གངས་རིའི་ཁྲོད་ཀྱི་སྨྲ་བའི་སེང་གེ་གཅིག་པུ་འཇམ་མགོན་མི་ཕམ་རྒྱ་མཚོའི་རྣམ་ཐར་སྙིང་པོ་བསྡུས་པ་དང་གསུང་རབ་ཀྱི་དཀར་ཆག་སྔ་འགྱུར་བསྟན་པའི་མཛེས་རྒྱན།
གངས་རིའི་ཁྲོད་ཀྱི་སྨྲ་བའི་སེང་གེ་གཅིག་པུ་འཇམ་མགོན་མི་ཕམ་རྒྱ་མཚོའི་རྣམ་ཐར་སྙིང་པོ་བསྡུས་པ་དང་གསུང་རབ་ཀྱི་དཀར་ཆག་སྔ་འགྱུར་བསྟན་པའི་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ། །
བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཤེས་བྱའི་མཁའ་ལ་མཁྱེན་པའི་གོམ་སྟབས་གཅིག་གི་བགྲོད་པས་སྲིད་ཞིའི་ཁྱོན་ཀུན་ཉིན་མོར་བྱེད། །བསྟན་པའི་འཁོར་ལོ་མི་ཡི་ཤ་ཚུགས་དགེ་བའི་བཤེས་སྟོན་རྩོད་པའི་དུས་ཀྱི་འགྲོ་བའི་མགོན། །ལྔ་བརྒྱའི་གཙུག་རྒྱན་བློ་གཏེར་འཇམ་དཔལ་དགྱེས་པའི་རྡོ་རྗེ་དབྱངས་ཀྱི་རྒྱ་མཚོར་རྟག་རོལ་པ། །བྷོ་ཊའི་ལྗོངས་ཀྱི་སྨྲ་བའི་སེང་གེ་འགྲན་ཟླ་ཀུན་བྲལ་ཀུན་མཁྱེན་བླ་མའི་ཞབས་ལ་འདུད། །རང་བཞིན་འོད་གསལ་འདུས་མ་བྱས་པའི་དབྱིངས། །གློ་བུར་དྲི་མའི་སྦུབས་ལས་ཡོངས་གྲོལ་བ། །ཟག་མེད་ཡོན་ཏན་བྱེ་བའི་དཔལ་གྱིས་འཁྱུད། །ཐུབ་ཆེན་ལྷ་ཡི་ལྷ་ལ་ཕྱག་བགྱིའོ། །སྒྲ་
རྟོག་མཚན་མའི་ཡུལ་ལས་རབ་འདས་པའི། །ཟབ་ཞི་སྤྲོས་པ་ཀུན་བྲལ་འགོག་བདེན་དབྱིངས། །སྒྲིབ་གསུམ་གཉེན་པོར་ཆས་པ་ལམ་བདེན་ཚུལ། །ཞི་གྱུར་དམ་པའི་ཆོས་ཀུན་རྒྱལ་གྱུར་ཅིག །ཆོས་ཀུན་མཉམ་པ་ཉིད་དུ་ཐུགས་ཆུད་པས། །གཟུང་འཛིན་སྒྲིབ་པའི་འཆིང་བ་ལས་གྲོལ་ཏེ། །འགྲོ་ལ་གྲོལ་བའི་ལམ་བཟང་སྟོན་མཛད་པ། །འཕགས་པའི་དགེ་འདུན་ཚོགས་ལ་དང་བས་འདུད། །རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་པདྨ་འབྱུང་། །བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་ཞི་བ་འཚོ། །ངོ་མཚར་རྨད་བྱུང་འཇམ་མགོན་ཁྲི་ལྡེའི་ཞབས། །སྔ་འགྱུར་ལོ་པཎ་བརྒྱུད་པར་བཅས་ཀུན་རྒྱལ། །མཁྱེན་པའི་འདབ་སྟོང་
འཇམ་མགོན་ཉི་མས་བཞད། །བརྩེ་བའི་ཐུགས་རྗེ་ཕྱག་ན་པདྨོར་འགྲན། །ནུས་མཐུ་ཚད་མེད་གསང་བདག་དཔའ་བོ་དངོས། །འཇམ་དཔལ་དགྱེས་པའི་རང་མདངས་དང་མཚུངས་སུ། །གང་ཐུགས་སྤོབས་པའི་གཏེར་བརྒྱད་གྲོལ་བ་ལས། །ལེགས་འོངས་འཆོས་སྐྱོབས་ཡོན་ཏན་གངྒཱའི་རྒྱུན། །ལུང་རིགས་མན་ངག་བྱེ་བའི་རླབས་ཕྲེང་ཅན། །ཐུབ་བསྟན་ཆུ་གཏེར་སྤེལ་བྱེད་གཅིག་པུ་ཉིད། །སོ་སོ་ཡང་དག་རིག་བཞིར་དབང་འབྱོར་བས། །རྟོན་པ་བཞི་ལྡན་ངེས་དོན་ཟབ་མོའི་ཚུལ། །འགྲེལ་ལ་རྣམ་དཔྱོད་འཕགས་ཡུལ་རྒྱན་མཆོག་དང་། །ཀུན་ནས་མཉམ་པར་གཟུར་གནས་ཡོངས་ཀྱིས་བསྔགས། །དེ་སླད་གང་གསུང་ཚིགས་བཅད་གཅིག་ཙམ་ཡང་། །སྟོང་གསུམ་གསེར་གྱིས་བཀང་ལས་དོན་ཆེ་ཕྱིར། །རྒྱལ་བསྟན་དྲི་མེད་ཐུགས་ལ་བཅང་རྣམས་ཀྱིས། །རྟག་ཏུ་བཤད་སྒྲུབ་དཔུང་པས་གཟུང་མཛོད་ཀྱེ། །འདིར་གངས་ཅན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་རྗེ་བཙུན་བླ་མ་དམ་པ་དམིགས་པ་མེད་པའི་ཐུགས་རྗེ་དང་བཀའ་དྲིན་ཅན་མཚན་བརྗོད་པར་དཀའ་བ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་འམ་འཇམ་དཔལ་དགྱེས་པའི་རྡོ་རྗེ་ཞེས་མཚན་སྙན་འཁོར་ཡུག་རི་བོའི་ཁོངས་སུ་ཁྱབ་པ་དེ་ཉིད་ཀྱི་གསུང་རབ་དྲི་མ་མེད་པ་འཆོས་སྐྱོབ་ཀྱི་ཡོན་ཏན་རྨད་དུ་བྱུང་བའི་གཏེར་ཆེན་
པོར་གྱུར་པ་རྣམས་ཕྱོགས་བསྡུས་ཀྱི་དཀར་ཆག་ཉུང་གསལ་མདོར་བསྡུས་སུ་འགོད་པ་ལ་གསུམ། ཐོག་མར་དགེ་བ་བསྟན་བཅོས་མཛད་པ་པོའི་རྣམ་ཐར་ལོ་རྒྱུས་མདོ་ཙམ་བཤད་པ། བར་དུ་དགེ་བ་བསྟན་བཅོས་ཀྱི་བཞུགས་བྱང་དངོས་བསྟན་པ། ཐ་མར་དགེ་བ་དེ་ལྟར་བསྡུས་པའི་དགོས་པ་དང་ཕན་ཡོན་བཤད་པའོ། །དང་པོ་ནི། སྤྱིར་གདོད་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོ་ཉིད་འཁོར་འདས་ཀུན་གྱི་སྤྱི་དཔལ་དུ་ཡེ་ནས་མངོན་པར་བྱང་ཆུབ་པའི་ཡེ་ཤེས་ཀྱི་རང་རྩལ་འགག་པ་མེད་པ་ལས། རང་སྣང་ལོངས་སྤྱོད་རྫོགས་པའི་ཞིང་དུ་མི་ཟད་རྒྱན་འཁོར་ལྔའི་བཀོད་པ་རྟག་པར་འབྱམས་སུ་ཀླས་པ་ལས། དག་དང་མ་དག་གི་གདུལ་བྱ་རང་རང་གི་སྐལ་པ་དང་འཚམས་པར་བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་པའི་སྐུ་ཞི་བ་དང་ཁྲོ་བོ་ལ་སོགས་པ་གང་ལ་གང་འདུལ་གྱི་རོལ་པ་ཚད་མེད་པ་ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས་མཐའ་ཀླས་པར་སྣང་བ་ནི་རྒྱུ་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་སམ་བདེ་གཤེགས་སྙིང་པོ་རང་བཞིན་འདུས་མ་བྱས་པ་གཟོད་མ་ནས་རྣམ་པར་དག་ཅིང་སྤྲོས་པའི་མཚན་མ་མཐའ་དག་དང་བྲལ་བ་རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་ཅན་སྟོང་ཆ་ནས་ཆོས་སྐུ་དང་། སྣང་ཆ་ནས་གཟུགས་སྐུའི་ཡོན་ཏན་མཐའ་དག་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་ཡེ་ནས་
འདུ་འབྲལ་སྤངས་བ་ཉིད་རྟེན་མེད་སྣང་གློ་བུར་པ་གཟུང་འཛིན་འཁྲུལ་པའི་སྒྲིབ་པ་སྤྲིན་སྟུག་པོ་ལྟ་བུ་ལས་ཡོངས་སུ་གྲོལ་བའི་དབང་གིས་དག་པ་མཐར་ཐུག་པ་མངོན་དུ་གྱུར་པ་དང་། སྔོན་སློབ་ལམ་གྱི་སྐབས་སོགས་སུ་བརྩེ་བའི་ཐུགས་རྗེ་ཆེན་པོ་ཡོངས་སུ་གོམས་ཤིང་སེམས་ཅན་གྱི་དོན་དུ་སྨོན་ལམ་བཏབ་པ་དང་། གདུལ་བྱ་རྣམས་ཀྱི་དཀར་པོ་རྣམ་པར་འཕེལ་བའི་ས་བོན་དུས་སུ་སྨིན་པ་སྟེ་རྒྱུ་རྐྱེན་རྟེན་འབྲེལ་གྱི་ཚོགས་པ་ལྷན་ཅིག་པའི་མཐུ་ལས། དཔེ་ཇི་ལྟར་ན་སྟོན་ཀའི་ཟླ་བ་དཀྱིལ་འཁོར་ཡོངས་སུ་གང་བ་ཉིད་ནམ་མཁའི་དབྱིངས་ལས་མ་གཡོས་ཀྱང་། ས་གཞིར་ཆུ་སྣོད་ཀྱི་གྲངས་ཇི་སྙེད་པར་གཟུགས་བརྙན་གྱི་བཀོད་པ་ཐ་དད་པ་དུས་གཅིག་ཅར་དུ་སྣང་བ་བཞིན། འཕགས་ཆེན་རྣམས་ཀྱི་གང་འདུལ་སྒྱུ་མའི་རོལ་པ་ཚད་མེད་ཅིང་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ་སྟོན་པར་མཛད་པ་ནི་ཚུལ་འདི་དང་འདི་ལྟ་བུའོ་ཞེས་སུས་ཀྱང་ཚད་བཟུང་པར་མི་ནུས་ཤིང་། ཁྱད་པར་དུའང་བདག་ཅག་གི་འདྲེན་མཆོག་དམ་པ་འདི་ནི་རང་བསྟོད་དང་གཡོ་སྒྱུས་ཟོལ་སྦྱོར་ཙམ་མ་ཡིན་པར། རྒྱལ་བ་ཀུན་གྱི་ཐུགས་མཁྱེན་པའི་ཡེ་ཤེས་ཀྱི་རང་མདངས་མ་འགགས་པར་ཤར་བ། དུས་འཁོར་བ་མ་སྟོང་གི་བར་དུ་རྟག་པར་རྒྱལ་སྲས་གཞོན་ནུའི་ཚུལ་གྱིས་རྒྱལ་བའི་ཆོས་མཛོད་མཐའ་དག་འཛིན་པར་མཛད་པ། ངོ་
མཚར་བའི་རྣམ་ཐར་དང་བཀའ་དྲིན་འཕགས་ཆེན་གཞན་གང་གིས་ཀྱང་བསྒྲུན་དུ་མེད་པ་རྗེ་བཙུན་འཇམ་དཔལ་དབྱངས་ཉིད། སྙིགས་མའི་དུས་འདིར་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོངས་སྤེལ་བའི་བྱེད་པོར་བསམ་བཞིན་དགེ་བའི་བཤེས་སུ་བསྟན་པ་སྟེ། དེས་ན་སྐྱེས་རབས་ནོར་བུའི་ཕྲེང་བ་ཇི་ལྟར་བྱོན་པ་དང་། ཐུན་མོང་མ་ཡིན་པའི་རྣམ་པར་ཐར་པའི་ཚུལ་ནི་སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་ལས། བློ་ལྡན་ས་བཅུའི་སེམས་དཔའ་རྣམས་ཀྱིས་ཀྱང་ཇི་བཞིན་པར་གཞལ་དཀའི་གནས་སུ་གྱུར་ན། བདག་ལྟ་བུའི་རྨོངས་པ་སོ་སོའི་སྐྱེ་བོ་འཆིང་བ་ཀུན་ལྡན་ཞིག་གིས་ལྟ་སྨོས་ཀྱང་ཅི་འཚལ་ཏེ། དེས་ན་རེ་ཞིག་ད་ལྟའི་གདུལ་བྱ་ཐུན་མོང་པ་རྣམས་ཀྱི་ངོ་སྐལ་དུ་ཇི་ལྟར་སྣང་བ་ཙམ་ཡོངས་སུ་གྲགས་པ་ཉིད་རང་གིས་གང་ཐོས་སྒྲོ་སྐུར་དང་བྲལ་བར་མདོ་ཙམ་བརྗོད་ན། རིགས་ནི་འོད་གསལ་ལྷ་ཡི་གདུང་བརྒྱུད་གནམ་གྱི་རྨུ་ཐག་ལ་འཇུས་ཏེ་བབས་པས་འཇུ་ཞེས་ཡོངས་སུ་གྲགས་ལ། རུས་ནི་བོད་མིའུ་གདུང་དྲུག་ཏུ་གྲགས་པའི་ནང་ཚན་ཨ་ལྕགས་འབྲུའི་ཁོངས་སུ་གཏོགས་པ། སྔོན་སོག་པོ་ཝང་རྒྱལ་པོའི་བློན་ཆེན། ཕྱིས་ཆོས་སྐྱོངས་བའི་རྒྱལ་པོ་ཆེན་པོ་སྡེ་དགེ་བསྟན་པ་ཚེ་རིང་གི་དུས་སུ་ལྷ་འབངས་སུ་གྱུར་པ། མཁས་པ་དང་གྲུབ་པའི་བཤེས་གཉེན། ནུས་མཐུ་ཅན་གྱི་སྔགས་
པ། སྟོབས་འབྱོར་དང་ལྡན་པའི་མི་དཔོན་དུ་མ་བྱུང་བའི་བརྒྱུད་ལས། འཇུ་བླ་མདོ་སྡེ་ཞེས་སངས་རྒྱས་སྨན་བླའི་རྣམ་འཕྲུལ་དུ་གྲགས་པ། སྨན་ཁ་ལ་རེག་ཚད་ཚེ་ཟད་རེ་གཉིས་མ་གཏོགས་འཆི་མ་མྱོང་ཞེས་ཀུན་གྱིས་མཐུན་པར་གླེང་བ་དེའི་ཚའུ་ཚེའི་རིག་བྱེད་འཛིན་པ་འཇུ་མགོན་པོ་དར་རྒྱས་ཞེས་པ་ནི་བདག་ཉིད་ཆེན་པོ་འདིའི་བསྐྱེད་ཡབ་ཡིན་ནོ། །ཆོ་འབྲང་ནི། སྨུག་པོ་གདོང་གི་མི་བརྒྱུད་ཆོས་འབྱོར་དང་དཔའ་རྩལ་སོགས་འགྲན་ཟླ་བྲལ་བའི་སྐྱེ་བོ་ཕལ་གྱིས་སྨོན་གནས་སུ་གྱུར་པ་དགེ་རྩེ་ཞེས་རུས་ཚན་ཆེ་ཞིང་མི་དཔོན་ཁས་དྲག་འཛོམ་པ་ས་སྐྱོང་སྡེ་དགེའི་ཕྱི་བློན་གྱི་ཁོངས་སུ་གཏོགས་པའི་དཔོན་ཕྲན་དུ་མ་ཡོད་པའི་ནང་ཚན་དཔོན་རུ་དཔོན་ཆོས་དར་གྱི་བུ་མོ་སྲིང་ཆུང་ཞེས་པ་ནི་བསྐྱེད་ཡུམ་སྟེ། དེ་ལྟར་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པར། རབ་བྱུང་བཅུ་བཞི་པའི་ནང་ཚན་ཟིལ་གནོན་ཞེས་པ་མེ་ཕོ་རྟ་ཡི་ལོ་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན། ཡུལ་མདོ་ཁམས་ཆུ་བཞི་སྒང་དྲུག་ཏུ་གྲགས་པའི་ནང་ཚན་ཟླ་ཀླུང་དལ་གྱིས་འབབ་པའི་འགྲམ། ཡུལ་སྐྱོང་དགེ་བསྙེན་ཆེན་པོ་ཟླ་རྒྱལ་རྡོ་རྗེ་འཕེན་ཕྱུག་གིས་བདག་ཏུ་བཟུང་བའི་གནས་ཡ་ཆུའི་དིང་ཆུང་ཞེས་པར་ངོ་མཚར་བའི་ལྟས་དང་བཅས་ཏེ་སྤྲུལ་པའི་པདྨོ་བཞད། ཉིད་ཀྱི་ཁུ་བོ་དཔོན་བླ་མ་སྒྲུབ་མཆོག་པདྨ་དར་རྒྱས་ཀྱིས་མི་ཕམ་རྒྱ་མཚོ་
ཞེས་པའི་མཚན་གྱི་ཅོད་པཎ་གསོལ། སྐུ་ཆུང་ངུའི་དུས་ནས་དད་པ་ངེས་འབྱུང་ཤེས་རབ་སྙིང་རྗེ་སོགས་ཐེག་པ་ཆེན་པོའི་རིགས་ཀྱི་ནུས་པ་ཐམས་ཅད་ལྷན་སྐྱེས་སུ་མངའ་ཞིང་བྱིས་པའི་དུས་ཀྱི་སིའུ་སྐྱེས་པ་ཚུན་ཆོད་ཐུགས་ལ་གསལ་བའི་དྲན་པ་མངའ། སྐུ་ན་ཕྲ་མོའི་དུས་ཉིད་ནས་ཡི་དམ་འཇམ་དཔལ་ཞི་དྲག་དང་། ཆོས་སྐྱོང་གེ་སར་གཉིས་ལས་བསམ་རྒྱུ་མེད་པ་ཞིག་ཡོད་ཅེས་གླེང་། དགུང་གྲངས་དྲུག་བདུན་ནས་སྡོམ་གསུམ་རྣམ་ངེས་ཐུགས་འཛིན་མཛད། རྩིས་དཀར་ནག་གི་སྔོན་འགྲོ་གསན། དགུང་གྲངས་བཅུ་སྐོར་ནས་འབྲི་ཀློག་ལ་ཐོགས་པ་མེད་ཅིང་ལྗགས་རྩོམ་ཀྱང་ཅི་རིགས་གནང་། དགུང་གྲངས་བཅུ་གཉིས་པའི་ཐོག་ཡུལ་དེའི་སྤྱི་ལུགས་ལྟར། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་པའི་ཆོས་བརྒྱུད། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་དགོན་ལག་ཏུ་གྱུར་པ་འཇུ་མོ་ཧོར་གསང་སྔགས་ཆོས་གླིང་དུ་གྲྭ་བཙུན་དཀྱུས་མའི་ཚུལ་དུ་ཞུགས་པས་སྐབས་དེར་བཙུན་ཆུང་མཁས་པ་ཞེས་ཀུན་གྱིས་བསྔགས་པའི་གནས་སུ་གྱུར། དགུང་གྲངས་བཅོ་ལྔ་དྲུག་སྐོར་དབྱངས་འཆར་གྱི་དཔེ་རྙིང་ཞིག་ལ་ཞག་ཤས་གཟིགས་ཏེ་འཇམ་དཔལ་ལ་གསོལ་བ་བཏབ་པས་མ་ལུས་པ་མཁྱེན། འཇུ་ཉུང་རི་ཁྲོད་དུ་ཟླ་བ་བཅོ་བརྒྱད་དུ་འཇམ་དཔལ་སྨྲ་སེང་སྒྲུབ་ཅིང་
རིལ་བུའི་ལས་སྦྱོར་སོགས་མཛད་པས་རྟགས་མཚན་ཁྱད་པར་ཅན་བརྙེས་ཏེ་དེ་ནས་བཟུང་མདོ་སྔགས་རིག་གནས་དང་བཅས་པ་མ་བསླབས་པར་མཁྱེན་ཅིང་གཞུང་གང་གཟིགས་ལ་མི་མཁྱེན་པ་མ་བྱུང་བས་བཤད་ལུང་ཙམ་ལས་སློབ་གཉེར་བསླབ་སྦྱང་མ་མྱོང་བར་གསུངས། དགུང་གྲངས་བཅུ་བདུན་སྐབས་ཉག་ཟིང་གིས་འབྲོག་སྡེ་མཐའ་དག་མགོ་ལོག་ཏུ་སོང་བས་རྗེ་ཉིད་ཀྱང་དེར་བྱོན། དུས་འདི་ཙམ་ནས་ས་རིས་ལ་མཁས་པ་ཡིན་ཟེར། དགུང་གྲངས་བཅོ་བརྒྱད་དགུའི་དུས་སྐུ་ཞང་འགྱུར་བཟང་དང་ལྷན་དུ་ལྷ་ལྡན་གནས་སྐོར་ལ་བྱོན། དེ་སྐབས་དགའ་ལྡན་དུ་ཟླ་བ་གཅིག་ཙམ་གྲྭ་སར་བཞུགས། དེ་ནས་ལྷོ་གནས་རྒྱས་པར་བྱོན་ཞོར་ལྷོ་བྲག་མཁར་ཆུར་ཕེབས་པའི་ཚེ་ཐ་མལ་གྱི་གནས་སྣང་འགྱུར་ཏེ་གང་སྣང་བདེ་སྟོང་དུ་ཤར་ནས་བདེ་དྲོད་ཀྱི་ཉམས་འབར་བ་ཞག་ཤས་པར་བྱུང་བ་ནི་གནས་དེའི་བྱིན་རླབས་རེད་ཅེས་ཉེ་གནས་ལ་གསུང་འཕྲོས་ཕེབས། བྱང་ལམ་དུ་ཀུན་གཟིགས་དབྱངས་འཆར་ཆེན་མོ་ཤེལ་གྱི་མེ་ལོང་ཞེས་པའི་གླེགས་བམ་ཕྱག་ཏུ་འབྱོར་བའི་དག་སྣང་བྱུང་ཚུལ་གཞུང་དེའི་གཤམ་དུ་གསལ། དེ་རྗེས་ཕྱིར་ཕེབས་ནས་ཟུང་འཇུག་གྲུབ་པ་ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེའི་མདུན་ནས་མ་ཏིའི་འཇམ་དཀར་གྱི་རྗེས་གནང་དང་ཆོས་སྐྱོང་གེ་སར་གྱི་སྲོག་
གཏད་སོགས་གསན་པས་དབང་གནང་དུས་དང་རྗེས་མ་ཤའི་ལས་སྦྱོར་གནང་སྐབས་གཉིས་ཀར་གཞུང་ནས་བཤད་པ་ལྟར་གྱི་གྲུབ་པའི་རྟགས་མཚན་མངོན་དུ་གྱུར་པས་མཁྱེན་རབ་ཀྱི་པདྨོ་བཞད། འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་རྣམ་འཕྲུལ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ལས། ཞག་ལྔའི་ཁོངས་སུ་སྤྱོད་འཇུག་ཤེས་རབ་ལེའུ་གསན་པས་ཚིག་དོན་གྱི་ཆ་མཐའ་དག་དཔྱིས་ཕྱིན་པར་ཐུགས་སུ་ཆུད་ཅིང་ཕྱིས་འགྲེལ་ཊཱིཀ་སོགས་ཀྱང་མཛད། གཞན་ཡང་རྒྱུད་ལུང་མན་ངག་གི་བཤགས་པའི་བཤད་པ་གནང་ནས་འགྲེལ་བ་རྩོམ་པར་གསུང་བསྐུལ་དང་། འོད་མདོ་མཚན་བརྗོད་སོགས་ཀྱང་གསན། ཁྱད་པར་དུ་ཚེ་རབས་དུ་མ་ནས་འབྲེལ་བའི་རིགས་ཀྱི་བདག་པོ་མཚུངས་མེད་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་གྱི་རྣམ་འཕྲུལ་ངོ་མཚར་བཀའ་བབས་བདུན་གྱི་མངའ་བདག་པདྨ་འོད་གསལ་མདོ་སྔགས་གླིང་པའམ། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞབས་པད་མཉེས་པ་གསུམ་གྱིས་བསྙེན་པས་ནང་ཐུགས་ཀྱི་སྲས་གཅིག་པུར་དགོངས་ཏེ་ཐོག་མར་མ་ཏིའི་འཇམ་དཀར་གྱི་རྗེས་སུ་གནང་བས་ཆོས་སྒོ་ཕྱེས་ནས་བཟུང་། སྔ་རྗེས་ཅི་རིགས་པར། ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཙུག་ལག་གི་སྒོ་དུ་མ་དང་། ཉེ་བརྒྱུད་དུ་བྱོན་པའི་མདོ་སྔགས་ཀྱི་གཞུང་ཁྱད་འཕགས་རིགས་དང་། གསང་ཆེན་རྡོ་
རྗེ་ཐེག་པའི་སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་བརྟེན་གྱི་བཤད་པ། མན་ངག་ཕྱག་བཞེས་ཀྱི་དམར་ཁྲིད་སོགས་ཟབ་ཅིང་རྒྱ་ཆེ་བའི་གདམས་པ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་བསྩལ། གཞན་ཡང་སྔ་རྗེས་ཅི་རིགས་པར། འཇམ་མགོན་གྲུབ་པའི་དབང་ཕྱུག་པདྨའི་ཞལ་ཚབ་རྒྱལ་བས་ལུང་བསྟན་པདྨ་གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་ལས། སྒྲ་ཙནྡྲ་པ་དང་དངུལ་ཆུའི་བཙོ་བཀྲུའི་ལག་ལེན་སོགས་ཐུན་མོང་རིག་གནས་དང་། འཇམ་དཔལ་ཚེ་བདག་ལྕགས་འདྲ་སྡིག་སོགས་ཐུན་མོང་མ་ཡིན་པའི་སྨིན་གྲོལ་རིགས་མཐའ་ཡས་པ་དང་། རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་བཛྲ་གཙོ་བོར་གྱུར་པའི་དགེ་བའི་བཤེས་གཉེན་དུ་མ་ལས་ཀྱང་མདོ་སྔགས་རིག་གནས་དང་བཅས་པའི་སྐོར་རྒྱ་མཚོ་ལྟ་བུ་གསན་པར་མཛད་པ་ལས། ཆ་ཤས་ཙམ་ནི་གསན་ཡིག་དུ་གསལ་བ་བཞིན་ལ། དེ་དག་ཀྱང་གསན་བ་ཙམ་དུ་མ་བཞག་པར་ཐུགས་ཉམས་སུ་ལེགས་པར་བཞེས་པ། རྒྱུ་སྐུ་ཚེ་དཔག་ཏུ་མེད་པ་ནས་ལེགས་པར་སྦྱངས་ཤིང་གོམས་པས་གསོས་བཏབ་པའི་དཀར་པོའི་རིགས་ཀྱི་ནུས་པ་ཉིད། རྐྱེན་བླ་མའི་ཐུགས་རྗེ་དང་དགོངས་པའི་བྱིན་རླབས་འཕོ་བའི་སྟོབས་ཀྱིས་ཡོངས་སུ་སད་པས་བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་ཟབ་པ་དང་རྒྱ་ཆེ་བའི་ཚུལ་མཐའ་དག་རྟོན་པ་བཞི་དང་མི་འགལ་
བར་སོ་སོ་ཡང་དག་པར་རིག་པ་བཞིའི་ཚུལ་གྱིས་ཐུགས་སུ་ཆུད་དོ། །རང་བྱུང་ཡེ་ཤེས་ཀྱི་སྣང་བ་མཁའ་དང་མཉམ་པ་ལ་དབང་འབྱོར་བས་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་བ་ཡིན་ཏེ། དེ་ཡང་རྒྱ་ཆེར་རོལ་པ་ལས། བརྗེད་པ་མེད་པ་དྲན་པའི་གཏེར་དང་། བློ་གྲོས་རབ་ཏུ་འབྱེད་པ་བློ་གྲོས་ཀྱི་གཏེར་དང་། མདོ་སྡེ་ཐམས་ཅད་ཀྱི་དོན་གྱི་རྣམ་པ་ཁོང་དུ་ཆུད་པས་རྟོགས་པའི་གཏེར་དང་། ཐོས་པ་ཐམས་ཅད་ཀུན་ཏུ་འཛིན་པས་གཟུངས་ཀྱི་གཏེར་དང་། ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པས་སྤོབས་པའི་གཏེར་དང་། དམ་པའི་ཆོས་ཡོངས་སུ་བསྲུང་བས་ཆོས་ཀྱི་གཏེར་དང་། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པས་བྱང་ཆུབ་སེམས་ཀྱི་གཏེར་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་སྒྲུབ་པའི་གཏེར་ཏེ་གཏེར་ཆེན་པོ་བརྒྱད་པོ་དེ་དག་ཐོབ་པར་གྱུར་ཏོ། །ཞེས་གསུངས། དེ་ལྟར་ཡིན་པའི་རྒྱུ་མཚན་འཆད་དུ་ཡོད་དེ། དགེ་བའི་བཤེས་གཉེན་ཆེན་པོ་འཇུ་དབོན་འཇིགས་མེད་རྡོ་རྗེ་ལས། མདོ་སྡུད་པའི་རྩ་བའི་ལུང་ཙམ་ཞིག་གསན་ནས། དེ་འཕྲལ་ཕར་ལ་ཟླ་བ་གཅིག་བཤད་པ་མཛད་པ་དང་། འབུམ་གསར་དགེ་བཤེས་ངག་དབང་འབྱུང་གནས་ལས། དབུ་མ་འཇུག་པ་གསན་དུས་བཤད་ལུང་ཙམ་ལས་འོ་བརྒྱལ་མི་དགོས་ཚུལ་
ཞུས་པར། བཤད་ལུང་གནང་འཕྲལ་ད་ཉིད་ནས་རྒྱུག་ཕུལ་གསུངས་ལས། འཇུག་པའི་མགོ་ནས་མར་བཤད་པ་མཛད་པས། དགེ་བཤེས་ཀྱིས། ཕྲན་ནི་དགེ་བཤེས་ཀྱི་མིང་ཐོབ་ནའང་འདིའི་བློ་གྲོས་ཀྱི་ཆ་ཤས་ཙམ་ཡང་མ་མཆིས་སོ་ཞེས་འཁོར་གྱི་དབུས་སུ་བསྔགས་པ་མཛད། དཔོན་སློབ་བློ་གཏེར་དབང་པོའི་མདུན་ནས་ཚད་མ་རིག་གཏེར་དང་། གསོལ་དཔོན་པདྨ་ལས་བྱམས་ཆོས་བྱང་ས་སོགས་ས་གཞུང་སྤེལ་མའི་བཤད་ལུང་གི་རྒྱུན་ཙམ་གསན་ནས། དེ་འཕྲལ་ཕར་ལ་བཤད་པ་རྒྱས་པར་གནང་བ་དང་། གཞན་ཡང་སེར་ཤུལ་དགེ་བཤེས་ལྷ་རམ་པའི་མདུན་ནས་མཛོད་ཀྱི་བཤད་ལུང་ཙམ་གསན་པས་མཚོན། གསར་རྙིང་གི་དགེ་བའི་བཤེས་གཉེན་དུ་མ་ལས་ད་ལྟའི་དུས་སུ་རིང་བརྒྱུད་བར་མ་ཆད་པར་བཞུགས་པའི་མདོ་རྒྱུད་དགོངས་འགྲེལ་སྤྱི་དང་། བྱེ་བྲག་ཏུ་རྙིང་མ་བཀའ་གཏེར་ཕལ་མོ་ཆེ་དང་ཁྱད་པར་དབུ་མ་རྒྱན་དང་འབྱེད་གཉིས། བི་མའི་མཚན་བརྗོད་འགྲེལ་དང་། མན་ངག་ལྟ་ཕྲེང་བཀའ་བརྒྱད་སྤྱི་དང་བྱེ་བྲག་གི་སྐོར་སོགས་ཀུན་མཁྱེན་བླ་མའི་ཉེ་བརྒྱུད་ཐུན་མིན་རྣམས་ཀྱི་རྒྱུན་ཙམ་རེ་གསན་པས་དོན་མཐའ་དག་ཐུགས་ལས་རང་རྡོལ་གྱི་ཚུལ་དུ་བྱུང་བས། གཞུང་ལུགས་རབ་འབྱམས་སྨྲ་བ་དུ་མའི་ཚོགས་དབུས་སུ་འཇིགས་མེད་སེང་གེ་ལྟ་བུར་བག་ཡངས་སུ་རྒྱུ་ཞིང་། འཆད་པ་དང་། འབེལ་
བ་དང་། གཞུང་འགྲེལ་རྩོམ་པ་སོགས་ལ་ཐོགས་པ་མེད་པ་ནི་ཀུན་གྱི་མཐུན་སྣང་དུ་གྲུབ་པ་འདི་ལ་སུས་ཀྱང་བསྙོན་དུ་མེད་ལ། རྗེ་ཉིད་ཀྱི་ཞལ་ནས་ཀྱང་། ཕྲན་ཆུང་ངུའི་དུས་སུ་གསར་རྙིང་གི་དགེ་བའི་བཤེས་གཉེན་བཟང་ལ་མང་བ་བཞུགས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་ལྟ་བུ་ཡིན་ཡང་། རང་ནས་དཔལ་སྤྲུལ་རིན་པོ་ཆེའི་མདུན་ནས་སྤྱོད་འཇུག་ཤེར་ལེ་ཙམ་ལས་གཞན་ཆེར་ཐོས་པ་མ་བྱུང་། ཕྱིས་བླ་མ་དང་ལྷག་པའི་ལྷའི་བཀའ་དྲིན་གྱིས་དཀའ་ལས་ཆེར་མ་དགོས་པར་དཔེ་བཀླགས་པ་ཙམ་གྱིས་དེ་དག་གི་དཀའ་གནད་རྣམས་ཁྲོལ་བར་བྱུང་། དེ་ཡང་བསླབ་གཉེར་གསར་པའི་དུས་སུ་གསར་ཕྱོགས་ཀྱི་དཔེ་རྣམས་ཤེས་སླ་བར་བྱུང་ཞིང་སྔ་འགྱུར་གྱི་གཞུང་རྣམས་ནི་གོ་དཀའ་བར་བྱུང་ཡང་། རང་གིས་མི་གོ་བ་མ་གཏོགས་རིག་འཛིན་བརྒྱུད་པའི་གཞུང་ཟབ་མོ་འདི་རྣམས་ལ་དོན་གྱི་གོ་བའི་གནད་ཆེན་པོ་རེ་ཡོད་ངེས་སྙམ་པ་ལས། ཐེ་ཚོམ་ནི་སྐད་ཅིག་ཙམ་ཡང་སྐྱེ་མ་མྱོང་། དེའི་རྟེན་འབྲེལ་གྱིས་རང་གི་ཤེས་རབ་ཡོངས་སུ་སྨིན་པར་གྱུར་ཏེ། ཕྱིས་བལྟས་དུས་ཟབ་གནད་མཐའ་དག་སྔ་འགྱུར་གྱི་བརྒྱུད་པ་རིན་པོ་ཆེ་རྣམས་ནས་བརྒྱུད་པའི་ཆོས་ཚུལ་ཁོ་ན་ལ་ཡོད་པར་མཐོང་ཞིང་ངེས་ཤེས་ལྷག་པར་སྐྱེས་པ་ཡིན། སྐབས་དེར་སྐྱབས་མགོན་རྡོ་རྗེ་འཆང་མཁྱེན་བརྩེ་རིན་པོ་ཆེས་རང་ལུགས་ཀྱི་ཡིག་ཆ་རེ་ཡང་
གྱིས་ཞེས་བཀའ་ཕེབས་པས། བླ་མའི་བཀའ་སྒྲུབ་པ་དང་རང་གི་བློ་གྲོས་གོམས་ཆེད་རྒྱལ་བསྟན་རིན་པོ་ཆེ་འབའ་ཞིག་སྙིང་ལ་བཅངས་ནས་མདོ་སྐོར་སོགས་ཀྱི་ཡིག་ཆ་རེ་ཡང་བྲིས་ཤིང་དེ་དག་གི་སྐབས་སུ་རང་ལུགས་ཀྱི་འདོད་པ་རྩལ་དུ་བཏོན་ནས་ཅུང་ཟད་རེ་བཤད་པས་གྲུབ་མཐའ་གཞན་གྱིས་འགོག་བྱེད་ལྟ་བུར་གོ་ནས། ཕྱིས་འདིར་ཕྱོགས་ཐ་དག་ནས་རྩོད་ཡིག་སོགས་མང་དུ་བྱུང་མོད། དོན་དུ་རང་གི་ཀུན་སློང་ལ་ནི་བླ་མའི་བཀའ་ལུང་སྒྲུབ་པ་དང་། དེང་སང་སྔ་འགྱུར་གྱི་བསྟན་པ་རི་མོའི་མར་མེ་ཙམ་དུ་འགྱུར་ཉེ་ཞིང་། ཕལ་ཆེར་གཞན་ལུགས་ཀྱི་ལད་མོ་བཟློ་བ་ཙམ་ལས་རང་ལུགས་ཀྱི་གྲུབ་མཐའི་གནད་ཅི་ཡིན་ཙམ་ལ་ཡང་རྟོག་པ་ཞུགས་ནས་འདྲི་མཁན་ཡང་དཀོན་འདུག་པས་ཅུང་ཟད་ཕན་དུ་རེ་ནས་བྲིས་པ་མ་གཏོགས་གཞན་ལུགས་ལ་སྡང་ཞེན་དང་། རང་བསྟོད་ཀྱི་སྙེམས་པ་སོགས་ཀྱི་ཀུན་སློང་ནི་རྨི་ལམ་ཙམ་དུའང་སྐྱེ་མ་མྱོང་བ་ནི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་གཟིགས་ཀྱང་མི་ཁྲེལ་བར་ཡོད་ཅིང་རྩོད་ལན་སོགས་འབྲི་བ་འདི་དག་ཀྱང་རང་ཉིད་འཕགས་པའི་ཆོས་མ་ཐོབ་གཤིས། རྟོག་གེ་རྟེན་ཅིང་མ་ངེས་ཕྱིར། མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། ཞེས་པ་ལྟར་ཤེས་བྱ་ཟབ་མོ་མཐའ་དག་རྟོགས་པར་ག་ལ་ནུས་ཀྱང་། གང་འཐད་པ་དང་མི་འཐད་པ་དག་བདེ་བར་གཤེགས་པའི་བཀའ་དྲི་མ་
མེད་པ་དང་དེའི་དགོངས་འགྲེལ་འཕགས་བོད་ཀྱི་ཤིང་རྟ་ཆེན་པོ་རྣམས་ཀྱི་གསུང་གི་སྒྲོན་མེ་ལ་བརྟེན་ནས། རང་ཉིད་ཀྱིས་ཀྱང་རིགས་པ་དང་མི་རིགས་པའི་ཚུལ་ལ་ཅུང་ཟད་དཔྱད་དེ་སྨྲས་ན་སུས་སུ་ལ་ཕན་ཆ་མེད་པས་གཞན་དག་ལའང་ཅུང་ཕན་པའང་འབྱུང་སྲིད་ལ། གལ་ཏེ་རང་ཉིད་ཀྱིས་མ་རྟོགས་པ་དང་ལོག་པར་རྟོག་པའི་དབང་གིས་བཀའ་དང་དགོངས་འགྲེལ་ཟབ་མོ་བསླད་པར་བགྱིས་པ་ཞིག་ན་ནི་རང་ཉིད་ཀྱི་ཐར་ལམ་གྱི་སྒོ་འགེགས་པ་དང་། གཞན་མང་པོ་ཡང་དེར་སྦྱར་བས་གཏན་དུ་ཕུང་ཚབས་དང་ཉེས་སྐྱོན་དེ་ལས་ཆེ་བ་གཞན་མེད་པས་ན། ཆོས་སྤྱན་དང་ལྡན་པ་དག་གིས་ལུང་རིགས་ཡང་དག་དང་མཐུན་པར་སུན་ཕྱུང་བར་གྱུར་ན་ནི། དེ་ཉིད་སྨན་པ་བཞིན་དུ་བརྟེན་བྱ་ཡིན་གྱི་སྡང་ཞེན་གྱིས་སུན་ཅི་ཕྱིན་ནམ་ཡང་བྱ་བ་མ་ཡིན་པས། གཟུ་བོའི་བློས་བགྲོ་གླེང་ཅུང་ཟད་བགྱིས་པ་ཡིན། ཞེས་དམན་པ་བདག་ལའང་གསུང་འཕྲོས་དངོས་སུ་ཕེབས་པ་ཡིན་ཞིང་གཞན་དག་ལའང་གསུང་ཚུལ་ཐོས། དེས་ན་འཕགས་ཆེན་རྣམས་ཀྱིས་དམ་པའི་ཆོས་ཀྱི་མཛོད་ཡོངས་སུ་བསྲུང་བའི་ཕྱིར་གཞན་གྱི་ལོག་རྟོག་བཟློག་པ་སོགས་ནི་དོན་ཆེན་པོ་དང་འབྲེལ་པ་ཅན་ཏེ་མཁས་མཆོག་བློ་བཟང་རབ་གསལ་དང་། རྗེ་བླ་མ་རྣམ་གཉིས་ཀྱང་ཕན་ཚུན་ལེགས་བཤད་ཀྱི་སྐྱེས་བཟང་པོ་
བསྐུར་རེས་ཀྱི་འབེལ་བའི་མཐར་ཕན་ཚུན་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཏེ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བར་མཛད་པ་ནི། བློ་བཟང་རབ་གསལ་ཞབས་ཀྱིས། ཆོས་འབྱོར་སྤྲིན་གྱི་ཕུང་པོ་འཁྲིགས་པའི་ཀློང་། །ཁམས་ཞེས་གྲགས་པའི་གསེར་ལྡན་དཀྱིལ་འཁོར་དུ། །གྲགས་སྙན་ལྷ་ཡི་རྔ་ཆེན་ལྡིར་པ་ཅན། །ངེས་དོན་ཆོས་ཀྱི་རྒྱལ་པོར་ཡིད་རེ་དགའ། །ཀུན་རྟོག་རྩྭ་སྤུར་མཆེད་པའི་མེ་སྟག་གིས། །རེག་པའི་ཉེས་ལྟུང་སྙིང་ནས་འཆག་པའི་ཕྱིར། །དྲི་མེད་ལྷ་རྫས་སྤྲིན་དཀར་བླ་རེས་འདི། །གང་སྐུ་ས་འཛིན་ཡངས་པའི་མཁའ་ལ་བྲེས། །ཞེས་དར་བཅས་ཕུལ་བ་དང་། གཞན་ཡང་སྟོང་བཟའ་སིདྡྷི་ལ་ཡིད་བཞིན་མཛོད་གསུང་སྐབས། ཀུན་མཁྱེན་འཇིགས་མེད་གླིང་པ་སོགས་སྔོན་གྱི་བླ་མ་རྣམས་ཀྱང་རྒྱལ་མཆོག་ཀློང་ཆེན་རབ་འབྱམས་ཀྱིས་རྗེས་སུ་བཟུང་བ་བཞིན། ཁོ་བོ་ཅག་ལའང་དེའི་དོད་པོ་ཀུན་མཁྱེན་ཆོས་རྗེའི་བྱིན་རླབས་ཅུང་ཟད་ཞུགས་པའི་སྟོབས་ཀྱིས་སྔ་འགྱུར་བའི་ཟབ་གནད་མཐའ་དག་བདེ་བླག་ཏུ་རྟོགས་པས། ད་ལྟ་དགེ་བཤེས་བརྒྱའི་མདུན་རྩོད་ཀྱང་སྐད་རག་མི་བོར་བ་ཕོབ་ལ་ཡིད་ཆེས་ཟེར་བའི་དཔེ་ལྟར་ཡ་མི་ང་གསུངས་པ་བཞིན་དགེ་བཤེས་ཁང་དམར་བས་ཀྱང་། དམ་པ་འདི་ལ་དངོས་སུ་རྩོད་པ་བྱེད་པ་བྱུང་སྟེ། རྟགས་གསལ་ཁྱབ་གསུམ་བཀོད་པ་ན། དེ་ལ་མ་གྲུབ་པ་དང་། འདོད་
ལན་འདེབས་པ་སོགས་ལན་བཞི་ཐོགས་མེད་དུ་ཕུལ་ནས། ཕས་རྒོལ་གྱི་ཞལ་ལ་རྡོ་རྗེའི་རྒྱས་འདེབས་པར་བྱས་ཏེ། སྨྲ་བ་བཅད་པ་དང་། གྲགས་པ་ཉམས་པ་དང་། ངོ་ཚ་བ་གསུམ་བྱིན་ཏེ། ཕྱོགས་ཀུན་ལས་རྣམ་པར་རྒྱལ་བའི་རྒྱལ་རྔ་ལན་དུ་མར་བརྡུངས་པ་རྒྱུ་མཚན་དུ་བྱས་ཏེ། དཔལ་ཕྱོགས་གླང་ཆོས་གྲགས་ཡབ་སྲས་སོགས་འཁོད་པའི་སེང་གེའི་ཁྲི་ལ་མཁས་པའི་དབང་པོ་འདི་ནི་བཞུགས་སུ་གསོལ་བར་བྱ་བའི་འོས་སུ་གྱུར་ཏོ། །ཞེས་མཁས་པ་དུ་མའི་འདུན་སར་ཡང་ཡང་གླེང་ཞིང་། ཁྱད་པར་མཁས་པ་ཆེན་པོ་དཔལ་རི་བ་བློ་བཟང་རབ་གསལ་གྱི་རྩོད་ལན་རིགས་ལམ་རབ་གསལ་དེ་ཉིད་སྣང་བྱེད་ཅེས་པ་མཐོང་བ་ན། ཕྱོགས་ལྷུང་གིས་གདོན་གྱིས་བསླད་པའི་མཁས་པ་དང་མི་མཁས་པ་རྣམས་ལ་ཆ་བཞག་ཅི་ཞིག་ཡོད། བློ་གཟུ་བོར་གནས་པའི་མཁས་པ་རྣམས་ཀྱིས་ནི་ཡིད་རབ་ཏུ་དང་བའི་ཤུགས་ཀྱིས་རང་དབང་མེད་པར་ལག་པའི་སོར་མོ་རྣམས་སྙིང་གི་ངོས་སུ་ཟུམ་བཞིན་སྙིགས་མའི་དུས་ཀྱི་མཁས་པ་ཆེན་པོ་མི་ཕམ་རྣམ་རྒྱལ་ཞེས་ཡོངས་སུ་གྲགས་པ་འདི་ནི་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་། བྱེ་བྲག་སྔ་འགྱུར་བསྟན་པའི་རྒྱན་གཅིག་པུར་གྱུར་པ་ཞིག་གོ་ཞེས་དེང་སང་ཤར་ཕྱོགས་ཀྱི་ཆོས་སྡེ་ཆེན་པོ་ཀུན་ཏུ་གྲགས། སྤྱིར་ཚད་མའི་རིགས་པ་ལ་སྔོན་གོམས་འགོག་མེད་སྣང་ཞིང་ཚད་མ་རྣམ་འགྲེལ་
གཟིགས་སྐབས་མནལ་ལམ་དུ་ངོ་བོ་ས་པཎ་ཡིན་རྒྱུ་ལ། རྣམ་པ་རྒྱ་གར་གྱི་པཎ་གྲུབ་ཀྱི་ཆས་ཅན་ཤང་རྩེ་ཅུང་ཟད་གུག་པ་ཞིག་གིས་ཚད་མ་རྣམ་འགྲེལ་ལ་མི་ཤེས་རྒྱུ་ཅི་ཡོད། དགག་སྒྲུབ་གཉིས་རེད་གསུངས་ནས་ཚད་འགྲེལ་གྱི་དཔེ་ཞིག་དུམ་བུ་གཉིས་སུ་བྱས་ཏེ་ཉིད་ཀྱི་ཕྱག་ཏུ་བཞག་ནས་འདི་གཉིས་མཉམ་དུ་སྡོམས་གསུངས་པས། དེ་ལྟར་བསྡམས་མ་ཐག་རལ་གྲི་ཞིག་ཏུ་གྱུར་ཏེ་ཉིད་ཀྱི་མདུན་ན་ཤེས་བྱའི་ཆོས་ཐམས་ཅད་ཡོད་སྣང་ཤར་བ་ལ། རལ་གྲི་དེ་གཅིག་གཡུག་པས་ཐོགས་པ་མེད་པར་ཐམས་ཅད་དུས་གཅིག་ལ་ཆོད་པའི་ཐུགས་སྣང་གསལ་བར་བྱུང་བས་ཕྱིར་ནང་ནས་རྣམ་འགྲེལ་ལ་མི་ཤེས་པ་ཚིག་གཅིག་ཀྱང་མ་བྱུང་ཞེས་གསོལ་དཔོན་པདྨ་ལ་གསུངས། འདུལ་བ་མདོ་རྩ་ལ་ཐོག་མར་ལན་གཅིག་གཟིགས་པས་ཅུང་གོ་དཀའ་བ་འདྲ་ཞིག་བྱུང་བར། རྗེས་བཀའ་འགྱུར་ཚར་གཅིག་དཔེ་ལྟས་གཟིགས་སྐབས་འདུལ་པོད་བཅུ་གསུམ་པོ་ཚར་གཅིག་གཟིགས་པ་དེས་མདོ་རྩལ་མི་ཤེས་རྒྱུ་གཅིག་ཀྱང་མི་འདུག་གསུངས། དེ་བཞིན་གྲེ་ཐོག་གིས་སྙུང་ཚུལ་བསྟན་ནས་འཛིང་རྣམ་རྒྱལ་མགོན་ཁང་དུ་བསྐོར་བ་མཛད་དེ་ཡར་དྭངས་སུ་གྱུར་སྐབས། དཔལ་མཛོད་དགོན་ནས་བསྟན་འགྱུར་གྱི་དཔེ་གཡར་ཏེ་གཟིགས་པས། དེ་དུས་ཀྱི་ཡི་གེ་ཡར་ལེན་ཕྱིར་སྐྱེལ་བླ་མ་རིག་མཆོག་གིས་མཛད་པས། ཁོང་གིས་པུསྟི་བཅུ་གཉིས་ནི་ངེས་པར་
ཡིན་ལ། སྐབས་རེར་ཉེར་བཞི་ཡང་ཡིན་སྣང་ཤར། གང་ལྟར་ཡང་གླེགས་བམ་དེ་རྣམས་ཉིན་གསུམ་གྱི་ཁོངས་སུ་གཟིགས་ནས་དཔེ་རྣམས་ཕྱིར་སྐྱེལ་བར་མཛད་པས་ཉེ་གནས་ཀྱིས་པུསྟི་དེ་ཙམ་ཐུགས་སུ་ཆུད་དམ་ཞུས་པས། ཚིག་མཐར་ཆགས་སུ་མ་ཟིན་ཀྱང་། དེའི་དོན་མ་ལུས་པ་ཤེས་ཚར་གསུངས། ཕྱིས་རྫ་དགོན་དུ་ཐུབ་ཆོག་རྒྱབ་ཆོས་ལྗགས་རྩོམ་གནང་སྐབས་མཁན་ཆེན་བླ་མ་ཀུན་བཟང་དཔལ་ལྡན་གྱིས་ཡི་གེ་པ་མཛད་པས། དེ་དུས་གསོལ་ཇ་རྫ་བུམ་གང་རེ་གསོལ་བའི་ཡུན་ཙམ་ལ་བཀའ་འགྱུར་པུསྟི་ཀ་རེ་གཟིགས་རྟོག་མཛད་དེ་དག་གི་ཚིག་དང་དོན་གྱི་ཆ་རྣམས་མ་འདྲེས་པར་ཐུགས་ཐོག་ནས་ཤར་གྱིས་རྩམ་པ་གནང་ཚུལ་གསུངས་པ་སོགས་དེ་འདྲའི་ལོ་རྒྱུས་ཤིན་ཏུ་མང་། དེ་ལྟའི་ཚུལ་གྱིས་སྔ་རྗེས་སུ་བཀའ་འགྱུར་ལན་བདུན་ཙམ་ཚང་བར་དཔེ་གཟིགས་གནང་དེ་ཡང་པོད་སྔ་རྗེས་ཀྱི་ཁྱད་སོགས་ཟབ་གནད་ཐུན་མིན་རྣམས་ནི་དཔེ་སོགས་ལ་བལྟས་པ་མིན་པར་བསྙེན་སྒྲུབ་ལ་བཞུགས་དུས་རིག་པའི་རྩ་ཁ་ཕྱེ་བ་དང་། བླ་མ་དང་ལྷག་པའི་ལྷའི་བྱིན་རླབས་ལས་རང་བབ་ཀྱིས་ཐུགས་ལ་ཤར་ཏེ་མ་བྲིས་ཐབས་མེད་བྱུང་བ་འབའ་ཞིག་ཡིན་ཞེས་གསུངས། མདོར་ན་འཆོས་སྐྱོབ་ཀྱི་ཡོན་ཏན་རྨད་དུ་བྱུང་བའི་བསྟན་བཅོས་འགལ་བ་དང་ཟློས་པ་དང་མ་འབྲེལ་
བ་དང་མ་ཚང་བ་སོགས་ཀྱི་སྐྱོན་གྱི་དྲི་མས་གཞར་ཡང་མ་གོས་ཤིང་སྒྲ་དང་སྙན་ངག་དང་སྡེབ་སྦྱོར་སོགས་ཚིག་གི་བརྗོད་པ་ཕུན་སུམ་ཚོགས་ཤིང་། ལུང་དང་རིགས་པ་དང་མན་ངག་གི་ཟབ་གནད་མཐའ་དག་ཡོངས་སུ་རྫོགས་པ། རྟོག་གེའི་རིགས་པ་ཉི་ཚེ་བས་དུས་རིང་མོར་བརྟགས་ཀྱང་ཕིག་པར་དཀའ་བའི་བརྗོད་བྱ་ཟབ་ཅིང་བརླིང་ལ་རྒྱ་ཆེ་བ། འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་རྒྱན་དྲུག་མཆོག་གཉིས་སོགས་དང་། བོད་ཀྱི་སྨྲ་བའི་སེང་ཆེན་ཀུན་མཁྱེན་ཀློང་རོང་སོགས་ཀྱིས་མཛད་པའི་གཞུང་བཟང་རྣམས་དང་གཉིས་སུ་མ་དམིགས་པའི་དགོངས་འགྲེལ་ཆེན་པོ་རྣམས་རྩོམ་པའི་སྐབས་ཀྱང་དཔེ་སོགས་གཞན་ལ་གཟིགས་རྟོག་དང་ཟིན་བྲིས་སོགས་ལ་ལྟོས་མི་དགོས་པར་ཤིན་ཏུ་མྱུར་བར་མིག་འཕྲུལ་ལྟ་བུའི་ཚུལ་གྱིས་གནང་བ་བསྟན་བཅོས་རང་རང་གི་གཤམ་གསལ་ལྟར་ལ། ཚུལ་འདི་ལྟ་བུའི་ཟབ་ཅིང་རྣོ་ལ་རྒྱ་ཆེ་བའི་ཤེས་རབ་དང་སྤོབས་པ་བསམ་གྱིས་མི་ཁྱབ་པ་ནི་ད་ལྟའི་དུས་ཀྱི་བཤེས་གཉེན་ཕལ་དག་ལྟ་ཅི་སྔོན་ཆད་གངས་རིའི་ཁྲོད་དུ་མ་བྱོན་པ་ལྟ་བུ་འདིས་རྗེས་སུ་དཔོགས་གང་ནུས་པ་ཡིན་ལ། དེར་མ་ཟད་གང་ཟག་གི་དཔང་པོའང་ཡོད་དེ། རིགས་བདག་མཚུངས་མེད་རྡོ་རྗེ་འཆང་མཁྱེན་བརྩེ་རིན་པོ་ཆེས། དུས་ཚེས་དགེ་བ་ཞིག་ལ། མདོ་སྔགས་རིག་གནས་དང་བཅས་པའི་གཞུང་བཟང་རྒྱུན་གང་དཀོན་དང་གནད་
གང་ཆེའི་རིགས་ཀྱི་གླེགས་བམ་རྣམས་མཆོད་སྟེགས་སུ་བཞུགས་སུ་གསོལ་ནས་མཆོད་འབུལ་རྒྱས་པར་གནང་། དེའི་མདུན་དུ་གབ་རྩེའི་གདན་མཐོ་བར་བཞུགས་སུ་བཅུག་ནས་པུསྟི་འདི་རྣམས་ཀྱི་བཀའ་ཁྱེད་ལ་གཏད་པ་ཡིན་པས། ཕྱིན་ཆད་འཆད་པ་དང་རྩོད་པ་དང་རྩོམ་པ་གསུམ་གྱི་སྒོ་ནས་མི་ཉམས་པར་ཟུངས་ལ། འཇིག་རྟེན་གྱི་ཁམས་འདིར་རྒྱལ་བསྟན་རིན་པོ་ཆེ་ཡུན་རིང་དུ་གསལ་བར་གྱིས་ཤིག་ཅེས་ཆོས་ཀྱི་བདག་པོར་དབང་བསྐུར་ཞིང་སྒྲོལ་དཀར་གྱི་ཞལ་ཐང་ཤིན་ཏུ་ལེགས་པ་ཞིག་གི་རྒྱབ་ཏུ། ཨོཾ་སྭ་སྟི་ཛ་ཡནྟུ། མི་ཕམ་མགོན་པོའི་དགོངས་དོན་ཇི་བཞིན་རྟོགས། །འཇམ་པའི་དབྱངས་བཞིན་ཤེས་བྱ་ཀུན་ལ་མཁས། །ཕྱོགས་ལས་རྣམ་རྒྱལ་ཆོས་ཀྱི་གྲགས་པ་ལྟར། །སྙན་པས་རྒྱ་མཚོའི་གོས་ཅན་ཁྱབ་གྱུར་ཅིག །ཅེས་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་སིདྡྷི་རསྟུ། ཞེས་ཟབ་མོ་ལྟ་བ་རྒྱ་ཆེན་སྤྱོད་པ་རྣམ་དག་རིགས་སྒོ་མཐའ་དག་གི་དགོངས་པ་ཐུགས་སུ་ཆུད་ཅིང་སྙན་པས་འཛམ་གླིང་ཁྱབ་པ་སྟེ་དོན་གྱི་རྒྱུ་མཚན་ཆེན་པོ་བཞི་དང་འབྲེལ་བར་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ཞེས་པའི་མཚན་གྱི་ཅོད་པཎ་དང་སྦྲགས། སྐུ་གསུང་ཐུགས་རྟེན་འགང་ཆེ་བ་དང་། དབང་རྟགས་སུ་རྗེ་ཉིད་ཀྱིས་བཞེས་པའི་པཎ་ཞུ་རྣ་རིང་བཅས་བསྩལ་ནས་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ་ཞིང་
གཟིངས་བསྟོད་མཛད། ཕྱིས་སུའང་གཞན་ལ་གསུང་འཕྲོས་སུ་ད་ལྟའི་དུས་འདིར་སའི་སྟེང་ན་བླ་མ་མི་ཕམ་ལས་མཁས་པ་མེད། ཁོང་གི་སྐྱེ་རབས་དང་ཡོན་ཏན་གྱི་ཆ་འབྲིས་ན་ཤེར་ཕྱིན་པུསྟི་ཙམ་གྱིས་མི་ཚད་པ་འབྲི་རྒྱུ་ཡོད་ཀྱང་ཁོང་ད་ལྟ་མི་མཉེས་པར་འདུག་ཅེས་གསུངས་པ་ལོ་རྒྱུས་ཁུངས་མ་ལས་ཐོས། འཁོར་ལོའི་མགོན་པོ་ཀོང་སྤྲུལ་རིན་པོ་ཆེས་ཀྱང་མ་ཧཱ་པཎྜི་ཏ་མི་ཕམ་རྒྱ་མཚོ་ཞེས་གསུངས་ཤིང་། ཉིད་མཛད་ཚད་མ་རྣམ་འགྲེལ་དང་། བཀའ་བརྒྱད་རྣམ་བཤད་སོགས་ཀྱི་བཤད་ལུང་ཀྱང་གསན། གསུང་འཕྲོས་ལའང་ཟབ་གསང་རྒྱུད་སྡེའི་མངའ་བདག་སྤོབས་པ་བསམ་གྱིས་མི་ཁྱབ་པ་གསང་བདག་རྡོ་རྗེ་འཛིན་པ་གཉིས་པ་ལྟ་བུ་རེད་ཅེས་བསྔགས་པར་མཛད་ཅིང་། ཞབས་བརྟན་ཚིགས་སུ་བཅད་པ་བསྩལ་བ་ལས། ཨོཾ་སྭ་སྟི། ཆོས་དབྱིངས་ཀུན་ཁྱབ་འཇམ་དཔལ་ཡེ་ཤེས་སེམས། །འགྲོ་ཁམས་ཇི་སྙེད་གང་འདུལ་དེར་སྟོན་གར། །མཁྱེན་པ་གཉིས་ལྡན་ངག་གི་དབང་ཕྱུག་མཆོག །དཔལ་ལྡན་བླ་མ་བསྐལ་བརྒྱར་འཚོ་གཞེས་གསོལ། །ཞེས་སོགས་གསུང་། དེ་བཞིན་དུ་གསར་ཕྱོགས་ལ་མཁས་པ་འཇའ་པ་མདོ་སྔགས་ཀྱིས་སྤྱོད་འཇུག་ཤེར་ལེའི་འགྲེལ་པ་ལ་མི་འཐད་པའི་ཆ་བརྗོད་པ་ལ། གངས་ཁྲོད་མཁས་བཙུན་གྲུབ་པའི་ཁྱུ་མཆོག་དཔལ་སྤྲུལ་རིན་པོ་ཆེ་དཔང་པོར་བཞག་ནས་ཞག་དུ་མར་བགྲོ་གླེང་གནང་བའི་
ཚེ། ཕལ་གྱིས་རང་རང་གི་འདོད་ཕྱོགས་དང་མཐུན་པའི་གཏམ་སྨྲ་བ་ཙམ་ལས་རྒྱལ་ཕམ་མ་འབྱེད་ཚེ། བླ་མ་རིག་མཆོག་ནས་དཔལ་སྤྲུལ་རིན་པོ་ཆེར། དེ་གཉིས་གང་རྒྱལ་ཞུས་པར། ངས་ནི་རྗེས་གཅོད་མི་ཤེས། ཚར་གཅོད་མི་ཤེས་ཏེ། འཇིག་རྟེན་གྱི་ཁ་དཔེར་བུ་ཕས་མི་བསྟོད་དགྲས་བསྟོད། བུ་མོ་མས་མི་བསྟོད་གནས་ཀྱིས་བསྟོད་ཟེར་བའི་དཔེ་ལྟར ། མདོ་སྔགས་ཀྱི་གྲྭ་པ་རྣམས་ཀྱིས་ང་ལ། རྩོད་པ་སྔ་མའི་དུས་བླ་མ་མི་ཕམ་གྱི་ཐུགས་དམ་རྟེན་འཇམ་དཔལ་དབྱངས་ཀྱི་སྐུ་དེའི་ཐུགས་ཀ་ནས་འོད་ཟེར་ཞིག་བྱུང་སྟེ་བླ་མའི་ཐུགས་ཀར་འབྲེལ་འདུག་པ་གསལ་བར་མཐོང་ཟེར་བས། དེའི་ནང་དུ་དོན་འདུས་འདུག་གསུངས། སྐབས་དེར་ཡང་དཔལ་སྤྲུལ་རིན་པོ་ཆེས། མདོ་སྔགས་ཀྱིས་རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས་ཞེས་པར་འགྲེལ་པ་བྲིས་འདུག་པ་ལ། ལ་ལས་དགག་པ་དང་ལ་ལས་སྒྲུབ་པར་གོ་བས་འདི་ཐད་ནས་ཀྱང་བགྲོ་གླེང་མཛོད་ཅེས་བཀའ་ཕེབས་བཞིན་མཛད་པས་རྗེ་འདི་ཉིད་རྒྱལ་ཞིང་། རྒྱུད་ལུང་མན་ངག་གི་བཤད་འགྲེལ་རྩོམ་པའི་བཀའ་ཕེབས་པ་སོགས་ཀྱི་ལོ་རྒྱུས་ཁུངས་མ་ལས་ཐོས་སོ། །གསོལ་དཔོན་པདྨ་ནས། དཔལ་སྤྲུལ་རིན་པོ་ཆེར། བླ་མ་མི་ཕམ་དང་ཁྱེད་གཉིས་སུ་མཁས་ཞུས་པར། མདོ་ཕྱོགས་ལ་ངེད་གཉིས་ཕྱོགས་འདྲ་ཙམ་ཡིན། སྔགས་ལ་མིག་ཕྱེ་བཙུམ་ཙམ་གྱི་
ཁྱད་ཡོད་བླ་མ་མི་ཕམ་རང་མཁས་གསུངས། ཟབ་གསང་རྒྱུད་སྡེའི་མངའ་བདག་རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་རྡོ་རྗེས་ཀྱང་། མཁྱེན་རབ་ཀྱི་རྩལ། རྟོགས་པའི་ཡོན་ཏན། ལུང་རིགས་ཀྱི་ཁྱད་པར་གང་ནས་ཀྱང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང་རྣམ་དབྱེར་མེད་པར་དགོངས་ནས། སྔོན་ཆད་མཁས་པ་དང་གྲུབ་པའི་སྐྱེས་ཆེན་དུ་མས་ཐུགས་ལ་བཅངས་ཀྱང་། ཇི་བཞིན་པར་འཆོས་མ་བཟོད་པར་ལུས་པའི་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ཞུས་དག་བྱེད་པར་བསྐུལ་མ་མཛད་པ་དང་། གཞན་ལ་གསུང་འཕྲོས་ལའང་། ཐོས་པས་རང་རྒྱུད་གྲོལ་ཟེར་བ་དེ་བླ་མ་མི་ཕམ་རེད། སྐུ་ན་ཆུང་ངུའི་དུས་རྒྱུད་ལ་འཁྱོག་པོ་ལྟ་བུ་ཞིག་ཡོད་ཀྱང་། ད་ལྟ་ནི་ཕྱེ་ཐུག་ལ་ཟོ་མར་ཐེབ་པ་ལྟར་ཐུགས་རྒྱུད་དུལ་ཞིང་མོས་གུས་ཆེ་བ་འདི་ཁོ་ནའོ། །གསུངས་ནས་སྤྱན་ཆབ་ཕྱུང་བར་མཛད། ཁྱད་པར་བློ་བཟང་རྒྱལ་བ་གཉིས་པའི་རིང་ལུགས་པ་ཆེན་པོ་རྣམ་དཔྱོད་འགྲན་ཟླ་དང་བྲལ་བ་དཔལ་རི་བ་བློ་བཟང་རབ་གསལ་གྱིས་ཡང་ལན་དུ། ཁྱད་པར་རྣམ་དཔྱོད་བརྩོན་པའི་མཐུ་ལྡན་ཞིང་། །མང་ཐོས་ཉམས་སུ་ལེན་པའི་ཀུ་ས་ལི། །ཟབ་དོན་ཚོལ་བའི་ངལ་བ་མང་བསྟེན་པ། །ང་ཡི་མཛའ་ཆེན་མི་ཕམ་བཤེས་གཉེན་བཞུགས། །ཞེས་དང་། ཟབ་རྒྱའི་གསང་བའི་གཏེར་ཆེན་མཛོད་ཀྱི་གཏམ། །བཀྲེན་པས་ཕོངས་པ་བདག་ལ་ཅི་ཆ་ཡང་། །མི་ཕམ་བཤེས་གཉེན་ཚིག་
གི་ཕོ་ཉ་ཡིས། །བསྐུལ་བའི་འཕྲིན་ལས་ཇི་བཞིན་དེང་འདིར་བསྒྲག །སྐྱོན་བྲལ་པདྨ་དཀར་པོའི་ཕྲེང་བསྟར་བས། །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་མི་ཟད་པར། །ཟབ་རྒྱས་གདམས་པའི་དེ་ཉིད་ལྡོན་མཁས་པའི། །མི་ཕམ་འཇམ་དབྱངས་མཆེད་དུ་གྱུར་ཅིག་གུ། །ཞེས་པ་ལ་སོགས་པ་དང་། འབྲས་སྤུངས་པའི་དགེ་བཤེས་ཆེན་པོ་ཁང་དམར་པའི་ཞལ་ནས་ཀྱང་། མཁས་མཆོག་མི་ཕམ་རྣམ་རྒྱལ་ལ་དོན་ལྡན་གྱི་བསྔགས་བརྗོད་མདོར་བསྡུས་ཞིག་བརྗོད་པར་བྱ་བ་ལ། ཇི་སྐད་དུ། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་པ་ལྟར། མཁས་པའི་དབང་ཕྱུག་མི་ཕམ་རྣམ་པར་རྒྱལ་བའི་སྡེ་འདི་ཉིད་གཞོན་ནུའི་དུས་ཉིད་ནས་མཚན་ལྡན་དགེ་བའི་བཤེས་གཉེན་དུ་མའི་མགོན་ལ་བསྟེན་ནས་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་སོན་ཅིང་། ནང་མངོན་པར་རྟོགས་པའི་ཡོན་ཏན་གྱི་ཚོགས་རིན་པོ་ཆེའི་དཔལ་གྱི་བང་མཛོད་འདོད་དགུར་དབང་འབྱོར་བ་མདོ་དབུས་གཙང་གསུམ་གྱི་མཁས་གྲུབ་བྱེ་བའི་རལ་པའི་ཅོད་པཎ་གྱི་རྩེ་མོར་ཞབས་ཀྱི་པདྨོ་ངལ་གསོ་བ་ཐོབ་པས་བསྟན་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ། མི་ཕམ་རྣམ་རྒྱལ་ཞེས་ཡོངས་སུ་གྲགས་པ་འདི་ཉིད་ངེས་པའི་དོན་དུ་རྒྱལ་བའི་སྲས་མཆོག་འཇམ་དཔལ་དཔའ་བོའི་ཡེ་
ཤེས་ཀྱི་སྒྱུ་མའི་རྣམ་པར་འཕྲུལ་པ་ལས་ཉི་མའི་དཀྱིལ་འཁོར་དང་དེའི་འོད་ཟེར་བཞིན་སྤྲོས་ཏེ་སྙིགས་མ་ལྔ་བདོ་བའི་དུས་སུ་རང་ཅག་འགྲོ་བ་རྣམས་དང་རིས་མཐུན་པའི་དགེ་བའི་བཤེས་གཉེན་གྱི་གཟུགས་སུ་ཤར་ནས་རྒྱལ་བའི་བསྟན་པ་ལ་བྱ་བ་རྨད་དུ་བྱུང་བའི་ཚུལ་མཛད་པ་ལ་བསམ་ན། འཇམ་མགོན་ས་སྐྱ་པཎྜི་ཏས། ཐོག་མར་ཤེས་བྱ་ཀུན་ལ་མཁས་པར་སྦྱངས། །བར་དུ་མཁས་པའི་ཚོགས་སུ་ལེགས་པར་བཤད། །ཐ་མ་འདྲིས་པའི་ཚོགས་ལ་བརྩོན་པས་བསྒོམས། །དུས་གསུམ་རྒྱལ་བ་ཀུན་གྱི་བཞེད་གཞུང་ཡིན། །ཞེས་གསུངས་པ་ལྟར་དམ་པ་འདིས་ཀྱང་དེ་དག་ལག་ལེན་དུ་བསྟར་བའི་ཕྱིར་རོ། །ཞེས་སོགས་ཀྱིས་བསྔགས་བརྗོད་ཆེས་ཆེར་མཛད་པ་ལྟར་མདོར་ན་དེང་སང་གི་དུས་ན་འཇམ་པའི་དབྱངས་མི་ཕམ་རྒྱ་མཚོ་ཞེས་སྙན་པའི་བ་དན་གྱིས་ཤར་ནུབ་རྒྱ་མཚོའི་མཐའ་ཚུན་ཆད་ཁྱབ་སྟེ་བློ་ལྡན་གཟུ་བོར་གནས་པ་རྣམས་ཀྱིས་དད་པའི་སྙིམ་པ་ཨུ་དུམྦཱ་རས་ཡོངས་སུ་བཀང་སྟེ་བསྔགས་བརྗོད་ཀྱི་སིལ་མ་ཕྱོགས་ཐམས་ཅད་ནས་འཐོར་བཞིན་པ་འདིའོ། །དེ་ལྟར་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས་སྔོན་གྱི་དམ་པ་རྣམས་ཀྱི་རྣམ་ཐར་ཇི་ལྟ་བར། སྒྲུབ་གནས་ཀྱི་རྒྱལ་པོ་དཀར་མོ་སྟག་ཚང་དུ་ལོ་བཅུ་གསུམ་དུ་བཞུགས་ཚེ་ཕལ་ཆེར་གསོལ་ཇ་གཉིས་རེ་བཞེས་ཏེ་བསྙེན་སྒྲུབ་ཁོ་ན་ལ་ཐུགས་རྩེ་གཅིག་ཏུ་དྲིལ་བ་གཙོ་བོར་གྱུར་པའི་ཕྱོགས་
མེད་རིས་མེད་ཀྱི་དབེན་པ་འབའ་ཞིག་ཏུ་འདུ་འཛིའི་གཡེང་བ་དང་ཆོས་བརྒྱད་ཀྱི་སྤྲོས་པ་རིང་དུ་དོར་ནས་སྐུ་ཚེ་རིལ་པོར་སྒྲུབ་པའི་རྒྱལ་མཚན་འཛིན་པར་མཛད་པ་སྟེ། དེ་ཡང་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་དག་མཉམ་བདེ་བ་ཆེན་པོ་ཆོས་སྐུའི་རང་རྩལ་ལས། སྣང་སྤྱོད་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རོལ་པ་འབའ་ཞིག་ཏུ་འབྱམས་སུ་ཀླས་པའི་ཐབས་བསྐྱེད་པའི་རིམ་པ་དང་། ཤེས་རབ་རྫོགས་པའི་རིམ་པ་ཟུང་དུ་འཇུག་པའི་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཟབ་མོ་ལས་དུས་ནམ་ཡང་གཡོ་བ་མི་མངའ་སྟེ། བསྐྱེད་རིམ་གྱི་དམིགས་པ་གསལ་བ་ལ་མཚོན་ན། སྐུ་ན་ཆུང་ངུའི་དུས། ཟུང་འཇུག་རྡོ་རྗེའི་ས་མཁན་ལབ་སྐྱབས་མགོན་རིན་པོ་ཆེ་ལས། མ་ཏིའི་འཇམ་དཀར་གྱི་རྗེས་གནང་མན་ངག་ལས་ཚོགས་དང་བཅས་པ་གསན་ནས་མཚམས་ཁོངས་སུ་བསྙེན་པ་གནང་དུས། ཐུགས་ཀའི་འཁོར་ལོ་དང་སྔགས་ཕྲེང་དྲག་ཏུ་འཁོར་བ་ལ་ཐུགས་གཏད་པས། ཐ་མལ་གྱི་སྣང་ཤེས་རང་འགག་པའི་གསལ་སྣང་ཁྱད་པར་ཅན་བརྙེས་པ་སོགས་གཞུང་ནས་བཤད་པའི་ཏིང་ངེ་འཛིན་གྱི་ངང་དུ་དུས་འདས་པ་ནི་བླ་མའི་བྱིན་རླབས་ཀྱིས་ཡིན་པ་འདྲ། ཞེས་དང་། ལར་ཡང་མཚམས་ལ་ལོ་མང་གི་སྐབས་གཞུང་ནས་བཤད་པའི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་
རྩེ་གཅིག་པ་ལས། རང་བཞིན་ཁ་གཡེང་མིག་གཡེང་གིས་བསྙེན་པ་ཕྲེང་སྐོར་གཅིག་ཙམ་ཡང་བཟླ་མ་མྱོང་གསུངས། སྐབས་ཤིག་རྡོ་རྗེ་འཆང་མཁྱེན་བརྩེ་རིན་པོ་ཆེའི་མདུན་དུ་བྱོན་པས། ཞལ་ནས། ཁྱེད་མཚམས་ལ་བཞུགས་སྐབས་ཉམས་ལེན་ཇི་འདྲ་མཛད་ཅིང་ཡོད་གསུངས་པར། ཕྲན་གྱིས་སློབ་གཉེར་བྱེད་དུས་དཔྱད་པ་དཔྱིས་ཕྱིན་པ་ཞིག་དང་། ཡི་དམ་གྱི་བསྙེན་མཚམས་བྱེད་དུས་བསྐྱེད་རིམ་མཐར་ཕྱིན་པ་ཞིག་ཨེ་ཐོན་ལྟ་དགོས་པས་བསྐྱེད་རིམ་ལ་གཟབ་གཟབ་བྱེད་ཀྱིན་ཡོད་ཞུས་པས། དེ་ཚོ་དཀའ་མོ་རེད། ཀུན་མཁྱེན་ཆེན་པོས། ཅི་ཡང་མི་བྱེད་པར་འདུག་འདུག་རྒྱུ་ཞིག་གསུངས་ཨེ་མི་ཡོད་དེ། ཁོ་བོ་ནི་དེ་བཞིན་བྱས་འདུག་པས་སེམས་ངོ་ཟེར་བའི་དཀར་ཤ་དམར་མདངས་ཅན་ཞིག་མ་མཐོང་ཡང་། ད་ཤི་རུང་ཡ་ང་བག་ཚ་རྡུལ་ཙམ་ཞིག་མི་འདུག་གསུངས་ནས་བཞད་མོ་མཛད། དེ་བླ་མའི་གདམས་ངག་ཡིན་པར་གོ་ཡང་ད་དུང་བསྐྱེད་རིམ་ལ་ནན་ཏན་བྱས་པས་ད་ལྟ་ཉམས་ལྔའི་ནང་གོམས་པའི་ཉམས་དལ་འབབ་ཀྱི་ཆུ་བོ་ལྟ་བུའི་སྐབས་སུ་སླེབ་འདུག །ད་ཕན་ཞི་གནས་འདིས་སེམས་རྩེ་གཅིག་པ་ཞིག་ཨེ་འགྲུབ་བསམ།ཞི་གནས་ཞིག་འགྲུབ་ན་ལྷག་མཐོང་ནི་ཆུང་ངུའི་དུས་ནས་ཡོད་དར་གསུངས། དེ་དང་མཐུན་པར་བསྙེན་སྒྲུབ་ཀྱི་མངོན་རྟགས་ཀྱང་། རྗེ་ཉིད་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་འཇམ་དཔལ་གཤིན་རྗེ་ཚེ་བདག་གི་བསྙེན་
པ་གནང་སྐབས་གཞུང་ནས་བཤད་པའི་རྟགས་ཐམས་ཅད་མ་བྱུང་བ་མེད་གསུངས། འཇུའི་རི་ཁྲོད་དུ་བཞུགས་སྐབས་སྐྱབས་རྗེ་རབ་འབྱམས་རིན་པོ་ཆེ་སྐུ་མདུན་དུ་བྱོན་པར། བཀའ་ལས། རཏ་གླིང་གི་ཚེ་སྒྲུབ་གནང་བའི་ཚེ་ཆུ་འདི་ལོ་གཅིག་རིང་དབྱར་མ་རུལ། དགུན་མ་འཁེང་དང་པོར་བཤམས་དུས་ལྟར་ལས་ཅུང་ཟད་ཀྱང་ཁ་མ་དམའ་བར་འདུག་པས། ལྷ་གྲུབ་པའི་རྟགས་མཚན་ཞིག་ལོས་ཡིན་གསུངས་ནས་དངོས་གྲུབ་ལེན་ཆོག་མཉམ་དུ་མཛད་ནས། ཚེ་རྫས་སོགས་བསྩལ་བར་མཛད་འདུག་པས་མཚོན། བསྙེན་སྒྲུབ་གང་གནང་ལ་གཞུང་མཐུན་གྱི་རྟགས་ཚད་རིགས་མ་བྱུང་བ་མེད་ངེས་ཀྱང་ཐུགས་སྒམ་ཞིང་གསང་བ་སྲུང་བ་ལ་དགྱེས་པས་ཞིབ་པར་མི་གསུང་། ཐུན་མོང་གི་སྣང་ཚུལ་དུའང་། སྟག་ཚང་དུ་རྟ་ནག་གི་སྒྲུབ་པ་ཞག་བཞི་མཛད་དེ་གཏོར་རྒྱགས་གནང་སྐབས་བྲག་རི་ཕྱེ་མར་ཞིག་པ་དང་། སྡེ་དགེའི་སྲས་མོ་བསྙུན་སྐབས་བླ་བསླུ་ཞུས་པས། བླ་ལུག་ལ་ཐུགས་གཏད་པ་ཙམ་གྱིས་རང་བཞིན་གྱིས་ཁ་བསྐོར་བ་ཀུན་གྱིས་མཐོང་། ལྡན་ཁོག་དིས་མགོ་རི་ཁྲོད་དུ་བཞུགས་སྐབས། ཉིན་གཅིག་འབྲི་ཀླུང་གི་འགྲམ་དུ་བྱོན་ཏེ། བོད་ཁམས་བདེ་བའི་སྨོན་ལམ་དང་། ས་བཅུད་གསོ་བའི་རྟེན་འབྲེལ་དུ་རིན་ཆེན་འབྲུ་སྨན་དཀོར་ཆའི་རིགས་ཀླུ་གཏེར་དུ་སྦ་བར་མཛད་པའི་རྗེས་ཐོགས་སུ།
ཕྱག་ན་མདའ་དར་ཞིག་བསྣམས་ཡོད་པ་འབྲི་ཆུའི་ཆུ་དཀྱིལ་དུ་འཕེན་པར་མཛད་པས། མདའ་ཡི་རྩ་བ་ཆུའི་གཏིང་དུ་ཟུག་ཅིང་རྩེ་མོ་གྱེན་དུ་བསྟན་ཏེ་དར་ཚོན་རླུང་གིས་བསྐྱོད་བཞིན་བརྟན་པར་གནས་སོང་ཞིང་། དེ་རྗེས་རྗེ་ཉིད་ཆུ་འགྲམ་ནས་གྱེན་དུ་སྨོན་ལམ་ཤིས་བརྗོད་གསུང་བཞིན་ཞབས་གོམ་པ་བརྒྱད་དགུ་ཙམ་དུ་དལ་བུས་ཕེབས་པར། མདའ་དར་ཡང་སྔ་མ་ལྟར་གྱིས་ཆུ་བོའི་གཞུང་ནས་གྱེན་ལ་འགྲོ་བ་དེར་འཁོད་ཞབས་གྲས་ཐམས་ཅད་ཀྱིས་མཐོང་བ་དང་། ཆབ་མདོར་བཞུགས་སྐབས་རྒྱ་དམག་གི་འུར་ཟིང་ཆེ་བས་ཉེ་གནས་བླ་མ་དམ་པ་འོད་གསལ་ཐུགས་གཟན་ཆེ་བར་བྱུང་ཚེ། བཀའ་ལས། ཀླ་ཀློ་འཇོམས་པའི་གཤེད་མ་རིགས་ལྡན་དྲག་པོ་ལྕགས་ཀྱི་འཁོར་ལོ་ཅན་ཡིན། བདག་ཀྱང་དེའི་དམག་དཔོན་ཆེ་ཤོས་ཤིག་ཡིན་པས། དེ་དག་གིས་འཚེ་ག་ལ་ནུས། ཨའུ་ཙི་གསུངས། དེ་བཞིན་སྒ་སྟོད་དུ་བཞུགས་དུས་ཕྱི་གླིང་གི་འགྲུལ་བ་སོང་བའང་རྗེ་བླ་མ་ཉིད་བཞུགས་པའི་ས་ཕྱོགས་དེ་གཞུང་ལམ་དུ་ཁེལ་ཡང་འགྲོ་མ་ནུས་པར། དེ་ལས་གཞན་དུ་བྱོལ་ཏེ་སོང་བ་དང་། བར་སྐབས་འཇུ་ཉུང་མ་རླུང་རྟ་གུད་ར་མདའ་སོགས་མི་ཕོད་པར་ཤིན་ཏུ་ཁས་དམན་དགྲ་ཇག་གིས་འཚེ་བའི་སྐབས། རྗེ་ཉིད་ཀྱིས་ཕྲིན་བཅོལ་གནང་བས། མནལ་ལམ་དུ་འགྲུ་དགའ་བདེའི་ཆོས་སྐྱོང་བེར་ནག་དེ་རྟ་ནག་པོ་ཞིག་ཆིབས་ནས། ཕྱག་
ན་མདུང་ཞིག་བཟུང་སྟེ་དེས་འཇུ་ཉུང་མའི་སྟེང་ནས་རེ་བ་ནག་པོ་ཞིག་བླང་སྟེ་ཕ་ཚད་གཞན་ཞིག་ཏུ་འཕང་སོང་བས་དེ་ཕྱིན་ཆད་འཇུ་པ་ཀླུང་རྟ་དར། དགྲ་ཤེད་ཇེ་ཆེར་སོང་བ་འདི་ཁོ་བོའི་མཐུ་ཡིན་ཡང་སུས་ཀྱང་ཤེས་པ་མི་འདུག་གསུངས་པས་མཚོན་དེ་རིགས་འགའ་ཞིག་ཐོས། ཕྲན་ལ་ཞལ་རྩེད་དུའང་རྙིང་མ་པ་ཡིན་ན་བསྙེན་སྒྲུབ་མཐར་ཕྱིན་ནུས་པའི་རྟགས་ཐོན་དགོས་པ་ཡིན་ཁྱོད་ལ་ནུས་པ་ཅི་འདྲ་ཡོད། ངས་ནི་རྣམ་སྨིན་ལ་འཛེམ་པ་མ་གཏོགས་ཉིན་གཅིག་ལའང་མི་དུ་གསོད་དགོས་ཀྱང་གསོད་ཐུབ་གསུངས། རྫོགས་རིམ་ལ་མཚོན་ན། སྔོན་སྦྱངས་ཅིག་ཆར་བའི་རིགས་ཅན་ཡིན་པར་གང་དུ་གསུང་འཕྲོས་ཕེབ་པས་ཀྱང་ཤེས་ནུས་ལ། དེར་མ་ཟད་སྐུ་ཚེ་འདི་ཉིད་དུའང་། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་མཚན་བཅས་ཀྱི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་སོགས་ཇི་སྙེད་པ་ཐུགས་ཉམས་སུ་བསྟར་བས། ལས་རླུང་གི་རྒྱུ་བ་ཕལ་ཆེར་དབུ་མའི་དབྱིངས་སུ་དག་སྟེ་བདེ་སྟོང་དགའ་བཞི་དང་སྟོང་བཞིས་དྲངས་པའི་དཔེ་དང་དོན་གྱི་འོད་གསལ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་བ་ཆེན་པོ་ཉིད་སྐུ་ཉམས་སུ་བསྟར། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་དང་། ལྷུན་གྲུབ་ཐོད་རྒལ་གྱི་ཉམས་བཞེས་མཐར་ཕྱིན་པས་ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པར་མངོན་སུམ་
ཚད་ལ་ཕེབས་ཏེ། སྣང་སྤྱོད་སྐུ་དང་ཡེ་ཤེས་ཀྱི་རོལ་པ་རང་སྣང་ལོངས་སྐུའི་ཞིང་ཁམས་ལ་དབང་བསྒྱུར་བའི་དག་པ་རབ་འབྱམས་ཀྱི་གཟིགས་མོ་འབྱམས་སུ་ཀླས། ནང་གི་རྩ་ཁམས་ཡི་གེ་སྤྲིན་གྱི་འཁོར་ལོར་ཡོངས་སུ་དག་པའི་སྟོབས་ཀྱིས་སྒོམ་བྱུང་གི་མཁྱེན་རབ་ཀློང་ནས་རྡོལ་ཏེ། ཟབ་དོན་མཐའ་དག་དགོངས་པའི་ཀློང་ནས་རང་རྡོལ་བའི་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་བཀོད་པ་ཤ་སྟག་ཡིན་པས་དགོས་པ་དང་ཕན་ཡོན་གྱི་ཁྱད་པར་སོགས་བསྟན་བཅོས་ཕལ་དང་མི་མཉམ་ལ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་བཀོད་པ་ངལ་གསོ་སྐོར་གསུམ། མཛོད་ཆེན་བདུན་སོགས་དང་རྣམ་དབྱེར་མེད་པར་ཤེས་པར་བྱ་དགོས་ཏེ། ཕྲན་སྔ་མོ་ཆུང་ངུས། དཀར་མོ་སྟག་ཚང་དུ་སྐུ་མདུན་དུ་བཅར་ནས་བཀའ་བརྒྱད་རྣམ་བཤད་ཀྱི་སྙན་སྒྲོན་ཕུལ་སྐབས། རང་བཞིན་གྱིས་བསམ་མནོ་བཏང་སྟེ་བྲིས་ན་སུ་ལའང་འབྲི་རྒྱུ་ཡོད་མོད། དེ་ལ་དགོས་པ་མེད། སྐབས་འགར་བླ་མ་དང་ལྷག་པའི་ལྷའི་ཐུགས་རྗེ་ལ་བརྟེན་ནས་རང་བཞིན་གྱིས་སེམས་ལ་ཤར་ཏེ་བཟོ་བཅོས་སོགས་ཆེར་མ་དགོས་པར་འབད་མེད་དུ་འབྲི་ཆོག་པ་ཞིག་ཡོང་རྒྱུ་ཡོད་དར་བས་དེ་ལྟར་བྱུང་ན་ལས་སླ་ཞིང་དགོས་པ་ཆེ་བ་ཞིག་ཡོད་པས་དེ་བར་རེ་ཞིག་སྒུགས་ལ། ཁྱོད་ནས་ཀྱང་བླ་མ་དང་ཡི་དམ་ལ་གསོལ་བ་ཐོབ། ཆོས་སྲུང་ལ་ཕྲིན་བཅོལ་རེ་ཡང་གྱིས་ཞེས་བཀའ་ཕེབས་པ་འདི་
ལ་གོ་རྒྱུ་གནད་ཆེན་ཞིག་ཡོད་པར་འདུག །མཆེད་གྲོགས་གཞན་དག་ལའང་། ཕྲན་གྱིས་འདོན་ཆ་སོགས་རྩོམ་རིགས་འདི་ལ་དགོས་པ་ཁྱད་པར་བ་རེ་དང་མ་འབྲེལ་བར་རང་བཞིན་གྱིས་བྲིས་པ་ནི་གཅིག་ཀྱང་མེད་པས་སུས་བཏོན་ཡང་ཕན་ཡོན་དང་བྱིན་རླབས་ཆེ་བར་ཡོད་ཅེས་བཀའ་ཕེབས་པ་བརྒྱུད་ལས་ཐོས་ཤིང་། སོ་སོའི་མཛད་བྱང་གི་གཤམ་དུའང་ཅི་རིགས་སུ་འགོད་པར་མཛད་གནང་འདུག་པས་ཤེས་པར་ནུས་ལ། དོན་དུ་མཁྱེན་རྟོགས་ཀྱི་རྩལ། དགོངས་པའི་ཉམས། གྲུབ་པའི་སྤྱོད་པ། ལུང་རིགས་ཀྱི་ཁྱད་པར་སོགས་གང་ནས་བརྟགས་ཀྱང་། རྗེ་བཙུན་བརྟན་པའི་འཁོར་ལོ་བསམ་བཞིན་སྲིད་པར་རྗེས་སུ་ཆགས་པའི་ཡེ་ཤེས་སྒྱུ་མའི་རོལ་གར་རྣམ་ཐར་བསམ་མི་ཁྱབ་པའི་བདག་ཉིད་དུ་ཡོངས་ལ་གྲགས་ཤིང་ཀུན་གྱིས་མཐུན་སྣང་དུ་གྲུབ་པ་འདི་ལ་སུ་ཞིག་བསྙོན། དེས་ན་དམ་པ་འདི་ཉིད་ཀྱིས་གསུངས་པའི་ནང་རྒྱུད་ཡོ་ག་སྡེ་གསུམ་གཙོ་བོར་གྱུར་པའི་བསྟན་བཅོས་ཆེན་པོ་རྣམས་ནི། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། སྟོན་པ་དྲང་སྲོང་ཆེན་པོའི་ཞལ་ནས་གསུངས་པ་དང་། རྗེས་སུ་གནང་བ་དང་། བྱིན་གྱིས་བརླབས་པའི་བཀའ་ཡང་དག་པ་དང་། དེའི་དགོངས་འགྲེལ་ཟབ་མོ་འཕགས་པ་
ཡུལ་གྱི་རྒྱན་མཆོག་རྣམས་དང་གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད་སོགས་ཀྱིས་མཛད་པའི་བསྟན་བཅོས་ཆེན་པོ་རྣམས་དང་ཚིག་དོན་གྱི་ཆ་ལ་ཁྱད་པར་ཅུང་ཟད་ཙམ་ཡང་མེད་པ་ནི་ཆོས་སྤྱན་དང་ལྡན་པ་རྣམས་ཀྱིས་བརྟགས་ན་གསལ་ལ། ཁྱད་པར་དེང་སང་སྙིགས་མ་ལྔ་བདོ་བའི་མཐའ་ལ་ཐུག་པས་ཐུབ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་གྱི་བསྟན་པ་ཤིན་ཏུ་ཉམས་ཆུང་བས། འཆི་ཁ་མ་ལ་སྲོག་གི་ཟུངས་བསྩལ་བ་བཞིན་དུ་གྱུར་པས་ངོ་མཚར་དང་བཀའ་དྲིན་གྱི་སྒོ་ནས་སྔ་མ་བས་ཀྱང་ཁྱད་པར་དུ་འཕགས་པས། རང་གཞན་གྱི་ཕྱོགས་ཀྱི་བསྟན་པ་རིན་པོ་ཆེ་ཐུགས་ལ་དགོངས་པ་རྣམས་ཀྱིས་ཁོང་པའི་སྙིང་དང་དཔྲལ་བའི་མིག་བཞིན་དུ་གཅེས་སྤྲས་སུ་བྱ་བར་རིགས་པ་ནི་ཞར་བྱུང་འཕྲོས་དོན་དུ་སྨོས་པ་སྟེ། བདག་ཉིད་ཆེན་པོ་འདིའི་ཐེག་མཆོག་ཆོས་ཀྱི་དགའ་སྟོན་མྱོང་བའི་སློབ་ཚོགས་བགྲང་ལས་འདས་པ་བྱུང་བའི་ནང་ནས་ཞལ་སློབ་གཙོ་བོ། རྡོ་གྲུབ་རིན་པོ་ཆེ། གཏེར་སྟོན་བསོད་རྒྱལ། རྫོགས་སྤྲུལ་ལྔ་པ། དགེ་མང་སྐྱབས་མགོན། མཁན་པད་རྡོར། ཀཿཐོག་སི་ཏུ་རིན་པོ་ཆེ། ཟེ་ཆེན་རབ་འབྱམས། རྒྱལ་ཚབ་སྤྲུལ་སྐུ། དཔལ་ཡུལ་རྒྱ་སྤྲུལ། ཀརྨ་ཡང་སྤྲུལ། དཔལ་སྤུངས་སི་ཏུ་རིན་པོ་ཆེ། གླིང་རྗེ་དྲུང་། དགེ་མང་དཔོན་བསྟན་འཛིན་ནོར་བུ། མུ་ར་སྤྲུལ་སྐུ། མཁན་ཡོན་ཏན་རྒྱ་མཚོ། བླ་མ་ལུང་རྟོགས།
ཨ་འཛོམ་འབྲུག་སྤྲུལ། རྟོགས་ལྡན་ཤཱཀྱ་ཤྲཱི། ངོར་དཔོན་སློབ། དགུ་རུབ་སྤྲུལ་སྐུ་སོགས་ཞེ་རྫོགས་ཀཿ དཔལ་དཔལ་སྤུངས་སྡེ་དགེའི་དགོན་ཆེན་རེ་སྐོང་སོགས་ཀྱི་ས་དགེ་བཀའ་རྙིང་གི་སྤྲུལ་པའི་སྐུ་མཆོག་ཆེན་པོ། གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་པ། བསླབ་པ་གསུམ་ལྡན་གྱི་མཁན་པོ། རིམ་གཉིས་ཀྱི་རྣལ་འབྱོར་ལྡན་པའི་སྔགས་པ། ཚེ་བློས་བཏང་གི་བྱ་བྲལ་རྣམས་དང་། ས་སྐྱོང་སྡེ་དགེ་དང་། གླིང་ཚང་རྒྱལ་པོ་གཙོས་རྒྱ་བོད་ཧོར་སོག་རྣམས་ཀྱི་རྒྱལ་བློན་ཆེ་དགུ། འབྱོར་ལྡན་བསྟན་པའི་སྦྱིན་བདག་རྣམས་ཀྱིས་མཚོན་ཏེ་ཐུགས་བརྩེས་གཟུང་བ་བགྲང་བ་ལས་འདས་ཤིང་གཞལ་དུ་མ་མཆིས་སོ། །དེ་ལྟར་དགུང་གྲངས་རེ་བདུན་པ་ཆུ་བྱི་ལོའི་ཟླ་བ་དང་པོའི་ཚེས་བཅུ་གསུམ་སྐོར་སྐུ་མཚམས་གྲོལ། ཚེས་བཅོ་བརྒྱད་སྐོར་ནས་འགྲུལ་ངན་འགའ་རེས་ཐུགས་སུན་རྐྱེན་གྱིས་གློ་བུར་དུ་ཚེས་ཉེར་གཅིག་ཉིན་ཕྱི་མཐའི་ཞལ་ཆེམས་ཕྱག་བྲིས་སུ་གནང་བ་འདི་ལྟར། ན་མོ་མཉྫུ་ཤྲཱི་ཛྙཱ་ན་ས་ཏྭཱ་ཡ། མངོན་དགའ་ལ་སོགས་དག་པའི་ཞིང་རྣམས་སུ། །རྒྱལ་སྲས་སྤྱོད་པ་རྒྱ་མཚོར་དབང་ཐོབ་ནས། །མཁའ་ཁྱབ་འགྲོ་ལ་སྙིང་རྗེ་ཆེན་པོའི་སེམས། །ནམ་མཁའ་ཇི་སྲིད་འཛིན་པར་དམ་བཅའ་འོ། །ལས་ཀྱིས་མནར་བས་སྙིགས་དུས་ཆོས་སྨྲ་བདག །མི་ལོ་བཅུ་བདུན་ནང་རྩའི་
ནད་དྲག་པོས། །བར་མེད་སྡུག་བསྔལ་ཆེ་ཡང་ད་བར་དུ། །སྒྱུ་ལུས་གཟེབས་ལ་བརྟེན་ནས་ཞིང་འདིར་བསྡད། །ད་ནི་ཤི་ལ་དགའ་བའི་འདུ་ཤེས་ཀྱིས། །ཐ་མའི་གཏམ་ཚིག་ཡི་གེའི་རིས་སུ་བྲི། །ཞེས་པ་ནས། ད་ནི་སྒྱུ་ལུས་ནད་མཐར་འདི་ནང་སྡོད་མི་སྤྲོ་བ་སོགས་ཀྱིས་འཕོ་བའི་འདུན་པ་གཏད་པ་ཡིན། ཞེས་སོགས་ཞལ་ཆེམས་ཡི་གེ་སྦས་ནས་བཞག །ཟླ་བ་གཉིས་པའི་ནང་ཞལ་འཕྲོས་ཅི་རིགས་བླ་མ་འོད་གསལ་ལ་གནང་། མི་འཁྲུགས་པའི་གཟུངས་འབུམ་ཕྲག་གཉིས་ཙམ་གསུངས། ཟླ་བ་གསུམ་པའི་ཚེས་བཅུའི་ཉིན་འོད་གསལ་གྱི་གམ་དུ་ཕེབ་ནས་ཁྱོད་ཉིད་དཀར་མོ་སྟག་ཚང་དུ་ཐོག་མར་ཡོད་པའི་ཕག་ལོ་ཟླ་བ་བཅུ་གཅིག་པའི་ཚེས་ནང་ནས་བཟུང་ད་བར་རང་གིས་བསྙེན་བསྒྲུབ་དང་བསྟན་བཅོས་རྩོམ་རིགས་ཀྱི་དགེ་བའི་རྩ་བ་ཐམས་ཅད་ཉིན་རེ་བཞིན་ཆགས་ཕྲི་མེད་པར་ལན་གསུམ་རེ་རང་རེ་གཉིས་ཐུན་མོང་བ་གྱིས་ཏེ་གཞན་དོན་དུ་བྱང་ཆུབ་ཆེན་པོར་བསྔོས་པས། ད་ནི་སྨོན་ལམ་ཐམས་ཅད་ལེགས་པར་གྲུབ་པའི་རྟགས་མཚན་ཐ་དག་མངོན་དུ་གྱུར་པས་ཁྱོད་མ་འོངས་པ་ན་རྗེ་བཙུན་འཇམ་དཔལ་དབྱངས་དང་ཁྱད་མེད་དུ་འགྱུར་ངེས་པ་སེམས་གསོས་ཙམ་མིན་པས་སེམས་དགའ་བར་གྱིས། ཉམས་ལེན་སྐོར་ལ་ཐེ་ཚོམ་མ་ཆོད་པ་འདྲ་ཡོད་ན་དེ་རིང་ཆོད། རྒྱུན་རིང་ཨེ་སྡོད་མི་ཤེས་སྤྱིར་
རང་རེ་དཔོན་སློབ་འདི་ནས་བྱང་ཆུབ་པར་འབྲལ་བ་མེད་ཅེས་ཞལ་བསྒོས་མཛད། དེ་འཕྲལ་བསྟན་འགྲོའི་དཔལ་མགོན་དུ་ཞབས་པད་བརྟན་དགོས་ཚུལ་ལན་གྲངས་ནན་ཞུས་ཕུལ་བར། ད་ནི་དུས་དང་ནད་ཁམས་སོགས་ཅི་ཐད་ནས་སྡོད་སྤྲོ་བ་མེད་ཅིང་། བསྡད་ཀྱང་དོན་འགྱུར་དཀའ། དེ་བས་ཁྱེད་རང་རི་ཁྲོད་སོགས་སུ་ཉམས་ལེན་སྐྱོང་ཅི་ནུས་མཛོད། ཁྱེད་རང་རང་མགོ་ཐོན་པའི་ཉམས་ལེན་ནི་ཡོད། ད་ཕན་བླ་མ་གཞན་ལ་རེ་དགོས་ནི་མིན། སྤྱིར་སྐྱེ་འཆི་བར་དོའི་གནས་སྐབས་ཀུན་ཏུ་འཕྲད་ཡོང་། ཕྱི་མར་ཡང་དག་པའི་ཞིང་དུ་སྐད་ཅིག་ཙམ་འབྲལ་བ་མེད་ཚུལ་གསུང་། བཞི་པའི་ཚེས་བཅོ་བརྒྱད་ཉིན་མཁན་ཀུན་དཔལ་བྱོན་ཞིང་ཀཿ ཐོག་ནས་དུས་འཁོར་སྤར་པོད་བཅས་འབྱོར་བསྟུན། བླ་མ་འོད་གསལ་ལ། དེང་སང་སྤྱིར་བདེན་པར་བཤད་ན་ཉན་མཁན་ནི་མེད། རྫུན་པར་བཤད་ན་ཐམས་ཅད་བདེན་པར་འཛིན་པས། དེ་སྔོན་སུ་ལའང་མ་སྨྲས། ཕྲན་སོ་སྐྱེས་ཐ་མལ་བ་ཞིག་མིན། བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་དབང་གིས་སྐྱེ་བ་བླངས་པ་ཞིག་ཡིན། ད་རེས་ཀྱི་རྟེན་འདིར་ན་ཟུག་ཆེར་བྱུང་བ་འདི་ལས་ཀྱི་ལྷག་མ་ཡིན། ད་ཕན་ཆད་ལས་སྒྲིབ་གཏན་མྱོང་མི་དགོས། ད་རེས་རྟེན་འབྲེལ་གྱི་ཁྱད་ཆེན་པོ་ཡོད་པས་མཁན་ཀུན་དཔལ་ལ་དེ་རིང་ནས་དབུ་ཚུགས་ལ་དུས་འཁོར་གྱི་
བཤད་ལུང་གིས། སྤྱིར་རྒྱུད་བཤད་མ་མཐའ་ཞག་བཅུ་དགོས་པ་སོགས་གཞུང་གསལ་ཡང་། ད་རེས་ཉིན་བརྒྱད་ཀྱི་ཁོངས་སུ་གྲུབ་པར་གྱིས་ལ་ཚེས་ཉེར་ལྔ་གཟའ་ཟླ་བ་གྲོ་བཞིན་འཕྲོད་དགེ་བར་གྲུབ་ངེས་ཀྱིས། སྤར་ཡིག་བརྐོ་བཙུགས་ཞིབ་ཆ་མ་གྲུ་སྟབས་ཅུང་གསལ་མིན་ཡོད་འདུག་ཀྱང་བདག་ལ་བྱིན་རླབས་ནུས་པའི་མཐུ་ཡོད་པས་ཁྱེད་གཉིས་བྱིན་གྱིས་བརླབ་པ་ཡིན་གསུངས། བར་སྐབས་འགར་གསུང་འཕྲོས་ལ། ཕྲན་ནམ་མཁའ་མ་སྟོང་བར་སེམས་ཅན་སྒྲོལ་བའི་གོ་ཆ་ཆེན་པོ་བགོས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་ཡིན། ད་རེས་ཀྱི་རྟེན་འདིར་བསྟན་འགྲོ་སྤྱི་དང་ཁྱད་པར་གསང་སྔགས་སྔ་འགྱུར་བའི་བསྟན་པ་ལ་ཕན་ཆེན་ཞིག་འདོགས་དགོས་མོད་ཀྱང་། སྤྱིར་རྙིང་མ་པ་རྣམས་བསོད་ནམས་དམན་པས་བར་ཆད་ཀྱི་འཚེ་བ་ཆེ་བ་དང་རྟེན་འབྲེལ་གྱི་གནད་ཁ་འགའ་ཞིག་ལ་བརྟེན་ནས་ནད་ཚབས་ཆེ་བ་སོགས་གང་ཅིས་ཕན་ཐོགས་བསམ་པ་ཙམ་མ་བྱུང་། འོན་ཀྱང་འགྲེལ་ཊཱིཀ་སོགས་ཅི་རིགས་གྲུབ་སོང་། ད་དབུ་མའི་སྤྱི་དོན་གསལ་རྒྱས་ཞིག་བྲི་འདུན་ཡོད་ཀྱང་མ་གྲུབ་མོད། དེ་གྲུབ་མ་གྲུབ་ཆེན་པོ་མེད་ཅིང་གཉུག་སེམས་སྐོར་དེ་མཐའ་ཕུད་ཞིག་བྱུང་ན་རིས་མེད་ཀྱི་བསྟན་པ་ཡོངས་ཀྱི་སྲོག་ཏུ་གྱུར་པའི་དོན་གནད་ཆེན་པོ་ཞིག་ཡོད་པ་དེ་ཨེ་འགྲུབ་སྙམ་ཡང་ད་རེས་མ་གྲུབ་ལ་
ད་ནི་དུས་ཀྱི་ཐ་མ་མཐའ་འཁོབ་ཀླ་ཀློ་སོགས་ཀྱིས་བསྟན་ཞབས་སྡུད་ཉེ་སོགས་གང་ཅིའི་ཐད་སྐྱེ་བ་དངོས་ལེན་པ་ལ་ཕན་ཐོགས་ཅི་ཡང་མི་འདུག །སྔོན་སྨིན་གླིང་སྐུ་མཆེད་བཞུགས་པའི་དུས་ཙམ་ཞིག་ཡིན་ན་བསྟན་འགྲོ་ལ་ཕན་པ་ཅི་རིགས་འབྱུང་སྲིད་མོད། ད་ནི་དུས་དབང་གིས་དེ་འདྲའི་རིགས་དཀའ་གཤིས། འདི་འོག་མ་དག་པའི་ཞིང་དུ་སྐྱེ་བ་ནི་གཏན་དུ་ལེན་རྒྱུ་མིན། དག་པའི་ཞིང་ཁམས་འབའ་ཞིག་ཏུ་སྡོད་ནས་སྨོན་ལམ་གྱི་དབང་གིས་གང་འདུལ་སྤྲུལ་པའི་རོལ་གར་ནི་འཕགས་པ་རྣམས་ལ་དུས་འཁོར་བའི་མཐའ་བར་རྒྱུན་མི་ཆད་པར་ཅིར་ཡང་འབྱུང་བ་ནི་ཆོས་ཉིད་ཡིན་པ་སྤྱི་ལྟར་སོགས་བཀའ་འཕྲོས་གནང་། ཉི་ཤུ་གཉིས་གསུམ་སྐོར་ནས་བཟུང་། ད་ནི་འདུ་འཁྲུགས་ཀྱི་ནད་སོགས་གཏན་ནས་དྲག་ཟིན། ད་ཕན་སྡུག་བསྔལ་གྱི་ཚོར་བ་གཏན་ནས་མེད། ཉིན་མཚན་ཐམས་ཅད་ཐོད་རྒལ་གྱི་སྣང་བ་འཇའ་ཟེར་ཐིག་ལེ་སྐུ་དང་ཞིང་ཁམས་ཀྱི་སྣང་བ་འབའ་ཞིག་རྟག་པར་འཁོར་ཡུག་ཏུ་འཆར་འདུག་གསུངས། ཉེར་ལྔའི་ཉིན་རྒྱུད་ཞག་འཕྲལ། ད་ནི་དིས་མགོ་ཚང་སོགས་ཡོན་བདག་དང་། རྡི་སྤྲུལ་སོགས་ཕྱོགས་ཀྱི་མཇལ་མི་ཐམས་ཅད་ཤོག་གསུངས། སྐུ་མདུན་དུ་བཅར་ཏེ་སྨོན་ལམ་མཛད། དེ་སྐབས་རྡི་སྤྲུལ་སོགས་ནས་བཞུགས་ཞུས་ཕུལ་བར་ད་ནི་མི་སྡོད་ངེས་ཅན་ཡིན། སྐྱེ་བ་ཡང་མི་ལེན་
བྱང་ཤམ་བྷ་ལར་ཕེབས་རྒྱུ་ཡིན་གསུངས་ཐག་བཅད་གནང་། དེ་རྗེས་བླ་མ་འོད་གསལ། མཁན་ཡོན་དགའ། ཀུན་དཔལ་གསུམ་གྱིས་གསོལ་བ་བཏབ་ངོར་སྐུ་ཚེའི་འདུ་བྱེད་བཏང་ཡང་འཚོ་བའི་འདུ་བྱེད་བྱིན་གྱིས་བརླབས་ཏེ་ཚེས་ཉེར་དགུའི་ཉིན་གཟའ་པ་སངས་དང་སྐར་མ་སྣར་མ་འཆར་གྱི་བར་བཞུགས་ཏེ། དེ་བར་གསུང་འཕྲོས་ཅི་རིགས་དང་། ལྷག་པར་ནམ་མཁའི་ཁམས་ཐམས་ཅད་ཡིག་འབྲུ་འབའ་ཞིག་གིས་གང་འདུག་གསུངས། ཕྱག་བྲིས་བརྡ་ཡིག་སོགས་སྣ་ཚོགས་གནང་ཡོད་འདུག་ཀྱང་འཇམ་དཔལ་གྱི་གཟུངས་གཞུག་ཏུ་ཕུལ་ཟིན་སོང་སྟབས་གསལ་བར་འགོད་མ་ནུས། ཚེས་ཉེར་ལྔ་སྐོར་ནས་ཉེ་གནས་བླ་མ་ནས་གསུང་བྲིས་བཀྲམ་བཞིན། རྫོགས་ཆེན་རིན་པོ་ཆེ་དང་། གུས་ཕྲན་བཅས་མགྱོགས་འགྲོས་ཀྱིས་ཕྱིན་པ་དེ་ཉིན་རི་ཁྲོད་དུ་འབྱོར། སླར་ཚེས་གསུམ་ལ་སྐུ་གདུང་རིན་པོ་ཆེ་མཇལ་བས་ཞབས་སེམས་སྐྱིལ། ཕྱག་མཉམ་བཞག་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་དེ་གདོད་མའི་གཞི་དབྱིངས་སུ་རེ་ཞིག་གཤེགས་འདུག་པ་མཇལ། སླར་མཆོད་འབུལ་གསོལ་འདེབས་སྒྲུབ་མཆོད་དང་གསུང་འབུམ་ཡོངས་རྫོགས་ཀྱི་བཀའ་གཏད་པུསྟིའི་ལུང་དབང་གནང་ཞུས་བཅས་མཁན་རྣམ་གཉིས། བླ་མ་འོད་གསལ། སངས་རྒྱས་གཉན་སྤྲུལ། ཕྲན་བཅས་ནས་ལྷན་དུ་ཞུས། སླར་སྐུ་གདུང་རིན་
པོ་ཆེ་ཞུགས་འབུལ་བགྱིས་པར། ནམ་མཁའ་འཇའ་འོད་ཀྱི་གུར་དང་། ཐིག་ལེ་ཐིག་ཕྲན་སྔར་མཐོང་མ་མྱོང་བ་མང་པོ་དེར་འཁོད་དང་། འབྲི་ཆུ་ཕ་རིའི་རི་མགོ་སོགས་ཕྱོགས་ཐ་དག་ནས་སྐྱེ་བོ་རྣམས་ཀྱི་མིག་གི་དགའ་སྟོན་དུ་གྱུར་པས་ཀུན་ཀྱང་དད་པའི་གནས་ལ་བཀོད། ཉེ་གནས་བླ་མ་དམ་པ་འོད་གསལ་ནས་སྐུ་གཤེགས་རྗེས་ཀྱི་བྱ་བ་སྤྱི་དང་བྱེ་བྲག་གདུང་རྟེན་འཇམ་དཔལ་ཡེ་ཤེས་སེམས་དཔའ་གསེར་ཟངས་ལས་གྲུབ་པ་ཁང་བརྩེགས་མཛེས་ལྡན་ཟེ་ཆེན་དུ་བཞུགས་སུ་གསོལ་བ་སོགས་ལེགས་པར་མཛད་ཅིང་། གཞན་སྐུ་གསུང་ཐུགས་ཀྱི་རྟེན་ངོ་མཚར་རྨད་བྱུང་ཁྱད་འཕགས་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་རྒྱས་པར་གྱུར་ཏོ། །སྐུ་གཤེགས་ནས་ཞག་བརྒྱ་སོང་ཟླ་བ་བརྒྱད་པའི་ཚེས་བཅུ་ཉིན་གྲུབ་ཐོབ་ནམ་མཁའ་ལེགས་པའི་གདུང་མདུན་བླ་མ་དམ་པ་འོད་གསལ་བཞུགས་ཡོད་པའི་ནམ་ལངས་ཁར་སྐུ་དངོས་ཀྱིས་རྗེས་སུ་བཟུང་སྟེ་དཔེ་ཚན་ལྡེབ་ཉེར་དྲུག་བདུན་ཙམ་ཕྱག་བྲིས་གནང་ཏེ་ཁྱོད་ལ་སྦྱིན་གསུངས་གཏད་པའི་གཤམ་དུ་འཇའ་ལུས་རྡོ་རྗེ་ཞེས་པའི་ཡིག་འབྲུ་དངོས་སུ་གསལ་བ་དང་། ཞལ་ནས་འཇའ་ལུས་རྡོ་རྗེ་ཞེས་པའི་གསུང་ཆེན་པོ་ལན་གསུམ་གསུངས་ཏེ་ནམ་མཁའ་ལ་འཇའ་ལྟར་ཡལ་བ་དང་
ཉི་མ་ཤར་བ་དུས་འགྲིགས། གཞན་ཡང་རྨི་ལམ་ཚུན་ཆད་དུ་རྟག་པར་རྗེས་སུ་བཟུང་བ་སོགས་ཀྱི་ལྟས་བཟང་པོ་རྒྱུན་མི་འཆད་པར་བྱུང་བ་སོགས་དང་དམ་ལྡན་པ་རྣམས་ལ་དངོས་ཉམས་རྨི་ལམ་དུ་རྗེས་བཟུང་ཞིང་བྱིན་གྱིས་བརླབས་པའི་ཚུལ་ངོ་མཚར་བ་མང་དུ་བྱུང་བ་ཡོད་དོ། །དེ་དག་ཐུན་མོང་སྤྱིའི་རྣམ་ཐར་ཆེ་ལོང་ཙམ་སྟེ། ནང་དང་ཤིན་ཏུ་གསང་བའི་རྣམ་ཐར་ནི་ཟུར་ཙམ་ཡང་འདིར་སྨྲོས་པ་མེད་དོ། །མདོར་ན་བདག་ཉིད་ཆེན་པོ་འདི་ནི་ཐུན་མོང་གི་སྣང་ངོར་གསན་བསམ་སྒོམ་པ་རྒྱ་མཚོའི་མཐར་ཕྱིན་པ་མཁས་ཤིང་གྲུབ་པའི་རྣམ་ཐར་རྩོད་མེད་ཀྱི་གོ་འཕང་ལ་གནས་པ་ནི་ས་སྟེང་ཀུན་ཏུ་གྲགས་ཤིང་གྲུབ་མོད། ཡང་དག་པའི་དོན་དུ་རྗེ་འདི་ཉིད་འཇམ་པའི་དབྱངས་དང་གསང་བའི་བདག་པོ་སོགས་དང་དགོངས་སྤྱོད་ཐ་དད་དུ་དབྱེ་བ་མེད་པའི་ཕྱིར་ལྷའི་ཞལ་གཟིགས་དང་། གྲུབ་པའི་ཆོ་འཕྲུལ་འགའ་ཞིག་མཛད་ཚུལ་སོགས་བདག་ཉིད་ཆེན་པོ་འདི་ལྟ་བུ་ལ་ཡ་མཚན་དུ་བརྩི་བའི་འོས་མ་ཡིན་མོད་ཀྱང་། གདུལ་བྱ་ཐུན་མོང་པ་དག་གི་ངོར། གནས་གང་དུ་འཁྲུངས་པ། སྐུ་ཚེ་ཅི་ཙམ་གཞེས་པ། མཛད་པ་ཇི་ཞིག་བསྟན་པ་རྣམས་མ་སྨྲོས་ན་བློ་ཚིམ་པར་མི་འགྱུར་བས་འདིར་རང་གིས་གང་ཐོས་སྒྲོ་སྐུར་དང་བྲལ་བར་བཀོད་པ་ཡིན་ནོ། །གཉིས་པ་བར་དུ་དགེ་བ་བསྟན་བཅོས་
ཀྱི་བཞུགས་བྱང་དངོས་སྨྲོས་པ་ལ། སྤྱིར་ཐེག་པ་ཆེ་ཆུང་དང་གོང་འོག་གི་བབས་འབྲེལ་སོགས་ཀྱིས་ཇི་ལྟར་སྒྲིག་ཀྱང་རུང་མོད། འདིར་མགོན་པོ་གང་ཉིད་སྐུ་ཚེ་དཔག་ཏུ་མེད་པ་ནས་རྒྱུ་ཚད་མེད་པ་བཞིས་བསྡུས་པའི་འབྲས་བུ་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་ཐུགས་ལེགས་པར་འབྱོང་ཞིང་དམ་པའི་ཆོས་འཚོལ་བ་ལ་ཡོངས་སུ་གོམས་པས། སྐུ་ཚེ་འདི་ཉིད་དུ་བསྡུ་དངོས་བཞིའི་ཕྲིན་ལས་ཀྱིས་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་བྱེ་བྲག་གསང་ཆེན་བླ་ན་མེད་པ་སྔ་འགྱུར་ཡོ་ག་རྣམ་གསུམ་གཙོ་བོར་གྱུར་པའི་ངེས་དོན་མདོ་རྒྱུད་ཟབ་མོའི་དགོངས་དོན་མཐའ་དག་རྟོན་པ་བཞིའི་ཚུལ་དང་མི་འགལ་བར་རིགས་ལམ་སེང་གེའི་སྒྲ་དབྱངས་ཕྱོགས་ཐམས་ཅད་དུ་སྒྲོགས་པར་མཛད་པ་ལ་མི་འཇིགས་པའི་སྤོབས་པ་དང་སོ་སོ་ཡང་དག་པར་རིག་པ་བཞི་ལ་མངའ་དབང་འབྱོར་བའི་མཚོན་བྱེད་དུ་ས་བཅད་ཆེན་པོ་བཞིའི་ཆིངས་སམ་སྡོམ་དུ་བསྡུ་བར་བྱ་སྟེ། དེ་ལ་ཐོག་མར་ཡུལ་དམ་པ་རྣམས་ཀྱི་ཡོན་ཏན་རྗེས་སུ་དྲན་པས་རང་གཞན་གྱི་རྒྱུད་ལ་ཆོས་སྣང་བའི་སྒོ་དད་པ་ཕུན་སུམ་ཚོགས་པ་སྐྱེད་ཅིང་། རྒྱུད་ལ་བྱིན་རླབས་ཞུགས་པས་བར་ཆད་མི་འབྱུང་ཞིང་གནས་སྐབས་དང་མཐར་ཐུག་གི་བསམ་དོན་མཐའ་དག་ཡིད་བཞིན་དུ་
འགྲུབ་པའི་དགོས་འབྲེལ་ཁྱད་པར་ཅན་དང་རྗེས་སུ་འབྲེལ་བ་བསྟོད་ཚོགས་དང་རྟོགས་བརྗོད་སོགས་ཀྱི་སྐོར། ཀུན་རྫོབ་ཐ་སྙད་ཀྱིས་མཚོན་པའི་རྒྱ་ཆེ་བ་ཤེས་བྱ་སྤྱིའི་སྒྲོ་འདོགས་གཅོད་ཅིང་ཡང་དག་པའི་དོན་ལ་རིམ་གྱིས་འཇུག་པའི་སྒོར་གྱུར་པ་ཐུན་མོང་རིག་གནས་ཀྱི་སྐོར། རྣམ་གྲོལ་ལམ་གྱི་འཇུག་ངོགས་ཟབ་ཅིང་རྒྱ་ཆེ་བའི་གནས་མཐའ་དག་ཕྱིན་ཅི་མ་ལོག་པར་སྟོན་པས་ཐེག་པ་གསུམ་གྱི་གདུལ་བྱ་མཐའ་དག་གནས་སྐབས་དང་མཐར་ཐུག་གི་བྱང་གྲོལ་ལ་དངོས་སུ་སྦྱོར་བར་བྱེད་པ་ནང་དོན་རིག་པའི་སྐོར། བསྟན་པ་རིན་པོ་ཆེ་ཡུན་དུ་གནས་ཤིང་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་པ་དང་རྫོགས་སྨིན་སྦྱང་གསུམ་གྱི་ཕྲིན་ལས་རླབས་པོ་ཆེ་དུས་འཁོར་བ་ཇི་སྲིད་བར་རྒྱ་ཆེ་ལ་རྒྱུན་མི་ཆད་པར་རྟག་ཁྱབ་ལྷུན་གྲུབ་ཏུ་འབྱུང་བའི་རྟེན་འབྱུང་དུ་བསྔོ་སྨོན་ཤིས་བརྗོད་ཀྱི་སྐོར་གྱིས་དགེ་ལེགས་སུ་བྱ་བའོ། །དང་པོ་ནི། འཕགས་པ་དཀོན་མཆོག་ཏ་ལའི་མདོ་ལས། དད་པ་སྔོན་འགྲོ་མ་ལྟར་སྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་བའི་གྲོང་ཁྱེར་མཚོན་པ་ཡིན། །དད་པ་རྙོགས་པ་མེད་ཅིང་སེམས་དང་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་གཏེར་དང་ནོར་དང་རྐང་པའི་མཆོག །ལག་པ་
བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཞེས་དང་། གང་དག་རྟག་ཏུ་སངས་རྒྱས་དད་གུས་པ། །དེ་དག་རྒྱལ་བར་མཆོད་པ་རྒྱ་ཆེན་བྱེད། །གང་དག་རྒྱལ་ལ་མཆོད་པ་ཆེ་བྱེད་པ། །དེ་དག་སངས་རྒྱས་དད་པ་བསམ་མི་ཁྱབ། །གང་དག་རྒྱལ་བའི་ཆོས་ལ་དད་གུས་པ། །དེ་དག་རྒྱལ་བར་ཆོས་ཉན་ངོམས་པ་མེད། །གང་དག་རྒྱལ་བའི་ཆོས་ཉན་མི་ངོམས་པ། །དེ་དག་ཆོས་ལ་མོས་པ་བསམ་མི་ཁྱབ། །གང་ད ག་རྟག་ཏུ་དགེ་འདུན་དད་གུས་པ། །དེ་དག་མི་ལྡོག་དགེ་འདུན་དད་པ་ཡིན། །གང་དག་མི་ལྡོག་དགེ་འདུན་རབ་དད་པ། །དེ་དག་དད་པའི་སྟོབས་ཀྱིས་མི་ལྡོག་འགྱུར། །གང་དག་དད་པའི་སྟོབས་ཀྱིས་མི་ལྡོག་པ། །དེ་དག་དབང་པོ་རྣོ་ཞིང་རབ་ཏུ་གསལ། །གང་དག་དབང་པོ་རྣོ་ཞིང་རབ་གསལ་བ། །དེ་དག་སྡིག་པའི་གྲོགས་པོ་རྣམ་པར་སྤང་། །གང་དག་སྡིག་པའི་གྲོགས་པོ་རྣམ་སྤངས་པ། །དེ་དག་ཆོས་ལྡན་གྲོགས་ཀྱིས་ཡོངས་སུ་བཟུང་། །གང་དག་ཆོས་ལྡན་གྲོགས་ཀྱིས་ཡོངས་བཟུང་བ། །དེ་དག་དགེ་བ་རྒྱ་ཆེན་སོག་པར་བྱེད། །གང་དག་དགེ་བ་རྒྱ་ཆེན་སོག་བྱེད་པ། །བདག་ཉིད་ཆེན་པོ་དེ་དག་རྒྱུ་སྟོབས་ལྡན། །བདག་ཉིད་ཆེན་པོ་རྒྱུ་སྟོབས་གང་ལྡན་པ། །དེ་དག་མོས་པའི་ཁྱད་པར་རྒྱ་ཆེན་འགྱུར། །གང་དག་མོས་པའི་ཁྱད་པར་རྒྱ་ཆེ་བ། །དེ་དག་
རྒྱལ་བ་ཀུན་གྱིས་རྟག་བྱིན་རླབས། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། མདོ་གཞན་ལས་ཀྱང་ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་ཀྱི་ཐོག་མར་དད་པ་ཉིད་སྨྲོས་པས་མཚོན་པ་དེ་དང་བསྟན་བཅོས་ལས་ཀྱང་། དད་པ་འཁོར་ལོ་རིན་པོ་ཆེ། ཉིན་མཚན་དགེ་བའི་ལམ་ལ་འདྲེན། ཞེས་སོགས་བརྒྱ་ཆེར་བསྔགས་པས་མཚོན་བསོད་ནམས་ཚད་མེད་པའི་འཇུག་ངོགས་བླ་ན་མེད་པ་ཡིན་ལ།བསོད་ནམས་དང་ལྡན་ན་བསམ་པ་ཐམས་ཅད་ཀྱང་ཡིད་བཞིན་དུ་འགྲུབ་པར་འགྱུར་ཏེ། བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། ཅེས་གསུང་། དགོས་འབྲེལ་དེ་ཉིད་ཀྱི་ཕྱིར་དད་པ་ཕུན་ཚོགས་ཀྱི་སྒོར་གྱུར་པའི་བསྟོད་ཚོགས་རྗེས་འབྲེལ་དང་བཅས་པའི་སྐོར་ལ་བཞི། བསྔགས་འོས་ཀྱི་གནས་ལ་ཆེ་བའི་ཡོན་ཏན་གྱི་སྒོ་ནས་བསྟོད་པའི་སྐོར། རྣམ་ཐར་རྟོགས་བརྗོད་ཀྱི་སྒོ་ནས་བཀའ་དྲིན་རྗེས་སུ་དྲན་པ་དང་རྗེས་འཇུག་སྤྲོ་བ་བསྐྱེད་པའི་སྐོར། དེ་དང་རྗེས་སུ་འབྲེལ་པ་མཆོད་འབུལ་ཚོགས་གསོག་གི་སྐོར། ཞར་བྱུང་གསོལ་འདེབས་ཐོར་བུ་སྣ་ཚོགས་པའི་སྐོར་རོ། །དང་པོ་ལ། སྟོན་པ་བཅོམ་ལྡན་འདས་ལ་འགྲོ་བ་བཞི་དང་བྲལ་བའི་བསྟོད་པ་ཚངས་པ་བཞད་པའི་དབྱངས་སྙན། ཆོ་འཕྲུལ་བསྟོད་སྨོན། ངེས་དོན་འཇམ་པའི་དབྱངས་ལ་བསྟོད་པ་རྡོ་རྗེའི་རྒྱུད་ཀྱི།
དགོངས་འགྲེལ། བོད་ཡིག་ཕྱི་མོ་སུམ་ཅུ་དང་འདོགས་བུ་དྲུག་ཚིགས་བཅད་གཅིག་གི་ནང་དུ་ཚང་བ། ཨེ་ཡིག་སྟོང་ཆེན་མ་ལབ་སྐྱབས་མགོན་གསུང་ངོར་མཛད་པ་ལོ་རྒྱུས་བཅས། འཇམ་བསྟོད་རྒྱུད་དང་བསྟན་བཅོས་ཅི་རིགས་ལས་བཏུས་པ། འཇམ་དཔལ་ཞི་ཁྲོ་རྒྱུད་སྡེ་ཀུན་གྱི་སྙིང་པོ་ཡོངས་སུ་དྲིལ་ཏེ་བསྟོད་པ་བཀྲ་ཤིས་མི་འགྱུར་མ། རྗེ་བཙུན་འཇམ་དཔལ་དཀར་པོ་ལ་བསྟོད་པ་རྒྱལ་ཀུན་དགྱེས་པའི་རོལ་མོ། འཇམ་དཔལ་བསྟོད་གསོལ་ཤེས་རབ་རབ་འཕེལ། འཇམ་དཔལ་བསྟོད་པ་བྱིན་རླབས་གཏེར་ཆེན་སྨོན་ལམ་བཅས། འཇམ་པའི་རྡོ་རྗེ་ལ་བསྟོད་པ་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་རྩ་སྔགས་ཀྱིས་བསྟོད་པ་རྡོ་རྗེའི་སྒྲ་དབྱངས། འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་གཟུགས་རི་མོར་བགྱིས་པ་ལ་གླེང་བསླངས་ནས་དཔེ་ལས་བརྩམས་ཏེ་བསྟོད་པ་སྦྲང་རྩིའི་མཆོད་ཡོན། རྡོ་རྗེ་རྣོན་པོ་ལ་བསྟོད་པ་ཚིགས་སུ་བཅད་པ་མཁའ་མིག་གྲངས་ལྡན་རྟེན་འབྱུང་ཤིན་ཏུ་དགེ་བའི་དུས་མཛད་པ། རི་བོང་གཟུགས་དང་སོགས་ཚན་གཅིག །ཐུགས་དམ་ལྷ་བཞིའི་བསྟོད་པ་ཞེས་འཇམ་དབྱངས་དཀར་པོ་ལ་མཆོག་གསུམ་འདུས་པའི་ངོ་བོར་བསྟོད་པ་སྨྲ་བའི་སེང་གེ་བསྒྱིངས་པའི་ང་རོ། །རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་
འཁོར་ལོ་ལ་མཁྱེན་བརྩེ་ནུས་གསུམ་གྱི་སྒོ་ནས་བསྔགས་པ་འཆི་མེད་གྲུབ་པའི་གླུ་དབྱངས། དཔལ་ལྡན་ཛམ་བྷ་ལ་དཀར་པོ་ལ་ཕུན་ཚོགས་སྡེ་བཞིའི་སྒོ་ནས་བསྔགས་པ་སྤྲིན་ཆེན་རྣམ་པར་རོལ་བའི་འབྲུག་སྒྲ།རྡོ་རྗེ་སེམས་དཔའ་དཀར་པོ་ལ་རྡོ་རྗེ་བཞིའི་ཚུལ་གྱིས་བསྔགས་པ་རྡོ་རྗེ་བདུད་རྩིའི་སྒྲ་དབྱངས་བཅས་ལབ་སྐྱབས་མགོན་གྱི་བཀའ་སྩལ་ངོར་མཛད་པ། ཉེར་སྲས་བརྒྱད་ཀྱི་བསྟོད་པ་ལ། དཔལ་རྡོ་རྗེ་འཛིན་པ་ལ་བསྟོད་པ་རྡོ་རྗེའི་སྒྲ་དབྱངས། འཇམ་དཔལ་ལ་བསྟོད་པ་འཇམ་དབྱངས་དགྱེས་པའི་རོལ་མོ། སྤྱན་རས་གཟིགས་ཀྱི་བསྟོད་པ་པདྨའི་དགའ་ཚལ། ཀུན་བཟང་གི་བསྟོད་པ་ཀུན་ཏུ་བཟང་པོ། བྱམས་པའི་བསྟོད་པ་བྱམས་པའི་སྤྲིན་ཆེན། སྒྲིབ་སེལ་བསྟོད་པ་འོད་ཟེར་ཆེན་པོ། ནམ་སྙིང་བསྟོད་པ་ནམ་མཁའ་དྲི་མེད། ས་སྙིང་བསྟོད་པ་ས་གཞིའི་མཛེས་རྒྱན་བཅས། མགོན་པོ་སྤྱན་རས་གཟིགས་ལ་བསྟོད་པ་དབུགས་འབྱིན་ཆེན་པོ། རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བསྟོད་པ་ངག་གི་དབང་པོའི་མེ་ཏོག་འོད་ཟེར་རབ་ཏུ་བརྩེགས་པ། རྩ་སྔགས་དང་བཅས་པའི་ཕྱག་འཚལ་འདོད་གསོལ་བཅས། རྡོ་རྗེ་དབྱངས་ཅན་མ་ལ་བསྟོད་པ་ངོ་མཚར་འབུམ་གྱི་སྒྲ་དབྱངས། དབྱངས་ཅན་མའི་བསྟོད་གསོལ་དགའ་བའི་རྒྱ་མཚོ། དབྱངས་ཅན་བསྟོད་པ་རྒྱ་མཚོ་མ། དབྱངས་ཅན་བསྟོད་པ་མཆོག་
གྲུབ་ཅེས་པ། རིག་བྱེད་མའི་བསྟོད་པ་དབང་གི་ལྕགས་ཀྱུ་རྣོན་པོ། དཔལ་ལྡན་མི་གཡོ་བའི་བསྟོད་པ་བདུད་ལས་རྣམ་རྒྱལ། ཡང་མི་གཡོ་བའི་བསྟོད་གསོལ་དགུང་གྲངས་ཉེར་བཞི་པའི་དུས་མཛད་པ། སློབ་དཔོན་ཆེན་པོའི་བསྟོད་པ་སྐུ་གསུམ་མ། མཁན་ཆེན་བསྟོད་པ་འཇམ་དཔལ་མ། ཆོས་རྒྱལ་ཆེན་པོའི་བསྟོད་པ་གངས་ཅན་མ། རྒྱལ་བ་གཉིས་པ་འཇམ་དཔལ་སྙིང་པོ་ལ་ཁྱད་པར་བཞི་ལྡན་གྱི་ཚུལ་དུ་རབ་ཏུ་བསྔགས་པ་དད་པའི་མེ་ཏོག །འཁོར་ལོའི་དབང་ཕྱུག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་བསྔགས་པ་དྲང་གཏམ་བདེན་ཚིག་རྡོ་རྗེའི་རོལ་མོ། ཡང་ཨོཾ་སྭ་སྟི་སོགས་ཀྱིས་བསྟོད་པ། བཀའ་བརྒྱད་སོགས་ཀྱི་ཕྱག་བསྟོད་སྣ་ཚོགས་ཚིག་བཞི་ཅན། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལ་བསྟོད་པ་རྒྱུན་ཆགས་ནོར་བུའི་དཎྚ་ཀ ཁྲོ་བོའི་རྒྱལ་པོ་རྡོ་རྗེའི་ཤུགས་འཁོར་དང་བཅས་པ་ལ་བསྟོད་པ་རྒྱུན་ཆགས་རྡོ་རྗེའི་དཎྚ་ཀཾ། གཟའ་བཅུའི་བསྟོད་པ་དོན་ཀུན་འགྲུབ་བྱེད་ནོར་བུའི་རྒྱལ་མཚན་ཞེས་གཟའ་ཉི་མ། ཟླ་བ། མིག་དམར། ལྷག་པ། ཕུར་བུ།པ་སངས། སྤེན་པ། སྒྲ་གཅན། དུས་མེ། ཀེ་ཏུ་བཅས་ཀྱི་བསྟོད་པ། རྒྱལ་བསྟོད་ལེགས་བྲིས་རྔ་སྒྲ། ཀླུ་ནོར་རྒྱས་ཀྱི་མཆོད་བསྟོད་ཀླུ་དབང་ཀུན་ཏུ་དགའ་བའི་སྒྲ་དབྱངས། བདེ་སྟོང་ཕྱག་རྒྱའི་རྣལ་
འབྱོར་གྱི་ཚུལ་མདོ་ཙམ་བརྗོད་པ་མཚོ་བྱུང་དགྱེས་པའི་འཛུམ་དཀར། དྲག་པོ་སྔགས་ཀྱིས་སྒྲོལ་བའི་རྣལ་འབྱོར་གྱི་ཚུལ་མདོ་ཙམ་བརྗོད་པ་ཟིལ་གནོན་ཁྲོ་བོ་དགྱེས་པའི་གད་རྒྱངས་། པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལས་གསུངས་པའི་ཛམྦྷ་ལའི་བསྟོད་པ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལ་བསྟོད་ཅིང་མངའ་གསོལ་བ་རྫོགས་ལྡན་སྤྲིན་གྱི་རྔ་སྒྲ་རྣམས་སོ། །དྷཱིཿ གཉིས་པ་རྣམ་ཐར་རྟོགས་བརྗོད་ཀྱི་སྐོར་ལ། སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་དྲིན་རྗེས་སུ་དྲན་པའི་ཕྱིར་ཐུབ་ཆོག་བྱིན་རླབས་གཏེར་མཛོད། དེའི་རྒྱབ་ཆོས་པདྨ་དཀར་པོ་ཞེས་སངས་རྒྱས་ཀྱི་སྐྱེས་རབས་རྣམ་ཐར་རྒྱས་པར་བཀོད་པ། བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་ཀྱི་རྟོགས་པ་བརྗོད་པ་ནོར་བུའི་ཕྲེང་བ། མཛོད་ཆེན་བདུན་སྤར་དུ་བསྒྲུབས་པའི་དཀར་ཆག་རིན་ཆེན་མེ་ལོང་། མ་ཧཱ་པཎྜི་ཏ་རོང་ཟོམ་པ་ཆོས་ཀྱི་བཟང་པོའི་བཀའ་འབུམ་དཀར་ཆག །ཀཿཐོག་སྐུ་འབུམ་དཀར་ཆག །དཔལ་སྤྲུལ་རིན་པོ་ཆེའི་གསུང་འབུམ་དཀར་ཆག་འདོད་འབྱུང་རིན་པོ་ཆེའི་ཏོག །ཉག་བླ་པདྨ་བདུད་འདུལ་འཇའ་ལུས་སུ་སྒྲུབ་པ། སྔ་འགྱུར་འབེལ་གཏམ་དང་། རིག་གནས་འབེལ་གཏམ། དྷཱིཿ །གངས་རིའི་ཁྲོད་ཀྱི་སྨྲ་བའི་སེང་གེ་གཅིག་པུ་འཇམ་མགོན་མི་ཕམ་རྒྱ་མཚོའི་རྣམ་ཐར་དང་གསུང་རབ་
ཀྱི་དཀར་ཆག་སྔ་འགྱུར་བསྟན་པའི་མཛེས་རྒྱན་འདི་ཉིད་བཅས་སོ། །གསུམ་པ་ཚོགས་གསོག་མཆོད་འབུལ་གྱི་སྐོར་ལ། མར་མེ་མཆོད་པའི་ལག་ལེན་འབེལ་གཏམ་རྣ་བའི་བདུད་རྩི། མཆོད་འབུལ་ལག་ལེན་བླ་མ་མདོ་སྔགས་ངོར་གསུངས་པ། འཇམ་དཔལ་མཆོད་ཆོག་གཞུང་རྩ་བ། མཆོད་ཕྲེང་ནོར་བུ་རྒྱས་པའི་སྤྲིན་ཆེན། གཏོར་མའི་ཆོ་ག་ཡིད་བཞིན་དཔལ་སྟེར། མར་མེ་འབུལ་ཚིག་མདོ་རྒྱུད་ནས་བྱུང་བ་ཁ་སྐོང་པ་ལེ་ཚན་གཉིས། མདོ་དང་བསྟན་བཅོས་ལས་བཏུས་པའི་བསྟོད་ཚོགས་སྐོར་བཅས། མཆོད་ཆོག་ནོར་བུའི་ཕྲེང་བ། མཆོད་ཕྲེང་བསྡུས་པ་ཙིནྟ་མ་ཎི། མཆོད་ཕྲེང་ཡང་སྙིང་ཡིད་བཞིན་དབང་རྒྱལ། བླ་མེད་ལུགས་ཀྱི་མཆོད་ཕྲེང་ཡང་སྙིང་ཡིད་བཞིན་དབང་རྒྱལ། རབ་འབྱམས་ཕྱོགས་བཅུ་མ། སྨན་ལྷའི་མདོ་ཆོག་བདུད་རྩིའི་བུམ་བཟང་། སངས་རྒྱས་མཚན་འབུམ་ནོར་བུའི་ཕྲེང་བ། མཚན་འབུམ་བསྡུས་པ་རྣམས་སོ། །དྷཱིཿ །བཞི་པ་གསོལ་འདེབས་ཐོར་བུ་སྣ་ཚོགས་པའི་སྐོར་ལ། རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་གསོལ་འདེབས། རྫོགས་ཆེན་བརྒྱུད་པའི་གསོལ་འདེབས་བྱིན་རླབས་མྱུར་འཇུག །ལྷ་མཆོག་ཡ་མཱནྟ་ཀའི་གསོལ་འདེབས་རྡོ་རྗེའི་སྒྲ་དབྱངས། ཐུབ་དབང་ཉེ་སྲས་བརྒྱད་དང་བཅས་པའི་བསྟོད་གསོལ་ཚིགས་བཅད་མ།
སྟོན་པ་ཐུབ་པའི་དབང་པོ་འཁོར་དང་བཅས་པ་ལ་གུས་པའི་གདུང་ཤུགས་ཀྱིས་གསོལ་འདེབས། འདིར་སོ་སོར་མ་སྨྲོས་པའི་བསྟོད་ཚོགས་སྤར་འཁོད་ཀྱི་མཇུག་གི་གོང་འོག་ཏུ་གསོལ་འདེབས་བསམ་ལྷུན་སོགས་ཉུང་ངུ་ཚན་བཅོ་བརྒྱད། གསོལ་འདེབས་དངོས་གྲུབ་ཀུན་འབྱུང་། འཇམ་དཔལ་མཆོག་སྦྱིན་རྡོ་རྗེའི་གསོལ་འདེབས་འདོད་དོན་ཡོངས་སྩོལ། འཇམ་པའི་དབྱངས་ལ་གསོལ་བ་འདེབས་པ་ཐུགས་རྗེའི་འོད་ཟེར་སྙིང་ལ་འགུགས་པའི་ལྕགས་ཀྱུ། རྗེ་བཙུན་མའི་གསོལ་འདེབས་བྱིན་རླབས་སྤྲིན་དཔུང་འཁྲིགས་པ། རིག་བྱེད་དཔལ་མོའི་བསྟོད་པ་གསོལ་འདེབས་ཙིནྟ་མ་ཎི། གུ་རུའི་གསོལ་འདེབས་ཐུགས་རྗེས་མྱུར་འཛིན། ཚེས་བཅུའི་མཛད་པ་རྗེས་དྲན། བསམ་ལྷུན་བསྡུས་པ། གུ་རུའི་གསོལ་འདེབས་བྱིན་རླབས་མྱུར་འཇུག །གསོལ་འདེབས་བྱིན་རླབས་འོད་སྣང་། སྣང་སྲིད་དབང་སྡུད་ཀྱི་གསོལ་འདེབས་བྱིན་རླབས་སྤྲིན་ཆེན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་གསོལ་འདེབས་དད་པའི་གདུང་དབྱངས། རྗེ་བཙུན་དམ་པ་སངས་རྒྱས་ལ་གསོལ་བ་འདེབས་པ། མཚུངས་མེད་ཡོན་ཏན་མགོན་པོའི་གསོལ་འདེབས་དད་བརྒྱའི་པདྨོ་བཞད་པ། རིས་མེད་དམ་པའི་གསོལ་འདེབས་དད་པའི་ལྷ་ལམ། རྗེ་ཉིད་ཀྱི་གསོལ་འདེབས་ཚིག་བཞི་པ་ལེ་ཚན་
གཉིས་བཅས་སོ། དྷཱིཿ །གཉིས་པ་ནི། དྲིན་ལན་བསབ་པའི་མདོ་ལས། དམ་པའི་ཆོས་མདོ་སྡེ་བཅུ་གཉིས་དང་། རྒྱུའམ་གཏན་ཚིགས་རིག་པ་དང་། སྒྲ་རིག་པ་དང་། སྨན་དཔྱད་ཀྱི་རིག་པ་དང་། འཇིག་རྟེན་པའི་བཟོའི་རིག་པ་ལ་བསླབ་དགོས་ཚུལ་སོ་སོར་གསུངས་པ་ནས། གལ་ཏེ་བྱང་ཆུབ་སེམས་དཔའ་རིག་པའི་དངོས་པོ་ལྔར་མ་བསླབ་ན་ནམ་དུ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མི་འགྱུར་རོ། །དེ་བས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་རིག་པའི་དངོས་པོ་ལྔ་ལ་བསླབ་པར་བྱའོ། །ཞེས་དང་། རྒྱལ་ཚབ་མ་ཕམ་མགོན་གྱིས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་དང་། རྒྱལ་སྲས་ཞི་བ་ལྷས། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པ། །དེ་ན་གང་ཡང་ཡོད་མིན་ཏེ། །དེ་ལྟར་གནས་པའི་མཁས་པ་ལ། །བསོད་ནམས་མི་འགྱུར་གང་ཡང་མེད། །ཅེས་གསུངས་པ་ལྟར་རྣམ་མཁྱེན་གྱི་གོ་འཕང་ཐོབ་པར་འདོད་པས་རིག་པའི་གནས་ལྔ་ཡན་ལག་དང་བཅས་པ་ལ་བསླབ་
པར་བྱ་དགོས་པ་ལས་ཐོག་མར་ཕྱི་ཐ་སྙད་ཀྱི་རིག་གནས་ཐུན་མོང་བའི་སྐོར་ལ། རིག་པའི་གནས་ཆེན་བཞི་རྩ་བར་གྱུར་པ་དང་། དེ་དག་དང་ཅི་རིག་པར་རྗེས་སུ་འབྲེལ་བ་ཡན་ལག་གི་སྐོར་གཉིས་ལས། དང་པོ་ལ་བཞི། ཚིག་ལ་འཁྲུལ་པ་སེལ་བྱེད་བརྡ་སྤྲོད་པའམ་སྒྲ་རིག་པ་ཡན་ལག་དང་བཅས་པའི་སྐོར། དོན་ལ་འཁྲུལ་པ་སེལ་བྱེད་ཚད་མ་རིག་པའི་སྐོར། འཇིག་རྟེན་གྱི་ཉེ་བར་མཁོ་བའི་དོན་སྣ་ཚོགས་ལ་འཇུག་པར་ཤེས་པ་བཟོ་རིག་པའི་སྐོར་ཡན་ལག་དང་བཅས་པ། ལུས་ཀྱི་ཉེས་པ་སེལ་ཞིང་ཕན་པ་སྒྲུབ་པའི་ཐབས་གསོ་བ་རིག་པའི་སྐོར་ཞར་བྱུང་དང་བཅས་པ་རྣམས་སོ། །དང་པོ་སྒྲ་རིག་པའི་སྐོར་ལ། བརྡ་སྤྲོད་པ་དབྱངས་ཅན་ངག་གི་མེ་ལོང་ཀུན་བཤད་དང་པོ་ཡན། རྩ་བ་ཚིགས་སུ་བཅད་པ། དེའི་ཡན་ལག་སྒྲའི་སྐད་དོད་བོད་སྐད་དང་ཤན་སྦྱར་བ་དེ་དང་རྗེས་སུ་འབྲེལ་བ་བོད་ཀྱི་བརྡ་སྤྲོད་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་མཆན། ཡང་འཇུག་གིས་མཐའ་དགོས་ཚུལ་བསྟན་པ་བཅས་སོ། །དྷཱིཿ གཉིས་པ་ཚད་མ་རིག་པའི་སྐོར་ལ། ཚད་མ་རྣམ་འགྲེལ་གྱི་བསྡུས་དོན་ཉི་ཟླའི་ཕྲེང་བ། ཚད་མ་རྣམ་འགྲེལ་གྱི་གཞུང་གསལ་པོར་བཤད་པ་ལེགས་བཤད་སྣང་བའི་གཏེར། ཚད་མ་ཀུན་བཏུས་ཀྱི་མཆན། ཚད་མ་རིག་གཏེར་གྱི་
མཆན་འགྲེལ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན། དེའི་རྟགས་རིགས་སྐོར་སོགས་དང་། འདིར་ཟུར་མཆན་རྙེད་ན་འཛུད། བསྡུས་ཚད་རྩོད་རིགས་སྨྲ་བའི་སྒོ་འབྱེད། བརྡའ་ཤན་འབྱེད་ཐེ་ཚོམ་དྲྭ་བ་གཅོད་པའི་རལ་གྲི་རྩ་བ་མཆན་ཅན། ཀླ་ཀློའི་མུན་སེལ་ཉི་མ་བཅས་སོ། །དྷཱིཿ གསུམ་པ་བཟོ་རིག་པའི་སྐོར་ལ། བཟོ་གནས་ཉེར་མཁོ་ཟ་མ་ཏོག །སྐུ་གཟུགས་ཀྱི་ཐིག་རྩ་རབ་གསལ་ཉི་མ། ཐིག་གི་ལག་ལེན་མདོར་བསྡུས། ཟླུམ་ཐིག་གི་འདབ་མའི་གྲངས་བཅད་པའི་ལག་ལེན། བཟོ་གནས་ཕྲན་སྐོར་གྱི་རྩ་སྡོམ། དྷཱིཿ བཞི་པ་གསོ་བ་རིག་པའི་སྐོར་ལ། རྩ་རྒྱུད་རྡིལ་བཞག་གི་འགྲེལ་པ། བྱང་ཁོག་ཡུལ་ཐིག་གསལ་བྱེད་བཻཌཱུཪྻའི་མེ་ལོང་། ཕྱི་རྒྱུད་རྩ་ཆུའི་འགྲེལ་པ། རྒྱུད་བཞིའི་ཟུར་མཆན། གཡུ་ཐོག་ཤོག་དྲིལ་སྐོར་གསུམ་གྱི་མ་བུ་དོན་བསྡེབ་ཏུ་བཀོལ་བ། སྨན་སྦྱོར་བདུད་རྩིའི་ཐིག་ལེ། སྨན་ཕྲེང་བརྒྱ་རྩ། ཀླུ་སྒྲུབ་ལུགས་ཀྱི་སྐད་བཅོས་དང་སྐད་སྨན་ཚངས་དབྱངས་རིལ་བུ་སྦྱོར་ཐབས། སྨན་པ་རང་སྲུང་། འདྲེན་སྐྱུགས་སྐོར། སྔགས་བཤལ།ཐབ་བཅོས། ནད་སྐྲན་སྒེར་བཅོས། བྱུག་སྐོར། བདུག་སྐོར། དུག་བཤལ། རྒྱ་ལུགས་སྣ་ཐ། བཤའ་ཐབས། སྨན་གཅེས་བཏུས། ཉེར་ལྔའི་སྦྱོར་བ་འགའ་ཞིག་ལག་ལེན་སྐོར། བྱིས་པའི་རྣ་པྲ་
དང་བཅོས་སྐོར། ཟླ་ཤེལ་བསྡུ་ཐབས། འཚོ་བྱེད་ཨ་ཛི་ཏ་བི་ཛས་བཀོད་པའི་སྨན་སྦྱོར། ཀོ་ཋ་བཏང་བའི་མན་ངག །མིག་བཅོས་སྐོར། ལག་ལེན་དང་སྦྲེལ་བར་བསྟན་པའི་སྨན། སྨན་ཉུང་ཟབ་སྐོར་དཔའ་བོ་གཏུམ་པོ་ལ་བརྟེན་པའི་སྨན་ཟབ། སྨན་གཅིག་མའི་སྐོར། སྨན་སྔགས་ཁ་འཐོར། ཕྱུགས་ནད་བཅོས་སྐོར། རྩ་སྐྱོན་སེལ་བ། སྦྱང་སྐོར། མཁྲིས་བཅོས། སྤྱོད་ལམ་དང་ལག་བཅོས།གཞན་ལས་ཐོས་པ་སྨན་གྱི་མན་ངག །རྒྱ་ནག་ཆུ་བཅོས། ཁྱི་སྨྱོན་བཅོས་ཐབས། དྷཱིཿ ཞར་བྱུང་ལུས་ལ་ཉེར་མཁོ་སྐབས་བརྒྱད་པ་བཅས་སོ། །གཉིས་པ་གཙོ་བོར་དེ་དག་དང་རྗེས་སུ་འབྲེལ་པ་ཡན་ལག་གི་སྐོར་ལ། མཁས་པ་དགའ་བར་བྱེད་ཅིང་རྩོམ་པས་བསྟན་པ་ཡུན་རིང་དུ་གསལ་བར་བྱེད་པའི་སྒོར་གྱུར་པ་སྙན་ངག་གི་སྐོར། ལྐོག་གྱུར་གྱི་གནས་གསལ་བར་སྟོན་པ་རྟེན་འབྲེལ་མོ་པྲ་རྩིས་ཀྱི་སྐོར། གཙུག་ལག་གཉིས་ཀྱི་བླང་དོར་གྱི་གནས་གསལ་བར་བྱེད་པ་ལུགས་ཀྱི་བསྟན་བཅོས་སོགས་གཏམ་ཚོགས་ཀྱི་སྐོར། ཞར་བྱུང་བརྟགས་པ་སྣ་ཚོགས་པ་ཐོར་བུའི་སྐོར་དང་བཞི་སྟེ། འདི་དག་ཏུ་ནང་རིག་པ་དང་འབྲེལ་ཆེ་བ་མང་དུ་ཡོད་ཀྱང་སྡེ་ཚན་གྱི་དབང་གིས་སྐབས་འདིར་བསྡུས་པ་ཡིན་ལ། དེ་ལས་དང་པོ་ལ། སྙན་ངག་མེ་ལོང་གི་འགྲེལ་པ་དབྱངས་ཅན་དགྱེས་པའི་རོལ་མཚོ། ཞར་
བྱུང་ཡིག་བསྐུར་གྱི་རྣམ་བཞག་མེ་ཏོག་གཞོན་ནུའི་ཕྲེང་བ། འདོད་པའི་བསྟན་བཅོས་འཇིག་རྟེན་ཀུན་ཏུ་དགའ་བའི་གཏེར། གླུ་བྲོ་སྒྱུ་མའི་རོལ་མོ། གླིང་བྲོ་བདེ་ཆེན་རོལ་མོ། རྟེན་འབྲེལ་ལམ་ཡག་བཅས། དྷཱིཿ །གཉིས་པ་མོ་པྲ་རྩིས་ཀྱི་སྐོར་ལ། རིག་སྔགས་རྒྱལ་པོ་ཨ་ར་པ་ཙ་ན་དྷཱིཿལ་བརྟེན་ནས་བླང་དོར་བརྟགས་པ། ཨ་ར་པ་ཙའི་འཁྲུལ་འཁོར་ལྡེབ། ༡སྐྱེ་བརྟགས་ལྡེབ། ༡ དཔེ་རིས་ཤོག་བཀྲ་བཅས། སྲིད་པ་འཕྲུལ་གྱི་ཇུ་ཐིག་གི་དཔྱད་དོན་སྣང་གསལ་སྒྲོན་མེ། དེའི་ལས་རིམ། གེ་སར་མདའ་མོའི་བརྡར་བ། མོ་བརྡར་ལྡེབ། ༡ མདའ་མོའི་དཔྱད་དོན་རིན་ཆེན་མེ་ལོང་། ཟུར་རྒྱན་སྣང་གསལ་མེ་ལོང་། དཔྱད་དོན་གསེར་གྱི་ལྡེ་མིག །བཙན་གྱི་མོ་ཡིག་མཐོང་གསལ་སྒྲོན་མེ་བཅས། པྲ་ལ་སྨོད་པ་འགོག་པའི་གཏམ་དྲང་སྲོང་རྣ་རྒྱན། གཡུ་སྒྲོན་མའི་པྲ་སྐོར་ལ། གཡུ་སྒྲོན་པྲ་འབེབས་སྣང་གསལ་མེ་ལོང་། གླིང་མཆོག་མ། གསོལ་བྱང་ཕྲིན་ལས་མྱུར་འགྲུབ། ཀླུ་བཙན་གསོལ་མཆོད་བཅས། རྩིས་གསར་ཐུབ་བསྟན་མཛེས་རྒྱན་ལ་དཔྱད་པ། སྐར་རྩིས་ཀྱི་སྔོན་འགྲོ། ནག་རྩིས་ཀྱི་སྔོན་འགྲོ། བསྟན་རྩིས་ཉེར་མཁོ། སྐར་རྩིས་སྤྱི་བཤད། ཟླ་འཛིན། རྒྱ་རྩིས་གསར་མའི་བརྟག་ཐབས། ཉི་ལྡོག་རྩིས་སྣ་ཚོགས། རྩིས་བསྡུས།
བཻཌཱུར་དཀར་པོའི་ནག་རྩིས་ཀྱི་གསལ་བྱེད་བརྗེད་བྱང་། དུས་རྩིས་ངོ་མཚར་ངོ་མཚར་ཉི་མ་བཅས། དྷཱིཿ །གསུམ་པ་ལུགས་ཀྱི་བསྟན་བཅོས་དང་གཏམ་ཚོགས་ཀྱི་སྐོར་ལ། རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་གཞན་ཡང་ལུགས་ཀྱི་བསྟན་བཅོས་ཚན་གཉིས། དྷཱིཿ །གཏམ་ཚོགས་སྐོར་ལ། དུས་མཐའ་སྔགས་བཙུན་རྣམས་ལ་སྙིང་གཏམ་དུ་བགྱིས་པ་ནོར་བུའི་ཕྲེང་བ། བཙུན་ཆུང་རྣམས་ལ་གཏམ་དུ་བྱ་བ་བདུད་རྩིའི་ཐིགས་ཕྲེང་། དགོན་སྡེ་རྣམས་ལ་གཏམ་དུ་བྱ་བ། ཡུལ་མི་རྣམས་ལ་གཏམ་དུ་བྱ་བ། སྒྲུབ་བརྩོན་རྣལ་འབྱོར་པ་རྣམས་ལ་གཏམ་དུ་བྱ་བ། དགེ་སྦྱོང་རྣམས་ལ་གཏམ་དུ་བྱ་བ། སྒྱུ་མའི་ལམ་ཁྱེར་གནད་འདུས། རིག་སྔགས་སྒྲུབ་པ་རྣམས་ལ་གདམས་པ་གནད་བཞི་པ། རང་གིས་རང་ལ་གྲོས་འདེབས་ནམ་མཐའ་ཅན། རང་བློར་གྲོས་འདེབས་གསལ་བའི་མེ་ལོང་།ཡང་ཐབས་དང་བསོད་ནམས་སོགས། ལས་དང་པོ་པའི་གདམས་པ། པུཎྱཱེ་ས་ར་ལ་གདམས་པ། གྲོས་འདེབས་བདེན་གཏམ་མེ་ལོང་། གྲོས་འདེབས་རྫིང་བུ་རྙོག་མེད། གྲོགས་དང་གཏམ་གླེན་བྱས་རྐྱེན་ལས་མཚར་གཏམ་དུ་བྱས་པ་ན་མོ་མཉྫུ་ཤྲཱི་ཡེ་སོགས་སོ། །དྷཱིཿ །བཞི་པ་བརྟག་པ་འཐོར་བུའི་སྐོར་ལ། ནམ་མཁའི་གཟའ་སྐར་སོགས་བརྟག་པ། ས་དཔྱད་སྐོར། རིན་པོ་ཆེ་བརྟག་
པ། མར་མེ་བརྟགས་པ། ཐོད་བརྟགས་ནོར་བུ་ལག་སྟེར། སྦྱིན་སྲེག་མེ་པྲ་བརྟགས་པ། གཏེར་སྟོན་བརྟགས་པ། སྒྲུབ་པའི་མཚན་མ་བརྟགས་པ་རྣམས་སོ། །དྷཱིཿ །གསུམ་པ་ནང་རིག་པའི་སྐོར་ནི། །འཕགས་པ་ལང་ཀར་གཤེགས་པ་ལས། །ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་དང་། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །དུག་གསུམ་ཆ་མཉམ་འདུལ་བའི་གཉེན་པོ་རུ། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་དང་། ཐེག་པ་རྣམ་པ་གཉིས་ཡིན་ཏེ། མཚན་ཉིད་རྒྱུ་ཡི་ཐེག་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་གསུངས་པ་ལྟར། སྡེ་སྣོད་གསུམ་རྒྱུད་སྡེ་བཞི་ཐེག་པ་ཆེ་ཆུང་སོགས་གདུལ་བྱའི་བློ་རིམ་དང་མཐུན་པར་དབྱེ་བསྡུའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་ཞིག་སྣང་བར་མཛད་པ་ལས། འདིར་རིགས་བསྡུ་བའི་དབང་དུ་བྱས་ན་རྣམ་པ་བཞི་སྟེ། འཁོར་འདས་རྒྱུ་འབྲས་བླང་དོར་གྱི་ཚུལ་དུ་སྟོན་པར་བྱེད་པ་རྒྱུ་མཚན་ཉིད་
ཀྱི་ཐེག་པའི་དགོངས་འགྲེལ་ཡན་ལག་དང་བཅས་པའི་སྐོར། འབྲས་བུ་ལམ་དུ་བྱེད་པ་གསང་སྔགས་རྡོ་རྗེ་ཐེག་པའི་གནད་གསལ་བར་བྱེད་པ་སོགས་ཕྱི་ནང་རྒྱུད་སྡེ་ཐུན་མོང་གི་སྐོར། ཐུན་མིན་རྡོ་རྗེ་ཐེག་པ་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་མན་ངག་གི་སྐོར། ཡང་གསང་བླ་ན་མེད་པ་སྔ་འགྱུར་ཡོ་ག་རྣམ་གསུམ་གྱི་འགྲེལ་ཊཱིཀ་སྒྲུབ་ཕྲིན་ལས་ཚོགས་མན་ངག་བསྙེན་ཡིག་ཟབ་ཁྲིད་ཉམས་ལེན་ཞལ་གདམས་ཀྱི་སྐོར་རྣམས་སོ། །དང་པོ་མཚན་ཉིད་ཐེག་པའི་སྐོར་ལ། གཞུང་སྤྱིའི་དོན་འགྲེལ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་དང་། བྱེ་བྲག་གཞུང་སོ་སོའི་དགོངས་འགྲེལ་ཡན་ལག་དང་བཅས་པའི་སྐོར་གཉིས་ལས། དང་པོ་ལ། མཁས་བྱའི་གནས་བཅུ་ཆོས་ཀྱི་སྡོམ་བཞི་སོ་སོ་ཡང་དག་པར་རིག་པ་བཞིའི་ཁོངས་སུ་ཟབ་པ་དང་རྒྱ་ཆེ་བའི་ཤེས་བྱའི་གནས་མཐའ་དག་སྟོན་པ་ཆོས་མངོན་པའི་བསྟན་བཅོས་མཁས་པའི་ཚུལ་ལ་འཇུག་པའི་སྒོ། ས་བཅད་པད་དཀར་ཕྲེང་བ། སྡོམ་བྱང་ཚིགས་སུ་བཅད་པ། དེ་ཉིད་ཀྱི་སྐབས་སུ་ཉེ་བར་མཁོ་བའི་ཡན་ལག་གསལ་བྱེད་དུ་གྱུར་པ་ཤོག་བྱང་ཆ་ཤས་དང་། ཆོས་མངོན་པ་ཀུན་བཏུས་ནས་བསྡུས་པའི་བརྗེད་བྱང་མཆན་ཅན། ཐེག་ཆེན་བསྡུས་པའི་སྙིང་པོ་མཆན་ཅན། རྣམ་བཤད་རིག་པ་སོགས་ནས་བཏུས་པའི་བརྗེད་བྱང་སྣ་ཚོགས་
བཅས། བདུད་ཀྱི་སྒྱུ་ཐབས་འཇོམས་པ་མཁྱེན་པའི་རལ་གྲི། དོན་རྣམ་པར་ངེས་པ་ཤེས་རབ་རལ་གྲི། དེའི་ས་བཅད། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་བཅས་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་ཏེ། ཕྱི་མ་འདི་གཉིས་ཐུན་མིན་སྔགས་ཀྱི་མན་ངག་ཁྱད་འཕགས་དང་འབྲེལ་བ་ཡིན་ཡང་འདིར་རང་གཞུང་སྡེ་ཚན་གཅིག་པར་བཀོད་པའོ། །གཉིས་པ་བྱེ་བྲག་སོ་སོའི་དགོངས་འགྲེལ་གྱི་སྐོར་ལ། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོའི་འགྲེལ་པ་བཀྲ་ཤིས་མི་ཟད་པའི་སྒྲ་དབྱངས། བཤེས་སྤྲིང་ས་བཅད་དང་མཆན། སོར་མདོའི་མཆན། ཀཱ་རི་ཀའི་ས་བཅད་དང་མཆན་འགྲེལ། དགེ་བསྙེན་སྡོམ་བརྒྱད་ཀྱི་མཆན། མངོན་པ་མཛོད་ཀྱི་ས་བཅད་དང་མཆན་འགྲེལ་རིན་པོ་ཆེའི་དོ་ཤལ། སུམ་ཅུ་པའི་ཚིག་ལེའུར་བྱས་པའི་མཆན་འགྲེལ། ཉི་ཤུ་པའི་མཆན་འགྲེལ། མདོ་སྡེ་དུམ་བུ་བཞི་པ་ཁོལ་ཕྱུང་མཆན་བཅས། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་དགོངས་འགྲེལ་རྣམ་བཤད་ཐེག་མཆོག་བདུད་རྩིའི་དགའ་སྟོན། དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ་འོད་ཟེར་ཕྲེང་བ། ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་ཡེ་ཤེས་སྣང་བ་རྣམ་འབྱེད། སྡུད་པའི་འགྲེལ་བ་རྒྱལ་བའི་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། སྡུད་འགྲེལ་ཡུམ་ལ་འཇུག་པའི་
ལེགས་བཤད་མ་ཕམ་ཞལ་ལུང་། ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་ས་བཅད་མཆན་འགྲེལ་པུཎྚ་རི་ཀའི་དོ་ཤལ། སྤྱོད་འཇུག་གི་མཆན། ཤེས་རབ་ལེའུའི་རྣམ་བཤད་ནོར་བུ་ཀེ་ཏ་ཀ བརྒལ་ལན་ཉིན་བྱེད་སྣང་བ། བརྒལ་ལན་རིགས་ལམ་རབ་གསལ་དེ་ཉིད་སྣང་བྱེད། རབ་གསལ་ཡང་ལན་གྱི་ལན་སྙིང་པོར་བསྡུས་པ་ཆུང་ཤོག་བཅས། དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་། རྡོ་བ་དམ་ཆོས་ཞེས་པས་གཞན་གྱིས་ཟེར་སྒྲོས་བསྡུས་ནས་མཁས་སུ་རེ་བའི་འཁྱལ་ངག་དེ་དག་མི་མཁས་མཚང་ཕུད་དུ་ཁོ་རང་ནས་བསྐུལ་བ་བཞིན་ཉམས་མཚར་དུ་བཀོད་པ། རབ་བྱེད་ལག་པའི་ཚད་ཀྱི་མཆན་འགྲེལ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་མཆན་འགྲེལ་མུ་ཏིག་གི་ཕྲེང་བ། དབུ་མ་རྩ་བ་ཤེས་རབ་ཀྱི་མཆན་འགྲེལ་གནས་ལུགས་རབ་གསལ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་ཚིག་ལེའུར་བྱས་པའི་འགྲེལ་པ་ཟབ་མོ་རྣམ་པར་མཐོང་བ། དབུ་མ་ལ་འཇུག་པའི་ས་བཅད་དང་མཆན་འགྲེལ་དྲི་མེད་ཤེལ་ཕྲེང་། ལམ་གྱི་གཙོ་བོ་རྣམ་གསུམ་གྱི་འགྲེལ་པ། ལྕང་སྐྱའི་ལྟ་མགུར་གྱི་མཆན་འགྲེལ། ཀླུ་དབང་འཇམ་དཔལ་སྙིང་པོའི་དགོངས་རྒྱན། དྷཱིཿ །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་
ལུང་། དེའི་གསལ་བྱེད་བདེ་གཤེགས་སྙིང་པོའི་སྟོང་ཐུན་སེང་གེའི་ང་རོ། གཞན་སྟོང་ཁས་ལེན་སེང་གེའི་ང་རོ་བཅས་སོ། །གཉིས་པ་རྡོ་རྗེ་ཐེག་པ་སྔགས་ཕྱི་ནང་ཐུན་མོང་གི་སྐོར་ལ། བསམ་གཏན་ཕྱི་མའི་རྒྱུད་དོན་རྣམ་བཤད་རིག་སྔགས་འཛིན་པའི་ཡིད་ཀྱི་འདོད་འཇོ། བྱ་སྤྱོད་ཀྱི་སྔགས་སྒྲུབ་ཚུལ། བྱ་སྤྱོད་སོགས་དཀྱིལ་འཁོར་སྤྱིའི་ས་ཆོག་དཔལ་གྱི་གཞི་འཛིན། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་མཆན་འགྲེལ། བུམ་ཁྲུས་བྱ་ཚུལ་དྲི་མེད་རབ་གསལ། འཇམ་དཔལ་སྨྲ་སེང་སྒྲུབ་ཐབས་བློ་ཡི་ཉིན་བྱེད། སྨྲ་སེང་རིལ་བུའི་སྒྲུབ་ཐབས། དབྱངས་ཅན་མའི་སྒྲུབ་མཆོད་སྦྱིན་སྲེག་རིལ་སྒྲུབ་སོགས་ཀྱི་སྐོར་དང་དབྱངས་ཅན་དམར་མོ། ཛམྦྷ་ལའི་ཆུ་སྦྱིན། བ་རི་བ རྒྱ་རྩ་དང་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་གཅིག་ཤེས་ཀུན་གྲོལ། ཉེ་སྲས་བརྒྱད་ཀྱི་སྒྲུབ་པ་རིན་ཆེན་གཏེར་བུམ། ཉེ་སྲས་ཕྱག་བསྟོད་བྱིན་རླབས་གཏེར་ཆེན། རིགས་གསུམ་མགོན་པོའི་ཕྱག་བསྟོད་རིན་པོ་ཆེ། འཕགས་པ་སྤྱན་རས་གཟིགས་སེང་གེ་སྒྲའི་སྒྲུབ་ཐབས་ཡིད་བཞིན་རེ་སྐོང་། མི་འཇིགས་པ་སྦྱིན་བྱེད་མཆོག་ཏུ་ཟབ་པ། རིག་པའི་ལྷ་མོ་ལྔའི་སྒྲུབ་ཐབས། ཤིན་ཏུ་ཟབ་པའི་ཡི་གེ་གཅིག་པའི་སྒྲུབ་སྒོར། རིག་པའི་རྒྱལ་མོ་གསུམ་གྱི་སྒྲུབ་ཐབས། སྤྱན་རས་གཟིགས་ཡི་གེ་ཕྱེད་དང་
བཞི་པའི་སྒོམ་བཟླས། སྤྱན་རས་གཟིགས་ཡི་གེ་དྲུག་པའི་བསྒོམ་བཟླས། ལྷ་མོ་སྐུལ་བྱེད་མའི་སྒོ་ནས་རྨི་ལམ་བརྟགས་ཤིང་པྲ་དབབ་པའི་ཆོ་ག་ནོར་རྒྱུན་མ་སྒྲུབ་པ། ལྷ་གང་ལའང་སྦྱར་ཆོག་པའི་གཏོར་འབུལ་གྱི་ཆོ་ག །འོད་ཟེར་ཅན་མའི་མདོའི་བཀླག་ཐབས། སྒྲུབ་ཐབས་སྣ་ཚོགས་ནང་། ཤེས་རབ་ཕ་རོལ་ཕྱིན་མའི་སྒྲུབ་ཐབས། རྨ་བྱ་ཆེན་མོའི་བསྒོམ་བཟླས། རྒྱལ་མཚན་རྩེ་མོ་དཔུང་རྒྱན་གྱི་བསྒོམ་བཟླས། སོར་འབྲང་མའི་བསྒོམ་བཟླས། གདུགས་དཀར་མོ། འོད་ཟེར་ཅན་མ། རིག་བྱེད་མ། བདུད་རྩི་ཐབས་སྦྱོར། སྒྲོལ་དཀར་ཡིད་བཞིན་འཁོར་ལོ། ཕྱག་རྡོར། དེའི་བདག་བསྐྱེད། འཇམ་དཔལ་མཆོག་སྦྱིན་རྡོ་རྗེ། མི་གཡོ་བ། སྟོབས་པོ་ཆེ། རྟ་མགྲིན། གཉན་འཇོམས་འཇམ་དཔལ་ནག་པོ། འཇམ་དཔལ་ནཱ་ག་རཀྴའི་སྒྲུབ་ཐབས་ཕ་ལམ་རྡོ་རྗེའི་རལ་གྲི་མེ་འབར། ཛ མ་བྷ་ལའི་སྒྲུབ་ཐབས། ནོར་རྒྱུན་མའི་སྒྲུབ་ཐབས། ལྷ་ཡི་བླ་མའི་སྒྲུབ་ཐབས། དབྱངས་ཅན་དཀར་མོའི་སྒྲུབ་ཐབས་བཅས། ལྷ་སྣ་ཚོགས་ཀྱི་བཟླས་དམིགས་མདོར་བསྡུས། འཇམ་དཔལ་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་པྲཉྫཱ་ཙཀྲ་ལས་ཚོགས་བཅས། འཇམ་དཔལ་རས་བྲིས་སོགས་ཀྱི་ཟིན་བྲིས། ཡན་ལག་མེད་པའི་རྡོ་རྗེ་ཞེས་དབང་གི་འཇམ་དཔལ་སྒྲུབ་ཐབས། སྟོབས་པོ་
ཆེ། ཡུམ་ཆེན་མུ་ཁ་ལེའི་སྒྲུབ་ཐབས། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་བདུད་ལས་རྣམ་རྒྱལ། རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པའི་སྒྲུབ་ཐབས། གཤེད་དམར་ལྷན་སྐྱེས་ཀྱི་སྒྲུབ་ཐབས། བདེ་མཆོག་ལྷན་སྐྱེས་སྒྲུབ་ཐབས། ཀྱེ་རྡོར་དཔའ་བོ་གཅིག་པའི་སྒྲུབ་ཐབས། དམ་ཚིག་རྡོ་རྗེའི་བཟླས་པ་བྱ་ཐབས། རྡོར་དབྱིངས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ཉམས་ཆགས་སྦྱང་ཐབས། མཁའ་འགྲོ་སྡེ་ལྔ་ལ་བརྟེན་ནས་ཉམས་གྲིབ་སྦྱང་ཐབས། རྡོར་སེམས་ལ་བརྟེན་ནས་ཉམས་གྲིབ་སྦྱང་ཐབས། དམ་གྲིབ་ཉེས་པ་ཀུན་སེལ། གཙུག་ཏོར་འབར་བའི་སྒྲུབ་ཐབས། གཤིན་རྗེ་གཤེད་དགྲ་འཇོམས་ནག་པོའི་སྒྲུབ་ཐབས། དྲག་པོ་སུམ་སྒྲིལ་སྒྲུབ་པ་ཁྲོ་ཆུ་ཁོལ་མ། འཇིགས་བྱེད་བདེ་ཀྱེ་སོགས་ཀྱི་ཚོགས་མཆོད་མདོར་བསྡུས། དམ་ཚིག་རྡོ་རྗེའི་བསྒོམ་བཟླས་སོགས་རྗེ་བཙུན་གྲགས་རྒྱལ་གྱི་གསུངས་ལས་བཏུས་པ། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་བཅིང་གྲོལ་གྱི་གདམས་པ་ནམ་མཁའ་དྲི་མེད། ས་ར་ཧའི་དོ་ཧའི་མཆན་འགྲེལ་གཉུག་མ་རྡོ་རྗེའི་སྒྲ་དབྱངས། གསང་འདུས་རིམ་ལྔའི་མཆན། རིམ་ལྔའི་ཁྲིད་སྐོར། དྷཱིཿ །གསུམ་པ་གཉིས་མེད་ཀྱི་རྒྱུད་དཔལ་དུས་ཀྱི་འཁོར་ལོའི་སྐོར་ལ། ཆོས་རྒྱལ་བདུན་དང་རིགས་ལྡན་ཉེར་ལྔའི་གསོལ་འདེབས་དོན་ཐམས་
ཅད་གྲུབ་པའི་དབྱངས་སྙན། བརྒྱུད་འདེབས། ཡང་ཇོ་ལུགས་བརྒྱུད་འདེབས། སྒྲུབ་ཐབས་སྙིང་པོ་རབ་གསལ། སྡོམ་བཟུང་། ལམ་རྒྱུད་ལ་བརྟེན་པའི་དོན་འགྲེལ། དུས་འཁོར་རྩ་སྔགས།མདུན་བསྐྱེད་སྒྲུབ་ཐབས། བཟླས་དམིགས། ལྷན་སྐྱེས་སྒྲུབ་ཐབས་སྣ་ཚོགས་ནོར་བུ། མཆོད་ཆོག་བསོད་ནམས་གཏེར་མཛོད། ཚོགས་རྣལ་འབྱོར་མའི་མཆོད་ཆོག་སྡེ་དྲུག་སྲུང་མ་དང་བཅས་པ། རྒྱུད་འཆད་ཐབས། མཆོག་གི་དང་པོའི་སངས་རྒྱས་ལས་བྱུང་བ་དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ། དེའི་ཚིག་དོན་རབ་ཏུ་གསལ་བྱེད་རྡོ་རྗེ་ཉི་མའི་སྣང་བ་གླེགས་བམ་ཨེ་ཝཾ་གཉིས། རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་གྱི་དགོངས་གནད་གསལ་བྱེད་བཻཌཱུཪྻའི་མེ་ལོང་བཅས། རྒྱུད་འགྲེལ་གྱི་ཆ་ལག་ཁྱིམ་བཅུ་གཉིས་ཀྱི་ཐིག་གི་དཔེ་རིས་དོན་གསལ་བློ་གསལ་དགའ་སྐྱེད། ཟླ་རྐང་གི་དོགས་གནས་ལ་དཔྱད་པ། ཉི་ལྡོག་ལ་དཔྱད་པ། གླིང་དུམ་བུ་བཅུ་གཉིས་ཀྱི་ཉི་ལྡོག་ལ་དཔྱད་པ་ཐེ་ཚོམ་སྦུབས་འབྱེད། གླིང་བཅུ་གཉིས་ཀྱི་དུས་བཅུ་གཉིས་འཁོར་ཚུལ་ལ་དཔྱད་པ། ཀུན་གཟིགས་དབྱངས་འཆར་ཆེན་མོ་ཤེལ་གྱི་མེ་ལོང་། དབྱངས་ཅན་རྒྱན་འཁོར་མོ་རུ་འདེབས་པའི་གདམས་པ། དཔེ་རིས་བཅས་སོ། །དྷཱིཿ །བཞི་པ་ཡང་གསང་བླ་ན་མེད་པ་སྔ་འགྱུར་རྙིང་མའི་
སྐོར་ལ། འགྲེལ་ཊཱིཀ་སྟོང་ཐུན་གྱི་སྐོར། སྒྲུབ་ཕྲིན་ཆོག་ཁྲིགས་ཀྱི་སྐོར། ལས་ཚོགས་མན་ངག་གི་སྐོར། བསྙེན་སྒྲུབ་ཟབ་ཁྲིད་ཉམས་ལེན་སྦྱོར་ཅིང་ཞལ་གདམས་ཀྱི་སྐོར་དང་བཞི་ལས། དང་པོ་ལ། ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་ས་བཅད། རྩ་མཆན། དཀའ་འགྲེལ། གྲུབ་མཐའ་བསྡུས་པ། ལེའུ་བཅོ་བརྒྱད་པའི་ཚིག་འགྲེལ། སྡོམ་ གསུམ་རྣམ་ངེས་མཆན། དཔལ་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་བརྒྱུད ་འདེབས། འཆད་ཐབས་ཐོ་བྱང་། རྩ་མཆན། གཏན་ཚིགས་རྣམས་རིགས་པའི་སྒོ་ནས་སྒྲུབ་པ། སྤྱི་དོན་འོད་གསལ་སྙིང་པོ། མན་ངག་ལྟ་ཕྲེང་གི་མཆན་འགྲེལ་ནོར་བུའི་བང་མཛོད། བཀའ་བརྒྱད་སྤྱི་དོན་རྣམ་བཤད་སྙིང་པོ། ཡང་དག་གྲུབ་པའི་ཚིག་འགྲེལ་མདོར་བསྡུས། རྣམ་བཤད་གསང་འགྲེལ་ཆེན་མོའི་དོན་བསྡུས་རབ་གསལ། སྔ་འགྱུར་དམ་བཅའ་ཉི་ཤུ་པའི་ཟིན་བྲིས། རྒྱུད་ལུང་མན་ངག་གི་བཤགས་འགྲེལ། ཀློང་གསལ་གཏེར་བྱོན་སྒྲོལ་བའི་ཚིག་གི་དཀའ་འགྲེལ་མཐའ་དྲུག་ཚུལ་བཞིས་བསྟན་པ། བྱང་ཆུབ་སེམས་བསྒོམ་པ་རྡོ་ལ་གསེར་ཞུན་གྱི་མཆན་འགྲེལ་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མེ། དྷཱིཿ །གཉིས་པ་སྒྲུབ་ཕྲིན་ཆོག་ཁྲིགས་ཀྱི་སྐོར་ལས། བཀའ་བརྒྱད་སྐོར་ལ། འཕགས་ཡུལ་རིག་འཛིན་བརྒྱད་
ཀྱི་གསོལ་འདེབས་རྡོ་གྲུབ་གསུངས། བོད་ཡུལ་གྲུབ་ཆེན་བརྒྱད་ཀྱི་གསོལ་འདེབས་བྱིན་རླབས་སྤྲིན་ཆེན། ཞི་བ་གསང་ཆེན་རིགས་གཅིག །དྲག་པོ་ཧཱུྃ་སྒྲུབ། བཀའ་བརྒྱད་བདེ་གཤེགས་འདུས་པའི་ལས་བྱང་སྙིང་པོ་རབ་གསལ་དངོས་གྲུབ་ཀུན་འབྱུང་། བསྐྱེད་རྫོགས་ཆེན་མོའི་བྱིན་འབེབས་གཏེར་གཞུང་། ཛཔ྄་བསྐུལ། ཚེ་བསྐུལ། བསྐྱེད་རྫོགས་ཆེན་མོའི་གསོལ་འདེབས། བསྐྱེད་རྫོགས་ཆུང་བའི་མདངས་བསྐང་། ལྡེའུ་མིག་གི་རྒྱུད་ལས་བྱུང་བའི་བཤགས་པ། ཕྱག་རྒྱའི་མཆོད་སྒོམ་མངོན་རྟོགས་ཆེན་མོའི་གསལ་འདེབས་རྡོ་རྗེ་བཀོད་པའི་འོད་ཟེར། གཏོར་བཟློག་དགྲ་བགེགས་དཔུང་འཇོམས། བཟློག་སྔགས་ལྡེབ། ༡ བཟློག་བྱང་ལྡེབ། ༡ ཟོར་སྒྲུབ་སོགས་ལྡེབ། ༡ ཟ་ལམ། འདོན་འགྲིགས་ལྡེབ་ ༡ བཅས། རྒྱུད་ལུགས་འཇམ་དཔལ་ཞི་བའི་སྐོར་ལ། འཇམ་དཔལ་ཞི་བའི་དབང་ཆོག་ཡེ་ཤེས་རྡོ་རྗེའི་རྒྱུན་འབེབས། འཕགས་པ་འཇམ་དཔལ་རྒྱུད་ཀྱི་ཡང་སྙིང་སུམ་ཕབ་ཅན། སྔགས་སྒྲུབ་པའི་མན་ངག་ཁྱད་པར་ཅན། སྔགས་སྒྲུབ་པའི་ཐུན་མགོར་སོགས། ཡང་རྡོ་རྗེ་ཆོས་སོགས་བསྒོམ། རྡོར་སེམས་འབྲུ་གསུམ་བཟླ་བ། བགེགས་བསྐྲད་བསྲུང་འཁོར་བསྒོམ་པ། རྒྱུད་ལུགས་འཇམ་དཔལ་ཞི་བའི་སྒྲུབ་ཐབས་ཡེ་ཤེས་སྣང་བ་མཆོག་
གྲུབ། བཟླས་དམིགས་དང་སྔགས་ཀྱི་ལས་དྲུག །ཡང་གསང་ཚེ་ཡི་སྒྲུབ་པ་འཆི་མེད་རྡོ་རྗེའི་སྲོག་སྒྲུབ། འཇམ་དཔལ་གྱི་ཚོགས་མཆོད། འཇམ་དཔལ་བསྐང་བ་ནོར་བུའི་ཕྲེང་བ། འཇམ་དཔལ་དམར་སེར་ལས་ཐམས་ཅད་གྲུབ་པའི་རྒྱུན་ཁྱེར་སྙིང་པོ་ཤེས་རབ་ཡེ་ཤེས། ལས་ཚོགས་ཀུན་འབྱུང་ནོར་བུའི་རྒྱལ་པོ། འཁོར་ལོའི་དཔེ་རིས། སྒྲུབ་ཐབས་དང་འབྲེལ་བའི་སྨོན་ལམ་བྱིན་རླབས་སྤྲིན་ཆེན། འཇམ་དཔལ་ཀུན་འབྱུང་ནོར་བུའི་ལས་ཚོགས། འཇམ་དཔལ་མཆོག་སྦྱིན་རྡོ་རྗེའི་སྒྲུབ་ཐབས། འཇམ་དཔལ་གཟུངས་སྒྲུབ། འཇམ་དཔལ་གསང་སྒྲུབ། སྟོང་ཉིད་འོད་གསལ་སོགས། འཇམ་དཔལ་རྡོ་རྗེ་རྣོན་པོ་ནི་སོགས། འཇམ་དཔལ་ཞི་ཁྲོ་སྒྲུབ་ཐབས། དྷཱིཿསྒྲུབ། འཇམ་དཔལ་བདེ་བ་ཆེན་པོའི་སྒྲུབ་ཐབས། རང་ཉིད་འཇམ་དཔལ་སོགས་ཕྱག་བཞི་པ། བྷྲཱུྃ་བྷྲཱུྃ་སོགས། ཨོཾ་མུ་མེད་ནམ་མཁའི་སོགས། དྷཱིཿ འཇམ་དཔལ་དཀར་པོའི་སྦྱིན་སྲེག་ཡེ་ཤེས་མེ་ལྕེ་རབ་ཏུ་རྒྱས་པ། རྒྱས་པའི་ཁ་སྒྱུར། ལས་ཐམས་ཅད་པའི་སྦྱིན་སྲེག་ཙིཏྟ་མ་ཎི་བཅས། ཁྲོ་བོ་ལ། ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་ལས་བྱང་གནམ་ལྕགས་འབར་བའི་འཁོར་ལོ། ཚོགས་བསགས་ཡན་ལག་བརྒྱད་པ། ཚོགས་བྱིན་རླབས་སོགས། སྔགས་བྱང་སྙིང་གི་ཏི་ལ། རྒྱུད་བསྟོད་
བསྐལ་མེ་མ། སྨོན་ལམ་འབྲི་གུང་པའི་གསུང་ལ་ཁ་བསྐང་བ། ཧེ་རུ་ཀ་གལྤོའི་རྒྱུད་ཀྱི་རྡོར་གླུ། བདེ་མཆོག་དགྱེས་པའི་གླུ་དབྱངས་སོགས་རྡོར་གླུ། རྡོ་རྗེའི་གླུའི་མཆོད་པ། གཤིན་རྗེའི་གཏོར་འབུལ།ཀིང་ཀང་གཏོར་འབུལ། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་དྲག་པོའི་སྦྱིན་སྲེག་རྡོ་རྗེའི་མེ་དཔལ་རབ་འབར། རྟ་མགྲིན་ཡང་གསང་གི་ཕྲིན་ལས་དབང་དྲག་འབར་བ། བཀའ་སྲུང་རྣམས་ཀྱི་གཏོར་འབུལ། རྟ་མགྲིན་ཡང་ཕྱུངས་ནག་པོའི་རྒྱུན་ཁྱེར་གནམ་ལྕགས་རལ་གྲི། རྟ་མགྲིན་གཏོར་འབུལ། རྟ་སྐད་ཐེང་གསུམ་གྱི་དགོངས་པ། དཔལ་ཆེན་ཡང་དག་གི་རྒྱུན་གྱི་རྣལ་འབྱོར་རུ་ལུ་གསང་བའི་དགོངས་པ། རྒྱུན་ཁྱེར་གྱི་ཚོགས་ལས་གླིང་དག་སྣང་མ། ཧེ་རུ་ཀ་གལྤོ་ལས་རུ་ལུ་བཤགས་པར་ཤེས་པ། རྒྱུད་ལུགས་ཕུར་པའི་ལས་བྱང་ཕྲིན་ལས་ཐོགས་མེད། དྷ་ཏི་རྣམ་གསུམ་གྱི་དྲག་སྔགས་ཆིག་དྲིལ། རྫས་ཕུར་བྱིན་རླབས། སྨད་ལས་དུག་ཕུར་ནག་པོའི་དགོངས་པ་ཁོལ་ཕྱུང་། ཕུར་པའི་གཏོར་འབུལ་བར་ཆད་ཀུན་སེལ། ཕུར་པའི་བཀའ་སྲུང་གི་གསོལ་མཆོད་སྙིང་པོ། ཕུར་པ་ལྷ་རྒྱུད་ཀྱི་བསྟོད་པ་རྒྱུད་ལས་གསུངས་པ། ཕུར་པའི་སྒོ་ནས་མཐུ་བཟློག་རྡོ་ཟོར་གྱི་ལག་ལེན་གསལ་བཀོད་གནམ་ལྕགས་ཐོག་གཟེར། ཐུན་གཏོར་སྨིན་གཏེར་དྲག་དམར་ཁ་བསྒྱུར། གཏོར་
འགུགས་རིག་འཛིན་མངའ་རིས་པའི་གསུངས། འགུགས་པ་དང་ལྷ་དབྱེའི་རྒྱུག་བྱང་། ལྷ་དབྱེའི་སྔགས་བྱང་། བཟློག་པ་མི་མཐུན་བར་ཆད་ཀུན་འཇོམས་བཅས། ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ་གྱི་ཕྱི་ནང་གསང་སྒྲུབ། ཕྱག་རྡོར་དྲེགས་འདུལ་གྱི་རྒྱུན་ཁྱེར་ཡང་སྙིང་། དྲེགས་འདུལ་གྱི་ཚོགས། ཐུན་མཚམས་གཏོར་འབུལ་བཅས། སྔགས་རྒོད་ལོཀྟྲིའི་རྒྱུན་ཁྱེར་སྙིང་པོ་དྲང་སྲོང་དམོད་པ་མཚོན་ཆའི་འཁོར་ལོ། དྲེགས་འདུལ་སོགས་ཀྱི་གཏེར་སྲུང་གདོང་ལྷ་མཆོད་ཐབས། དྲང་སྲོང་ཞི་ཁྲོའི་གཏེར་སྲུང་མཆོད་ཐབས། དྲང་སྲོང་དྲི་མེད་བཀའ་སྲུང་འཆི་མེད་ཙཎྚི་ཀཱ་མཆོད་ཐབས། ཁྲོས་མ་ནག་མོའི་གཏོར་འབུལ། ཁྲོས་ནག་བཀའ་སྲུང་སྤྱང་ཞོན་མཆེད་གསུམ་གསོལ་བྱང་དགྲ་བགེགས་མཐར་བྱེད། བདུད་བཙན་ཀླུ་གསུམ་གཏོར་འབུལ། ཆད་བརྟན་སོགས་སྤྱིའི་རྒྱུག་བྱང་། མར་མེའི་སྨོན་ལམ་ཡེ་ཤེས་འོད་གསལ། རྩ་གསུམ་གསོལ་མཆོད་ཕྲིན་ལས་ཀུན་འགྲུབ། གཏོར་མ་བྱིན་རླབས། ཐུགས་གསོལ། རྒྱུད་མགོན་ལེགས་ལྡན་ནག་པོའི་གཏོར་འབུལ་བྱིན་རླབས་ཆར་འབེབས། དཔལ་མགོན་ཚོགས་བདག་གི་ཕྲིན་ལས་སྙིང་པོ། གནུབས་ལུགས་སྟག་ཞོན་མགོན་པོའི་གསོལ་བྱང་། ཚོགས་བདག་མགོན་པོའི་གསོལ་བྱང་། རྗེས་འབྲེལ་མགོན་སྐོར་ལ་
ཕྱག་བཞི་པ། གུར་མགོན། བྲམ་གཟུགས། བྱ་རོག་གདོང་། བེར་ཅན། ཕྱག་དྲུག་པ་བཅས་ཀྱི་གསོལ་བྱང་། མགོན་དཀར་དུར་བདག་གསོལ་མཆོད། དྲེགས་པའི་སྡེ་དཔོན་སུམ་ཅུའི་གསོལ་བྱང་རྒྱུད་ནས་བཏུས་པ་ཕྲིན་ལས་མྱུར་འགྲུབ། སྡེ་དཔོན་གསོལ་བསྡུས་ཕྲིན་ལས་ཀུན་འགྲུབ། སྔགས་བདག་དྲེགས་པའི་གསོལ་བྱང་དྲག་པོའི་ཐོག་འབེབས། འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་བཀའ་སྲུང་ལས་ཀྱི་གཤིན་རྗེའི་གསོལ་མཆོད་དྲག་པོའི་མེ་དཔུང་རབ་འབར། མ་མོའི་གསོལ་ཀ་རྒྱུད་ནས་བཏུས་པ་བྱིན་རླབས་ཆར་འབེབས་ཕྲིན་ལས་གློག་ཞགས་མྱུར་གཡོ། མ་མོའི་བསྐང་གསོལ་དངོས་གྲུབ་ཆར་འབེབས། མ་མོའི་བསྐང་བ་རིན་ཆེན་ཕྲེང་བ། མ་མོའི་གསོལ་བྱང་བདེ་ཆེན་ཐིག་ལེ། ལྷ་མོ་རེ་མ་ཏིའི་གསོལ་བསྡུས་ཡིག་རྙིང་ལས་བཏུས་པ། ངན་ནེ་མའི་གཏོར་འབུལ། སྨན་བཙུན་མཆེད་ལྔའི་གསོལ་མཆོད་ཕྲིན་ལས་འདོད་འཇོ། དམ་ཅན་གསོལ་ཁ་དངོས་གྲུབ་ཆར་འབེབས། བྷ་གསོལ་དབང་དྲག་གློག་ཞགས། ལས་གཤིན་གསོལ་མཆོད་གནམ་ལྕགས་འབར་བ། ལས་གཤིན་གསོལ་བསྡུས་བར་ཆད་ཀུན་སེལ། སྐྱེས་བུ་ཆེན་པོའི་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག །གེ་སར་གསོལ་འདེབས། ངོ་མཚར་རྟོགས་བརྗོད་བརྡའ་གསང་ནོར་བུའི་མེ་ལོང་། ཧོར་འདུལ་
གསལ་འདེབས་དཔའ་བོའི་གད་རྒྱངས། དགྲ་འདུལ་ནོར་བུའི་སྙིང་ཐིག་དགྲ་བླ་ལུས་གཞུག །གེ་སར་གསོལ་མཆོད་ཕྲིན་ལས་ལྷུན་གྲུབ། གེ་སར་གསོལ་བསྡུས། ཧཱུྃ་ཧཱུྃ་དབྱིངས་ནས་ཐུགས་རྗེ་སོགས། གསེར་སྐྱེམས་གསོལ་ལོ་ཆེན་མོ། གསོལ་འདེབས་འདོད་དོན་མྱུར་འགྲུབ་སོགས་ནད་ཚེམ། རྟེན་འབྲེལ་རླུང་རྟ་བསྐྱེད་པའི་ཆོ་ག །ནོར་སྒྲུབ། དབང་སྡུད། སྲོག་འཁོར་བྲི་ལུགས། ལྷ་མོའི་གསང་སྒྲུབ། མ་སང་དགྲ་བྲུབ། པྲ་གསོལ། ཆོས་ཀུན་རང་བྱུང་མ། ལྕག་ཚན་སྒྲུབ་པ། དགྲ་བླའི་བ་དན། རྒྱུན་གསོལ་བསམ་དོན་ལྷུན་གྲུབ། ཞལ་དཀར་འབུམ་པའི་ཕྲིན་ལས་རྡོ་རྗེའི་རླུང་ཤུགས། རྒྱ་ཚའི་གསོལ་བསྡུས། རྡོ་རྗེ་ཚེ་རྒྱལ། བཅའ་ཐབས་བཅས། ཝེར་མའི་གསོལ་ལོ་ཆེན་པོའི་བྲོ་ཡི་ལས་མཐའ། ཡང་། ཨཱཿསྣང་སྟོང་སོགས། བསེ་རུ་འོད་ལྡན་དཀར་པོའི་ཟབ་གསང་སྙན་བརྒྱུད་ཤོག་དྲིལ་མ། ཝེར་མའི་བསང་མཆོད་ཀུན་གསལ་ནོར་བུའི་མེ་ལོང་། རླུང་རྟའི་གསོལ་མཆོད་ཚན་གཉིས་དང་། བསོད་ནམས་རླུང་རྟ་བསྐྱེད་པའི་ཆོ་ག །ཕྲིན་བཅོལ། གསོལ་མཆོད་བསམ་དོན་མྱུར་འགྲུབ། ཡང་། ཀྱེ་བདུད་རྩི་སོགས། ཡང་། ཧྲཱིཿ རྩ་གསུམ་ཀུན་འདུས་སོགས་སོ། །དྷཱིཿ །ཀླུ་མོ་དུང་སྐྱོང་མའི་མཆོད་ཐབས་དཔལ་གྱི་བུམ་བཟང་། ཀླུ་མོའི་གསོལ་བསྡུས། སྒྲོལ་གིང་མ་རུ་
རྩེའི་གཏོར་འབུལ། ཞང་བློན་སྡེ་དགུའི་གསོལ་བསྡུས་ཡིད་བཞིན་ནོར་བུ། ཆོ་འཕྲུལ་དྲག་པོ་ལྷ་གསུམ་ཕོ་ཉར་བཅས་པའི་གཏོར་འབུལ། ལྷ་ཆེན་གསོལ་བྱང་དབང་གི་ལྕགས་ཀྱུ། རྒྱལ་གསོལ། རྗེས་འབྲེལ་སྣ་ཚོགས་སྐོར། པི་ལིང་འཕར་མའི་གསོལ་བྱང་། དྲེགས་པ་སྡེ་བརྒྱད། ཞིང་སྐྱོང་སེང་གདོང་། ཀླུ་བཙན་འབར་བ་སྤུན་བདུན་བཅས་ཀྱི་གསོལ་བྱང་། ཆོས་སྐྱོང་སྔགས་འབུལ། གསོལ་བསྡུས་སྐོར་རིན་པོ་ཆེ་དང་མེ་ཏོག་གི་ཕྲེང་བ་སྤེལ་ལེགས། གསོལ་བསྡུས་ཁ་སྐོང་། ཆོས་སྐྱོང་རྣམས་ཀྱི་དྲག་བསྐུལ་གནམ་ལྕགས་རྔམས་སྒྲ། སྐོང་བཤགས་འཇའ་ཚོན་གཏེར་བྱོན་ལ་བསྐང་བ་ཁ་སབ་ཅན། རྡོ་རྗེ་ཆོས་སྐྱོང་བའི་སྲུང་མ་ལ་མངོན་པར་བསྟོད་པ་ཚངས་པའི་གླུ་དབྱངས་རྒྱལ་སྲས་གཞན་ཕན་པའི་གསུང་ཁ་སབ་ཅན། ཕྲིན་བཅོལ་འཆི་མེད་ཚངས་པའི་གླུ་དབྱངས། གསོལ་ཁའི་གཏོར་མ་འབུལ་བའི་ཆོ་ག །དྷཱིཿ །གསུམ་པ་ལས་ཚོགས་མན་ངག་གི་སྐོར་ལ། ལས་བཞི་བྱེ་བྲག་སོ་སོའི་སྐོར་དང་། ཐུན་མོང་སྣ་ཚོགས་པའི་སྐོར་གཉིས་ལས། དང་པོ་ལ། ཞི་རྒྱས་དབང་དྲག་བཞིའི་དང་པོ་ནད་གདོན་སྡིག་སྒྲིབ་ཞི་བའི་སྐོར་ལ། ནད་རིམས་གནོད་པ་ཐམས་ཅད་ཞི་བའི་གཟུངས་འབུམ་བདུད་རྩིའི་ཆར་པ། ནད་དགུ་ཞི་བྱེད་མཚན་བརྗོད་ཀྱི་མན་ངག །
ཚེ་སྒྲུབ་རྡོ་རྗེའི་ཡང་རྫོང་ལས་འགོ་ནད་ཀུན་འཇོམས་སྔགས་ཀྱི་མཚོན་ཆ། ནད་བརྒྱ་སྔགས་གཅིག་སྐོར། ནད་སྣ་ཚོགས་ཞི་བའི་སྔགས་བདུད་རྩིའི་ཆར་པ། ནད་ཀྱི་འཁྱུད་དཔྱད། གསེར་གཟུངས། དབང་པོ་དྲུག་གི་ནད་ཞི་བྱེད། སྙིང་མི་བདེ་བ་སེལ་བའི་གདམས་པ། བསམ་ལྷུན་ལས་ཚོགས་ནད་སེལ་གདམས་པ། གཟའ་བཅོས་ཉི་མ་མདུང་གང་མཆན་ཅན། གཟའི་དུག་སྦྱོང་ལག་ལེན། གྲིབ་སེལ་ཆོ་ག་ནམ་མཁའ་རྣམ་དག །གྲིབ་འཇོམས་རྡོ་རྗེ་མེ་ལྕེ། གྲིབ་འཇོམས་སྦྱིན་སྲེག །བྱད་བཀྲོལ་གསེར་ལྡེའི་རྒྱུན་ཁྱེར། བཅོམ་ལྡན་འདས་མི་འཁྲུགས་པའི་སྒོམ་བཟླས་ལས་ཚོགས་བཅས། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་གཟུངས་ལས་ཚོགས་བཅས། ཐབས་མཁས་ཀྱི་སྒོ་ནས་སྔགས་སྒྲུབ་པའི་ཆོ་ག་ཁྱད་པར་ཅན། ལས་སྒྲིབ་རྒྱུན་གཅོད་ཀྱི་གཟུངས་སྔགས་བཀླག་ཐབས། གཟུངས་སྔགས་བརྒྱ་རྩ། བཤགས་སྨོན་ཧོ་ཀློང་མ། ཧོ་ཕྱོགས་བཅུ་དུས་གསུམ་གཤེགས་པ་སོགས། དྷཱིཿ །གཉིས་པ་ཚེ་བསོད་དཔལ་འབྱོར་རིགས་རྒྱུད་སོགས་རྒྱས་པའི་སྐོར་ལ། ཚེ་སྒྲུབ་གསང་བ་འདུས་པའི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་མྱུར་འཇུག །ལས་བྱང་བཀླག་ཆོག་ཏུ་
བཀོད་པ་ཚེ་དབང་འདོད་རྒུའི་དཔལ་སྟེར། རྩ་གསུམ་སྲུང་མ་བཅས་ཀྱི་མཚན་དོན་ལ་ཁཱ་ཧི་ཤམ་ཅན་དུ་སྦྱར་བ། འདིའི་ཆ་ལག་ཏུ་སྟོང་མཆོད་བྱ་བའི་ལག་ལེན་རབ་གསལ། པད་གླིང་གི་བྱིན་འབེབས་འོད་དྲྭ། རིག་འཛིན་བྱིན་འབེབས། སྐོང་བ་འཆི་བདག་བདུད་འཇོམས། ནང་སྒྲུབ་ཀྱི་བཟླས་དམིགས་ཟུར་བཀོལ། ཚེ་སྒྲུབ་ལྕགས་སྡོང་མའི་ཚེ་འགུགས། བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ནས་གསུངས་པའི་ཚེ་འགུགས། བཀའ་སྲུང་གི་གསོལ་མཆོད་བཅས། ཚེ་སྒྲུབ་གུད་སྦས། ཧྲཱིཿབདེ་ཆེན་རྒྱལ་པོ་སོགས། ཧཱུྃ་བསྙེན་ཅིང་སྒྲུབ་པའི་སོགས་ལྷ་གང་ལའང་སྦྱར་ཆོག་པ་སོགས་སྣ་ཚོགས། སངས་གླིང་འཇམ་དཔལ་དམར་པོ་ལོངས་སྤྱོད་ཚེ་འཕེལ་གྱི་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ། དབང་ཆོག་བདུད་རྩིའི་རྒྱུན་འབེབས་འཆི་མེད་དཔལ་སྟེར། ཚ་ཚཱའི་ལས་ཚོགས། འཆི་མེད་རྡོ་རྗེའི་ཚེ་སྒྲུབ་སྐོར། འཆི་མེད་བཅུད་ལེན་སྒྲུབ་པའི་ཐབས་མཆོག་བདུད་རྩིའི་བུམ་པ་བཟང་པོ། ར་ས་ཡཱ་ནའི་ལག་ལེན་གསལ་བར་བརྗོད་པ་བདུད་རྩི་གྲུབ་པ། བཅུད་ལེན་གྱི་ཆ་ལག་རིན་ཆེན་ཟ་མ་ཏོག །བཅུད་ལེན་སྒྲུབ་པའི་ཚེ་བཀའ་སྲུང་མཆོད་ཐབས་བདུད་རྩིའི་ཆར་འབེབས། སྨན་གཏོང་ཚུལ་རང་གི་སྤྱི་བོར་པདྨ་འདབ་བཞི་སོགས། བཅུད་ལེན་ངག་འདོན། བཅུད་ཆོག་ཁ་
སྐང་། བྱིན་འབེབས། མདུན་དུ་བདུད་རྩི་སྨན་གྱི་སོགས། སྨན་མཆོད་དངོས་གྲུབ་བསྐྱིལ་བ། ཧོ་རྩ་རྒྱུད་བླ་མ་སོགས། དྷཱིཿ འཆི་བརྟགས་དུས་ཀྱི་གསལ་བ། འཆི་བསླུ་ནད་གདོན་ཞི་བ་དང་ཚོགས་རྫོགས་པའི་སྒོ་ཁྱད་པར་ཅན་ཀུ་སུ་ལུའི་ཚོགས་གསོག །ནམ་མཁའི་བཅུད་ལེན་ཕྱོགས་མཐོ་སར་འདུག་སོགས། ཚེ་ཐར་གཏོང་བའི་ཆོ་ག་ཚེ་རིང་འདོད་དགུའི་དཔལ་སྟེར། ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་པའི་དབྱངས་སྙན། ཛམ་དམར་ཐུགས་ཐིག །ཕུད་མཆོད་ཕྱ་གཡང་སྤྲིན་ཆེན། ནོར་ལྷའི་གསོལ་མཆོད་རིན་ཆེན་བུམ་བཟང་། གཡང་སྐྱབས། གཡང་འགུགས་ལྷ་རྫས་ལྕགས་ཀྱུ། སྨན་བཙུན་གཡང་འགུགས་དབང་གི་ལྕགས་ཀྱུ། གེ་སར་གཡང་སྒྲུབ་ཡིད་བཞིན་ནོར་བུ། གཡང་འགུགས་སྲིད་ཞིའི་དྭངས་བཅུད་སྡུད་པའི་ནོར་བུ། ཝེར་མའི་བསྐང་བ་ནོར་བུ་རྒྱས་པའི་སྤྲིན་ཆེན། གེ་སར་བཞད་པ་བརྒྱད་སྒྲ། རིན་ཆེན་གཏེར་བུམ་སྦ་བ་སོགས། ནོར་རྒྱས་མཆོད་ཆོག་ཀླུ་དབང་ཀུན་དགའི་སྒྲ་དབྱངས། ནོར་རྒྱས་བུམ་སྒྲུབ། ཀླུ་མཆོད་བདེ་ཆེན་དཔལ་སྟེར། ཀླུའི་དཔང་བསྐང་། ཀླུའི་གཏད་ཁྲོལ། ཆར་བསང་འདོད་དགུའི་ཆར་འབེབས། ཆར་སློང་ཟབ་མོ། སེར་བ་ལམ་བསྒྱུར། རླུང་ལམ་བསྒྱུར།
ཆགས་ལམ་ཉེར་མཁོ་རྣམས་སོ། །དྷཱིཿ །གསུམ་པ་དབང་གི་སྐོར་ལ། རོང་ཟོམ་པདྨ་མཁའ་འགྲོ་རིག་བྱེད་མའི་སྐོར། རྟ་མགྲིན་སྒྲུབ་ཐབས་ཕྲིན་ལས་ལྷུན་གྲུབ། བཀའ་སྲུང་ལྕམ་དྲལ་མཆོད་པ། འདོད་རྒྱལ་སྒྲུབ་ཐབས། སྔགས་བྱང་། དབང་ཕྱུག་ཆེན་པོའི་སྒྲུབ་ཐབས་པདྨ་རཱ་ག །དབང་གི་ལྕགས་ཀྱུ་འབར་བ། དྷཱིཿ །བཞི་པ་དྲག་པོའི་སྐོར་ལ། རྒྱལ་འགོང་སྲོག་འཇོམས་སྔགས་འབུམ་གནམ་ལྕགས་མེ་འཁོར། འཆར་ཀའི་གཏོར་ཟློག་བཅུད་དྲིལ། འཆར་ཀ་ནག་པོའི་དགྲ་བཟློག་དྲག་པོའི་འཐོར་རླུང་། གཤིན་རྗེ་ལྕགས་སྦྱང་སྒྲུབ་ཐབས། གཤིན་རྗེའི་དགྲ་ཆིངས་འཆོར་མེད་དུས་ཀྱི་ཞགས་པ། གཤིན་རྗེའི་དགྲ་ཆོས་མཐུ་རྩལ་རྨད་བྱུང་། མོན་བསྐུལ་ཕྲིན་ལས་ལྷུན་གྲུབ། དགོངས་གསོལ་དཔའ་བོའི་འབྲུག་སྒྲ། ལས་བྱེད་དམག་མི་སྦྲན་པ་དྲེགས་པ་སྡེ་བརྒྱད་བསྐུལ་པ་སྙིང་གཟེར་ལས་ཁོལ་དུ་ཕྱུང་བ། གཏོར་བསྐུལ་གནམ་ལྕགས་ཐོག་མདའ། ཨ་ཙ་ར་དམར་པོ་ཁྲོམ་རྒྱུག་གི་བསྐང་བ་མེ་རླུང་འཁྱིལ་བ་རྣམས་སོ། །གཉིས་པ་ལས་ཚོགས་ཐུན་མོང་སྣ་ཚོགས་པའི་སྐོར་ལ། རྟེན་གསུམ་རབ་གནས་ཀྱི་ཆོ་ག་དགེ་ལེགས་དཔལ་སྟེར། ཨརྒྷའི་ཆོ་ག་མཁའ་འགྲོའི་ཚོགས་མཆོད། རྒྱུན་གྱི་ཚོགས་བསྡུས། སྒྲུབ་གཏོར་
གཏེར་སྦ། འབྱུང་ལྔའི་གཏོར་མ་གཏོང་བ། འབྱུང་གཏོར་ལག་ལེན། རྡོ་རྗེ་སེམས་དཔའ་ཞི་བའི་བསྲེག་བླུགས་བཀྲ་ཤིས་དཔལ་འབར། ཆེ་མཆོག་རྒྱས་པའི་བསྲེག་བླུགས་ཡིད་བཞིན་ནོར་བུ། པདྨ་དབང་ཆེན་གྱི་བསྲེག་བླུགས་སྣང་སྲིད་དབང་སྡུད། ཡ་མནྟ་ཀའི་བསྲེག་བླུགས་དྲག་པོའི་མེ་ཆེན་རབ་འབར། དཔལ་ཡང་དག་ལ་བརྟེན་པའི་མཆོག་གི་བསྲེག་བླུགས་ཡེ་ཤེས་སྣང་བ་མཁའ་ཁྱབ། རྡོ་རྗེ་གཞོན་ནུའི་ལས་ཐམས་ཅད་པའི་བསྲེག་བླུགས་དོན་ཀུན་གྲུབ་པ། རྩ་གསུམ་གང་ལའང་སྦྱར་ཆོག་པའི་མེ་མཆོད། སྦྱིན་བསྲེག་གི་ལས་རིམ་དོན་གསལ། ཉེ་བར་མཁོ་བའི་རྫས་སྣ་ཚོགས་ཀྱི་སྦྱར་ཐབས་ལག་ལེན་ཅི་རིགས་བསྟན་པ་ཤེལ་དཀར་ཕྲེང་བ། སྒྲོལ་མའི་མཎྜལ་བཞི་ཆོག །ཉེར་མཁོ་འདོན་ཆ་སྣ་ཚོགས། དྷཱིཿ བསང་བརྔན་སྐོར་ལ། བདེ་གཤེགས། བྱང་སེམས། བླ་མ། ཡི་དམ། ཕུར་པ་བཅས་སྤྱི་བསང་ཚན་དྲུག་རྫོགས་སྤྲུལ་ལྔ་པའི་གསུང་ངོར་གནང་བ། མགྲོན་བཞིའི་བརྔན་ཆོག་དཔག་བསམ་ལྗོན་ཤིང་། གཞི་བདག་གི་འཕྱང་། རྒྱུན་བསང་འདོད་དགུའི་ཆར་འབེབས། བསང་བསྡུས་མཁའ་ཁྱབ་སྲིད་ཞི་མ། བསང་བསྡུས་ཨ་ཚང་ངོར་གསུངས་པ། དབང་སྡུད་བསང་བརྔན་བདག་ཉིད་པདྨ་སོགས། ལྷ་ཆེན་བསང་། གཟའ་
བསང་། བཙན་རྒོད་རོལ་པ་རྐྱ་བདུན་བསང་། སྨན་བཙུན་བསང་། ཐང་ལྷའི་བསང་། གེ་སར་བསང་མཆོད་ཀྱི་རང་སྣང་མ། རྫ་བསང་། སྐྱ་མོའི་བསང་། རང་གར་འདུག་གི་གནས་བདག་མཆོད་ཐབས་མཐུན་རྐྱེན་ཆར་འབེབས། ཞང་ཞུང་མོ་ལྷའི་བསང་། ཝེར་མའི་ལྷ་བསང་རིང་མོ་དགྲ་བླའི་དཔའ་གླུ། ཚོང་ལྷ་དོན་འགྲུབ་གསོལ་བྱང་ནོར་འགུགས་ལྕགས་ཀྱུ། མནོལ་བསངས་ཉམས་གྲིབ་ཀུན་སེལ། གེ་སར་ལམ་ལྷའི་གསོལ་མཆོད་ཡིད་བཞིན་དོན་གྲུབ། ལམ་ལྷའི་བསང་། རླུང་རྟའི་བསང་། རླུང་རྟའི་སྟོབས་བསྐྱེད་དཀོན་མཆོག་རྩ་གསུམ་མ། རླུང་རྟ་སྤེལ་བ་སྣང་སྟོང་རོལ་པ་མ། རླུང་རྟའི་བ་དན་མཆོད་པ་འདོད་དགུ་མྱུར་འགྲུབ་ལྷའི་ཁ་བསྒྱུར་བཅས། གཏོ་མདོས་སྐོར། འཇམ་དབྱངས་གསེར་འཁོར་ཉེས་པ་ཀུན་སེལ་བྲི་ཐབས། སྤོམ་གཏའ་ཆེན་མོ་བཀྲ་ཤིས་ཀུན་ཁྱབ། སྒམ་ཆིང་། སྨྲེང་བཀྲ་ཤིས་ནོར་བུའི་རྒྱལ་མཚན་དགེ་ལེགས་དོན་ཀུན་གྲུབ་པའི་དབྱངས་སྙན། ཕྱུགས་ཀྱི་ཤི་སྒབ་བཅད་པའི་གཏོ་དང་གོད་མནན། འཆི་བསླུ་ནད་གདོན་ཀུན་གྲོལ། འཆི་བསླུའི་འཕྱང་། ཞི་གཏོར་བསྡུས་པ། མདོས་གཞུང་བཀྲ་ཤིས་འཁྱིལ་པ། མདོས་བསྔོ་བའི་འཕྱོངས། མདོས་སྨྲེང་བཀྲ་ཤིས་སྒོ་མང་། འགྲེས་བྱང་འདོན་འགྲིགས་བཅས། མདོས་ཀྱི་ཡན་ལག་ལག་
ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། ཉེས་པ་ཅུང་ཟད་ཙམ་གྱི་ཕྱིར་སོགས། མདོས་ཀྱི་ཁ་ཚར་ཞལ་ཤེས་འགའ་ཞིག །ཕན་བྱེད་གཏོ་ཐབས་སྣ་ཚོགས་བཀྲ་ཤིས་སྒོ་མང་། སྲིད་སྲུང་བྱིས་པ་འཚོ་བའི་གཏོ་བུ་མང་ལྗོན་པ། སྣང་སྲིད་འཁྲུགས་པ་ཡོ་བཅོས་ཀྱི་གཏོ་ཆེན་མོ། གཏོ་སྒྲོམ་འབུམ་ཏིག་གི་དགོངས་དོན་ལག་ལེན་ཁྱེར་བདེར་བཀོད་པའི་གཏོ་ཆོག་བཀྲ་ཤིས་འདོད་འཇོ།འཁྲུགས་སྐོང་ཆ་སྙོམས་བདེ་བྱེད། སྨྲེང་ལེགས་ཉེས་པ་ཀུན་སེལ། སྲིད་པའི་རྨུ་བཅོས། དཀར་གསུར། དམར་གསུར། གདོན་བགེགས་འབྱུང་པོའི་གསུར་བསྔོ་རྐྱེན་ངན་ཀུན་གྲོལ་རྣམས་སོ། །དྷཱིཿ །བཞི་པ་བསྙེན་ཡིག་ཟབ་ཁྲིད་ཉམས་ལེན་ཞལ་གདམས་ཀྱི་སྐོར་ལ། ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་བསྙེན་ཡིག་སྲིད་གསུམ་དགྲ་ལས་རྣམ་རྒྱལ། དེའི་ལྷན་ཐབས་དངོས་གྲུབ་སྒོ་འབྱེད། ཡ་མཱནྟ་ཀའི་དྲག་སྔགས་སྤྱིའི་དགོངས་གནད་བཤད་པ་རྡོ་རྗེ་རལ་གྲི་འབར་བ། རོང་ཟོམ་རིག་བྱེད་མའི་སྐོར་དང་རྩ་གསུམ་དྲིལ་སྒྲུབ་ཀྱི་དམིགས་ཁྲིད་བསྙེན་ཡིག་གཏེར་མཛོད་ལྟར། ཚིག་བདུན་བླ་མའི་རྣལ་འབྱོར། ཚོགས་མཆོད་དཔལ་གྱི་བུམ་བཟང་། རིག་འཛིན་རྒྱུད་བསྐུལ་བྱིན་རླབས་ཆར་འབེབས། རྫོགས་ཆེན་བརྒྱུད་པའི་གསོལ་འདེབས། བྱིན་བསྐུལ་རྡོ་རྗེའི་སྒྲ་དབྱངས།
དགའ་རབ་རྡོ་རྗེའི་བླ་མའི་རྣལ་འབྱོར། མཁན་ཆེན་ཡབ་སྲས་ཀྱི་བླ་མའི་རྣལ་འབྱོར་བྱིན་རླབས་གྲུ་ཆར། སྨྲྀ་ཏའི་བླ་མའི་རྣལ་འབྱོར་དངོས་གྲུབ་གཏེར་ཆེན། རོང་ཟོམ་པཎྜི་ཏའི་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས། གཡུ་ཐོག་བླ་མའི་རྣལ་འབྱོར་བྱིན་རླབས་སྣང་བ་མྱུར་རྩོལ། ཆོས་གྲགས་བླ་མའི་རྣལ་འབྱོར། ཟབ་ཁྲིད་འདེབས་པའི་རྩ་ཐོ་ཚིག་ལྷུག་མ། སྔོན་འགྲོ་ཐར་ལམ་རབ་གསལ། དུག་གསུམ་གྱི་གཉེན་པོ་སྒོམ་ཚུལ་གྱི་ཚིག་ལེའུར་བྱས་པ་བདུད་རྩིའི་ཐིག་ཕྲན། སྤྱོད་པ་རྣམ་སྤྱོད་སོ་སོར་བརྟགས་པའི་དཔྱད་སྒོམ་འཁོར་ལོ་མ། དེ་ཉིད་སྐྱོང་ཐབས། དབུ་མའི་ལྟ་ཁྲིད། མན་ངག་ཟབ་མོ་རྣམ་གསུམ། ཕྱག་ཆེན་པའི་གནས་འགྱུ་རིག་གསུམ་ཙམ་ལ་ཉམས་ལེན་བྱེད་ཐུབ་ན་མཐར་གྱིས་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་གནད་བསྟན་པ། རྟོགས་ལྡན་རྒན་པོ་རྣམས་ཀྱི་ལུགས་སེམས་ངོ་མཛུབ་ཚུགས་ཀྱི་གདམས་པ་མུན་སེལ་སྒྲོན་མེ། བླ་མ་དཔལ་ལྡན་ལ་གནང་བའི་སེམས་ཁྲིད། ཡང་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་སོགས་ཚན་གཅིག །རིག་ངོ་སྐྱོངས་ཐབས་ཡེ་ཤེས་སྙིང་པོ། རྫོགས་པ་ཆེན་པོའི་ལྟ་བའི་ཉམས་མགུར་སྒྲ་སྙན་གྱི་རོལ་མོ། འཁོར་འདས་ཀུན་ཁྱབ། སངས་རྒྱས་ལག་བཅངས། སྐྱོངས་ཐབས་གནད་ཀྱི་མན་ངག །སེམས་དོན་ཆེ་འབྲིང་ཆུང་གསུམ། རང་གནད་
ཡེ་ཤེས་འཁོར་ལོ། སངས་རྒྱས་ལག་སྟེར། ནམ་མཁའི་གྲོང་ཁྱེར་ཡངས་པའི་སྒོ་འབྱེད། ཡ་མཱནྟ་ཀའི་ངེས་དོན། ཡང་དག་གི་ངེས་དོན། པདྨ་དབང་ཆེན་གྱི་ངེས་དོན། རྡོ་རྗེ་བདུད་རྩིའི་ངེས་དོན། ཕུར་པའི་ངེས་དོན། མ་མོའི་ངེས་དོན། རིག་འཛིན་བླ་མའི་ངེས་དོན། མཆོད་བསྟོད་དྲེགས་པའི་ངེས་དོན། དམོད་པ་དྲག་སྔགས་ཀྱི་ངེས་དོན་དགོངས་པ་བཅས། སེམས་དོན། ཚིག་གསུམ་གནད་ཀྱི་མན་ངག །གནད་བསྡུས་ཡེ་ཤེས་སྙིང་པོ། ཉམས་ལེན་དགའ་རབ་ཞལ་ལུང་། སེམས་ཉིད་ནམ་མཁའི་མེ་ལོང་བལྟ་བ། ལྷན་སྐྱེས་བདེ་བའི་སྒྲོན་མེ། ནམ་མཁའ་ཀློང་ཡངས། སེམས་དོན་གདམས་པ་ཚན་གཉིས། རྫོགས་ཆེན་གདམས་པ་ལེ་ཚན་གསུམ། ཉམས་ལེན་བདེ་ལམ་ཡངས་པ། རྣལ་འབྱོར་རྟོགས་པའི་དོ་ཧ། ཞི་གནས་ལ་བསྐུལ་བའི་གཏམ་ལྷའི་རྔ་དབྱངས། ཏིང་འཛིན་སྐྱོན་ཡོན་བཞག་ཐབས། རྫོགས་ཆེན་ལ་བསྔགས་པའི་གདམས་པ། རྫོགས་ཆེན་གཞི་ལམ་འབྲས་བུའི་དོན་ལ་སྨོན་པ་རིག་སྟོང་རྡོ་རྗེའི་རང་གདངས་བཅས། ཀུན་རྟོག་འཆིང་བ་གཅོད་པ་སྔགས་ཀྱི་རལ་གྲི། བྱ་རྩོལ་ཀུན་ཏུ་གཅོད་པ་ཡེ་ཤེས་རལ་གྲི། ཆོས་ཀུན་རྩ་བ་རང་གི་སེམས་ཉིད་སོགས་ཅོག་བཞག་བཞིན། སོ་སོར་བརྟགས་པའི་དཔྱད་སྒོམ་བྱེད་ཐབས་ཉོན་མོངས་དྲ་བ་གཅོད་པའི་འཁོར་ལོ། གྲོས་འདེབས་
སྤྲིན་གྱི་རྔ་སྒྲ། དྲི་མེད་རིག་པ་ཐིག་ལེར་སོགས། བླ་མ་རྡོ་རྗེ་འཆང་ལ་སོགས། སྡུག་བསྔལ་གང་བྱུང་སོགས། སྲས་བཅས་རྒྱལ་བའི་སོགས། གང་སྣང་རྨི་ལམ་ལོངས་སྤྱོད་སོགས། བླ་མ་ལ་ཕྱག་འཚལ་ལོ། །ཀྱེ་ཧོ། མི་ཡི་ལུས་སོགས་ཚན་གསུམ། རང་གིས་རང་ལ་གདམས་པ་ངོ་མཚར་མངའ་དབང་། རང་སེམས་འོད་གསལ་དྲི་མ་མེད་པའི་དབྱིངས་སོགས་གདམས་ངག་སྤར་འཁོད་ལྟར་ཚན་ཉེར་བརྒྱད། སད་རྨི་རྩོད་པའི་གླུ་སྒྱུ་མའི་རོལ་མོ་དགུ་འགྱུར། སྔགས་རྒན་འདྲ་དཔེ་ཉམས་མྱོང་མེ་བཙའ། མེ་ཏོག་དམར་པོ་ཞིག་གི་ཚལ་དུ་སོགས། ཐེག་པའི་གནད་བསྡུས་མཆི་མེད་བདུད་རྩི་ཐིགས་པའི་གདམས་པ། མི་དྲན་དགུ་དྲན་སོགས་སྤར་འཁོད་ལྟར་ཚན་གཉིས། མན་ངག་གསང་དགོས་ཚུལ་བརྗོད་པ་དྲང་སྲོང་རྒན་པོའི་བདེན་གཏམ། གཉུག་སེམས་འོད་གསལ་གྱི་དོན་རྒྱལ་བ་རིག་འཛིན་བརྒྱུད་པའི་ལུང་བཞིན་བརྗོད་པ་རྡོ་རྗེ་སྙིང་པོ། གཉུག་སེམས་འོད་གསལ་གྱི་དོན་ལ་དཔྱད་པ་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་ཤན་འབྱེད་བློ་གྲོས་སྣང་བ། གཉུག་སེམས་ཟུར་དཔྱད་སྐོར་གྱི་གསུང་སྒྲོས་འཐོར་བུ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་རྡོ་རྗེ་རིན་པོ་ཆེའི་ཕྲེང་བ། དབུ་མ་སོགས་གཞུང་སྤྱིའི་དཀའ་གནད་སྐོར་གྱི་གསུང་སྒྲོས་སྣ་ཚོགས་
ཕྱོགས་གཅིག་ཏུ་བསྡུས་པ་རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བ་སྟེ་འདི་གོང་གི་འཕྲོས་སུ་འདིར་བཀོད་པའོ། །རྩ་བའི་བཞི་པ་བསྔོ་སྨོན་ཤིས་བརྗོད་ཀྱི་སྐོར་ལ། བླ་མ་ཡི་དམ་མའི་འགྲེལ་པ། སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་སོགས། བཟང་སྤྱོད་ས་བཅད་མཆན་བཅས། བདེ་བ་ཅན་དུ་སྐྱེ་བའི་སྒྲུབ་བྱེད་ལུང་གི་ཉི་མ། རྒྱུ་བཞིའི་དོན་ཉམས་ལེན་སྨོན་ལམ། ཟངས་མདོག་དཔལ་རིའི་སྨོན་ལམ། དབུ་མའི་སྨོན་ལམ་སྣང་སྟོང་ཆུ་ཟླའི་རོལ་རྩེད་རྩ་བ། ས་བཅད་མཆན་ཅན། གསོ་རིག་བསྟན་པ་རྒྱས་པའི་སྨོན་ལམ། མཆོག་གསུམ་རྩ་གསུམ་མ། བདག་ནི་འདི་ནས་སོགས་སྨོན་ལམ་སྣ་ཚོགས། བཀྲ་ཤིས་ཆོ་ག་དཔལ་གྱི་བེའུ། འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ། བཀྲ་ཤིས་དོན་ཀུན་གྲུབ་པའི་དབྱངས་སྙན། བཀྲ་ཤིས་མཆོག་གྲུབ། མདོ་ལས་གསུངས་པའི་བཀྲ་ཤིས་ཀྱི་སྐོར་རོ། །གོང་དུ་ཇི་ལྟར་བསྟན་པའི་ལེགས་བཤད་ཁྱད་འཕགས་རྣམས་ཕྱོགས་ཞེན་གྱིས་མ་བསླད་པའི་གང་ཟག་སྤྱི་དང་ཁྱད་པར་སྔ་འགྱུར་བ་ལ་མེད་མི་རུང་བའི་གཞུང་ཡིན་པས་རྒྱལ་ཚབ་རིན་པོ་ཆེའི་ཐུགས་བསྐྱེད་ཀྱིས་བསྡུ་སྒྲུབ་མཛད་ཅིང་སྤར་དུ་འཁོད་པ་འདི་ནི་བཀའ་དྲིན་ཤིན་ཏུ་ཆེ་ཞིང་ཕྱག་བཞེས་མཚུངས་པ་མ་
མཆིས་པ་ལགས་སོ། །དེ་ལྟར་འདིར་ཀུན་མཁྱེན་བླ་མའི་ཕྱག་དཔེ་དངོས་ཡོད་རིགས་དང་གཞན་བྲིས་སྤར་གང་འབྱོར་ཆེ་ལོངས་ཙམ་ལས་མཐའ་དག་འདྲི་བར་མ་ནུས་ཏེ། རྗེ་ཉིད་ཆུང་དུས་ནས་བརྩམ་པ་སོགས་ཕལ་ཆེར་ཞུ་བ་པོ་རྣམས་ལ་བསྩལ་ཟིན་པ་དང་། གཞན་ཞེ་རྫོགས་ཀཿདཔལ་དཔལ་སྤུངས་རྫོང་གསར་སོགས་སྤར་བཞེངས་པ་པོ་དང་རང་གི་སར་བཞུགས་པ་ལས་ཕྲ་ཞིབ་འདིར་མ་འཁོད་པ་རྗེ་ཉིད་ཀྱི་གསུང་ཡིན་ངེས་དུ་མ་ཡོད་ཀྱང་། ཉིད་ཀྱི་བཀའ་ལས། ཁོ་བོས་བརྩམས་པ་དུ་མ་གཞན་དང་གཞན་དུ་ཡོད་མོད། ཁོ་བོའི་ཡིན་མིན་མི་ཤེས་པའི་རིགས་བཏང་སྙོམས་སུ་བྱས་ན་ལེགས་ཞེས་གསུངས་པ་གཞིར་བཞག་སྟེང་རྗེའི་ཕྱག་བྲིས་དངོས་མཐོང་བ་དང་ལོ་རྒྱུས་ཁུངས་མ་ཐོས་པ་སོགས་ཀྱིས་རྗེའི་གསུང་དུ་ཐག་ཆོད་པ་གང་རྙེད་སྡེ་ཚན་གར་གཏོགས་དྷཱིཿརྟགས་གང་ཡོད་དེ་དང་དེར་བསྡུ་བར་བྱ་དགོས་པ་འཕྲོས་དོན་དུ་སྨྲོས་ཏེ་བསྡོམས་ན་མཚན་བཟང་པོ་མཚོན་པར་བྱེད་པའི་པོད་སུམ་ཅུ་རྩ་གཉིས་སུ་བཞུགས་སོ། །གསུམ་པ་ཐ་མར་དགེ་བ་དེ་ལྟར་བསྡུས་པའི་དགོས་པ་དང་ཕན་ཡོན་བཤད་པ་ལ། སྤྱིར་བསྟན་པ་དང་། བྱེ་བྲག་སྤར་དུ་བཞེངས་ཏེ་བཀུར་སྟི་བྱས་པའི་དགོས་པ་དང་ཕན་ཡོན་གཉིས་ལས། དང་པོ་ལ། ཐུགས་དགོངས་རྫོགས་ཤིང་བཀའ་
དྲིན་དྲན་པའི་མཆོད་པར་འགྱུར་བའི་དགོས་པ་དང་། བསྟན་འགྲོ་ལ་ཕན་པ་མཆོག་ཏུ་གྱུར་པའི་དགོས་པ་གཉིས་ལས། དང་པོ་ནི། དེ་ལ་བདག་ཉིད་ཆེན་པོ་འདི་ཉིད་ངེས་པའི་དོན་དུ་རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་ཆོས་སྐུ་མཁའ་ཁྱབ་གདུལ་བྱའི་དཔྱིད་དཔལ་དུ་གཟུགས་ཀྱི་སྐུ་རྣམ་པ་ཐམས་ཅད་པ་གང་འདུལ་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་དུ་ངེས་དོན་སྙིང་པོའི་བསྟན་པ་དང་མཐའ་ཡས་པའི་སེམས་ཅན་གྱི་དོན་དུ་བསམ་བཞིན་དགོས་དབང་གིས་བྱོན་པའི་ཕྲིན་ལས་ཀྱི་གཙོ་བོ་སྐྱེ་དགུ་རྣམས་སྲིད་ཞིའི་རྒུད་པ་ཐམས་ཅད་དང་བྲལ་ཏེ་དོན་གཉིས་མཐར་ཕྱིན་པའི་གོ་འཕང་མཆོག་ལ་དངོས་བརྒྱུད་ནས་བདེ་བླག་ཏུ་བཀྲི་བའི་ཐབས་མཆོག་བླང་དོར་མ་ནོར་བར་སྟོན་པའི་རིག་གནས་ལྔ་ཕྲན་དང་བཅས་པ་གསལ་བྱེད་ཀྱི་སྒྲོན་མ་མཉམ་པ་མེད་པ་སྤྱི་དང་། ཁྱད་པར་དྲང་ངེས་ལྡེམ་དགོངས་མཐའ་དྲུག་ཚུལ་བཞིའི་རྒྱས་བཏབ་པའི་མདོ་རྒྱུད་མན་ངག་སྙིང་པོའི་བསྟན་པ་རི་མོའི་མར་མེ་ལྟར་གྱུར་པ་ཉམས་གསོས་ཀྱི་གཞིར་བཞེངས་སུ་མཛད་པའི་འགྲེལ་ཊཱིཀ་མན་ངག་ཉམས་ལེན་གྱི་སྐོར་བྱང་ཆུབ་སེམས་འགྲེལ་ལྟ་བུ་རྒྱལ་བ་རྡོ་རྗེ་འཆང་གི་བཀའ་དངོས་དང་རྣམ་དབྱེར་རྡུལ་ཙམ་མ་མཆིས་པའི་ལེགས་བཤད་གང་སྩལ་པ་རྣམས་མི་ཉམས་པར་བཟུང་བར་བྱས་ན། བཀའ་
དྲིན་དྲན་པའི་གསོས་འདེབས་ཐུགས་དགོངས་རྫོགས་པའི་དགྱེས་མཆོད། དོན་གཉིས་འགྲུབ་པའི་ཐབས་ཆེན། དྲི་མ་མེད་པའི་ཤེས་རབ་ཀྱི་སྤྱན་མཆོག་བླ་ན་མེད་པ་རང་གཞིན་གྱིས་ཐོབ་པའི་དགོས་པ་དམ་པ་རྣམས་ཀྱི་གསུངས་པ་བཞིན་ནོ། །གཉིས་པ་ནི། མཐའ་ཡས་པའི་སྐྱེ་དགུ་རྣམས་ཀྱི་འདི་ཕྱིའི་སྡུག་བསྔལ་ཀུན་དང་བྲལ་ཏེ་ཕན་བདེ་མ་ལུས་པ་འབྱུང་བའི་རྒྱུ་ནི་རྒྱལ་བསྟན་རིན་པོ་ཆེ་ཡིན་པར་གསུངས་ཏེ། ཞི་བ་ལྷས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་གསུངས། དེ་ལ་བསྟན་པ་ནི་གང་། དེ་གནས་པ་ནི་ཇི་ལྟར་ཞེ་ན། སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་དེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་གསུངས་པས་བསྟན་པ་ཞེས་པ་ལུང་དང་རྟོགས་པའི་ཆོས་ཁོ་ན་དང་། དེ་གནས་ཤིང་དར་བའི་ཐབས་ནི། རྟོགས་པའི་ཆོས་ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་། ལུང་གི་ཆོས་སྡེ་སྣོད་གསུམ་ལ་འཆད་ཉན་ཁོ་ནས་འཛིན་དགོས་ལ། དེ་གཉིས་ཀའི་མེད་ན་མི་འབྱུང་བའི་རྒྱུ་ནི། བླང་དོར་གྱི་གནས་ཚུལ་བཞིན་ཤེས་པའི་ཐོས་
པའི་ཤེས་རབ་ཉིད་ཡིན་ཏེ། རྒྱུད་བླ་མ་ལས། གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ཅིང་། །ཁྲིམས་ཀྱིས་མཐོ་རིས་སྒོམ་པས་ཉོན་མོངས་སྤོང་བྱེད་ལ། །ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་དེ་ཡི་ཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ནི་འདི་ཐོས་ཡིན། །ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། །ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་རྣམ་པར་གྲོལ་བ་ཐོབ། །ཅེས་དང་། ཕར་ཕྱིན་བསྡུས་པ་ལས། ཐོས་ཉུང་དམུས་ལོང་སྒོམ་པའི་ཚུལ་མི་ཤེས། །དེ་མེད་དེས་ཀྱི་ཅི་ཞིག་བསམ་པར་བྱེད། །དེ་བས་ཐོས་པར་བརྩོན་བྱ་དེ་རྒྱུ་ལས། །བསམ་དང་བསྒོམ་པའི་ཤེས་རབ་ཡངས་པ་འབྱུང་། །ཞེས་གསུངས་པས་སོ། །ཐོས་པ་དེ་ཡང་བརྗོད་བྱ་བསླབ་པ་གསུམ་ཡང་དག་པར་སྟོན་པའི་རྗོད་བྱེད་ཡང་དག་པའི་ཡི་གེའི་ཕྲེང་བར་སྤྲོས་པའི་ལེགས་པར་བཤད་པའི་གཞུང་དང་མན་ངག་ལ་བརྟེན་དགོས། དེ་ནི་འཕགས་བོད་ཀུན་ཏུ་བྱུང་ན་ཡང་། ཉན་ཐོས་ཕལ་གྱིས། ཐེག་ཆེན་འབུམ་པ་སོགས་བཀའ་ཡིན་པ་ལ་མིན་ཞེས་སྐུར་འདེབས་དང་། མིན་པ་ལ་ཡིན་པར་སྒྲོ་འདོགས་པ་དང་། ཐེག་ཆེན་པས་ཀྱང་དམན་པ་
ཉན་རང་སོགས་ཐེག་པ་འོག་མའི་བློ་སྐྱོན་ལ་སྨད་ཅིང་དགག་པར་མཛད་པ་སོགས་ཕན་ཚུན་དགག་སྒྲུབ་སྣ་ཚོགས་དོན་ལ་གནས་པ་དང་མི་གནས་པ་དུ་མ་ཞིག་བྱུང་ཡང་། དེས་སྐྱོན་མེད་ཀྱི་གཞུང་སྐྱོན་ལྡན་དུ་མི་འགྱུར་བར་མ་ཟད། ཤིན་ཏུ་སྦྱང་བ་དག་པའི་གསེར་བཞིན་ཡོན་ཏན་ཁྱད་འཕགས་མངོན་དུ་འགྱུར་བའི་རྒྱན་དུ་འགྱུར་མོད། འོན་ཀྱང་བྱིས་པ་བློ་ཆུང་རྟོག་གེ་བ་རྣམས་ཀྱིས་དེ་ལྟར་མི་ཤེས་པས་སྡང་ཞུགས་ཀྱི་དགག་སྒྲུབ་ཀྱིས་རང་གཞན་ཆོས་སྤོང་གི་ལས་སུ་འཕྱན་པར་འགྱུར་བ་ལས་དོན་གཞན་མ་མཆིས་སོ། །ཁྱད་པར་སྔ་འགྱུར་རྙིང་མའི་རྒྱུད་དང་མན་ངག་དགོངས་འགྲེལ་ཀུན་མཁྱེན་རོང་ཀློང་གི་གཞུང་བཅས་པའང་རྟོག་གེའི་རིགས་པ་ལྟར་སྣང་བས་སུན་འབྱིན་གྱི་ཚེར་མ་ལྟར་སྣང་བ་སྙིང་པོ་མེད་པ་ཆགས་སྡང་གིས་སྤྲོ་བར་བྱས་པ་དག་མཐོང་བ་ན། སྔ་འགྱུར་གྱི་བསྟན་ཞབས་སུ་སྐྱེས་ཤིང་མཁས་པར་རློམ་པའི་བློ་ཆུང་རྣམས་རི་བོང་ཅལ་སྐྲོགས་ཀྱིས་རྒོལ་སྔ་ཕྱིའི་སྐྱོན་ཡོན་གྱི་ཚུལ་ཇི་འདྲའོ་ཞེས་རྟོག་དཔྱོད་ཅུང་ཟད་ཙམ་ཡང་མི་བྱེད་པར་གྲགས་པའི་རྗེས་སུ་འབྲངས་ཏེ་སྐྱོན་ཡང་ཡོན་ཏན་ལྟར་མཐོང་ནས་རྗེས་བརྗོད་བྲག་ཆའི་བརྟུལ་ཞུགས་ཀྱིས་རང་ཕྱོགས་ཀྱི་ཆོས་དང་བླ་མ་རང་གིས་སྤངས་ཤིང་གཞན་ལ་སྤང་དུ་འཇུག་པའི་ལས་ཁུར་དུ་འདེགས་པ་
དང་། ལ་ལས་རང་ལུགས་ཟབ་མོའི་དགོངས་དོན་རང་གིས་མི་ཤེས། ཤེས་ལྡན་གཞན་ལ་དྲི་རྟོག་ཙམ་ཡང་མི་བྱེད་པར་རང་མཐོང་ཨ་ཕའི་ཁ་ཕོར་གཙང་ཞེན་གྱིས་ཁྲོས་ཤིང་འཁྲུགས་པས་རང་གཞན་གྱི་དགེ་ཚོགས་བསྲེག་སྟེ་སོམ་ཉིའི་དྲ་བར་ཆུད་པའི་དུས་འདིར་རྒྱལ་བའི་ཕྲིན་ལས་འགོག་པ་མེད་པས་བསླུ་མེད་རྡོ་རྗེའི་བདེན་དོན་མངོན་སུམ་བསྟར་བ་བདག་ཉིད་ཆེན་པོ་འདིས་རིག་གནས་སྤྱི་དང་བྱེ་བྲག་ངེས་དོན་ཟབ་མོའི་མདོ་དང་རྒྱུད་ཀྱི་དགོངས་འགྲེལ་དགག་སྒྲུབ་ཀྱི་གནད་གསང་ཟབ་མོ་ཇི་བཞིན་པར་རྟོགས་པའི་བློ་གྲོས་ཀྱི་སྣང་བ་ཡང་དག་པ་མྱུར་དུ་སྐྱེ་ཞིང་ཟབ་རྒྱས་ཀྱི་དོན་བདེ་བླག་ཏུ་རྟོགས་པའི་གཞུང་བཟང་འདི་འདྲ་གཞན་མེད་པར་གཟུ་བོར་གནས་པའི་བློ་ལྡན་སྐལ་བཟང་རྣམས་ལ་རང་བློར་ཡིད་ཆེས་མངོན་སུམ་དུ་གྱུར་ཏེ་བསྟོད་བསྔགས་བརྗོད་པ་མཐོང་ཐོས་སུ་གྱུར་ལ། ཁྱད་པར་སྔ་འགྱུར་རྙིང་མའི་གྲུབ་མཐའི་རང་རྐང་ཚུགས་ངེས་ཀྱིས་ཁས་ལེན་གྱི་དམ་བཅའ་དང་དགག་སྒྲུབ་ཀྱི་རིགས་པ་དཔྱད་གསུམ་གྱིས་དག་པའི་ཟབ་རྒྱས་ཀྱི་ལུང་གི་དོན་བཞིན་འཁྲུལ་པའི་དྲི་མ་རྡུལ་ཕྲ་རབ་ཙམ་ཡང་མེད་པའི་རིགས་པ་ཟབ་མོས་ཡང་དག་པར་གྲུབ་པས། སུས་ཀྱང་མི་ཕྱེད་པའི་རྡོ་རྗེ་སྙིང་པོའི་གྲུབ་པའི་མཐའ་ཀུན་མཁྱེན་རོང་ཀློང་སོགས་ཀྱི་དགོངས་པའི་རྒྱན། ཀུན་ཏུ་
བཟང་པོའི་ཞལ་ལུང་། བྱང་ཆུབ་སེམས་དཔའ་མཆོག་གི་དགོངས་འགྲེལ་མན་ངག་ཟབ་མོ་གང་བསྩལ་ཞིང་གནང་བ་འདི་རྣམས་ནི་ཆེས་ཁྱད་དུ་འཕགས་ཤིང་ངོ་མཚར་བླ་ན་མེད་པའི་གནས་ཕུན་སུམ་ཚོགས་པའོ། །དེ་ལྟར་ལེགས་བཤད་ཀྱི་བསྟན་བཅོས་ཆེན་པོ་འདི་རྣམས་ནི། ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་གཟིགས་པའི་འཕགས་ཆེན་སེམས་དཔའ་ཆེན་པོའི་བསྟན་བཅོས་ཡིན་པས། ནོར་བའི་དྲི་མ་ནམ་ཡང་མི་སྲིད་ལ། སོ་སྐྱེ་མང་ཐོས་རིགས་ལམ་ལ་སྦྱང་བ་མཁས་པར་ཡོངས་སུ་གྲགས་པ་མང་པོ་དག་གིས་འགྲན་པའི་འོས་མ་ཡིན་པས་གཞུང་འདི་རྣམས་སུ་རྒྱུ་དང་འབྲས་བུའི་ཐེག་པའི་རྣམ་བཞག་ཇི་ལྟར་མཛད་པ་ལྟར་བཟུང་བར་བྱས་ན། བློ་ལྡན་རྣམས་ཀྱི་དཔྱད་པའི་སྒོ་སྣ་ཚོགས་ཀྱིས་བརྟགས་ཀྱང་བློ་གྲོས་ན་འཕར་བའི་ཚེ་ཆོས་རྗེ་ཉིད་ཀྱིས་ཇི་ལྟར་བསྟན་པ་ལྟར་ངེས་ཤིང་རྣམ་པ་གཞན་དུ་བསྒྱུར་མི་ནུས་པར་མཐོང་བས། ཤིང་རྟ་ཆེན་པོ་རྣམ་གཉིས་ཀྱི་གསུང་རབ་བཞིན་དུ་བདག་ཉིད་ཆེན་པོ་འདིའི་གསུང་རྣམས་ཀྱང་བསྟན་བཅོས་གཞན་ལས་ཁྱད་པར་དུ་འཕགས་པ་ཉིད་དུ་ངེས་པ་དང་། ཁྱད་པར་ཚེ་ལུས་གཅིག་གིས་སངས་རྒྱས་འགྲུབ་པའི་མྱུར་ལམ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ཀྱི་མཐར་ཐུག་རྫོགས་ཆེན་ཨ་ཏི་ཡོ་
གའི་ལས་ཉམས་སུ་ལེན་པ་ལ། རྫོགས་ཆེན་གྱི་རྒྱུད་ལུང་མན་ངག་ཟབ་མོ་རྣམས་ཀྱི་དགོངས་དོན་འཁྲུལ་པའི་དྲི་མ་ཅུང་ཟད་ཀྱང་མེད་པར་ཇི་ལྟ་བ་བཞིན་དུ་གསལ་ཞིང་མ་སྦས་པར་རྗེན་པར་སྟོན་པའི་གདམས་ཟབ་འདི་རྣམས་ཉམས་ལེན་སྙིང་པོ་དོན་གཉེར་རྣམས་ལ་མིག་ཏུ་གྱུར་པའི་ཕྱིར་མཆོག་གཟིགས་དམ་པ་རྣམས་ཀྱིས་བསྔགས་པ་ལྟར། བདག་ཉིད་ཆེན་པོ་འདིའི་གསུང་རབ་རྣམས་ནི་རྣམ་གྲོལ་དོན་གཉེར་གྱི་གང་ཟག་རིས་མེད་པ་དང་། ཁྱད་པར་སྔ་འགྱུར་རྙིང་མའི་བསྟན་ཞབས་སུ་སྐྱེས་ཤིང་། དེའི་གྲུབ་མཐའ་འཛིན་པར་ཁས་འཆེ་བ་དག་གིས་རྒྱུ་དང་འབྲས་བུའི་ཐེག་པའི་རྣམ་བཞག་དང་ཁས་ལེན་ཐམས་ཅད་རྗེ་འདི་ཉིད་ཀྱིས་ཇི་ལྟར་བཞེད་པ་བཞིན་བཟུང་ན་རྙིང་མ་པ་ཡིན་པའི་མིང་དོན་དང་ལྡན་པར་འགྱུར་ལ། དེ་ལས་གཞན་དུ་གྱུར་ན་སྔ་འགྱུར་པའི་གྲུབ་མཐའི་ར་བ་ལས་འདས་ཏེ་རྒྱལ་བུ་དམངས་སུ་འཁྱམས་པ་ལྟར་གྱུར་པ་ཡིན་ནོ། །ངེས་དོན་ཉམས་སུ་ལེན་འདོད་རྣམས་ཀྱིས་ཀྱང་གཞུང་འདི་རྣམས་ལ་འཆད་ཉན་དང་། སྒོམ་སྒྲུབ་གཙོ་བོར་བྱ་དགོས་ཏེ་རྫོགས་ཆེན་ལ་སོགས་པའི་ཉམས་ལེན་གྱི་གནད་རྣམས་རྗེ་འདིའི་གཞུང་རྣམས་སུ་བསྟན་པ་ལས་ལྷག་པ་སྔར་ཡང་མ་བྱུང་། ད་ལྟར་དང་མ་འོངས་པ་ན་འབྱུང་མི་སྲིད་པས། རྙིང་
མ་པ་རྣམས་ཀྱིས་གཏེར་ཁ་སོ་སོའི་ཡིག་ཆའི་སྒྲུབ་ཕྲིན་གྱེར་འདོན་དང་། ཁྲིད་ཡིག་ཁོལ་བུ་ཙམ་ལ་རེ་ལྟོས་བྱས་ནས་ལུང་པ་རེ་ན་ཆོས་ལུགས་རེ་འཛིན་པའི་ཞེན་ཚུགས་བཏང་ནས་རྗེ་འཇམ་དབྱངས་བླ་མའི་གསུང་རབ་རྣམས་སྤྱི་ཕུད་དུ་ཁུར་ཏེ། ལུང་ནོད་པ་དང་། ཡི་གེ་འདྲི་བ་དང་། འཆད་ཉན་བྱེད་པ་དང་། དོན་སེམས་པ་དང་། བསྒོམ་པ་སོགས་ཆོས་སྤྱོད་བཅུ་ལས་རང་གི་ནུས་པ་དང་བསྟུན་ཏེ་ཅི་རིགས་སུ་འཇུག་དགོས་པ་ཡིན་ཅིང་། སྔ་འགྱུར་རྙིང་མ་པ་རང་ལུགས་ཀྱི་དབང་དུ་བྱས་ན་ཡང་། སྔོན་གྱི་པཎ་གྲུབ་དང་ལོ་ཙཱ་བ་ཆེན་པོ་རྣམས་ཀྱི་བཞེད་པ་དང་། ཐེག་པའི་རྒྱལ་པོ་འོད་གསལ་སྙིང་ཐིག་གི་བཀའ་བབ་པ་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་དགོངས་པ་ངེས་གསང་སྙིང་པོའི་གྲུབ་མཐའི་དགོངས་དོན་ཟབ་མོ་འཁྲུལ་པའི་དྲི་མ་རྡུལ་ཙམ་ཡང་མ་མཆིས་པ་ཇི་ལྟ་བ་བཞིན་དུ་གསལ་ཞིང་མ་སྦས་པར་རྗེན་པར་སྟོན་པའི་བསྟན་བཅོས་སུས་ཀྱང་མི་ཕྱེད་པའི་རྡོ་རྗེའི་གྲུབ་པའི་མཐའ་འདི་རྣམས་དང་མཚུངས་པ་གཞན་སུ་ཡང་མ་བྱུང་བའི་ཕྱིར་དང་། རྒྱལ་བའི་དགོངས་པ་ཇི་ལྟ་བ་བཞིན་དུ་བསྟན་པའི་གཞུང་འདི་རྣམས་ལ་ལྟ་རྟོག་གོམས་འདྲིས་བགྱིས་ན། བྱིན་རླབས་གཟི་བྱིན་མཚུངས་པ་མེད་པའི་ཡེ་ཤེས་འཕོ་བའི་སྟོབས་ཀྱིས་གྲུབ་མཐའ་མཐའ་དག་གི་
དཀའ་གནད་རང་གྲོལ་ནས། སེམས་ཆོས་ཉིད་གཉུག་མའི་དོན་ལ་རང་ཤུགས་ཀྱི་ངེས་པ་སྐྱེ་ཞིང་གནས་པ་སོགས་ཡོན་ཏན་ཚད་མེད་པ་འཐོབ་པ་འབྱུང་བ་ནི། བློ་ལྡན་སྐལ་བཟང་རྣམས་ལ་རང་བློར་ཡིད་ཆེས་མངོན་སུམ་དུ་བསྐྱེད་པར་ནུས་པའི་ཕྱིར་རོ། །བླུན་པོ་རང་མཐོང་ཅན་དག་ངེད་རང་གི་ཆོས་འདིས་ཆོག་གཞན་ཅི་ཡང་མི་དགོས་ཞེས་སྨྲ་བ་དང་། རྙིང་མའི་རྒྱུད་ལུང་དང་དགོངས་འགྲེལ་བཀའ་གཉན་པས་ཡི་གེ་ཞུ་དག་ཀྱང་མི་རུང་བ་སྐད་དུ་སྨྲ་བ་དང་། གཏེར་མ་རྣམས་གཉན་པས་ཆོག་སྒྲིགས་ཀྱང་མི་རུང་བ་སྐད་དུ་སྨྲ་བའི་བླུན་པོའི་གསང་ཚིག་མཁས་པའི་མདུན་སར་དབྱུང་དུ་མི་རུང་བ་ངོ་མཐོན་དུ་བརྗོད་པ་འགའ་སྔར་དང་ད་ལྟ་ཕྱིས་སུ་ཡང་འབྱུང་མོད། རྙིང་མའི་རྒྱུད་ལུང་བསྟན་བཅོས་ཟབ་མོ་རྣམས་དང་གཏེར་བྱོན་རྡོ་རྗེའི་གསུང་སླད་མེད་རྣམས་ཟབ་ཅིང་བཀའ་གཉན་པ་ཡིན་པ་བདེན་ཞིང་། དེ་དག་གི་གཞུང་ལ་རྟོག་གེའི་བཅོས་བསླད་དང་ཕྱིན་ཅི་ལོག་ཏུ་ནོར་བར་བཤད་པ་མི་རུང་བ་ཡིན་ན་ཡང་། ཡིག་སྐྱོན་ཡིན་ངེས་བཅོས་ནས་དཔེ་དག་པར་བྱེད་པ་དང་། དགོངས་དོན་ཤེས་པའི་གང་ཟག་ཚད་ལྡན་ཆོས་ཀྱི་བདག་པོ་རྣམས་ཀྱིས་གཏེར་མའི་གཞུང་ལག་ལེན་དུ་འདེབས་པའི་ཆོག་སྒྲིགས་མི་རུང་བ་ག་ལ་ཡིན་ཏེ། གཞུང་ལུགས་
རྣམས་ནི་ཉམས་སུ་ལེན་པའི་ཕྱིར་གསུངས་པ་ཡིན་ལ། དེ་ཡང་བསྒོམ་པའི་སྔོན་དུ་བསམ་བྱུང་གིས་སྒྲོ་འདོགས་གཅོད་པ་དང་། དེའི་སྔོན་དུ་དཔེ་དག་པ་ལ་ཐོས་པ་བྱེད་དགོས་པ་ཡིན་གྱི་གཞུང་དེའི་དོན་ཅི་ཡང་མི་ཤེས་པར་དཔེ་ཆ་མུན་ཁྲོད་དུ་བཞུགས་པའམ། ཡང་ན་ཕྱི་རོལ་བ་ཕལ་གྱིས་དོན་གང་ཡིན་མི་ཤེས་པའི་རིག་བྱེད་ཀྱི་གསང་ཚིག་ཀློག་པ་དང་ཚུལ་འདྲ་བར་གྱུར་ན་རྒྱུད་ལུང་བསྟན་བཅོས་ཟབ་བསྔགས་ཙམ་གྱིས་སུ་ལའང་ཕན་པར་དཀའ་ལ། ལག་ལེན་ཚད་ལྡན་མི་ཤེས་པར་ཆོ་གའི་ཡན་ལག་གོང་འོག་འཁྲུགས་པ་དང་། མ་ཚང་བ་དང་། ནོར་བའི་སྒྲུབ་ཕྲིན་ངག་ནས་གྱེར་ཤེས་པ་ཙམ་ལ་འབྲས་བུ་ཆུང་བས་ན། རྨོངས་པ་དང་ཕྲག་དོག་གི་རྒྱུ་ལས་བྱུང་བའི་ལུང་རིགས་ཐོས་བྲལ་གྲོང་པ་རྒན་པོའི་ཁ་གཏམ་ཅལ་ཅོལ་སྨྲ་བ་ཙམ་ལ་མི་རྟོན་པར། ལུང་དང་རིགས་པ་མན་ངག་གི་གནད་རྣམས་ཉམས་འོག་ཏུ་ཆུད་པར་བྱས་ནས། རྙིང་མ་བཀའ་གཏེར་གྱི་ཆོས་དང་། བསྟན་བཅོས་འདི་ལྟ་བུ་སོགས་ལ་གཅེས་སྤྲས་ཀྱིས་ཟབ་ཅིང་གཉན་པའི་འདུ་ཤེས་བཞག་ནས་དགོངས་དོན་ཚུལ་བཞིན་བརྟགས་ཏེ་སྨྲ་བ་བྱུང་ན་རྗེས་སུ་ཡི་རངས་པའི་གནས་སོ། །མདོར་ན་བདག་ཉིད་ཆེན་པོ་འདིའི་ལེགས་བཤད་མཆོག་རྣམས་མི་ཉམས་པར་བཤད་སྒྲུབ་ཀྱིས་ཚུལ་བཞིན་བཟུང་སྟེ་ངེས་དོན་སྙིང་པོའི་བསྟན་པ་ཕྱོགས་དུས་གང་དུ་
དར་ཞིང་རྒྱས་ལ་གནས་པ་དེ་དང་དེར་རྩ་གསུམ་རྒྱལ་བ་རྒྱ་མཚོས་མཁྱེན་ཅིང་དགོངས་ནས་ཐུགས་རྗེ་ཆེན་པོའི་གཟི་བྱིན་བླ་ན་མེད་པས་སྲུང་སྐྱོབས་སྦ་བར་མཛད་པ་དང་། བསྟན་སྲུང་དམ་ཅན་རྒྱ་མཚོ་མ་སྒྲུབ་རང་འཁོར་དུ་བྱུང་ནས་འགལ་རྐྱེན་མ་ལུས་པ་བཟློག་ཅིང་མཐུན་རྐྱེན་མ་ལུས་བསྒྲུབ་པས་ལས་བཞིའི་ཕྲིན་ལས་རྒྱ་མཚོ་གང་འདོད་གཡེལ་བ་མེད་པར་མཛད་པའི་བདག་རྐྱེན་དེ་དག་གི་མཐུས་སྣོད་བཅུད་ཀྱི་རྒུད་པ་མཐའ་དག་ཉེ་བར་ཞི་ཞིང་ཕན་བདེའི་ལེགས་ཚོགས་ཡར་ཟླའི་དཔལ་ལྟར་འཕེལ་ཏེ་ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་ཁྱད་པར་གསང་ཆེན་འོད་གསལ་སྙིང་པོའི་བསྟན་པ་ཡུན་རིང་དུ་དར་ཞིང་གནས་པར་འགྱུར་བ་ནི་དགོས་པའོ། །གཉིས་པ་སྤར་དུ་བཞེངས་ཏེ་བཀུར་སྟི་བྱས་པའི་དགོས་པ་དང་ཕན་ཡོན་ནི། དེ་ལ་དྷརྨ་ཞེས་པ་ཆོས་ཀྱི་སྒྲ་ཤེས་བྱ་སོགས་བཅུ་ལ་འཇུག་ཀྱང་གཙོ་བོ་ལུང་དང་རྟོགས་པའི་ཆོས་ཡིན་ཏེ། རྣམ་བཤད་རིག་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱོབས་པ་གང་ཡིན་པ། །འཆོས་སྐྱོབས་ཡོན་ཏན་ཕྱིར་ན་བསྟན་བཅོས་དེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས། དེའི་ཕྱི་མོའི་ཡི་གེ་འབྲི་མཆོད་སོགས་ནི། རང་དང་གཞན་གྱི་རྒྱུད་ལ་རྣམ་དཀར་གྱི་བསོད་ནམས་ཚད་མེད་པ་
བསྐྱེད་པ་དང་། ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པའི་བདག་རྐྱེན་མཆོག་ཏུ་འགྱུར་བས་ཕན་ཡོན་རྒྱ་ཆེ་ཞིང་རྒྱུན་རིང་བ་བླ་ན་མེད་པ་འཐོབ་སྟེ། ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་རྒྱུ་མཆོག་དྲི་མ་མེད་པ་ནི་གསུང་རབ་རྣམ་པར་དག་པའི་རྗོད་བྱེད་ཡི་གེའི་ཕྲེང་བ་ཉིད་དེ། དེ་ནི་རྒྱལ་བ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་རང་གཟུགས་དཀོན་མཆོག་གསུམ་གྱི་བདག་ཉིད་ཡིན་ཏེ། ཡུམ་གྱི་འགྲེལ་པར། གཙོ་བོར་ཆོས་སྐུའི་དེ་བཞིན་གཤེགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་ནོ། །དེ་བས་ན་དེ་སྟོན་པར་བྱེད་པའི་རྒྱལ་བའི་ཡུམ་ལ་མཆོད་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཆོས་ཀྱི་སྐུ་ལ་མཆོད་པའི་ཕྱིར་བསོད་ནམས་མང་དུ་སྐྱེ་བ་ཡིན་ནོ། །ཞེས་ཡེ་ཤེས་ཆོས་སྐུ་དང་དེ་ཉིད་འགགས་པ་མེད་པར་གཟུགས་སྐུ་གཉིས་ཀྱི་རྣམ་རོལ་དུ་སྣང་བ་ཉིད། ཕལ་ཆེན་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་ཡི་གེའི་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། སྐུ་གཟུགས་རྣམ་པ་མང་པོ་དེར་སྤྲུལ་ནས། འགྲོ་བ་དགེ་ལ་སྦྱོར་བའི་དོན་མཛད་དོ། །ཞེས་དང་། བདག་ཅག་གི་འདྲེན་མཆོག་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་འཁོར་ལོའི་མགོན་པོ་དཔལ་སྤྲུལ་རིན་པོ་ཆེའི་ཞལ་སྔ་ནས། ཡི་གེའི་རྣམ་རོལ་ཤཱཀྱ་སེང་གེའི་སྐུ། །
རྗོད་བྱེད་ཚིག་ཕྲེང་ཀུན་མཁྱེན་བླ་མའི་གསུངས། །བརྗོད་བྱའི་དོན་ཟབ་རྒྱལ་བ་ཀུན་གྱི་ཐུགས། །གསུང་རབ་འདི་མཐོང་བདེ་གཤེགས་ཡོངས་རྫོགས་མཐོང་། །ཞེས་དང་། མཆོག་གསུམ་ཡོངས་རྫོགས་ཆོས་སྐུའི་མཆོད་སྡོང་ནི། རྒྱལ་བ་ཀུན་གྱི་གཤེགས་ཤུལ་བླ་ན་མེད། །ཅེས་པ་ལ་སོགས་པ་མདོ་རྒྱུད་དགོངས་འགྲེལ་རྣམས་ལས་རྒྱ་ཆེར་བསྟན་པ་བཞིན་དུ་རྟོགས་པར་བྱའོ། །དེས་ན་དཀོན་མཆོག་གསུམ་གྱི་བདག་ཉིད་དམ་པའི་ཆོས་གླེགས་བམ་དང་དེ་འཛིན་པ་པོ་བཞུགས་པའི་ས་ཕྱོགས་དེར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགོངས་ཤིང་བྱིན་གྱིས་བརླབ་པར་འགྱུར་བ་དང་། ལྷ་དང་གནོད་སྦྱིན་ལ་སོགས་པ་ཆོས་སྐྱོང་བའི་སྲུང་མ་མཐུ་བོ་ཆེ་རྣམས་ཀྱིས་རྟག་ཏུ་མི་གཡེལ་བར་སྲུང་ཞིང་འཇིགས་པ་དང་གནོད་པ་ལས་སྐྱོབས་པར་དམ་བཅས་པ་ཡིན་པས་ཆོས་འཛིན་པ་པོ་དང་ཆོས་ལ་བཀུར་སྟི་ཚད་ལྡན་ཡོད་ན་གནས་སྐབས་ཀྱི་རྐྱེན་སེལ་ལ་ཡང་སྲུང་བཟློག་གསོལ་མཆོད་བརྒྱ་སྟོང་མང་པོའི་དོ་ཟླ་མིན་ཏེ། ཕྱོགས་ཙམ་མཚོན་ན། བྱང་ཆུབ་སེམས་དཔའ་བྱམས་པས་འདི་ལྟར་དམ་བཅས་སོ་བཅོམ་ལྡན་འདས་སླད་མའི་དུས་སོགས་དང་། གསེར་འོང་དམ་པ་མདོ་སྡེའི་དབང་པོ་རྒྱལ་པོ་ལས། བཙུན་པ་བཅོམ་ལྡན་འདས་ནམ་མིའི་རྒྱལ་པོས་སོགས་ལུང་དང་བཅས་པ་དང་། མདོར་
ན་སྐུ་གཟུགས་མཚན་ཉིད་དང་ལྡན་པ་འཇིག་རྟེན་གྱི་ཁམས་གང་བ་བཞེངས་ཤིང་མཆོད་པ་བགྱིས་པ་ལས་མཆོད་རྟེན་ཆུང་ངུ་ཙམ་བཞེངས་པ་ཕན་ཡོན་ཆེ་ཞིང་། མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པ་འཇིག་རྟེན་གྱི་ཁམས་གང་བར་བཞེངས་ནས་ཉིན་རེ་བཞིན་དུ་ལྷ་རྫས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་མཆོད་པ་ལས་ཀྱང་དམ་པའི་ཆོས་ཚིག་བཞི་པ་ཞིག་འབྲི་ཀློག་བགྱིས་པ་ཕན་ཡོན་ཆེ་བར་གསུངས་ཞེས་རྟེན་བཞེངས་ཕན་ཡོན་ལས་བཤད་དོ། །དེའི་ཕྱིར་ཡི་གེ་འབྲི་བ་ནི་རྣམ་དཀར་གྱི་བགྱི་བ་མཆོག་ཏུ་འཕགས་པ་ཞིག་སྟེ། དེའི་རྒྱུ་མཚན་གང་ཞེ་ན། གཏན་བདེ་ཐར་པའི་ལམ་ལ་འདྲེན་པ་བདེ་བར་གཤེགས་པའི་གསུང་རབ་དམ་པའི་ཆོས་རྣམས་ཀྱི་ཚིག་གཅིག་གི་སྒྲ་ཐོས་པ་ཡང་ཕན་ཡོན་རྒྱ་ཆེ་སྟེ། གཎྚིའི་མདོ་ལས། དམ་ཆོས་བཤད་པའི་དུས་བསྟན་ཕྱིར། །རྔའམ་གནྜི་བརྡུང་བའི་སྒྲ། །ཐོས་པས་མཐོ་རིས་ཐོབ་འགྱུར་ན། །ཉན་ཕྱིར་ལྷགས་པ་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར་ཡིན་ཞིང་། རྟོགས་པའི་ཆོས་ཐོབ་པ་ལས་མྱ་ངན་ལས་འདའ་བར་འགྱུར་ལ། རྟོགས་པའི་ཆོས་ཐོབ་པ་ཡང་སྔོན་དུ་ལུང་གི་ཆོས་ཐོས་པ་ལ་རག་ལས་ཤིང་། ལུང་གི་ཆོས་མིང་ཚིག་ཡི་གེའི་རང་བཞིན་ཅན་ཉན་པ་སོགས་ཀྱི་གཞིའམ་རྟེན་དུ་གྱུར་པ་ནི་གསུང་རབ་རྣམས་ཡི་གེར་འབྲི་བ་ཡིན་ལ། ཡི་གེ་
འབྲི་བའི་ཐབས་ཀུན་གྱི་ནང་ན་སྤར་དུ་འགོད་པ་འདི་དོན་ཆེ་སྟེ། སྤར་དཔེ་དག་པར་བྱས་ན་དཔེ་དག་པ་བརྒྱ་ཕྲག་དུ་མ་ཚེགས་མེད་པར་འགྲུབ་ཅིང་འཛད་མེད་དུ་འཕེལ་ནས་ཕྱོགས་ཀུན་ཏུ་ཁྱབ་པར་འགྱུར་ཏེ། རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་གསོས་སུ་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དམ་པའི་ཆོས་ཡི་གེ་འབྲི་བ་སོགས་ཆོས་སྤྱོད་བཅུ་པོ་རེ་རེ་ཡང་བསོད་ནམས་ཚད་མེད་པའི་རྒྱུ་ཡིན་ཏེ། དབུས་མཐའ་རྣམ་འབྱེད་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་དང་། །འཆང་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པའོ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་དང་། དེ་ལས་ཀྱང་ཐེག་པ་ཆེན་པོའི་ཆོས་ཡི་གེར་འབྲི་བ་སོགས་ཕན་ཡོན་ཁྱད་པར་དུ་འཕགས་ཏེ། ལུང་སྔ་མ་ལས། ཁྱད་པར་ཕྱིར་དང་མི་ཟད་ཕྱིར། གཞན་ལ་ཕན་འདོགས་མ་ཞིའི་ཕྱིར། །ཞེས་གསུངས་ཤིང་ཐེག་ཆེན་གྱི་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཚིགས་སུ་བཅད་པ་གཅིག་ཐོས་པ་དང་འཛིན་པ་སོགས་ཀྱི་ཕན་ཡོན་ཚད་མེད་པ་མདོལས་གསུངས་པ་བཞིན་ནོ། །རྒྱུའི་ཐེག་པ་ལས་ཆེས་འཕགས་པ་འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་ནི་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལས་ཀྱང་ཤིན་ཏུ་དཀོན་ཅིང་། བརྒྱ་ལམ་ན་རེ་འགའ་ཙམ་ལས་
ཐོས་པར་དཀའ་ལ། གང་ཐོས་པ་ན་འབྲས་བུ་མཆོག་གི་གོ་འཕང་ལ་ངེས་པར་དབུགས་དབྱུང་བ་དང་འདྲ་ཞིང་། སྔགས་བླ་མེད་ཀྱི་ལམ་ཐམས་ཅད་ཀྱི་མཐར་ཐུག་པ་དབང་བཞི་པའི་ལམ་སེམས་ཀྱི་ཆོས་ཉིད་རིག་སྟོང་གཉུག་མ་དོན་གྱི་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྫོགས་པ་ཆེན་པོ་ལ་མཐར་ཐུག་པ་ཡིན་པའི་ཕྱིར། ལམ་དེས་མཐར་ཐུག་གི་འབྲས་བུ་མངོན་དུ་བྱེད་ཅིང་དེ་ལས་ལྷག་པའི་ལམ་གཞན་མེད་པར་སྒྱུ་འཕྲུལ་གསང་བ་སྙིང་པོ་ལས་གསུངས་པ་ལྟ་བུ་ཡིན་པས་ན། རྒྱུ་འབྲས་ཐེག་པ་ཀུན་དང་ཁྱད་པར་རྫོགས་པ་ཆེན་པོའི་རྒྱུད་དོན་གསལ་བར་བྱེད་པའི་བསྟན་བཅོས་ཆེན་པོ་འདི་རྣམས་དང་འབྲེལ་པའི་རྣམ་དཀར་གྱི་ཕུང་པོ་བསམ་པའི་ཡུལ་ལས་འདས་པ་ཡིན་ཏེ། མཐོང་ཐོས་དྲན་རེག་རྣམ་གྲོལ་གྱི་ལམ་ལ་འགོད་པར་འགྱུར་རོ། །དེ་ལྟར་བསྒྲུབས་པའི་ལེགས་བྱས་རྣམས་ཆུད་མི་ཟ་བའི་ཕྱིར་བསྔོ་བར་བྱ་བ་ལ། གང་ཞིག་ཐེག་མཆོག་དམ་པའི་ཆོས་ཀྱི་སྙིང་པོ་འདི་ལྟ་བུ་བསྡུ་སྒྲུབ་མཛད་ཅིང་སྤར་དུ་བསྒྲུབས་པ་ནི་ཕན་ཡོན་ཆེ་ཞིང་དོན་ཆེན་མཚུངས་པ་མེད་པ་ཡིན་པར་ཤེས་ནས་རང་གིས་ལེགས་བྱས་ལ་དགའ་ཞིང་ཡི་རངས་པར་བྱས་ན། དགེ་བའི་རྩ་བ་དེ་ཡང་འགྱོད་པ་སོགས་ཀྱིས་མ་གོས་པས་དྲི་མ་མེད་པ་དང་། གོང་ནས་གོང་དུ་རྒྱ་ཆེར་འཕེལ་བར་གསུངས་པའི་ཕྱིར། རང་དང་གཞན་གྱི་དགེ་རྩ་རྣམས་ལ་ཡི་རངས་ཤིང་
ལེགས་བྱས་དེ་དག་བར་མ་དོར་ཆུད་མི་ཟ་བར་མཐར་འབྲས་བྱང་ཆུབ་ཆེན་པོར་སྨིན་པ་དང་། གནས་སྐབས་སུ་རང་གཞན་གྱི་དོན་གཉིས་འགྲུབ་པའི་དཔལ་ཕུན་སུམ་ཚོགས་པ་འབྱུང་བའི་ཆེད་དུ་ཡོངས་སུ་བསྔོ་ཞིང་ཤིས་པ་བརྗོད་པའི་དགེ་ལེགས་ཀྱི་རིམ་པ་ནི། ཀུན་ལས་ཁྱད་འཕགས་ཀུན་བཟང་དགོངས་པའི་མཛོད། །ངེས་གསང་སྙིང་པོའི་བསྟན་པ་རིན་པོ་ཆེ། །ཡིད་དཔྱོད་རྟོག་གེའི་སྤྲོས་པ་ལ་འཆེལ་པས། །རྨོང་པའི་སྨག་ཏུ་འཕྱན་པར་བྱས་ན་ཡང་། །འཇམ་པའི་དབྱངས་དང་བློ་ལྡན་མཆོག་སྲེད་ཀྱི། །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་གར། །བླ་མའི་རྣམ་པས་འགོག་མེད་འཆར་བ་ཡི། །བདེན་གསུང་བསླུ་བ་མེད་པ་མངོན་སུམ་ཉིད། །རིག་སྟོང་གདོད་མའི་དབྱིངས་ལས་དགོངས་པའི་རྩལ། །ཅིར་ཡང་རྩེན་པའི་ཀློང་རྡོལ་རྡོ་རྗེའི་གསུངས། །ལེགས་བཤད་ནོར་བུའི་མཛོད་ཀྱི་བགོ་སྐལ་གྱི། །སྐལ་བཟང་ཐོབ་རྣམས་སྐལ་པ་བཟང་པོ་ཀྱེ། །གཞུང་བཟང་འདི་དག་དཀོན་མཆོག་གསུམ་དངོས་དེ། །ཆོས་སྐུའི་མཆོད་སྡོང་འགྲོ་བའི་དཔྱིད་དཔལ་མཆོག །འཛིན་སྐྱོང་སྤེལ་སོགས་གང་གིས་འབྲེལ་ཐོགས་པ། །བསོད་ནམས་ཕུང་པོ་བསམ་མི་ཁྱབ་ཅེས་གསུངས། །དེ་སླད་བླ་མའི་བཞེད་པར་རང་ཉིད་ཀྱི། །ལྷག་པའི་སེམས་ཀྱིས་ཚུལ་འདིར་བརྩོན་བྱས་པའི། །དགེ་བ་འདིས་མཚོན་རང་དང་གཞན་དག་
གི། དུས་གསུམ་དགེ་ཚོགས་གཅིག་ཏུ་བསྡུས་པ་གང་། །མཁའ་ཁྱབ་འགྲོ་བར་ཕྱོགས་དུས་ཐམས་ཅད་དུ། །བསྟན་དང་འགྲོ་ལ་སྨན་པ་མཆོག་ཉིད་ཕྱིར། །རྒྱལ་བ་ཀུན་དང་རྒྱལ་སྲས་ཆེ་རྣམས་ཀྱིས། །ཇི་ལྟར་བསྔོས་བཞིན་ཡོངས་སུ་བསྔོ་བར་བགྱི། །རྒྱལ་བསྟན་སྤྱི་དང་ནང་རྒྱུད་ཡོ་ག་གསུམ། །ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོ་ཡི། །རྒྱལ་བསྟན་རིན་ཆེན་ཕྱོགས་དུས་ཐམས་ཅད་དུ། །བཤད་དང་སྒྲུབ་པས་རྟག་ཏུ་འཛིན་གྱུར་ཅིག །ཕ་མས་གཙོར་བྱས་མཁའ་མཉམ་སེམས་ཅན་རྣམས། །སྡུག་བསྔལ་ཀུན་བྲལ་བདེ་དགའི་དཔལ་ཐོབ་དེ། །ཀུན་ཀྱང་ཐེག་མཆོག་བསྟན་ལ་རབ་ཞུགས་ནས། །རྫོགས་ལྡན་འབྱོར་བའི་དཔལ་ལ་སྤྱོད་གྱུར་ཅིག །རྗེ་བཙུན་བླ་མ་རྒྱལ་བ་སྲས་བཅས་ཀྱི། །ཐུགས་དགོངས་རྫོགས་ཤིང་བསྟན་འཛིན་དམ་པ་རྣམས། །ཞབས་པད་བརྟན་ཅིང་བསྟན་འགྲོར་ཕན་པ་ཡི། །ཐུགས་ཀྱི་བཞེད་དོན་ཆོས་མཐུན་འགྲུབ་གྱུར་ཅིག །ཆོས་འདི་གང་དུ་དར་བའི་གནས་རྣམས་སུ། །རྒུད་པ་ཀུན་ཞི་བཀྲ་ཤིས་དཔལ་འབྱོར་ཞིང་། །འགྲོ་ཀུན་རྫོགས་སྨིན་སྦྱང་བ་མཐར་ཕྱིན་ནས། །ཀུན་ཀྱང་ཀུན་མཁྱེན་རྒྱལ་བ་ཉིད་གྱུར་ཅིག །ཚུལ་འདིར་བསམ་སྦྱོར་འབྲེལ་བའི་འགྲོ་རྣམས་ཀྱང་། །ཐེག་མཆོག་དམ་པའི་ཆོས་དང་མི་འབྲལ་ཞིང་། །སེམས་ཉིད་འོད་གསལ་གཉུག་མའི་དོན་རྟོགས་དེ། །འདི་ཕྱི་ཀུན་ཏུ་བདེ་ཞིང་སྐྱིད་པར་ཤོག །དེ་
སྐད་སྨོན་གང་བདེ་བླག་འགྲུབ་འགྱུར་བའི། །མཐུན་འགྱུར་མཁའ་ཁྱབ་ཞིང་གི་རྩ་གསུམ་དང་། །སྲས་བཅས་རྒྱལ་བའི་བདེན་པའི་བྱིན་རླབས་ཀྱིས། །གྲུབ་པའི་དགེ་མཚན་མངོན་སུམ་མཐོང་གྱུར་ཅིག །འོད་གསལ་ལམ་ཀུན་ཀུན་ནས་ཡོངས་སུ་འགེངས་པ་ཡི། །རྒྱལ་དང་རྒྱལ་སྲས་རིག་འཛིན་ལྷ་དང་དྲང་སྲོང་གིས། །བདེན་ཚིག་ལྷ་ཡི་རོལ་མོ་མེ་ཏོག་ཆར་བཅས་ཏེ། །དགེ་མཚན་བཀྲ་ཤིས་དམ་པས་དགེ་ལེགས་ཀུན་སྩོལ་ཅིག །ཅེས་པ་ཡང་རྗེ་འཇམ་དབྱངས་བླ་མ་དགོངས་པ་གཞན་དུ་གཟིགས་སྐབས་ཕྱག་དཔེ་རྣམས་ཟེ་ཆེན་རྒྱལ་ཚབ་རིན་པོ་ཆེར་གནང་ཏེ་དོན་གྱིས་རྒྱལ་ཚབ་ཏུ་མངའ་གསོལ་བས་དགོངས་པ་འཕོས་ཏེ་རྟོགས་པ་ཀློང་རྡོལ་དུ་གྱུར་པ་འདི་ཉིད་དང་། ཀཿཐོག་པ་ཀུན་གཟིགས་སི་ཏུ་རིན་པོ་ཆེ་རྣམ་གཉིས་ཀྱིས་རྗེ་འདིའི་ལེགས་བཤད་རྣམས་རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་བའི་སྙིང་མིག་སྲོག་ལྟར་དགོངས་ཏེ་བསྡུ་སྒྲུབ་དང་སྤར་འཁོད་ཀྱི་ཐུགས་བཞེད་གནང་ནའང་མཛད་པ་རྒྱ་ཆེ་སྟབས་ཀྱིས་རེ་ཞིག་ཕལ་ཆེར་དེ་གར་ལྷག་སྟེང་། ས་ལུག་ལོར་རྒྱལ་ཚབ་རིན་པོ་ཆེས་བསྙེལ་བ་མེད་པར་དམན་པ་རང་ལ་བོང་བ་གསེར་གཟིགས་ཀྱིས་བཀའ་ནན་ཕེབ་པ་བཞིན་རང་ཡང་ཟེ་ཆེན་དུ་སོང་ནས་ཕྱག་དཔེ་གང་ཡོད་ཀྱི་ཕྱག་མཆན་སོགས་དཀྱུས་འཛུད་དང་ཞལ་གསར་བཤུ་གང་དགོས་དང་བཀའ་འབུམ་དཀར་ཆག་དགེ་བ་གསུམ་གྱི་ཆིང་གིས་བསྡུས་ཏེ་རྩོམ་ཐོ་བཅས་ཆེ་ལོངས་
ལེགས་པར་གྲུབ་ཅིང་། རྒྱལ་ཚབ་རིན་པོ་ཆེས་བདག་རྐྱེན་གྱིས་སྦར་དུའང་འཁོད་གྲུབ། ཡང་མེ་སྟག་ལོའི་དཔྱིད་དང་པོའི་སོས་ཐོག་འདིར་རྗེ་བླ་མའི་བཀའ་འབུམ་མཇུག་ཕུད་དང་། ཤེར་ཕྱིན། རྩ་ཤེས། མཛོད་བཅས་མཇུག་ཕུད་ཞུ་དག་ཆེད་དུ། འོང་དགོས་ཀྱི་བཀའ་ཕེབ་བཞིན་སོང་སྟེ། རང་དཔོན་སློབ་ལྷན་རྒྱས་ཀྱིས་མཇུག་ཕུད་ཞུ་དག་དགོས་རིགས་ཐུགས་བཞེད་ཆེ་ལོངས་རྣམས་གྲུབ་ཅིང་། དཀར་ཆག་དང་ཕྲ་ཞིབ་མ་གྲུབ་པར་བསྟན་འགྲོའི་བསོད་ནམས་ཀྱིས་མ་འཆུན་པར་རྒྱལ་ཚབ་རིན་པོ་ཆེ་དགོངས་པ་ཆོས་ཀྱི་དབྱིངས་སུ་རེ་ཞིག་བཞུགས་སོང་བར་རྫོང་གསར་ཞབས་དྲུང་རིན་པོ་ཆེའི་ཡང་སྲིད་དམ་པ་བྱོན་ཏེ། སྐུ་གདུང་རིན་པོ་ཆེའི་ཐོག་མཐའ་བར་སོགས་ཀྱི་བྱ་བ་རྣམས་མཛད་ཅིང་དམན་པ་རང་ལའང་དར་རྡོར་དྲིལ་དང་བཅས་རྗེ་ཀུན་མཁྱེན་བླ་མའི་བཀའ་འབུམ་དཀར་ཆག་གྲུབ་དགོས་ཀྱི་བཀའ་གནང་དང་སྤར་དུ་འཁོད་པའི་ཞལ་བཞེས་སྤྱི་བོར་ཕེབས་པ་དང་། ཉེ་གནས་དམ་པ་ཞིང་སྐྱོང་གིས་ཀྱང་བཀའ་བསྐུལ་དང་དུ་བླང་སྟེ། རྒྱལ་ཚབ་རིན་པོ་ཆེས་སྔར་གྱི་རྩོམ་གཞིའི་ཤོག་བྱང་དཀྱུས་བཀོད་ཀྱི་ས་བཅད་དང་པོ་གཉིས་ཆེ་ལོང་དུ་གྲུབ་པར་མཛད་པ་ལས་ཤོག་བྱང་འཛུད་དགོས་ཀྱི་རྟགས་ཡོད་མེད་རྣམས་སུ་ཤོག་བྱང་གསལ་བྱེད་གང་འོས་དཀྱུས་སུ་བཙུད་ཅིང་གསུམ་པ་ཐ་མར་དགེ་བ་ཉིད་རྗེ་འཇམ་དབྱངས་བླ་མ་རྒྱལ་ཚབ་རིན་པོ་ཆེའི་གསུང་ལས་གཙོ་བོར་བསྡུས་ཏེ་རབ་བྱུང་བཅུ་དྲུག་པ་གསར་ཚེས་ཀྱི་ནག་པ་ཟླ་བའི་དཀར་
ཕྱོགས་ཀྱི་དུས་ཚེས་དགེ་བ་བཟང་པོ་གཉིས་པར་ཀུན་མཁྱེན་བླ་མ་རྒྱལ་བ་ཀུན་དངོས་དུ་མའི་ཞབས་རྡུལ་ལ་རེག་པའི་སྐལ་བཟང་ཐོབ་ཀྱང་རང་གཤིས་ངན་པས་ཡོན་ཏན་རྡུལ་ཙམ་མེད་པས་ཐ་མལ་ལས་ཀྱང་ཐ་མལ་བ་ཤཱཀྱའི་རྗེས་འཇུག་གི་གཟུགས་བརྙན་རྨོངས་རྟུལ་གྱི་ན་བ་སུ་ཀུ་ས་ས་མནྟ་བྷ་དྲ་དྷརྨ་ཀིརྟིར་འབོད་པས་རྫོགས་པར་གྲུབ་པའི་ཡི་གེ་པ་ནི་ཤཱཀྱའི་དགེ་སློང་སྡེ་སྣོད་འཛིན་པ་ནུས་ལྡན་གྱིས་བགྱིས་པ་ཕྱོགས་དུས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་ཕུན་སུམ་ཚོགས་པས་ཀུན་བཟང་ཐུགས་ཀྱི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །༄། །ཨོཾ་སྭ་སྟི། རྒྱལ་ཀུན་ཡེ་ཤེས་གཅིག་འདུས་འཇམ་དཔལ་དབྱངས། །སྙིགས་དུས་འགྲོ་ལ་རྗེས་ཆགས་སྤྲུལ་པའི་གར། །ཟབ་རྒྱས་ཆོས་ཀྱི་མཛོད་འཛིན་དགེ་བའི་བཤེས། །མི་ཕམ་རྣམ་པར་རྒྱལ་བས་དགེ་ལེགས་སྩོལ། ༡ །མཁས་བཙུན་བཟང་པོའི་རྩ་བ་རབ་རྒྱས་ཤིང་། །འཆད་རྩོད་རྩོམ་པའི་ལོ་འདབ་མཐའ་གྲུར་རྒྱས། །ཐུགས་རྗེའི་འབྲས་བུ་འགྲོ་ལ་འདོད་དགུར་སྩོལ། །མཁས་དབང་ལྷ་ཡི་ལྗོན་ཤིང་མཆོག་དེར་འདུད། ༢ །སྒྲིབ་པའི་མུན་གྱིས་ནམ་ཡང་མི་ཕམ་པའི། །འཇམ་དཔལ་དགྱེས་པའི་དཔའ་བོ་གངས་ལྗོངས་ཀྱི། །མཁས་པའི་གཙུག་རྒྱན་བློ་གྲོས་ཉི་མོར་བྱེད། །མཁྱེན་བརྩེ་ནུས་པའི་སྣང་བ་རྒྱས་པའི་དཔལ། ༣ །མཚུངས་མེད་དཔལ་ལྡན་ས་གསུམ་བཀྲ་ཤིས་པའི། །ཕུལ་བྱུང་མཚུངས་མེད་
རྣམ་ཐར་འོད་ཟེར་གྱིས། །ཕྱོགས་ཀྱི་ནོར་འཛིན་མ་ལུས་གསལ་བ་དང་། །གྲགས་སྙན་གཟི་བྱིན་མཐའ་གྲུ་ཡོངས་ལ་བརྡལ། ༤ །ཟག་མེད་ཡོན་ཏན་རྒྱ་མཚོ་ཆེན་པོའི་གཏེར། །དེ་ལས་ཟིལ་པའི་ཆ་ལ་བསྔགས་པ་དང་། །བྱིན་རླབས་འདོད་དགུ་འཇོ་བའི་ལེགས་པར་གསུང་། །ནོར་བུའི་ཕྲེང་བའི་དཀར་ཆག་མཐོང་གྲོལ་འདི། ༥ །སྐལ་བཟང་རྣམས་ལ་རྒྱལ་མཚན་ཏོག་བཞིན་དུ། །དགོས་འདོད་རེ་བའི་ཆར་ཆེན་འབེབས་པ་དང་། །དད་བརྒྱའི་བསོད་ནམས་རྒྱ་ཆེའི་དཔལ་ཐོབ་ཞིང་། །བཤད་སྒྲུབ་བསྟན་པས་འཛིན་མ་ཡོངས་སུ་ཁེངས། ༦ །དེ་ཕྱིར་ཆོས་སྤྱན་མཁྱེན་པའི་དཔལ་མངའ་བ། །སྟག་ལུང་ཆོས་རྗེ་དཔལ་ལྡན་མཁས་མཆོག་ནས། །སྒྱུ་མའི་ནོར་གྱིས་སྙིང་པོའི་ས་བོན་དུ། །དངོས་རྫས་ཞལ་འདེབས་དང་བཅས་དགེ་བསྐུལ་བཞིན། ༧ །བླ་མ་མཆོག་དེའི་མཚན་ཙམ་ཐོས་པས་ཀྱང་། །མི་ཕྱེད་དད་བརྒྱའི་བ་སྤུ་རབ་གཡོ་ཞིང་། །མཚུངས་མེད་བསྟན་ལ་མཛད་པའི་བཀའ་དྲིན་དག །ཆ་ཤས་གསབ་ཕྱིར་ལྷག་བསམ་བཟང་པོས་བསྒྲུབས། ༨ །ཤེས་བྱའི་གནས་ལ་རབ་རྨོང་ཐོས་བརྩོན་གྱི། །ཡོན་ཏན་ཡོངས་དམན་གཞུང་ཞབས་ཐ་ཤལ་བ། །དཔུང་གི་ཁ་ལོ་མདའ་མིང་བཀྲས་མཐོང་བས། །ཆོས་སྦྱིན་འཛད་མེད་འཇོ་བའི་སྤར་དུ་བརྐོས། ༩ །བསོད་ནམས་འདི་ཡིས་རྒྱུ་སྦྱོར་བས་གཙོས་ལུས་ཅན་འགྲོ་བ་ཇི་སྙེད་ཀུན། །མཚུངས་མེད་རྗེ་བཙུན་བླ་མ་མཆོག་དེའི་ཐུགས་རྗེའི་རུམ་དུ་ལེགས་ཚུད་ནས། །སྒྲིབ་གཉིས་སྒོང་རྒྱའི་
མུན་ལས་གྲོལ་ཏེ་ཚོགས་གཉིས་འདབ་གཤོག་རབ་རྒྱས་ཤིང་། །ཀུན་ཀྱང་གདོད་མའི་མཁའ་ལ་ལྡིང་ཞིང་ཆོས་སྐུའི་རྒྱལ་སར་མངོན་གྱུར་ཤོག ༡༠ །བཀྲ་ཤིས་རིན་ཆེན་ནོར་འཛིན་ཡངས་པའི་ཕྱོགས་ཀུན་ཏུ། །བཀྲ་ཤིས་བཤད་སྒྲུབ་བསྟན་པའི་དགའ་ཚལ་རྣམ་པར་རྒྱས། །བཀྲ་ཤིས་ཕན་བདེ་འདོད་རྒུའི་མེ་ཏོག་རབ་བཀྲ་ཞིང་། །བཀྲ་ཤིས་དགེ་མཚན་སྐྱེ་འགྲོ་བུང་བའི་དཔལ་དུ་ཤོག །ཅེས་སྤར་བྱང་སྨོན་པའི་ཚིགས་སུ་བཅད་པ་འདིའང་རིགས་གཞུང་ཤེས་བྱ་ཀུན་ལ་སྦྱང་སྐྱེས་ཀྱི་ཡོན་ཏན་རི་བོང་གི་རྭ་ལྟར་མ་མཆིས་ཀྱང་མོས་བློ་ཆེ་ཞིང་བག་ཆགས་བཟང་པོའི་ས་བོན་ལྟ་བུར་རྒྱུ་སྦྱོར་བཀྲས་མཐོང་པ་ཨཀྵ་ར་ས་མུ་དྲས་སྦྱར་བ་འདི་ལ་མཁས་ཀུན་བཟོད་པར་བཞེས་ཤིག །སྤར་འདི་སྡེ་དགེ་དགོན་ཆེན་ལྷུན་གྲུབ་སྟེང་སྤར་ཁང་ཆོས་མཛོད་ཆེན་མོར་བཞུགས་སོ། །སརྦ་དཱ་ཀ་ལྱ་ཎཾ བྷ་ཝནྟུ།། །