Nitartha Digital Library
Tibetan
 
previousརྗེ་བཙུན་ས་སྐྱ་པའི་ལྟ་གྲུབ་ཀྱི་གནད་འགའ་ཞིག་ལ་དྲི་བ་བྱུང་བའི་དོགས་སེལ།next

རྗེ་བཙུན་ས་སྐྱ་པའི་ལྟ་གྲུབ་ཀྱི་གནད་འགའ་ཞིག་ལ་དྲི་བ་བྱུང་བའི་དོགས་སེལ།


MR09_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

།རྗེ་བཙུན་ས་སྐྱ་པའི་ལྟ་གྲུབ་ཀྱི་གནད་འགའ་ཞིག་ལ་དྲི་བ་བྱུང་བའི་དོགས་སེལ་བཞུགས་སོ།། ༈ །།ཨོཾ་སྭ་སྟི། སྤངས་རྟོགས་མཐར་ཕྱིན་ཆོས་སྐུའི་མཁའ་དབྱིངས་སུ། །གྲངས་མེད་གཟུགས་སྐུའི་སྒྱུ་འཕྲུལ་ཉི་ཟླའི་གར། །འགོག་མེད་བསྒྱུར་བས་འགྲོ་བློའི་ཆུ་སྣོད་དུ། །གང་འདུལ་སྟོན་མཛད་ཤཱཀྱ་སེང་གེར་འདུད། །རིགས་ཅན་རྣམ་གསུམ་སྣ་ཚོགས་ཐེག་པས་བརྟུལ། །ངེས་པའི་དོན་དུ་མཐར་ཐུག་ཐེག་གཅིག་བསྟན། །སྔགས་ཀྱི་ཐེག་པས་སྐལ་བཟང་སྨིན་པར་མཛད། །བདེན་གཉིས་དོན་སྟོན་དམ་པའི་ཆོས་ལ་འདུད། །འདོད་ཆུང་ཆོག་ཤེས་ལ་སོགས་རིགས་སོ་སོར། །ངེས་པའི་ལམ་ཞུགས་ཟག་མེད་འབྲས་བུ་ཐོབ། །ཉན་རང་རྒྱལ་སྲས་འཕགས་པའི་ཚོགས་རྣམས་དང་། །གྲུབ་པའི་དབང་ཕྱུག་མཆོག་རྣམས་གཙུག་གིས་མཆོད། །ཟང་ཟིང་ཙམ་མིན་ཆོས་ཀྱི་འབེལ་གཏམ་ལ། །འཇུག་འདོད་བློ་གསལ་དགའ་བསྐྱེད་མང་ངམ་ཉུང་། །ཚིག་དོན་སྙིང་པོའི་ལྕིད་དག་དབེན་ན་ཡང་། །སྔོན་བྱོན་མཁས་པའི་གསུང་དེར་དྲན་པར་བྱོས་སོ། །ཞེས་མཆོད་བརྗོད་དང་དམ་བཅའི་ཚིག་གི་མེ་ཏོག་སྔོན་དུ་འཐོར་ནས་སྐབས་སུ་བབས་པའི་བརྗོད་བྱ་ནི། གཞན་ཕྱོགས་ཀྱི་མཁས་པ་ཞིག་གི་དྲི་བ་ཚན་བརྒྱད་བྱས་པའི་ཡིག་དུམ་ཞིག་མཐོང་བ་དེ་ལ་དྲིས་ལན་མདོར་བསྡུས་


MR09_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

འགོད་པ་ལ། དྲི་བ་དོན་ཚན་བརྒྱད་པོ་སོ་སོར་བཀོད་ནས་ལན་ཡང་སོ་སོར་བྱས་ན་གོ་སླ་བས་དེ་ལྟར་བགྱིད་པ་ལ། དྲི་བ་དང་པོ་ལྟ་བ་ཞེས་ཐམས་ཅད་ཀྱིས་སྒྲོག་པའི་མཚན་གཞི་འམ་ངོས་འཛིན་གང་ཡིན། ལྟ་ ་དེ་གཏན་ལ་དབབ་བྱའི་ཡུལ་ལམ་འབེབས་བྱེད་ཀྱི་ལུང་རིགས་གམ། དེ་རྟོགས་པའིརྟོག next hit་པ་གསུམ་པོ་གང་ཡིན་ཞེས་པའི་ལན་ནི། དེ་ལ་སྤྱིར་ལྟ་བ་ཞེས་པ་ནི་དངོས་པོའི་གནས་ལུགས་ཡིན་ལ། དངོས་པོའི་གནས་ལུགས་དེ་ཉིད་སྤྲོས་པ་དང་བྲལ་བ་ཡིན་ཡང་བློའི་བྱེ་བྲག་གི་ལོག་པར་རྟོགས་པ་དང་། ཡང་དག་པར་རྟོགས་པ་གཉིས་ལས། དང་པོ་ནི། སེམས་བྱུང་གི་ནང་གསེས། རྩ་ཉོན་དྲུག་གི་ཡ་གྱལ་ལྟ་བ་ཞེས་པ་ཤེས་རབ་ཉོན་མོངས་པ་སྟེ། དེ་ལ་དབྱེ་ན་འཇིག་ལྟ་སོགས་ལྔ་ཡོད་ཅིང་གཞན་ཡང་ལུང་མ་བསྟན་པའི་ལྟ་བ་བཅུ་བཞི་དང་། ལྟ་བ་དྲུག་ཅུ་རྩ་གཉིས་དང་སུམ་བརྒྱ་སོགས་དབྱེ་བ་མང་ཡང་བསྡུ་ན་ལྔ་པོ་དེར་འདུ་ཞིང་། དེ་དག་ཀྱང་འཇིག་ལྟ་ཁོ་ན་ལ་འདུས་སོ། །ལྟ་བ་འདི་དག་འཁོར་བའི་རྩ་བ་ཡིན་པས་ཤེས་པར་བྱ་ཞིང་། ཤེས་ནས་སྤང་བ་ལ་བརྩོན་པར་བྱའོ། །གཉིས་པ་ནི་ནང་པ་སངས་རྒྱས་པའི་གྲུབ་མཐའ་ལ་ཞུགས་པའི་གང་ཟག་སོ་སོའི་བློ་ཡི་སྣོད་དང་གྲུབ་མཐའི་ཁྱད་པར་རམ། ལམ་དང་འབྲས་བུའི་ཁྱད་པར་གྱི་ལྟ་བ་ལ་འཇོག་ཚུལ་མང་སྟེ། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་


MR09_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པའི་ལྟ་བ་དང་ཡོད་མེད་སོགས་མཐའ་བཞི་དང་། སྐྱེ་འགགས་སོགས་མཐའ་བརྒྱད་ཀྱི་སྤྲོས་པ་དང་བྲལ་བའི་དབུ་མའི་ལྟ་བ་སོགས་བཤད་ལ། རྟོགས་བྱ་དངོས་པོའི་གནས་ལུགས་སྤྲོས་བྲལ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལ་མདོ་སྔགས་གཉིས་ཁྱད་པར་མེད་ཅིང་། རྟོགས་བྱེད་ཀྱི་ཐབས་ལ་ཁྱད་པར་ཡོད་དོ། །ཕ་རོལ་ཏུ་ཕྱིན་པ་པས་དཔེ་དང་གཏན་ཚིགས་ལ་སོགས་པས་གཏན་ལ་ཕབ་ཅིང་སོ་སྐྱེའི་གནས་སྐབས་སུ་དོན་སྤྱིའི་ཚུལ་ལས་མི་རྟོགས་ལ། སྔགས་ཀྱིས་ཡེ་ཤེས་ཕབ་པ་དང་དབང་གསུམ་པ་ལ་སོགས་པའི་དུས་སུ་མཚོན་བྱེད་དཔེ་ཡི་ཡེ་ཤེས་རྒྱུད་ལ་སྐྱེ་ཞིང་དེ་ལ་བརྟེན་ནས་མཚོན་བྱ་དོན་གྱི་ཡེ་ཤེས་ཀྱང་སྐྱེ་སྲིད་པས་སོ། །སྤྱིར་ལྟ་བ་ལ་རྟོགས་བྱའི་ཡུལ་ལ་ལྟ་བར་བྱས་པ་དང་། རྟོགས་བྱེད་ཀྱི་ཡེ་ཤེས་ལ་ལྟ་བར་བྱས་པ་གཉིས་ལས། སྔ་མ་ལ་མདོ་སྔགས་གཉིས་ཁྱད་པར་མེད་ཅིང་དེ་ལ་དགོངས་ནས་རབ་དབྱེ་ལས། ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་ཡོད་ན་ནི། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །ཞེས་གསུངས་སོ། །ཕྱི་མ་རྟོགས་བྱེད་ཡུལ་ཅན་གྱི་ལྟ་བ་ལ་ཁྱད་པར་ཆེ་ཞིང་གཞུང་རྣམས་ནས་ལྟ་བ་ལ་ཁྱད་པར་བཤད་པ་ནི། ཡུལ་ཅན་གྱི་ལྟ་བ་ལ་ཁྱད་པར་བྱུང་བ་ཡིན་ནོ། །དྲི་བ་གཉིས་པ་མདོ་སྔགས་གང་གི་ལུགས་


MR09_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྟ་སྒོམ་གཉིས་མཐུན་དགོས་སམ་མི་དགོས། དེ་གཉིས་སོ་སོར་འབྱེད་བྱེད་གང་ཡིན་ཞེས་པའི་ལན་ནི་གཞུང་འགའ་ལས། ལྟ་བས་སྤྲོས་པ་བཅད་ལ་བསྒོམ་པས་ཉམས་སུ་ལོངས་ཞེས་གསུངས་པ་དང་། མདོ་ལུགས་ལ་ཚད་མེད་བཞི་བསྒོམ་པ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། བསམ་གཟུགས་སོགས་བསྒོམ་པ་ཐམས་ཅད་ལྟ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྩིས་ཟིན་དགོས་ཏེ། སྡུད་པ་ལས། སྦྱིན་པ་སྦྱིན་པའི་སྔོན་དུ་འགྲོ་བ་ཤེས་རབ་སྟེ། །ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་དེ་བཞིན་ནོ། །ཞེས་དང་། དམུས་ལོང་དམིགས་བུ་མེད་པར་བྱེ་བ་ཕྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིག་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་གསུངས་པས། མདོ་ཕྱོགས་ཀྱི་བསྒོམ་ཐམས་ཅད་གཉིས་འཛིན་དང་བྲལ་བའི་ལྟ་བ་སྔོན་དུ་འགྲོ་ཞིང་དེས་རྗེས་འདེབས་དགོས་པ་བཤད་ལ། བསླབ་བཏུས་ལས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱིས་བསྐྱེད་པའི་བསོད་ནམས་དག་པར་འགྱུར། །ཞེས་དང་། ལམ་དབུ་མ་ཚོགས་གཉིས་ཟུང་འཇུག་ཅེས་སམ་ཐབས་ཤེས་ཟུང་འཇུག་ཅེས་པ་ཡང་ལྟ་སྒོམ་ཟུང་འབྲེལ་དགོས་པའི་དོན་ནོ། །རྡོ་རྗེ་གུར་ལས། དང་པོར་སྟོང་ཉིད་བསམས་


MR09_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནི། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །ལུས་སོགས་སྟོང་པའི་ཞིང་ས་ལ། །བློ་དང་ལྡན་པས་ས་བོན་གདབ། །ཅེས་དང་། བརྟག་གཉིས་ལས། སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཡང་ན་ཐབས་ནི་ཐམས་ཅད་ཀྱིས། །དངོས་པོའི་མཚན་ཉིད་དུ་ནི་བརྟགས། །ཞེས་དང་། ལམ་འབྲས་ཀྱི་གཞུང་རྣམས་ལས་དབང་གི་རྗེས་དེ་མ་ཐག་རིམ་གཉིས་བསྒོམ་པའི་སྔོན་དུ་ལྟ་བ་འཁོར་འདས་དབྱེར་མེད་འགྲོ་དགོས་ཚུལ་སོགས་མདོ་རྒྱུད་ཀྱི་གཞུང་འགྲེལ་ལམ་ཚད་ལྡན་རྣམས་ལས་ལྟ་བའི་ངང་ལས་བསྒོམ་བཙལ་ཚུལ་དང་། བསྒོམ་ལ་ལྟ་བས་རྗེས་འདེབས་ཚུལ་དུ་མ་བཤད་པས་ལྟ་སྒོམ་གཉིས་མཐུན་དགོས་སོ། །དེ་གཉིས་ཐ་དད་དུ་འབྱེད་པའི་ཁྱད་པར་ནི་དོན་དམ་སྤྲོས་བྲལ་ལ་ལྟ་བ་དང་། ཀུན་རྫོབ་སྤྲོས་བཅས་ལ་བསྒོམ་པ་འཇོག་པར་ཡིན་པའི་རྣམ་དབྱེ་ཤེས་པར་གྱིས་ཤིག །དྲི་བ་གསུམ་པ་གསར་མའི་རྒྱུད་སྡེ་རྣམས་ལས་ཕུང་ཁམས་ལྷར་གསུངས་པ་དེ། ཡིན་ལུགས་དེ་ལྟར་དུ་ཤེས་རབ་ཀྱིས་ཐག་ཆོད་པ་ཡིན་ནམ། དོན་ལ་མིན་པ་གནས་སྐབས་བསྒོམ་པས་གསལ་འདེབས་པའམ། གཞི་འབྲས་ལྟོ་སྦྱོར་གྱི་དག་བྱ་དག་བྱེད་བཤད་པ་གསུམ་གང་ཡིན་ཞེས་པའི་ལན་ནི་བླ་མེད་ཀྱི་རྒྱུད་སྡེ་རྣམས་ལས་ཕུང་ཁམས་ལྷར་གསུངས་པ་དེ་ནི། བརྟག་


MR09_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱི་ནི་བརྗོད་པ་བྱ། །ཞེས་དོན་དམ་སྤྲོས་བྲལ་ལ་ལྷ་ཡིན་མིན་གྱི་དབྱེ་བར་མེད་ཅིང་། ཀུན་རྫོབ་ཏུ་ཕུང་ཁམས་ལྷར་བསྒོམ་པའི་ལུགས་ཡིན་ལ། གཞན་སྟོང་པ་སོགས་སྣོད་བཅུད་ལྷར་བཤད་པ་ཡོངས་གྲུབ་དོན་དམ་ལ་དགོངས་ཞེས་དང་། ཡང་མཁས་པ་འགའ་ཞིག་རང་བཞིན་རྣམ་དག་གི་ཆོས་ཉིད་ལ་དགོངས་ཞེས་བཞེད་པ་རྣམས་ལ་ལུང་རིགས་ཀྱིས་གནོད་ཅིང་ཁས་མི་ལེན་ལ། ཀུན་མཁྱེན་ཆོས་རྗེ་སོགས་ས་སྐྱ་པའི་མཁས་གྲུབ་རྣམས་ཀྱི་བཞེད་པ་ནི་འདི་ལྟ་ཏེ། མ་བརྟགས་མ་དཔྱད་པའི་གནས་སྐབས། ཐ་སྙད་དཔྱོད་པའི་གནས་སྐབས། དོན་དམ་དཔྱོད་པའི་གནས་སྐབས་ཏེ་གསུམ་ལས་སྣོད་བཅུད་དམ་སྣང་སྲིད་ལྷར་བཤད་པ་ནི་ཐ་སྙད་དཔྱོད་པའི་སྐབས་སུ་ཡིན་ལ། དེའང་གང་ཟག་དབང་པོ་རྣོན་པོ་སྔགས་བླ་མེད་ཀྱི་ལམ་དུ་ཞུགས་ཤིང་དབང་གིས་རྒྱུད་སྨིན་པར་གསང་སྔགས་ཀྱི་ཉམས་ལེན་བྱེད་པ་ཞིག་གི་སྤྱོད་ཡུལ་དུ་དེ་ལྟར་ཚད་མ་ཁས་ལེན་པ་ཡིན་ནོ། །དྲི་བ་བཞི་པ་གསུང་ངག་ལམ་འབྲས་འཆད་བའི་སྐབས་སུ་བུམ་དབང་གི་གྲུབ་མཐའ་འཁོར་འདས་དབྱེར་མེད་བཤད་པ་དེ་རྒྱུ་མཚན་ཉིད་ཐེག་པར་འཁོར་འདས་གཉིས་ཀ་སྟོང་ཉིད་སྤྲོས་བྲལ་དུ་མཉམ་གསུངས་པ་དེ་


MR09_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཅིག་ཡིན་ནམ་གཞན་ཞིག་བཤད་རྒྱུ་ཡོད། ཡང་ལྟ་བ་ངོ་བོ་ཉིད་ལས་སྣང་ཕྱོགས་ཀྱི་ངོ་བོ་ཉིད་ཅེས་པའི་མཚན་གཞི་གང་ལ་ངོས་འཛིན་ཞེས་པའི་ལན་ནི་ལམ་འབྲས་ཀྱི་གཞུང་ལས་བཤད་པའི་ལྟ་བ་འཁོར་འདས་དབྱེར་མེད་ནི། རྒྱུ་དུས་ཀྱི་ལྟ་བ་ཞེས་པ་ལུས་སེམས་གཉིས་ལས་སེམས་ལ་གནད་དུ་བསྣུན་ནས་བསྒོམ་པ་སྟེ་དབུ་མའི་ལྟ་བ་དང་མཐུན་ཅིང་། བརྟག་གཉིས་ལས། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །འཁོར་བ་གཟུགས་དང་སྒྲ་ལ་སོགས། །འཁོར་བ་ཚོར་བ་ལ་སོགས་པ། །འཁོར་བ་དབང་པོ་རྣམས་ཉིད་དེ། །འཁོར་བ་ཞེ་སྡང་ལ་སོགས་པ། །འདི་རྣམས་ཆོས་ནི་མྱ་ངན་འདས། །རྟོགས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པས་ནི། །འཁོར་བ་མྱ་ངན་འདས་པར་འགྱུར། །བྱང་ཆུབ་སེམས་ནི་མྱ་ངན་འདས། །ཀུན་རྫོབ་དོན་དམ་ཚུལ་ཅན་ནོ། །ཞེས་སོགས་མདོར་བསྟན་རྒྱས་བཤད་ཀྱི་ཚུལ་དུ་གསུངས་པ་དེ་ཉིད་ལ་བརྟེན་ནས་རྣལ་འབྱོར་དབང་ཕྱུག་གི་མན་ངག་ཟབ་མོ་སྟེ་ལྷན་ཅིག་སྐྱེས་པའི་ཆོས་གསུམ་གྱིས་མདོར་བསྟན། ཉམས་སུ་བླང་བའི་གནད་གསུམ་གྱིས་རྒྱས་པར་བཤད། རྒྱུད་གསུམ་གྱི་སྒོ་ནས་ཤིན་ཏུ་


MR09_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་བཤད་ཅིང་བླ་མ་དམ་པའི་གདམས་ངག་གིས་དཔྱད་འཇོག་སྤེལ་མའི་ཚུལ་གྱིས་ཉམས་སུ་བླངས་བས་རྟོགས་པ་མྱུར་དུ་འཆར་ཞིང་སྔགས་དང་འབྲེལ་བའི་བྱིན་རླབས་ཀྱི་བཀའ་བབ་ཆེ་ལ་ཕར་ཕྱིན་ཐེག་པའི་གཞུང་ལས་བཤད་པའི་ལྟ་བ་ལས་ཁྱད་པར་དུ་འཕགས་སོ། །ཕར་ཕྱིན་ཐེག་པར་འཁོར་འདས་མཉམ་ཉིད་སྦྲོས་བྲལ་དུ་བཤད་པ་ཡོད་ཅིང་དེ་དང་མངོན་དུ་རྟོགས་པ་ནི་དག་ས་གསུམ་གྱི་ཁྱད་ཆོས་ཏེ། སྲིད་ཞི་མཉམ་ཉིད་རྟོགས་པ་སོགས་དག་ས་གསུམ་གྱི་སྐབས་ན་བཤད་པས་སོ། །ལྟ་བ་ངོ་བོ་ཉིད་གསུམ་ནི་སྣང་སྟོང་ཟུང་འཇུག་གསུམ་སོ་སོར་བཞག་པ་སྟེ་དེ་རེ་རེ་ལ་ཆོས་ཅན། ཆོས་ཉིད། ངོ་བོ་གཅིག་ལ་ལྡོག་ཚུལ་ཐ་དད་ཅེས་གསུམ་རེ་ཡོད་ལ་སྣང་ཕྱོགས་ཀྱི་གསུམ་ནི་དཔེར་ན་ལྷ་གང་བསྒོམས་ཀྱང་སྤྱན་དབུ་མ་ལྟ་བུ་ཞིག་ལ། རིག་པ་གསལ་བ་ཟིན་ན་སྤྱན་དབུ་མ་རིག་ཅིང་གསལ་བར་མྱོང་བའི་མ་རིག་པ་ལས་ལོག་པའི་ཆོས་ཅན་དེའི་ཚེ་སྤྱན་དབུ་མ་སྣང་ཙམ་ལས་གཞན་པའི་རྣམ་རྟོག་འགགས་པས་ཡིད་ཀུན་བརྟགས་དང་བྲལ་བའི་ཆོས་ཉིད་དེ་གཉིས་ངོ་བོ་གཅིག་ལ་ལྡོག་ཚུལ་ཐ་དད་པ་སྟེ་དེས་ན་སྣང་ཕྱོགས་ཞེས་པ་འདི་ལ་སྔོན་དང་བར་སོགས་འགའ་ཞིག་དོགས་པ་ཞུགས་ཀྱང་འདི་པའི་ལུགས་ཀྱི་སྣང་སྟོང་གཉིས་འགོ་མཉམ་པར་


MR09_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་སྐུར་གྱིས་བསྡུས་པའི་ཏིང་འཛིན་སྐྱོན་ཅན་དུ་བཞེད་ལ་དེ་བྱུང་རྒྱལ་དུ་བསྐྱངས་པས་སྐྱོན་མེད་ཟུང་འཇུག་གི་ཏིང་འཛིན་སྐྱེ་བའི་རྒྱུར་འགྱུར་བ་ཡིན་ནོ། །རྡོ་རྗེ་ཐེག་པ་མན་ངག་གི་ལམ་ཞེས་བླ་མ་དམ་པ་བསྟེན་ཅིང་གདམས་ངག་ཞུ་བ་ལས་དོན་རྟོགས་པར་འགྱུར་གྱི་དཔེ་མཐོང་ཙམ་ལ་བརྟེན་ནས་རྟོག་གེའི་ཤེས་འདོད་ཀྱིས། སྐྱོན་འཚོལ་བ་ནི་མཁས་པའི་བྱ་བ་མ་ཡིན་ནོ། །དྲི་བ་ལྔ་པ་ཀླུ་སྒྲུབ་ཞབས་ཀྱི་རིག་ཚོགས་དྲུག་གསུངས་པའི་དོན་བསྒྲུབ་བྱ་བདེན་དངོས་སྒྲུབ་བྱེད་རྟོག་གེའི་ཚིག་དོན་བཅུ་དྲུག་འགོག་པ་གཉིས་ཀྱི་དབང་དུ་མཛད་ན་ཡོངས་གྲགས་ལ་ཞིབ་མོ་རྣམ་འཐག་གི་དགག་བྱར་གྱུར་པའི་ཚིག་དོན་བཅུ་དྲུག་པོ་དེ་གཞུང་གང་གི་ཆོས་སྐད་ཡིན་ཞེས་པའི་ལན་ནི་སྔ་རབས་ཀྱི་མཁས་པ་རྣམས་ཀླུ་སྒྲུབ་ཀྱི་རིག་ཚོགས་དྲུག་འདོད་པ་དང་ལྔ་འདོད་པ་གཉིས་ཡོད་ཀྱང་ལྔ་བཞེད་པ་དོན་ལ་གནས་ཤིང་དེ་ལ་དགག་བྱ་གཞན་གྱིས་བརྟགས་པའི་མཐའ་དགག་པ། རང་ལུགས་དབུ་མའི་ལུས་རྣམ་པར་བཞག་པ། དེ་ལས་འཕྲོས་པའི་ཚུལ་གྱིས་རྩོད་པ་སྤང་བ་གསུམ་ལས། དང་པོ་ནི་ཞིབ་མོར་རྣམ་འཐག་སྟེ་དེ་ཉིད་ལས། རྟོག་གེ་ཤེས་པའི་ང་རྒྱལ་གྱིས། །གང་ཞིག་རྩོད་པ་མངོན་འདོད་པ། །དེ་ཡི་ང་རྒྱལ་སྤང་བའི་ཕྱིར། །ཞིབ་མོར་རྣམ་འཐག་བཤད་པར་


MR09_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ཞེས་རྒོལ་བའི་ང་རྒྱལ་སྤང་བའི་ཆེད་དུ་དེ་ཉིད་ཀྱི་གྲུབ་མཐའ་འགོག་པ་སྟེ། གཞུང་དུ་རིག་པ་ཅན་པའི་རྟོག་གེའི་ཚིག་དོན་བཅུ་དྲུག་ཙམ་ཞིག་དགག་པ་སྣང་ངོ་ཞེས་ཀུན་མཁྱེན་ཆེན་པོས་གསུངས་པ་དེ་ཉིད་སྤྱི་བོར་ལོངས་ཤིག གཉིས་པ་རྩ་ཤེར་དང་རིག་པ་དྲུག་ཅུ་པ་གསུམ་པ་རྩོད་ཟློག་དང་སྟོང་ཉིད་བདུན་ཅུ་པ་ཡིན་པའང་གོ་བར་གནད་དུ་ཆེའོ། །དྲི་བ་དྲུག་པ་སངས་རྒྱས་པ་ལ་ཐེག་པ་གསུམ་དུ་ངེས་པའི་གསུམ་པོ་དེ་སོ་སོར་ཐེག་པ་གསུམ་དུ་འཇོག་པའི་གནད་ཐུན་མིན་དེ་གང་ཡིན་ཞེས་པའི་ལན་ནི་གདུལ་བྱ་རྣམས་ཁམས་དབང་སོགས་རིགས་སོ་སོར་ངེས་པའི་རྒྱུ་མཚན་གྱིས། ཐེག་གསུམ་གྱི་ལམ་སོ་སོར་བསྟན་པ་ཡིན་ལ། ལམ་གསུམ་ལས་འབྲས་བུ་གསུམ་དུ་འདོད་པ་དང་ལམ་གཅིག་ལས་འབྲས་བུ་གསུམ་དུ་འདོད་པ་དང་། ལམ་གསུམ་ལས་འབྲས་བུ་གཅིག་འདོད་པ་དང་། ལམ་གཅིག་ལས་འབྲས་བུ་གཅིག་འདོད་པ་སྟེ་འཕགས་ཡུལ་གྱི་མཁས་གྲུབ་རྣམས་བཞེད་ཚུལ་བཞི་ཡོད་ཀྱང་སྔ་མ་གཉིས་དྲང་དོན་དང་ཕྱི་མ་གཉིས་ངེས་དོན་དུ་འཆད་པ་ཡིན་ནོ། །གཞན་ཡང་མཐར་ཐུག་ཐེག་གཅིག་དང་ཐེག་གསུམ་འདོད་པ་སོགས་འདི་སྐོར་ཞིབ་ཆ་ཤེས་པར་འདོད་ན་དབུ་སེམས་ཀྱི་གཞུང་བཟང་ལ་གོམ་པར་གྱིས་ཤིག་དང་རྟོགས་པར་འགྱུར་རོ། །དྲི་བ་བདུན་པ་


MR09_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་པ་ཐམས་ཅད་རྒྱུ་འབྲས་ལ་བླང་དོར་བྱེད་པའི་སྤྱོད་པ་དེའི་སྔོན་དུ་རྒྱུ་འབྲས་ལ་ཡིད་ཆེས་པའི་ཡང་དག་པའི་ལྟ་བ་འགྲོ་དགོས་སམ་མི་དགོས་ཞེས་པའི་ལན་ནི། རྒྱུ་འབྲས་ལ་བླང་དོར་བྱེད་པའི་སྔོན་དུ་ཡང་དག་པའི་ལྟ་བར་འགྲོ་དགོས་ཏེ་འདུལ་བ་ལུང་ལས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པར་བརྒྱ་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་སྨིན་པ་ཉིད་དུ་འགྱུར། །ཞེས་དང་། རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་དང་། མི་དགེ་བ་ལས་སྡུག་བསྔལ་འབྱུང་བ་སོགས་གནས་དང་གནས་མིན་གྱི་རྣམ་གཞག་དང་། གཞན་ཡང་ལས་འབྲས་ཀྱི་འཇོག་ཚུལ་ཇི་སྙེད་བཤད་པ་རྣམས་ཤེས་ནས་བླང་དོར་ལ་འཇུག་པར་བྱ་ཞིང་དེ་ལྟར་ན་འཕགས་པ་ལྷས། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་གང་ལ་ཡོད་གྱུར་པ། །དེ་ནི་བསྐལ་པར་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་སྲིད་དོ། །ཞེས་དང་། ལེགས་བཤད་ལས། རྒྱུ་འབྲས་བསླུ་བ་མེད་པར་ནི། །ཐམས་ཅད་མཁྱེན་པའི་ཁྱད་ཆོས་ཏེ། །མ་བསླབ་པ་ལ་ཀུན་མཁྱེན་དུ། །འགྲོ་ན་རྒྱུ་འབྲས་ག་ལ་བདེན། །ཞེས་སོགས་ཀྱི་ལུང་དོན་ལ་ངེས་ཤེས་སྐྱེ་བར་འགྱུར་རོ། །དྲི་བ་བརྒྱད་པ། ཇི་ལྟར་པདྨོ་ཆུས་མི་ཆགས་པ་བཞིན། །ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྱད། །ཅེས་བྱང་སེམས་རྣམས་འཁོར་བ་


MR09_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པ་སྤྱོད་ནུས་པའི་གནད་ཐུན་མིན་དེ་ཅི་ཡིན་ཞེས་པའི་ལན་ནི་སྤྱིར་བྱང་སེམས་ལ་མོས་སྤྱོད་ས་ལ་གནས་པ་དང་། མ་དག་ས་བདུན་ལ་གནས་པ་དང་། དག་ས་གསུམ་ལ་གནས་པ་སྟེ་གསུམ་ཡོད་པ་ལས། ལུང་འདིའི་དོན་གཙོ་བོར་ཕྱི་མ་གཉིས་ཡིན་ལ། དེའང་སྡུད་པ་ལས། འགྲོ་བ་འཁྲུལ་པ་རི་དྭགས་རྒྱར་ཆུད་འདྲར་ཤེས་ནས། །ཤེས་རབ་ལྡན་པ་མཁའ་ལ་བྱ་བཞིན་རྣམ་པར་རྒྱུ། །ཞེས་འདབ་ཆགས་ཀྱི་དཔེས་ཤེར་ཕྱིན་ལ་གནས་པའི་བྱང་སེམས་འཁོར་བས་མི་འཆིང་པར་བསྟན། ཡང་དེ་ཉིད་ལས། དཔེར་ན་མཉན་པ་མཁས་པ་ཕར་འགྲོ་ཚུར་འགྲོ་ཡང་། །མཐའ་གཉིས་མི་གནས་རྒྱ་མཚོར་གནས་པ་མེད་པ་བཞིན། །ཞེས་མཉན་པ་མཁས་པ་རྒྱ་མཚོ་དང་ཆུ་བོ་ལ་སྤྱོད་ཀྱང་ལུས་སྲོག་ལ་མི་གནོད་ཅིང་ཕྱོགས་གཅིག་ལ་མི་གནས་པའི་དཔེས་བྱང་སེམས་རྣམས་སྲིད་ན་གནས་ཀྱང་སྐྱོན་གྱིས་མ་གོས་པ་དང་། མཐའ་གཉིས་ལ་མི་གནས་པ་བསྟན། མངོན་རྒྱན་ལས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་པ། །ཞེས་པས་མཐའ་གཉིས་གང་ལ་མི་གནས་ཤིང་སྲིད་ཞི་མཉམ་པར་འཇོག་པ་ཐབས་ཤེས་གཉིས་ཀྱི་ནུས་མཐུ་ཡིན་པར་བསྟན། རྒྱུད་བླ་མ་ལས། འཕགས་པས་འཆི་དང་ན་བ་དང་། །རྒ་བའི་སྡུག་བསྔལ་རྩད་


MR09_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྤངས། །ཞེས་པས་ས་དང་པོ་ཐོབ་ཕྱིན་ཆད་ལས་ཉོན་གྱི་སྐྱེ་འཆི་རྩ་བ་ནས་སྤངས་པར་བསྟན། ཡང་དེ་ཉིད་ལས། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་དེ། །སེམས་ཅན་སྲེད་ཕྱིར་བརྩེ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་བརྩེ་བྱང་ཆུབ་ཐབས་བསྟེན་ནས། །འཕགས་པ་འཁོར་བའམ་མྱ་ངན་འདས་མི་འགྱུར། །ཞེས་གསུངས་པ་ལྟར་ཤེས་བྱ་མ་ལུས་པ་གཟིགས་པའི་མཁྱེན་པ་དང་། སྐྱེ་རྒུ་ཡོད་དོ་ཅོག་རྗེས་སུ་འཛིན་པའི་དམིགས་མེད་ཀྱི་བརྩེ་བ་གཉིས་ལ་རང་དབང་ཐོབ་པས་རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་པའི་ཆེད་དུ་བསམ་བཞིན་སྲིད་པ་ཉེ་བར་བཟུང་ཀྱང་། ཆུ་སྐྱེས་འདམ་ལས་སྐྱེས་པ་དེ་ཉིད་ཀྱིས་མ་གོས་པ་དང་རྒྱུ་མེད་པའི་འབྲས་བུ་བཞིན་ལས་ཉོན་གྱི་སྐྱོན་གྱིས་ནམ་ཡང་རེག་པ་མ་ཡིན་པར་བསྟན་པ་ཡིན་ནོ། །སྨྲས་པ། མདོ་སྔགས་རྒྱ་མཚོའི་ལུང་དོན་མ་ཎི་ཀཿ །མཁས་དབང་ལེགས་བཤད་གྲུ་གཟིངས་ལ་བརྟེན་ནས། །ལུང་རིགས་བྱི་དོར་ཅུང་ཟད་བགྱིས་པའི་མཐུས། །མཐའ་ཡས་ཤེས་བྱའི་གནས་ལུགས་གསལ་གྱུར་ཅིག །དྲིས་ལན་འདིའི་ཕྱོགས་སྔ་གནང་བ་པོ་ལབ་མཁན་ཆེན་བློ་བཟང་མདོ་རྒྱུད་ཡིན་ནམ་སྙམས་ཞིབ་བཅའ་མ་ངེས་ཤིང་། འདི་མཛད་པ་པོ་མི་ཕམ་རིན་པོ་ཆེའི་ཕྱག་བྲིས་འཁྲུལ་མེད་རྗེ་མཁྱེན་བརྩེའི་ཕྱག་དཔེ་སྡོམ་གསུམ་རབ་དབྱེའི་ལེགས་


MR09_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་གཅེས་བཏུས་ཀྱི་པོད་ནང་བཞུགས་པ་འདི་ས་སྐྱ་པའི་ལྟ་གྲུབ་ཀྱི་གནད་གསལ་བར་སྟོན་པའི་ལེགས་བཤད་ཁྱད་པར་འཕགས་པའོ། །ཅེས་པའང་ཆོས་ཀྱི་བློ་གྲོས་པས་སོ།། །།


previousརྗེ་བཙུན་ས་སྐྱ་པའི་ལྟ་གྲུབ་ཀྱི་གནད་འགའ་ཞིག་ལ་དྲི་བ་བྱུང་བའི་དོགས་སེལ།next