང་པོ་ཕུང་སྲི་ཁ་བཅིང་པ་ལ། རྔ་མོང་གི་ཐོད་པ་ཡོད་ན་རབ། མེད་ན་ཤོག་བུ་ལ་རྔ་མོང་གི་གཟུགས་བྲིས་པའི་ལྟོ་བར་འཁོར་ལོ་རྩིབས་དྲུག་མུ་ཁྱུད་བཅས་པ་བྲི། དེའི་ལྟེ་བ་དང་རྩིབས་རྣམས་སུ། འཕུང་སྲི་ནན་ཏེ་རཱ་ཡ་ཛ་དུལ་རྦད། རྩིབས་མཆན་ལ་ཕུང་སྲི་ཁ་ཆིངས། ཞེས་བྲིས། མུ་ཁྱུད་ལ། བྷྱོ་དགུ་ནན་དགུ་བྲི། མཛོ་ཐོད་དམ། དྲེལ་ཐོད་གྱི་ཁར་བཅུག །སྐུད་པ་སྔོ་དམར་གྱིས་བཅིངས། རེ་བས་གྲིལ་ལ་གཏིང་རྡོ་བཏགས་ནས་མཚོ་ཡི་གཞུང་དུ་བསྐྱུར། མནན་པའི་རིགས་ལ་གོང་བཤད་སྔགས་དམིགས་བྱས་ན་ལེགས། དེས་ཕུང་སྲི་ཁ་འཆིང་བར་འགྱུར་རོ། །གཉིས་པ་ཕྲུ་གུ་མང་དུ་ཤི་ན་དེ་བཅད་པ་ཆུང་སྲི་ཁ་བཅིང་བ་ལ། མངལ་སྲི་ཟླ་སྲི་ལོ་སྲི་གསུམ་ལས། མངལ་སྲི་ནི་མའི་ལྟོར་ཤི་བའམ་སྐྱེས་མ་ཐག་ཤི་བ་ལ་ཟེར། དེ་ལ་ཆུང་སྲིའི་ལིང་ག་སྙིང་གར་ཏྲི་སོགས་གནས་ཡིག་རྒྱས་བསྡུས་ཅི་རིགས་བྲིས། སྙིང་གའི་ཏྲི་ལ་ཆུང་སྲི་ཁ་ཐཾ་རྦད་ཆིངས་ཐུམ་ཐམ་དུལ་ནན། ཞེས་པ་གཡས་བསྐོར་དུ་བྲིས། ལིང་ག་མེད་ཀྱང་སྔགས་ཀྱི་ཤོག་དྲིལ་བྲིས་པས་ཆོག་པ་གཞུང་ནས་གསུངས། ཚོན་སྐུད་ལྔས་བཅིངས།
འགུགས་བསྟིམ་མནན་དམིགས་སྔགས་ཀྱང་བཟླ། ར་ཁྱི་ཕག་གསུམ་གྱི་ཕྲུ་གུ་མིག་མ་བྱེ་བར་ཤི་བའི་ཐོད་པར་བཅུག་ནས། མ་ཡི་མལ་གྱི་འཕོངས་ཕྱོགས་སུ་མནན། ཤིང་ཁམ་བུའམ་འམ་བུའི་མགལ་བས་སྟེང་ནས་མནན་ཏེ་བཞག་ན་ཕྱིས་མངལ་སྲི་སོགས་མི་འབྱུང་ངོ་། །ཡང་ཞག་གྲངས་དང་ཟླ་གྲངས་ཁ་ཤས་སོང་རྗེས་སུ་ཤི་ན་ཟླ་སྲི་ཞེས་བྱ་སྟེ། གོང་གི་ཐོད་པ་གསུམ་ཁ་སྤྲད་པའི་བར་དུ། ལིང་ག་དང་། ཧཱུྃ་ཆུང་སྲི་མཱ་ར་ཡ་ཁ་ཐམ་རྦད། ཆིངས་ཆིངས། ཐམ་ཐམ། དུལ་དུལ། ནན་ཛ་ཛ་རྦད། ཅེས་བྲིས་ལ་གཞུག །སྐུད་པས་བཅིངས། རེ་བས་དྲིལ། ཤིང་སྟག་པའི་མགལ་བས་མནན་པ་དང་སྦྲགས་ཏེ་བྱིས་པ་གང་དུ་ཤི་བའི་རོ་ཐོག་གམ་ནང་སྒོའི་ཐེམ་རྩར་མནན་པས་ཐུབ། ཡང་ལོ་སྲི་ནི་ལོ་ཁ་ཡར་ལོན་ནས་ཤི་བ་སྟེ། དེ་ལ་ཐོད་པ་གསུམ་གྱི་ནང་དུ་སྔགས་གོང་མ་ཤོག་བུར་བྲིས་ལ་བཅུག །ཁ་རེ་ནག་གིས་བཅད། སུ་རུ་དང་ཤིང་ཡོག་མོའི་མགལ་པས་མནན་པ་དང་སྦྲགས་ཏེ་ཕྱི་སྒོའི་ཐེམ་འོག་མནན་ལ། དེ་སྟེང་མེ་ཆུས་མནན། ཕྱི་སྒོ་ལ། ཆུང་སྲིའི་ཟ་ཁ་ཐམས་ཅད་ཆོད། ཅེས་བྲིས་ལ་བཞག །བདེན་
སྟོབས་དམིགས། དེས་རྦད་ཆོད་འོང་ངེས་སོ། །གསུམ་པ་དམ་སྲིའམ་འདྲེ་མོའམ། སྲིན་མོ་ཁ་བཅིངས་པའི་གཏོ་ལ། གྲོ་ག་འམ་ཤོག་བུ་ལ་གང་གནོད་པ་དེའི་ལིང་ག་ཁྲག་གིས་བྲིས། སྙིང་གར་དམ་སྲིའམ་འདྲེ་མོ་ཞེས་པའི་མིང་། དཔྲལ་བར་ཁྲམ། ལྟེ་བར་ནྲི། ལིང་གའི་ཐ་མར་ཛ་དང་ནན་སྤེལ་བས་བསྐོར། བྱ་སྐྱུང་ཀའི་ཐོད་པའི་ཁར་བཅུག་ལ་ཁ་ཚོན་སྐུད་ཀྱིས་བཅིངས། དེ་བ་རུ་འམ་འབྲི་རུ་གཡོན་པར་བཅུག །འགུག་གཞུག་སོགས་གང་དང་འཕྲུལ། རྭ་ཡི་ཁ་ཐལ་འདམ་གྱིས་བཅད། ཤོག་དྲིལ་རིང་པོ་ལ་སྔགས་འདི་བྲིས། ཧཱུྃ་ཛ་གྲི་གཤོག་ནག་མོ་ཁ་ལ་དུན་ཙེ་རྦད་ནན། ནག་མོ་འདྲི་གཤོག་ཁ་ལ་ཟ་འགྲམ་མུ་འགྲམ་ཁ་ལམ་རྦད། འབྲིག་ཤོག་ནག་མོ་དུན་ཧབ་དུལ་དུལ་ནག་ནག་རྦད་རྦད་དམྱགས་མྱགས་ཟ་ཁ་ཆིངས་དམ་སྲི་ཁ་ཐམ་རྦད་ཆིངས། བསེན་མོ་ཁ་ཐམ་རྦད་ཆིངས། བདུད་མོ་ནག་མོ་ཁ་ཐམ་རྦད་ཆིངས། སུ་རུ་ནག་མོ་སའི་ལྟེ་ཕུར་ཁ་ཐམ་རྦད་ཆིངས། འདྲེ་མོ་ནག་མོ་ཡུལ་འདྲེ་ཐམས་ཅད་ཁ་ཐམ་རྦད་ཆིངས། ཞེས་ཤོག་དྲིལ་དེས་བ་རུའམ་འབྲི་རུ་གང་ཡིན་དེ་གྲིལ། དེ་ཡི་རྒྱབ་ནས་རེ་ནག་གིས་
གྲིལ། ཟམ་འོག་གམ་ལམ་རྒྱ་གྲམ་དུ་མནན་ལ། དམིགས་བཅས་མནན་སྔགས་སྤྱི་དང་ཤོག་དྲིལ་གྱི་སྔགས་ཅི་རིགས་པ་བཟླ། དེ་ལྟར་བྱས་པས་དམ་སྲི་མོས་གནོད་མི་ནུས་སོ། །བཞི་པ་རྒྱལ་འགོང་ཁ་ཆིངས་ནི། སྨྱོ་འབོག་བརྒྱལ་ནད་བྱུང་འམ། ཕྱུགས་དང་ཞོ་ཆང་ལ་གོད་ཁ་བྱུང་ན་བྱ་སྟེ། དེ་ལ་རྒྱལ་འགོང་གི་ཁ་བཅིངས་ལ། རི་བོང་དང་བྱི་བའི་ཐོད་པ་ཁ་སྤྲད་པའི་བར་དུ། ཤོག་བུ་ལ་རྒྱལ་པོའི་ཞལ་བྲིས་པའི་ལྟོ་བར་འཁོར་ལོ་རྩིབས་བཞི་པ་མུ་ཁྱུད་དང་བཅས་པའི་དབུས་དང་རྩིབས་རྣམས་ལ། ཨོཾ་ཧཱུྃ་ར་ཙ་ཏྲི་འུ་རྦད་ཆིངས། ཞེས་བྲི། རྩིབས་མཆན་བཞི་ལ། ཁ་ཐམ་རྦད། ཅེས་བྲི། མུ་ཁྱུད་ལ། རྒྱལ་འགོང་ཁ་ཐམ། ཐེའུ་འགོང་ཁ་ཐམ། གོད་འདྲེ་ཁ་ཐམ། སྲིས་རྐུན་ཁ་ཐམ། ཞེས་བྲིས། རི་བོང་གི་པགས་པའམ་བྱི་ལའི་རླིད་བུར་གཏུམས། ཕྱི་སྒོའམ་ཐེམ་པའི་འོག་ཏུ་མནན། མནན་པའི་སྐབས་བཤད་འགུགས་བསྟིམ་ཐུན་བྲབས་མནན་སྔགས་ཅི་རིགས་བྱ། བདེན་སྟོབས་དམིགས། དེས་ཐུབ་ངེས་སོ། །རྒྱལ་པོ་མནན་ཅིང་ཕྱིས་མི་ལྡང་བར་བྱེད་པའི་གཏོ་ལ། ཤོག་བུ་མཐོ་གང་གྲུ་བཞི་ལ། རྒྱལ་པོའི་ཞལ་ཏེ་གཟུགས་
བྲིས་པའི་ལྟོ་བར། འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་གང་གནོད་པའི་མིང་བྲི། རྩིབས་བརྒྱད་ལ། ཏྲིའུ་ར་ཙ་ར་གྷ་རུ་བཛྲ་པད་དུ་ཐཱ་རིམ་འུབ་ནན་ནན་ཆིངས། ཞེས་བྲི། རྩིབས་མཆན་བརྒྱད་ལ། ར་ཙ་ནན། ཞེས་བྲི། མུ་ཁྱུད་ལ། རྒྱལ་འགོང་སྟྭམྦྷ་ཡ་ནན། ཞེས་བྲིས། བླ་རྡོ་ཕ་ཝང་ལོང་བུར་ཏྲི་དྲུག་བྲིས་པ་དཀྱིལ་དུ་བཞག་སྟེ་གཟུགས་དེ་དྲིལ་ནས་དར་གྱིས་གཏུམས། རྟ་ཐོད་དམ་བོང་ཐོད་དུ་གཞུག །ཐོད་པའི་དཔྲལ་བར་རྡོ་རྗེ་རྒྱ་གྲམ་བྲི། རོ་རས་ལ་དུག་ཆུ་བྱུགས་པས་ཐོད་པ་གྲིལ། ལྷ་ཁང་གི་ཐེམ་འོག་གམ། ལ་རྫས་ཀྱི་འོག་གམ། མཆོད་རྟེན་རབ་གནས་ཅན་གྱི་འོག་ཏུ་མནན། གོང་གི་མནན་པ་སྤྱིར་རྒྱུག་གི་སྔགས་དམིགས་སྦྱར། བདེན་སྟོབས་བརྗོད། དེས་རྒྱལ་པོ་ནམ་ཡང་མི་ལྡང་བར་ནོན་པར་འགྱུར་རོ། །འབྱམས་གཏོ་གོང་དུ་བཤད་ཟིན་ཏོ། །ལྔ་པ་ས་བདག་ཁ་བཅིང་བའི་གཏོ་ནི། ཀླུ་གཉན་ས་བདག་གིས་གནོད་པར་བྱ་སྟེ། ཤོག་བུ་ལ་སྦྲུལ་དང་། སྡིག་པ། སྦལ་པ། ལྕོང་མོ། རྩངས་པ། རྟ་བླ་རྣམས་ཀྱི་གཟུགས་བྲིས་པའི་ངོས་གཅིག་ལ་ས་བདག་གི་ཁ་བཅིང་ངོ་། །མི་འདི་ལ་གནོད་པའི་ཀླུ་གཉན་གྱི་ཁ་བཅིང་ངོ་། །གདོན་རྣམས་
ཀྱི་ཁ་བཅིང་ངོ་། །བྱ་བ་བྲིས་ལ་ནད་པའི་སྤྱི་བོར་གདགས། མི་དེའི་ཡན་ལག་བཞི་ཚོན་སྐུད་ཀྱིས་བཅིངས། ཡན་ལག་བཞི་ལ་སྡིག་སྦྲུལ་སྦལ་ལྕོང་གི་གཟུགས་བཞི་བྲི། དཔྲལ་བར་མཚལ་གྱི་ཁྲམ་རིས་གཅིག་བྲི། དུང་ཕོར་འོ་མས་བཀང་བ་ཤར་དུ་བཞག །རུས་སྦལ་གྱི་ཁོག་པ་གཏོར་མས་བཀང་བ་ལྷོ། བ་མེན་གྱི་རྭ་ཅོ་སྨན་གྱིས་བཀང་བ་ནུབ། བསེ་ཕོར་ཡུངས་ཀར་གྱིས་བཀང་བ་བྱང་དུ་བཀོད་དེ། དེའི་དབུས་སུ་ནད་པ་བཞག །རང་གི་ལག་པར་ཀླུའི་དུག་སྲུང་བ་རྨ་བྱའི་སྒྲོ་ཐོགས་ལ་བདེན་པ་བདར། ཞེས་གསུངས་པ་བཅས་ཀྱི་རིམ་པ་སྟེ། སྔོན་དུ་ཡི་དམ་གང་རུང་ངམ། འཇམ་དཔལ་ཞི་ཁྲོ་སོགས་ཀྱི་མངོན་རྟོགས་བསྒོམ། ལས་གཞུང་གི་ཚོགས་གསོལ་ཁ་སོགས་རྒྱས་པར་བྱ་བའམ། བསྡུ་ན་སྔོན་འགྲོའི་སྐབས་ལྟར་དཀར་དམར་གྱི་གཏོར་མ་གླུད་དང་བཅས་པ་བཏང་། སྡེ་བརྒྱད་གསེར་སྐྱེམས་འདོན། དེ་ནས་གོང་བཤད་ལྟར་ནད་པ་མདུན་དུ་བཞག་ལ། དཀར་གཏོར་གཙང་མ་དཀར་གསུམ་མངར་གསུམ་གྱིས་བརྒྱན་པ་དང་ཀླུ་སྨན་དང་སྦྱར་བའི་འོ་སྐྱེམས་བཤམས་ལ་བྱིན་བརླབས་བྱས་ཏེ།
ཨ་ཀཱ་རོ་ལན་གསུམ་གྱིས་ཀླུའི་གདོན་རྣམས་ལ་ཅི་འདོད་ཀྱིས་ཚིམ་པར་བསྔོས་ལ། སྨྲེང་འདི་བརྗོད་པར་བྱ་སྟེ། མི་འདི་ལ་གནོད་པའི་ལྷ་ཀླུ་རྣམས་ལ་དཀར་གཏོར་རྒྱན་དང་བཅས་པ་འདི་འབུལ་གྱིས་བཞེས་སུ་གསོལ། །མི་འདི་ལ་གནོད་པ་དང་འགལ་བ་མ་བྱེད་ཅིག །རང་རང་གི་གནས་སུ་དེངས་ཤིག །མི་ཆེ་གེ་མོ་འདི་ནད་དང་བྲལ་བར་གྱིས་ཤིག །གཏོ་མཁན་བདག་གི་བཀའ་ལས་མ་འདའ་ཞིག །གཏོ་མཁན་བདག་ནི་གཏོ་ཡང་མི་མཁས་དཔྱད་ཀྱང་མི་མཁས་ཏེ། གཏོ་འདི་ཀོང་ཙེ་འཕྲུལ་གྱི་གཏོ། །དཔྱད་འདི་གཙུག་ལག་སྲིད་པའི་དཔྱད། །གཏོ་ཡི་གཏོར་མ་འདི་ལོངས་ཤིག །མི་འདི་བཟུང་བ་བཏང་དུ་གསོལ། །ཞེས་བྱས་ལ་གཏོར་མ་དེ་འོ་མ་དང་ཀླུ་ལ་མི་གནོད་པའི་རྩི་སྨན་དང་རིན་པོ་ཆེ་དང་མེ་ཏོག་དང་བཅས་པའི་ཆུ་གཙང་གིས་སྦྱངས་ལ་འདྲེ་ལྔ་གནས་ཕྱོགས་སམ་གང་གནོད་པའི་ཕྱོགས་སུ་བཏང་ངོ་། །སླར་ཡང་རུས་སྦལ་ཁོག་པའི་གཏོར་མར་ཆབ་བྲན་ལ། རཾ་ཡཾ་ཁཾ་གིས་བསངས། ཨོཾ་ཨཱཿཧཱུྃ་གིས་འདོད་ཡོན་མི་ཟད་པའི་གཏེར་དུ་བྱིན་གྱིས་བརླབས་ལ། ཀླུ་མཆོད་པའི་
ཆོ་ག་གཞན་གྱི་གཞུང་ལྟར་གྱེར་བྱ་བའམ། ཡང་ན་གོང་གི་སྨྲེང་སླར་ཡང་བསྐྱར་ཏེ་བརྗོད་ནས། གཏོར་མ་ལ་དུང་ཕོར་ནང་གི་འོ་མ་དང་། བ་མེན་རྭ་ནང་གི་ཀླུ་ལ་མི་གནོད་པའི་རྩི་སྨན་དང་ཀླུ་སྨན་གྱིས་བྲན། གཞན་ཡང་རིན་པོ་ཆེ་དང་མེ་ཏོག་ཆུ་གཙང་བཅས་ཏེ་འབུལ་ལ་སྐབས་དེར་དེ་གར་བཞག །དེ་ནས་གཏོ་མཁན་འཇམ་དཔལ་དུ་བསྒོམས་ལ། བསེ་ཕོར་གྱི་ཡུངས་ཀར་དེས་ནད་པ་དང་ལིང་ག་ལ་བྲབ་སྟེ། ཀླུའི་གདོན་ལུས་ལ་ཞུགས་པ་ཐམས་ཅད་སྔགས་ཀྱི་ནུས་པའི་དཔལ་གྱིས་བཤིག་ཅིང་བཞུས་ནས་ལྷག་མེད་དུ་སོང་བར་བསམས་ལ། ཨོཾ་ཨཱཿཧཱུྃ་ནཱ་ག་ར་ཙ་ས་མ་ཡ་ཕྱེ། འདུ་བ་རྣམ་པ་བཞིའི་ནད་ལ་ཆོ་ཆོ། ནཱ་ག་ཡན་ཏེ་ཁྲོལ། ནཱ་ག་ཤནྟེ་ཤིག །ནཱ་ག་དུ་རུ་རྦད། ནཱ་ག་རཱ་ཛ་ས་མ་ཡ་ཕུ། ནཱ་ག་ཙི་ཙཾ་ཛྭོ་ལ་ཤིག་ཕུད། ཞེས་བཟླས་ནས་བྲབས་པས་ཡུངས་ཀར་ལིང་ག་ལ་ཐམ་ཐམ་འགྲོ། ནད་པ་སྐད་ངན་ཙེར་ཙེར་འབྱུང་། དེ་ནས་སྤྱི་བོའི་ལིང་ག་དང་ཚོན་སྐུད་རྣམས་བཀྲོལ་ཏེ་ཀླུ་གཏོར་གྱི་རྩར་བཞག །ཡན་ལག་དང་དཔྲལ་བའི་རི་མོ་རྣམས་དུང་ཕོར་གྱི་འོ་མ་དཔེ་ཧུར་དང་
མྱུར་ཟེར་དཔྱད་མ་དང་། བ་མེན་རྭའི་རྩི་སྨན་དང་འདྲེས་པའི་བུམ་ཆུས་བཀྲུ་ཞིང་། རྣམ་འཇོམས་དང་། རྨ་བྱ་ཆེན་མོ་སོགས་ཀྱི་སྔགས་བཟླ། ཁྲུས་ཁུ་རྣམས་སྣོད་གཅིག་ཏུ་བསགས་ལ་བཞག དེ་ནས་རྨ་བྱའི་སྒྲོས་བྱབས་པས་ནད་པའི་ལུས་ཀྱི་གདོན་ཐམས་ཅད་དུད་ཁུ་རླངས་པ་སྔོ་དམར་གྱི་རྣམ་པར་དབང་པོ་དང་འོག་སྒོ་བ་སྤུའི་བུ་ག་རྣམས་ནས་ཐོན་བར་བསམ། ཁྲུས་གླུད་གཅིག་བྱེད་འདོད་ན་དེ་ལ་ཐིམ་པར་བསམས་ལ། གོང་གི་སྔགས་ཅི་རིགས་བཟླས། མཐར་ནད་གདོན་ཐམས་ཅད་མེ་ལོང་གི་རྡུལ་ཕྱིས་པ་ལྟར་དག་པར་བསམ། ཁྲུས་གླུད་ཡོད་ན། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཞེས་བྱིན་གྱིས་བརླབ། ཀྱེ། གནོད་བྱེད་ཀླུ་ཡི་སྡེ་ཚོགས་རྣམས། །འདིར་གཤེགས་གླུད་ཀྱི་གཏོར་མ་ལོངས། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། ཕྱིན་ཆད་གནོད་པར་མ་བྱེད་ཅིག །ཁྱེར་ཅིག་སོགས་ཚིགས་བཅད་བརྗོད། །སརྦ་ཏ་གཙྪ་ཞེས་བརྗོད་པས་ཀླུ་གདོན་རྣམས་རང་གནས་སུ་སོང་བར་བསམས་ལ། གཏོར་མ་དང་གླུད་དང་ཁྲུས་ཁུ་རྣམས་གང་གནོད་པའི་ཕྱོགས་སུ་བསྐྱལ། སྔར་ལྟར་བདེན་སྟོབས་བརྗོད་ལ། མི་ཆེ་གེ་མོ་འདི་གདུག་པ་ཀླུའི་ནད་གདོན་ཐམས་ཅད་ལས་གྲོལ་ནས་བདེ་ལེགས་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །ཅེས་བྱས་ལ་རྟེན་འབྲེལ་སྙིང་པོ་ཅི་མང་བཟླ། ནད་པའི་གཙུག་ཏུ་རྨ་བྱའི་སྒྲོ་བཞག་ནས། ལྷ་དང་
རིགས་སྔགས་ཀྱི་བྱིན་གྱིས་བརླབས་ཀྱིས་ཕྱིན་ཆད་སུས་ཀྱང་གནོད་མི་ནུས་པར་བསམས་ལ། འཇམ་དཔལ་གྱི་སྔགས་དང་། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཞེས་བྱིན་རླབས་ཀྱི་དབང་བསྐུར། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །འཇམ་དཔལ་གཙུག་ལག་ལྷ་ཡི་ནུས་མཐུ་ཡིས། །འགྲོ་བ་འདི་དག་བདག་གིས་བསྲུང་ཟིན་གྱིས། །ཕྱིན་ཆད་སུས་ཀྱང་གནོད་པ་མ་བྱེད་ཅིག །བཛྲ་རཀྵ་རཀྵ་བྷྲུྃ། ཞེས་བརྗོད་ལ་རྨ་བྱའི་སྒྲོ་ཐིག་ཞིག །ནད་པའི་སྲུང་བར་ལུས་ལ་བཏགས་ནས། དེ་མི་ཉམས་པར་རྒྱུན་དུ་འཆང་བར་བྱ། ཚུལ་དེས་གནོད་པའི་ས་བདག་རྣམས་ཁ་བཅིང་ཞིང་ས་བདག་ཀླུ་གཉན་གྱི་གདོན་ལས་ཐར་བར་འགྱུར་རོ། །ཟབ་བོ། །ཡང་སྒྲོལ་ཐབས་གསུམ་གྱི་བྱེ་བྲག་ས་བདག་འཕྲང་སྒྲོལ་གྱི་གཏོ་ནི། མི་བརྒྱུད་ལས་བདག་གི་ཕུང་འདྲེ་ལངས་པའམ། གང་ཟག་ས་བདག་ཀླུ་གཉན་གྱི་ནད་ཀྱིས་བཏབ་པ་ལ་བྱ་སྟེ། རྫས་གསོག་ནི་ར་ཡི་གྲོད་པའི་ནང་དུ། ས་བདག་གིས་ཁྱེར་བའི་ཕུང་སྲི་བསྒྱུར་རོ། །ཞེས་བྲིས་པ་དང་མི་ཁའི་རྫས་བྲ་བོ། སྲན་ནག །ཉུངས་ནག །རམ་བུ། སྒོག་པ། གཡེར་
མ། ཚྭ། ཟྭ་ཚོད་སོགས་བླུགས། མི་ཁའི་རྫས་དེ་དག་ལ་སྔགས་འདི་རྒྱག་གོ །ཡ་བྷྱོ། ཡ་བྷྱོ། བཟློག་ཤ །བྷྱོ། ཡོན་བདག་གམ་མི་འདི་ལ་གནོད་པའི་འབྱུང་པོ་ཐམས་ཅད་བཟློག །ས་བདག་ཀླུ་གཉན་བཟློག །ས་སྲིན་ནག་པོ་བཟློག །ཕུང་སྲི་གདོན་ཆེན་བཟློག །ཡས་ལོངས་ཡས་ལོངས། སྐྱེས་ཐེག་སྐྱེས་ཐེག །རྗེས་ཅི་རིགས་བརྗོད་ལ་གྲོད་པ་ཁ་བཅིངས། གྲོད་པའི་ལོགས་ལ་སྦལ་སྦྲུལ་སྡིག་ལྕོང་ཀླུ་གཟུགས་ཡོད་ཚད་ལས་ཅི་རིགས་བྲི། གྲོད་པ་དེ་ནད་པའི་རྐེ་ལ་བཏགས། ནད་པའི་གཞོགས་གཡས་སུ་ར་ཁྱི་ཕག་གསུམ་གྱི་ཐོད་པ་བཞག །ཐོད་པ་དེ་རྣམས་ཀྱི་དཔྲལ་བར་ས་བདག་བསྒྱུར། འཕུང་སྲི་གཏོས་ལ་དགུ་བསྒྲལ་ལོ། །ཁས་བསྒྱུར་སྲི་རུ་ནོན་ཞེས་བྱ་བ་བྲིས། ནད་པའི་ལག་པ་གཡས་གཡོན་ལ་མགལ་བ་གསུམ་གསུམ་བཏགས་ལ། ཀླུ་ནད་མཛེ་ནད་ཐམས་ཅད་མགལ་བ་ཁྱོད་ལ་བསྐུར་རོ། །ཞེས་བྲིས། ནད་པའི་རྐང་པ་གཡས་པར། ཚོན་སྐུད་སྣ་ལྔ་ལ། ས་བདག་ཀླུ་ནད་ཅན་རྣམས་ཀྱི་བྱད་ཁ་མེ་ཡོག་ཁྲོལ་ཅིག བྱ་བ་བྲིས་ལ་བཏགས། རྐང་པ་གཡོན་པར་སྐུད་པ་ནག་པོ་ལ་བསྒྱུར་རོ་ཞེས་ཀྱང་
འདུག །མདུན་བྱས་པར། གདོན་སྣ་དགུ་དང་ནད་སྣ་དགུ་ཕུད། བྱ་བ་བྲིས་པ་བཏགས། སྤྱི་བོར་བྱ་ཁྱུང་གི་གཟུགས་བྲིས་ལ་ཀླུད་ནད་འདི་ཐོན་ཅིག །ས་བདག་གི་ནད་འདི་ཐོན་ཅིག གཉན་གྱི་ནད་འདི་ཐོན་ཅིག །བཙན་གྱི་ནད་འདི་ཐོན་ཅིག །གཟེར་གྱི་ནད་འདི་ཐོན་ཅིག །གདོན་ཕུད་ཅིག །མི་ལུས་ལ་སྲུང་དུ་གསོལ། ཞེས་བྲིས་པ་བཏགས། དེ་ནས་ཡི་དམ་གྱི་ལས་གཞུང་རྒྱས་པར་བཏང་བ་ཡིན་ན་དེ་ལྟར་བྱས་ཏེ། ལས་སྦྱོར་དུས་ནད་པའི་ལུས་ལ་གཏོ་བྱ་བ་འདི་བྱ། རྒྱས་པར་མ་གྲུབ་ན་སྔོན་འགྲོའི་སྐབས་ལྟར་དཀར་གཏོར་དམར་གཏོར་བཏང་ཆུ་གཏོར་ཀྱང་བཏང་། ཀླུ་གཏོར་དང་། འོ་སྐྱེམས་ཀླུ་སྨན་རྣམས་བཤམས་ལ། བྱིན་རླབས་བྱས་ནས། ཧོ། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་སྤྱི་དང་། ཁྱད་པར་མི་ལ་གནོད་པའི་ཀླུ་གཉན་ས་བདག་གི་གདོན་རྣམས་དཀར་གཏོར་མཐུན་རྫས་དང་བཅས་པ་འདི་སོ་སོའི་ཡིད་མཐུན་གྱི་འདོད་ཡོན་མི་ཟད་པར་དམིགས་ཏེ་འབུལ་ལོ། །འདི་བཞེས་ནས་མི་འདི་ནད་གདོན་དང་བྲལ་བར་གྱིས་ཤིག །སོ་སོ་རང་རང་གི་གནས་སུ་བདེ་བར་བཞུད་ཅིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་པ་འཇམ་དཔལ་དང་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་རྣམས་ཀྱི་བཀའ་ལས་མ་འདའ་ཞིག །ཞི་བ་བྱང་ཆུབ་ཀྱི་སེམས་
དང་ལྡན་པར་མཛོད་ཅིག །ཅེས་བདེན་པའི་སྨྲེང་གིས་བཀྲོལ་ཏེ་ཕུལ། གོང་བཞིན་བདེན་བརྗོད་ཀྱི་མཐར། མི་འདི་ས་བདག་ཀླུ་གཉན་གྱི་ནད་གདོན་ཀུན་ལས་གྲོལ་བར་གྱུར་ཅིག །ཅེས་བརྗོད། དེ་ནས་གཏོ་མཁན་འཇམ་དཔལ་དང་དེའི་སྤྲུལ་པའི་བྱ་ཁྱུང་དང་བཅས་པར་བསྒོམས་ལ། རྨ་བྱའི་སྒྲོ་ལག་ཏུ་ཐོགས་ཡུངས་དཀར་དང་བྱེ་ཚན་ལ་སྔགས་འདི་དྲག་ཏུ་བཟླས་ཤིང་མི་དེ་ལ་བྲབས་པས་ནད་གདོན་ཐམས་ཅད་ལྷག་མེད་དུ་ཡལ་བར་བསམ། སྔགས་ནི། ཨོཾ་བཛྲ་ག་རུ་ཎ་ཙ་ལེ་ཙ་ལེ་ནཱ་ག་མཱ་ར་ཡ་ཧཱུྃ་ཕཊ། བྷནྡྷ་ནཱ་ག་རྦུད་ཡ་ལིང་། ནག་པོ་ཙི་ཙི་ཛྭ་ལ་ཤིག་ཕུད་ཕུད་སྭཱ་ཧཱ། ཞེས་ཅི་མང་བཟླས། དེ་ནས་རྐེའི་གྲོད་པ་སོགས་ཡས་རྣམས་ནད་པའི་ལུས་ལས་བཀྲོལ་ཏེ་ཕྱོགས་གཅིག་ཏུ་བཞག ནད་པའི་ལུས་ལ་འོ་མ་དང་རྩི་སྨན་གྱི་བུམ་ཆུས་ཁྲུས་བྱ་ཞིང་རྣམ་འཇོམས་ཀྱི་གཟུངས་སོགས་དང་། སྔགས་སྔ་མ་བཟླས་ཤིང་རྨ་བྱའི་སྒྲོས་བྱབས་བས་ནད་གདོན་ཐམས་ཅད་ནད་པའི་ལུས་ལས་ཐོན་ནས་ཡས་རྣམས་ལ་ཐིམ་པར་བསམ། བདེན་སྟོབས་བརྗོད། དེ་ནས་ཡས་དེ་རྣམས་རེ་བ་ནག་པོས་གྲིལ་ནས་གླང་དམར་པོའམ་ཁྱི་ནག་པོ་ལ་བཀལ་ཏེ་འཕྲང་ཞིག་བསྒྲལ་བའི་སར་བསྐྱལ་ལོ། །བྱ་ཁྱུང་གི་གཟུགས་དེ་ནད་པ་ལ་བསྲུང་བར་བཏགས། བཀྲ་ཤིས་བརྗོད། དེས་ཀླུ་ནད་ཀུན་ལས་ཐར་བར་འགྱུར་ཏེ་ཟབ་བོ། །ཡང་དྲིལ་ཐབས་གསུམ་གྱི་ནང་ཚན་བྱད་ཁ་ཕུར་དྲིལ་གྱི་གཏོ་འདི་ནི་བན་བོན་གྱི་བྱད་ཁ་
ཟུག་པ་ལ་བྱ་སྟེ། འཇིམ་པ་ལས་མཆོད་རྟེན་གྱི་དབྱིབས་ཅན་མཐོ་གང་བ་དཀར་ནག་གཉིས་བྱ། ནག་པོའི་ནང་དུ་ཕ་རོལ་བྱད་མ་བུ་སྨད་དང་བཅས་པའི་མིང་རུས་བྲིས་པ་བཅུག་ལ་དེ་དངོས་སུ་བསམ་ཞིང་། མཆོད་རྟེན་མགོ་མཇུག་བཟློ་ལ་བཞག །དཀར་པོའི་ནང་དུ་རང་གི་ཡི་དམ་ལྷའི་སྔགས་དང་མཚན་བྲིས་ལ། བདག་མིང་འདི་ཞེས་བྱ་བ་འཁོར་དང་བཅས་པ་རྣམས་བསྲུང་དུ་གསོལ་ཞེས་བྲིས། ཡེ་དྷརྨས་རབ་གནས་བྱ། ལྷ་ཡི་ཕོ་བྲང་དུ་བསམས་ནས་ནག་པོ་དང་ཞབས་སྤྲད་དེ་དེའི་སྟེང་དུ་བཞག་པས་བྱད་མའི་མཐུ་སྟོབས་མནན་པར་བསམ་ལ་བདེན་སྟོབས་དམིགས། ཕ་རོལ་བྱད་མའི་གནོད་པའི་བསམ་སྦྱོར་ཐམས་ཅད་ཁོ་རང་ལ་བཟློག་པར་གྱུར་ཅིག །བརླག་པར་གྱུར་ཅིག །མེད་པར་གྱུར་ཅིག །ཞི་བར་གྱུར་ཅིག །ཅེས་བརྗོད་ལ་ཡེ་དྷར་བཟླའོ། །ཡང་སྐྱེར་ ཕུར་མཆོག་ཕུར་བྱད་ཕུར་གསུམ་བྱས་ལ། སྐྱེར་ཕུར་གྱི་དབལ་ལ། ཨོཾ་ཨཱཿཀྲོ་ཏ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ། ཅེས་བྲི། མིའི་ལག་ངར་གྱི་མཆོག་ཕུར་ལ། ཨོཾ་
ཏྲག་རཀྵ་ཁ་དུནྟེ་སྙིང་ཁ་རཀྨོ་བྷྱོ། ཞེས་བྲི། བྱད་ཕུར་ལ། ཨོཾ་ག་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ་བྷྱོ། རིམ་པ་ལྟར་གཤིན་རྗེའི་གཤེད་དང་། སྒྲོལ་ཡུལ་ཨེ་ཀ་ཛ་ཊཱི་དང་། བྱ་ཁྱུང་དུ་བསམས་ལ་ཡེ་ཤེས་པ་བསྟིམ། ཡེ་དྷརྨཱས་རབ་གནས་བྱ། ལྷ་དེ་དག་གི་སྤྲུལ་པ་ཡང་སྤྲུལ་མང་པོས་བྱད་ཁ་རྦད་འདྲེ་རྦོད་གཏོང་ཐམས་ཅད་ཕར་བཟློག་པར་དམིགས། བདེན་བརྗོད་མཐར། ཆེ་གེ་མོ་ལ་གནོད་པའི་བྱད་ཁ་རྦོད་གཏོང་ཐམས་ཅད་ཕར་ཁོ་རང་གི་གཤེད་དུ་བཟློག་པར་གྱུར་ཅིག །ཅེས་བརྗོད་དེ་བདེན་སྟོབས་དམིགས་པར་བྱས་ལ། རས་ཀྱིས་གྲིལ་ནས་མིས་མི་མཐོང་བར་རྩེ་མོ་དགྲ་བོ་བྱད་མའི་ཕྱོགས་སུ་བསྟན་ལ་བཞག་པས་བྱད་ཁ་ཐམས་ཅད་བཟློག་པར་འགྱུར་རོ། །ཟབ་བོ། །ཡང་ན་ཁྱི་ཐོད་དུ་བྱད་མའི་ལིང་ག་བཅུག་ལ་དགུག་བསྟིམ་བྱ། སེང་ལྡེང་གི་ཕུར་པ་གཅིག་ལ་སྔགས་འདི་བྲིས། ཧཱུྃ་བྷ་ད་ཡ་བྷཱ་ད་ཡ་ལོ་ག་བྷེ་ཤ་ཡ་ཧེ་ཧེ་ན་ཧཱུྃ། སརྦ་བཟློག་
བཟློག་ཡཱ་ཡཱ་བྷྱོ་བྷྱོ། སྔགས་དེ་དག་ཏུ་བརྒྱ་རྩ་རེ་བཟླས་ནས་ཁྱི་ཐོད་ལ་གཟུགས། སྔགས་ངོ་དང་ཐོད་པའི་ཁ་བྱང་མའམ་དགྲ་ཕྱོགས་སུ་བསྟན་ཏེ་ཐེམ་པའི་འོག་ཏུ་མནན། དེས་བྱད་ཁ་ཕུར་ཁ་བཟློག་པར་འགྱུར་རོ། །ཞེས་བྱད་ཁ་ཕུར་དྲིལ་གྱི་ལེའུ་སོ་གསུམ་པ་ལས་སོ། །ཡང་ལེའུ་དོན་བཞི་པ་ལས། བན་དེའི་མཐུ་ཟུག་ན་གཏོ་འདི་བྱ་སྟེ། མཐུ་བྱེད་མཁན་དེའི་གཟུགས་ཇི་འདྲ་བ་གཅིག་བྱས་ལ་ཁོའི་མིང་རུས་བྲིས་པ་ཁོག་པར་བཅུག །དེ་དངོས་སུ་བསམ། དེའི་དབུ་ལ་ཐོད་གཅིག་བཅིངས་འོག་ཏུ་བྲམ་ཟེ་བཏིང་། གདན་ཡིན། མདུན་དུ་དཀྱིལ་འཁོར་གྱི་ཚུལ་ཞིག་བྲིས། དེ་ལ་ཆང་བན་ཆང་བུམ་ཡིན་ནམ་ཤ་ཁོག་མར་སོགས་དྲངས། དེའི་ཕྱི་རིམ་དུ་འདམ་པའི་འཇིམ་པའི་རྟ་གླང་མཛོ་དྲེལ་སོགས་ཀྱི་གཟུགས་དང་དཀོར་ཆ་བསགས་ལ། དེ་དག་དངོས་སུ་དམིགས་ནས། བན་དེ་བྱད་མ་དེ་ལ་སྐུ་རྒྱལ་གྱི་ཚུལ་དུ་ཕུལ་ཏེ། ཆེ་གེ་མོ་ཁྱོད་ལ་སྐུ་རྒྱལ་དུ་བཞེས་སྤྲོ་དང་། རྟ་གླང་མཛོ་དྲེལ་སོགས་རྣམ་པ་མང་པོའི་དཀོར་ཆ་འདི་འབུལ་གྱིས། ད་ནི་བདག་ཅག་ལ་བྱད་ཁའི་བུ་ལོན་མེད་པས་མཐུ་
བསྡུས་ཤིག །བྱད་ཁ་ཁྲོལ་ཅིག །རྒྱ་འདྲེ་བཅད་དོ། །ཞེས་བརྗོད། བདེན་སྟོབས་དམིགས་ཤིང་གོང་བཞིན་བརྗོད་པའི་མཐར། བདག་ལ་ཕ་རོལ་ཆེ་གེ་མོས་མཐུ་བྱད་བྱས་པ་ཐམས་ཅད་དེ་རིང་ནས་རྩད་ནས་ཞི་བར་གྱུར་ཅིག །ཅེས་བརྗོད་ནས། བྱད་མ་ཁོ་རང་གི་ཡུལ་དུ་བསྐྱལ། མ་གྲུབ་ན་དེ་ཕྱོགས་སུ་བསྐྱལ་ནས། སྐད་གསང་མཐོན་པོས་ངས་མ་ཉེས་མ་ལན་མཐུ་ཐམས་ཅད་ཕྱིར་ལོགས་ཤིག་ཅེས་སོགས་བརྗོད་པའི་འོ་དོད་བོས། དུལ་མོ་གདབ་ཅེས་པ་གཡབ་མོ་བརྡབ་པའི་དོན་ཏེ། སྔགས་པ་ཡིན་ན་ཕོད་ཀའི་འཕུར་སྣེ་དང་། འཕུར་སྣེ་ཞེས་ཕོད་ཀའི་ཕུ་རུང་འོག་གི་འཕྱང་སྣེ་ཡིན། སྐྱེས་པའི་གོས་སམ་རུ་དར་སོགས་དང་། བུད་མེད་ཀྱི་ཕྱར་བ་དང་དོར་རྟ་སོགས་དང་། བན་དེའི་གཟན་མཐུ་སོགས་ཀྱི་གཡབ་མོ་བརྡབ་ལ། དམོད་པ་དང་བཟློག་བཟློག་བྷྱོ་བྷྱོ་ཞེས་བརྗོད་པར་བྱའོ། །དེས་གང་ལ་ཆེད་དུ་དམིགས་པ་དེའི་བྱད་ཁ་བཟློག་པར་འགྱུར་རོ། །དྲིལ་ཐབས་གསུམ་གྱི་བྱེ་བྲག །མི་ཁ་རྡོག་དྲིལ་གྱི་གཏོ་ནི། ཁྱིམ་དུ་ལྟས་ངན་བྱུང་བ་དང་། སྨེ་བ་གཉིས་ནག་ལ་བབ་པའམ། སྐྱེས་པ་དང་། གཞན་
གྱིས་མི་ཁ་ཟུག་པ་ལ་སྟེ། སྒྲོ་བའམ་ཕད་ཚེ་ནག་པོ་ཞིག་གི་ནང་དུ། བྲ་སྲན་སྒོག་པ་ཐལ་འཇིམ་སོགས་མི་ཁའི་རྫས་གང་རྙེད་བླུགས། ལྟས་ངན་བཟློག་པ་ལ་ལྟས་ངན་གང་བྱུང་གི་ཤ་ཁྲག་གམ་སྤུ་དང་དེའི་གཟུགས་ཀྱང་བཅུག །མགལ་བ་ཁ་ནག་ཚོན་སྐུད་སྣ་ལྔས་བསྡམས་པ་གཅིག་ཀྱང་བཅུག །ཞགས་པ་ནག་པོས་བསྡམ། ཐོ་ལེས་བཏབ་ཅིང་། སྒོ་ཐེམ་སོགས་སུ་སྣོད་དེ་བཞག་ལ་རང་གི་རྡོག་པས་བརྫི་ཞིང་དྲིལ་ལ་སྔགས་འདི་ལན་དགུ་བརྗོད། བྷྱོ་མི་ཁ་ཧུར་ཐུམས་རྦད་དྲིལ་ཐུམ་ཐུམས། ཤིག་ཤིག་རྦད་རྦད་རིལ་རིལ་བྷྱོ་བྷྱོ་བཟློག་བཟློག །ཅེས་སོ། །དེ་ནས་ལག་ཏུ་མི་ཁྱེར་བར་ས་ལ་དྲུད་ནས་ཁྱེར་ཏེ་ལམ་སྲང་སུམ་མདོར་བསྐྱལ་ལ་བཞག་གོ། དེས་མི་་ཁ་དང་ལྟས་ངན་ཀུན་བཟློག་པར་འགྱུར་རོ། །ཞར་བྱུང་དུ། བྱ་ཐན་བབ་པའམ་བྱ་ཐལ་ཕོག་ནས་རིམ་གྲོ་བྱ་དགོས་པ་བྱུང་ན། ཟན་ལས་ཤར་དུ་འུག་པ་སེར་པོ། ལྷོར་པུ་ཤུད་ཁྲ་བོ། ནུབ་ཏུ་སྲེག་པ་སྲེ་བོ། བྱང་དུ་ཕ་ཝང་དཀར་པོའི་གཟུགས་བྱས་ལ། བྱ་རེ་རེའི་མདུན་དུ་བཤོས་བུར་རེ་དང་མཐེབ་ཀྱུ་རེ་བཞག་ནས། ངག་ཏུ་
འདི་སྐད་དུ། བྱ་ཁྱེད་བཞི་པོས་བྱ་འདྲེ་དང་བྱ་ཐན་ཐམས་ཅད་བཟློག་ཅིག་སྒྱུར་ཅིག །ཅེས་བརྗོད་ནས། མི་བཞིས་ཕྱོགས་བཞི་ལ་བྱ་རེ་རེ་ཁྱེར་ཏེ་བོར་བར་བྱ། དེས་བྱ་ཐན་དང་བྱ་འདྲེ་ཐམས་ཅད་བཟློག་པར་འགྱུར་རོ། །འདི་གཏོ་འབུམ་གཞུང་གི་གཤམ་དུ་བྲིས་འདུག་པ་འདིར་བཞག་གོ །གདོན་བཅོས་སྐོར་གྱི་གཏོ་ཡི་སྡེ་ཚན་སྟེ་གསུམ་པའོ།། །།དེ་ནས་ནད་པའི་རྩིས་ཀྱི་སྐབས་སུ་བཤད་པའི་ནང་གཏོ་སྐོར་ཕལ་ཆེ་བ་རྩིས་གཞུང་དུ་ཡོད་ཅིང་། གོང་བསྟན་སྐག་གཏོ་རྣམས་དང་གདོན་གཏོའི་སྐོར་རྣམས་ཀྱང་ནད་པ་ལ་ཕན་པའི་གཏོ་ཡིན་ཞིང་། འདིར་གཞུང་གི་ལེའུ་དགུ་པར་གསུངས་པ་འབྱུང་བ་དལ་བསྒྱུར་གྱི་གཏོ་འདི་ནི་ནད་རིམས་ལ་བསྔགས་པ་ཡིན་ལ། གཏོ་འདི་ལའང་དཀར་ནག་ཁྲ་གསུམ་ཡོད་པའི། དང་པོ་འབྱུང་བ་དལ་སྒྱུར་དཀར་པོ་ནི། ཡུལ་ཁམས་སུ་ནད་རིམས་ཆེན་པོའམ། ལྷ་སྲིན་འཁྲུག་པའི་གནམ་དལ་ལམ་དལ་ཡམས་ཆེན་མོ་བྱུང་ན་བྱ་སྟེ། དང་པོ་ཡུལ་དེའི་མི་རྣམས་བསྡུས་ལ། གཟའ་སྐར་
བཟང་པོ་ལ་འབུམ་འུར་འདོན་བྱ། མ་མོ་གླིང་མདོས་དང་། མ་ཏྲཾ་ཁྲམ་མདོས། ཕྱ་ཡི་ཕོ་མདོས། མ་མོའི་ཞལ་བསྒྱུར་རྣམས་བྱ། གཏོ་ནི་སྨན་བཟང་དྲུག་དང་། སྨན་སྣ་དགུ་ནི། མུ་ཟི་ནག་པོ། བོང་ང་ནག་པོ། ཤུ་དག་ནག་པོ། གླ་རྩི། རྩི་བོ་ཆེ་ཞེས་པར་ཤིང་ཀུན། ར་རིལ་ནག་པོ། ར་དུག་ནག་པོ། གུ་གུལ་ནག་པོ། ཡུངས་ཀར་འབྲུ་གསུམ་ལ་སྔགས་འདི་སྟོང་བཟླས་ཏེ་མི་རྣམས་ལ་བསྲུང་བར་བཏགས། གྲོང་གི་ཐ་མར་བསྐོར། ལྷ་མ་སྲིན་སྡེ་བརྒྱད་ལ་གསེར་སྐྱེམས་བཏང་། སྔགས་ནི། ཨོཾ་ཧཱུྃ་ཡ་ཏི་མ་ཀི་མ་ར་ཕུ་ཡ་མ་ཤ་ཏྲུཾ། རཀྴ་ཕུ་ནཱ་ག་ཤུ་ལི་ར་ཡ་སུ་ཕུད། ཡ་ཐེམ་བཟློག །མ་ཐེམ་བཟློག །མེ་ཆུའི་དལ་ཁ་བསྒྱུར་རོ། །ས་རླུང་གི་དལ་ཁ་བསྒྱུར་རོ། །ཞེས་གྲོང་ཡུལ་གྱི་མཐའ་ནས་བསྐོར་ཞིང་སྔགས་བཟླ། མི་ལ་གོང་རྫས་ལ་སྔགས་འདི་བཏབ་པའི་དུ་བས་བདུག །རྫས་ཐུམ་བུ་མང་དུ་བྱས་ཏེ་ཤིང་ལ་བཏགས་ནས་གྲོང་གི་དཀྱིལ་དུ་བཙུགས། དེས་མི་བཟློག་གང་ཡང་མེད་དོ། །དལ་བསྒྱུར་ཁྲ་བོ་ནི། ཤིང་སེ་བ་མགོ་
ལིང་སྟེ་རྩེ་མོ་མ་ཉམས་པ་གཅིག་ལ། བལ་ཚོན་སྣ་ལྔས་དྲིལ་ལ་བཏགས། ངོས་སམ་ཕྱོགས་གཅིག་ལ་ལོའི་དལ་ཁ་བསྒྱུར་ཞེས་དང་། ངོས་གཅིག་ལ་ཟླ་བ་དང་ཞག་གི་དལ་ཁ་བསྒྱུར་ཞེས་དང་། ཡང་ངོས་གཅིག་ལ་དུས་ཚོད་དང་གཟའ་སྐར་གྱི་དལ་ཁ་བསྒྱུར་ཞེས་བྲིས། ཡུལ་མི་རྣམས་ཀྱིས་ཕྱེ་ཕུད་བསྡུས་ལ་ལྷ་དང་སྲུང་མ་དང་ཡུལ་ལྷ་རྣམས་ལ་གསོལ་མཆོད་རྒྱས་པར་བྱ། ཡུལ་དུ་མི་ནད་མ་བཏང་ཞིག །ཅེས་ཕྲིན་ལས་བཅོལ། ཆབ་གཏོར་དང་གཏོར་མ་ཆ་གསུམ་མང་དུ་གཏོང་། གྲ་ལྔ་དང་། གཙུག་ཏོར་ནག་མོ། མི་ནད་ཕྱུགས་ནད་ཞི་བར་བྱེད་པའི་གཟུངས་འདོན། གཏོ་མཁན་རང་གིས་ར་རོག་པོའི་རིལ་མ་ལ་སྔགས་འདི་བརྒྱ་རྩ་བརྒྱད་བཟླས། མི་རེའི་རྐེ་ལ་རིལ་མ་བདུན་རེ་བཏགས་སོ། སྔགས་ནི། ཨོཾ་མི་ཀི་ཏེ་ཕུད། མ་ཁུ་ལེ་ཕུད། སྤྱི་ཁུ་ལེ་ཕུད། སརྦ་མ་ཕུད། ནམ་ནམ་ཏི་ཀ་ཏེ། རྩེར་རྩེར། ཙུར་ནུབ་ག་ཁུག །ཨ་ད་བག་གི །ཁུ་ཙུ་ཁུ་ལུ་ཁུ་དུ། དལ་བསྒྱུར་དལ་བསྒྱུར། དལ་ཁ་ཡམས་ནད་བསྒྱུར་བཟློག །བསྲུང་བསྲུང་ཞི་ཞི་དལ་ཁ་ལྷེ་ན་སྭཱ་ཧཱ། སརྦ་བྱེ་དྷི་ཛྭ་རཾ་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། རིལ་མ་མང་ཞིག་སེ་བ་ལ་བཏགས་ནས་ཁང་ཐོག་ཏུ་གཟུགས། མིན་ན་
གྲོང་གི་དཀྱིལ་དུ་ཤིང་རིང་པོ་གཅིག་ལ་བཏགས་ནས་གཟུགས་སོ། །ཡང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཛ་རེ་ཛ་རེ་མ་ཧཱ་ཛྭ་རེ། མ་ཁ་མ་ཁ། སཱ་པ་རི་སཱ་པ་རི། ཨ་ཏྲི་མ་ན་སི། ཀ་རི་ཀ་རི། གཙྪ་ཛྭ་ར་མུ་སྟོ་ཤིག་སྭཱ་ཧཱ། ཞེས་རྩྭ་དཱུར་བའམ་སྐུད་པ་སྔོ་དམར་ལ་སྔགས་དེ་ལན་གསུམ་བརྗོད་ནས། ལག་གཡས་སུ་བཏགས་ན་འགོས་ནད་རིམས་ནད་མེད་པར་འགྱུར་རོ། །དལ་གཏོ་ནག་པོ་ནི། ར་རོག་གཅིག་བསྒྲལ་བའི་གྲོད་པ་དྲོད་མ་ཡལ་བའི་ནང་དུ། སྔོ་དང་། སྦང་མ་དང་། རམ་པ་དང་། རུག་པ་དང་། རྩོད་དང་། རྒྱ་སྐྱེགས་དང་། གཡེར་མ། སྒོག་པ། ལ་ཕུག །བལ་ཚོན་སྔོ་དམར། མི་ཁའི་ཡས་དང་ཁྲག་སྣ་མང་པོ་བླུགས། དགོང་མོ་ཉི་མ་ཟེར་སྡུད་ལ། བུད་མེད་གཅིག་གིས་ལམ་ཁར་བསྐྱལ། གཏོ་མཁན་གྱིས་ཚིག་འདི་བརྗོད་དོ། །ལྷ་འཕགས་པ་འཇམ་དཔལ་གཞོན་ནུས་ནད་ཁ་བཟློག་ལ་རིམས་ཁ་བསྒྱུར། ལྷ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་ནད་ཁ་བཟློག་ལ་རིམས་ཁ་བསྒྱུར། ཟོན་དལ་བསྒྱུར་གྱིས་བདག་མོས་ནད་ཁ་བཟློག་ལ་རིམས་ཁ་བསྒྱུར། ཞེས་སོ། །དེས་དལ་ཡམས་བཟློག་པར་འགྱུར་རོ། །ཡང་ཕྱོགས་ངན་
དུ་སོང་ནས་ན་བར་གྱུར་ན། ཕྱོགས་ངན་དུ་ཕྱིན་ངོས་ཀྱི་ཕྱོགས་ནས་ས་བླངས་ལ་ནད་པའི་ལོ་གྲངས་ཀྱི་གླུད་བཏབ་ཏེ་དཔལ་བསྐྱེད་ཀྱི་ཕྱོགས་སུ་བསྐྱལ། གནམ་སྨན་དཔལ་བསྐྱེད་སོགས་སྲོག་ལུས་བསྐྱེད་པའི་ཕྱོགས་ནས་ས་བླངས་ལ་ནད་པའི་མལ་འོག་ཏུ་བཏིང་། ཕྱོགས་ངན་ནས་ན་ཕྱོགས་དེར་མཆོད་རྟེན་བརྩིགས། རྡོ་ཟོར་འཕང་། འབྲུ་སྣའི་གླུད་ལོ་གྲངས་ཙམ་བཏང་བས་ཐུབ་བོ། །ཡང་ནད་ཚབས་ཆེ་བའི་ནད་གཏོ་ནི་ལུས་ལས་བསྒྲེས་གླུད་ལོ་གྲངས་དང་། མི་ཁའི་རྫས་ཚོགས་ཚད་ཞྭ་གྱོན་འཕྲོ་ལྷྭམ་དང་བཅས་པར་གཏུམས་ལ་ནད་པའི་མཐུན་གསུམ་གྱི་ཉི་མ་དང་དུས་ཚོད་ལ་གང་གནོད་པར་གླུད་དུ་བཏང་བས་ཞིའོ། །ནད་གཏོའི་སྐོར་གྱི་སྡེ་ཚན་བཞི་པའོ།། །།གཏོ་སྒྲོམ་གཞུང་དུ་རྩིས་མགོ་ལྔར་གསུངས་པ་ལྟར་ན་ནད་རྩིས་ཀྱང་གསོན་སྐེག་གི་ཁོངས་སུ་བསྡུས་པ་ཡིན་ལ། གཞུང་གཞན་ལས་ནད་རྩིས་ལོགས་སུ་ཕྱེ་བ་ལྟར་ན་རྩིས་མགོ་དྲུག་ཏུའང་འགྱུར་རོ། །ད་ནི་གི་གོང་བག་མའི་རྩིས་ཀྱི་སྐོར་དུ་མཁོ་བའི་གཏོ་ལ། དེའི་བཅོས་ཕལ་མོ་ཆེ་རྩིས་གཞུང་གཞན་དུ་གསལ། གཞུང་འདིར་བསྟན་པ། བག་མ་ལམ་ལོག་བཅོས་པའི་གཏོ་ནི། བག་རྩིས་ལྟར་བརྩིས་པས་བག་ལམ་མེད་པའམ། ཕྱོགས་ངན་པར་འགྲོ་དགོས་བྱུང་བའི་བཅོས་ཡིན་ཏེ། སྣ་སྐྱོར་ཞེས་སྣ་ལེན་གྱི་གཏོ་བྱེད་པའི་སྣ་བོན་པོའམ་ལེའུ་ནི་བག་མའི་ལོའི་བདུན་ཟུར་
ལོ་པ་གཅིག་གིས་བྱ། དེ་ཡང་དེའི་དབང་ཐང་བག་མའི་དབང་ཐང་གི་དགྲར་གྱུར་ན་རབ། མིན་ཀྱང་བདུན་ཟུར་ཡིན་པས་ཆོག །བག་མ་རང་གི་དབང་ཐང་གི་ཁམས་ཀྱི་མདོག་དང་མཐུན་པའི་འོག་རྟ་ལ་ཞོན། མཐུན་གསུམ་ལོ་པ་གཅིག་གིས་བག་མའི་རྟ་ཁ་འཁྲིད་པ་ཡིན་ཏེ་བག་མ་རྟ་ལོ་ཡིན་ན། སྟག་ཁྱི་གང་རུང་གི་ལོ་བས་ཁ་ནི་ཁྲིད་པ་ལྟ་བུའོ། །དེ་ཡང་བག་སྲོག་སོགས་གསོ་བསྐྱེད་ཅན་བྱུང་ན་ལེགས། བག་མའི་དབང་ཟླ་དང་གཟའ་སྐར་བཟང་བར་བག་མ་གཏོང་། རྟེན་འབྲེལ་དེས་བག་ལམ་ལོག་པའི་ཉེས་པ་ཞིའོ། །ཡང་ཁང་པ་བརྩིགས་ཉེས་པ་དང་། དུར་གདབ་ཉེས་པ། བག་མ་བླངས་ཉེས་པ་གསུམ་བཅོས་པའི་གཏོ་ཡི་བྱེ་བྲག །བག་མ་བླངས་ཉེས་ཀྱི་གཏོ་ནི། བག་མ་ཕོ་ལོ་ཡིན་ན་ཕོ་ཆས། མོ་ལོ་མོ་ཆས་བྱས། སྣ་ཆོག་གི་རིམ་གྲོ་རྣམས་ནན་ཏན་དུ་བསྐྱལ་ལ་བྱ། འགྲོ་སའི་ལམ་རྒྱ་གྲམ་ཞིག་ཏུ་ཐོ་ཞིག་བརྩིགས། ལམ་གྱི་ཁང་པ་གཅིག་ལ་ཕྱག་བྱ། ར་རོག་པོ་གཅིག་བག་མའི་སྣ་ལ་སྣ་ལེན་དུ་བྱེད། གནམ་ཁྱི་ཡས་ཀྱིས་བཅོས། བྱུར་འབུད་ཀྱི་གཏོ་བྱ། སྣང་བརྒྱད་ཅི་འགྲུབ་བཀླགས།
དེ་ནས་བཀྲ་ཤིས་གསོལ་ཞིང་བཀྲ་ཤིས་པའི་ཟས་ཀྱིས་ངོ་བསྲོ་བྱའོ། །ཡང་བླང་དུ་མི་རུང་བའི་བག་མ་བླངས་ན། ཁམས་ལ་ལོ་བཅུ་གཉིས་ཀྱི་གཟུགས་བྱ། དེ་ལ་མདའ་འཕང་བཙུགས། བག་མའི་བདག་པོ་རང་གི་རྐང་པ་གཡོན་པའི་ལྷྭམ་ཕུད། ཕུ་དུང་གཡས་པ་བྲེགས་ལ་བག་མ་སྒོར་བྱུང་བའི་མདུན་དུ་བོར་བས་ཐུབ། ཡང་ཕར་ལ་བག་མ་བཏང་མི་རུང་བ་བཏང་དགོས་བྱུང་ན། བག་མ་དེའི་གཟུགས་གཅིག་བྲིས་པའི་སྙིང་ཁར་མིང་རུས་བྲིས། དེ་མདའ་བྱ་རྒོད་མ་ལ་བཏགས་ནས་གཡང་བླན་ཏེ་ལྷ་རྟེན་ལ་འཛུགས་སོ། །ཡང་སྔོན་ཆད་བྱེ་བྲལ་མང་དུ་བྱས་པ་བག་མར་ལེན་ན། སྒོ་དྲུང་དུ་བག་མའི་རྐང་པ་སྒྲོག་ཏུ་བཅུག་ལ་གོམ་པ་བཞི་བོར། རྐེད་པ་སྒྲོག་ཏུ་བཅུག་ལ་གོམ་པ་གསུམ་བོར། མགྲིན་པ་སྒྲོག་ཏུ་བཅུག་ལ་གོམ་པ་གསུམ་བོར། །སྐུད་པ་དེ་གསུམ་གྱི་སྣེ་རང་གི་ལྷ་རྟེན་ནམ་ཀ་བ་ལ་བཏགས་ནས། གཡང་བླན་ཚེ་འགུགས་བྱས་ནས་བཀྲོལ་བས་ཐུབ་བོ། །ཡུགས་ས་མོ་བག་མར་ལེན་ན། བག་མ་དེའི་ལོ་དགྲའམ་ལོ་གཤེད་ཀྱི་མགོ་ཅན་མ་དཔེ་ཆད་དམ་ཐག་སྒྲོག་ལྟ་བུའི་སྐུད་སྣེ་གང་ཡིན་བརྟག །གྱི་གཟུགས་
མདའ་གཞུ་འགེངས་པ་གཅིག་བྱས་ཏེ། བག་མ་འོང་བའི་མདུན་དུ་འཕང་བཏང་ན་དེས་ཐུབ་བོ། །སྤྱིར་བག་མ་ལ་གནམ་ཁྱི་དང་། ཐེ་ཁྱིམ་བརྩི་ཞིང་བཅོས་པ་གལ་ཆེ། ཟླ་འཁོར་གྱི་གཏགས་ཀྱི་ལྷ་དྲུག་གང་རུང་གནས་ཕྱོགས་སུ་བརྫངས་ཤིང་། ཁྱོའི་ཁྱིམ་དུ་ལྷ་དེ་ཕྱོགས་ཁ་བསྟན་ནས། འགོ་བའི་ལྷ་ལ་བག་མ་དེ་བཅོལ་གཏད་ཀྱིས་ལྷ་ལ་བཏགས་པ་བྱ་ཞིང་བཀྲ་ཤིས་བརྗོད་པར་བྱའོ། །གི་གོང་བག་གཏོའི་སྐོར་གྱི་སྡེ་ཚན་ཏེ་ལྔ་པའོ།། །།ད་ནི་གཤིན་གྱི་རྩིས་ཟང་གྱམ་གྱི་སྐབས་སུ་མཁོ་བའི་གཤིན་གཏོ་ལ། སྤྱིར་གཤིན་གྱི་ཤི་སྒབ་བཅད་པ་དང་བཀྲ་རྩིས་ཀྱི་བཅོས་སོགས་རྩིས་གཞུང་དུ་གསལ། འདིར་གཏོ་སྒྲོམ་གཞུང་ནས་བྱུང་བའི། བཅད་ཐབས་གསུམ་གྱི་བྱེ་བྲག་ཤི་རྒབ་བཅད་པའི་གཏོ་ནི། ཕ་ཚན་གཅིག་ལ་ཡང་ནས་ཡང་དུ་འཆི་བ་མང་དུ་བྱུང་ཚེ་ཤི་ཁ་མ་ཆོད་ན་གཏོ་འདི་བྱ་སྟེ། ཤི་བ་གཞུག་མ་དེའི་ཁར་དགྲ་བོའི་མིང་རུས་བྲིས་ལ་ཤི་གཞུག་ངན་པ་དགྲ་ལ་བསྒྱུར་ཞེས་བྲིས་པ་གཞུག་ཅིང་ངག་ཏུའང་བརྗོད། རོའི་མཆུ་གཉིས་རྒྱུས་པས་བཙེམ་ནས། ཤི་ཁ་བྱེ་བ་བསྒྲུབ་ཅིག །ཅེས་བརྗོད། ལག་པ་ཚོན་སྐུད་སྣ་ལྔས་བཀྱིག་ལ།
གཤིན་ལག་འབྱུང་བ་ལྔ་ཡིས་བཀྱིག་གོ་ཞེས་བརྗོད། རྐང་པ་གཉིས་ལྕགས་སུ་བཅུག་ལ། ཤི་ཁ་བྱེ་བ་ལྕགས་ཀྱི་ཐ་རམ་ནག་པོས་བསྡོམ། ཞེས་བརྗོད། མིག་ཁབ་བཙག་བྱས་ལ། ཤི་མིག་གསོན་ལ་མ་ལྟ་ཞིག །ཅེས་བརྗོད། སྤར་བརྒྱད་གཤེད་ཀྱི་ཕྱག་རྒྱས་མནན་ཏེ་དུར་ཁ་རྒྱས་གདབ། རོ་བོར་བའི་ཤུལ་དུ་གཤིན་པོ་སྤར་ཁ་གང་ལ་ཤི་བའི་ཕྱུགས་དེ་ཕར་ཁྲིད་ཚུར་ཁྲིད་བྱས་ནས་རོ་ཤུལ་བཅག །དེས་ཤི་ཁ་ངེས་པར་ཆོད་དེ། བདེན་སྟོབས་དམིགས་པ་བྱའོ། །ཡང་ལུག་གི་ཉི་མ་ལ་ཤི་ན། གཤིན་ཆུ་ཕར་བརྒལ་གྱི་ཉི་མ་ཞེས་ངན་པས། འཇིམ་པའི་ལུག་གཟུགས་གཅིག་བྱས་པའམ་ལུག་རོ་གཅིག་བཞག་ལ་དེའི་རྣ་བ་གཉིས་བཅད་དེ་སྐས་ཀའི་འོག་ཏུ་མནན། རྨིག་པ་བཞི་ཐེམ་པའི་འོག་ཏུ་མནན། མགོ་བོ་དུར་གྱི་ཕྱོགས་སུ་མནན། སུག་པ་བཞི་ཁང་པའི་གྲྭ་བཞིར་མནན། པགས་པ་ལམ་རྒྱ་གྲམ་སྟེང་དུ་མནན། ཚེ་འདས་ཀྱི་དཀོར་ཆ་སྣ་གཅིག་བོར་ལ་བཞག་པས་ཐུབ། རོ་གཏོའི་ལེའུ་འོ། །ཡང་ཤི་སྒབ་བཅད་པའི་གཏོ་ལ། སྤར་ཁ་བརྒྱད་གང་ལ་ཤི་ཡང་། འདྲེ་ལྔ་ཡོད་པའི་ཕྱོགས་
སུ་བཤོས་བུ་ལྔ། གཤིན་པོ་དེའི་ལོའི་འབྲང་རྒྱས་ཕྱེད་དཀར་ཕྱེད་ནག་ལྔ། འབྲུའི་བྱ་ལྔ། ངར་ཟན་ལྔ། མདའ་ལྔ། འཕང་ལྔ། ཟན་ལྔ་རྣམས་སམ་བྷ་རས་བརླབས་ལ། གཤིན་འདྲེ་ཤི་སྲི་ཐམས་ཅད་ལ་བསྔོས་ཏེ། ཁྱེར་ཅིག་སོགས་ཀྱི་ཚིག་བཅད་བརྗོད། དེའི་གཏོ་ལེན་ལ། གསེར་སྐྱེམས་ལྔ་བཤམས་ཏེ་གསེར་སྐྱེམས་འདོན། བདུད་གཅོད་ཀྱི་ཕྱོགས་སུ་ཐོད་པ་གསུམ་དང་། མགལ་བ་གསུམ་མནན་ཤི་ཁ་བྱེ་བ་ཐམས་ཅད་བྲུབས་པར་བསམ། དེས་ཐུབ་བོ། །གཤིན་གཏོའི་སྐོར་གྱི་སྡེ་ཚན་ཏེ་དྲུག་པའོ།། །།དེ་ནས་བྱིས་པའི་བཙས་ཀླུང་གི་རྩིས་ཀྱི་སྐབས་སུ་མཁོ་བའི་གཏོ་ལ། མེད་པ་བཙལ་བ། ཡོད་པ་བསྒྱུར་བ། ཡོད་ཟིན་གསོ་བ་གསུམ་ལས། དང་པོ་སྲིད་གཏན་མ་འཁོར་བ་ལ་མེད་པ་བཙལ་བའི་གཏོ་ནི། འཁོར་ལོ་རྩིབས་བརྒྱད་པ་གཉིས་བྱ། ལྟེ་བ་གཉིས་ལ་ཕོ་སྔགས་དང་མོ་སྔགས་དང་། མྱུ་ཁྱུད་ལ་རྟེན་འབྲེལ་སྙིང་པོ། རྩིབས་ལ་བསྲུང་སྔགས་བྲིས་དཔེའུ་རིས་ལས་རྟོགས་པར་བྱ་ལ། ཡེ་དྷརྨས་རབ་གནས་བྱ། ཕོ་མོའི་དབང་ཐང་གསོ་བའི་ཁམས་ཀྱི་མདོག་
ཅན་དར་གྱིས་གྲིལ། ལུ་གུ་ཕོའི་པགས་པས་གཡོགས། དེའི་ཕོ་འཁོར་དེ་མོ་ལ་བཏགས། མོ་འཁོར་ཕོ་ལ་བཏགས། འདི་སྐར་མ་རྒྱལ་གྱི་ཉིན་པར་བྱ། སྐར་མ་བྲ་ཉེའི་དུས་སུ་དམ་སྲི་མནན། དེས་སྲིད་འཁོར་བར་འགྱུར་རོ། །འདིའི་དཔེའུ་རིས་རྙེད་ན་འཛུད་དགོས། ཡང་གདབ་ཐབས་ལྔའི་བྱེ་བྲག་སྲིད་ཕུར་གདབ་པ་ནི། སྲིད་གཏན་ནས་མ་འཁོར་མ་རྙེད་པ་ལ་བྱ་སྟེ། ཕོ་དཔལ་ཆེ་བའི་མདའ། བུད་མེད་དཔལ་ཆེ་བའི་འཕང་བླངས་སམ་བརྐུས་ལ། ཕོ་གཡང་མོ་གཡང་སོགས་གཡང་བླན་ཏེ། བང་ཟུར་རམ། ཚང་མང་ངམ་མཛོད་ཀྱི་ཀ་བ་ལ་བཅིངས། སྲིད་ཀྱི་ཆུ་མིག་དགུ་སྐོར་ཞེས་བྱ་བ། ལུང་པ་དགུའི་ཆུ་འམ་ཆུ་མིག་རྒྱུན་འབབ་ཀྱི་ཆུ་བླངས་ལ་རྫ་བུམ་དུ་བསགས། རིན་པོ་ཆེ་དང་དར་ཟབ་དཀར་གསུམ་མངར་གསུམ་འབྲུ་སྣ་རྣམས་དེ་ནང་བླུགས་ལ་བུད་མེད་ཀྱི་མལ་གྱི་འཕོངས་ཀྱི་ཞབས་སུ་སྦས། ཁ་ཆོད་གཡམ་པའམ་ཤིང་ལེབ་གཙང་མ་ལ་ཕོ་མོ་དཔལ་ཆེན་པོ་གཉིས་ཀྱི་ས་བོན་བྱུང་ན་རབ། མེད་ན་འོ་མ་དང་མཚལ་དང་བུད་མེད་བུ་སྐྱེས་པའི་ནུ་ཞོ་སྦྱར་བས་ཕ་མ་གཉིས་ཀྱི་མིང་རུས་དང་། ཡཾ་རཾ་ཁཾ་ཀེཾ་གྲུཾ་
ནྲི་བསྐྱེད་ཧཱུྃ་སྲིད་འདུ་སྲིད་འདུ་མི་རབས་བསྐྱེད། ཅེས་བྲིས་དེས་བུམ་པའི་ཁ་བཅད་ལ་སས་བྱིང་དུ་སྦ་བདེན་སྟོབས་བརྗོད་ཅིང་རྟེན་སྙིང་བཟླ། བཀྲ་ཤིས་བྱའོ། །དེས་ལོ་གསུམ་ཚུན་སྲིད་འཁོར་ངེས་སོ། །མེད་པ་བཙལ་བའི་གཏོའོ། །ཡོད་པ་ལྟེ་བ་བསྒྱུར་བའི་གཏོ་ལ། རྫས་ནི་རུས་གཅིག་པའི་སྐྱེས་པ་བཀྲ་ཤིས་པ་གཅིག་ལས་མདའ་གཅིག་བླངས། བུད་མེད་དཔལ་ཆེ་བ་གཅིག་ལས་ཁབ་གཅིག་བླངས། དཀར་གཏོར་མཐུན་རྫས་རྒྱན་བཟང་བཅས་བཤམས་ལ་བྱིན་བརླབ་བྱ། གཟའ་སྐར་བཟང་ཞིང་ཕོ་མོའི་དབང་ཐང་དར་བའི་ཉི་མ་དང་དུས་ཚོད་ལ་གཏོ་མཁན་གྱི་གཤམ་དུ་ཕོ་མོ་དེ་གཉིས་གྲལ་བྱས་ཏེ་སྡོད་དུ་བཅུག །སྐྱེས་པ་དེས་མདའ་དེ་ལ་དབང་གསོའི་ཁམས་ཀྱི་དར་བཏགས་པ་ལག་གཡས་སུ་ཐོགས། བུད་མེད་དེས་དབང་གསོའི་ཁམས་ཀྱི་སྐུད་པ་ཁབ་མིག་ཏུ་དྲངས་པ་ལག་གཡོན་དུ་ཐོགས་ལ་བཀྲ་ཤིས་བརྗོད། སྔགས་འདི་བརྗོད་པར་བྱ་སྟེ། ཨཱ་ཧི་ར་སི། ཨ་ར་ལི། སརྦ་པྲ་ཏིཥྛ་སི། དྷ་ར་དྷ་ཏུ་བྷནྡྷ་ཏྭ་དུ་བནྡུ་པྲ་ཧཾ་ཤ་ཙ་སྭཱ་ཧཱ། ཅི་རིགས་བརྗོད་ལ། ཧོ། ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །སངས་རྒྱས་
བྱང་ཆུབ་སེམས་དཔའ་དང་། །ལྷ་དང་དྲང་སྲོང་རིག་འཛིན་རྣམས། །བདག་ལ་དཔལ་གྱི་བུ་སྩོལ་ཅིག །ཚིགས་བཅད་འདི་ཁ་སྐོང་། །ཚངས་པ་ཕུར་བུ་ཁྱབ་འཇུག་དང་། །ཉི་ཟླ་ཐ་སྐར་བུ་གཉིས་དང་། །ལེགས་ལྡན་མཛའ་བོ་ཆུ་ལྷ་རྣམས། །བདག་ལ་དཔལ་གྱི་བུ་སྩོལ་ཅིག །བུད་མེད་སྤྲོ་བ་བསྐྱེད་དུ་གསོལ། །འབྲུ་མང་རྟག་ཏུ་ལེགས་རྣམས་སྲུངས། །ཅེས་བརྗོད་གཏོར་མ་དེ་ལྷ་དང་དྲང་སྲོང་འགོ་བའི་ལྷ་དང་ཡུལ་ལྷ་རྣམས་ལ་ཨ་ཀཱ་རོས་འབུལ། ཡང་དཔེ་ལ་ལར་མཆན་དུ་བཀོད་པ་ལྟར། ས་བདག་ལས་སྲིད་སློང་བྱ་ན་དཀར་གཏོར་རྒྱན་བཟང་བྱིན་རླབས་བྱས་ནས། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ཀྱིས་བསྔོས་ལ། ཚིག་འདི་སྐད་བརྗོད་དོ། །ཤར་ལྷོ་ནུབ་བྱང་ཕྱོགས་བཞིའི་ས་བདག་རྣམས་ལ་སྲིད་བསླང་ངོ་། །མི་གཡོ་བ་གཡོ་བར་མཛོད། མི་སྲིད་པ་སྲིད་པར་མཛོད། མི་ཤིས་པ་ཤིས་པར་མཛོད། མི་ཆོས་པ་ཆོས་པར་མཛོད། མི་འདའ་བར་འདའ་བར་མཛོད་ཅིག །ཅེས་ཕྲིན་ལས་བཅོལ་ལ་ཕུལ་ལོ། །རྟེན་ལ་ཁྲུས་གསོལ་བའི་ཆུས་ཕོ་མོ་གཉིས་ལ་ཁྲུས་བྱ་འཐུང་དུ་གཞུག་ཅིང་བཀྲ་ཤིས་བརྗོད་ལ་མདའ་དང་ཁབ་ཀ་བ་སོགས་ལ་བཅིངས་ནས་
རྟེན་དུ་ཟུང་ངོ་། །དེ་དག་གི་རྣ་བ་གཡས་པར་འདི་སྐད་བརྗོད། ཡན་ལག་ཐམས་ཅད་སྐྱེས་པ་ཡིན། །ལོ་བརྒྱ་སྟོན་བརྒྱར་འཚོ་གྱུར་ཅིག །དཔལ་དང་འབྱོར་བ་འཕེལ་བར་ཤོག །རྒྱུ་སྐར་ཕྱོགས་དང་མཚན་མོ་དང་། །ཉིན་མོར་ཁྱོད་ནི་སྲུང་བར་ཤོག །ཅེས་བརྗོད། བུ་སྐྱེས་པའི་ཚེ་ཡང་ཁྲུས་བྱས་ནས་རྣ་བ་གཡས་པར་ཚིག་དེ་བརྗོད་ནས་ལྟེ་བ་སོར་བཞིའི་འོག་ཏུ་བཅིང་ལ་བཅད་དོ། །ལྷ་དང་སྲུང་མ་གཙུག་ལག་གི་ལྷ་ཀུན་ལ་གཏང་རག་གི་གསོལ་མཆོད་ལེགས་པར་བྱའོ། །འདི་ནི་སྲིད་པ་བསྒྱུར་བའི་གཏོ་ཡིན་ཡང་། སྲིད་སློང་བའང་ཡིན་པས་ཤིན་ཏུ་གལ་ཆེ་བ་དགེ་ཞིང་བཀྲ་ཤིས་པར་བྱེད་པའོ། །ཡང་བསྒྱུར་ཐབས་རྣམས་པ་ལྔའི་བྱེ་བྲག་སྲིད་པ་ལྟེ་བསྒྱུར་གྱི་གཏོ་ལ་དཀར་ནག་ཁྲ་གསུམ་ལས། དཀར་པོ་ལའང་ཆོས་བོན་གཏོ་གསུམ་ལས། དང་པོ་བྱིན་བས་མདོ་དང་སྔགས་ཀྱི་དམ་ཆོས་ལ་བརྟེན་ནས་ལྟེ་བ་བསྒྱུར་བ་ནི། འདུས་པ་རིན་པོ་ཆེ་ཏོག་གི་གཟུངས་དང་། རིགས་སྔགས་ཀྱི་རྒྱལ་མོ་སོ་སོར་འབྲངས་མ་དང་གཙུག་ཏོར་དཀར་མོ་རྣམས་ལན་ཉི་ཤུ་རྩ་གཅིག་གུས་པས་བཏོན་ན་ཁྱེའུ་སྐྱེ་བར་ཐེ་ཚོམ་མེད་དོ། །སྲིད་པ་བོན་གྱི་ལྟེ་བསྒྱུར་ལ། བྱིན་རླབས་ཀྱིས་བསྒྱུར་བ་དང་།
ལྷ་སྲིན་ཡས་ཀྱིས་བསྒྱུར་བ་གཉིས་ལས། དང་པོ། ཕན་བྱེད་སྔགས་ཀྱི་མདོ་དང་། རིག་པ་སྤྱིའི་སྔགས་དང་། མེད་པ་བཙལ་བའི་གཏོ་དང་། ལྟེ་བ་བསྒྱུར་བའི་གཏོ་རྣམས་སོ། །ལྷ་སྲིན་གྱི་ཡས་ཀྱི་གཏོ་ནི། ལྷ་ཡི་ལྷ་ཁྲི་འབུམ་གྱི་སྔགས། ཕོ་ལྷ་ཡོ་བཅོས་ཀྱི་བོན། རྒྱལ་པོ་དྲ་ཤེལ། དཀར་པོ་བཅུ་གསུམ་གྱི་བསྐང་གསོ་བྱེད་པའོ། །གཙུག་ལག་སྲིད་པ་གཏོ་ཡིས་བསྒྱུར་བ་ནི། བུ་མོ་མང་ཞིང་ཁྱེའུ་མེད་ན། མ་ཧཱ་གསེར་གྱི་རུས་སྦལ་གྱི་རང་སྐད་ནི། ཨོཾ་མ་ཧཱ་ཡ་ན་ནི། དུ་ལ་རུ་པ་དུ་ནི། སྲིད་འདུ། པ་བྷ་སྒྱུར། པུ་ནེ་སྭཱ་ཧཱ། འདི་བརྒྱ་རྩ་བརྒྱད་བཟླས་ཏེ། བུད་མེད་ལུས་ཆུ་ཁམས་པར་ཆུ་བུ་ཤིང་ཡིན་པས་ཁམ་བུའི་འབྲས་བུ་ལ་བཏབ་ནས་བྱིན་ཏེ་བཟའ་བར་བྱ། ཤིང་ཁམས་པས་མེ་ཤེལ་མེ་རྡོ་ལ་བཏབ་པ་སྨད་གཡོག་སོགས་ལ་བཏགས་ཏེ་སྐེད་པར་འཆང་། མེ་ཁམས་པས་ས་ཚིལ་ཏེ་ས་ཞག་ལ་བཏབ་ནས་ཟ། ས་ཁམས་པས་ལྕགས་ཀྱི་བྱང་བུ་ཆུང་ངུ་ལ་བཏབ་པ་ལུས་ལ་འཆང་ལྕགས་ཁམས་པས་ཆུ་ཤེལ་ལམ་ཆུ་རྡོ་ལ་སྔགས་བཏབ་སྟེ་རྐེད་པར་འཆང་བའམ་ཆུ་ལ་བསྔགས་ཏེ་བཏུང་བས་མངལ་གནས་བུར་འགྱུར་ངེས་ཏེ། སྲིད་པ་ལྟེ་བསྒྱུར་ཆེན་པོ་མཚར་རོ། །ཡང་བུ་ལྔ་མ་ཡི་ལུས་ལ་སྲེལ་ན་བུ་ཆགས་ངེས་སོ། །བུ་ལྔ་ནི། མགྲོན་བུ། བྱང་བུ། འོམ་བུ། ལྟར་བུ། ལུ་གུ་ཕོའི་པགས་བུ་ལྔའོ། །པགས་བུའི་ཚབ་ཏུ་ཁམ་བུ་ཟེར་བའང་འདུག །དེ་རྣམས་རྟེན་འབྲེལ་གྱི་རྫས་ལྔའོ། །
ཡང་གཅིག་བུད་མེད་ལ་བུ་མེད་པར་བུ་མོ་མང་བ་ན། བུ་ཚ་རིགས་བརྒྱུད་དར་བའི་མི་འཕན་པོའི་མདའ། བུད་མེད་བུ་མང་འབྱོར་ཅན་དཔལ་མོ་ཆེའི་འཕང་དང་གོས་དྲེག་པ་ཅན། ལུང་པ་གསུམ་གྱི་ཆུ། རུས་མི་གཅིག་པ་གསུམ་གྱི་ཞིང་བཟང་པོའི་ས་རྣམས་ལ་སྐར་མ་རྒྱལ་དང་ཤེས་པའི་དུས་སུ་གཡང་བླན། གཟའ་མིག་དམར་དང་པ་སངས་དར་བ། ཉི་མ་དེའི་མཐུན་གསུམ་སྟེ། རྟ་ལོ་མའི་སྟག་ཉི་དང་ཁྱི་ཉི་ལྟ་བུ་ལ་ལས་དེ་དག་བྱའོ། །ཤོག་བུ་ལ་ཕོ་ལྷ་རྒྱན་བཟང་མདའ་ཐོགས་པའི་གཟུགས་བྲིས་ལ། དེའི་གཤམ་དུ། ཕོ་མོ་མིང་འདི་ཞེས་བྱ་བ་གཉིས་ཀྱི་སྲིད་ཀྱི་དཔལ་བསྐྱེད་ཅིག །ཕོ་ལྷ་ལ་སྲིད་སློང་ངོ་། །ཞེས་བྲིས་པ་མདའ་ལ་བཏགས་ཏེ་མོ་ཡི་མལ་ཟུར་གཡས་སུ་འཛུགས། གོང་གི་ཞིང་ས་དེ་རྣམས་ལ་རིན་པོ་ཆེ་བརྡར་བ་བསྲེས་ལ་མ་ཡི་མལ་འོག་ཏུ་བཏིང་། ལུ་གུ་ཕོ་ཡི་པགས་པ་ལ་ལྟེ་བ་བསྒྱུར་བའི་སྔགས། ལྟེ་བསྐྱེད་བྲང་ཤག་ཛ་ལ་བསྒྱུར་སྭཱ་ཧཱ། ཧེ་དུན་ལྟེ་བསྐྱེད་བྲཾ་ཤག་ཛམ་ལྷ་བསྒྱུར་སྭཱ་ཧཱ། ཞེས་སྟར་བུའི་ཆུ་དང་མཚལ་བསྲེས་པས་བྲིས་ལ། བྱང་བུ་དང་། མགྲོན་བུ་བུ་ཆེ་མ་དང་སྦྲགས་ནས་མ་
མ་ཡི་ཁེད་མ་ལ་བཙེམ་མོ། །སྔགས་འདི་བྲིས་པ་བྱང་བུ་དང་སྦྲགས་ལ་མ་ཡི་ལྟེ་བའི་ཐད་དུ་བཏགས། སྔགས་གང་ཞེ་ན། ཨོཾ་སྲིད་འདུ་སྲིད་འུབ་འུབ་ཏེ་དུན་ཏེ་བསྐྱེད་བསྐྱེད་བྲཾ། ཤག་ཛམ་ལྷ་བསྒྱུར་སྭཱ་ཧཱ། ཞེས་སྔགས་བགྲང་ནས་གོང་རྫས་དང་སྔགས་ལའང་བཏབ་སྟེ་བཏགས་པས་ལྟེ་བ་འགྱུར་ངེས་སོ། །ལྟེ་བསྒྱུར་ནག་པོ་འགྱུར་མེད་ཀྱི་གཏོ་ལ། ཁྱེའུ་སྐྱེས་པའི་ལྟེ་བ་སྐམ་པོ་དང་། ལུ་གུ་ཕོའི་ལྟེ་བ་ཤིང་འོམ་བུའི་འབྲས་བུ་དང་བསྲེས་ལ། དར་གྱི་གེ་ཁུད་དུ་བླུགས་ནས་སྔགས་འདི་བཟླས་ཤིང་བཏག །ཧཱུྃ་ཧཱུྃ་ནི་རཾ་ཁུག་ཏུན་ཏེ་བསྐྱེད་མངལ་སྒྱུར་སྒྱུར། ཞེས་བརྒྱ་རྩ་བརྒྱད་བཟླས་ལ་བཏབ། དར་ཁུད་དེ་བུད་མེད་ཀྱི་ཁེད་མ་ལ་ཡོས་བུའི་དུས་སུ་བཏགས་མངལ་ཆགས་དུས་སུ། ལྟེ་བ་བསྒྱུར་ངེས་སོ། །ཞེས་སྲིད་པ་ལྟེ་བསྒྱུར་གྱི་གཏོ་ཟབ་མོའོ། །གསུམ་པ་བྱིས་པ་ཡོད་ཟིན་དེ་གསོ་བ་ལ། གདབ་ཐབས་ལྔའི་ནང་ཚན་སྲོག་ཕུར་གདབ་པའི་གཏོ་ལ་འདི་ནི་བྱིས་པའི་ཚེ་སྲོག་བརྟན་པར་བྱེད་པ་ཡིན་པས་བྱིས་པ་གང་ལ་བྱས་ཀྱང་ལེགས། ཁྱད་པར་དུ་བྱིས་པ་མང་དུ་ཤི་བ་ལ་སྲོག་ཕུར་གདབ་དགོས་པས་དེའི་བྱ་ཐབས་ལ། དཀར་
གཏོར་རྒྱན་བཟང་སྐྱེམས་བཅས་བཤམས་ལ་བྱིན་བརླབ་བྱ་ཞིང་ལྷ་མགོན་རྣམས་ལ་ཕུལ་ནས་བྱིས་པ་སྲོག་བརྟན་པའི་བཅོལ་གཏད་བྱ། དེ་ནས་ལྕགས་ཕུར་སོར་བཞི་པ་གཅིག་ལ། དར་རམ་ཤོག་བུར་སྲོག་བསྐྱེད་པའི་སྔགས་འདི་རྣམས་བྲིས། ཧཱུྃ་སྲོག་དན་ཏྲཾ་བསྐྱེད། ཡ་མ་རུ་པ་ཁྲི་ལམ་བསྐྱེད། ཕ་མ་བུ་ཚའི་སྲོག་ལྷ་ཡིས་བསྐྱེད་དོ། །ཞེས་བྲིས་པས་ཕུར་པ་གྲིལ་ནས་བདེན་བརྗོད་མཐར། བུ་ཚ་རྣམས་ཚེ་སྲོག་མི་གཡོ་མི་འགྱུར་མི་ནུབ་མི་འཕོ་བར་རྡོ་རྗེའི་བྲག་རི་བཞིན་དུ་བརྟན་པར་གྱུར་ཅིག །ཅེས་བརྗོད་དེ་རྟེན་འབྲེལ་སྙིང་པོ་བཟླ་བཞིན། ཕོ་སྲོག་གསེར་གྱི་ཀ་བ་ལ་སྐར་མ་རྒྱལ་ལ་གདབ། མོ་སྲོག་དཔེ་ལ་མི་འདུག་པས་ཆད་པ་ཡིན་ནམ་སླར་བརྟག །ཅེས་སྐར་མ་དེའི་དུས་སུ་ལྕགས་ཕུར་དེ་ཁང་པའི་ནང་གི་ཀ་བ་བརྟན་པ་ལ་ཐུག་རེག་མི་དགོས་པའི་མཐོ་ས་ཞིག་ཏུ་ཕྱིར་མི་ཕུད་པར་བརྟན་པར་གདབ། དེའི་རྗེས་སུ་ལྷ་མཆོད། གཡང་བླན། བཀྲ་ཤིས་བརྗོད། དེས་བུ་ཚ་རྣམས་སོས་ངེས་སོ། །ཡང་ལུགས་གཅིག །ཤིང་སྟག་པ་གཤག་ལ་ངོས་གཅིག་ལ་བུག་པ་གསུམ་བྲུ། དེའི་གོང་མར་རཏྣ་ལྔ། མུ་ཏིག་སོགས་སམ་གསེར་སོགས། བར་དུ་སྨན་སྣ། འོག་མར་འབྲུ་སྣ་རྣམས་
བཅུག །ངོས་གཅིག་ལ། སྐྱེས་པ་ཁྱོ་གའི་སྲོག་མ་འགྱུར། ཟ་མ་བུད་མེད་ཀྱི་ཀླུང་མ་འགྱུར། བུ་ཚ་ཆུང་བའི་བླ་མ་འགྱུར། ཤོག་བུ་ལ་ལུས་སྲོག་དབང་ཐང་གསུམ་སྐྱོབས་ཅིག །ཅེས་བྲིས་པའང་གཞུག་ཤིང་གཉིས་པོའི་བར་དུ་སྨན་དྲི་བཟང་རྣམས་བསྐུ། ཁ་སྦྱར་ལ་བལ་གྱིས་དཀྲི་ཞིང་སྐུད་པས་དཀྲིས། བདེན་བརྗོད་གོང་བཞིན་བྱས་ཏེ་ཀ་བ་ལ་བརྟན་པར་བཅིང་ངོ་། །ལུགས་གཅིག་ལ་འོམ་བུའི་ཕུར་པ་ལ་ལྷ་བཞིས་སྲིད་སྤེལ་ཅིག །ཅེས་བྲིས་པ་ཀ་བ་ལ་བཅིངས་ཟེར་བ་འདུག །དེས་བྱིས་པ་སྲོག་བརྟན་པར་འགྱུར། ཕྱིས་བུ་ཚ་ཕོ་མོ་གང་སྐྱེས་ཀྱང་། སྲོག་བསྐྱེད་པའི་ས་ནས་བུད་མེད་དཔལ་ཅན་ནམ། བུ་ཆུང་དེའི་སྲོག་སྐྱོབ་པའི་ལོ་པ་དཔེར་ན་བུ་ཆུང་རྟ་ལོ་ལ། སྟག་ཡོས་གང་རུང་གི་ས་ནས་གོས་བླངས། དེའང་བུ་ཆུང་སྲོག་མེ་པ་ལ་གོས་ལྗང་ཀུ་བྱ་བ་སོགས་འགྲེ། དེ་ནི་སྲོག་ཕུར་གདབ་པའོ། །ཡང་ཚེ་ཕུར་གདབ་པ་ནི། ཕན་ཡོན་སྔ་མ་དང་འདྲ་ལ། དེའི་གྲོགས་སུའང་འགྱུར། འདི་ག་རང་ཁོ་ན་བྱས་ཀྱང་རུང་སྟེ། བུ་ཚ་མང་པོ་སྐྱེས་ཀྱང་ཤི་བ་ལ་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་བཞེངས། ཚེའི་བུམ་པ་ལ་ཚེ་ཤིང་ཤུག་པ་
བ་ལུ་སོགས་ཀྱི་ཁ་རྒྱན་བཙུགས། ཚེ་གཟུངས་ལན་དགུ་འདོན། བུམ་ཆུ་བླུད། ཤོག་བུ་ལ་ཚེ་གཟུངས་བྲིས་པ་ཚེ་ཤིང་ལ་བཏགས་ལ་མཛོད་ཀྱི་གདུང་གསེབ་ཏུ་སྦ། བདེན་སྟོབས་གོང་བཞིན་བརྗོད། དེས་ཚེ་རིང་བར་འགྱུར་རོ། །ཡང་བུ་མེད་ཅིང་བུ་མོ་མང་བའམ། བྱིས་པ་ལྷག་ཆད་མང་ཞིང་དབང་པོ་དང་ཡན་ལག་མ་ཚང་བའམ་སྐྱོན་ཅན་སྐྱེས་ན་ཕ་མ་དཔལ་ཆུང་བ་ཡིན་པས། གདབ་ཐབས་ལྔའི་ནང་གི་དཔལ་ཕུར་གདབ་པར་བྱ་སྟེ། ཤིང་སྟར་གའི་ཕུར་པ་མཐོ་གང་བ་མགོ་འཇུག་མ་ལོག་པར་བྱས་ལ་ནང་ཁང་སེང་ཅན་བཟོས། དེའི་ནང་དུ་སྒམ་ཕ་ཝཾ་གི་ལྕེ་དང་ནས་དང་འབྲས་བླུགས་ཁ་ལ་ཆས་བཅད་མའི་གཡོས་ཁང་གི་ཐད་དུ་ས་ཁོལ་བུ་ལ་དཔལ་ཕུར་གདབ་སར་ས་ལ་ཕུར་ཤུལ་ཅུང་ཟད་བྱས་པར། མི་དཔལ་ཅན་གྱི་ཞིང་ས་དང་ཁང་ས་ལ་རིན་ཆེན་བརྡར་བའི་ཕྱེ་མ་བསྲེས་ཏེ་བླུགས། དེ་ལ་བདེན་བརྗོད་མཐར། དཔལ་ཕུར་གདབ་པ་འདི་བྱས་པས་སྦྱིན་བདག་ཆེ་གེ་མོ་འདི་ཚང་གི་བུ་ཚ་རྣམས་ཡན་ལག་ཐམས་ཅད་ཚང་ཞིང་དབང་པོ་གསལ་ལ་བུ་ཡི་དཔལ་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག །ལོ་བརྒྱ་འཚོ་བར་གྱུར་ཅིག །སྟོན་
བརྒྱ་མཐོང་བར་གྱུར་ཅིག །བཀྲ་ཤིས་བདེ་ལེགས་འབྱུང་བར་གྱུར་ཅིག །ཅེས་བརྗོད་ལ་རྟེན་སྙིང་བཟླ་ཞིང་བདེན་སྟོབས་དམིགས་ནས་གདབ་པར་བྱ་ཞིང་བཀྲ་ཤིས་བརྗོད། དེས་ཁྱེའུ་མང་ཞིང་སྐྱེ་འབྲས་བཟང་བ་དང་དཔལ་ཆེ་བར་འགྱུར་རོ། །འདིའི་མན་ངག་གུད་སྦས་ལས། སྐྱེས་པ་ཕོ་ལ་སྟག་པ། མོ་ལ་གླང་མ། བྱིས་པ་ལ་འོམ་བུའི་ཕུར་པ་བྱས་པའི་ངོས་གཅིག་ལ་རིམ་བཞིན། སྐྱེས་པ་ཕོ་ཡི་ཚེམ་འགྱུར། ཟ་མ་མོ་ཡི་ཀླུང་མ་འགྱུར། བུ་ཚ་ཆུང་གི་བླ་མ་འགྱུར། ཞེས་སོ་སོར་བྲིས། ངོས་གཅིག་ལ་ལྷ་བཞིའི་སྔགས་དང་མིང་བྲིས་ཞེས་པ་སྟག་སྐྱ་སོགས་ཡིན་པས་དེའི་སྔགས་ཤེས་ན་དེ་དང་མིན་ན་དེ་དག་གི་མིང་བྲི། སྐྱེས་པ་ལ་ཕོ་ཤིང་སྟག་པའི་མདའ་ལྔ་གཞུག་ཅིག །མོ་ལ་གླང་མ་སོགས་མོ་ཤིང་གི་འཕང་ལྔ། བྱིས་པ་ཕོ་ལ་བུ་ཤིང་གི་མདའ་ལྔ། མོ་ལ་བུ་ཤིང་གི་འཕང་ལྔ། སོ་སོར་གླུད་ལྔ་རེ་ལྔ་རེ་བཅས་ཡས་དེ་རྣམས་རས་སོགས་ཀྱིས་གྲིལ་ཏེ་ལྷ་རྟེན་གྱི་གསེབ་ཏུ་གཞུག་ལ་བདེན་བརྗོད་འདི་ཚེ་ཕུར་གདབ་པའི་མན་ངག་ཏུ་བྱེད་པའང་ཡོད་ལ་དེ་གཉིས་གང་ལ་སྦྱར་ཀྱང་ཆོག གོང་བཞིན་བྱ། རྟེན་སྙིང་བཟླ། བཀྲ་ཤིས་བརྗོད། གཏོ་གོང་འོག་འདི་གཉིས་ཀ་བྱས་
ན་ཤིན་ཏུ་ལེགས་པར་མངོན་ནོ། །དཔལ་ཕུར་གདབ་པའི་གཏོའོ། །སྲིད་བསྲུང་བའི་གཏོ་ལ་མེད་པ་བཙལ་བ། སྲིད་བསྒྱུར་བ། ཡོད་པ་བསྲུང་བ་གསུམ་གསུངས་པའི་དང་པོ་གཉིས་གོང་དུ་བཤད་ཟིན། ཡོད་པ་བསྲུང་བ་ནི། བུ་སྐྱེས་པ་དེ་ལེགས་པར་འཚོ་བའི་ཆེད་དུ། གཟའ་སྐར་བཟང་དུས་སུ་སྲུང་མ་མཆོད། ཆུ་གཏོར་རྒྱས་པར་བཏང་སཱ་ཙྪ་གདབ། སྲུང་བ་བཏགས། སྲུང་མ་ལ་བཅོལ་གཏད་བྱའོ། དེས་བསྲུང་བར་འགྱུར་རོ། །གཞན་གཏེར་མ་པདྨ་གཅེས་ཕྲེང་སོགས་ན་སྲིད་སྤེལ་སྲུང་གི་སྐོར་མང་དུ་ཡོད་པ་ཡིན་ནོ། །ཡང་སྔ་མའི་སྲི་སྐེག་སོགས་ཀྱིས་བྱིས་པ་ཆུང་ངུ་མི་སོས་པར་ དོགས་པ ་དེ། བྲེ་ལ་འཇལ། སྲང་ལ་བཏེགས། ཁྱིའི་སྤོ་འོག་ནས་འདོན། དེའི་མིང་གཏོ་མཁན་དང་རྒྱ་དང་ཧོར་རིགས་མི་མཐུན་པའི་མིའི་མིང་ལས་དྲང་ཏེ་བཏགས། བཀྲ་ཤིས་པའི་ས་ནས་བྱས་པའི་རྒྱན་ཆ་གོས་སོགས་ཡོན་བླངས་ལ་བཀྲ་ཤིས་བརྗོད། དེས་སོས་པར་འགྱུར་རོ། །ཡང་སྒྲོལ་ཐབས་གསུམ་གྱི་ནང་ཚན་ཤི་འདྲེ་ལྷས་སྒྲོལ་བྱ་བ་འདི་ནི། ཕོ་མོ་གང་ཡིན་ཡང་འདྲ་སྟེ་བུ་ཚ་འཆི་ཞིང་མ་སོས་ན། ཤི་འདྲེ་དེ་དག་
ལྷ་ལ་སྒྲོལ་དུ་གཞུག་པའི་ཐབས་ཡིན་ལ། སྲིའུ་ལྷ་ལ་བརྟེན་ནས་གེགས་ལས་གྲོལ་བའི་ཐབས་དེ་ལ། སྲིའུ་གསོ་བ་ཚངས་པ་ལྷ་སྒྲོལ་གྱི་གཏོ་ཞེས་ཀྱང་བརྗོད་དོ། །དེའི་བྱ་ཚུལ་ནི། བུ་ཆུང་དེའི་ལུས་གུར་གུམ་དང་། ཙན་དན། གཡའ་ཚན་གསུམ་གྱིས་ཁྲུས་བྱས། དེ་གསུམ་གྱི་དུད་པས་བདུག །ཁ་ཤར་དུ་བལྟ་བཅུག་ལ་འདི་སྐད་དོ། །འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །འགོ་བའི་ལྷ་ལྔ་དང་ཡུལ་ལྷ་ལྕམ་དྲལ་ལ་ཕྱག་འཚལ་ལོ། སྲོ་ལོ་དམར་མོ། ཞེས་བུ་ཆུང་གིས་ཕྱག་འཚལ་ཚུལ་བྱ། སྣང་བརྒྱད་ལན་གསུམ་མམ་བདུན་འདོན། འབྲས་ཟན་གྱི་ལུག་དང་བཤོས་བུ་ལྔ་དང་ཆང་ཕུད་དང་འབྲང་རྒྱས་ཀྱིས་འགོ་བའི་ལྷ་གསོལ་མཆོད་བྱ་སྟེ། འགོ་བའི་ལྷ་ལྔ་མཆོད་ཐབས་ལེའུ་ཚན་གཉིས་མངའ་བདག་ཉང་གི་གཏེར་ཁ་ནས་བྱོན་པ་འདི་ཁུངས་བཙུན་གྱི་གཞུང་བྱིན་བརླབས་ཅན་ཡིན་ལ། ཉུང་འདུས་སྟབས་བདེ་ཡིན་པས་དེ་འདོན། འགོ་བའི་ལྷ་རྣམས་ཀྱིས་བུ་ཆུང་འདིའི་སྲོག་བསྐྱབ་ཏུ་གསོལ། །བུ་ཆུང་འདི་ལ་གནོད་པའི་འདྲེ་ཐམས་ཅད་དང་། དམ་སྲི་རྒྱལ་འགོང་
དང་། ཡུལ་འདྲེ་ཕོ་མོ་དང་། ཆུང་འདྲེ་ཁ་དམར་དང་། གནོད་འདྲེ་ཐམས་ཅད་ལྷས་བསྒྲལ་དུ་གསོལ། ཅེས་བརྗོད་ལ་ཕུད་གཏོར། ཁྱེའུ་ཕོ་མོ་གང་ཡིན་ཡང་ལོ་དང་སྤར་ཁ་བརྩིས་ཏེ་སྲོག་ཁམས་བསྐྱེད་པའི་ཕྱོགས་སུ་འབྲོས་ཤིང་བྱོལ། ཡང་ན་མལ་གྱི་སྔས་དེ་ཕྱོགས་སུ་བསྟུན། ཤོག་བུ་ལ་སྔགས་འདི་བྲིས་ནས་ཁྱེའུའི་སྲོག་ཁམས་ཀྱི་མ་མདོག་གི་དར་གྱིས་གྲིལ་ཞིང་དར་སྐུད་ཀྱིས་དེའི་མགུལ་དུ་བཏགས། ཨོཾ་སྲོག་ལྷ་ལྷ་མེན་ཏེ་བསྐྱེད། ལྷ་ལྷ་ལྷན་རྩེ་ནན་ཏེ་བསྐྱེད། གནོད་བྱེད་ཐམས་ཅད་སྒྲལ་དུ་གསོལ། །གནོད་པ་ཀུན་ལས་སྲུང་དུ་གསོལ། །ཞེས་སོ། །ཕོ་ཡི་མགྲོན་བུ་གཅིག་ལག་གཡས་ཀྱི་མཁྲིག་མ་ལ་བཏགས་ཤིང་ཚིག་འདི་བརྗོད། ཀྱེ། བུ་ཆུང་འདི་འགྲོ་འདུག་གང་བྱེད་ཀྱང་འགོ་བའི་ལྷས་མི་འབྲལ་བར་སྲུངས་ཤིག །ལྷས་བུ་ལྟར་སྐྱོབས་ཤིག །འདི་འཆི་བའི་གདོན་ལས་སྒྲོལ་ཅིག །ཅེས་བྱ། དེ་ནས་དེ་རིང་གཏོ་བྱས་པ་དེའི་ཉིན་ཞག་དེ་སླར་ནམ་འོང་གི་ཟླ་དུས་དང་ལོ་དུས་སུ་ལྷ་རྣམས་དང་འགོ་བའི་ལྷ་ལྔ་མཆོད་དེ་གཏང་རག་གཏང་ངོ་། །དེ་ལྟར་བྱས་ན་སྲོག་སྐྱོབས་ངེས་ཤིང་འཇིགས་པ་ཀུན་ལས་བསྐྱབ་པར་འགྱུར་རོ། །
ཞེས་གསུངས། ཆུང་སྲི་ཁ་ཆིངས་དང་བྱིས་པའི་གཏོ་ཕྲན་སོགས་གོང་དུ་སོང་། ད་ནི་བྱིས་པའི་སྐྱེས་ཀླུང་དང་ཆ་འདྲ་བ་འགའ་ཞིག་འདིར་བཀོད་པ་ལ། ཉེས་པ་བཟློག་ཐབས་གསུམ་གྱི་ནང་ཚན་འབྱུང་བ་གཡུལ་བཟློག་པའི་གཏོ་ནི། ཁྱིམ་གང་དུ་བུ་ཚ་བཙས་པ་རྣམས་སྐྱེས་པ་ཐམས་ཅད་མོ་ལོ་དང་བུད་མེད་རྣམས་ཕོ་ལོ་ཅན་དུ་གྱུར་ན། འབྱུང་བ་གཡུལ་ལོག་པ་ཞེས་བྱ་སྟེ། ཕོ་བརྒྱ་ཡོད་ཀྱང་མཐར་མོ་དབང་དུ་འགྲོ་བས་དེ་བཟློག་པ་ནི། མདའ་བྱ་རྒོད་མའི་རྩེ་ལ། མེ་ལོང་དང་། གྲུམ་པ་དཔྱད། དར་སྣས་བརྒྱན་ཏེ་བཏགས། ལྷ་གསོལ། བུད་མེད་རྣམས་ལ་ལྕམ་དང་མོ་ལས་དྲང་པའི་མིང་བཏགས། སྣང་བརྒྱད་ཀྱི་སྙིང་པོ་བྲིས་པའི་བྱང་བུ་བཏགས། སྐྱེས་པ་ཐམས་ཅད་སྟག་དང་། ཕོ་ལས་དྲང་པའི་མིང་བཏགས། མིང་སྟོན་དྲངས། དེས་ཕོ་རབས་དར་ལ་མོ་རབས་གུད་པར་འགྱུར་རོ། །འབྱུང་བ་གཡུལ་བཟློག་གི་གཏོའོ། །ཡང་བཟློག་གཏོ་གཉིས་པ་བྱིས་པ་ཀླུང་ལོག་གི་གཏོ་ནི། བྱིས་པ་མངལ་ནས་སམ་བཙས་ནས་ཀྱང་ཕོ་མོར་གྱུར་པའམ། མོ་ཕོར་གྱུར་པ་ལ་ཀླུང་ལོག་པ་ཞེས་བྱ་སྟེ། སྣ་ཟ་ཞིང་བཀྲ་མི་ཤིས་པས་དེ་བཟློག་པའི་
སྣ་ཁ་གནོད་པས་རྟེན་འབྲེལ་གྱི་གཏོ་ལ། བྱིས་པ་དེའི་མགོ་ལ་དུང་དྲག་ཏུ་བདར་བའི་ཚ་དྲོད་ཚུགས་ཙམ་གྱི་མེ་བཙའ་བྱ། སྣ་ལ་གསེར་མེར་བསྲོས་ནས་ཚུགས་བྱ། ལྟག་ཁུང་དུ་བཙོད་ཀྱི་སྣེ་མོ་མེར་བསྲེག་པའི་སོལ་མེས་ཚུགས་བརྒྱབ་པའི་མེ་བཙའ་བྱས་པས་ཉེས་པ་ཞི་བར་བྱེད་པའི་གཏོ་འདི་ཚེགས་ཆུང་ལ་ཕན་ཡོན་ཆེ་བར་གདའོ། །ཡང་བཅད་ཐབས་གསུམ་གྱི་ནང་ཚན་བྱིས་པ་སྐྱེ་འཕྲོ་བཅད་པའི་གཏོ་འདི་ནི། བུ་ཚ་མི་སྐྱེ་བར་འདོད་ན་བྱ་སྟེ། ཤོག་བུར་ཙཀྲ་རྩིབས་བརྒྱད་བྲིས་པའི་ལྟེ་བར་རྡོ་རྗེ་རྒྱ་གྲམ་དང་། རྩིབས་རྣམས་ལ། ཨོཾ་དུ་རི་པཱ་རི་སྭཱ་ཧཱ། ཞེས་བྲི། རྩིབས་མཆན་ལ། ས་རི་ཁང་ཁང་སྭཱ་ཧཱ། ཞེས་བྲི། རྩིབས་བརྒྱད་ཀྱི་ཕྱི་རོལ་མུ་ཁྱུད་གཉིས་བསྐོར་བའི་ནང་མར་ཆུ་རིས་བྲིས། ཕྱི་མར། ཨོཾ་ཨོཾ་ལཾ་ཧཱུྃ་ལཾ། ཞེས་པས་བསྐོར། ཙཀྲ་དེ་འདྲ་གཉིས་བྲིས་པ་ཁ་སྦྱར་ཏེ་བལྟབ་པ་བུད་མེད་ཀྱི་སྨད་གོས་ལ་བཏགས་སོ། །འདི་སྡིག་ཆེ་བས་ཀུན་ལ་བསྟན་པར་མི་བྱ་གསུངས། ཤི་སྒབ་དང་གོད་ཁ་བཅད་པ་གོང་དུ་སོང་། ཡང་མིང་སྲིང་དཔལ་བགོ་བའི་གཏོ་འདི་བག་རྩིས་སུ་བཞག་ཀྱང་རུང་མོད། བག་མ་མག་པ་མིན་ཡང་གཞན་མིང་
སྲིང་ཁྱིམ་སོ་སོར་འགྲོ་བ་ལྟ་བུ་ལ་ཕན་ཚུན་ཉེས་པ་མེད་པར་བྱེད་པའང་ཡིན་པས་འདིར་བཀོད་དེ། དེའི་བྱ་ཐབས་འབྲུ་བཟང་པོ་བཅུ་གསུམ་གྱི་བྲན་ལས་འོག་ནས་འཆད་འགྱུར་ལྟར་དཔལ་ཡས་སྣ་ཚོགས་ཀྱི་གཟུགས་བཟོས་པ་བསགས། དཔལ་གྱི་ཆོ་རབས་ཞེས་དཔལ་གྱི་བྱུང་ཁུངས་ལོ་རྒྱུས་ཀྱི་རབས་བརྗོད་པའི་སྨྲེང་གཏོ་གཞུང་གཞན་ན་ཡོད་པ་འདོན། དེ་ནས་དཔལ་རྟ་མིང་པོས་ཁྱེར། དཔལ་ལུག་སྲིང་མོས་ཁྱེར། དེ་བཞིན། དཔལ་གཡག་དང་དཔལ་འབྲི། ཡུལ་དང་མི། རྗེ་དང་བྲན། མདའ་དང་འཕང་སོགས་ཅི་རིགས་བཞག་སྟེ། མདོར་ན་ཕོ་རིགས་དང་མོ་རིགས། ཕོ་ཆས་དང་མོ་ཆས། དངོས་པོ་གཞན་གང་ཡང་རུང་བའི་ནང་ནས་ཅུང་བཟང་ཞིང་མགོ་མཐོ་བ་དང་། ཅུང་ཞན་ཅིང་དམའ་བ་དག་རིམ་བཞིན་དཔལ་གྱི་མིང་གིས་དྲངས་ནས་སྔ་མ་མིང་པོ་དང་། ཕྱི་མ་སྲིང་མོ་ལ་བགོས་ཏེ་བྱིན་པས་སོ་སོར་ཁྱེར་ནས་ཕན་ཚུན་དུ་ཉེས་པ་མེད་ཅིང་བདེ་ལེགས་སུ་གྱུར་པར་བསམས་ནས་ཤིས་བརྗོད་བྱ་བ་ནི། བགོ་རྒྱུའི་དངོས་པོ་ཅི་རིགས་ཞིག་བགོས་པའི་རྟེན་འབྲེལ་གྱི་གཏོ་བྱས་པ་ཡིན་ནོ། །དེ་དག་ནི་བྱིས་པའི་གཏོའི་སྐོར་གྱི་སྡེ་ཚན་ཏེ་བདུན་པའོ།། །།དེ་ནས་
ས་ཆ་ཡུལ་རིས་ཀྱི་གཏོ་བཅོས་སྐོར་སྣ་ཚོགས་རྩིས་གཞུང་རྣམས་སུ་གསལ། འདིར་གཏོ་སྒྲོམ་གཞུང་ནས་གསུངས་པ་རྣམས་ལས་ཡུལ་གཏོ་ཞེས་ཡུལ་འདྲེ་བཀར་བའི་གཏོ་ནི། ཁམས་ལས་བྱས་པའི་མི་བོ་ཆེ་བཞིའི་གཟུགས་བྱ། དེ་རེ་རེའི་མདུན་དུའང་གླུད་དང་ཆང་བུ་ཟས་སྣ་ཅི་འབྱོར་རེ་དང་། ཐུན་མོང་དུ། ནམ་རྒྱང་མདའ་འཕང་ཕོ་གདོང་མོ་གདོང་ཤིང་རིས། ཟས་གོས་དར་སྣ་རས་སྣ་ཡོ་བྱད་སོགས་ཅི་རིགས་བསགས་པའི་གླུད་རྫོངས་བཟང་བར་བྱས་ལ། གཟུགས་བཞི་པོ་ཕྱོགས་བཞི་ནས་ལྷགས་པའི་ཡུལ་འདྲེ་དངོས་སུ་བསམ། ཡས་གླུད་རྣམས་སྔགས་དང་ཕྱག་རྒྱས་འདོད་རྒུའི་གཏེར་ཆེན་པོར་བྱིན་གྱིས་བརླབས་ནས། གྱེར་གཞན་ནམ། བསྡུ་ན། ཀྱེ་ཡུལ་ཕྱོགས་འདི་རུ་གནས་པ་ཡི། གནོད་བྱེད་ཡུལ་གྱི་འདྲེ་གདོན་རྣམས། །དེ་རིང་ཡས་གླུད་འདི་ལ་འགུག །ཡས་དང་གླུད་འདི་ལེན་པར་གྱིས། །གཏོ་འདི་འཇམ་དཔལ་རྡོ་རྗེའི་བཀའ། །དཔྱད་འདི་ཀོང་ཙེ་རྒྱལ་པོའི་ལུང་། །གྱེར་འདི་རྣལ་འབྱོར་བདག་གི་སྨྲེང་། །བདེན་པའི་བཀའ་ཉོན་གླུད་ལོངས་ཤིག །རྒྱུ་ནི་ཡས་གླུད་སྣ་ཚོགས་ལ། །
རྐྱེན་ནི་སྔགས་དང་ཕྱག་རྒྱས་བསྒྱུར། །ཏིང་ངེ་འཛིན་གྱིས་འདོད་དགུར་སྤེལ། །དངོས་ལས་ལྷག་པའི་མདོས་གླུད་འདི། །ཁྱེད་ལ་སྦྱིན་ནོ་གཉེར་དུ་ལོངས། །ད་ནི་ཡུལ་འདིར་མ་འདུག་པར། །གང་དུ་ལམ་བསྟན་དེ་རུ་བཞུད། །ཕྱིན་ཆད་འཁོར་འདིར་མ་གནོད་ཅིག །དཀོན་མཆོག་བདེན་པའི་བཀའ་མ་བཅག །རྒྱུ་འབྲས་བདེན་པའི་དམ་མ་འདའ། །འདས་ན་བརླག་པར་འགྱུར་ཏ་རེ། །དེ་བས་རང་གི་གནས་སུ་སོང་། །ཞེས་དང་བདེན་སྟོབས་བརྗོད་ཅིང་། ཁ་སྨྲེང་དུ། ཡུལ་གྱི་ཆག་ཆེ་ཉམས་ང་ཐམས་ཅད་གཤིན་གསོན་གྱི་འདྲེ་ཐམས་ཅད་ཀྱིས་ཁྱེར་ཅིག་བྱས་ནས། གྲོང་ཆེན་པོ་གཞན་གྱི་ཕྱོགས་སུ་བསྐྱལ་ཞིང་རྟེན་སྙིང་བཟླ་བཀྲ་ཤིས་བརྗོད། དེས་ཡུལ་འདྲེའི་གནོད་པ་ཞི་བར་འགྱུར་རོ། །ཡང་དུར་ས་དང་། ཞིང་ཁང་པའི་བཅོས་ཀྱི་སྐོར་ལས། དང་པོ་དུར་གདབ་པ་ལ་ཉེ་བར་མཁོ་བ་གདབ་ཐབས་ལྔའི་ཡ་གྱལ་བླ་ཕུར་གདབ་པའི་གཏོ་འདི་ནི། ཕ་མེས་ཀྱི་དུར་ས་བདེ་ཞིང་བླ་དེ་ཉིད་གནས་དེ་ལས་མི་འགྱུར་བར་བྱེད་པ་ཡིན་ལ། དེ་ལས་གསོན་པ་རྣམས་བཀྲ་ཤིས་བདེ་ལེགས་འབྱུང་བ་ཡིན་ནོ། །འདིའི་བྱ་ཐབས་གཤིན་པོ་
ཕོ་མོ་གང་ཡིན་དེའི་ཕ་མ་བུ་གསུམ་གང་ཡིན་དེ་དག་གི་བླ་ཕུར་བྱ་དགོས་པས། ཕོ་ལ་ནི་ཙན་དན་ནམ། སྟག་པའམ། ཤུག་པ་ལ་གཤིན་པོ་དེའི་མིང་དང་། གཤིན་པོ་དེའི་ཕ་ཡི་མིང་དང་ཕ་ཡི་ཕའམ་མེས་པོའི་མིང་དང་། མེས་པོའི་ཕའམ་ཡང་མེས་པོ་གསུམ་གྱི་མིང་བྲི། མ་ཤེས་ན་ཕ་མིང་དང་མེས་པོ་ཡང་མེས་ཙམ་བྲིས་པས་ཆོག །གླང་མ་འམ་ལྕང་མ་ལ་གཤིན་པོ་དེའི་མདང་ཕྱི་མོ་ཡང་ཕྱི་གསུམ་གྱི་མིང་བྲི། ཁམ་བུ་འོམ་བུ་བ་ལུ་གསུམ་གང་རུང་ལ་གཤིན་དེའི་བུ་དང་ཚ་བོ་ཡང་ཚ་གསུམ་གྱི་མིང་བྲི། མིང་དམིགས་གསལ་མེད་ན། ཆེ་གེ་མོའི་བུ་ཆུང་དེའི་མིང་དང་བུ་དང་ཚ་བོ་ཡང་ཚ་ཞེས་བྲི། ཕུར་པའི་དབྱིབས་ནི་སྟོད་གྲུ་བཞི་སྨད་རིམ་པས་རྩེ་ཕྲ་བ་བྱས་པའམ། སྨད་ཟླུམ་པོར་བྱས་ཀྱང་རུང་། ཕུར་པའི་རྩེ་མོར་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་འབྲུ་ལྔ་དང་། རུས་སྦལ་གྱི་སྔགས། ཨོཾ་མ་ཧཱ་ཀཱ་ལི་མོ་ཏ་ཡེ་སྭཱ་ཧཱ། ཞེས་དང་། འབྱུང་ལྔའི་ས་བོན་ཙམ་བྲིས་ན་ལེགས། བླ་ཕུར་གྱི་ལག་ལེན་རྒྱས་པ་ཡིག་ཆ་གཞན་རྣམས་ན་ཡོད། ཡང་ན་ཤིང་གླ་བ་ལ་གླང་མའང་སྒྲོམ་བུ་བྱས་ཏེ། དེའི་ནང་དུ་མཚལ་
དང་སྣག་ཚ་བསྲེས་པས་གོང་བཞིན་གཤིན་པོའི་ཕ་མེས་སོགས་ཀྱི་མིང་བྲིས་ནས་བཅུག་ཀྱང་ཆོག་པར་གསུངས། དེ་གཉིས་གང་ལྟར་ཡང་མིང་དེ་དག་གི་མཐར། ཁྱེད་རྣམས་ཀྱིས་དུར་ས་བཟང་པོ་འདི་ཟུངས་ལ་བུ་ཚ་སྤེལ་བཀྲ་ཤིས་པར་གྱུར་ཅིག །ཅེས་བྲི། རྫས་དེ་དག་དང་ལྷན་ཅིག །རིན་ཆེན་ལྔ། འབྲུ། ས་བདག་དང་ཀླུ་ལ་མི་གནོད་པའི་སྨན་སྣ་དང་ཁྱད་པར་གཤིན་པོ་དེའི་རུས་བུ་བཅུག་པ་གལ་ཆེ། རུས་པ་མེད་ན་ས་དམིགས་སྔ་མའི་འོག་ནས་བརྐོས་པའི་ས་ཚོམ་དང་། གཤིན་པོ་དེའི་གོས་དྲི་ཅན། རྒྱན་རྙིང་པ་གང་རུང་ལ་རྟེན་བྱ། མི་བྱེས་སུ་ཤི་ནས་མགོ་རུས་མེད་པ་ལ། ཕྱག་ཚང་ཀུ་བ་ཀ་བེད་ཡིན་རབ། མེད་ན་དཀར་གོང་ལ་མགོ་དང་ཁ་མིག་བཏོད། སྤྱི་བོར་མཚལ་གྱི་གཡུང་དྲུང་བྲིས། གཤིན་དེའི་མིང་རུས་བྲིས་པ་ནང་དུ་བཅུག་གམ་སྦྱར་བས་ཚབ་བྱ། རུས་སོ་སོའི་བླ་ཤིང་ནི། སྒ་འམ་ཀེག་ཤིང་ཁམས་པའི་བླ་ཤིང་སྐྱེར་བ། སྒོ་འམ་ཇི་མེ་ཁམས་པའི་སྟག་པ། ཀུང་ངམ་གདོང་ས་ཁམས་པའི་སྟག་མ། ཤ་དང་མ་དགྲ་ལྕགས་ཁམས་པའི་གཡར་པ། འབྲུ་འམ་འུ་ཆུ་ཁམས་པའི་ཤུག་པ་ཡིན་པར་རྩིས་གཞུང་གཞན་ལས་
བཤད། དེ་དག་གི་བླ་ཁམས་ཀྱི་ཕྱུགས་ནི་རིམ་པ་བཞིན། ལུག་དང་། ར་དང་། ཤ་བ་དང་། རྐྱང་དང་། གཡག་ཡིན་ནོ། །བླ་ཕུར་གྱིས་རྫས་དེ་དག་རུས་ཁམས་ཀྱི་མདོག་གི་དར་ཟབ་ཀྱིས་གྲིལ། མི་བཀྲ་ཤིས་པའི་ལག་ནས་བླང་བའི་བལ་དཀར་གྱིས་གྲིལ་ཏེ་ས་དམིགས་བཟང་བར་དུར་དུ་གདབ་པ་ཡིན་ནོ། །ཡང་ན་རུས་དེའི་བླ་ཁམས་ཀྱི་ཕྱུགས་གོང་བཤད་དེ་དག་གི་བརླ་རྐང་སྦུ་གུའི་ཕྱི་ལ་མིང་བྲི་བའམ་རྐང་ཕྱུངས་ནས་དར་སོགས་ལ་མིང་བྲི་བ་གོང་བཞིན་བྱ། དེ་ཡང་གཤིན་དུར་དངོས་འདེབས་སྐབས་ས་དམིགས་དེར་གཤིན་པོའི་རུས་བུ་དང་ལྷན་གཅིག་རིན་ཆེན་སྨན་སྣ་འབྲུ་སྣ་སོགས་བཀྲ་ཤིས་པའི་རྫས་དང་བཅས་ཏེ་དོང་དུ་བླུགས་ལ་དེར་བླ་ཕུར་གདབ་པའམ་ཡང་ན་བླ་ཕུར་རྫས་དང་བཅས་པ་རྫ་རྡོའི་སྒྲོམ་དུ་བཅུག་སྟེ་དོང་དུ་སྦས་ལ་ཁ་ལེགས་པར་བཅད་པར་བྱ། སྔར་གཤིན་རོ་ས་དམིགས་སུ་བསྐྱལ་ཟིན་པའི་རུས་བུ་ལ་ཆོ་ག་འདི་བྱས་ཏེ་ས་དམིགས་བཟང་པོ་གཞན་དུ་འཇོག་ནའང་བཤད་མ་ཐག་པ་ལྟར་བྱ། གལ་ཏེ་དུར་ས་སྔ་མ་མི་ལེགས་པས་ས་གཞན་དུ་སྤོ་ན་དེའི་སྤོ་
ཆོག་དཔེ་གཞན་ནས་འབྱུང་བ་ལྟར་བྱས་ཏེ། བླ་ཕུར་དང་ལྷན་གཅིག་ས་བཟང་པོ་ལ་གཞག་ཚུལ་གོང་བཞིན་བྱ། དེ་ཡང་ས་དམིགས་བཟང་པོ་དེར་སོང་ནས། རང་ལྷར་གསལ། དཀར་གཏོར་རྒྱན་བཟང་དང་། ས་ལུག་དངོས་སམ། ལུག་སོགས་ཀྱི་གཟུགས་འགྲོས་དང་། གསེར་ཅི་འབྱོར་གྱིས་མཚོན་པའི་ས་ཡོན་གྱི་བརྔན་ཆ། སྔགས་དང་ཕྱག་རྒྱས་འདོད་ཡོན་རྒྱ་མཚོར་བྱིན་གྱིས་བརླབས་ལ། ས་དེའི་བདག་པོ་ལྷ་ཀླུ་ས་བདག་ལ་ཕུལ་ཏེ། ས་དེ་སློང་བར་བྱ་བ་ནི་ཁང་དུར་སོགས་ས་ལ་བརྟེན་པའི་ལས་བྱ་བ་ལ་མེད་དུ་མི་རུང་བ་ཡིན། མནན་གཏད་སོགས་ལ་ས་སློང་མི་དགོས་སོ། །ས་སློང་གི་ཆོ་གའི་འདོན་ཆ་རྒྱས་བསྡུས་གཞན་ལས་གསལ། ས་བསླངས་ནས་ལྟོ་ཕྱེ་ཚུལ་བཞིན་བཏག་སྟེ་གཙོད་རུ་སོགས་ཀྱིས་ས་བརྐོ། བླ་ཕུར་གདབ། བླ་དེ་གནས་དེར་བརྟེན་པར་གནས་ཤིང་བདེ་བར་བསམས་ལ། བདེན་སྟོབས་བརྗོད། རྟེན་སྙིང་བཟླ། དོང་ཁ་བཅད་དེ་བཀྲ་ཤིས་བརྗོད་ནས་མེ་ཏོག་འཐོར། དེས་གཤིན་ཀྱི་བླ་གནས་བདེ། གསོན་གྱི་སྒབ་འཕེལ། བཀྲ་ཤིས་པར་འགྱུར་བས་ཤིན་ཏུ་གལ་ཆེའོ། །
ཡང་དུར་གདབ་ཉེས་པ་བཅོས་པའི་གཏོ་ནི། གཟའ་སྐར་སོགས་དུས་བཟང་པོར་དུར་ས་དེར་སོང་ལ་ས་དམིགས་སྟེང་དུ་གཏོ་མཁན་ལ་ཡོན་དུ་ཕུལ་རྒྱུའི་ཁ་གསེར་ཁ་གཡུ་དང་ནས་ཅི་ཙམ་འབྱོར་བའི་གཞི་མའི་སྟེང་དུ་རུས་སྦལ་དངོས་སམ་དེའི་སྐོགས་པ་བཞག །མེད་ན་འདྲ་གཟུགས་བཅས་ལ་བཞག །གཞན་ཡང་དཀར་གཏོར་སྐྱེམས་ཕུད་གཟུགས་འགྲོས་ཤེལ་ཚིག་དར་སྣ་སོགས་བརྔན་ཆས་ཅི་རིགས་ངར་གླུད་གླུད་ཆས་དང་བཅས་པ་བཤམ། ཕྱོགས་ཀྱི་འབྱུང་བའི་ས་དགྲ་བཟློག་པའི་གཏོ། ཤར་དུ་དཀར་གོང་ཐོད་པ་གང་ལྕགས་དུམ་བཅས་པ་དང་། ལྷོར་ཆུ་སྣོད་ཆུས་བཀང་བ། ནུབ་ཏུ་མེ་རྫ་གྱོ་གང་། བྱང་དུ་ས་སེར་བྲེ་གང་། མཚམས་བཞིར་ཤིང་གི་སྡོང་པོ་རེ་རེ་བཙུགས། དེ་དག་གི་ཕྱི་རོལ་དུ། གཞི་ནག་པོ་རེ་རེའི་སྟེང་དུ། འཕྱི་བ། གྲུམ་པ། བྱི་བ། ཁྱིའི་ཐོད་པ་ཤ་ཁྱི་ཡིན་ན་རབ་བཞི་ཁ་ཕྱིར་བསྟན་ལ་བཞག །ཐོད་པ་འདི་དག་ལས་དགྲ་དུར་དགྲ་བཟློག་པའི་ནུས་པ་ཡོད་དོ། །ས་དམིགས་དངོས་ཀྱི་གཡས་གཡོན་གྱི་ཕྱོགས་གང་བདེར་ས་ཡི་ཕུང་སྲི་གནོན་པའི་རྟེན་འབྲེལ་གྱི་གཏོ་ནི་
ཞབས་སུ་རྡེའུ་ནག་པོ་གསུམ་མནན་པར་བོང་བ་ལས་མཆོད་རྟེན་གྱི་དབྱིབས་འདྲ་ཞིག་བརྩིགས། དེ་ལ་བྱ་སྤུ་སྣ་ཚོགས་བཙུགས། སྒྲོ་ཁ་དོག་སྣ་ཚོགས་ཚོམ་ཚོམ་དུ་བཅིངས་པའི་རྒྱང་བུ་ཚིགས་པ་ལྔ་པ་ཞིག་མཆོད་རྟེན་དེའི་རྩེར་གཟུགས། རང་ལྷར་གསལ། མཆོད་རྫས་བྱིན་བརླབ་བྱས་ནས། གཙུག་ལག་གི་ལྷ་རྣམས་མཆོད། སྡེ་བརྒྱད་གསེར་སྐྱེམས་བཏང་། དེ་ནས་གླུད་བྱིན་གྱིས་བརླབས་ལ་སམ་བྷ་རས་བསྔོས། གཞུང་གི་གྱེར་འདི་བྱ། ཀྱེ། སྔོན་གྱི་བསྐལ་པ་དང་པོ་ལ། མཐོ་རུ་གནམ་ཕུབ་པ། ཁེན་པ་རྒད་པོ་སྔའང་ལགས། དམའ་རུ་ས་བཏིང་བ། ཁོན་མ་རྒན་མོ་ལགས། བར་དུ་རི་བཙུགས་པ། གིན་རི་རྒྱལ་པོ་ལགས། ཡན་མན་རླུང་འཕྱོ་བ། ཟོན་ཆུང་རྒྱལ་མོ་ལགས། སྲ་བ་བྲག་ཆགས་པ། དྭ་ལྕགས་ཀྱི་སྙིང་པོ་ལགས། ཉི་མའི་མདངས་ཤར་བ། ལི་མེའི་སྒྲོན་མེ་ལགས། ལུང་པར་ཆུ་འབབ་བ། ཁམ་ཆུ་གླིང་གོར་མོ་ལགས། རི་ལ་ཤིང་སྐྱེས་པ། ཟིན་ཤིང་ལྗོན་པ་ལགས། ཁེན་པ་རྒད་པོ་དང་། ཁོན་མ་རྒན་མོ་གཉིས། ཡུལ་རུས་སྦལ་གྱི་ལྟོ་བ་རུ། ཁབ་དང་མཇལ་བགྱིས་པས། །ཁྱི་འབྲུག་གཉིས་ལས་ནི།
གནམ་སྒོ་དེ་ནས་ཕྱེ། ཕྱི་སྒོ་དེ་ནས་བྱུང་། ཕག་སྦྲུལ་གཉིས་ལས་ནི། ས་སྒོ་དེ་ནས་ཕྱེ། ས་སྒོ་ཕྱེ་བ་དེ་ལ་ཡོད་དོ། །མ་དཔེ་བཀོད་དང་བསྒོས་ཟེར་བ་འདུག །བཟང་པོ་ལྷག་པར་གནས་པས་སུ། ཤི་འཕྲོ་དེ་ནས་ཆད་པ་ཡིན། ཤི་ཁ་ད་ཆོད་ཅིག །གནམ་སའི་སྒོ་འདི་ལོག་མེན་སོགས་ཀྱི་སྐབས་དང་མཐུན། གོད་ཁ་ད་བྲུབ་ཅིག །ཅེས་སོ། །གཞན་ཡང་གོང་དུ་སྤར་ཁ་སྤྱི་མདོས་ཀྱི་སྐབས་སུ་བཀོད་པའི། ཧཱུྃ་བྷྱོ། གཏོ་འདི་གཙུག་ལག་འཕྲུལ་གྱི་གཏོ་སོགས་ཀྱི་ཚིག་རྐང་ལྔའི་རྗེས་སུ། ཧོ། རྗེ་བཙུན་འཕགས་པ་འཇམ་པའི་དབྱངས། །ཡུམ་ཆེན་འབྱུང་ལྔའི་ལྷ་མོ་དང་། མ་ཧཱ་གསེར་གྱི་རུས་སྦལ་ཆེ། །ལོ་ཟླ་ཞག་དང་དུས་ཚོད་ལྷ། །སྤར་མེ་གཟའ་སྐར་ཕྱོགས་དང་དུས། །གཙུག་ལག་སྲིད་པ་འཕྲུལ་གྱི་ལྷ། །མ་ལུས་འཁོར་དང་བཅས་པ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །ཞེས་སྦྱར་དེ་ནས། ཧཱུྃ་བྷྱོ། ལྷོ་ཕྱོགས་འབྱུང་བའི་རྒྱལ་པོ་ནི། །ཞེས་སོགས་ནས། ཁྱེར་ཅིག་ཚིགས་བཅད་ཀྱི་བར་དུ་བརྗོད་པའི་རྗེས་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་འདིས། །དུར་ས་ངན་པའི་ཉེས་པ་རྣམས། །དེ་རིང་ཉིད་ནས་ཞི་བར་གྱིས། །ས་དགྲ་འབྱུང་
དགྲ་ཐམས་ཅད་བཟློག །གཙུག་ལག་སྲིད་པའི་ལྷ་རྣམས་ཀྱིས། །ས་འདི་བྱིན་གྱིས་བརླབས་མཛད་དེ། །ས་འདི་ཉིད་ལ་བརྟེན་ནས་སུ། །བདེ་ལེགས་བཀྲ་ཤིས་ཀུན་འབྱུང་མཛོད། །རྟེན་འབྲེལ་ཐབས་ཀྱི་གཏོ་འདི་ཡིས། །དུར་ས་ངན་པའི་ཉེས་པ་ཀུན། །རྩད་ནས་ཞི་བར་རབ་གྱུར་ཏེ། །སླན་ཆད་དགེ་ཞིང་ཤིས་གྱུར་ཅིག །ཉི་མ་ཐམས་ཅད་དགེ་བ་སོགས་བརྗོད། བདེན་སྟོབས་ལ་ཡེ་དྷར་ཅི་མང་བཟླས་པའི་བྱེ་མ་མེ་ཏོག་ཕྱོགས་ཀུན་ཏུ་འཐོར་ཞིང་མདོ་ལས་གསུངས་པའི་བཀྲ་ཤིས་ཅི་རིགས་བརྗོད་པས་བདེ་ལེགས་སུ་བྱའོ། །འདིའི་རྒྱབ་སྐྱོར་དུ་རྒྱལ་བའི་གསུང་རབ་རྣམས་ལས་ཅི་རིགས་དང་། འཇམ་དཔལ་མཚན་བརྗོད། བཀྲ་ཤིས་བརྩེག་མདོ། མདོ་ཐིག །སྣང་བརྒྱད། ཉེས་སེལ་སོགས་ཅི་ནུས་བཀླགས་ཤིང་བྱེ་མ་དང་འབྲུ་སྣ་བསྔགས་པ་ས་དམིགས་དེར་ཁྱབ་པར་གཏོར་བར་བྱ། རུས་སྦལ་སོགས་གཏོ་མཁན་གྱི་གཏོ་ཆས་རྣམས་མ་གཏོགས་པའི། གཏོ་ཡས་གཞན་རྣམས་སོ་སོའི་གནས་དེར་བཞག་ནས་ལོག་པར་བྱའོ། །དེས་དུར་གདབ་ཉེས་པ་ཐམས་ཅད་ཞི་ནས་བདེ་ལེགས་སུ་འགྱུར་རོ། །ཞིང་སའི་ཉེས་པ་བཅོས་
པ་ལ། རྟག་ཏུ་ཞིང་ལ་ལོ་མི་སྐྱེ་ན། ཞིང་དེའི་ས་ཐུ་བ་གང་ཙམ། བླངས་ཏེ་ནུབ་སྨད་དུ་བསྐྱལ། ཤར་སྨད་ཕྱོགས་ཀྱི་ཞིང་བཟང་པོ་གཅིག་ནས་ས་ཐུ་བ་གསུམ་བླངས་ནས་དེ་གཡང་བླན་ཏེ། བདེན་སྟོབས་བརྗོད། རྟེན་སྙིང་བཟླ། བཀྲ་ཤིས་བརྗོད་བཞིན་རང་གི་ཞིང་དེའི་ཐོག་ཏུ་བཀྲམ་ཞིང་འཐོར་བས་ཕན་ནོ། །ཡང་ཞིང་ལ་ལོ་མི་སྐྱེ་ན། དཀར་གསུམ་མངར་གསུམ་དར་སྣ་རིན་པོ་ཆེ་རྣམས་གཞོག་མ་ཕོག་པའི་རྭ་ནང་དུ་བླུགས་ནས་ཁ་བཅད་དེ་ཞིང་དཀྱིལ་སྦས་ན་ནས་བཟང་པོ་སྐྱེ་བར་འགྱུར་རོ། །ཞིང་གཏོའོ། །ཁང་པའི་ཉེས་པ་བཅོས་པ་ལས། ཁང་པ་བརྩིགས་ཉེས་པ་བཅོས་པའི་གཏོ་ནི། སྔར་ནམ་བརྩིགས་པའི་ཟླ་བ་ལ། ཁང་ས་བཟང་བའི་ཁང་པ་བཀྲ་ཤིས་པ་གསུམ་གྱི་ས། ཞིང་ས་བཟང་པོ་གསུམ་གྱི་ས། ལུང་པ་ཁ་ཤར་བསྟན་གསུམ་གྱི་ཆུ། འབྲུ་སྣ་ལྔ། རཏྣ་ལྔ་རྣམས་རྫ་ཡི་བུམ་པ་བརྒྱད་དུ་བླུགས་ལ་ཁང་པ་དེའི་ཕྱོགས་བཞི་མཚམས་བརྒྱད་དུ་གཞུག་ཅིང་། བདེན་སྟོབས་བཀྲ་ཤིས་བརྗོད་པས་ཁང་ཉེས་ཞི་བར་འགྱུར་རོ། །ཡང་ཁང་གཏོ་ནི། རང་ངམ་གཞན་གྱི་ཁང་ས་ཟད་པའམ་གུད་ནས་མི་ནོར་ལ་དར་གུད་བྱུང་
ན་དེ་གསོ་བའི་ཐབས་ནི། ཁམ་སའི་ཀོང་བུ་ཁ་བུག་ལྔ་བྱས་ཏེ་སོ་བཏང་། དེ་ནང་དཀར་གསུམ་མངར་གསུམ་འབྲུ་སྣ་དང་། ཁམ་ས་ལ་ཕྱུགས་ཀྱི་རྟ་སོགས་གཟུགས་བདུན་བྱས་ལ་བཅུག །ཁམས་སས་ཁ་བཅད་དེ། ཁང་པའི་ཕྱོགས་བཞི་དབུས་ལྔར་སྦས་ན་མི་ནོར་འཕེལ་བར་འགྱུར་རོ། །ཡང་ཁང་པ་བཀྲ་མི་ཤིས་ན། དོང་རྩེ་དགུ་བསྐོར་གྱི་གཏོ་བྱ། ཁང་པ་དེའི་འགེབ་བཤུས་ལ་ཞག་གསུམ་ཁང་པའི་ནང་ལ་གནམ་བསྟན། གཡང་སྐར་ཡོད་དུས་གཡང་ལེན་གཏེར་སྦ་བྱས་པས་ཕན་ནོ། །སྔར་ཁང་པ་བཀྲ་ཤིས་པའི་འཕྲོ་ལ་མི་ཤིས་བར་སོང་ན་ཁང་པའི་ནང་དུ་ཞི་བའི་སྦྱིན་སྲེག་བྱས་པས་སེལ། ཡང་བུ་ཚ་ཆུང་ངུ་ཤི་བས་ཁྱིམ་བཀྲ་མི་ཤིས་པ་ལ། དང་པོ་ཁྱིམ་དེར་གཏོ་མཁན་གྱིས་ལྷ་གསོལ། དེ་ནས་བུ་མོ་གཙང་མ་དགུ་འམ། ལྔའམ། གཉིས་ཀྱི་ལག་ཏུ་མདའ་དར་ཐོགས་ལ་ཁ་ཤར་དུ་བལྟས་ནས། ཀྱེ་ལྷ་རྣམས་འདིར་བྱོན་ཅིག་ཅེས་ལྷ་འབོད་མདའ་དར་གཡབ་ལ་གཏོ་མཁན་གྱིས་ལྷ་ལ་མདའ་དར་སོགས་གཏོ་རྟེན་བཙུགས་ཁྱིམ་དེའི་སྒོ་ལྷོར་གཏོད། རང་ཐག་ཤར་དུ་བཞག །ཉལ་ས་བྱང་དུ་བྱ། ཆུ་ཟངས་ཤར་དུ་བྱའོ། །དེས་ཁྱིམ་བཀྲ་ཤིས་པར་འགྱུར་རོ། །
གནས་ཁང་དགེ་ཞིང་བཀྲ་ཤིས་ལ་དཔལ་འབྱོར་འཕེལ་བའི་སླད་དུ་གཏེར་གཞུག་ཐབས་རྣམ་པ་གཉིས་ཀྱི་གཏོ་ལ། ས་གཏེར་གཞུག་པ་དང་། བར་གཏེར་གཞུག་པ་གཉིས་ཀྱི་དང་པོ་ས་གཏེར་ལ་ལྔ་ལས། དང་པོ། ཀླུ་ཆེན་བརྒྱད་ཀྱི་གཏེར་ནི། ཀླུ་ཆེན་བརྒྱད་ཀྱི་གཟུགས་བག་ཕྱེ་ལས་བྱས་པའི་སྙིང་གར་ཕུཿ རེ་བྲིས་པ་གཞུག །དེ་རྣམས་རྫ་འམ་ཟངས་ཀྱི་བུམ་པ་སོགས་སྣོད་དུ་བཅུག་ལ་དེར་འབྲུ་སྣ་དང་མངར་གསུམ་དང་ཀླུའི་རྩི་སྨན་རིགས། རིན་ཆེན་སྣ་ཚོགས་དང་དར་ཟབ་སྣ་ཚོགས་བླུགས་ཏེ་སྣོད་ཁ་བཀང་། དངོས་གྲུབ་འདོད་གསོལ་ཤོག་བྱང་ངམ། དར་བྱང་ཀྱང་བཅུག །རང་ལྷའི་རྣལ་འབྱོར་གྱིས་ཀླུ་བརྒྱད་སྤྱན་དྲངས་ནས་བསྟིམ། མཆོད་བསྟོད་བྱ། འདོད་དོན་གསོལ། བརྟན་བཞུགས་བྱ། དེ་ནས་ཁང་པའི་དབེན་སར་ས་བྲུས་ལ་གཞུག་ནས། ཀླུ་ཆེན་པོ་རྣམས་ཁང་པ་འདིའི་བདག་པོ་གྱིས་ལ། བདག་ཅག་ལ་ནོར་དང་འབྲུའི་དངོས་གྲུབ་སྩོལ་ཅིག་བྱས་ལ་ཁ་བཅད་དེ་སས་ལེགས་པར་གཡོགས། དེའི་སྟེང་དུ་སཱཙྪ་རབ་གནས་ཅན་བཞག་པར་བྱའོ། །གཉིས་པ་རྒྱལ་བ་རིགས་ལྔའི་གཏེར་ནི། རྫའི་བུམ་པ་ལྔ་བྱས་ཏེ་ཁ་དོག་ལྔར་བསྒྱུར་རྒྱལ་བ་རིགས་ལྔའི་སྐུའམ་ཡིག་འབྲུའམ་ཕྱག་མཚན་གང་རུང་བཀོད། བུམ་པའི་ནང་དུ་རིགས་ལྔའི་སྐུའམ་ཕྱག་མཚན་ཡིག་འབྲུ་གང་རུང་དང་བུམ་རྫས་ཉེར་ལྔ་སིལ་བུའམ་དེ་དག་
གི་ཕྱེ་མས་བཀང་། ཁ་རྒྱན་རས་གསར་པ་འཆིངས། རང་རང་ཕྱོགས་སུ་བཀོད། དེ་ལ་རིགས་ལྔ་སྤྱན་དྲངས་མཆོད་བསྟོད་དང་རབ་གནས་བརྟན་བཞུགས་བྱས་ཏེ་ཁང་པའི་ཕྱོགས་བཞི་དབུས་ལྔར་ས་གྲུ་བཞི་བྲུས་ནས་ཕྱོགས་མ་ལོག་པར་སྦ། དུས་བཞིར་མཆོད་པ་བྱའོ། །གསུམ་པ་འབྱུང་བ་ལྔའི་གཏེར་ནི། ཁམ་ས་ལས་ཕག་གམ་གླང་པོ་ཆེའི་གཟུགས་བྱས་པའི་ནང་ཁང་སྟོང་བྱས་ལ། འབྱུང་བ་ལྔའི་ས་བོན་ནམ་སྙིང་པོ་བྲིས་པ་དང་། འབྲུ་སྣ་དང་རིན་པོ་ཆེ་ལྔས་ཁོང་སྟོང་ཀུན་བཀང་། ཡང་ན་རུས་སྦལ་གྱི་གཟུགས་ཀྱི་ཁོག་པར་བྱ། འབྱུང་ལྔའི་ལྷ་རྣམས་སྤྱན་དྲངས་མཆོད་བསྟོད་འདོད་གསོལ་རབ་གནས་བྱས་ལ། ཁང་པའི་དབུས་གཙང་ཞིང་འགོམ་རེག་སོགས་ཀྱི་དབེན་པར་སྦའོ། །བཞི་པ་ས་བདག་སྲུང་བཞིའམ་ཀླུང་བཞིའི་གཏེར་ནི། ཤར་གྱི་སྟག་སྐྱ་བོ། །ལྷོ་གཡུ་འབྲུག་སྔོན་པོ། ནུབ་ཀྱི་བྱ་དམར་པོ། བྱང་གི་རུས་སྦལ་རྒྱ་བོ་རྣམས་ཀྱི་གཟུགས་རྫས་དང་ཁམས་ལས་བྱས་པར་སོ་ལེགས་པར་བཏང་། ནང་འབྲུ་ལ་སོགས་པས་བཀངས་ནས་བུག་པ་ཁམས་ས་དགག །ཀླུང་བཞི་སྤྱན་དྲངས་མཆོད་བསྟོད་འདོད་དོན་གསོལ་རབ་གནས་བྱས་ལ་མི་འགོམ་པའི་གནས་སུ་ཕྱོགས་མ་ནོར་བར་སྟག་སྐྱ་དང་རུས་སྦལ་གཉིས་ཁ་ཕྱིར་བསྟན། འབྲུག་སྔོན་བྱ་དམར་གཉིས་ཁ་ནང་དུ་བསྟན་ལ་སྦ། བདེན་སྟོབས་དམིགས་ལ་སྨོན་ལམ་བཏབ། བཀྲ་ཤིས་བརྗོད།
ལྔ་པ་ནོར་གྱི་བདག་པོའི་གཏེར་ནི། རས་དཀར་པོར་རྣམ་སྲས་ཛམ་ལ་སོགས་ནོར་ལྷའི་སྐུ་ལེགས་པར་བྲིས་སྤྱན་དྲངས་བསྟིམ་སོགས་བྱ། དེ་ནས་མཛོད་སོགས་གང་འདོད་གནས་སུ་འབྲུ་སྣ་སོགས་དགེ་ཤིས་ཀྱི་རྫས་རྣམས་དང་བཅས་ཏེ་བཞག་ལ། མཆོད་བསྟོད་འདོད་གསོལ་བྱ། དུས་རྟག་ཏུ་མཆོད་པ་ལ་བརྩོན་པར་བྱ། འདི་རྣམས་གཞུག་པའི་དུས་སུ་སྨོན་ལམ་ནི། ས་ལ་སྦ་བ་ཡིན་ན། ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །རྒྱལ་བ་རིགས་ལྔའི་གཏེར་སྦས་པས། །མི་ཟད་ཡུན་གྱི་གཏེར་ཆེན་ལྡན། །བཀྲ་ཤིས་འདོད་དགུ་ཕུན་ཚོགས་ཤོག །ཅེས་བརྗོད། དེ་བཞིན་ཀླུ་ཆེན་བརྒྱད། འབྱུང་བ་ལྔ། ས་བདག་སྲུང་བཞི་ལ་སོ་སོར་ཁ་བསྒྱུར། ཁྱིམ་དུ་སྤ་བའི་རིགས་ལ། བཀྲ་ཤིས་གནས་ཁང་འདི་ཉིད་དུ། །ནོར་གྱི་བདག་པོའི་གཏེར་སྦས་པས། །སོགས་གོང་བཞིན་ཏེ། བཀྲ་ཤིས་རྫས་བརྒྱད། རིན་ཆེན་སྣ་བདུན་ཞེས་ཁ་བསྒྱུར་རོ། །བར་གཏེར་གཞུག་པ་ལ་རྣམ་གྲངས་གཉིས་གསུངས་པའི་དང་པོ་བཀྲ་ཤིས་རྫས་བརྒྱད་ཀྱི་གཏེར་ནི། དར་རམ་ཤོག་བུ་ལ་བཀྲ་ཤིས་རྫས་བརྒྱད་ཀྱི་གཟུགས་ལེགས་པར་བྲི། དེའི་མཐར་རྟེན་འབྲེལ་
སྙིང་པོ་འདོད་གསོལ་བཅས་པས་བསྐོར། རབ་གནས་བྱས་ལ་ཁྱིམ་གྱི་གདུང་མའི་གསེབ་ཏུ་གཞུག་གོ །གཉིས་པ་རིན་པོ་ཆེ་སྣ་བདུན་གྱི་གཏེར་ནི། དེའི་རྒྱལ་སྲིད་སྣ་བདུན་གཟུགས་དང་རྟེན་སྙིང་གོང་བཞིན་བྲིས་ཏེ་རབ་གནས་བྱས་པ་གདུང་གསེབ་ཏུ་གཞུག་གོ །ས་གཏེར་བར་གཏེར་འདི་དག་གཞུག་པར་བྱས་ན་མི་དབུལ་ཕོངས་ནོར་འདོད་པ་དག་གི་ཡང་འབྲུ་ནོར་དང་ལོངས་སྤྱོད་བསོད་ནམས་འཕེལ་བར་འགྱུར་ན་གཞན་བསོད་རྣམས་ལྡན་པས་ལྟ་ཅི་སྨྲོས། གཏེར་གཏོ་འདི་དག་རྫས་སྔགས་དམིགས་པའི་ཆོ་ག་རྫོགས་ཤིང་། སྦྱིན་བདག་གི་དབང་ཀླུང་དར་བ་དང་གཟའ་སྐར་དུས་སྦྱོར་སོགས་བཟང་བའི་དུས་ཀྱི་གནད་དང་། ལོ་སྤར་སྨེ་བ་དང་ས་བདག་གནས་པའི་ཕྱོགས་བཟང་ཞིང་། གང་བའི་བུམ་པ་དང་ཞི་བའི་གཟའ་མདུན་ན་གནས་པ་སོགས་ཕྱོགས་ཀྱི་གནད་དང་བསྒྲིགས་ཏེ་རྟེན་འབྲེལ་གྱི་གཏོ་ཐབས་ལེགས་པར་བྱས་ན། ཚེགས་ཆུང་ངུས་ཀྱང་ནོར་བུ་བུམ་བཟང་དཔག་བསམ་གྱི་ཤིང་བཞིན་དུ་འདོད་པའི་འབྲས་བུ་རྒྱ་ཆེན་པོ་སྩོལ་བར་འགྱུར་རོ། །ཡུལ་རིས་ས་གཏོའི་སྐོར་གྱི་སྡེ་ཚན་ཏེ་བརྒྱད་པའོ།། །།གསུམ་པ་རྗེས་ཀྱི་བྱ་བ་ལ། གོང་
བཤད་གཏོ་ཐབས་སོ་སོ་གང་བྱེད་པ་དེ་ཉིད་ལེགས་པར་གྲུབ་ནས། ཕུན་སུམ་ཚོགས་པ་མངའ་བ་སོགས་དང་། སྟོང་ཆེན་རབ་འབྱམས་ལས་གསུངས་པའི། འཇིག་རྟེན་འདིའམ་སོགས་མདོ་ལས་གསུངས་པའི་བཀྲ་ཤིས་ཀྱི་ཚིགས་བཅད་རྣམས་རྒྱས་བསྡུས་ཅི་རིགས་སུ་བརྗོད་ཅིང་མེ་ཏོག་འཐོར་བ་ནི་ཕན་ཡོན་ཆེ་ལ། ཡི་དམ་གྱི་ལས་གཞུང་བསྲང་བ་ཡིན་ན་དེའི་རྗེས་ཆོག་རྣམས་བྱ་ཞིང་ལས་རྗེས་མི་མངོན་པར་བསྡུ། གཏོ་མཁན་ལ་ཇི་ལྟར་མཚམས་པའི་ཡོན་གྱིས་མཉེས་པར་བྱ་བ་ནི་གཏོ་ལེགས་པར་འགྱུར་བའི་གནད་གཅིག་ཡིན་ནོ། །སྤྱིར་གཏོ་བྱེད་པ་ལ་འཕགས་པའི་ལུང་གིས་བསྟན་པའི་རྟེན་འབྲེལ་གཏོ་ཐབས་ཀྱི་གཅོས་རྣམས་ལ་ཐེ་ཚོམ་མེད་པར་ཡིད་ཆེས་པ་དང་། རྫས་སྔགས་དམིགས་པ་གྱེར་འདོན་སོགས་ཇི་སྐད་བཤད་པ་ལྟར་ཆོ་གའི་ཡན་ལག་མ་ཉམས་པར་བྱ་བ་དང་། ཕྱོགས་དང་དུས་ཀྱི་གནད་དང་ལེགས་པར་བསྒྲིགས་ཤེས་ན། གཏོ་ཐབས་བྱིས་པའི་རྩེད་མོ། ཕན་པ་རི་རྒྱལ་ལྷུན་པོ་ཞེས་གྲགས་པ་ལྟར་འདོད་པའི་འབྲས་བུ་རྒྱ་ཆེར་སྨིན་པའི་དགེ་མཚན་མངོན་སུམ་དུ་མཐོང་ནས་ངོ་མཚར་བ་ཐོབ་པར་འགྱུར་
རོ། །དེ་ལྟར་ཡང་། བཅོམ་ལྡན་འདས་ཀྱིས། སྔགས་དང་སྨན་དང་བསམ་གཏན་དང་། མཁྱུད་སྤྱད་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་ཅེས་མདོ་ལས་གསུངས་སོ། །གཏོ་དང་རྟེན་འབྲེལ་གྱི་རིགས་འདི་དག་བསྙེན་སྒྲུབ་ཚད་ལྡན་སོང་བ་དང་། ཏིང་འཛིན་ཉམས་རྟོགས་ལྡན་པའི་རྣལ་འབྱོར་པས་བྱས་ན་ལྷག་པར་སྟོབས་ཆེ་བ་ནི་སྨྲོས་མ་དགོས་ལ། འོན་ཀྱང་རྟེན་འབྲེལ་དང་བཀའ་ལུང་གི་བདེན་པ་སུས་ལག་ཏུ་བླངས་ཀྱང་དོན་ཅི་རིགས་ཡོད་མོད་ཀྱི་གཏོ་ཐབས་འདི་རྣམས་བྱེད་འདོད་པས་སྔོན་དུ་གོང་བཤད་ལྟར་འཇམ་དཔལ་གྱི་བདག་བསྐྱེད་བསྒོམ་ནས། ཝཱ་གི་ཤྭ་རི་འབུམ་ཕྲག་དྲུག་དང་། རྟེན་འབྲེལ་སྙིང་པོ་འབུམ་ཕྲག་གཅིག་བཟླས་ནས་ལས་འདི་རྣམས་ལག་ལེན་བྱས་ན་ལེགས་པར་མདོན་ནོ། །དེ་ལྟར་གཏོ་སྒྲོམ་འབུམ་གྱི་ཏི་ཀ་ཞེས་བྱ་བའི་གཞུང་འདི་ཉིད་ལོ་ཙཱ་བ་ཁལ་པ་ཁྲ་མོས་རྒྱ་ནག་གི་སྐད་ལས་བོད་སྐད་
དུ་བསྒྱུར་ནས་ཆིག་བརྒྱུད་ཀྱི་བཀའ་རྒྱས་བཏབ་པ་ཉིད། ཁྱུང་ནག་ཤག་དར་གྱིས་ཕྱག་བཞེས་མཛད་པས་གཞན་ཕན་ཆེ་བར་གཟིགས་ནས། སྨད་ལས་གནོད་ཆའི་སྐོར་རྣམས་ཀྱི་གབ་སྦས་ཀྱི་ཡི་གེ་ལོགས་སུ་བཀོད་ཅིང་། གཞུང་ལེའུ་བརྒྱ་དང་ཉི་ཤུ་ཡོད་པའི་དཔེ་འདི་བཀའ་རྒྱ་བཀྲོལ་ཏེ་ཀུན་ལ་སྤེལ་བར་མཛད། དེ་ཡང་འདིའི་ལེའུ་བརྒྱ་དང་དགུ་ཡན་ཆད་ཞུས་པ་དང་། ལན་གྱི་ལེའུ་གཉིས་དང་དར་གུད་ཀྱི་དབྱེ་བ་དང་དུས་ཚོད་བཟང་བ་བསྟན་པའི་ལེའུ་གཉིས་བཅས་བཞི་པོ་དེ་ལས་གཞན་ཐམས་ཅད་ཕན་བྱེད་གཙོ་ཆེར་སྟོན་པའི་གཏོ་སྨན་གྱི་ནགས་ཚལ་ལྟ་བུའི་སྐོར་ཡིན་པས་འདིར་ཕན་གཏོ་དེ་རྣམས་ཡོངས་རྫོགས་ཀྱི་ལག་ལེན་གསལ་བར་བཀོད་པ་ཡིན་ལ། དེ་མན་ཆད་ཀྱི་ལེའུ་བཅུ་གཅིག་ཏུ་གནོད་ཆ་གཙོ་བོར་བསྟན་པ་ཡིན་ཞིང་གབ་སྦས་ཀྱང་ཅི་རིགས་ཡོད་པར་མངོན། འདི་སྐོར་ལའང་། རྙིང་མའི་ཚེ་བདག་རྣ་ཆ་བརྒྱད་ལས། ས་མཚོ་ལ་གཏད་ཀྱི་རྣ་ཆ་ཞེས་པ་རྒྱ་མཚོ་དུ་རུ་ཀའི་རྒྱུད་དང་། དེའི་ལག་ལེན་མན་ངག་སོགས་གཏད་ཀྱི་སྐོར་ཟབ་མོ་རྣམས་དང་། ས་བདག་ཧལ་ཁྱིའི་གཏད་ཁྲམ་
སོགས་འབྱུང་རྩིས་ལུགས་ཀྱི་དྲག་མཐུ་ཟབ་པ་མང་པོ་གཏེར་ཁ་རྣམས་སུ་སྣང་བས། གཏེར་མའི་དྲག་སྔགས་ངན་སྔགས་ཀྱི་སྐོར་རྣམས་དང་འཕྲུལ་ཤེས་ན། འདིར་བཤད་པའི་གནོད་བྱེད་ཀྱི་གཏོ་ཐབས་རྣམས་ཀྱི་གནད་ཀྱང་ཤེས་སུ་རུང་མོད། སྤྱིར་ངན་ཐབས་ཀྱི་རིགས་གང་ཡང་སྙིགས་མའི་སྐྱེ་བོ་ཕལ་གྱིས་ལག་ཏུ་བླངས་པ་ལ་དགོས་པ་ཆུང་ཞིང་དགག་བྱ་ཆེ་བས། གནོད་ཆའི་སྐོར་འདི་འདྲའི་རིགས་ལག་ལེན་དུ་འདེབས་པའི་ཡིག་ཆ་གང་ཡང་སྤེལ་འདོད་མེད་པས་འདིར་ཡང་དེའི་སྐོར་རྣམས་བཀྲོལ་བར་མ་བྱས་སོ། །གཏོ་སྒྲོམ་འབུམ་ཏིག་འདི་ཟབ་ཅིང་རྣོ་བས་གཏོ་ཡི་མན་ངག་མཁྱུད་སྤྱད་ལྟ་བུ་ཡིན་པས་སྔར་ཡང་བཀའ་རྒྱ་དམ་པར་མཛད་པ་བཞིན། འདི་ཡི་ལག་ལེན་ཞིབ་པར་བཀྲོལ་བ་འདི་ཡང་མན་ངག་གི་ཡིག་ཆ་ཡིན་པས་གསང་ཞིང་སྦ་འོས་ཡིན་ན་ཡང་། རིས་སུ་མ་ཆད་པའི་བསྟན་འགྲོའི་དོན་དུ་བསམ་པ་བཟང་པོའི་སྒོ་ནས། ལྷ་དང་མཁའ་འགྲོའི་ཚོགས་ལ་གནང་བར་གསོལ་བ་བཏབ་ཏེ་མ་སྦས་པར་བཀོད་པ་ཡིན་ནོ། །འཕགས་
པས་གཞན་ཕན་ཆེད་དུ་གསུངས། །གཞན་གྱིས་གཞན་ཕན་ཆེད་དུ་བསྐུལ། །རང་གིའང་གཞན་ཕན་སེམས་ཀྱིས་བྲིས། །འདི་ལས་གཞན་ཕན་ཆེར་འབྱུང་ཤོག །ཅེས་གཏོ་ཆོག་བཀྲ་ཤིས་འདོད་འཇོ་འདི་ནི། སོག་ཧ་ལ་ཧའི་ཡུལ་ཏཱ་ཁུ་རེ་ཆེན་པོའི་གྲྭར་གཏོགས། རི་བོ་དགེ་ལྡན་པའི་དགེ་བཤེས་བློ་བཟང་དར་རྒྱས་ལགས་ནས་གཏོ་འབུམ་འདི་སོགས་ཡུལ་དུ་ལག་ལེན་བྱེད་མཁན་འགའ་ཡོད་པས་འདིའི་དོན་འགྲེལ་དུ་ཁུངས་ལྡན་གྱི་ལག་ལེན་བལྟས་ཆོག་ཞིག་བྲིས་ན་མཁོ་གལ་དང་ཕན་ཐོགས་ཆེ་བས། དེ་ལྟར་གྲུབ་པར་དངོས་རྫས་ཀྱི་སྐྱེས་བཟང་བཅས་ནན་ཏན་བསྐུལ་བ་དང་། དེ་དང་རྗེས་སུ་འབྲེལ་བར་སྡེ་དགེའི་མཆོད་གནས་བླ་མ་འཇམ་དབྱངས་མཁྱེན་རབ་ཀྱིས་ཀྱང་དེ་ལྟར་གྲུབ་ན་སུ་ལའང་ཕན་ཆེ་བས་ཅིས་ཀྱང་གྲུབ་པར་སྐུལ་བཞིན། ཕྱིས་སུ་རང་ཉིད་ལུས་ཁམས་རྙོགས་པ་དང་། འབྲི་རྩོམ་རིགས་ལ་སྤྲོ་བ་ལྷོད་ནས་དབེན་པར་གནས་པའི་སྐབས་ཡིན་ཀྱང་། གཞན་ཕན་གྱི་བསམ་པས་བསྐུལ་བ་པོ་དག་གི་རེ་བ་དོན་ཡོད་པར་བྱ་བའི་ཕྱིར། ལྔ་རིགས་སྨྲ་བ་མི་ཕམ་རྣམ་རྒྱལ་ཞེས་གྲགས་པ་འཇམ་དཔལ་རྡོ་རྗེའི་རིག་སྔགས་གུས་པས་འཛིན་པ་བདག་གིས། གཏོ་ཐབས་ཕལ་མོ་ཆེའི་ལག་ལེན་གྱི་ཡིག་ཆ་ཅི་རིགས་
སྔར་མཐོང་བ་ལ་བརྟེན་ནས། རབ་བྱུང་བཅོ་ལྔ་པའི་ནང་ཚན་མེ་མོ་ལུག་གི་ལོའི་རྒྱལ་ཟླ་ཕྱི་མའི་ཉ་ལ་མགོ་འཛིན་ཙམ་བྱས་ཏེ་ཐུན་གསེང་དུ་ཅི་རིགས་རེ་བྲིས་པས་ཞག་བཀྲ་ཤིས་རྟགས་བརྒྱད་ཀྱི་ཁོངས་སུ་ལེགས་པར་ཡོངས་སུ་གྲུབ་པར་གྱུར་པ་འདིས་སེམས་ཅན་རྣམས་ལ་ཕན་རྒྱ་ཆེན་པོ་ཐོགས་པ་དང་། དེའི་དགེ་བས་འགྲོ་ཀུན་མཁྱེན་རབ་བདག་པོའི་གོ་འཕང་དམ་པ་ཐོབ་པར་གྱུར་ཅིག །དགེའོ། །མངྒ་ལམ། གཏོ་གཞུང་ཁྱད་འཕགས་འདི་ཉིད་ཕྱག་ལེན་བྱ་ཚུལ་མཁས་དབང་བླ་མ་དམ་པ་མཆོག་གི་ཞལ་སྔ་ནས་བརྩམས་ཏེ་སླར་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཕྱག་དཔེ་དང་བསྟུན་ཞུ་དག་གྱིས་ཤིག་ཅེས་བཀའ་གནང་ལྟར་གཞུང་ལ་ཞུ་དག་དང་དཔྱད་གཞི་རྟགས་རྒྱབ་པ་འགའ་ཞིག་མཆིས་པ་ཕལ་ཆེར་རྣམ་དག་ཏུ་གྲུབ་པ་བཅས་འཇམ་དབྱངས་མཁྱེན་རབ་མཐའ་ཡས་ཀྱིས་ཞབས་ཏོག་ཏུ་ཞུས་པ་དགེ་ལེགས་འཕེལ། ས་སྐྱོང་ཆོས་ཀྱི་རྒྱལ་པོས་འགྲོ་ཕན་ཕྱིར་དུ་ལྷུན་གྲུབ་སྟེང་དུ་སྤར་དུ་བཀོད་པའོ། །
སླར་ཡང་གྲོང་སྔགས་པ་རྒན་པོ་བསོད་ནམས་མིང་གིས་རྩ་བའི་གཞུང་དང་གཏུག་སྟེ་དག་པར་བྱས་སོ། །དགེའོ།།