Nitartha Digital Library
Tibetan
གླེགས་བམ་བརྒྱད་པ།

16 occurrences of འབར་བ་
[Clear Hits]


  
  
  
  
 
བཤེས་སྤྲིང་གི་མཆན་འགྲེལ་པདྨ་དཀར་པོའི་ཕྲེང་བ།
  
  
 
  
 
  
 
 


16 occurrences of འབར་བ་
[Clear Hits]

 
previousབཤེས་སྤྲིང་གི་མཆན་འགྲེལ་པདྨ་དཀར་པོའི་ཕྲེང་བ།next

བཤེས་སྤྲིང་གི་མཆན་འགྲེལ་པདྨ་དཀར་པོའི་ཕྲེང་བ།


MR08_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་སྤྲིང་གི་མཆན་འགྲེལ་པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་ ་བཞུགས་སོ། །


MR08_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། མཁྱེན་རབ་རལ་གྲི་འབར next hit་བའི་གཟི་འོད་ཀྱིས། །ཀུན་རྨོངས་མུན་པའི་འཁྲི་ཤིང་དྲུང་ཕྱུངས་ནས། །མཁྱེན་གཉིས་ཡེ་ཤེས་སྣང་བ་སྦྱིན་མཛད་པ། །བླ་མ་འཇམ་མགོན་སྨྲ་བའི་སེང་གེས་སྐྱོངས། །ཐུབ་གསུང་ཟབ་དང་རྒྱ་ཆེའི་དགོངས་པའི་དོན། །ཇི་བཞིན་འགྲེལ་མཁས་དཔལ་མགོན་འཕགས་པ་ཀླུའི། །ལེགས་བཤད་བཤེས་སྤྲིང་མཆན་འགྲེལ་པད་དཀར་ཕྲེང་། །བླ་མའི་གསུང་བཞིན་སྤེལ་འདི་དགའ་བས་ལོངས། །དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་པའི་སྤྲིང་ཡིག་འདི་ཉིད་འཆད་པ་ལ། མཚན་གྱི་དོན། འགྱུར་ཕྱག །གཞུང་


MR08_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དོན། མཇུག་དོན་དང་བཞི་ལས། དང་པོ་ནི། རྒྱ་གར་སྐད་དུ། སུ་ཧྲི་ད་ལེ་ཁ། བོད་སྐད་དུ། བཤེས་པའི་སྟེ་མཛའ་བོ་རྒྱལ་བུ་བདེ་སྤྱོད་ཅེས་བྱ་བ་དང་དངོས་སུ་མ་ཕྲད་པར་སྤྲིང་བས་ན་སྤྲིང་ཡིག་གོ། གཉིས་པ་ནི། ཉེས་པའི་ཟུག་ངུ་ཀུན་དང་བྲལ་བས་འཇམ་ཞིང་དོན་གཉིས་ཀྱི་དཔལ་དང་ལྡན་པ་སྐུ་བགྲེས་རྒུད་མེད་པས་གཞོན་ནུར་གྱུར་པ་དེ་ལ་ཕྱག་འཚལ་ལོ་ཞེས་ལོ་ཙཱ་བས་བཀོད་པའོ། །གསུམ་པ་ལ། ཐོག་མར་དགེ་བ་ཀླད་ཀྱི་དོན། །བར་དུ་དགེ་བ་གཞུང་གི་དོན། །ཐ་མར་དགེ་བ་མཇུག་ཀུན་གི་དོན་དང་གསུམ་ལས། དང་པོ་ལ། བརྩམ་པར་དམ་བཅའ་བའི་སྒོ་


MR08_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཉན་པར་བསྐུལ་བ། ཁེངས་སྐྱུང་པའི་ཚུལ་གྱིས་ཉན་རིགས་པར་གདམས་པ་གཉིས། དང་པོ་ནི། ཕུན་སུམ་ཚོགས་པའི་ཡོན་ཏན་གྱི་རང་བཞིན་དགེ་བ་དམ་པའི་ཆོས་ཉན་པའི་སྣོད་དུ་འོས་པ་ཞེས་བོས་ནས་གཞུང་མཛད་པ་པོ་ཀླུ་སྒྲུབ་བདག་གིས་ནི། དབྱངས་ཀྱི་ཡན་ལག་དྲུག་ཅུ་དང་ལྡན་པའི་བདེ་བར་གཤེགས་པའི་གསུང་གིས་བསྙད་པའི་སྡེ་སྣོད་རིན་པོ་ཆེ་རྣམས་ལས་བྱུང་བའི་དོན། ཁྱོད་ཀྱི་ཐུགས་བསོད་ནམས་ལ་འདུན་པའི་སླད་དུ་སྡེབ་སྦྱོར་འཕགས་པའི་དབྱངས་དང་ལྡན་པའི་ཚིགས་སུ་བཅད་པ་འདི་དག ཅུང་ཟད་ཅིག་བསྡེབས་པ་ཁྱོད་ཀྱིས་གསན་པའི་རིགས་སོ་ཕྱི་མ་ལ་ཚིག་གི་སྒོ་ནས་ཁེངས་སྐྱུང་བ་དང་། དོན་གྱི་སྒོ་ནས་ཁེངས་སྐྱུང་བ་གཉིས། དང་པོ་ནི། དཔེ་ཇི་ལྟར་བདེ་གཤེགས་ཀྱི་སྐུ་གཟུགས་རྒྱུ་དམན་པ་ཤིང་ལས་ཀྱང་། བགྱིས་པ་རྣམ་པ་སྒྲོས་གཙང་མིན་ཅི་འདྲའང་རུང་སྟེ་མཁས་པས་སྤྱི་བོར་མཆོད་པ། དེ་བཞིན་དུ་བདག་གི་སྙན་ངག་འདི་ཚིག་གི་སྦྱོར་བ་སོགས་ངན་ན་ཡང་། ཟབ་མོའི་དམ་ཆོས་བརྗོད་པ་ལ་བརྟེན་སླད་སྨད་པར་མི་བགྱི་སྟེ་བླང་བར་བྱའོ་ཞེས་གདམས་པའོ། །གཉིས་པ་ནི། སྒོ་གསུམ་གྱི་ཉེས་པ་ངང་གིས་བསྡམས་པའི་ཐུབ་པ་ཆེན་པོའི་བཀའ་ནི་ཐོག་ཐ་བར་གསུམ་དུ་དགེ་བ་སྙན་དགུ་སྟེ་མང་པོ་


MR08_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གི་དོན། ཁྱེད་རང་ཉིད་ཀྱི་ཐུགས་སུ་ལྟ་ཡང་སྟེ་སྔར་ནས་ཆུད་མོད་ཀྱི། འོན་ཀྱང་དཔེར་ན་རང་བཞིན་གྱིས་དཀར་བ་རྡོ་ཐལ་ལས་བགྱིས་པའི་དཀར་རྩི་སོགས་ལ་རྐྱེན་དགུང་ཟླའི་འོད་ཀྱིས་ནི། སྔར་ལས་ཀྱང་ཆེས་དཀར་ཉིད་དུ་ཅི་སྟེ་མི་བགྱིད་དེ་བགྱིད་པ་དེ་བཞིན་དུ་ལགས་སོ། །གཉིས་པ་གཞུང་དོན་ལ། མངོན་མཐོ་དང་ངེས་པར་ལེགས་པའི་ལམ་གྱི་རྟེན་དད་པ་བཤད་པ་དང་། ལམ་གྱི་ངོ་བོ་གཉིས། དང་པོ་ལ། གང་ལ་དད་པར་བྱ་བའི་གཞི་སངས་རྒྱས་སོགས་རྗེས་དྲན་དྲུག་མདོར་བསྟན་པ་དང་། རྗེས་དྲན་ཕྱི་མ་གསུམ་རྒྱས་པར་བཤད་པའོ། །དང་པོ། བདུད་བཞི་ལས་རྒྱལ་བའི་རྒྱལ་བས་སངས་རྒྱས་དང་ཆོས་དང་དགེ་འདུན་དང་། གཏོང་བ་དང་ཚུལ་ཁྲིམས་དང་ལྷ་རྗེས་སུ་དྲན་པ་སྟེ་རྣམ་པ་དྲུག། རབ་ཏུ་བཀའ་སྩལ་པ་དེ་དག་སོ་སོ་ཡི་སྟེ། སངས་རྒྱས་དོན་གཉིས་ལྷུན་གྲུབ། ཆོས་བདེན་གཉིས་མ་ནོར་པ། དགེ་འདུན་རིག་གྲོལ་གཉིས་ལྡན། གཏོང་བ་འབྱོར་པ་ཕུན་སུམ་ཚོགས་པའི་རྒྱུ། ཚུལ་ཁྲིམས་རྣམ་པར་དག་པ་ཡོན་ཏན་གྱི་གཞི། ལྷ་ནི་རང་གི་དཔང་པོའམ་མངོན་མཐོའི་ཆོས་ཉམས་སུ་བླང་པས་འབྲས་བུ་ཁྱད་པར་ཅན་ཐོབ་པ་སྟེ། ཡོན་ཏན་གྱི་ཚོགས་ཀྱི་རྗེས་སུ་དྲན་པར་བགྱིའོ། །གཉིས་པ་ལ། ལྷ་རྗེས་དྲན།


MR08_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བ། ཚུལ་ཁྲིམས་རྗེས་དྲན་གསུམ། དང་པོ། དགེ་བའི་ལས་བདུན་དང་ལམ་གསུམ་སྟེ་བཅུ་པོ་ཡང་ནི་ལུས་ཀྱིས་སྲོག་གཅོད་མ་བྱིན་ལེན་འདོད་ལོག་སྤོང་བ་གསུམ་དང་ནི། ངག་གིས་རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་སྤོང་བ་སྟེ་བཞི་དང་ཡིད་ཀྱིས་བརྣབ་སེམས་ཀུན་གནོད་སེམས་ལོག་ལྟ་སྤོང་ཞིང་ཡང་དག་པའི་ལྟ་བ་ལ་རྟག་ཏུ་བསྟེན་པར་བགྱི་ཞིང་། རང་བཞིན་གྱི་ཁ་ན་མ་ཐོ་བ་མིན་ཡང་དབང་པོའི་མཐུ་ཉམས་པར་བྱེད་པ་ཆང་གི་བྱེ་བྲག་རྣམས་ལས་ལྡོག་པར་མཛད་པ་དང་དེ་བཞིན་དུ་གཞན་ལ་མི་གནོད་ཅིང་བག་མེད་ཀྱི་རྒྱུར་མི་འགྱུར་བའི་དགེ་བ་ཡི། འཚོ་བ་ལ་ཡང་མངོན་པར་དགྱེས་པར་མཛོད་ཅིག །དེས་འབྲས་བུ་ཁྱད་པར་ཅན་ལྷ་ཡི་གནས་འཐོབ་བོ་ཞེས་སོ། །གཉིས་པ་ནི། ལོངས་སྤྱོད་རྣམས་ནི་མི་རྟག་པས་གཡོ་བ་ཡིད་བརྟན་གྱི་སྙིང་པོ་མེད་ཅིང་ཇི་ཙམ་འབྱོར་ཡང་ངོམ་མི་ཤེས་པར་མཁྱེན་ནས། ཡུལ་ཡོན་ཏན་ཅན་དགེ་སློང་དང་བྲམ་ཟེ་སྡུག་བསྔལ་ཅན་བཀྲེན་པ་སོགས་དང་ཕན་འདོགས་པའི་བཤེས་རྣམས་ལ། མ་དག་པའི་སྦྱིན་པ་སྤངས་སྟེ་བསམ་པ་དང་དངོས་པོ་དག་པའི་སྦྱིན་པ་ཚུལ་བཞིན་དུ་སྩལ་བར་བགྱིའོ་དེའི་དགོས་པ་ནི་འཇིག་རྟེན་ཕ་རོལ་ཏུ། སྦྱིན་ལས་གཞན་པའི་གཉེན་མཆོག་ཏུ་གྱུར་པ་མ་མཆིས་སོ། །གསུམ་པ། ཁྱོད་ཀྱི་ཚུལ་ཁྲིམས་ལ་འཆལ་


MR08_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཀྱི་སྐྱོན་དང་བྲལ་བས་མ་ཉམས་པ་དང་འཆལ་ཁྲིམས་ཀྱི་གཉེན་པོར་གྱུར་པའི་ཡན་ལག་རྫོགས་པས་མོད་མི་དམའ་སྟེ་ཕུན་སུམ་ཚོགས་པའམ་རྒྱ་ཆེ་བ་དང་། འབྲས་བུ་ཞི་བར་གཞོལ་བ་ལམ་འཇིག་རྟེན་པའི་ལམ་དང་མ་འདྲེས་པ་དང་འཆལ་ཁྲིམས་ཀྱི་རྒྱུ་ཉོན་མོངས་པའི་ཀུན་སློང་ངན་པ་སོགས་ཀྱིས་མ་སྦགས་པ་སྟེ་ཚུལ་ཁྲིམས་རྣམ་པར་དག་པའི་ཡོན་ཏན་བཞི་དང་ལྡན་པ་དག་བསྟེན་པར་མཛོད་ཅིག །ཁྲིམས་ནི་རྒྱུ་བ་མི་སོགས་དང་མི་རྒྱུ་བ་རི་དང་ཁང་ཁྱིམ་ལ་སོགས་པའི་རྟེན་གཞི་ས་ཡིན་པ་བཞིན་དུ། མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་ཏེ་ཡིན་པར་གསུངས་སོ། །གཉིས་པ་ལམ་གྱི་ངོ་བོ་ལ། མདོར་བསྟན། རྒྱས་བཤད། དེ་དག་གི་དོན་ཉམས་སུ་ལེན་པ་ལ་དབུགས་དབྱུང་བ་གསུམ། དང་པོ། ཐབས་ལ་མཁས་པས་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་། དེ་བཞིན་དུ་ཤེས་རབ་རྣམས་རྒྱ་ཆེ་བ་གཞལ་དུ་མེད་པ་དང་འཁོར་གསུམ་དུ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པས་ཕ་རོལ་ཕྱིན་པ་སྟེ། འདི་དག་རང་རྒྱུད་དུ་རྒྱས་པར་མཛོད་ལ་སྲིད་པའི་རྒྱ་མཚོ་ཡི། ཕ་རོལ་དུ་ཕྱིན་པ་རྒྱལ་བའི་དབང་པོར་མཛོད་ཅིག །གཉིས་པ་ལ། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས།


MR08_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན། ཤེས་རབ་དྲུག་ལས། དང་པོ་ནི། གང་ལ་ཕ་དང་མ་དག་བཀུར་སྟིས་མཆོད་པར་བྱེད་པའི། རིགས་དེ་ཚངས་པ་དང་བཅས་སློབ་དཔོན་དང་བཅས་པའང་སྟེ་འཇིག་རྟེན་ན་མཆོད་འོས་སུ་གྱུར་པ་དེ་གཉིས་དང་མ་བྲལ་བ་ལགས་པས། དེ་དག་ལ་མཆོད་པས་ཚེ་འདིར་བྱས་པ་ཤེས་ཤིང་དྲིན་གཟོ་སོགས་ཀྱི་ཡོན་ཏན་གྱིས་གྲགས་པར་འགྱུར་བ་དང་། སླད་མ་སྟེ་སྐྱེ་བ་གཞན་ལ་ཡང་མཐོ་རིས་སུ་སྐྱེ་བར་འགྱུར་བ་ལགས། གཉིས་པ་ལ་བཞི། བསྲུང་བྱ་ཚུལ་ཁྲིམས། དེའི་མི་མཐུན་ཕྱོགས་སྤང་པ། མཐུན་ཕྱོགས་བག་ཡོད་བསྒྲུབ་པ། བག་ཡོད་པའི་ཕན་ཡོན་དཔེས་ཀུན་བཤད་པའོ། །དང་པོ་ནི། གཞན་ལ་འཚེ་བ་སྟེ་རྒྱུ་མིང་གིས་སྨོས་པ་སྲོག་གཅོད་པ་དང་ཆོམ་རྐུན་ཏེ་མ་བྱིན་པ་ལེན་པ་དང་འཁྲིག་པ་སྟེ་གཡེམ་དང་བརྫུན་སྤང་བ་སྟེ་ཚུལ་ཁྲིམས་ཀྱི་ཡན་ལག་བཞི་དང་ནི། བག་ཡོད་ཀྱི་ཡན་ལག་ཆང་སྤང་བ་དང་བརྟུལ་ཞུགས་ཀྱི་ཡན་ལག་གསུམ་ནི་དུས་མིན་པར་ཕྱི་དྲོའི་ཁ་ཟས་ལ་ཆགས་པ་སྟེ་ཟ་བ་དང་། མལ་སྟན་མཐོ་ལ་དགའ་བ་དང་ངག་གི་གླུ་དག་དང་། ལུས་ཀྱི་གར་དང་ཕྲེང་བའི་ཁྱད་པར་རྒྱན་དུ་མ་རྣམས་རྣམ་པར་སྤོང་ཞིང་། སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་ཚུལ་ཁྲིམས་ཇི་ལྟར་བསྲུང་བའི་རྗེས་སུ་བྱེད་པ་ཡི། ཡན་ལག་བརྒྱད་པོ་འདི་དག་དང་ལྡན་


MR08_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ན། གསོ་སྦྱོང་ཞེས་བྱ་ལ་དེས་འདོད་པ་ན་སྤྱོད་པའི་ལྷ་ཡི་ལུས་ཡིད་དུ་འོང་བ་དེ། རྟེན་མ་ནིང་སོགས་ལ་མི་སྐྱེ་བས་སྐྱེས་པ་དང་བུད་མེད་དག་ལ་སྩོལ་བའམ་སྦྱིན་པར་བགྱིད་དོ། །གཉིས་པ། དངོས་པོ་གཏོང་མི་འདོད་པའི་སེར་སྣ་རང་གི་ཉེས་པ་བཅབ་པའི་གཡོ་ཡོན་ཏན་ཡོད་པའི་ཟོབ་སྟོན་པ་སྒྱུ་བདག་དང་ལོངས་སྤྱོད་དང་བུད་མེད་ལ་འཁྲིགས་པའི་བདེ་བ་ལ་ཆགས་པ་དང་བླང་དོར་ཅི་ལའང་མི་འཇུག་པའི་སྙོམ་ལས་དང་། ཡོན་ཏན་གྱི་ཁྱད་པར་མི་ལྡན་པ་ལ་ལྡན་ནོ་སྙམ་པ་མངོན་པའི་ང་རྒྱལ་ཟག་བཅས་ཀྱི་ཡུལ་ཡིད་དུ་འོང་བ་ལ་འདོད་ཆགས་མི་འོང་བ་ལ་ཞེ་སྡང་དང་། རྒྱལ་རིགས་དང་བྲམ་ཟེ་སོགས་རིགས་དང་གཟུགས་མཛེས་པ་དང་ཕྱི་ནང་གི་རིག་པ་མང་དུ་ཐོས་པ་དང་ལང་ཚོ་གཞོན་པ་དང་། དབང་ཐང་ངམ་མངའ་ཐང་ཆེ་བས་རྒྱགས་པ་སྟེ་རང་གི་ཆོས་དེ་དག་ལ་བསམ་སྟེ་ཆགས་ཤིང་རོ་མྱང་བའི་རྣམ་པ་ཅན་དེ་ཉིད་དགྲ་བཞིན་དུ་གཟིགས་ཤིག །གསུམ་པ། དགེ་ཆོས་སྒོམ་ཞིང་ཟག་བཅས་ལས་སེམས་སྲུང་པའི་བག་ཡོད་པ་ནི་བདུད་རྩིའི་གནས་མི་འཆི་བ་ཏེ་མྱང་འདས་དང་བག་མེད་པ་ནི། འཁོར་བ་འཆི་བའི་གནས་སུ་ཐུབ་པས་བཀའ་སྩལ་ཏེ། མདོ་ལས། བག་ཡོད་བདུད་རྩིའི་གནས་ཡིན་ཏེ། །བག་མེད་པ་ནི་འཆི་


MR08_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གནས། །བག་ཡོད་འཆི་བར་མི་འགྱུར་ཏེ། །བག་མེད་པ་ནི་རྟག་ཏུ་འཆི། །ཞེས་སོ། །དེ་བས་ཁྱོད་ཀྱིས་དགེ་བའི་ཆོས་གོང་ནས་གོང་དུ་སྤེལ་བའི་སླད་དུ། དགེ་བ་ལ་གུས་པས་རྟག་ཏུ་བག་དང་བཅས་པར་མཛོད་ཅིག །བཞི་པ། གང་ཟག་གང་ཞིག་སྔོན་ཆད་བག་མེད་པར་གྱུར་པ་ལ། ཕྱིས་ནས་བག་དང་ལྡན་པར་གྱུར་པ་དེ་ཡང་ནི། དཔེར་ན་ཟླ་བ་སྤྲིན་དང་བྲལ་བ་ལྟ་བུར་རྣམ་པར་མཛེས་པ་ཡིན་ཏེ། ཆགས་ཅན་གཅུང་དགའ་བོ་དང་གཏི་མུག་ཅན་ལོག་པའི་བཤེས་ཀྱིས་བསླུས་པ་སོར་ཕྲེང་ཅན་གྱིས་མི་དགུ་བརྒྱ་གོ་དགུ་བསད་པ་དང་ཞེ་སྡང་ཅན་མཐོང་ལྡན་ཏེ་རྒྱལ་པོ་མ་སྐྱེས་དགྲ་སྡིག་གྲོགས་ཀྱི་དབང་དུ་གྱུར་ཏེ་རང་གི་ཕ་བསད་པ་དང་ཆགས་སྡང་གཉིས་ཀ་ཅན་བདེ་བྱེད་ཀྱིས་གཞན་ལ་གཡེམ་པའི་ཕྱིར་རང་གི་མ་བསད་པ་དག་ཀྱང་ཕྱིས་གཉེན་པོའི་ཆོས་རྒྱུད་ལ་བརྟེན་པས་སྔ་མ་གཉིས་དགྲ་བཅོམ་དང་བར་མ་བྱང་སེམས་ཐ་མ་ལྷར་སྐྱེས་ནས་བདེན་པ་མཐོང་བ་བཞིན་ནོ། །གསུམ་པ་བཟོད་པ་ལའང་ཀུན་བཞི། རྒྱུ་ཁོང་ཁྲོ་སྤང་པར་གདམས་པ། འབྲས་བུ་འཁོན་འཛིན་སྤང་བ། ཞར་ལ་གཞི་སེམས་ཀྱི་ཁྱད་པར། ཁྲོ་བའི་རྐྱེན་ཚིག་རྩུབ་སྤང་བའོ། །དང་པོ། འདི་ལྟར་བཟོད་པ་དང་མཚུངས་པའི་དཀའ་ཐུབ་གཞན་མ་


MR08_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་པས། ཁྱོད་ཀྱིས་དང་པོ་ནས་ཁྲོ་བའི་གོ་སྐབས་དབྱེ་བར་མི་བགྱི་སྟེ། ཁྲོ་བ་སྤོངས་པས་འབྲས་བུ་ཕྱིར་མི་ལྡོག་པ་ཉིད། འཐོབ་པར་འགྱུར་པར་སངས་རྒྱས་ཀྱིས་ཞལ་གྱིས་བཞེས་པ་སྟེ། དགེ་སློང་དག་འདི་ལྟ་སྟེ། ཁྲོ་བ་སྤོངས་ཤིག་དང་། ཁྱོད་ཕྱིར་མི་ལྡོག་པའི་གཉའ་འོར་གྱུར་པ་ཡིན་ནོ། །ཞེས་སོ། །གཉིས་པ། བདག་ནི་ཕ་རོལ་པོ་འདིས་དངོས་སུ་ཚིག་ངན་པས་སྤྱོས་ལྐོག་ཏུ་འདིས་གཏག་སྟེ་སྐྱོན་གྱིས་ངན་བྱས་སྟོབས་ཀྱིས་ཕམ་པར་བྱས་སོ། །འདི་ཡིས་བདག་གི་ནོར་ཕྲོགས་པར་གྱུར་ཏོ་ཞེས། སྔར་གྱི་ཁོན་དུ་འཛིན་པའི་སེམས་ཀྱིས་ལུས་ངག་གི་འཁྲུགས་ལོང་རྣམས་སྐྱེད་དེ། ཁོན་འཛིན་དེ་རྣམ་པར་སྤངས་ན་སེམས་ལ་ཟུག་ངུ་དང་བྲལ་བས་བདེ་བར་གཉིད་ཀྱིས་ལོག་པ་ཞེས་བྱའོ། །གསུམ་པ། འགྲོ་བའི་སེམས་ཀྱི་ཚུལ་ནི་ཆུ་དང་ས་དང་རྡོ་བ་ལ། རི་མོར་བྲིས་པ་དེ་འདྲར་མི་བརྟན་པ་དང་བརྟན་པ་དང་ཤིན་ཏུ་བརྟན་པའི་ཁྱད་པར་རིག་པར་བགྱིའོ། །དེའི་ནང་ནས་ཉོན་མོངས་ཅན་གྱི་སེམས་ལ་དང་པོ་ཆུ་ལ་རི་མོ་ལྟ་བུ་ནི། མཆོག་སྟེ་ཆོས་ལ་འཇུག་པར་འདོད་པའི་དགེ་སེམས་རྣམས་ལ་ནི་ཐ་མ་སྟེ་རྡོ་ལ་རི་མོ་བྲིས་པ་བཞིན་དུ་འགྱུར་བ་མེད་པ་ཉིད་མཆོག་ལགས་སོ་


MR08_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ། རྒྱལ་བས་མཐུན་པར་སྨྲས་པས་སྙིང་ལ་འབབ་པ་དང་དོན་ཇི་བཞིན་སྨྲ་བ་བདེན་པ་དང་། མི་མཐུན་པའམ་མི་ཤེས་པས་ལོག་པར་སྨྲ་བ་དང་ལྡན་པ་སྟེ་སྐྱེས་བུ་རྣམས་ཀྱི་ཚིག་ནི་གོ་རིམ་བཞིན་དུ། སྦྲང་རྩི་ལྟ་བུ་དང་མེ་ཏོག་ལྟ་བུ་དང་མི་གཙང་ལྟ་བུའི་ཚིག་ཅེས། རྣམ་པ་གསུམ་དུ་ཕྱེ་སྟེ་བཀའ་སྩལ་པ་དེ་ལས། ཐ་མ་ནི་སྤང་བར་བྱ་བ་ཁོ་ནའོ། །བཞི་པ་བརྩོན་འགྲུས་ལ། གང་ལ་བརྩོན་པར་བྱ་བའི་གཞི་དང་། བསམ་སྦྱོར་དག་པར་མཚུངས་པའི་བརྩོན་འགྲུས་ལ་གདམས་པ་གཉིས། དང་པོ། སྣང་ནས་སྣང་བའི་མཐར་ཐུག་སྟེ་འགྲོ་བ་འདིར་ཡང་བདེ་ལ་ཕྱི་མར་ཡང་བདེ་བ་དང་མུན་པ་ནས། མུན་པའི་མཐར་ཐུག་སྟེ་འདིར་སྡུག་བསྔལ་ལ་ཕྱི་མར་ཡང་སྡུག་བསྔལ་གྱི་གནས་སུ་འགྲོ་བ་དང་སྣང་ནས་མུན་མཐར་ཐུག་སྟེ་འདིར་བདེ་ལ་ཕྱི་མར་སྡུག་བསྔལ་བ་དང་། མུན་ནས་སྣང་བའི་མཐར་ཐུག་འདིར་སྡུག་ཀྱང་ཕྱི་མར་བདེ་བར་འགྲོ་བའི་གང་ཟག་ནི། བཞི་སྟེ་དེ་དག་རྣམས་ཀྱི་ནང་ནས་དང་པོར་ཏེ་བདེ་ནས་བདེ་བར་བགྲོད་པར་མཛོད་ཅིག །གཉིས་པ། མི་ནི་ཨ་མྲའི་འབྲས་བུ་བཞིན་དུ་ཕྱི་ནང་སྨིན་མ་སྨིན་གྱི་མུ་བཞི་ཡོད་པ་སྟེ་དེ་ཡང་ནང་མ་སྨིན་ལ། ཕྱི་ནས་ལྟས་ན་སྨིན་པ་དང་འདྲ་བ་དང་ནང་སྨིན་ལ་ཕྱི་མ་སྨིན་པ་འདྲ་བ་དང་། ནང་མ་སྨིན་


MR08_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱི་ཡང་མ་སྨིན་པར་སྣང་བ་དང་ནང་སྨིན་པ་ལ་ནི། ཕྱི་ཡང་སྨིན་པར་སྣང་ཞེས་བགྱི་བ་དང་འདྲར་ཤེས་པའམ་རྟོགས་པར་མཛོད་ཅིག །ལྔ་པ་བསམ་གཏན་ལ། སྦྱོར་བ། དངོས་གཞི། ཀུན་རྗེས་ཀྱི་བྱ་བ་གསུམ་ལས། དང་པོ་ལ་གཉིས། མི་མཐུན་ཕྱོགས་རྣམ་གཡེང་སྤང་བ་དང་། མཐུན་ཕྱོགས་ཚད་མེད་བཞི་སྒྲུབ་པའོ། །དང་པོ་ལ། ཡུལ་གྱིས་གཡེང་བ།ཆོས་བརྒྱད་ཀྱིས་གཡེང་བ། ནོར་གྱིས་གཡེང་བ། ལོངས་སྤྱོད་ཀྱིས་གཡེང་བ་བཞི་ལས། དང་པོ་ལ། ནང་གི་འདུ་ཤེས་སྒྱུར་བའི་སྒོ་ནས་དབང་པོ་ཡོངས་སུ་བསྡམ་པ་དང་། ཡུལ་གྱི་མཚན་ཉིད་ཤེས་པའི་སྒོ་ནས་ཆགས་པ་སྤང་བ་གཉིས། དེའི་དང་པོ་ལའང་བཞི་སྟེ། གཞན་གྱི་བུད་མེད་ལས་དབང་པོ་བསྲུང་བར་གདམས་པ། འདོད་པ་གཞན་ལས་དབང་པོ་བསྲུང་བར་གདམས་པ། དབང་པོ་མ་བསྡམ་པའི་སྐྱོན། དབང་པོ་བསྡམས་ཐུབ་པ་ལ་བསྔགས་པའོ། །དང་པོ་ནི། གཞན་གྱི་ཆུང་མ་ལ་ཆེད་དུ་མི་ལྟ་རང་བཞིན་གྱིས་མཐོང་ན་ཡང་། ན་ཚོད་མཐུན་པར་རང་ལས་ཆེ་ན་མ་དང་ཆུང་ན་བུ་མོ་དང་། མཉམ་ན་སྲིང་མོའི་འདུ་ཤེས་བསྐྱེད་པར་བགྱི་ཡི་ཆགས་པར་མི་བྱ་ཞིང་གལ་ཏེ་ཆགས་པར་གྱུར་ན། དེ་དག་གི་ལུས་མི་གཙང་བ་ཉིད་དུ་ཡང་དག་པར་བསམ་པར་བགྱིའོ། །གཉིས་


MR08_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྐད་ཅིག་ཀྱང་མི་སྡོད་པར་གཡོ་བའི་སེམས་ནི་ཐོས་པ་དང་མཚུངས་པར་བསྲུང་བ་དང་དེ་བཞིན་དུ་བུ་ལྟ་བུར་དང་། གཏེར་བཞིན་དུ་དང་སྲོག་དང་འདྲ་པར་བསྲུང་བར་བགྱི་སྟེ། དེ་ལ་ཐོས་པའི་དུས་སུ་ཐོས་པའི་དོན་བསྒྲིམས་ཏེ་མ་ཉན་ན། གཡེང་བ་དེའི་ཐད་ཀྱི་ཚིག་དོན་མི་ཐོས་པས་སྒྲའི་ཕྲེང་བའི་རྒྱུན་ལ་ཡིད་མ་ཡེང་པར་བརྒྱུད་མར་བཞག་དགོས་པ་དང་བུ་ཆུང་སྙིང་དུ་སྡུག་པ་དེ་མ་ཡིས་གཡང་ས་སོགས་སུ་འགྲོ་དོགས་ཀྱིས་དེ་ལ་དྲན་པས་རྟག་ཏུ་བྱ་ར་བྱེད་པ་དང་། གཏེར་ཆེན་པོ་ཆོམ་རྐུན་སོགས་ཀྱིས་ཁྱེར་བར་དོགས་པས་ཉིན་མཚན་དུ་བསྲུང་བ་དང་། ནམ་ཡང་རང་གི་སྲོག་འདི་ཕངས་ནས་སྲུང་བའི་དཔེ་དེ་ཐམས་ཅད་དང་འདྲ་བར་ཤེས་པར་བྱའོ། །སེམས་དེ་ལ་དྲན་པས་བྱ་ར་བཅུག་ནས་གང་ལ་སྲུང་ཞེ་ན། གདུག་པ་སྦྲུལ་ལྟ་བུ་དང་དུག་དང་མཚོན་རྩེ་གཟིང་previous hit ་དང་དགྲ་བོ་དང་། མེ་འབར next hit་བའི་ཀློང་བཞིན་དུ་འདོད་པའི་བདེ་བ་ལ་ཡིད་འབྱུང་བར་མཛོད་ཅིག །གསུམ་པ། ཡིད་མ་འབྱུང་ན་ཅིར་འགྱུར་སྙམ་ན། འདོད་པ་རྣམས་ནི་ཕུང་ཁྲོལ་ཏེ་ཉེས་པ་ཆེན་པོ་སྐྱེད་པ་སྟེ། རྒྱལ་བའི་དབང་པོས་ཀི༷མྦའི་འབྲས་འདྲར་གསུངས་ཏེ། ཀིམྦའི་འབྲས་བུ་ནི་དྲན་ཉེ་ལས་ནུབ་ཕྱོགས་རྒྱ་མཚོའི་གླིང་ན་ཡོད་པའི་ཤིང་ཞིག་སྟེ་འབྲས་བུར་མངར་ཡང་སྔ་དྲོ་ཟོས་ན་ཕྱི་དྲོ་འཆི་


MR08_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ཞིག་ཡོད་པར་གསུངས་པ་དེའོ། །དེས་ན་དེ་དག་སྤང་བར་བགྱི་སྟེ་འདོད་པ་དེ་ཡི་ལྕགས་སྒྲོག་གིས། འཁོར་བའི་བཙོན་རར་འཇིག་རྟེན་འདི་དག་དབང་མེད་དུ་བཅིངས་པ་ཡིན་ནོ། །བཞི་པ། གང་དག་མིག་སོགས་དབང་པོ་དྲུག་རང་རང་གི་ཡུལ་གཟུགས་སོགས་རྣམས་ལ་ནི། རྟག་ཏུ་མི་བརྟན་པར་གཡོ་ཞིང་འཇུག་པ་ལས་རྒྱལ་ཏེ་མི་གཡོ་བ་དང་གང་དག་གཞན་གཅིག །གཡུལ་ངོར་དགྲ་ཡི་དཔུང་གི་ཚོགས་ལས་རྒྱལ་བ་དེ་གཉིས་དག་ལས། མཁས་པ་རྣམས་དང་པོ་དེ་སྐྱེས་ཀུན་བུ་དཔའ་བོ་རབ་ལགས་ཏེ་ཡིན་པར་ཤེས་འཚལ་ཏེ། དེའི་རྒྱུ་མཚན་དཔའ་བོ་ནི་བརྟན་པའི་མིང་སྟེ་གཞན་གྱི་དབང་དུ་མ་གྱུར་པའི་དོན་ཡིན་ལ། གཡུལ་ངོར་དགྲ་ལས་རྒྱལ་བ་ཙམ་བྱ་མི་དཀའ་ཞིང་། ཐོག་མེད་ནས་གོམས་པའི་བག་ཆགས་ཀྱིས་དབང་པོའི་རྗེས་འབྲང་གི་ཡིད་ཡུལ་གྱི་དབང་དུ་མ་གྱུར་པའི་སོ་སྐྱེ་སུ་ཡང་མེད་པས། དེ་དག་ལས་རྒྱལ་བ་འདི་གཡུལ་ལས་རྒྱལ་བ་ལས་སྟོང་འགྱུར་གྱིས་དཀའ་བས་སོ། །མདོར་ན་གཡུལ་ལས་རྒྱལ་བ་དུད་འགྲོ་ལའང་ཡོད་ལ། དབང་པོ་ཡུལ་ལས་རྒྱལ་བ་དབང་པོས་ཀྱང་དཀའོ། །གཉིས་པ་ལ་འདོད་ཁམས་ཀྱི་འདོད་པའི་གཙོ་བོ་བུད་མེད་ཀྱི་ལུས་ཡོངས་སུ་ཤེས་པས་ཆགས་པ་སྤང་བ་དང་། འདོད་པ་སྤྱིའི་


MR08_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཤེས་ནས་ཆགས་པ་སྤང་བ་གཉིས་ལས། དང་པོ། བུད་མེད་གཞོན་ནུའི་ལུས་ནི། ལོགས་ཤིག་ཏུ་བློས་གཞལ་ན། དྲི་ང་བ་དང་བུ་གའི་སྒོ་དགུ་དོད་པ་དང་། མི་གཙང་བ་འདྲེ་ཙམ་མ་ཡིན་པར་གཤང་གཅི་ཁྲག་སོགས་རྫས་སོ་གཉིས་པོ་ཀུན་གྱི་སྣོད་དང་འདྲ་བ་བཟའ་བཏུང་སོགས་ཇི་ཙམ་སྤྱད་ཀྱང་དགང་དཀའ་བ་དང་། དེ་ལྟ་བུའི་མི་གཙང་བའི་སྣོད་པགས་པས་གཡོགས་པ་དང་དེ་དག་གི་རྒྱན་གསེར་དངུལ་དང་གོས་ལ་སོགས་པ་ཡང་ལོགས་ཤིག་ཏུ་གཟིགས་ཞེས་ལུས་དང་རྒྱན་སོ་སོར་ཕྱེས་ཏེ་རྟོགས་ཤིག་ཅེས་པའོ། །གཉིས་པ། ཇི་ལྟར་མཛེ་ཅན་པགས་པའི་འོག་ན་རྒྱུ་བའི་སྲིན་བུས་ཉེན་པ་ནི། ཚོར་བ་བདེ་བའི་དོན་དུ་མེ་ལ་ཀུན་བསྟེན་ཀྱང་སྐབས་དེ་ན་སྲིན་རྣམས་ཅུང་མི་རྒྱུ་བར་ཕན་འདྲ་ཡང་། དེས་ནད་ཞི་བར་མི་འགྱུར་བར་སླར་ཡང་ཆེས་ཟུག་ངུ་སྡང་བ་དེ་དང་འདྲ་བར་ནི།འདོད་པ་རྣམས་ལ་ཆགས་པའང་མི་ཞི་བར་སླར་ཡང་ཆེར་འཕེལ་བར་མཁྱེན་པར་མཛོད་ཅིག །གཉིས་པ་ནང་ཆོས་བརྒྱད་ཀྱིས་གཡེང་བ་ལ། གཉེན་པོ་དང་། སྤང་བྱ་གཉིས། དང་པོ་ལ་གཉེན་པོ་དངོས་དང་། གཉེན་པོ་དེ་དང་ལྡན་མི་ལྡན་གྱི་སྐྱོན་ཡོན་བཤད་པ་གཉིས། དང་པོ། དོན་དམ་གྱི་གནས་ཚུལ་མི་རྟག་སྡུག་བསྔལ་སྟོང་བདག་མེད་པའི་དོན་གཟིགས་པར་བགྱི་སླད་དངོས་པོ་


MR08_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ། དངོས་པོའི་གནས་ཚུལ་ཇི་ལྟ་བ་བཞིན་དུ་ཡིད་ལ་བགྱིད་པ་དེ་ལ་གོམས་པར་མཛོད་ཅིག །དེ་དང་འདྲ་བར་བསྔགས་འོས་ཡོན་ཏན་དང་ལྡན་པ་ཡི། ཆོས་གཞན་འགའ་ཡང་མཆིས་པ་མ་ལགས་སོ་སྟེ་ནང་སེམས་ཀྱི་དགྲ་བཅོམ་པས་སོ། །གཉིས་པ། སྐྱེས་བུ་གང་དག་རིགས་དང་གཟུགས་དང་མང་དུ་ཐོས་པ་དང་ལྡན་པ་རྣམས་ཀྱང་། དོན་ཚུལ་བཞིན་སེམས་པའི་ཤེས་རབ་དང་ཚུལ་བཞིན་བགྱི་བའི་ཚུལ་ཁྲིམས་དང་བྲལ་བ་ནི་བཀུར་བར་བྱ་བའི་འོས་མ་ལགས་སོ། །དེ་ལྟ་བས་ན་གང་ཟག་གང་ལ་ཚུལ་བཞིན་བསམ་ཞིང་སྤྱོད་པའི་ཤེར་ཚུལ་གྱི་ཡོན་ཏན་འདི་གཉིས་དང་ལྡན་པ། དེ་ནི་རིགས་སོགས་ཡོན་ཏན་གཞན་རྣམས་དང་བྲལ་ཡང་མཆོད་པར་འོས་སོ། །གཉིས་པ་སྤང་བྱ་ལ། ཆོས་བརྒྱད་དངོས་དང་། དེའི་འབྲས་བུ་སྡིག་པ་སྤང་པར་གདམས་པ་གཉིས། དང་པོ། འཇིག་རྟེན་པའི་ཚུལ་མཁྱེན་པ་ཞེས་བོས་ནས་ལོངས་སྤྱོད་རྙེད་པ་དང་མ་ཀུན་རྙེད་པ་དང་། ལུས་སེམས་བདེ་བ་དང་མི་བདེ་བ་དང་རྣ་བར་ཚིག་སྙན་པ་དང་མི་སྙན་པ་དང་། ངོར་བསྟོད་པ་དང་ལྐོག་ཏུ་སྨད་པ་ཅེས་བགྱི་བའི་འཇིག་རྟེན་གྱི་ཆོས་ནི་བརྒྱད་པོ་སྟེ། འཇིག་རྟེན་པ་རྣམས། འདི་ལ་གནས། འདི་ལ་བརྟེན། འདི་ལ་སྤྱོད་འདི་ལས་འདའ་མི་ནུས་པས་སོ། །དེ་རྣམས་


MR08_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བདག་དམ་པའི་ངང་ཚུལ་ཅན་དག་གི་ཡིད་ཀྱི་ཡུལ་དུ་བྱས་ཤིང་ཞེན་རུང་བ་མིན་པར་བསྟོད་སྨད་སོགས་ཐམས་ཅད་མགོ་སྙོམས་པར་མཛོད་ཅིག །གཉིས་པ་ལ། དངོས་དང་། དེ་སྤང་དགོས་ཚུལ་གཉིས། དང་པོ། ཁྱོད་ཀྱིས་རང་དོན་དུ་མ་ཟད་མཆོད་གནས་བྲམ་ཟེ་དང་དགེ་སློང་དང་ལྷ་དང་ནི། བཤེས་སུ་གྱུར་པའི་མགྲོན་དང་ཡབ་ཡུམ་སྟེ་ཕ་མ་དག་དང་དེ་བཞིན་བཙུན་མོ་དང་། འཁོར་གྱི་སླད་དུའང་སྡིག་པ་མི་བགྱི་སྟེ། འབྲས་བུ་དམྱལ་བའི་རྣམ་སྨིན་རང་གིས་མྱོང་བའི་ཚེ་རྣམ་སྨིན་གྱི་སྐལ་པ་ནོད་པའམ་ལེན་པ་གཞན་འགའ་ཡང་མ་མཆིས་སོ། །གཉིས་པ། སྡིག་པའི་ལས་རྣམས་སྤྱོད་པ་སུ་འགའ་ཡང་ནི། དེ་ཡི་མོད་ལ་མཚོན་གྱིས་བཏབ་པ་བཞིན་དུ་མི་གཅོད་ཀྱང་། ནམ་འཆི་བའི་དུས་ལ་བབ་པ་ན་ཉེས་སྤྱོད་སྡིག་པ་ཡི། ལས་ཀྱི་འབྲས་བུ་སྡུག་བསྔལ་པ་གང་ལགས་པ་མངོན་པར་འགྱུར་ཏེ་བྱ་ནམ་མཁའ་ལ་འཕུར་བའི་གྲིབ་མ་བཞིན་ནོ། །གསུམ་པ་ནོར་གྱིས་གཡེང་བ་ལ། ནོར་ལ་སྤང་བླང་གི་དབྱེ་བ་སྤྱིར་བཤད། བྱེ་བྲག་མནོག་ཆུང་གི་བྱ་བ་སྤང་པ། སྤོང་བྱེད་ཀྱི་གཉེན་པོ་གསུམ་ལས། དང་པོ། དད་པ་དང་ཚུལ་ཁྲིམས་དང་ཐོས་པ་དང་གཏོང་བ་ལ་གོམས་པ་དང་། རང་ལ་ལྟོས་ཏེ་དྲི་མ་མེད་པའི་ངོ་ཚ་ཤེས་པ་དང་གཞན་རྒྱུ་མཚན་དུ་


MR08_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ་ཁྲེལ་ཡོད་པ་དག་དང་། ཤེས་རབ་ནི་འཕགས་པའི་ནོར་བདུན་ལགས་པར་ཐུབ་པས་གསུངས་ཏེ། ནོར་འདིས་རང་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་དབུལ་བ་སེལ་ཞིང་དོན་ཆེ་ལ། ནོར་གཞན་ཕལ་པ་ནི་མི་རྟག་པ་བསླུ་ཞིང་འདྲིད་པ་འཆིང་བའི་རྒྱུར་གྱུར་པས་དོན་མ་མཆིས་པར་རྟོགས་པར་མཛོད་ཅིག །གཉིས་པ། ཁྱད་པར་དུའང་ཆོ་ལོ་སོགས་རྒྱན་པོ་འགྱེད་དང་ཁྲོམ་སོགས་འདུས་པ་ལ་ལྟ་ཞིང་གཡེང་བ་དང་། བརྩོན་པ་དོར་བའི་ལེ་ལོ་དང་སྡིག་པའི་གྲོགས་པོ་ལ་བརྟེན་པ་དང་། ཆང་འཐུང་བ་དང་མཚན་མོ་གནས་གཞན་དུ་རྒྱུ་བ་རྣམས་ནི་འབྲས་བུ་ངན་སོང་དུ་འགྲོ་བའི་རྒྱུར་ཉེ་བ། ཚེ་འདིར་གྲགས་པ་ཉམས་པར་འགྱུར་བ་ཡི་རྒྱུ་ཡིན་པས་དེ་དྲུག་སྤང་བར་མཛོད་ཅིག །གསུམ་པ་ལ། གཉེན་པོའི་ཕན་ཡོན། དེ་དང་བྲལ་བའི་ཉེས་དམིགས་གཉིས། དང་པོ། ནོར་རྣམས་ཀུན་གྱི་ནང་ན་འདོད་པ་ཆུང་ཞིང་ཆོག་ཤེས་པ་ནི། རབ་དང་མཆོག་ཏུ་གྱུར་པ་ལགས་པར་ལྷ་མིའི་སྟོན་པས་གསུངས་སོ། །དེས་ན་དུས་ཀུན་ཏུ་ཆོག་ཤེས་པར་མཛོད་ཅིག་ཆོག་ཤེས་པའམ་མཁྱེན་ན། གསེར་སོགས་ནོར་མི་འདོག་ཀྱང་ཡང་དག་འབྱོར་པ་ཡི་འབྲས་བུ་མྱོང་བ་ལགས་ཏེ་འབྱོར་པའི་དགོས་པ་ནི་ཆོག་ཤེས་ཡིན་པའི་ཕྱིར་རོ། །


MR08_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ། དེས་པ་ཞེས་རྒྱུད་ཞི་ཞིང་དུལ་བ་ལ་བོས་ནས་བདོག་པ་མང་པོ་ཀུན་རྣམས་བསག་བསྲུང་བརླག་པས་ཇི་ལྟར་སྡུག་བསྔལ་བ་དེ་ལྟར། འདོད་པ་ཆུང་བ་རྣམས་ནི་དེ་ལྟ་བུ་སྡུག་བསྔལ་བ་མ་ལགས་ཏེ། དཔེར་ན་ཀླུ་ཇི་ལྟར་འབྱོར་བ་ཆེ་བ་ལྟར་སྦྲུལ་མགོའི་གདེང་ཀའང་མང་བས་ཀླུ་མཆོག་དེ་རྣམས་ལ་མགོ་བོ་ཇི་སྙེད་པ། དེ་ལས་བྱུང་བའི་བྱེ་ཚན་སོགས་ཀྱིས་གནོད་པའི་ན་ཚ་སྡུག་བསྔལ་ཡང་དེ་སྙེད་ཡོད་དོ། །བཞི་པ་ལོངས་སྤྱོད་ལ་ཁྱིམ་ཐབ། ཟས། གཉིད་ལ་ཆགས་པ་སྤང་བ་གསུམ། དང་པོ་ལ། སྤང་བྱ་དང་། བླང་བྱ་གཉིས། དང་པོ། རང་བཞིན་གྱིས་དགྲར་འབྲེལ་གསོད་པའི་གཤེད་མ་ལྟ་བུ་དང་། ཁྱིམ་ཐབས་དེ་ཉིད་བརྙས་པར་བགྱིད་པ་རྗེ་མོ་ལྟ་བུ་དང་། དངོས་པོ་ཆུང་ངུའང་ཆེད་དུ་མི་སློང་བར་ཕག་ཏུ་རྐུ་བ་ཆོམ་རྐུན་ལྟ་བུ་ཡི། ཆུང་མ་གསུམ་པོ་དེ་དག་རྣམ་པར་སྤང་བར་བྱའོ། །གཉིས་པ། སྲིང་མོ་ལྟ་བུར་རང་དང་རྗེས་སུ་མཐུན་པ་གང་ཡིན་པ་དང་། མཛའ་མོ་བཞིན་དུ་སྙིང་ལ་འབབ་པ་དང་། མ་བཞིན་དུ་རང་ལ་ཕན་པར་འདོད་པ་དང་བྲན་མོ་བཞིན་དུ། རང་གི་དབང་དུ་གྱུར་པ་གང་ཡིན་པ་དེ་ནི་སོ་སོའི་རིགས་མི་ཉམས་པའི་རྒྱུ་ཡིན་པས་རིགས་ཀྱི་ལྷ་བཞིན་དུ་བཀུར་བར་བྱའོ། །གཉིས་པ་ཟས་ནི། ཁ་ཟས་ནི་དཔེར་


MR08_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྨན་དང་འདྲ་བར་རིག་པའམ་ཤེས་པ་ཡིས་ཏེ་སྨན་ནད་གཞི་ལ་ཚོད་ཙམ་ལས་ཆེ་ཆུང་དུ་སོང་ན་མི་ལེགས་པ་ལྟར་ཚོད་རིག་པས། དེ་ཡང་ཀུན་སློང་འདོད་ཆགས་དང་ཞེ་སྡང་མེད་པར་བསྟེན་པར་བགྱི་སྟེ་ཞེས་སྤྱིར་བསྟན་ནས། བྱེ་བྲག་ཏུ། རྒྱགས་ཕྱིར་མ་ལགས་སྙེམས་པའི་ཕྱིར་མ་ལགས། ཞེས་ཟས་ཀྱིས་ལུས་རྒྱས་ནས་གཞུ་འགེང་པ་སོགས་སྟོབས་སྐྱེ་བའི་ཆེད་དུ་ཟ་བ་སྟོབས་ཀྱི་རྒྱགས་པའི་ཕྱིར་ཟ་བ། ལང་ཚོ་ཡུན་རིང་དུ་གནས་ཕྱིར་ཟ་བ་ལང་ཚོའི་རྒྱགས་པའི་ཕྱིར་ཟ་བ། དེ་བཞིན་བཞིན་ལ་སེམས་པ། ནད་མེད་པ། ཡུན་རིང་གནས་པ་སོགས་ཀྱི་ཕྱིར་ཟ་བ་དེ་དང་དེའི་རྒྱགས་པའི་ཕྱིར་ཟ་བའོ། །ཡང་ཟས་བཅུད་ཆེན་གྱིས་ལུས་ཀྱི་ཤད་བསྐྱེད་ནས་སྟོབས་རྙེད་པ་ན་གཞན་གྱི་བུད་མེད་ལ་སྤྱོད་པའམ་དགྲ་ལ་གནོད་པར་བྱ་བ་སོགས་ཕྱིན་ཅི་ལོག་གི་དོན་འདི་ལ་འཇུག་པར་བྱའོ་སྙམ་པ་སྙེམས་པའི་ཕྱིར་ཟ་བ་དང་། ཡང་འཚག་པ་སྟེ་ཟས་བཅུད་ཅན་སོགས་ཀྱིས་ལུས་ཀྱི་ཤ་རྒྱས་པའི་ཕྱིར་ཡང་མ་ལགས་ཏེ་རྒྱགས་འཚག་གཉིས་ཆགས་པ་དང་སྙེམས་པ་གཞན་ལ་གནོད་པ་ཡིན་པས་ཞེ་སྡང་གིས་ཟ་བ་སྟེ་དེས་ན་དེ་ལྟ་བུའི་ཆེད་མ་ཡིན་པར་དམ་ཆོས་སྤྱོད་པའི་རྟེན་ལུས་གནས་པ་འབའ་ཞིག་གིས་ཕྱིར་ཟ་བར་བྱའོ། །གསུམ་པ་གཉིད་ནི། དོན་


MR08_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་བདག་ཉིད་ཅེས་བོས་ནས་ཉིན་པར་མཐའ་དག་སྟེ་ཐམས་ཅད་དུ་མི་གཉིད་པ་དང་། མཚན་མོའི་འང་ཆ་གསུམ་དུ་ཕྱེ་བའི་ཐུན་གྱི་སྟོད་སྨད་གཉིད་མེད་པའི་དུས་ཀྱིས་འདའ་བའམ་བཟླས་པར་བྱས་ནས་ནི། མཚན་ཐུན་བར་པར་མནལ་ཚེའང་གཉིད་དེ་དག་ལ་འབྲས་བུ་མེད་པར་བཏང་སྙོམས་ལུང་མ་བསྟན་དུ་མི་འགྱུར་བར། ཆོས་སྤྱོད་ཀྱི་རྟེན་ལུས་གནས་པ འི་ཕྱིར་གཉིད་པར་བྱའོ་སྙམ་དུ་ཤེས་བཞིན་དུ་དྲན་པ་དང་ལྡན་པར་མཚན་ཐུན་སྟོད་སྨད་དེ་དག་གི་ཀུན་བར་དུ་མནོལ་ཅིག །དེའི་ཚེ་གཉིད་ལུང་མ་བསྟན་དགེ་བ་ལ་བསྒྱུར་བའི་ཐབས་སུ། ཉིན་པར་ཀྱང་ཡིད་ཀྱིས་དགེ་ཆོས་རྣམས་དྲན་བཞིན་པ་དང་། སྣང་བའི་འདུ་ཤེས་མུན་པ་སེལ་བའི་འོད་ཀྱི་མཚན་མ་ལ་སེམས་གཏད་ནས་མྱུར་དུ་ལྡང་བའི་འདུན་པ་དང་བཅས་ཏེ་གཉིད་པར་བྱས་ན་ཀུན་སློང་གིས་དགེ་བར་འགྱུར་གྱི། གཉིད་ཀྱི་དུས་རང་ལ་འདུན་པ་མེད་ཀྱང་རུང་ངོ་། །གཉིས་པ་མཐུན་ཕྱོགས་ཚད་མེད་བཞི་བསྒྲུབ་པ་ནི། སེམས་ཅན་ཐམས་ཅད་བདེ་འདོད་ཀྱི་བྱམས་པ་དང་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་དག་དང་བདེ་བ་དང་ལྡན་པ་ལ་དགའ་བ་དང་། དེ་ལྟ་བུའང་ཉེ་རིང་མེད་པར་བརྡལ་བའི་བཏང་སྙོམས་ཏེ་འདི་བཞི་རྟག་ཏུ་ཡང་དག་པར་སྒོམ་མཛོད་ཅིག་དང་། དེས་


MR08_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གོང་མ་སངས་རྒྱས་ཀྱིས་བརྙེས་པར་མ་གྱུར་པ་དེ་ལྟ་ནའང་། ཚངས་པའི་འཇིག་རྟེན་གྱི་བདེ་བ་ཚད་མེད་པ་ཐོབ་པར་འགྱུར་རོ། །གཉིས་པ་དངོས་གཞི་བསམ་གཏན་བཞི་བསྒོམ་པར་གདམས་པ་ནི། ཞི་གནས་ཁྱད་པར་ཅན་གྱི་བསམ་གཏན་སྒོམ་ཚུལ། གཉེན་པོའི་ཡན་ལག་རྟོག་དཔྱོད་ཀྱིས་འདོད་པ་ན་སྤྱོད་པ་འདོད་འདུན་རྣམ་འཚེ་སོགས་སྤངས་ཤིང་། ཕན་ཡོན་གྱི་ཡན་ལག་དབེན་པ་ལས་སྐྱེས་པའི་དགའ་བདེ་ཐོབ། གནས་ཀྱི་ཡན་ལག་སེམས་རྩེ་གཅིག་པ་སྟེ་བསམ་གཏན་དང་པོ་དང་། དེ་བཞིན་དུ་རབ་དྭང་གིས་རྟོག་དཔྱོད་སྤངས་ཤིང་དགའ་བདེ་དང་ལྡན་པའི་སེམས་ནི་གཉིས་པ་དང་། འདུ་བྱེད་བཏང་སྙོམས་དང་དྲན་ཤེས་ཀྱིས་དགའ་བ་སྤངས་ཤིང་བདེ་བ་དང་ལྡན་པའི་སེམས་གསུམ་པ་དང་། དྲན་པ་དང་བཏང་སྙོམས་ཡང་དག་གིས་བདེ་བ་སྤངས་ཤིང་ཚོར་བ་བཏང་སྙོམས་དང་ལྡན་པའི་སེམས་རྩེ་གཅིག་པ་བསམ་གཏན་བཞི་པ་ཐོབ་ཅིང་གཞན་ཡང་སྡུག་བསྔལ་དང་ཡིད་མི་བདེ་བ་དག་ནི་ཐམས་ཅད་ཀྱིས་སྤང་བའོ། །དེ་ལྟར་སྤང་བྱ་དེ་དག་རྣམ་པར་སྤང་བའི་རྒྱུ་སྙོམས་འཇུག་གི་བསམ་གཏན་བཞི་པོ་དེ་ཡིས། རིམ་པར་འབྲས་བུ་ཚངས་རིས་དང་འོད་གསལ་དག་དང་དགེ་རྒྱས་དང་། འབྲས་བུ་ཆེ་ཡི་ལྷ་རྣམས་དང་སྐལ་མཉམ་ཐོབ་པ་སྟེ་དོན་དུ་


MR08_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དེར་སྐྱེ་བ་ཡིན་ནོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གཉིས། དགེ་སྡིག་བླང་དོར་སྤྱིར་བཤད་པ་དང་། ཁྱད་པར་ཏིང་ངེ་འཛིན་གྱི་སྒྲིབ་པ་སྤང་ཚུལ་ལོ། །དང་པོ་དགེ་སྡིག་གི་ལྕི་ཡང་བཤད་པ་དང་། མི་དགེ་བའི་གཉེན་པོར་དགེ་བ་སྟོབས་ཆེན་བསྐྱེད་པར་གདམས་པ་གཉིས། དང་པོ། དགེ་སྡིག་གང་ཡིན་ཀྱང་དུས་རྟག་པར་བྱེད་པ་ ༡ དང་དེ་ལ་མངོན་པར་ཞེན་པ་དྲག་པོས་བྱེད་པ་ ༢ དང་ལས་དེ་ལ་རང་འཇོམས་པའི་གཉེན་པོ་མེད་པ་༣དང་། ཡོན་ཏན་གྱི་གཞིའམ་ ༤ ཞིང་ ༥ དཀོན་མཆོག་སོགས་དང་གཙོ་ལྡན་ཏེ་ཞིང་སྤྱི་ལས་གཙོ་བོར་ཕན་འདོགས་དང་སྡུག་བསྔལ་གྱི་ཞིང་གི་གཞི་ལས་བྱུང་བའི་ལས། དགེ་དང་མི་དགེ་རྣམ་ལྔ་ནི་ལས་གཞན་ལས་ཁྱད་པར་འཕགས་པའི་ཆེན་པོ་སྟེ། དེ་བས་མི་དགེ་བ་ཆེན་པོ་སྤང་ཞིང་དགེ་བ་ཆེན་པོ་སྤྱོད་པ་ལ་བརྩོན་པར་བགྱིའོ། །གཉིས་པ། དགེ་བ་སྟོབས་ཆེ་བས་དཔེར་ན་ལན་ཚྭ་སྲང་འགས་ཆུ་ནི་ཉུང་ངུ་ཀུན་ཞིག རོ་བསྒྱུར་བར་བགྱིད་ནུས་ཀྱི་གངྒའི་ཀླུང་ཆེན་པོར་རོ་སྒྱུར་ནུས་པ་མིན་པ་ལྟར། དེ་བཞིན་དུ་སྡིག་པའི་ལས་ནི་ཆུང་ངུ་བྱས་ན་ཡང་། དགེ་བའི་རྩ་བ་ཡངས་ཤིང་རྒྱ་ཆེ་བ་ལ་གནོད་མི་ནུས་པ་མཁྱེན་པར་བགྱིའོ། །གཉིས་པ་ཏིང་ངེ་འཛིན་གྱི་སྒྲིབ་པ་སྤང་ཚུལ། སེམས་ཡུལ་ལ་འཕྲོ་བའི་རྒོད་པ་དང་སྔར་བྱས་སོགས་ལ་འགྱོད་པ་དང་གཞན་ལ་གནོད་པའི་སེམས་དང་སེམས་


MR08_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་རྨུགས་པ་དང་། འཇུག་ཤེས་ནང་དུ་སྡུད་པའི་གཉིད་དང་ཟག་བཅས་ཡིད་འོང་གི་འདོད་ཡོན་ལ་འདུན་པ་དང་ལམ་དང་འབྲས་བུ་སོགས་ལ་ཐེ་ཚོམ་པ་སྟེ། སྒྲིབ་པ་ལྔ་པོ་འདི་དག་ནི་དགེ་བའི་ནོར། འཕྲོག་པར་བྱེད་པའི་ཆོམ་རྐུན་ལགས་པར་མཁྱེན་པར་མཛོད་ཅེས་གདམས་སོ། །འདིར་རྒོད་འགྱོད་གཉིས་གཅིག་ཏུ་བྱས་པ་ནི་གཡོ་བར་ཆོས་མཐུན་པའི་ཕྱིར་དང་།རྨུགས་གཉིད་གཉིས་གཅིག་ཏུ་བྱས་པ་ནི་མི་གསལ་བར་ཆོས་མཐུན་པའི་ཕྱིར་རོ། །དྲུག་པ་ཤེས་རབ་ལ་གཉིས། དད་སོགས་ལྔའི་ལམ་གྱི་ངོ་བོ་མདོར་བསྟན་པ་དང་། དྲན་པ་ཉེར་བཞག་སོགས་ཀྱི་ཤེས་རབ་རྒྱས་པར་བཤད་པའོ། །དང་པོ་ལ། བླང་བྱ་དད་སོགས་བསྟན་པ་དང་། སྤང་བྱ་གཉེན་པོའི་སྒོ་ནས་རྒྱགས་པ་སེལ་ཚུལ་གཉིས། དང་པོ། དགེ་ལ་འདུན་པའི་དད་པ་དང་དེ་ལ་སྤྲོ་བའི་བརྩོན་འགྲུས་དག་དང་སྔར་གྱི་དམིགས་རྣམ་མི་བརྗེད་པའི་དྲན་པ་དང་། དམིགས་པའི་དོན་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་དང་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ནི་སྦྱོར་ལམ་ཆོས་མཆོག་གི་ངོ་བོར་གྱུར་བའང་འདི་ལྔ་ཉིད་དེ། འདི་ལ་མངོན་པར་བརྩོན་མཛོད་ཅིག་འདི་དག་ནི། བཟོད་པའི་སྐབས་ན་སྟོབས་ལྔ་དང་དྲོད་ཀྱི་སྐབས་དབང་པོ་ལྔ་ཞེས་བགྱི་ཞིང་སྦྱོར་ལམ་


MR08_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མོར་གྱུར་པའང་འདི་ལྔ་ལས་གཞན་ཡོད་པ་མིན་པ་ལགས་སོ། །གཉིས་པ། ན་བ་དང་རྒ་བ་དང་སྐྱེ་བ་དང་འཆི་བ་དང་སྡུག་པ་དང་བྲལ་བ་དང་དེ་བཞིན་དུ། སྡུག་བསྔལ་དེ་དག་གི་རྒྱུ་ལས་ནི་བདག་གིར་བྱས་ལས་མ་འདས་པས་བདག་སྡུག་བསྔལ་གྱི་རྒྱུ་འབྲས་ལག་ནས་སོ་ཞེས། དེ་ལྟར་ཡང་དང་ཡང་དུ་སེམས་པ་དེ་ནི། སྤང་བྱ་དེ་ཡི་གཉེན་པོའི་སྒོ་ནས་བདག་ནི་ཏིང་འཛིན་དང་ཤེས་རབ་ལྡན་ནོ་ལ་སོགས་པའི་རྒྱགས་པ་སྐྱེ་བར་མི་འགྱུར་རོ། །ཡང་ན་རིགས་སོགས་ཀྱི་རྒྱགས་པ་དེ་ཡི་གཉེན་པོ་བྱས་པའི་སྒོ་ནས་རྒྱགས་པར་མི་འགྱུར་ཏེ་རྒྱགས་པ་སེལ་ལོ་ཞེས་ཀྱང་གསུང་། གཉིས་པ་ལ། སྲིད་ཞིའི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ཤེས་རབ་ཡིན་པར་བསྟན་པ་དང་། ཤེས་རབ་དེ་ལྡན་གྱི་ལམ་དངོས་བཤད་པ་གཉིས། དང་པོ་ལ། མངོན་མཐོ་དང་ངེས་ལེགས་གཉིས་ཀའི་རྩ་བ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་། ངེས་ལེགས་ཀྱི་རྩ་བ་འཇིག་རྟེན་ལས་ཡང་དག་པར་འདས་པའི་ལྟ་བ་གཉིས། དང་པོ། གལ་ཏེ་མཐོ་རིས་དང་ཐར་པ་གཉིས་མི་འདོད་ན་ཕར་བཞག་མངོན་དུ་བཞེད་པའམ་འདོད་པ་ཞིག་ན་ནི། ལས་འབྲས་སོགས་མི་བསླུ་བར་རྟོགས་པའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་གོམས་པ་ཀུན་ཉིད་དུ་མཛོད་ཅིག །གང་ཟག་གང་ཞིག་ལས་འབྲས་མེད་ཅེས་


MR08_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པར་ལྟ་བས་ནི་ལྟར་སྣང་ལེགས་སྤྱད་དེ་དགེ་བ་སྤྱད་ཀྱང་། དེས་མི་ཕན་པར་ཐམས་ཅད་དུ་རྣམ་པར་སྨིན་པ་མི་བཟད་པ་མནར་མེད་པའི་སྡུག་བསྔལ་དང་ལྡན་ནོ། །འདིར་སྒྲོལ་ཊཱིཀ་ཏུ། ལོག་ལྟས་སྦྱིན་སོགས་བཏང་ཡང་རྣམ་སྨིན་མི་བཟད་མི་འཐད་ཅེ་ན། ལོག་ལྟའི་འབྲས་བུ་ཆེན་པོས་དགེ་འབྲས་ཆུང་ངུ་ཟིལ་གྱིས་མནན་ནས་མྱོང་མི་ནུས་པའི་དོན་ཏོ་གསུངས། རོང་ཊཱིཀ་ཏུ་སྔར་སྦྱིན་པ་སོགས་ལ་ལེགས་པར་སྤྱད་པ་ཐམས་ཅད་ཀྱང་། རྣམ་སྨིན་མི་བཟད་པ་ཤིན་ཏུ་ངན་པ་དང་ལྡན་པར་འགྱུར་ཏེ། ལོག་ལྟས་དགེ་བའི་རྩ་བ་རྣམས་དྲུང་ནས་ཕྱུང་བའི་ཕྱིར་རོ་གསུངས། གཉིས་པ། གདུལ་བྱའི་དབང་གིས་སྨོས་པ་མི་ནི་ཡང་དག་ཉིད་དུ་མི་བདེ་ཞིང་སྡུག་བསྔལ་བ་དང་། དུས་གཉིས་པར་མི་སྡོད་པས་མི་རྟག་པ་དང་བྱེད་པ་པོའི་བདག་མེད་པ་དང་ལུས་མི་གཙང་བའི་རང་བཞིན་དུ་རིག་པར་བགྱིའོ། །དེ་ལྟ་བུའི་དོན་ལ་དྲན་པ་ཉེ་བར་མ་བཞག་པ་རྣམས་ཀྱིས་ནི། གཙང་བདེ་རྟག་བདག་སྟེ་ཕྱིན་ཅི་ལོག་བཞིར་ལྟ་བ་ནི་ཕུང་ཁྲོལ་བ་ཅན་ཡིན་ནོ། །གཉིས་པ་ལ་གཙོ་ཆེ་བ་ལྟ་བ་བྱེ་བྲག་ཏུ་བཤད་པ་དང་། ལམ་དངོས་གཉིས། དང་པོ་ལ། གང་ཟག་གི་བདག་མེད་གཏན་ལ་དབབ་པ་དང་། བདག་གི་རྟེན་ཕུང་པོ་ལ་དཔྱད་པ་གཉིས། དང་པོ། འདི་ལྟར་གཟུགས་ཀྱི་ཕུང་པོའི་ངོ་བོ་ནི་


MR08_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མ་ཡིན་ཞེས་མདོ་ལས་གསུངས་ཏེ་ངོ་བོ་གཅིག་པ་མ་ཡིན་ལ་དེ་བཞིན་དུ་བདག །གཟུགས་དང་ལྷས་སྦྱིན་ལ་རིལ་བ་ལྟར་ཕན་ཚུན་འབྲེལ་བར་ལྡན་པའང་མིན་ཞིང་གཟུགས་ལ་བདག་ཕར་རྟེན་ཏེ་གནས་པ་ཡང་མིན། བདག་ལ་གཟུགས་ཚུར་རྟེན་པའི་ཚུལ་གྱིས་ཐ་དད་པར་ཡང་མི་གནས་ཏེ་དེ་བཞིན་དུ། ཕུང་པོ་ལྷག་མ་གཞན་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ཏེ་བཞི་པོ་ལ་ཡང་བདག་གིས་སྟོང་པར་རྟོགས་པར་བགྱིའོ། །གཉིས་པ་ནི། བདག་གིས་སྟོང་བའི་གཞི་ཕུང་པོ་དེ་ཡང་གནམ་བབ་སྟེ་རེས་འགའ་བདག་ལས་སྐྱེ་རེས་གཞན་ལས་རེས་རྒྱུ་ཡོད་རེས་རྒྱུ་མེད་ལྟ་བུ་འདོད་རྒྱལ་ལས་སྐྱེ་བ་མིན་ཞིང་དུས་ཀྱི་དབང་ལས་ཀྱང་མིན། གཙོ་བོའམ་རང་བཞིན་གྱི་རྒྱུ་ལས་མིན་ཞིང་རང་གི་ངོ་བོ་ཉིད་ཀྱིས་ཏེ་བདག་སྐྱེ་ལས་ཀྱང་མིན་ལ། དབང་ཕྱུག་སོགས་བྱེད་པ་པོ་རྟག་པ་ལས་མིན་ཞིང་རྒྱུ་མེད་པ་ཅན་ཆད་པ་ཡང་མིན་ཏེ། གང་ཞེ་ན་རྒྱུ་མི་ཤེས་པ་སྡེ་མ་རིག་པ་དང་རྐྱེན་ལས་དང་སྲིད་པས་མཚམས་སྦྱར་བ་ལས་བྱུང་བར་རིག་པའམ་ཤེས་པར་མཛོད་ཅིག །གཉིས་པ་ལམ་དངོས་ལ། ལམ་གྱི་མི་མཐུན་ཕྱོགས་ཀུན་སྦྱོར་གསུམ་བཤད་པ། མཐུན་རྐྱེན་བརྩོན་འགྲུས། ལམ་གྱི་ངོ་བོ་ལ་བསླབ་པ་གསུམ་ལས། དང་པོ། ཕྱིན་ཅི་ལོག་གི་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་མཆོག་ཏུ་འཛིན་པ་དང་རང་ལུས་ཕུང་པོ་ལྔ་


MR08_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཕྱིན་ཅི་ལོག་པར་བདག་ཡོད་པར་ལྟ་བ་འཇིགས་ལྟ་དང་ལམ་དང་འབྲས་བུའི་ཆོས་ལ་ཐེ་ཚོམ་ཟ་བ་སྟེ། སྲིད་པར་ཀུན་ཏུ་སྦྱོར་བར་བྱེད་པ་འདི་གསུམ་ཐར་པ་ཡི། གྲོང་ཁྱེར་ཀུན་གྱི་སྒོ་འགེགས་པར་བྱེད་པ་ལགས་པར་མཁྱེན་པར་གྱིས་ཤིག །གཉིས་པ། ཐར་བ་ནི་བདག་རང་ལ་རག་ལས་ཀྱི་དོན་འདི་ལ་ནི། རང་གིས་ལམ་རྒྱུད་ལ་མ་བརྟེན་ན་གཞན་གྱིས་མགོན་བྱེད་པ་དང་ལམ་གཡར་བ་སོགས་གྲོགས་བགྱིར་ཅི་ཡང་མ་མཆིས་པས། དང་པོར་གཞུང་ལུགས་ལ་ཐོས་པ་ཤེས་རབ་དང་དེ་ནས་ཚུལ་ཁྲིམས་བསྲུང་ཞིང་རྩེ་གཅིག་པའི་བསམ་གཏན་དང་ལྡན་པ་ཡིས། ཐར་ལམ་གྱི་ངོ་བོ་སྡུག་བསྔལ་ཤེས་ཀུན་འབྱུང་སྤང་འགོག་པ་མངོན་དུ་བྱེད་ལམ་རྒྱུད་ལ་བརྟེན་པ་སྟེ་འཕགས་པའི་བདེན་པ་རྣམ་པ་བཞི་ལ་འབད་པར་མཛོད་ཅིག །གསུམ་པ་ལ།བསླབ་གསུམ་སྤྱིར་བཤད་པ་དང་། ཤེས་རབ་ཀྱི་བསླབ་པ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། ཕྱི་རོལ་པ་སོགས་ལས་འཕགས་པས་ན་ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་ཤེས་རབ་དང་། ལྷག་པའི་སེམས་ཏེ་ཏིང་ངེ་འཛིན་གྱི་བསླབ་པ་གསུམ་ལ་རྟག་ཏུ་བསླབ་པར་བགྱིའོ། །དེ་ལྟར་ན་གཞན་དུ་བསླབ་པ་བརྒྱ་རྩ་ལྔ་བཅུ་ལྷག་ཅིག་ཏེ་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་སོགས་ཐེག་པ་ཆེ་ཆུང་


MR08_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསུངས་པ་རྣམས་ནི། གསུམ་པོ་འདི་ཡི་ནང་དུ་ཡང་དག་པར་འདུ་བར་འགྱུར་རོ། །གཉིས་པ་ལ། ཀུན་ནས་ཉོན་མོངས་ཕྱོགས་ལ་ངེས་པར་འབྱུང་བའི་ཚུལ་དང་། རྣམ་བྱང་ཕྱོགས་ལ་ལེགས་པར་འཇུག་པའི་ཚུལ་ལ་གདམས་པ་གཉིས། དང་པོ་ལའང་། ཚེ་འདི་ལ་བློ་ལྡོག་པའི་ཐབས་དང་། འཁོར་བ་མཐའ་དག་ལས་བློ་ལྡོག་ཐབས་གཉིས་ལས། དང་པོ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། དབང་ཕྱུག་ཅེས་བོས་ནས་ལུས་སུ་གཏོགས་པའི་དྲན་པ་ནི་བདེ་བར་གཤེགས་ཀྱིས། ཐར་ལམ་འདོད་པ་ཐམས་ཅད་འདི་ནས་ཞུགས་དགོས་པའི་ཕྱིར་བགྲོད་པ་གཅིག་པའི་ལམ་དུ་ཉེ་བར་བསྟན་ཏེ། དགེ་སློང་དག །སེམས་ཅན་རྣམས་རྣམ་པར་དག་པར་བྱེད་པ་དང་། སྡུག་བསྔལ་བ་དང་ཡིད་མི་བདེ་བ་ལས་ཡང་དག་པར་འདའ་བར་བྱེད་པ་དང་། རིགས་པའི་ཆོས་རྟོག་པར་བྱེད་པ་དང་། མྱ་ངན་ལས་འདས་པ་མངོན་དུ་བྱེད་པའི་བགྲོད་པ་གཅིག་པའི་ལམ་ནི་འདི་ལྟ་སྟེ། ལུས་སུ་གཏོགས་པའི་དྲན་པ་ཡིན་ནོ། །ཞེས་སོ། །དེ་ལྟར་ལུས་སུ་གཏོགས་པའི་དྲན་པ་དེ་ནི་བསྒྲིམས་ནས་མངོན་པར་བསྲུང་བར་བགྱི་སྟེ། དྲན་པ་ཉམས་པས་ནི་ཆོས་ཀུན་འཇིག་པར་འགྱུར་བའི་ཕྱིར་ནའོ། །གཉིས་པ་ལ་ཚེ་


MR08_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟག་པ་ལ་བསམ་པ་དང་། དལ་འབྱོར་རྙེད་དཀའ་ལ་བསམ་པ་གཉིས། དང་པོ་ལ། ནམ་འཆི་ཆ་མེད་ལ་བསམ་སྟེ་མི་རྟག་པ་བསྒོམ་པ། འཆི་བར་ངེས་པ་ལ་བསམ་སྟེ་མི་རྟག་པ་བསྒོམ་པ། རྣམ་པ་གཞན་ལ་བསམ་སྟེ་མི་རྟག་པ་བསྒོམ་ཚུལ། དེ་དག་གི་མཇུག་བསྡུ་བ་དང་བཞི་ལས། དང་པོ་ནི། ཚེ་ནི་ཕྱི་ནང་གི་གནོད་པའི་རྐྱེན་མང་བས་དཔེར་ན་རླུང་གིས་བཏབ་པ་ཡི། ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་པ་དེའི་ཕྱིར་ན། འདི་ལྟར་དབུགས་ནང་དུ་རྔུབ་པ་ལས་དབུགས་ཕྱིར་འབྱུང་ཁོམ་པའམ་ལོང་བྱུང་བ་དང་གཉིད་ཀྱིས་ལོག་པ་ལས། སད་ཁོམ་སྟེ་དེའི་བར་དུ་མ་ཤི་པ་གང་ཀུན་ལགས་པ་དེ་ནི་ངོ་མཚར་ཆེ་བ་ཡིན་ནོ། །གཉིས་པ། ལུས་ཀྱི་མཐའ་ནི་མེས་བསྲེག་ཏེ་ཐལ་བའམ། མཐར་སྐམ་པའམ་མཐར་འདྲུལ་ཞིང་། ཐ་མར་མི་གཙང་རུལ་བའི་རོ་སྙིང་པོ་མ་མཆིས་པ། ཉིང་ལག་དང་ཡན་ལག་སོགས་སོ་སོར་རྣམ་པར་འཇིག་ཅིང་རྡུལ་ཕྲན་དུ་དེང་ལ་མྱགས་ཞིང་རུལ་པར་འགྱུར་བ་སྟེ། ད་ལྟ་ནས་དེ་ལྟ་བུར་སོ་སོར་འགྱེས་རུང་བའི་ཆོས་ཅན་དུ་མཁྱེན་པར་མཛོད་ཅིག །གསུམ་པ། འདི་ལྟར་སྲ་ཞིང་བརྟན་པར་སྣང་བ་ས་གཞི་དང་ལྷུན་པོ་དང་རྒྱ་མཚོ་ཆེན་པོ་རྣམས་ཀྱང་ནམ་ཞིག་བསྐལ་བའི་ཐ་མར་ཉི་མ་


MR08_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བདུན། previous hit འབར་བས་བསྲེགས་པའི་རི་མཚོ་ས་གཞིའི་ལུས་ཅན་ནམ་གཟུགས་ཅན་འདི་དག་ཀྱང་། ཐལ་ next hit་ཙམ་དུ་ཡང་ནི་ལུས་པར་མི་འགྱུར་ན། ཤིན་ཏུ་ཉམས་ཆུང་བའི་མི་ཡི་ལུས་འཇིག་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ་ངེས་པར་འཇིག་པར་འགྱུར་རོ། །བཞི་པ། དེ་ལྟར་ཕྱི་ནང་གི་དངོས་པོ་འདི་ཀུན་མི་རྟག་ཅིང་བདག་པོ་མེད་དེ། སྡུག་བསྔལ་ལས་སྐྱོབ་པའི་སྐྱབས་མེད་ཕན་འདོགས་པའི་མགོན་མེད་རྟེན་འཆའ་བའི་གནས་མེད་དེ་དེ་ཡི་སླད་དུ། འཁོར་བ་ཆུ་ཤིང་སྙིང་པོ་མེད་པ་ལྟ་བུ་འདི་ལས། མི་མཆོག་ཁྱོད་ཀྱིས་ཐུགས་ནི་སྐྱོ་སྟེ་འཁོར་བ་ལས་དབྱུང་བར་མཛོད་ཅིག །གཉིས་པ་དལ་འབྱོར་རྙེད་དཀའ་ལ། སྤྱིར་མི་ཙམ་དུ་སྐྱེ་བ་དཀོན་ཚུལ། ཁྱད་པར་མཐུན་རྐྱེན་འཁོར་ལོ་བཞི་དང་ལྡན་པའི་རྟེན་བསྟན་པ། འགལ་རྐྱེན་མི་ཁོམས་བརྒྱད་དང་བྲལ་བའི་ཚུལ་ལ་བསམ་པ་གསུམ། དང་པོ་ལ། མིར་སྐྱེ་བ་དཀོན་ཚུལ་དང་། རྟེན་དེ་ལ་སྡིག་པ་སྤྱོད་པ་སྨད་པར་བསྟན་པ་གཉིས། དང་པོ། རྒྱ་མཚོ་ཆེན་པོ་གཅིག་ལ་གནས་པའི་གཉའ་ཤིང་རླུང་གིས་བསྐྱོད་པའི་བུ་ག་དང་། མཚོ་ནང་གི་རུས་སྦལ་གྱི་མགྲིན་པ་ཕྲད་པ་བས་ཀྱང་དུད་འགྲོ་ལས་ཐར་ཏེ། མི་ཉིད་ཆེས་ཐོབ་པར་དཀའ་བས་མི་དབང་གིས། དམ་པའི་


MR08_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྤྱོད་པས་མི་ལུས་དེ་ཉིད་འབྲས་བུ་མཆིས་པར་མཛོད་ཅིག །གཉིས་པ། གང་ཞིག་གསེར་གྱི་སྣོད་རིན་ཆེན་གཡུ་སོགས་ཀྱི་ཕྲས་སྤྲས་པ་ཡིས། འོས་པ་མིན་པ་ངན་སྐྱུགས་འཕྱག་པར་བགྱིད་པ་ལ་ཀུན་གྱིས་མི་བླུན་པོ་ཞེས་སྨོད་པ་དེ་བས་ནི། གང་ཞིག་མི་རུ་སྐྱེས་ནས་སྡིག་པ་མི་དགེ་བ་དག བགྱིད་པ་དེ་ནི་ཆེས་རབ་ཏུ་བླུན་པ་ལགས་སོ། །གཉིས་པ་ལ་མཐུན་རྐྱེན་འཁོར་ལོ་བཞི་སྤྱིར་བསྟན་པ་དང་། དགེ་བའི་བཤེས་གཉེན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། འཕགས་ལམ་སྐྱེ་བ་དང་མཐུན་པར་གྱུར་པའི་ཡུལ་ལྷ་མིའི་འགྲོ་བ་དག་དུ་གནས་པ་དང་། རྐྱེན་སྐྱེས་བུ་དམ་པ་ལ་ནི་བསྟེན་པ་དང་། བདག་ཉིད་ཐར་པའི་ལམ་ལ་ལེགས་པར་སྨོན་པ་དང་དེ་འགྲུབ་པའི་རྒྱུ་སྐྱེ་བ་སྔོན་མ་ལ་ཡང་བསོད་ནམས་བགྱིས་པ་སྟེ། ཆོས་སྒྲུབ་པ་ལ་དབང་བས་སམ་འཕགས་ལམ་གྱི་ཤིང་རྟའི་འགྲོ་བྱེད་ཡིན་པས་འཁོར་ལོ་ཆེན་པོ་སྟེ་དེ་བཞི་ནི་ཁྱོད་ལ་མངའ་འོ་ཞེས་སོ། །གཉིས་པ། དེ་ལས་ཀྱང་དགེ་བའི་བཤེས་གཉེན་བསྟེན་པ་ནི་ཚངས་པར་སྤྱོད་པ་སྟེ་ཚངས་པ་མྱང་འདས་དང་སྤྱོད་པ་ལམ་ཞེས་བཤད་དོ། །དེ་ཉིད་ཡོངས་སུ་ཀུན་རྫོགས་པར་ཐུབ་པས་གསུངས་པ་དེའི་ཕྱིར་ཏེ། འཕགས་པ་ཀུན་དགའ་བོས། བཅོམ་ལྡན་འདས། འདི་ལྟ་སྟེ།


MR08_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་འདི་ནི། ཚངས་པར་སྤྱོད་པའི་ཕྱེད་ལགས་སོ་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཁྱོད་དེ་སྐད་མ་སྨྲ་ཞིག །འདི་ནི་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །ཞེས་སོ། །དེས་ན་སྐྱེས་བུ་དམ་པ་བསྟེན་པར་བགྱིའོ་དེའི་དགོས་པ་རྒྱལ་བ་རྫོགས་པའི་སངས་རྒྱས་ལ། བརྟེན་ནས་སྐྱེ་བོ་རབ་ཏུ་མང་པོས་ཞི་བ་ཐོབ་པ་དེ་བཞིན་ནོ། །གསུམ་པ་འགལ་རྐྱེན་མི་ཁོམས་བརྒྱད་དང་བྲལ་ཚུལ་ནི། རྒྱུ་འབྲས་ལ་སྐུར་བ་འདེབས་པའི་ལོག་པར་ལྟ་བ་འཛིན་པ་དང་དུད་འགྲོ་དང་། ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་དང་། རྒྱལ་བའི་བཀའ་མེད་པ་སྟེ་སངས་རྒྱས་མ་བྱོན་པ་དང་བྱོན་ཡང་དེའི་བཀའ་མི་ཐོས་པ་ཡུལ་མཐའ་འཁོབ་ཏུ། ཀླ་ཀློ༷ར་སྐྱེ་བ་དང་ཡུལ་དབུས་སུ་སྐྱེས་ཀྱང་ཡིད་དབང་ལ་སྐྱོན་ཞུགས་པ་གླེན་ཞིང་ལྐུགས་པ་ཉིད་དང་། འདུ་ཤེས་མེད་པ་ནི་ཚེ་རིང་ལྷ་ཉིད་དེ་དེ་བརྒྱད་པོ་གང་ཡང་རུང་བར་ནི། སྐྱེ་བ་ཞེས་བགྱི་ཆོས་བྱེད་མི་ཁོམ་པས་སྐྱོན་བརྒྱད་པོ། དེ་དག་དང་བྲལ་ཏེ་ཁོམ་པའམ་དལ་བའི་རྟེན་རྙེད་ནས་ནི། ད་ཕན་ཆད་འཁོར་བར་སྐྱེ་བ་བཟློག་པའི་སྟེ་སླར་མི་སྐྱེ་བའི་སླད་དུ་འབད་པར་མཛོད་ཅིག །གཉིས་པ་འཁོར་བ་མཐའ་དག་ལས་


MR08_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ལྡོག་པའི་ཐབས་འཁོར་བའི་ཉེས་དམིགས་བསམ་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། ཅིའི་ཕྱིར་སྐྱེ་བ་བཟློག་དགོས་སྙམ་ན། དེས་པ་ཞེས་བོས་ནས་ཟས་གོས་སོགས་འདོད་པས་ཕོངས་པ་དང་མཐར་འཆི་བ་དང་། གནས་སྐབས་སུན་པ་དང་རྒ་བ་ལ་སོགས་པའི་སྡུག་བསྔལ་དུ་མ་ཡི། འབྱུང་གནས་ཡིན་པས་འཁོར་བ་ལ་ནི་སྐྱོ༷་བར་མཛད་ཅིང་། འདི་ཡི་ཉེས་པའི་ཆ་ཤས་ཀྱང་བརྗོད་པས་གསན་པར་མཛོད་ཅིག །རྒྱས་བཤད་ལ། བདེ་བ་ལྟར་སྣང་ཡང་ཡིད་བརྟན་མེད་པའི་ཚུལ་དང་། སྡུག་བསྔལ་རྒྱ་ཆེ་བའི་ཚུལ་བསྟན་པ་གཉིས། དང་པོ་ལ། ཡིད་བརྟན་མེད་པའི་ཚུལ་དང་། དེ་ལྟར་ཤེས་ནས་དགེ་བ་ལ་སྤྱོད་པར་གདམས་པ་གཉིས། དང་པོ་ལ། དགྲ་གཉེན་ངེས་པ་མེད་པས་ཡིད་བརྟན་མེད་པའི་ཚུལ་དང་། ཚིམ་པ་མེད་པས་ཡིད་བརྟན་མེད་པའི་ཚུལ། ཕྱི་མཐའ་མ་ངེས་པས་ཡིད་བརྟན་མེད་པའི་ཚུལ། མཐོ་དམན་མ་ངེས་པས་ཡིད་བརྟན་མེད་པའི་ཚུལ་དང་བཞི། དང་པོ། ཕ་ནི་བུ་ཉིད་དུ་འགྱུར་བ་དང་དེ་བཞིན་མ་ནི་ཆུང་མ་ཉིད་དང་། སྐྱེ་བོ་དགྲར་གྱུར་པ་དག་ཀྱང་བཤེས་ཉིད་དང་། དེ་ལས་བཟློག་པ་བཤེས་ཉིད་ཀྱང་དགྲ་ཉིད་དུ་མཆི་བས་དེ་ཡི་སླད་དུ། འཁོར་བ་དག་ན་ཡིད་བརྟན་པའི་ངེས་པ་འགའ་


MR08_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་མཆིས་སོ། །གཉིས་པ། གང་ཟག་རེ་རེས་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་བཞི་པས་ལྷག་པ་སྟེ་མང་བ་ཡི། འོ་མ་བཏུངས་ཏེ་དེས་ཀྱང་ངོམས་པར་མ་གྱུར་ཅིང་ད་དུང་ཡང་འཕགས་ལམ་མ་ཐོབ་པར་དུ་སོ་སོ་ཡི། སྐྱེ་བོའི་ལམ་གྱི་རྗེས་སུ་འབྲང་བའི་འཁོར་བ་པས་ནི། སྔར་གྱི་དེ་བས་ཀྱང་ཆེས་མང་བ་ཉིད་ཅིག་ཀུན་བཏུང་བར་ཤེས་འཚལ་ལོ་སྟེ་འཁོར་བ་ལ་ཐོག་མཐའ་མི་མངོན་པའི་ཕྱིར་རོ། །གསུམ་པ། སེམས་ཅན་རེ་རེའི་བདག་ཉིད་གཅིག་པུའི་ལུས་སྔར་བོར་བའི་རུས་པའི་ཕུང་པོ་ནི། ལྷུན་པོ་དང་མཉམ་པ་སྙེད་ཅིག་འདས་པར་གྱུར་ཏེ་ད་དུང་ལམ་ལ་མ་འབད་ན་དེ་བས་ཆེས་མང་བ་འདོར་དགོས་ཤིང་། དེ་བཞིན་དུ་མ་ཡི་ཐུག་མཐའ་རྒྱ་ཤུག་གི་ཚི་གུ་ཙམ་གྱི། རི་ལུར་བྱས་ཏེ་བགྲངས་ཀྱང་ས་ཡིས་ལང་མི་འགྱུར་རོ་སྟེ་མངལ་སྐྱེས་ཀྱི་ལུས་ཁོ་ན་ལ་དཔེར་བྱས་ཏེ། བཅོམ་ལྡན་འདས་ཀྱིས། དགེ་སློང་དག །དཔེར་ན་སྐྱེས་བུ་འགའ་ཞིག་གིས་ས་ཆེན་པོ་འདི་རྒྱ་ཤུག་གི་ཚི་གུ་ཙམ་གྱི་རིལ་བུ་ཐོགས་ཏེ། འདི་ནི་བདག་གི་མའོ། །འདི་ནི་བདག་གི་མ་དེའི་ཡང་མའོ། །ཞེས་འདོར་བར་བྱེད་ན། དགེ་སློང་དག་ས་ཆེན་པོ་འདིའི་འཇིམ་པ་ནི་ཆེས་སྔར་ཟད་པར་འགྱུར་གྱི། མི་རྣམས་ཀྱི་མ་བརྒྱུད་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་ང་སྨྲའོ། །ཞེས་གསུངས་ཏེ་ཡང་ཡང་ཉིང་མཚམས་སྦྱོར་


MR08_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་དུ་བྱས་སོ། །བཞི་པ་ལ། སྲིད་རྒྱས་པ་ལ་ཡིད་བརྟན་མེད་པའི་ཚུལ། གྲོགས་ཡིད་འོང་ལ། གནས་བཟང་བ་ལ། སྤྱོད་ཡུལ་བདེ་བ་ལ། ལོངས་སྤྱོད་ཆེ་བ་ལ། གཟི་བརྗིད་ཆེ་བ་ལ་ཡིད་བརྟན་མེད་པའི་ཚུལ་དང་དྲུག་ལས། དང་པོ། ལྷའི་དབང་པོ་བརྒྱ་བྱིན་འཇིག་རྟེན་གྱི་མཆོད་འོས་སུ་གྱུར་ནས་ནི། སླར་ཡང་ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་མི་དང་དུད་འགྲོ་སོགས་ཀྱི་གནས་སུ་ལྷུང་བར་འགྱུར་ཞིང་། མིའི་རྒྱལ་པོ་འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་ནས་ཀྱང་། སྔོན་གྱི་དགེ་བའི་ལྷག་མ་མེད་ན་འཁོར་བ་དག་ཏུ་ཡང་བྲན་ཏེ་བྲན་གྱི་བྲན་ལྟ་བུ་ཉིད་དུ་འགྱུར་རོ། །གཉིས་པ། མཐོ་རིས་ཀྱི་ལྷ་ཡི་བུ་མོའི་ནུ་མ་དང་རྐེད་པ་ལ། ལག་པས་འཁྱུད་ཅིང་རེག་པའི་བདེ་བ་དུས་ཡུན་རིང་དུ་མྱངས་ནས་སླར་ཡང་། དམྱལ་བར་རིའི་བར་དུ་འཐག་པ་དང་མཚོན་གྱིས་གཅོད་པ་དང་ལྕགས་ཀྱི་ཁྱི་སོགས་ཀྱི་མཆེ་སྡེར་གྱིས་དབང་པའི་འཁྲུལ་འཁོར་གྱི། རེག་པ་ཤིན་ཏུ་མི་བཟད་པ་བརྟེན་པར་འཚལ་ལོ། །གསུམ་པ། རིན་པོ་ཆེའི་ས་གཞི་ལ་རྐང་པའི་རེག་པས་མནན་ན་ནེམ་པར་བྱེད་ཅིང་བདེ་བ་སྐྱེད་པར་བཟོད་པའམ་ནུས་པ། ལྷུན་པོའི་སྤོ་ལ་ཡུན་རིང་དུ་ལྷའི་ལོ་སྟོང་ཙམ་དུ་གནས་ནས་ནི། སླར་ཡང་ལས་དབང་


MR08_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མེ་མུར་དང་རོ་མྱགས་ཀྱི་འདམ་ན་རྒྱུ་བ་ཡི། སྡུག་བསྔལ་མི་བཟད་པ་ཕོག་པ་ཡིན་ནོ་སྙམ་དུ་ཡིད་ལ་བགྱིད་པར་འཚལ་ལོ། །བཞི་པ། མཐོ་རིས་བུ་མོས་མཛེས་པར་བརྟེན་པའམ་འབྲོ༷ངས་ཤིང་སྟེ་རྒྱ་འགྲེལ་ལས་འབྲོང་བ་ནི་ཉེ་བར་བརྟེན་པ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་འབྱུང་དེས་ཡིད་དགའ་བ་དང་ལྡན་པ། རྣམ་པར་མཛེས་པའི་ཚལ་དུ་སོན་པར་རྩེས་ནས་སླར། འདབ་མ་རལ་གྲི༷་འདྲ་བའི་ཚལ་གྱི་ནགས་རྣམས་ཀྱིས། རྐང་ལག་དང་རྣ་བ་སྣ་གཅོད་པ་དག་འཐོབ་པར་འགྱུར་རོ། །ལྷའི་ཆུ་བོ་དལ་གྱིས་འབབ་པ་ན་ལྷ་ཡི་བུ་མོ་ནི་གདོང་མཛེས་པ་དང་གསེར་གྱི་པདྨའི་སྟན་ལ་ལྷན་ཅིག་ཏུ་ཞུགས་ནས། སླར་ཡང་ངན་སོང་དམྱལ་བའི་ཆུ་བོ་རབ་མེད་པར། རུལ་བ་བ་ཚྭའི་རྣམ་པ་ཀུན་ཅན་ནམ་ཚ་སྒོ་ཅན་བཟོད་བརླག་གམ་བཟོད་མེད་ཀྱི་ཆུ་ཚན་ནང་དུ་འཇུག་འཚལ་ལོ། །ལྔ་པ། ལྷ་ཡུལ་གྱི་འདོད་པའི་བདེ་བ་ཤིན་ཏུ་ཆེན་པོ་དང་། ཚངས་པ་ཉིད་ཀྱི་འདོད་པའི་ཆགས་བྲལ་གྱི་བདེ་བ་ཐོབ་ནས་སླར་ཡང་། མནར་མེད་པའི་དམྱལ་བའི་མེ་ཡི་བུད་ཤིང་གི་ཚུལ་དུ་གྱུར་པ་ཡི། སྡུག་བསྔལ་རྒྱུན་མི་འཆད་ཅིང་བར་མཚམས་མེད་པ་བརྟེན་འཚལ་ལོ། །དྲུག་པ། ལྷའི་བུ་ཉི་མ་དང་ཟླ་བ་ཉིད་ཀྱི་སྐྱེ་བ་ཐོབ་སྟེ་རང་ལུས་དང་གཞལ་ཡས་ཁང་པ་ཉིད་ཀྱི།


MR08_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བར་བྱས་ཏེ། སླར་ཡང་གླིང་བར་སོགས་མུན་ནག་སྨག་རུམ་ཕྱིན་པར་གྱུར་ནས། རང་གི་ལག་པ་བརྐྱང་བའང་མི་མཐོང་བར་འགྱུར་རོ། །དེ་ལྟ་བུའི་གནས་བཟང་པོ་ཐོབ་པ་དེ་རྣམས་ཀྱང་རྟག་ཏུ་འདུག་པའི་དབང་མེད་པར་སྡུག་བསྔལ་ལ་སྤྱོད་པའི་དུས་དེ་འདྲ་འོང་བར་བསྟན་གྱི། གནས་དེ་དང་དེ་ནས་འཕོས་ན།གནས་ངན་དེ་དང་དེ་འདྲར་སྐྱེ་ངེས་པ་ཉིད་དུ་བཟུང་བར་མི་བྱའོ། །འཕགས་ལམ་མ་ཐོབ་པར་དེ་དག་ཏུ་སྐྱེ་བ་རྣམས། ལས་སྔ་མའི་འཕེན་པ་ཟད་ནས་ཕྱི་མའི་ལས་ཀྱིས་གནས་ངན་དེ་དག་ཏུ་འགྲོ་བ་ལ་བསམ་པར་བྱའོ། །གཉིས་པར་དེ་ལྟར་ཤེས་ནས་དགེ་བ་ལ་སྤྱོད་པར་གདམས་པ། དེ་ལྟར་འཁོར་བ་འདི་ཉེས་པའམ་ནོངས་པར་འགྱུར་བ་ཤེས་པའམ་འཚལ་ནས་བསོད་ནམས་ནི། སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པ་ལས་བྱུང་བའི་རྣམ་པ་གསུམ་མར་མེའི་སྣང་པ་སྟེ་ངན་སོང་གི་མུན་པ་སེལ་བར་བྱེད་པ་རབ་ཏུ་བཞེས་ཤིགཅིའི་ཕྱིར་ན། རང་ཉིད་གཅིག་པུ་ཉི་མ་ཟླ་བས་མི་བརྫི༷་སྟེ་འོད་ཀྱིས་གཞོམ་མི་ནུས་པའི། འཁོར་བའི་མུན་ནག་མཐའ་ཡས་པའི་ནང་དུ་འཇུག་པ་དེ་ཡི་ཚེ་ན་བསོད་ནམས་ཀྱི་སྣང་བ་དང་བྲལ་ན་སྡུག་བསྔལ་མི་བཟད་པའི་ཐིབ་པོ་བརྣག་


MR08_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བ་ཤེས་འཚལ་ལོ། །གཉིས་པ་སྡུག་བསྔལ་རྒྱ་ཆེ་བའི་ཚུལ་ལ། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་པར་བྱ་བ་དང་། ཤེས་ནས་སྐྱེ་བ་བཟློག་ཕྱིར་འབད་དགོས་པར་གདམས་པ་གཉིས། དང་པོ་ལ། དམྱལ་བ། དུད་འགྲོ། ཡི་དྭགས། ལྷ། ལྷ་མིན་གྱི་སྡུག་བསྔལ་དང་ལྔ་ལས། དང་པོ་ལ་བསྟན་བཤད་གཉིས། དང་པོ། སེམས་ཅན་སྒོ་གསུམ་གྱི་ཉེས་པར་སྤྱད་པ་སྤྱོད་པ་རྣམས་ལ། ཡང་སོས་དང་ཐིག་ནག་དང་རབ་ཏུ་ཚ་བ་དང་། བསྡུས་འཇོམས་དང་ངུ་འབོད་དང་མནར་མེད་པ་ལ་སོགས་པའི། ཚ་གྲང་གི་དམྱལ་བ་རྣམས་སུ་རྟག་ཏུ་སྡུག་བསྔལ་བར་འགྱུར་རོ། །གཉིས་པ་ལ་སྡུག་བསྔལ་ཤེས་པར་བྱ་བ་དང་། དེའི་རྒྱུ་སྤང་བར་གདམས་པ་གཉིས། དང་པོ་ལ། སྡུག་བསྔལ་དངོས་དང་། དེ་གང་ལ་ཅི་ལྟར་འབྱུང་ཚུལ་ལ་བསམ་པ་གཉིས། དང་པོ། སེམས་ཅན་བསྡུས་འཇོམས་དུ་སྐྱེས་པ་ཁ་ཅིག་ལྕགས་ཀྱི་གཏུན་བུས་ཏིལ་བཞིན་འཚིར་ཏེ་དེ་བཞིན་དུ་གཞན་ཁ་ཅིག་ནི། ལྕགས་ཀྱི་མཆིག་previous hit འབར next hit་དག་གི་སྟེང་དུ་མཆིག་གུས་བཏགས་པས་ཕྱེ་མ་ཞིབ་མོ་བཞིན་དུ་ཕྱེ་མར་རློག་པར་བྱེད་དོ། །ཐིག་ནག་པ་ཁ་ཅིག་སོག་ལེས་འདྲ་སྟེ་དེ་བཞིན་གཞན། སྟ་རེ་མི་བཟད་སོ་ཀུན་རྣོན་པོ་ཅན་རྣམས་ཀྱིས་གཤགས་


MR08_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་དོ། །དེ་བཞིན་གཞན་དག་ཆུ་བོ་རབ་མེད་ཀྱི་འགྲམ་སོགས་སུ་ཁྲོ་ཆུ་བཞུས་པ་ཡི། ཁུ་བ་previous hit འབར next hit་འཁྲིགས་པ་ཁ་ནང་དུ་ལྡུད་པར་བགྱིད་དོ། །ཁ་ཅིག་ཚ་དམྱལ་ན་ལྕགས་ཀྱི་གསལ་ཤིང་མེ་རབ་ཏུ་previous hit འབར་བ། ཚེར་མ་ཅན་ལ་ཕྲེང་ next hit་བཞིན་དུ་ཀུན་ཏུ་རྒྱུད་པར་བགྱིད་དོ། །ཁ་ཅིག་རལ་གྲིའི་ཚལ་ན་ལྕགས་ཀྱི་མཆེ་བ་དང་ལྡན་པའི་ཁྱི༷། གཏུམ་པོས་དབད་ཅིང་སྐྲག་ནས་ལག་པ་གནམ་དུ་བསྒྲེངས་ཤིང་བྲེད་དོ། །དེར་ལས་ཀྱི་དབང་གིས་རང་དབང་མེད་པར་གཞན་དག་བྱ་ལྕགས་མཆུ་རྣོ༷ན་པོ་དང་། སེན་མོ་མི་བཟད་པ་དང་ལྡན་པའི་ཁྭ་རྣམས་ཀྱིས་གཏོགས་པའམ་འཐོག་པར་བྱེད་དོ། །ཁ་ཅིག་ཉེ་འཁོར་གྱི་གནས་དེར་ལུས་ལས་བྱུང་བའི་སྲིན་བུ་དང་སྦུར་བ་ཕྱི་རོལ་ནས་བྱུང་བ་མདོག་དབྱིབས་རིགས་ཐ་དད་པ་སྣ་ཚོགས་དང་། ཤ་སྦྲང་དང་སྦྲང་མ་ནག་པོ་ཁྲི་ཕྲག་མང་པོ་དག། མཆུ་རེག་པ་ཙམ་ན་མི་བཟད་པའི་རྨ་སྲོལ་ཆེར་འབྱིན་པས། ཟ་བར་བགྱིད་ཅིང་སྡུག་བསྔལ་གྱི་ཚོར་བས་ལུས་འགྲེ༷་ལྡོག་དང་ངག་སྨྲེ༷་སྔགས་འདོན་པར་བྱེད་དོ། །ཁ་ཅིག་ཚ་དམྱལ་ན་མདག་མེ་འབར་བའི་ཚོགས་སུ་ནི། དུས་རྒྱུན་མི་ཆད་པར་རབ་ཏུ་བསྲེགས་པས་ཁ་ཡང་བགྲད་དེ། དེ་ཙམ་ལས་གཞན་པའི་མཐུ་མེད་དོ། །ཁ་ཅིག་རབ་ཏུ་ཚ་བར་ལྕགས་


MR08_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱས་ཤིང་མེ་previous hit འབར་བའི་ཟངས་ཆེན་དུ། ལུས་སྤྱིའུ་ཚུགས་སུ་འབྲས་ཀྱི་ཅུད་འཕེད་སྟེ་འབྲས་ཟན་བཙོ་ next hit་བཞིན་དུ་འཚེད་པར་བྱེད་པས་ཤིན་ཏུ་སྡུག་བསྔལ་བ་ཡིན་ནོ། །གཉིས་པ་ལ། ནམ་འབྱུང་བའི་དུས་ལ་བསམ་པ། འབྱུང་ན་མི་བཟོད་པའི་ཚུལ་ལ་བསམ་ལ། མྱོང་བའི་ཡུན་རིང་ཐུང་ལ་བསམ་པ་གསུམ་ལས། དང་པོ། སྡིག་ཅན་རྣམས་ནི་ཁ་ནས་དབུགས་འབྱུང་བ་འདི་འགགས་པའམ་ཆད་པ་ཙམ་ཞིག་གི། དུས་ཀྱིས་བར་དུ་ཆོད་པ་ལས་གཞན་མེད་པ་དེ་རྣམས་ཀྱིས་དམྱལ་བ་ཡི། སྡུག་བསྔལ་གཞལ་ཡས་པའམ་བསམ་ཡས་པ་དེ་ཐོས་ནས་ཀྱང་རྣམ་པ་སྟོང་དུ། མི་སྐྲག་པའམ་མི་འཇིགས་པ་གང་ལགས་པ་དེ་ཡི་སྙིང་ནི་རྡོ་རྗེའི་རང་བཞིན་ཏེ་ཤིན་ཏུ་སྲ་བ་ཡིན་ནོ། །གཉིས་པ་ལ། སྤྱིར། བྱེ་བྲག །དཔེ་བསམ་པ་གསུམ་ལས། དང་པོ། དམྱལ་བ་ཡི་ཚུལ་ཡི་གེའམ་གཟུགས་བརྙན་དུ་རི་མོར་བྲིས་པ་མཐོང་བ་དང་གཏམ་རྒྱུད་རྣ་བས་ཐོས་པ་དང་། རང་གིས་དེའི་ཚུལ་ཡིད་ལ་དྲན་པ་དང་རང་གིས་ཁ་ཏོན་དུ་བཀླགས་པ་དང་དབྱིབས་ཀྱི་ཚུལ་འཇིམ་པ་ལས་ལྡེར་ཚོའི་གཟུགས་སུ་བགྱིས་པ་རྣམས་ཀྱིས་ཀྱང་། འཇིགས་པ་སྐྱེད་པར་འགྱུར་ན་ཤིན་ཏུ་མི་བཟད་པའི། རྣམ་སྨིན་དངོས་རང་གིས་ཉམས་སུ་མྱོང་ན་སྨོས་ཅི་


MR08_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ། གཉིས་པ། བདེ་བ་ཀུན་གྱི་ནང་ནས་ཁམས་གསུམ་གྱི་སྲིད་པ་མ་ལུས་པ་ཟད་པ་རྣམ་གྲོལ་གྱི་འབྲས་བུ་ནི། བདེ་བའི་དབང་པོའམ་བདག་པོར་བགྱིད་པ་ཇི་ལྟ་བར། དེ་བཞིན་དུ་སྡུག་བསྔལ་ཀུན་གྱི་ནང་ན་ནི། མནར་མེད་པའི་དམྱལ་བའི་སྡུག་བསྔལ་རབ་ཏུ་མི་བཟད་པ་སྟེ་ཆེའོ། །གསུམ་པ། མིའི་འཇིག་རྟེན་འདི་ན་ཉིན་གཅིག་ལ་མདུང་ཐུང་སུམ་བརྒྱ་ཡིས། རབ་ཏུ་ཀུན་ཤུགས་དྲག་པོར་བར་མ་ཆད་དུ་བཏབ་པའི་སྡུག་བསྔལ་གང་ལགས་པ། དེས་ནི་སེམས་ཅན་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། དཔེ་ཡི་ཕྱོགས་ཙམ་མམ་འོལ་ཡང་མཚོན་པར་མི་བགྱི་དེ་ཡི་ཆ་ཤས་ཙམ་མམ་ཆར་ཡང་འགྲན་མི་ཕོད་དོ། །གསུམ་པ་ཡུན་ནི། བཤད་མ་ཐག་པ་དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་པ་དག་ལོ་གྲངས། བྱེ་བ་ཕྲག་བརྒྱད་ཉམས་སུ་མྱོང་ཡང་ནི། ཇི་སྲིད་རྒྱུ་མི་དགེ་བའི་ལས་དེ་ཟད་པར་མ་གྱུར་པ། དེ་སྲིད་དུ་འཚོ་བའི་སྲོག་དང་འབྲལ་བར་མི་འགྱུར་ཏེ་དེ་སྲིད་དུ་མྱོང་བར་འགྱུར་རོ། །གཉིས་པ་དེའི་རྒྱུ་སྤང་བ་ནི། གོང་བཤད་མི་དགེའི་འབྲས་བུ་འདི་རྣམས་ཀྱི་ས་བོན་ནི། སྲོག་གཅོད་སོགས་ལུས་དང་རྫུན་སོགས་ངག་དང་བརྣབ་སེམས་སོགས་ཡིད་ཀྱི་ཉེས་སྤྱད་ཆེན་པོ་རྣམས་


MR08_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་རྒྱལ་པོ་ཁྱོད་ཀྱིས་ནི། ཅི་ནས་ཉེས་པ་དེ་ཡི་རྡུལ་ཙམ་ཡང་མ་མཆིས་པ། དེ་ལྟར་ཉིད་ཀྱི་རྩལ་ཅི་ཡོད་ཀྱིས་འབད་པར་མཛོད་ཅིག་ཅེས་གདམས་པའོ། །གཉིས་པ་དུད་འགྲོ་ལ་སྤྱི་ཡི་སྡུག་བསྔལ་དང་བྱེ་བྲག་ཁ་འཐོར་གྱི་སྡུག་བསྔལ་གཉིས། དང་པོ། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ན་ཡང་གཞན་གྱིས་གསོད་པ་དང་། ཞགས་པ་སོགས་ཀྱིས་བཅིངས་པ་དང་ལྕག་སོགས་ཀྱིས་བརྡེག་པ་སོགས་མི་དང་མི་མིན་གྱི་གནོད་པ་བྱས་པའི་སྡུག་བསྔལ་སྣ་ཚོགས་པ། ཞི་བ་མྱང་འདས་ཐོབ་འགྱུར་ཐར་ལམ་གྱི་དགེ་བ་སྤངས་བ་རྣམས་ལ་ནི། བྱིང་གནས་སོགས་གཅིག་ལ་གཅིག་ཟ་རྣམ་སྨིན་ནམ་སྡུག་བསྔལ་ཤིན་ཏུ་མི་བཟད་པ་དང་ལྡན་ནོ། །གཉིས་པ། ཆུ་གནས་སོགས་དུད་འགྲོ་ཁ་ཅིག་ནི་མུ་ཏིག་དང་ལུག་སོགས་བལ་དང་གླང་ཆེན་སོགས་རུས་པ་དང་ཁྲག་དང་། ཤ་ཡི་ཆེད་དུ་རི་དྭགས་སོགས་དང་སྟག་གཟིག་སོགས་པགས་པའི་ཆེད་དུ་འཆི་བར་འགྱུར། རང་དབང་མེད་པར་གཞན་དག་རྟ་སོགས་རྡོག་པ་སྟེ་རྐང་པ་དང་མ་ཧེ་སོགས་ལག་པ་དང་། བོང་བུ་སོགས་ལྕག་ཚན་དང་གླང་པོ་ཆེ་ལྕགས་ཀྱུ་དང་དབྱུག་པ་སོགས་གདབ་པས་གླང་སོགས་བཏབ་སྟེ་བྲན་དུ་བཀོལ་པས་སྡུག་བསྔལ་བར་འགྱུར་རོ། །གསུམ་


MR08_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི་དྭགས་ལ་བསྟན་བཤད་གཉིས། དང་པོ། ཡི་དྭགས་སུ་སྐྱེས་ན་ཡང་འདོད་པས་ཕོངས་པ་ཡིས། བསྐྱེད་པའི་སྡུག་བསྔལ་བར་མེད་པའམ་རྒྱུན་ཆགས་པ་བཅོས་སུ་མེད་པའམ་མི་འཆོས་པ། བཀྲེས་པ་དང་སྐོམ་པ་དང་དགུན་གྲང་བ་དང་སོས་ཀ་དྲོ་བ་དང་ཟས་ཕྱིར་རྒྱུ་བས་ངལ་བ་དང་སྐྱེས་བུ་མཚོན་ཐོགས་པ་མཐོང་བ་སོགས་ཀྱིས་འཇིགས་པ་ཡིས། བསྐྱེད་པ་ཡི་སྡུག་བསྔལ་ཤིན་ཏུ་མི་བཟད་པ་བརྟེན་འཚལ་ལོ། །གཉིས་པ་རྒྱས་བཤད་ལ། སྡུག་བསྔལ་དང་། དེའི་རྒྱུ་གཉིས། དང་པོ་སྡུག་བསྔལ་དངོས་དང་། དེ་ཇི་ཙམ་མྱོང་བའི་ཡུན་གཉིས། དང་པོ། ཡི་དྭགས་ཁ་ཅིག་གིས་ཁ་ནི་ཁབ་ཀྱི་མིག་ཙམ་དུ་ཆུང་ལ། ལྟོ༷་བ་ནི་རི་ཡི་གཏོས་ཙམ་དུ་ཆེ་བས་དགང་དཀའ་བས་བཀྲེས་པས་ཉེན་པར་གྱུར་ཏེ། སྣབས་སོགས་མི་གཙང་གྱི་ནར་ཏེ་དགོས་མེད་དུ་བོར་བ་ཅུང་ཟད་ཀྱང་། ཟ་བའམ་འཚལ་ཀུན་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཁ་ཅིག་ཕྱིའི་པགས་པ་དང་ནང་གི་རུས་པ་ནི་ལྷག་མར་ལུས་ཤིང་ཤ་སྐམ་པ་གོས་མེད་པའི་གཅེར་བུ་སྟེ། དཔེར་ན་ཤིང་ཏ་ལའི་ཡང་ཏོག་ཅེས་མགོའི་རྩེ་མོ་བསྐམས་པ་ལྟ་བུ་ལགས་སོ། །ཁ་ཅིག་མཚན་རེ་རེ་ཞིང་ཞེས་མཚན་མོ་ཐམས་ཅད་དུ་ཁ་ནས་མེ་previous hit འབར next hit་སྟེ། ཟས་སུ་ཟ་ན་ཡང་མེ་


MR08_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བཞིན་པའི་ཁར་བབས་པའི་བྱེ་མ་འཚལ་ཏེ་ཟའོ། །སྨད་པའི་རིགས་སུ་གནས་པ་འགའ་ཞིག་ནི་རྣག་དང་ཕྱི་ས་སྟེ་དྲི་ཆེན་དང་། ཁྲག་སོགས་མི་གཙང་བ་ཡང་མི་རྙེད་དེ། སྡང་སེམས་ཀྱིས་ཐོ་བ་སོགས་ཐོགས་ནས་ཕན་ཚུན་གདོང་དུ་འཚོག་པའམ་བརྡེག་ཅིང་མགྲིན་པ་ནས། ལྦ་བ་བྱུང་བ་སྨིན་པའི་རྣག་ཟ་བའམ་འཚལ་ལོ་སྟེ་དེས་སྲོག་འཚོ་བའོ། །ཡི་དྭགས་རྣམས་ལ་ཚ་བ་དང་ལྡན་པ་སོས་ཀའི་དུས་སུ་ནི། ཟླ་བའང་ཚ་བར་གྱུར་ནས་གདུང་བ་བསྐྱེད་ལ་དགུན་གྲང་དུས་སུ་ནི་ཉི་མའང་གྲང་བར་སྣང་ཞིང་། ལྗོན་ཤིང་བཟང་པོའང་འདིས་མཐོང་ཚེ་འབྲས་བུ་མེད་པར་འགྱུར་ཞིང་འདི་དག་གིས། བལྟས་པ་ཙམ་གྱིས་ཆུ་ཀླུང་ཡང་བསྐམ་པར་འགྱུར་རོ། །གཉིས་པ། དེ་ལྟར་བར་ཆད་པ་མེད་པར་སྡུག་བསྔལ་ལ་བསྟེན་པར་གྱུར་པ། ཉེས་པར་སྤྱོད་པའི་ལས་ཀྱི་ཞགས་པ་ནི། ཤིན་ཏུ་སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ནི་ལོ་ཡི་གྲངས། ལྔ་སྟོང་དག་དང་ཁྲིར་ཡང་འཆི་བར་མི་འགྱུར་ཏེ་སྡུག་བསྔལ་ཉམས་སུ་མྱོང་ངོ་། །གཉིས་པ་དེའི་རྒྱུ་ནི། དེ་ལྟར་ཡི་དྭགས་རྣམས་ཀྱིས་བཀྲེས་སྐོམ་སོགས་སྣ་ཚོགས་པའི། སྡུག་བསྔལ་དོན་མཐུན་དུའམ་རོ་གཅིག་ཐོབ་པ་གང་ལགས་པ། དེ་ཡི་རྒྱུ་ནི་སྐྱེ་བོ་འཇུངས་པ་ལ་དགའ་བ་སྟེ་བདག་ལ་ཅི་ཡང་མེད་


MR08_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དོ་སྙམ་པ་ཅན། སེར་སྣ་འཕགས་པ་རྣམས་ཀྱི་ཆོས་མིན་པ་དེ་ཉིད་ལགས་པར་སངས་རྒྱས་ཀྱིས་གསུངས་ཏེ། སྡུད་པ་ལས། སེར་སྣ་ཅན་ནི་ཡི་དྭགས་གནས་སུ་སྐྱེ་བར་འགྱུར། །ཅི་སྟེ་མིར་སྐྱེ་ན་ཡང་དེ་ཚེ་དབུལ་པོར་འགྱུར། །ཞེས་སོ། །བཞི་པ་ལྷ་ལ། བསྟན་བཤད་གཉིས། དང་པོ། མཐོ་རིས་འདོད་པའི་ལྷའི་སྐྱེ་བ་ཐོབ་ན་ཡང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་ལ་སྤྱོད་པའི་བདེ་བ་ཆེན་པོ་ཡོད་མོད་ཀྱི་དེ་དག་གི་སྟོབས་ལས། འཆི་འཕོ་བའི་དུས་ཀྱི་སྡུག་བསྔལ་ཉིད་ནི་སྔར་གྱི་བདེ་བའི་ཚད་དེ་བས་སྟོབས་ཆེའོ། །དེ་ལྟར་བསམས་ནས་ཡ་རབས་དམ་པ་རྣམས་ཀྱིས་ནི། བདེ་བ་མི་བརྟན་པས་ཟད་པར་འགྱུར་བའི་མཐོ་རིས་ཀྱི་སླད་དུ་སྲེད་པར་མི་བགྱིའོ། །གཉིས་པ། ལྷ་རྣམས་འཆི་བར་གྱུར་པ་དེའི་ཚེ་ལུས་ཀྱི་ཁ་དོག་མི་སྡུག་པར་འགྱུར་བ་དང་། རང་གི་སྟན་ལ་སྔར་ཇི་ཙམ་བསྡད་ཀྱང་མི་སྐྱོ་བ་ལ་དེའི་དུས་སུ་མི་དགའ་ཞིང་རྒྱན་གྱི་མེ་ཏོག་གི་ཕྲེང་བ་རྙིང་པར་གྱུར་པ་དང་། གོས་ལ་དྲི་མ་ཆགས་པ་དང་ལུས་མཆན་ཁུང་སོགས་ལས་ནི། སྔོན་ཆད་མེད་པའི་རྡུལ་འབྱུང་བ་ཞེས་བགྱི་བ། མཐོ་རིས་ཀྱི་ལྷ་རྣམས་ལ་འཆི་འཕོ་སྦྲོན་པར་བགྱིད་པའི་འཆི་བའི་ལྟས་ལྔ། ལྷ་ཡུལ་ན་གནས་པའི་


MR08_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྣམས་ལ་འབྱུང་སྟེ། དཔེར་ན་ས་སྟེང་གི་མི་རྣམས་འཆི་བར་གྱུར་པ་དག་གི་ཚེ། སྦྲོན་ཀུན་པར་བྱེད་པའི་འཆི་ལྟས་རྣམས་དང་འདྲའོ། །དེར་མ་ཟད་ལྷ་ཡི་འཇིག་རྟེན་དག་ནས་ཤི་འཕོས་པ་རྣམས་ལ། གལ་ཏེ་མཐོ་རིས་སུ་སྐྱེ་བའི་རྒྱུ་དགེ་བའི་ལྷག་མ་འགའ་མེད་པ་ན། དེ་ནས་རང་དབང་མེད་པར་དུད་འགྲོ་དང་ཡི་དྭགས་དང་། དམྱལ་བར་གནས་པ་ལས་གང་ཡང་རུང་བར་སྐྱེ་ཞིང་སྡུག་བསྔལ་མྱོང་བར་འགྱུར་རོ། །ལྔ་པ་ལྷ་མིན་གྱི་སྡུག་བསྔལ་ནི། ལྷ་མིན་གྱི་སྐྱེ་གནས་དག་ན་ཡང་ཕྲག་དོག་གི་རྒྱུ་མཐུན་གྱི་ལས་ཀྱིས་རང་བཞིན་གྱིས་ལྷ་ཡི། དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ་སྟེ་ཕྲག་དོག་གིས་ཡིད་མི་བདེ་བསྐྱེད་པའི་ཕྱིར་རོ། །ལྷ་མིན་གྱི་འགྲོ་བ་དེ་དག་བློ་དང་ལྡན་ཡང་རྣམ་སྨིན་ནམ་འགྲོ་བ་ཡི། སྒྲིབ་པས་རྟེན་དེ་ལ་བདེན་པ་མཐོང་བ་མ་མཆིས་སོ། །གཉིས་པ་དེ་ལྟར་ཤེས་ནས་སྐྱེ་བ་བཟློག་པར་གདམས་པ་ལ། སྐྱེ་བ་བཟློག་དགོས་པའི་རྒྱུ་མཚན། རྒྱུ་མཚན་དེས་ན་སྐྱེ་བ་བཟློག་པ་ལ་དྲག་ཏུ་འབད་པར་གདམས་པ་གཉིས། དང་པོ། འཁོར་བ་ཡི་རང་བཞིན་ནམ་སྐྱོན་བཤད་མ་ཐག་པ་དེ་འདྲ་བ་ལགས་པས་ལྷ་མི་དང་། དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་ཀྱི་གནས་རིས་དེ་དག་ཏུ། སྐྱེ་བ་འདི་ནི་བཟང་པོ་མ་ལགས་


MR08_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དེར་སྐྱེ་བ་ནི། འཇིགས་དང་སྡུག་བསྔལ་སོགས་གནོད་པ་དུ་མའི་སྣོད་དུ་འགྱུར་བ་ལགས་པས་དེ་ལྟར་མཁྱེན་པར་མཛོད་ཅིག །གཉིས་པ། དེའི་ཕྱིར་རང་གི་མགོའམ་གོས་ལ་གློ༷་བུར་དུ་མེ་ཤོར་ན་མྱུར་དུ་བཟློག་པ་ལ་འབད་དགོས་པ་ཡིན་ཡང་། འཁོར་བའི་ཉེས་དམིགས་ཤེས་པའི་མཁས་པས་ནི་མེ་དེ་དག་བཟློག་ཕྱིར་རྩོལ་བའི་བགྱི་བ་དེའང་བཏང་ནས་ཀྱང་། ལུས་སྲོག་ལ་མི་ལྟ་བའི་བརྩོན་འགྲུས་ཀྱིས་ཡང་སྲིད་མེད་པར་བགྱི་བ་སྟེ་སྐྱེ་བ་བཟློག་པའི་སླད་དུ་རྩོལ་བའི་ཐབས་འདི་ལ་འབད་འཚལ་ཏེ། ཡང་སྲིད་མེད་པར་བགྱི་བ་དེ་བས་ཆེས་མཆོག་ཏུ་གྱུར་པའི་དགོས་པ་གཞན་མ་མཆིས་པས་སོ། །གཉིས་པ་རྣམ་བྱང་ཕྱོགས་ལ་འཇུག་པའི་ཚུལ་ལ། འབྲས་བུ་ཐར་པ་ལ་ཡིད་ཆེས་པར་བྱ་བ་དང་། རྒྱུ་ལམ་བདེན་ཉམས་སུ་ལེན་པ་གཉིས། དང་པོ། རྒྱུ་ཚུལ་ཁྲིམས་དག་དང་བསམ་གཏན་ཤེས་རབ་ཀྱིས་ཏེ་བསླབ་པ་རིན་པོ་ཆེ་གསུམ་གྱིས། འབྲས་བུ་མྱ་ངན་ལས་འདས་པ་ཞེས་སྡུག་བསྔལ་ཞི་ཞིང་སྲིད་པར་ཀུན་སྦྱོར་གྱི་ལས་མེད་པས་དུལ་བ་ཉོན་མོངས་པའི་དྲི་མ་མེད་པའི། གོ་འཕང་མི་རྒ་མི་འཆི་བ་སྟེ་རྒ་ཤི་མེད་པས་ནམ་ཡང་ཟད་མི་ཤེས་པའམ་མི་འཚལ་བ། ཕྱི་རོལ་པས་བཏགས་པའི་ཐར་


MR08_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཟུགས་ཅན་ས་ཆུ་མེ་རླུང་ཉི་ཟླ་ལྟ་བུའི་བེམ་པོ་དང་བྲལ་བ་དེ་ཐོབ་པར་མཛོད་ཅིག །འདི་ལ་ཞི་བ་ལྷག་མེད་མྱང་འདས་ཟག་བཅས་ཀྱི་ཕུང་པོ་འགག་པ་དང་། དུལ་བ་ལྷག་བཅས་མྱང་འདས་དབང་པོ་དུལ་བ་དང་། གཉིས་ཀ་ཡང་ཉོན་མོངས་པ་མེད་པས་དྲི་མ་མེད་པ་སོགས་ཀྱི་དོན་དུ་བཤད་ཀྱང་རུང་ངོ་། །གཉིས་པ་ལ། མཐོང་ལམ་དང་། བསྒོམ་ལམ་བཤད་པ་གཉིས། དང་པོ་ལ། ལམ་གྱི་ངོ་བོ་བྱང་ཆུབ་ཡན་ལག་བདུན་བཤད་པ། དེ་ལས་བྱེ་བྲག་ཞི་གནས་དང་འབྲེལ་བར་ཤེས་རབ་ཟབ་མོའི་རྣལ་འབྱོར་བཤད་པ་གཉིས། དང་པོ། མཐོང་ལམ་ཀུན་གྱི་སྐབས་སུ་དམིགས་པ་མི་བརྗེད་པའི་དྲན་པ་དང་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དང་བླང་དོར་ལ་འབད་པའི་བརྩོན་འགྲུས་དང་། ཡིད་བདེ་བའི་དགའ་བ་དང་ལུས་སེམས་ལས་རུང་གི་ཤིན་ཏུ་སྦྱངས་པ་དང་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དང་། བྱིང་རྒོད་དང་བྲལ་བའི་བཏང་སྙོམས་ཏེ་འདི་བདུན་ནི་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་སྟེ། དེ་ཡང་བྱང་ཆུབ་ནི་མྱང་འདས་དང་ཡན་ལག་ནི་དེའི་རྗེས་སུ་མཐུན་པ་སྟེ་དེ་སྒྲུབ་པའི་ཐབས་སུ་གྱུར་པའམ་ཡང་ན་བདག་མེད་རྟོགས་པའི་ཤེས་རབ་ནི་བྱང་ཆུབ་ཀྱི་ངོ་བོ་ཡིན་པས་རང་བཞིན་གྱི་དང་དྲན་པ་ནི་


MR08_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་གནས་ཀྱི་དང་བརྩོན་འགྲུས་ནི་ངེས་པར་འབྱུང་བའི་དང་དགའ་བ་ཕན་ཡོན་གྱི་དང་། ལྷག་མ་གསུམ་ཉོན་མོངས་མེད་པའི་ཡན་ལག་གོ། དེས་ན་དེ་བདུན་པོ། མྱ་ངན་ལས་འདས་པ་ཐོབ་པར་བགྱིད་པའི་དགེ་བའི་ཚོགས་ལགས་སོ། །གཉིས་པ་ལ་བསྟན་བཤད་གཉིས། དང་པོ། ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་མེད་པར་ཐར་བ་མཆོག་གི་རྒྱུར་གྱུར་པའི་བསམ་གཏན་ཡོད་པ་མིན་ཏེ་ཤེས་རབ་ཀྱིས་རྟོགས་པའི་དོན་ལ་མཉམ་པར་འཇོག་དགོས་པའི་ཕྱིར། བསམ་གཏན་མེད་པར་ཡང་ནི་རྣམ་གྲོལ་གྱི་ལམ་ཡང་དག་པའི་ཤེས་རབ་མེད་དེ་སེམས་མཉམ་པར་བཞག་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་འབྱུང་བའི་ཕྱིར་རོ། །དེས་ན་གང་ཟག་གང་ལ་ཤེར་ཏིང་ངམ་ཞི་ལྷག་དེ་གཉིས་ཟུང་འབྲེལ་དུ་ཡོད་པས་ནི་སྲིད་པ་ཡི། རྒྱ་མཚོ་ཆེན་པོ་ཐ་གྲུ་མི་མངོན་པ་འདི་ཡང་ཆུང་ངུ་བསྐམ་པར་སླ་བ་གནག་རྗེས་ཀྱི་ཆུ་ལྟ་བུར་ཤེས་པའམ་འཚལ་བར་བགྱི་སྟེ་ཞི་ལྷག་ལྡན་པའི་གང་ཟག་དེ་སྟོབས་དང་ལྡན་པའི་ཕྱིར་དེ་ལ་འཁོར་བའི་རྒྱ་མཚོ་སྐེམ་པར་བྱ་མི་དཀའ་བས་སོ། །གཉིས་པ་ལ། སྤྱད་བྱ་གནས་ཚུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་


MR08_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་མ་བསྟན་པའི་ལྟ་བ་བཤད་པ། གཉེན་པོ་ཡང་དག་པའི་གནས་ལུགས་རྟེན་འབྲེལ་གྱི་དོན་བཤད་པ་གཉིས། དང་པོ། བདག་དང་འཇིག་རྟེན་རྟག་མི་རྟག་གཉིས་ཡིན་གཉིས་མིན་ཏེ་སྔོན་མཐའ་ལ་བརྟེན་པ་བཞི། དེ་གཉིས་མཐའ་ལྡན་ཡིན་མིན་གྱི་མུ་བཞི་ཕྱི་མཐའ་ལ་བརྟེན་པ་དང་། དེ་བཞིན་གཤེགས་པ་གྲོང་ཕན་ཆད་འབྱུང་མི་འབྱུང་གི་མུ་བཞི་མྱང་འདས་ལ་བརྟེན་པ་དང་ལུས་སྲོག་གཅིག་ཐ་དད་གཉིས་བཅས་ལུང་མ་བསྟན་པ་བཅུ་བཞི་ཞེས་འཇིག་རྟེན་ན། སྟོན་མཆོག་ཉི་མའི་གཉེན་གྱིས་རབ་ཏུ་གསུངས་པ་གང་དག་ལགས་པ། དེ་དག་རྣམས་ལ་དེ་དང་དེའི་ཚུལ་བསམ་པར་མི་བགྱི་སྟེ། དེ་ཡིས་བློ་ནི་ཞི་བར་བགྱིད་པ་མ་ལགས་ཏེ་མགོ་རྨོངས་ཞིང་ཡིད་ཤ་ཐང་ཆད་པར་འགྱུར་རོ། །འདིར་ལུང་མ་བསྟན་ཞེས་པ། དོན་འདི་དག་ཕྱི་རོལ་པས་བདག་རྟག་པ་ལས་བརྩམས་ཏེ་དྲི་བ་བྱས་པས་ན་ཁྱད་གཞི་བདག་མེད་པ་ལ་ཁྱད་ཆོས་ལུང་བསྟན་དུ་མེད་པ་དང་། བདག་བཀག་ན་ཡང་དོན་དུ་མི་འགྱུར་བ་ལ་དགོངས་ནས་དྲི་བ་དེ་དག་གི་ལན་ལུང་དུ་མ་བསྟན་པས་དེ་སྐད་དུ་བཤད་དོ། །གཉིས་པ་ལ་རྟེན་འབྲེལ་དངོས་དང་། དེའི་ཆེ་བ་བརྗོད་པ་གཉིས། དང་པོ། ཀུན་འོ་ན་ཇི་ལྟར་བསམ་པར་བྱ་ཞེ་ན། བདག་མེད་པའི་དོན་མ་རྟོགས་པའི་མ་


MR08_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་ལས་ལས་འདུ་བྱེད་པ་འབྱུང་ཏེ་དེ་ལས་ནི། ས་བོན་དང་འཕེན་པའི་རྣམ་ཤེས་འབྱུང་ཞིང་དེ་ལས་ཚོར་འདུ་སོགས་མིང་བཞི་དང་ནུར་ནུར་པོ་སོགས་གཟུགས་རབ་ཏུ་འབྱུང་ཞིང་། དེ་ལས་མིག་སོགས་ནང་གི་སྐྱེ་མཆེད་དྲུག་སྟེ་དེ་ལས་ནི། ཡུལ་དབང་ཤེས་གསུམ་འདུས་ཏེ་རེག་པ་དྲུག་ཀུན་ཏུ་འབྱུང་པར་ཐུབ་པས་གསུངས་སོ། །རེག་པ་ལས་ནི་ཚོར་བ་བདེ་སྡུག་སོགས་ཀུན་འབྱུང་སྟེ། ཚོར་བའི་གཞི་ལས་འཇུག་ལྡོག་གི་སྲེད་པ་འབྱུང་བར་འགྱུར། སྲེད་པ་ལས་ནི་དོན་དེའི་ཕྱིར་རྒྱུག་པ་ལེན་པ་སྐྱེ་བར་འགྱུར་བ་སྟེ། དེ་ལས་ལས་འདུ་བྱེད་པའི་སྲིད་པ་འབྱུང་ཞིང་སྲིད་པ་ལས་ཕྱི་མའི་སྐྱེ་བ་འབྱུང་བ་ལགས་སོ། །སྐྱེ་བ་ཡོད་ན་མྱ་ངན་དང་ན་བ་དང་རྒ་བ་དང་། འདོད་པས་ཕོངས་པ་དང་འཆི་བ་དང་འཇིགས་པ་དང་སྨྲེ་སྔགས་དང་ཡིད་མི་བདེ་བ་སོགས་ཀྱི། སྡུག་བསྔལ་གྱི་ཕུང་པོ་ཤིན་ཏུ་ཆེ་བ་འབྱུང་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགགས་པ་ནས་སྐྱེ་བ་འགགས་པའི་བར་དུ་འགྱུར་ལ། སྐྱེ་བ་འགགས་པས་མྱ་ངན་སོགས་སྡུག་བསྔལ་འདི་ཀུན་འགག་པར་འགྱུར་བ་ཡིན་ནོ། །གཉིས་པ། ཇི་སྐད་བཤད་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ནི་རྒྱལ་བ་ཡི། གསུང་གི་མཛོད་རྒྱ་ཆེ་ཞིང་དངོས་


MR08_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མང་པོ་རྣམས་ཀྱི་ནང་ན་གཅེས་པའི་དོན་ཟབ་མོ་ནོར་བུ་དབང་གི་རྒྱལ་པོ་ལྟ་བུ་སྟེ། གང་གིས་རྟེན་འབྲེལ་གྱི་ཚུལ་འདི་ནི་ཡང་དག་པར་མཐོང་བ་དེས། ཤེས་རབ་ཀྱི་མིག་གིས་སངས་རྒྱས་ཆོས་ཀྱི་སྐུ་དེ་ཁོ་ན་ཉིད་རིག་པ་རྣམ་པ་མཆོག་གི་བདག་ཉིད་མཐོང་བ་ཡིན་ནོ། །གཉིས་པ་བསྒོམ་ལམ་ལ། ལམ་གྱི་ངོ་བོ་འཕགས་ལམ་ཡན་ལག་བརྒྱད་བཤད་པ། དེ་ལམ་ཡིན་ཚུལ་བཤད་པ། ལམ་དེ་ཡི་གཙོ་བོ་བདེན་བཞི་མཐོང་བའི་ཤེས་རབ་ལ་གདམས་པ་གསུམ། དང་པོ། སྔར་མཐོང་ལམ་དུ་རྟོགས་ཟིན་ཡོངས་སུ་གཅོད་པ་ཡང་དག་པའི་ལྟ་བ་དང་དེ་བཞིན་དུ་ལོག་འཚོ་སྤང་བའི་འཚོ་བ་དང་ལམ་སྒོམ་པ་ལ་རྩོལ་བ་དང་། བརྗེད་པ་མེད་པའི་དྲན་པ་དང་སེམས་རྩེ་གཅིག་པའི་ཏིང་འཛིན་དང་རྟོགས་དོན་གཞན་ལ་འདོམས་པའི་ངག་དང་འཕགས་པས་སྲོག་གཅོད་སྤང་བ་སོགས་རྣམ་པར་དག་པའི་ལས་ཀྱི་མཐའ་དང་། ཆོས་སྟོན་པ་སོགས་ཀྱི་ངག་དེ་ཉིད་ཀུན་ནས་སློང་བྱེད་ཡང་དག་པའི་རྟོག་པ་ཉིད་བཅས་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་དེ། འདིས་སྤང་བྱ་སྤངས་ཤིང་རྣམ་གྲོལ་མངོན་དུ་བྱེད་པས་འཕགས་པའི་ལམ་དང་དེ་ལས་ལྟ་བ་ནི་ཡོངས་སུ་གཅོད་པ་དང་། རྟོག་པ་ནི་གཞན་ལ་གོ་བར་བྱེད་


MR08_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ངག་ལས་མཐའ་འཚོ་བ་གསུམ་ནི་གཞན་ཡིད་ཆེས་པར་བྱེད་པ་དང་། ལྷག་མ་གསུམ་ནི་སྒྲིབ་པ་སྦྱོང་བའི་ཡན་ལག་ཡིན་པས་ཡན་ལག་ཞེས་བྱ། འདི་བརྒྱད་པོ་ནི་ཞི་བར་ཏེ་མྱང་འདས་ཐོབ་པར་བགྱི་བའི་སླད་དུ་བསྒོམ་པར་བགྱིའོ། །གཉིས་པ། སྐྱེ་བ་འདི་ནི་སྡུག་བསྔལ་བདེན་པའི་མཚན་གཞི་ཡིན་ཞིང་སྲིད་ཀུན་པ་ལ་སྲེད་པ་ཞེས་བགྱི་བ། དེ་ནི་སྐྱེ་བ་དེ་ཡི་འགྲུབ་བྱེད་ཀྱི་རྒྱུ་ཀུན་འབྱུང་ཡིན་ལ་དེ་ནི་རྒྱ་ཆེན་ཏེ་ཞེས་སྲིད་པ་སྣ་ཚོགས་རྒྱུན་ཆད་མེད་པར་འབྱུང་བའོ། །སྡུག་ཀུན་འདི་གཉིས་པོ་གཏན་དུ་འགོག་པ་ནི་ཐར་པ་ལགས་ཏེ་ཐར་པ་དེ་ཉིད། འཐོབ་པར་བགྱིད་པའི་ལམ་ནི་འཕགས་ལམ་ཡན་ལག་དེ་བརྒྱད་པོ་ལགས་སོ། །གསུམ་པ། བཤད་མ་ཐག་པ་དེ་ལྟར་འཕགས་པའི་བདེན་པ་བཞི་པོ་དག་གི་དེ་ཁོ་ན་ཉིད། མཐོང་བར་བགྱི་བའི་སླད་དུ་རྟག་ཏུ་ལམ་སྒོམ་པ་ལ་བརྩོན་པར་བགྱིའོ། །གསུམ་པ་དེ་དག་ཉམས་སུ་ལེན་ཚུལ་ལ་དབུགས་དབྱུང་བ་ལ། རྟེན་དམན་ཡང་འགྲུབ་པའི་སྒོ་ནས་དབུགས་དབྱུང་བ། ཉམས་ལེན་ཉུང་ངུར་དྲིལ་བའི་སྒོ་ནས་དབྱུགས་དབྱུང་བ། དེ་ལས་ནུས་ཚད་ཉམས་སུ་བླང་ཆོག་པའི་དབུགས་དབྱུང་བ་གསུམ། དང་པོ། བདག་ཁྱིམ་པས་འཕགས་


MR08_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདེན་པ་མཐོང་མི་ནུས་སྙམ་ན། པང་ན་དཔལ་གནས་ཞེས་བུ་དང་ཆུང་མ་ནོར་དབྱིག་སོགས་མ་སྤང་བར་མདུན་ན་གནས་བཞིན་དུ་ཁྱིམ་པ་རྣམས་ཀྱིས་ཀྱང་། བླང་དོར་ཤེས་པས་ཉོན་མོངས་པའི་ཆུ་བོ་ལས་བརྒལ་བ་ཡིན་གྱི་གཞན་དུ་མིན་ནོ། །གང་སུ་དག་དམ་པའི་གོ་འཕང་གི་ཆོས་མངོན་དུ་བགྱིས་པ་རྒྱལ་བ་དང་དགྲ་བཅོམ་པ་ཆེན་པོ་དེ་དག་ཀྱང་། ཇི་ཞིག་ན་ཆར་བཞིན་དུ་གནམ་ལས་བབས་པ་མ་ལགས་ལོ་ཏོག་བཞིན་དུ། ས་རུམ་ནས་འཐོན་པ་མ་ལགས་ཏེ་འཕགས་པ་དེ་དག་ཀྱང་སྔོན་གྱི་དུས། ཉོན་མོངས་ལ་རག་ལས་པའམ་ཉོན་མོངས་པའི་དབང་དུ་གྱུར་པ་སོ་སོའི་སྐྱེ་བོར་པས་ཏེ་སོ་སྐྱེར་ངེས་ལ། དེས་ན་བདག་ཉིད་ཀྱིས་ཀྱང་ལམ་བསྒོམ་ན་ཉོན་མོངས་པའི་འཆིང་བ་དེ་ཀུན་གྲོལ་ནས་འཕགས་པ་རྣམས་ཇི་ལྟ་བ་བཞིན་དུ་འབྲས་བུ་མངོན་སུམ་དུ་བསྐྱེད་པ་ཡོད་དེ་ཞེས་སོ། །གཉིས་པ། གཞན་གྱིས་བསྙེངས་པ་དང་བྲལ་བ་ཞེས་ཕས་རྒོལ་གྱིས་བག་ཚ་བ་མེད་པ་ལ་མང་དུ་གསོལ་ཅི་འཚལ་ཏེ་ཅི་ཞིག་དགོས། ཕན་པའི་གདམས་ངག་དོན་གྱི་སྙིང་པོ་ནི་འདི་ལགས་ཏེ། ཁྱོད་ཀྱིས་ཐུགས་དུལ་བར་མཛོད་ཅིག་བཅོམ་ལྡན་འདས་ཀྱིས་ཀྱང་། སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས་ཏེ། སེམས་དུལ་བ་ནི་ལེགས་པ་


MR08_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། སེམས་དུལ་བས་ནི་བདེ་བར་འདྲེན། ཞེས་སོ། །གསུམ་པ་ནི། རྒྱལ་པོ་ཁྱོད་ལ་གོང་དུ་དེ་སྐད་གདམས་པ་གང་ལགས་པ་དེ་བས་པར་ཏེ་མཐའ་དག་ཁྱིམ་སྤང་པ་དགེ་སློང་གིས་ཀྱང་བགྱི་བར་དཀའ་ན། རྒྱལ་སྲིད་ལ་གཡེང་བ་ཁྱོད་ཀྱིས་ལྟ་ཅི་སྨོས་ཏེ་འོན་ཀྱང་ནུས་ཚོད་བྱས་ཏེ་འདི་ལས་གང་ཞིག་སྤྱོད་པའི་ངོ་བོ་དེའི། ཡོན་ཏན་བསྟེན་པས་སྐུ་ཚེ་དོན་ཡོད་པར་མཛོད་ཅིག །གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ལ། རྗེས་སུ་ཡི་རང་དང་བསྔོ་བའི་ཚུལ་ལ་གདམས་པ་དང་། གོང་གི་ལམ་དང་འབྲས་བུའི་དོན་ཐམས་ཅད་བསྡུ་བའི་སྒོ་ནས་གདམས་པ་གཉིས། དང་པོ་ལ། བསྔོ་བ། དེའི་འབྲས་བུ་གཉིས། དང་པོ། གཞན་སྐྱེ་འཕགས་ཀུན་གྱི་ཟག་བཅས་ཟག་མེད་ཀྱི་དགེ་བ་ཀུན་ལ་རྗེས་སུ་ཡི་རང་བར་བྱ་ཞིང་། ཉིད་ཀུན་ཀྱིས་སྒོ་གསུམ་གྱི་ལེགས་པར་སྤྱོད་པ་རྣམ་པ་གསུམ་པོ་ཡང་། གཞན་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཉིད་ཐོབ་པར་བགྱི་བའི་སླད་དུ་ཡོངས་སུ་བསྔོས་ནས་ཐེག་ཆེན་གྱི་སྒྲུབ་པ་བླ་ན་མེད་པས་ཀུན་ཏུ་དོན་ཡོད་པར་མཛོད་ཅིག །གཉིས་པ་ལ། གནས་སྐབས་ལམ་གྱི་འབྲས་བུ་དང་། མཐར་ཐུག་སངས་རྒྱས་ཀྱི་འབྲས་བུ་གཉིས། དང་པོ། དེ་ལྟར་འཁོར་གསུམ་ཡང་


MR08_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་དགེ་བ་བསྔོས་ནས་དགེ་བའི་ཕུང་པོ་རྒྱ་ཆེན་པོ་འདི་ཡིས་ཁྱོད། ལམ་སྒྲུབ་པའི་གནས་སྐབས་སུ་སྐྱེ་བ་དཔག་ཏུ་མེད་པར་ལྷ་དང་མི་ཡི། འཇིག་རྟེན་རྣམས་སུ་སྐྱེས་ཏེ་ཀུན་གྱི་ལམ་བསྒོམ་པའི་རྣལ་འབྱོར་ཉིད་མི་ཡི་དབང་པོས་མངོན་དུ་མཛད་ནས་ཀྱང་། ལམ་སློབ་པའི་སྐབས་སུ་ཇི་ལྟར་འཕགས་པ་སྤྱན་རས་གཟིགས་དབང་གི་སྤྱོད་པ་ཡིས། འགྲོ་བ་ཉམ་ཐག་མང་པོ་མཐའ་ཡས་པ་རྗེས་སུ་བཟུང་སྟེ། སྙིང་རྗེའི་དབང་གིས་འཇིག་རྟེན་དུ་ཡང་དང་ཡང་དུ་འཁྲུངས་ནས་འགྲོ་བའི་ན་བ་དང་རྒ་བ་དང་འདོད་ཆགས་དང་ཞེ་སྡང་སོགས་ཉེས་པའི་སྐྱོན་རྣམས་བསལ་བར་མཛད་ཏེ་ཞེས་སོ། །གཉིས་པ། མཐར་ཕྱིན་མི་སློབ་པའི་དུས་སུ་རང་ཉིད་ཀྱིས་བཟུང་བའི་སངས་རྒྱས་ཀྱི་ཞིང་དུ་དཔེར་ན་བཅོམ་ལྡན་འདས། འོད་དཔག་ཏུ་མེད་པ་དང་འདྲ་བར་འཇིག་རྟེན་གྱི། མགོན་པོ་འཁོར་བ་ཇི་སྲིད་བར་གནས་ནས་སྐུ་ཚེ་དཔག་ཏུ་མེད་པར་མཛོད་ཅིག །གཉིས་པ་གོང་གི་ལམ་འབྲས་བུའི་དོན་བསྡུས་ཏེ་གདམས་པ་ནི། ཤེས་རབ་དང་ཚུལ་ཁྲིམས་དང་གཏོང་བ་ལས་འབྱུང་བའི་གྲགས་པ་ཆེན་པོ་ཉེས་པའི་དྲི་མ་མེད་པ་ཡིས། ལྷ་ཡུལ་ནམ་མཁའ་དང་ནི་ས་སྟེང་མིའི་ཡུལ་ཀུན་ཏུ་ཁྱབ་པའམ་རྒྱས་པར་མཛད་ནས། ས་ལ་


MR08_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་མི་དང་མཐོ་རིས་ཀྱི་ལྷ་རྣམས་ནི་ལྷའི་ན་ཆུང་མཆོག་བསྟེན་ནས། ལུས་སེམས་བདེ་དགས་རབ་ཏུ་དགའ་བ་རྣམས་ཆགས་པ་ལས་སེམས་ངེས་པར་རབ་ཏུ་ཞི་བར་མཛད་དེ། ཉོན་མོངས་སྡུག་བསྔལ་གྱིས་ཉམ་ཐག་པའི་སེམས་ཅན་ཚོགས་ཀྱི་འཇིག་པ་དང་སྐྱེ་བ་དང་། འཆི་བ་རྣམས་ཞི་བར་མཛད་པ་རྒྱལ་བའི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་མཚན་དཔེའི་བདག་ཉིད་ཀྱི་གཟུགས་སྐུ་ཉིད་གཞན་དོན་དུ་བརྙེས་ནས། རང་དོན་ཞི་བ་ཆོས་ཀྱི་སྐུ་འཇིག་རྟེན་ཀུན་རྟོག་གི་ཡུལ་ལས་འདས་པའི་སྐྱེ་སོགས་ཀྱི་མིང་ཙམ་ཡང་ཞི་ལ་འཆི་སོགས་ཀྱི་གནོད་པས་ཟིལ་གྱིས་མི་ནོན་པས་མི་བསྙེངས་པ། རྒ་བའི་གནོད་པ་མེད་པས་མི་བགྲེས་ཤིང་ནད་སོགས་ཀུན་གྱི་ནོངས་པ་མི་མངའི་གོ་འཕང་མཆོག་བརྙེས་པར་མཛོད་ཅིག་ཅེས་གདམས་པའོ། །བཞི་པ་མཇུག་གི་དོན་ལ་མཛད་བྱང་དང་། འགྱུར་བྱང་གཉིས། དང་པོ། བཤེས་པའི་སྤྲིང་ཡིག་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛའ་བོ་རྒྱལ་པོ་བདེ་སྤྱོད་ལ་བསྐུར་པ་རྫོགས་སོ། །གཉིས་པ། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ་སྟེ་ཐམས་ཅད་མཁྱེན་པའི་ལྷ་དང་། ཞུ་ཆེན་གྱི་ལོ་ཙ་བ་ཆེན་པོ་བན་དེ་ཀ་བ་དཔལ་བརྩེགས་ཀྱིས་


MR08_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་སྔ་དར་གྱི་དུས་སུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ས་བཅད་ཀྱི་མཇུག་གི་མཛད་བྱང་ནི། ཀུན་གང་ལ་མཉམ་པར་བཞག་པའི་སྙིང་དབུས་སུ། །མཚུངས་མེད་ཞི་བའི་རོ་མཆོག་རབ་མྱོང་བ། །སྲིད་པའི་རིམས་ནད་སེལ་བའི་བདུད་རྩི་ཆེ། །འཕགས་མཆོག་མགུལ་གྱི་བུམ་པ་ལས་ཐོན་པ། །འདི་ལ་རང་དང་གཞན་གྱི་ཤེས་རྒྱུད་ལ། །རྣམ་དཀར་དགེ་བའི་ས་བོན་འཇོག་སླད་དུ། །འདི་ལ་བསྡུས་དོན་རང་བློས་གསར་བཀོད་པ། །འདི་ཡི་དགེ་བ་བྱང་ཆུབ་མཆོག་ཏུ་བསྔོ། །ཞེས་པའང་བསླབ་གསུམ་རྣམ་པར་དག་པའི་དགེ་བའི་བཤེས་གཉེན་ཆེན་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ལ་སོགས་པའི་དམ་པ་འགའ་ལ་བཤད་པ་བྱས་པའི་སྐབས་སུ་མ་ཏི་བི་མ་ལས་སྤེལ་བ་རྒྱལ་བསྟན་རིན་པོ་ཆེ་རྒྱས་པར་གྱུར་ཅིག་ཅེས་པའོ། །སླར་སྨྲས་པ། ཟབ་ཡངས་མཁྱེན་སྤྲིན་བརྩེ་བའི་འབྲུག་སྒྲ་ཅན། །ནུས་མཐུའི་ཆར་གྱིས་ས་གསུམ་དགའ་བསྐྱེད་པའི། །ཐུབ་གསུང་ཟབ་དང་རྒྱ་ཆེའི་ཆུ་ཀླུང་འབུམ། །གཅིག་ཏུ་བསྐྱིལ་མཁས་དཔལ་ལྡན་ཀླུའི་དབང་པོའི། །ལེགས་བཤད་ངོ་མཚར་ཨུ་དུམ་ཝཱ་རའི་ཚལ། །འཇམ་མགོན་བླ་མའི་རྣམ་དཔྱོད་ཉི་གཞོན་གྱིས། །གསར་དུ་བཞད་པའི་མཆན་འགྲེལ་པད་དཀར་ཕྲེང་། །


MR08_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གསལ་རྐང་དྲུག་དགའ་བའི་གསོས་སུ་འབུལ། །དེ་ལས་བྱུང་བའི་རབ་དགེ་དྲི་མེད་ཀྱིས། །འགྲོ་ཀུན་ཡང་དག་ལྟ་བའི་མིག་རྙེད་ནས། །བདེན་བཞིའི་འཇུག་ལྡོག་གྲུ་ཡིས་སྲིང་མཚོ་ལས། །རབ་བརྒལ་རྣམ་གྲོལ་རིན་གླིང་ངལ་འཚོར་ཤོག །ཕན་བདེའི་གཞིར་གྱུར་ཐུབ་བསྟན་རིན་པོ་ཆེ། །སྲིད་མཐའི་བར་དུ་མི་ཉམས་རྟག་གནས་ཤིང་། །དེར་འཛིན་ཞབས་བརྟན་བཤད་སྒྲུབ་མངའ་ཐང་རྒྱས། །དོན་གཉིས་ལྷུན་གྲུབ་བཀྲ་ཤིས་འཕེལ་གྱུར་ཅིག །ཅེས་པའང་གངས་ཁྲོད་སྨྲ་བའི་སེང་གེ་གཅིག་པུར་གྱུར་པ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པའི་ས་བཅད་དང་རྩ་བའི་ཕྱག་མཆན་དཀྱུས་གཅིག་ཏུ་ཀུ་སཱ་ལི་འཇམ་དབྱངས་བློ་གྲོས་རྒྱ་མཚོས་ཞེ་ཆེན་ཡང་དབེན་བདེ་མཆོག་བཀྲ་ཤིས་དགེ་འཕེལ་དུ་ཞལ་བཤུས་བགྱིས་པ་དགེ། ༈ །།ཀླུ་སྒྲུབ་ཀླུ་ཡི་དབང་པོས་ལེགས་གསུང་གཞུང་། །གཏམ་བཟང་བཤེས་པའི་སྤྲིང་ཡིག་མཆན་འགྲེལ་གང་། །མི་ཕམ་ཆོས་རྗེའི་ལེགས་བཤད་པད་དཀར་ཕྲེང་། །སྒོམ་སྡེ་ནང་ཆེན་ཚོང་དཔོན་ཨོ་རྒྱན་གྱིས། །སྒྱུ་མའི་ནོར་ལ་སྙིང་པོ་ལེན་པའི་བློས། །སྤར་གྱི་ཡོན་སྦྱར་དགེ་བས་ཡིད་ཅན་ཀུན། །གནས་སྐབས་རྒུད་པའི་མུན་སྟུག་དྲུང་ཕྱུངས་ཏེ། །མཐར་ཐུག་རྣམ་གྲོལ་ཡེ་ཤེས་ཐོབ་པར་ཤོག །ཤུ་བྷཾ།། །།


previousབཤེས་སྤྲིང་གི་མཆན་འགྲེལ་པདྨ་དཀར་པོའི་ཕྲེང་བ།next