ནད་ཀྱི་མཁྱུད་དཔྱད་སྣ་ཚོགས་ཕྱོགས་གཅིག་བཀོད་པ་ཟུག་རྔུ་ཀུན་སེལ།
ནད་ཀྱི་མཁྱུད་དཔྱད་སྣ་ཚོགས་ཕྱོགས་གཅིག་བཀོད་པ་ཟུག་རྔུ་ཀུན་སེལ་ཞེས་བྱ་བ་བཞུགས་སོ། །
ན་མོ་ཨཱཪྱ་མཉྫུ་ཤྲཱི་མ་ཧཱ་བྷེ་ཥ་ཛཱ་ཡ། ནད་ཀྱི་མཁྱུད་དཔྱད་སྣ་ཚོགས་ཕྱོགས་བསྡུས་ལ། མིག་ལ་ཤ་འཛེར་གྱི་ནད་ཚབས་ཆེར་བྱུང་ན། འཁོར་ལོ་འདི་ལི་སྡེར་གྱི་མཐིལ་དུ་རྒྱ་སྣག་གིས་བྲིས། ནང་དུ་ཆུ་བླུགས་དེ་ལ་ནད་པ་བལྟར་བཅུག་ལ། ཐེམ་པ་མི་གཅིག་པ་བདུན་ནས་སོག་འཇག་མའང་མ་སྣ་རེ་བླངས་ལ། རིམ་བཞིན་སོག་མ་རེར་མེ་སྦར་བ་ནད་པའི་མགོར་ལན་གསུམ་བསྐོར་ཏེ། ཆུར་བསྐྱུར་བས་ཆུ་མདོག་སྣུམ་ལྟར་འགྱུར་ནད་ཞི་བར་འགྱུར་རོ། །འཕགས་ཡུལ་པའི་གདམས་པའོ། །འཁོར་ལོ་འདི་ལག་མཐིལ་གཉིས་ལ་བྲིས། ལྷྭམ་གང་རུང་གི་མཐིལ་བསྲེགས་པའི་ཐལ་བསྣུམ་གྱིས་ལག་པ་ཕན་ཚུན་ཕུར་ཏེ་སྒྲོ་བའམ་བུ་སྣོད་ལ་རེག་ནས་ཅུང་ཟད་བཙིར་བཙིར་བྱས་པས། སྐྱེས་པའི་སྒྲོ་བསྐྲངས་པ་དང་། བུད་མེད་བུ་སྣོད་ལུག་པ་ལ་ཕན་པ་འཕགས་ཡུལ་པའི་གདམས་པའོ། །
ནད་ཚད་རླུང་འཐབ་པ་སོགས་ཁ་ནས་གང་ལབ་ངེས་པ་མེད་པར་བྲེད་སྔངས་སོགས་སྨྱོན་པ་ལྟ་བུར་འཆོལ་ཞིང་མཚན་གཉིད་མི་འོང་བ་ལ་གྲོང་བདུན་ནས་སོལ་རྡོག་བདུན་གཞན་གྱིས་མི་མཐོང་བར་བླངས་ལ། ཕྱོགས་གང་རིགས་ནས་རྡེའུ་བདུན་བླངས་ཏེ། ལམ་རྒྱ་གྲམ་གྱི་འཛོམས་སུ། རྡེའུ་རེ་ལ་སོལ་རྡོག་རེས་གོང་གི་འཁོར་ལོ་ཟུར་གསུམ་པ་དེ་འདྲ་རེ་རེ་བྲིས་ནས། ཤར་ནས་བརྩམས་ཏེ་ཕྱོགས་བཞིར་རྡེའུ་རེ་རེ་བོར། གཉིས་ལམ་རྒྱ་གྲམ་གྱི་དབུས་དེར་སྦས། གཅིག་ཁྱེར་ཏེ་ནད་པའི་སྔས་འོག་ཏུ་བཅུག་པས་སེམས་དྲན་པ་ཟིན་ཅིང་། གཉིད་ཀྱང་ཁུག་པར་འགྱུར་རོ། །དེ་དག་བྱེད་སྐབས་མིས་མ་མཐོང་བ་གལ་ཆེ། འཕགས་ཡུལ་གྱི་གདམས་པ་ཟབ་མོའོ། །མི་ཕྱུགས་གང་རུང་གི་དྲི་ཆུ་སྲི་ནས་ན་བར། འཁོར་ལོ་འདི་སྣོད་གང་རིགས་ལ་སྣག་ཚས་བྲིས། མི་ཡིན་ན་དམར་རུ་མགོ་ནག་གཅིག །
ཕྱུགས་ལ་གཉིས་ཆུར་བརྡར་བས་འཁོར་ལོ་བཀྲུས་ཏེ། ཁོང་དུ་བཏང་ན་མྱུར་དུ་ཆུ་འགག་པ་འཐོན་ཞེས་འཕགས་ཡུལ་གྱི་གདམས་པའོ། །མི་ནད་ཆེར་མེད་ཀྱང་ལུས་ཟུངས་རིམ་ཟད་འཆི་ལ་ཐུག་པའི་གཅོད་ནད་ཀྱིས་ཟིན་པ་ལ།འཁོར་ལོ་འདི་ཤོག་བུར་ཚར་གཉིས། ལི་སྡེར་ལྟ་བུའི་ངོས་སུ་ཚར་གཅིག་བྲིས་ལ་ཤོག་བུར་བྲིས་པ་གཅིག་ཁང་པའི་ཕྱི་རོལ་ཏུ་མེ་ལ་བསྲེག །གཅིག་ནད་པའི་མགུལ་དུ་བཏགས། ལི་སྡེར་ལ་བྲིས་པ་ཆུས་བཀྲུས་ཏེ་ཁུ་བ་ཁོང་དུ་བཏང་། དེ་ནས་ནད་པའི་སོར་མོ་ཉི་ཤུའི་སེན་མོ་དང་། སྤྱི་གཙུག་ཏུ་ལྤགས་ཚུགས་རེ་བཞག་པས་ཕན་ནོ་ཞེས་འཕགས་ཡུལ་པའི་གདམས་པའོ། །ཝ་བ་བཅོས་པའི་རྟེན་འབྲེལ་ནི། ཨོལ་མདུད་ཚོགས་ཚད་མ་རུལ་མ་སུམ་པར་བསྐམས་ནས་བསགས་པ་ལ་སྔགས་ཇི་མང་བཏབ། སྒོ་ཤར་བསྟན་གྱི་ཐིམ་པའི་ཕྱི་རུ་ནད་པ་བསྡད། དེའི་སྔོན་དུ་ནས་འབོ་གང་བཞག །ཐེམ་བའི་ནང་དུ་ནས་བྲེ་གང་སྟེང་ཨོལ་མདུད་སྐོམ་པོ་གསུམ་བཞག །སྨན་པས་ནང་ནས་རྐང་གཡོན་ཐེམ་པའི་ཕྱིར་བཞག །ཨོལ་མདུད་སྟེང་དུ་རྐང་པ་གཡས་པ་བཞག་ལ། དོན་དམ་མི་བདེན། ཀུན་རྫོབ་བདེན་ཞེས་བརྗོད་ནས་ཕྱིར་འཐོན། ཡང་གཉིས་པ་ནས་སྟེང་རྐང་གཡོན་བཞག་ལ། གཡས་པ་ཐེམ་ནང་དུ་བཞག་ནས། ངག་ཏུ། ཀུན་རྫོབ་མི་བདེན་དོན་དམ་བདེན། ཞེས་བརྗོད་ནས་ནང་དུ་ལོག །དེ་ལྟར་ལན་གསུམ་བྱས་རྗེས་ཐེམ་པའི་ནང་དུ་ལྕི་བ་སེར་ཀ་མས་ཨོལ་གོང་ལེགས་པ་གཅིག་ལ་མེ་སྦར་ལ་
ཨོལ་མདུད་གསུམ་ནས་དུམ་རེ་བཅག་པ་དང་། གཞན་ཨོལ་མདུད་བྱིང་ནས་ཀྱང་ཅུང་ཟད་རེ་བཞར་བ་དང་། བྲེ་ཡི་ནས་སྟེང་ནད་པའི་ལོ་གྲངས་ཀྱི་ནས་བཅས་སྦྱིན་སྲེག་བྱས་ནས། སྨན་པ་ཡིས། སྣང་སྲིད་ལྷ་འདྲེ་ཤ་ལྷག་ཁྱེར་ཅིག་བྱས་ལ། དེ་ནས་ནད་པ་ནང་དུ་བོས་ཏེ། ཝ་བ་དང་ཨོལ་མདུད་གསུམ་ལ་སྔགས་འདི་སུམ་བརྒྱ་གདབ། ཨོཾ་ས་ར་ས་ར་སི་རི་སི་རི་ན་མ་ཞི་ཞི་སྭཱ་ཧཱ༔ དེར་ཨོལ་མདུད་གཅིག་འཕྲལ་དུ་ནད་པར་ཟར་བཅུག །གཅིག་སྐར་མ་རྫོགས་པ་དང་ཟ། གཅིག་ཐོ་ར ངས་སྐར་མ་མ་ཡལ་ཙམ་ལ་ཟ། རྟེན་འབྲེལ་ཐབས་ཀྱི་མཐུ་དེས་ཝ་བ་མྱུར་དུ་སེལ་ཏེ་གཏེར་མའི་གདམས་པའོ། །ཨོལ་མདུད་གཞན་ཟླ་བའི་བར་དུ་ཝ་ཚོ་མཚོན་ཙམ་བཏབ་ནས་ཐུག་པ་སོགས་བྱས་ཏེ་བཟའ་བར་བྱ། སྦྱིན་སྲེག་བྱེད་དུས་སྣང་སྲིད་ལྷ་འདྲེ་ཚོགས་ནས་ཝ་བ་ཤ་ལྷག་ཧབ་ཐོབ་ཁྱེར་བར་བསམ། དུས་ནམ་ཡིན་བྱ་ཆོག་ཀྱང་ཟླ་བ་གང་ཡིན་གྱི་ཉེར་དགུ་དང་། ཁྱད་པར་ལོ་ཟད་ཟླ་ཟད་ཀྱི་ཉེར་དགུ་ལ་བྱས་ན་ཤིན་ཏུ་ལེགས་སྨན་བརྟེན་དུས་ཆང་བག་མེད་འཐུང་བ་དང་རུལ་སུས་ཚྭ་སྐྱུར་སྤང་། དཔྱད་དུ་ཝ་རུ་ལ། རྩ་གཏར་ཀྱང་རུང་། བཅོས་འདིས་ཝ་བ་ལ་ཕན་ངེས་སོ། །ཡང་ལུགས་གཅིག་ལ་ར་ལུག་གི་ཨོལ་གོང་ཉེར་གཅིག་ནས་གསུམ་གྱི་བར་གྲངས་ཡར་གྱུར་པ་བསགས་ཉི་མ་ཕྱེད་ཡོལ་ཐེམ་པའི་ཁར་ཨོལ་མདུད་རྣམས་བཞག །ཀུན་རྫོབ་མི་བདེན་དོན་དམ་བདེན་བྱས་ཏེ་ཕྱི་རོལ་གོམ་བདུན་བོར། དེ་ནས་ཚུར་ལོག་སྟེ་དོན་དམ་མི་བདེན་ཀུན་རྫོབ་བདེན་བྱས་
ཏེ་ནང་དུ་གོམ་བདུན་བོར། དེ་ནས་ཨོལ་མདུད་རྣམས་ཞིབ་བརྡུངས་ཆུ་བྲེ་གང་ལ་གདུས་པར་སྔགས་འདི་བཏབ། ཨོཾ་སེང་གེ་ལིང་ཧཱི་ཧཱི། ནད་ལོག་ནད་ཁྱེར་གང་བས་ད་ཏ་ཡ་སྭཱ་ཧཱ། ཞེས་བཏབ་པའི་ཁུ་བ་དྲོན་མོ་ཡང་ཡང་བཏང་བས་ཝ་བ་འཇོམས་ཞེས་བཤད། །རྐང་ལག་ཆག་འབྱོར་མན་ངག་ནི། ལི་ཐུར་དང་ལྕགས་ཐུར་གས་མེད། མདའ་ཆག་མེད་ལ་ཁམས་གསོ་བའི་མདོག་ཅན་གྱི་དར་བཏགས་པ། འཇག་མ་བདུན་རྣམས་འཛོམས་པར་བྱས་ལ། དང་པོ་གང་ཆག་ངོས་སུ་འཇག་མ་བདུན་སྦྱར་ཏེ་བཅིངས་ལ། འཕོས་འཕོས་རྐང་ཆག་ལག་ཆག་འཇག་མར་འཕོས། ཞེས་པ་བརྒྱ་ཚར་བགྲངས་ལ་འཇག་མ་དེ་བདུན་གོམ་པ་བདུན་སར་དོང་གྲུ་གསུམ་བྲུས་པར་བཅུག །དེ་ནས་མི་ཞིག་ལ་ཨེ་འབྱར་ཞེས་བརྗོད། ཨོཾ་ཙག་ཀྵ་པ་སོད་ཅེས་པའི་སྔགས་འདི་སྟོང་ཕྲག་གཅིག་བཟླས་ནས་ཆག་ཆིངས་བྱས་ལ། ལི་ལས་འཇམ་ཞེས་བརྗོད་ལ་ལི་ཐུར་སྦྱར། ལྕགས་ལས་བསྲ་ཞེས་བརྗོད་པ་ལྕགས་ཐུར་སྦྱར། མདའ་ལས་དྲང་ངོ་ཞེས་བརྗོད་ལ་མདའ་དེ་སྦྱར། དར་ལས་མཉན་ཞེས་བརྗོད་ལ་དར་གྱིས་དྲིལ།དེ་སྟེང་གཡམ་པར་རྒྱ་གྲམ་བྲིས་པ། ཕྱོགས་བཞིར་ཚོན་སྐུད་སྣ་ལྔས་དཀྲིས་ཏེ་སྦྱར་ལ་བཞག །དེ་རྒྱབ་ཕྱིང་པའི་ཤུ་བ་བཅུག་སྟེ་དཀྲིས་བརྒྱབ་པས་ཞག་བདུན་ཚུན་སྐྱོན་མེད་ལེགས་པོར་འབྱར་ངེས་པ་རུས་འབྱར་གྱི་མན་ངག་ཆེས་ཟབ་པའོ། །འབམ་གདུག་པ་ཅན་གྱི་ནད་པ། ལན་རྐ་ཞེས་བཙོང་ཚོད་ཀྱི་དབྱར་ལོ་མ་དགུན་རྩ་བ་བཏུས་ལ། དམའ་བེར་དྲི་མི་ཚོར་བར་བཙོས། གར་སླ་རན་ཙམ་པ་ཕོར་ཤབ་གང་གི་ཚད་བླུད་ལ། སྔགས་འདི་བཟླ། ཏ་རང་ཏ་ཆང་བློས་
བོ་ཕུག བློས་པོ་ཕུ་ ཨས་པོ་ཕུ་ ཡུབ་ཡུབ་ གཏོར་གཏོར་ ཐིབ་ཐིབ་ སོད་སོད་ འབམ་ནག་པོ་བོར་དུ་ལྷུང་བ་འདིར་མ་གནས་པར་སོངས་ཤིག །ཅེས་བཟླས་ལྕག་ཚན་གྱིས་ནད་པའི་མགོ་ལུས་ལ་བྲབ། ཐུག་ལྷག་གིས་ནད་པའི་ལུས་བཀྲུས་པ་ལ་སྔགས་བཏབ་སྟེ་ལམ་རྒྱ་གྲམ་གྱི་བར་དུ་བསྐྱེལ། དེ་ནས་ནད་པ་གོས་ཀྱིས་བསྟུམས་ནས་དལ་པོར་བསྡད་པར་བྱ། དེས་ཞག་གཅིག་སོང་ནས་ཆུ་དྭངས་ལ་སྦུ་བ་ཆེ་ཟུག་གཟེར་ཆོག་ན་བཅོས་འཕྲོད་རྟགས་ཡིན། ལན་རྐན་ཚོད་མ་ཚྭ་ཐལ་བག་ཤས་ཡོད་པ། ཞག་འགའ་བརྟེན་དེས་འབམ་ནག་གདུག་ཅན་ཞི་བར་འགྱུར་རོ། །སོ་ནད་ལ་རྒྱ་ཤོག་ལ་ནད་པའི་མིང་བྲིས་ལ་ཀ་བའམ། གདུང་མའི་ལོགས་ལ་སྦྱར།ལྕགས་གཟེར་སོར་བཞི་པ་གཅིག་མིང་གི་སྟེང་དུ་བཟུང་ལ། ཨོཾ་ན་མོ་ཨཱ་དེ་ཤ་གུ་རུ་ཀུཾ་ ཧ་ཌི་ གུ་ཧ་ཌི་ ལ་ག་ཀི་ཌ་ ཨ་སི་བྷཪྵ་ཀི་བྷནྡྷོ་སི་ཌ། ཀི་ཌ་ཛ་ཏེ། སི་ཌ་མ་ཏེ། ས་མ་ཡ་ལ། ཛོ་གི་ ཀི་པཱ་ཙ་ཕུ་རེ་མེ་རི་བྷཀྟ་གུ་རུ་ཀི་ཤཀྟི་ཕུ་རོ་མནྟ་ཨོཾ་ན་མོ་ཨ་དེ་ཤ །སྔགས་འདི་ཚར་རེ་བཟླས་ཏེ་ལྕགས་གཟེར་ལ་ཐོ་བ་ཅུང་ཟད་རེ་བརྡེག་ཅིང་ཚར་བདུན་སོང་དུས་སོར་གསུམ་ཙམ་གཏིམ་པས་མྱུར་དུ་ཕན་ཅིང་གཟེར་མ་ཕུད་བར་དུ་སླར་ཡང་མི་ན་བའི་སྲུང་བ་དམ་པ་འཕགས་ཡུལ་གྲུབ་པའི་གདམས་པ་ཟབ་མོའོ། །མཁལ་རྩ་བྲལ་བའི་ནད་ཟུག་ཆེ་བའམ། སྐེད་པའི་རྩ་འཆུས་ལ། རབ་རྡུལ་ཚོན་དང་། འབྲིང་ཕྱེ་སོགས་ཀྱིས་ས་
གཞི་སོགས་ལ་འཁོར་ལོ་མུ་ཁྱུད་གཉིས་ཅན་བྲིས། ཕྱོགས་བཞིར་ཤར་ནས་བརྩམ་སྟེ། ཨོཾ་ ཨཱ་ རུ་ དྲི་ ཞེས་པའི་ཡི་གེ་འབྲུ་བཞི་རེ་མགོ་ཕྱིར་བསྟན། རེ་བྲིས་ལ། འཁོར་ལོའི་ལྟེ་བར་སློབ་དཔོན་བསྡད། ཡི་དམ་གང་བྱེད་སྙིང་པོ་བརྒྱ་རྩ་བཟླ། ནད་པ་མི་གཞན་དང་རྒྱབ་ལག་སྤྲད་ལ་ཁུར། འཁོར་ལོ་སློབ་དཔོན་བཅས་པར་ཕྱི་སྐོར་གསུམ། ནང་སྐོར་གཡས་སྐོར་འདྲ་གསུམ་བྱས་ཏེ། མགོ་ཕྱིར་བསྟན་ཡིག་འབྲུ་གར་ཡོད་རྩར་སླེབས་ཚེ་ནད་པ་གསིག་གསིག་བྱ། དེའི་རྗེས་སུ་ཡིག་འབྲུའི་ས་རྣམས་སློབ་དཔོན་གྱིས་འཕྱགས་ལ་ཡི་དམ་གྱི་སྙིང་པོ་བཟླས་ཏེ་ནད་པའི་ན་སར་བྱུགས་པས་ཕན་པ་ཨ་ཙ་ར་ལུག་རུ་མ་ལུགས་སོ། །ཡང་ན་ཟན་ལ་སྔགས་འདི་བརྒྱ་རྩ་བཏབ། ཨོཾ་ཨ་ཀྲོད་ནན་ནན་སྭཱ་ཧཱ། ཟན་དེ་ནད་པའི་སྤྱི་བོ་ནས་བརྒྱུད་གང་ན་བའི་ཕྱོགས་སུ་བསྒྲིལ་ལ། ཕོ་མོ་གང་ཡིན་དེ་མཚུངས་ཕོ་ཤིང་། མོ་ཤིང་ལ་ནད་པའི་ལོ་གྲངས་ཀྱི་ཁྲམ་བཏབ་པའི་ཤིང་དང་འདྲ་གླུད་བཟོས་ལ། གང་ན་བའི་ཐད་དུ་གླུད་ཀྱི་སྐེད་པ་ལ་གྲི་ལྕགས་མེར་བསྲེགས་པ་བརྒྱབ་ལ་ནད་པ་ཧད་དེ་ལངས་ནས་གོམ་པ་ལྔ་བདུན་གང་རིགས་བོར་བས་འཕྲལ་དུ་སོས་པ་མྱོང་གྲུབ་གདམས་པའོ། །བྱིས་པ་གསོ་བ་འདི་རྒྱ་གར་དུ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལ་བཙུན་མོ་ལྔ་བརྒྱ་ཡོད་ཀྱང་སྲས་གཅིག་ལས་མེད་པ་ལ། དེ་འཁྲུ་སྐྱུགས་ཀྱི་ནད་ཀྱིས་ཤི་ལ་ཁད་པར་གྱུར་ཚེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་རྟེན་འབྲེལ་འདི་མཛད་པས་གསོས། དེ་གུ་རུ་པདྨས་བོད་དུ་བསྒྱུར། དེ་ལ་
དང་པོར་བུ་ཆུང་གི་དྲི་མར་བསྒྲེས་པས་བག་ཟན་གྱི་གླུད་ཁྲུ་གང་བའམ། མ་གྲུབ་ན་ཆེ་ཆུང་ཅི་རིགས་པ་བྱ། དེ་ལ་བྱིས་པ་རང་གི་གོས་བསྐོན། སྔགས་ཀྱི་རྟེན་འབྲེལ་ཚན་གསུམ་པོ་གྲོ་གར་བྲིས་ལ་གནས་གསུམ་གླན། དེ་ནས་ལྟེ་འོག་ཏུ་མེ་བཙའ་གསུམ་བསྲེག དེ་ལྟར་བྱས་པས་འདྲེ་དང་ནད་རིགས་གང་ཡིན་ཡང་ཕན། ཁྱད་པར་འཁྲུ་སྐྱུགས་ལ་ཕན། འདི་བྱིས་པ་ལོ་གསུམ་ལོན་པ་ཚུན་ལ་བྱེད། རྟེན་འབྲེལ་གྱི་སྔོན་དུ་གཏོར་མ་བརྒྱ་རྩ་གླུད་བཅས་གཏོང་། འདི་རང་གཅིག་པོས་ཀྱང་བྱིས་པ་གསོ་བ་ཡིན་གསུངས། བྱིས་པ་ཆུང་བ་ལ་འདི་ལས་ཟབ་པའི་རྟེན་འབྲེལ་བོད་དུ་མ་འགྱུར་རོ། །འདིས་སོས་པ་ལག་བླང་ཡིན་ནོ། །སྔགས་ཚན་གསུམ་ནི། ཨོཾ་བྷ་ཏྲ་སར་ནན་ཙ་དུ་སྭཱ་ཧཱཿ ཨོཾ་ཙ་སེང་ར་ཏུ་ཕཊ་ཏྲེ་སྭཱ་ཧཱཿ ཨོཾ་བྷ་ག་ཤ་མ་ནི་སྭཱ་ཧཱཿ ཚེག་མེད་དབུ་ཅན་དུ་བྲིས་ལ་འདི་རྣམས་རིམ་བཞིན། བྲང་སྟོད། སྙིང་ག ལྟེ་བར་སྦྱར་རོ། །དེ་ལྟར་བྲིས་ཏེ་གླན་ཟིན་ནས་ངར་གླུད་ལ་ལྟེ་འོག་མེ་བཙའ་གསུམ་བསྲེག དེས་ནད་གང་ཡང་ཐུབ། ཟབ་བོ། །ཨ་ར་ཛ་ར་ཀོ་ནི་ད་བ་རེ། ཨ་ར་ཛ་ར་ཀོ་ར་པ་ར་བ་ཏི་ནི་ད་བ་རེ། ངོ་ཏ་ཨི་ཧ་ནུ་མནྟྲ་ཀཻ། མེ་རི་བྷཀྟི་གུ་ར་ཀི་སཀྟི། ཕུ་རི་མུནྟ་ཨི་ཤྭ་ར་པ་ཙ། ཡམས་མགོ་བོ་ཕྱེད་ན་བ་ལ་མི་གཞན་ཞིག་ལ་མགོ་ན་སར་འཛིན་དུ་བཅུག་ལ། རང་གིས་སྔགས་འདི་ཚར་བདུན་མ་སོང་བར་གྲི་རྩེས་རྩེགས་ལ་རི་མོ་མིག་མང་རིས་གང་མང་བྲིས། སྔགས་གྲངས་ཚང་བ་དང་གྲི་རྩེ་རི་མོའི་དཀྱིལ་དུ་བཙུགས་ལ་ནད་གང་དུ་འདུག་དྲི།
གཞན་དུ་འཕོས་འདུག་ན་དེ་ནས་བཟུང་ལ་སྔར་ལྟར་བྱས་པས་ཟུག་གཟེར་འཕྲལ་དུ་ཆག་ནས་ནད་མེད་བདེ་བར་འགྱུར་བ་འཕགས་ཡུལ་གྲུབ་པའི་མན་ངག་ཟབ་མོ་མྱོང་གྲུབ་མའོ། །གཟེར་ནད་གང་ལའང་གླུད་མཛུབ་གང་བ་བྱས་ལ། དར་སྐུད་སྔོ་དམར་ཁབ་མིག་ཏུ་དྲངས་པ། གང་ན་སའི་ཐད་ཕར་འདྲེན་ཚུར་འདྲེན་ནད་པའི་ལོ་གྲངས་བྱ། ནད་ནོན དོན་པར་བསམ་ལ་ཡེ་དྷར་བཟླས་པས་ཕན་ནོ། །གླུད་ནད་བདག་ལ་བསྔོ་བ་མན་ངག་གོ། འདི་ནི་གསང་ཆེན་བླ་མེད་སྐུ་ལྔའི་མཐར་ཐུག་པ། མཁའ་འགྲོ་གསང་བའི་ཡིག་འབྲུ་དཔའ་བོ་ལྔ་ཞེས་བྱ་སྟེ། ཤིང་སོགས་ལ་སྤར་གྱི་རྒྱ་བསྐོས་ལ་ནད་པའི་ལུས་ལ་སྣག་ཚ་སོགས་ཀྱིས་སྤར་བཏབ་པས་གང་སྨོས་གཙོར་གྱུར་ནད་ཐམས་ཅད་ལ་ངེས་པར་ཕན་པ་གཏེར་མའི་མན་ངག་གོ། འདི་ལ་སྣག་ཚར་བསྲེ་རྒྱུའི་རྫས་ཐལ་ཀ་རྡོ་རྗེ། ཀླུ་བདུད་རྡོ་རྗེ། གཟའ་བདུད་རྡོ་རྗེ་{ ན མ ཏ པ ཤམ ཏ པ ཤ ནཏ པ ཤ ན མ པ ཤ ན མ ཏ ཤ ན མ ཏ པ གཟའ་གདོན་ཐུབ་ཀླུ་ས་བདག་གནོད་པ་ཐུབ་གཉན་དང་ལྷོག་པ་ཐུབ་དུག་སྲུང་བྱད་བཟློག} སྟེ་གཟའ་དུག་འཁོར་ལོ་རིས། གུ་གུལ་དཀར་ནག གླ་རྩི། གཟུགས་མོ་བྱི་ཐུར། སིནྡྷཱུ་ར། སྨན་ཆེན། ར་ཁྲག ཨ་རུ་ནག་ཆུང་། བདུད་རྩི་ལོ་མ་རྣམས་ཀ་རས་ཁ་བསྒྱུར་བ་རྒྱ་སྣག་དང་བསྲེས་པའི་ཡིག་ཐམ་འདི་གང་ན་སར་བཏབ། རྩ་བ་གསུམ་ལ་གསོལ་བ་བཏབ། ཡིག་ཐམ་ལ་བཀོད་པའི་སྔགས་ཚན་ལྔ་པོ་ཅི་ནུས་བགྲང་ཞིང་ཡིག་ཐམ་གང་ན་སར་ཕུ་བྱས་ཏེ་བསྔགས་ལ་བཏབ་པས། གཟའ་ཀླུ་ས་བདག་གཉན་སོགས་ཀྱི་གདོན་དང་བྱད་ཕུར་རྦོད་གཏོང་ལྟས་ངན་ཐམས་ཅད་སེལ།
གག་ལྷོག་རིམས་དང་རྒྱུ་གཟེར་འབྲས་དང་། སྐྲང་རྒོད་རུས་ཆག་མེས་ཚིག་སོགས་རྨ་ཡི་ཉེས་པ་ཐམས་ཅད་ཐུབ། སྐྲན་དང་དམུ་ཆུ་འབྲུམ་པ་ཤུ་ཐོར། འཛེར་པ། སྲོག་རླུང་། སྙིང་རླུང་ཁྲག་གཟེར་གྲིབ་གཟེར་གྲི་གདོན་ཤ་འབུར་ཤ་འགུལ་ཝ་བ་མཛེ་དང་གཟེར་རིགས་མདོར་ན་ནད་གདོན་ནད་རིགས་ཐམས་ཅད་དྲུངས་ནས་འབྱིན། ཡིག་ཐམ་འདི་ཡི་ཕྱི་རོལ་སྡིག་གཟུགས་བཀོད་དེ་སྡིག་ཁོག་མ་བྱེད་འདོད་ན་གོང་རྫས་སྟེང་།གྲི་ཁྲག་སྡིག་པའི་ཤ་རུས་བསྲེ། རྒྱལ་ཀུན་མཐུ་སྟོབས་གཅིག་བསྡུས་ཧཱུྃ་ལས་བྱུང་བའི་གནམ་ལྕགས་ཀྱི་སྡིག་པ་ནག་པོ་མེ་འབར་བས་གང་ན་སར་ལྕགས་སྲེག་མར་ལ་བབ་པ་བཞིན་ནད་གདོན་ཐམས་ཅད་ལྷག་མེད་ཟོས་པར་བསམས་ལ་གདབ། ཡི་དམ་སྔགས་དང་རང་སྔགས། ནད་གདོན་གང་ཡིན་ཞི་ཞིང་བསྲུང་བའི་འདོད་གསོལ་ཤམ་བུ་བཅས་བཟླས་ལ་བཏབ་པར་བྱའོ། །འདི་ལ་ལག་ལེན་དང་ཕན་ཡོན་མི་འདྲ་བའི་བཤད་པ་མང་པོ་འདུག་ཀྱང་ཡིག་ཐམ་ལ་འདི་ཙམ་གྱིས་ཆོག་གོ། ཡང་ན་གནམ་ལྕགས་ཀྱི་བྱ་ཁྱུང་དུ་བསྒོམ་སྟེ་ཁྱུང་སྔགས་བཏབ་པར་གསུངས་སོ། །སོ་སྲུང་འདི་བྲིས་ལ་ཡི་གེ་ལ་སྒོག་སྐྱལ་བྱུགས། རང་སྔགས་ཉེར་གཅིག་གི་ཧས་བཏབ། གང་ན་སར་སྦྱར་བས་ཆུ་སྒང་འཐོན་པ་དང་དྲག་འགྲོ་ཞེས་གཏེར་མའོ། །རྐང་ལག་གི་ཚིག་ཁ་འཁོར་ཞིང་ཁྲེས་པར་འཁོར་ལོ་འདི་བྲིས་ལ་སྔགས། ཨོཾ་སྙུག་
ཁ་སྙུག་ཁ་ཚིགས་ཁ་ཚིགས་ཁ་བུར་སྣོན་བུར་སྣོན་བུར་པ་སྣོན་སྭཱ་ཧཱ། འདི་ཅི་མང་བཟླས་ནས་འཁོར་ལོ་ལ་ཕུས་བཏབ་སྟེ་ཚིག་ཕུད་སར་གླན་པས་ཕན་ངེས་སོ། །སོ་ནད་ལ་ཅིས་ཀྱང་མ་ཕན་ན། མཁའ་འགྲོ་མ་ཡི་འཁྲུལ་མེ་ནི། ཧ་རི་ནི་ས། ན་ངོས་འགྲམ་སྟེང་བཏབ། དེ་སྟེང་འདི༡༦༡༦ཨྸ༠༠༡བྲིས་ལ་གླན། དེ་སྟེང་སོ་ཤིང་བྱང་བུ་སྲབ་མོ་གླན། དེ་སྟེང་སྤྲ་ཆུང་གླ་རིལ་ཙམ། མེ་སྦར་ཅུང་ཟད་ཕུ་ཡིས་བཏབ། དེས་ཕན་ངེས་འབྲི་གུང་གླིང་པའི་གཏེར་མའོ། །ཨོག་མ་ན་བ་ལ་བཅོས་གང་ཡང་མ་བྱས་གོང་སྐྲང་བའི་སྟེང་དུ་ཡིག་རྒོད་འདི་བྱ་རོག་གི་སྒྲོ་རྩས་དབུ་ཡར་བསྟན་ལ་འབྲི། འབྲི་མ་བདེ་ན་ཤོག་གུར་བྲིས་ནས་གླན་པས་སོས་པར་འགྱུར་རོ། །སློབ་དཔོན་པདྨའི་མན་ངག་བྱིས་པའི་ནད་བཅོས་ཟབ་མོ་ནི་བྱིས་པ་ལྐུག་ཅིང་ཉེར་ན་ཤ་བའི་གཟུགས་བྱས་ལ་སྒྲིལ། བྱང་ཤར་མཚམས་སུ་བཏང་བས་ཕན། ༈ འཁྲུ་ཤིང་ཉེར་ན་གླུད་གཟུགས་ཤར་དུ་བཏང་། ༈ འདར་ཞིང་དབུ་བ་ཁ་ཆུ་འཛག་ན་ཝ་མོའི་གཟུགས་སཎ སཎ སཎ སཎ སཎ ཐ ཐ ཐ ཐ ཐ་ཨོཾ་ཏང་ཏེཾ་མར སཱ་ཧཱ ཊཊ ཏཏ ཊཊ ཊཏ ཏཏ ཊཏ ཊཏ བྱས་ལ་ལྷོར་བཏང་། ༈ ཁུ་ཚུར་བཅངས་ཤིང་ན་ན་ཕོ་རོག་གི་གཟུགས་བྱས་ལ་ནུབ་ཏུ་བཏང་། ༈ ངུ་སྐད་བྱེད་ཅིང་ན་ན་བསེན་མོའི་གཟུགས་ནག་པོ་བྱས་ལ་བུད་མེད་ཀྱི་འཕང་རར་བསྐྱལ། ༈ ནུ་ཞོ་མི་འདོད་པར་ཉེར་ན་རྟ་གཟུགས་དམར་པོ་བྱས་ལ་ལྷོར་བཏང་། ༈ གཉིད་མི་འོང་བར་ཉེར་ན་རྡོ་རྗེའི་གཟུགས་དཀར་པོ་ཤར་དུ་
བཏང་། ༈ ལྕེ་མོས་འཆའ་ཞིང་ཉེར་ན་ཁྱི་སེར་པོའི་གཟུགས་ནུབ་ཏུ་བཏང་། ༈ །སྐེད་ངན་ཀུ་ཅོ་འདོན་ན་ཕག་གཟུགས་ནག་པོ་བྱང་དུ་བཏང་། བྱིས་པ་ན་ཞིང་ཕམ་ལ་ཆོ་འཕྲུལ་ཆེ་ན། བྱ་ཡི་གཟུགས་བྱང་དུ་བསྐྱལ། ༈ །བྱིས་པ་ལ་ཤི་འདྲེ་གནོད་ཅིང་ཉེར་ན། ཁུ་བྱུག་གི་གཟུགས་སྔོན་པོ་ནུབ་ཏུ་བསྐྱལ། ༈ དྲི་ཆུ་འགགས་ན་ནེ་ཙོའི་གཟུགས་ནུབ་ཏུ་བཏང་། བྱིང་ཞིང་ཉེར་ན་འུག་པ་གཟུགས་བྱས་ཁང་ཐོག་བསྐྱུར། ༈ །ཨིག་བུ་སྐྱིག་བུ་བྱེད་ན་ཞེས་སོ། །རྔི་ན་ཕ་ཝང་གཟུགས་ལྷོ་རུ་བསྐྱལ། ༈ འདི་ཐམས་ཅད་ལུས་ལ་བསྒྲེས་པའི་དྲི་གླུད་བསྣན། བྱིས་པ་ངུ་ཞིང་ནུ་ཞོ་མི་འདོད་ན། རི་ཆུར་ཧྲུལ་འདྲེ་ཅན་ནས་ས་བླངས་ལ་གླུད་ཁྲུ་གང་བཅོས།རྒྱབ་ཏུ་ཚེར་མའི་ཁྲེས་པོ་བསྐུར། དྲེལ་རྟ་རྐང་གསུམ་ལ་བསྐྱོན། ལུས་ལ་བལ་ཚོན་ལྔའི་གོས་བསྐོན། ས་རབ་རུབ་ལ་ལམ་རྒྱ་གྲམ་དུ་མནན། དེས་ངུ་འཕྲོ་ཆོད་དོ། །བྱིས་པ་ན་ཚ་མེད་ཀྱང་གཉིད་མེད་པར་ངུ་ན་བྱ་ལོ་བ་ལས་ནས་དཀར་བྲེ་གང་བླངས་ལ། ནས་ཀྱི་ཁ་ལ་བག་ཕྱེས་གཡུང་དྲུང་བྲིས། མདའ་ལ་དར་རམ་རས་དཀར་བཏགས་ཏེ་དེ་ལ་གཟུགས། ཆུ་ཟངས་གང་སྟེང་ལྭ་བའམ་སྣམ་དཀར་བཏིང་། དེ་སྟེང་མདའ་དང་ནས་བཞག་མས་བུ་ཁུར་ཏེ་དེ་ལ་བསྐོར་བ་ལན་བདུན་བྱ། དེས་སོས་པར་ཐེ་ཚོམ་མེད་དོ། །ཤིན་ཏུ་ཟབ་པ་གུད་སྦས་སོ། །མངལ་འཁྱིམ་པ་བྱུང་ན་མངལ་ལ་གནོད་པར་གཏོར་མ་བྱིན་ནས། མཁའ་འགྲོ་མའི་གདམས་
པ་འདི་བྲི་ཚད་ལྡན་གྱི་ཞབས་ལ་ས་དཀར་གྱིས་བྲིས། ཡི་གེ་མགོ་མཇུག་མ་ལོག་པར་མིའམ་དུད་འགྲོའི་མཚན་སྒོར་གླན་པས་དེ་མ་ཐག་ཏུ་བུ་དང་ཤམ་འཐོན་པར་འགྱུར་རོ། །རྗེས་སུ་ཡི་གེ་ཕྱི་བར་བྱའོ། །ཟབ་བོ། །ཕ་དམ་པ་རྒྱ་གར་གྱི་མཁྱུད་དཔྱད་ལས། མགོ་དང་ཀླད་པ་ན་ན་གནམ་སྟོང་གི་ནུབ་མོར་ཕྱག་ཚང་ཀུ་བ་མགོ་ལ་བརྡེགས་པས་ཕན། ༈ །མིག་ན་ན་རྐང་པ་བཀྲུས་ལ་ཚིལ་ཆེན་གྱིས་བྱུག །སྐེ་ལ་ལུང་ཐང་ནག་པོ་གཅིག་འདོགས། ཚ་ཚ་ཚྭ་རྔོག་གཅིག་ཟེར་བའང་འདུག་གཅིག་ལག་ཏུ་ཐོགས་ལ་ཚེས་བཅོ་ལྔའི་ཟླ་བ་ཉ་ལ་ཡུན་རིང་བལྟས་པས་ཕན་ནོ། ༈ །རྣ་བ་ན་བའམ་རྣ་བ་ནས་རྣག་འོང་ན། ལ་ཕུག་གི་ཁུ་བ་རུ་རྟ་བཅས་རྣ་བར་བླུགས་ནས་ལག་པས་རྡེའུ་ནག་པོ་གཅིག་ལ་ནེམ་ནེམ་བྱ། ༈ །སོ་ན་ན་འོ་མས་ཁ་བཤལ། ཤ་བའི་མཆེ་བ་སོ་བར་བཙིར་ན་ཕན། ༈ །སྐྱིག་བུ་མ་ཆོད་ན་ཡུངས་ཀར་འབྲུ་གསུམ་མཐེབ་སྲིན་བར་དུ་བཙིར་བས་ཕན། ༈ བྲང་རྒྱབ་གཟེར་ན་རྒྱབ་ཏུ་སླ་ང་བཀབ། དེ་རྗེས་བུ་མོ་གཙང་མས་ལག་པ་བཀྲུས་པས་མཉེའོ། ༈ །ཟས་མ་ཞུ་ན་བྱེའུ་ནས་ཟན་གྱི་ཤའི་ཐང་བཏང་ལ་ལག་མཐིལ་གྱིས་ལྟོ་བ་མཉེས་པས་ཕན། ༈ གླང་ཐབས་ན་ན་གསུས་པའི་སྟེང་དུ་བྲེ་བཞག །དེའི་༡ ༣ ༢༣ ༢ ༡༢ ༡ ༣ཁར་མར་མེ་བསྟམས་པས་ཕན་ནོ། ༈ །ཡང་ན་ལྟག་ཁུང་དུ་ལྷམ་བཀལ། གསུས་པའི་ཁར་སྐམ་པ་བསྒྲིལ། དེའི་ཁར་ཡོག་ཐོད་ལན་བདུན་བརྡེག་གོ ༈ །འཁྲུ་བ་མ་ཆོད་ན་སྐེ་ལ་ལྡེའུ་མིག་
བཏགས། བོང་བུའི་ཤ་ཁུ་བཏང་བས་སོས་སོ། ༈ །གཟེར་མིག་དང་གཟེར་ནད་བྱུང་ན་གླུད་བྱས་ལ། དེའི་གང་ན་ས་དང་མཐུན་པར་ཁབ་མིག་ནས་དར་སྐུད་སོགས་སྐུད་པ་སྔོ་དམར་དྲངས་ཏེ་རྒྱབ་མདུན་ཕན་ཚུན་ལོ་གྲངས་ཙམ་དྲངས་པས་ཕན། ༈ །སྙིང་མི་བདེ་ཞིང་ནད་ཞུགས་ནས་ན་བར་ཀ་པཱ་ལ་བཟང་པོ་བྲང་ལ་བཀབ་པའི་རྒྱབ་ནས་མཚན་ལྡན་གྱི་བླ་མས་རྡོག་པ་བརྡེག་ན་སོས་སོ། །མགོ་ན་ན་མེ་ལོང་ནང་དུ་མགོའི་གཟུགས་བརྙན་ཤར་བ་ལ་ན་ན་སར་བཙོད་ཀྱི་མེ་བཙའ་བྱ། ཐལ་བ་རྨ་བྱའི་སྒྲོས་འཕྱག་གོ། ལག་པ་ན་ན་སྐྱོ་མ་བྱུགས་ནས་ཁྱི་ལ་ལྡག་བཅུག ཆུ་བྱའི་ཕྱི་བའི་རྐང་ཟེར་བའང་འདུག་རྐང་གིས་བཅག་བཅག་བྱའོ། །མཇིང་པ་ན་ན་སྔས་ཀྱི་འོག་ཏུ་སྲོ་མའི་ཐིག་གུ་གཞུག སྐེ་ལ་བལ་སྐུད་བཏགས་པས་ཕན་ནོ། ༈ །རྐང་པ་ན་ན་འོ་མར་ཚྭ་བཏབ་པ་བྱུགས་ནས་ཁྱི་ལ་ལྡག་ཏུ་གཞུག །འཕྱི་བའི་རྐང་གིས་བཅག་བཅག་བྱའོ། །ཡང་རླུང་ལངས་ནས་མགོ་ན་ན་ཐབ་ཀའི་དཀྱིལ་ནས་ས་བླངས་ལ་སྤྱི་གཙུག་ཏུ་བཏབ། དཔྲལ་བ་ན་ན་རང་འཐག་ལྟེ་ཕྱེ་དང་སྒོ་ལྕིབས་ཀྱིས་རང་གི་དྲི་ཆུའམ་ཆུ་ངན་དང་བསྲེས་ལ་ན་སར་བྱུག །མིག་གཡས་ན་ན་གླུད་རྟ་མགོ་ཅན་ཞིག་བྱས་ནས། སྔ་དྲོ་ཁྱི་དཀར་པོར་སྟེར། མིག་གཡོན་ན་ན་གླུད་སྦྲུལ་མགོ་ཅན་བྱས་དགོང་མོ་རྟ་ཕྱུགས་ལ་སྟེར། སྣ་ཁྲག་མ་ཆོད་ན་ཀཪྴ་པ་ཎིའི་བསྲེགས་ཐལ་སྣར་བླུག ནུ་མ་དང་རླིག་འབྲས་སྐུད་པས་བཀྱིག་གོ། སོ་དང་འགྲམ་པ་གཡས་ན་ན་ཁ་འོ་མས་བཤལ་བའི་ཟན་ལ་རྟའི་གཟུགས་
བྱས། དེར་གང་ན་སར་མེ་བཙའ་བྱས་ནས། རྟེན་སྙིང་ཉེར་གཅིག་བཟླས་ཏེ་བཏབ་པ་སྔ་དྲོ་ཁྱི་དཀར་པོ་གཅིག་ལ་བྱིན་པས་སོས་སོ། །སོ་དང་འགྲམ་པ་གཡོན་ན་ན། གོང་བཞིན་འོ་མས་ཁ་བཤལ་བའི་ཟན་ལ་སྦྲུལ་གཟུགས་བྱས་པ་སྣོད་དམར་པོར་བཅུག་ནས་བྱ་ལ་གཏོགས་བཅུག །རྟེན་སྙིང་ཉེར་གཅིག་ན་སར་བཏབ་པས་ཕན་ནོ། །སོ་ནད་ཅིས་ཀྱང་མ་ཕན་ན་ཀ་ཞུ་ལ་མེ་བཙའ་བཏབ། ན་མཁན་ལ་སོ་མི་ནའམ་ཞེས་དྲི་བ་བྱས་ནས། རྟེན་སྙིང་ཉེར་གཅིག་བཟླའོ། །དཔུང་པ་གཡས་ན་ན་ཆུ་སྣ་གཉིས་བསྲེས་ན་སར་ལོ་གྲངས་བརྡེག པུང་པ་གཡོན་ན་ན་ན་སར་མེ་ལྕགས་ལོ་གྲངས་ཙམ་བརྡེག །ཤུལ་དུ་ཡི་གེ་ཨ་གཅིག་བྲི། ལག་གཡས་ན་ན་མིང་རུས་བྲིས་ལ་ས་བྱུག །ལག་གཡོན་ན་ན་སྐྱོ་མ་དང་ཚྭ་སྦྱར་བ་བྱུག་ལ་ཁྱི་སེར་པོར་ལྡག་ཏུ་གཞུག རོ་སྟོད་ན་ན་ཆང་མེ་བཙའ་བདུན་བྱས་ཏེ། ཤར་གྱི་སྒྱེད་པོ་ལ་བྱུག་པར་བྱ། པུས་མོ་གཡས་ན་ན་སྐྱོ་མ་བྱུག་སྟེ་ཁྱི་སེར་པོར་ལྡག་ཏུ་གཞུག་ལ་དེ་ཤུལ་མེ་བཙའ་བྱ། པུས་མོ་གཡོན་ན་ན་ཞིང་དཀྱིལ་ཤིང་ཕུང་ཅན་བ་ཚྭ་ཅན་ཡང་ཟེར་གྱིས་ས་བྱུག་བྱིན་པ་གཡས་ན་ན་བྱང་བུ་ལ་ནད་པའི་མིང་བྲིས་པ་སྒོའི་ཡ་ཐེམ་ལ་བཏགས། བྱིན་པ་གཡོན་ན་ན་མིད་དེ་མ་ཐེམ་འོག་ཏུ་མནན་པའམ། ཡང་ན་ཆུ་ལ་སྐུར། ལོང་བུ་གཡས་ན་ན་མིང་རུས་བྲིས་པ་མེ་ལ་བསྲེག །ལོང་བུ་གཡོན་ན་ན་མིང་རུས་ཐེམ་འོག་མནན། རྐང་མཐིལ་གཡས་ན་ན་རྐང་རྗེས་ཀྱིས་ཁྱེར་ལ་བྱང་ཤར་གྱི་ནམ་མཁར་གཏོར། རྐང་མཐིལ་གཡོན་ན་ན་དེའི་རྐང་རྗེས་ས་ལྷོ་ནུབ་ཀྱི་ནམ་མཁར་
གཏོར། ཡང་བྱིས་པ་ཆུང་ངུ་ན་ན་སྤྱི་གཙུག་ཏུ་འགྲོན་བུ། སྐེ་ལ་སྲན་མ། དཔུང་གཡོན་བལ་དཀར་ཐིག་གུ་སུམ་སྒྲིལ་བཏགས་པས་ཕན། དར་མ་ན་ན་ཟོར་བ་དང་ཐག་པ་སྦྲེལ་ནས་ཁོ་རང་གི་ཡིད་དུ་འོང་བ་གཅིག་གིས་གདན་སར་གླན། བུ་མོ་ཤར་མོ་ན་ན་ཞང་པོའི་གཞུ་མཆོག་ལ་སོ་འདེབས་སུ་གཞུག འཕང་ལོ་{འཕང་གསོར་ཀྱང་}ལ་ཐི་གུ་སྔོ་དམར་གྱིས་དཀྲིས་ལ། ཞང་པོས་གང་ན་ཕྱོགས་སུ་གླན་པར་བྱའོ། །ཞང་པོའི་ཕྱོགས་སུ་འཕང་བར་བྱ་ཞེས་ཀྱང་དཔེ་འགར་སྣང་། རྒན་རྒོན་ན་ན། རང་འཐག་གི་ཁར་སྒྱེད་པོ་བཞག་ལ། ཕྱིན་ཀ་ལོག་ཏུ་བསྐོར་དུ་གཞུག ཁྱོ་ག་ལ་སྙིང་རླུང་ལངས་ན། བུད་མེད་ཀྱི་རྐང་མཐིལ་གཡོན་ལ་མེ་བཙའ་བཏབ་པས་ཕན། བུད་མེད་ལ་སྙིང་རླུང་ལངས་ན་ཁྱོ་གའི་རྐང་མཐིལ་གཡོན་པར་{གཡས་པར་ཡང་སྣང་}མེ་བཙའ་བྱ། ཁྱོ་གའི་རོ་སྟོད་ན་ན་སྲིན་ལག་ལ་ས་ཡིས་བྱུག་པར་བྱ། གང་ཟག་སུ་རུང་སྟེ། ཕོ་ན་ན་སྒྱེད་པོ་གཅིག་མགོ་ཐོག་ཏུ་བཞག་སྒྱེད་པོ་གཉིས་ཀྱིས་གཞོག་གཉིས་མནན། སྔས་སུ་མེ་ཕོར་པ་གང་ལ་སླང་ང་དགབ་བོ། །གློ་ནད་ཞུགས་ན། གླང་མའི་འཛེར་སྲང་མའི་ནད་ཟེར་བ་མི་དག་འདྲ་མན་མ་བཅུ་གསུམ་བཞོག་གོ། །མཁལ་ནད་བྱུང་ན། ཤིང་བེ་ཏིའི་མེ་ཚབ་ཚེར་མ་འབྲས་བུ་སྐྱུར་པོ་ཅན་སྒྱེད་པུ་བསྲེགས་ལ་ན་སར་གླན། མཆིན་ནད་ཞུགས་ན་འབྲི་མོག་གི་རྩི་ནང་མ་བརྒྱད་དུ་བཞོག་གོ། མཁལ་རྩ་བཅོས་ཐབས། ཕོར་པ་སྤེན་རྩ་གས་ཆག་
མེད་པ་གཅིག་གང་ན་སར་བཀབ་ལ། སྐམ་པའི་ཁས་ཕོར་པའི་ཁ་མཚམས་སུ་གཡས་སྐོར་གསུམ། གཡོན་བསྐོར་གསུམ་བྱས་རྗེས། ཕོར་པའི་དཀྱིལ་དུ་ལན་གསུམ་ཏིག་ཏིག་བྱས་ནས། ཕོར་པ་དང་སྐམ་པ་གཉིས་ཀ་རྒྱབ་ཏུ་བསྐྱུར། ནད་པ་ཧར་ལངས་བྱས་ལ་ལུས་ཕྱིར་སྐོར་བྱས་པའི་ཕྱག་ལན་གསུམ་འཚལ། ཡང་ཕོར་པ་ན་སར་བཀབ་ལ་ཕྱག་འཚལ་བའི་བར་དུ་ལན་གཉིས་བསྐྱལ། དེ་ལྟར་ལན་གསུམ་བྱས་པས་ཕན་ནོ། །སྔགས་ནི། རྩ་ཤིག་ཁྲོལ་ཤིག །དང་པོ་བསྙེན་ཚད་སྟོང་ཕྲག་གསུམ་བསྐྱལ། ལས་སྦྱོར་དུས་བརྒྱ་རྩ་སོགས་གང་ལྕོགས་བཟླས། དང་པོར་ན་ས་དེ་ལེགས་པར་ཕྱིས་ནས་སྔགས་བཏབ། ལག་པས་ཐུར་དུ་འཕུར་བ་ཁོ་ན་བྱ།དེ་ནས་ཕོར་པ་བཀབ་པ་སོགས་མ་ཚར་བར་དུ་ངག་བཅད་དེ་སྔགས་བཟླ་བཞིན་ལས་བྱ། སྔགས་འདི་བཟླས་ནས་མར་ལ་བཏབ་སྟེ་ན་སར་འཕུར་བས་ཀྱང་ཕན་ནོ། །ཡང་རླུང་སྐྱེས་ན་མི་རུས་ལྷ་བ་ཅན་གྱི་དུ་བས་བདུགས་པས་ཕན།མཁྲིས་པ་ལ་ཀོ་སྐྲད་ཀྱི་དུ་བས་བདུག །བད་ཀན་ལ་ར་ཡི་ཀླད་པའི་དུ་བ་བདུག །ཁྲག་ལ་སྒོ་ངའི་དུ་བ་བདུག །འཁྲུགས་ལ་བདུད་རྩིའི་དུ་བ་བདུག་མིག་སེར་ལ་བོ་དྷི་རྩིའི་དུ་བ་བདུག །གཟེར་ནད་ལ་ཤ་བའི་རྭའི་དུ་བ་བདུགདེའི་དུགས་ཀྱང་བྱའོ། །མཆིན་ནད་ཤིན་ཏུ་ཆེ་ན། བདུད་རྩི་ཨ་མྲྀ་ཏ་ཐུན་བཅུ་གཉིས་ཁོང་དུ་བཏང་བས་སོས་སོ། །འདྲེ་ཤིག་གིས་སོ་བཏབ་པར་མི་ཞུན་བྱུགས་པས་ཕན། དུག་སྦྲུལ་གྱི་སོས་བཏབ་པར་སྲེ་མོའི་ལྤགས་པ་གླན།
སྲིན་བུ་པདྨས་སོ་བཏབ་ཤུལ་ལན་ཚྭས་བྱུག ཁྱི་སྨྱོན་གྱིས་རྨུགས་ན་ཕག་རྒོད་མཆེ་བས་ཁྲག་ཕྱི། སྦྲང་བུས་སོ་བཏབ་པར་ཙན་དན་གྱི་ཆུས་བཀྲུ། ས་ཤིག་པས་སོ་བཏབ་པར་མི་ཞུན་བྱུག ཟིངས་བཏབ་པར་མེ་ལོང་གིས་འཕྱི། སྡིག་པའི་སོས་བཏབ་ན་རམ་པའི་ཁུ་བས་བཀྲུ། ཁྱིའི་སོས་བཏབ་ན་འབྲས་ཕུབ་ཀྱི་ཐལ་བ་བྱུག ཁམ་བུའི་ལོ་མ་རློན་པ་ལུས་ལ་བྱུགས་ན་ལྡིབ་ཐུབ། ཡང་པི་ལིང་དང་ ཟད་པས་ཟེར་དཔྱད་པས་སོ་གཡེར་མ་ཞིབ་བཏགས་མར་སྦྱར་བྱུགས་པས་ལྗི་བ་ཐུབ་བོ། །ནགས་གསེབ་ཏུ་ཤིང་འཛེར་ཟུག་ན། རང་གི་ཁས་ཁྲག་འཇིབས་ཏེ་བཏུང་། རྨ་བྱུང་ན་འདག་པའི་རྟེན་འབྲེལ་གྱིས་གསོ་བ་ནི། རང་འཐག་ཁ་རུའི་ས། ཚ་ཚྭའི་ཞབས་ཀྱི་ས། གྱང་གད་ལོགས་ཀྱང་ཟེར་བ་སྣང་ལོགས་ཀྱི་ས། སོག་པའི་མཐིལ་བསྲེགས་པའི་ཐལ་བ། ཚར་བའི་བར་ཤུན། བདུད་རྩི་ལྔ་རྣམས་བསྲེས་པའི་འདག་པས་རྨ་ལ་བྱུག དམ་ཚིག་ཏུ། སྨན་པས་བྱིན་པའི་ཟས་དང་སྨན་མི་ཟ། ལག་པས་མི་རེག གཏམ་མི་སྨྲ་བར་རི་ཁྲོད་འགྲིམ་པ་དག་ཡན་ལག་བྲེག་ཀྱང་འཚོ་བར་འགྱུར་རོ། །བད་མཆུ་ལ། ལྕགས་གཡའ་ཀར་སྦྱར་བ་བྱུགས་པའི་སྟེང་དུ་དར་དམར་བཀབ་སྟེ་བཞག ལན་གཉིས་ཀྱིས་སོས་སོ། །པི་ལིང་། ཙན་དན་ཞིབ་བཏགས་མར་སྦྱར་བྱུགས་པས་སྐྱེས་པའི་སྒྲོ་བ་སྐྲངས་པ་ཞི། ཕ་ཝཾ་དྲེག་པ། སྤང་སྤོས། བྱ་རོག་བྲུན་རྣམས་ཞིབ་བཏགས་མར་ནག་སྦྱར་བ་རྔུལ་འབྱུང་བའི་གནས་མཆན་འོག་ཏུ་བྱུགས་ལ་
ཡུན་རིང་བཞག །རྗེས་སུ་བ་ཡི་ཆུས་བཀྲུས་པས། ལུས་ཀྱི་དྲི་ངན་ཐམས་ཅད་འདག་པར་བྱེད། ཡུང་བའི་ཕྱེ་མ་སྦྲང་དང་སྦྱར་ཏེ་འཐུང་ན་ཆུ་ཁ་སྲ་བར་འགྱུར་རོ། །ཕྱུགས་ཀྱི་གོར་བསྲུང་ན། བཙན་དུག་ར་དུག་ཐར་ནུ་གསུམ་ནུས་ལྡན་བསྲེགས་པའི་ཐལ་བ་དང་། བུད་མེད་སྐྱེས་པ་བཙུན་པ་གསུམ་གྱི་རོ་བསྲེགས་པའི་ཐལ་སོལ་དང་དྲུག་པོ་དེ་ཞིབ་བཏགས་ཆང་དང་སྦྱར་ནས་ཕྱུགས་ཀྱི་སྣ་བུག་ནང་བླུགས་ན་གོར་གྱིས་ན་བའི་གསེབ་ཏུ་བཏང་ཡང་མི་འགོ། །ནད་དེས་ཟིན་པ་ལ་ཡང་རྫས་དེའི་ཆུ་ཕུལ་ཕྱེད་ཙམ་སྣ་བུག་ཏུ་བླུགས་པས་སོས། ཟབ་བོ། །དེས་མཚོན་མི་ཕྱུགས་ཀྱི་ནད་ལ་ཕན་པའི་རྫས་དང་སྨན་སྦྱོར་ཆེས་མང་སྟེ། འདིར་མ་བཀོད་གསོ་དཔྱད་ཀྱི་སྐབས་སོགས་སུ་ཤེས་པར་བྱའོ། །ཡང་རླུང་སྐྱེས་ན་སྒྱེད་པུ་ལ་ཕྱེ་ཆུ་གཏོར། ཚད་པ་སྐྱེས་པར་སྒྱེད་པུར་མེ་བཙའ་བྱ། གྲང་བ་སྐྱེས་ན་སྒྱེད་པུ་ཆུ་ལ་སྐུར། ཚ་བ་རྒྱས་ཏེ་ན་ན་བལ་ཚོན་སྣ་ལྔའི་ཐི་གུ་གཤལ་བྱ། སྐྱུགས་ན་གླུད་ཀྱི་མི་མཛུབ་གང་ལ་ནད་པས་མཐོང་བར་དེའི་སྐེ་ལ་མེ་བཙའ་བྱ། འཁྲུ་ན་དེའི་ལྟེ་འོག་མེ་བཙའ་བྱ། གཟེར་ན་སྐུད་པ་དྲངས་པ་སྔར་སོང་། མགོ་རླུང་གཅོང་ཅན་ལ་ཁོག་མ་ནག་པོའི་དཀྱིལ་དུ་ས་དཀར་གྱིས་གཡུང་དྲུང་བྲིས་ཏེ་མེ་ལ་བསྲོས་ནས་མགོ་ལ་གྱོན། ཡང་ཁ་ཁེབ་ལ་ཡི་གེ་ཀ་བྲིས། ཡས་སྒྱེད་ལ་ར། གཏུན་ཁུང་ལ་ཙ། སྒོག་གཏུན་ལ་ཡ་རྒྱགས་ལ་ཏ་གཏུན་བུ་རེད། བྲིས་པ་རིམ་པར་བླངས་ཏེ་མེ་དང་ལུས་ཀྱི་དྲོད་ཀྱིས་བསྲོས་ནས། ནད་པ་དེའི་སྤྱི་བོ་དང་། ཨན་སྟོངས། ལྟག་
ཁུང་རྣམས་སུ་གླན་ན་སྐྱུགས་པར་ཆོད་དོ། །གཡག་ཤིང་གི་དུམ་བུ། ཐག་མཁན་གྱི་སྒྲོམ་བུ། སྐས་གདངས་རྣམས་ལ་ཡི་གེ་ལཾ་བྲིས་ཏེ་གང་ན་སར་གླན་པས་གཟེར་ནད་ཞི། རྐྱ་བ་གཟར་བུ་ཡོག་པ་གསུམ་ནད་པའི་སྟེང་དུ་བཞག རྔ་ལ་མིང་རུས་བྲིས་པ་སྐམ་པས་བརྡུང་ན་སྦོས་པ་སེལ་ལོ། །བྲེ་ཞབས་དང་མ་ཐེམ་གྱི་ཤིང་། ཨོར་ཁུང་{ཁག་པའི་འང}གི་གཡམ་པ་རྣམས་ལ་ཡི་གེ་ཀྑ་བྲིས་ཏེ་ནད་པའི་སྔས་འོག་ཏུ་བཞག་ན་འཁྲུ་བ་གཅོད་དོ། །མཆོད་རྟེན་གྱི་སྲོག་ཤིང་། སྐྱ་བ། གྲུ་ཤིང་བསྲུབ་ཤིང་ཟེར་བ་ཡོད་རྣམས་གང་ན་བའི་སར་བུད་མེད་སྟག་ལོ་མས་བསྒྲིལ་ན་སྐྲན་ནད་ཐམས་ཅད་སེལ། གཟེར་ལའང་ཕན་ནོ། །བུ་ཚའི་སྐྱུགས་པ་མ་ཆོད་ན། རང་གི་ཁ་བྱང་དུ་བལྟས་ལ་ཀ་བ་གྲིས་ཐུར་དུ་བཞོག་པའི་ཕྱེ་མ་དེ་ས་ལ་མ་རེག་པར་རས་ནང་བསྟུམ་སྟེ་བུ་མོ་ལོ་བཅུ་གཉིས་ལོན་པ་ཞིག་གིས་སྐུད་པ་འཁལ་བས་བཅིངས་ཏེ་སྐེ་ལ་བཏགས་པས་ཆོད་པར་འགྱུར་རོ། །རྒས་ཁར་མིག་མི་གསལ་ན་རྐང་མཐིལ་གཉིས་ཆུས་བཀྲུས་ནས་ཕག་ཚིལ་མར་སྦྱར་བསྐུ་མཉེ་བྱས་པས་གསལ་བར་འགྱུར་རོ། །བྱ་ཐི་བའི་སྒོ་ང་རྐང་པར་བྱུག་ན་སེར་ཀ་མི་འོང་། སྔོ་པོ་དེའི་ཁུ་བ་ལུས་ལ་བྱུགས་ན་ཤིག་མི་འོང་།ཡང་ཡི་གེའི་རྟེན་འབྲེལ་གྱིས་ནད་ཟུག་བཅག་པ་ནི། སྨིན་མའི་བར་དུ་ཀ་སྣ་ལག་ཁ་རུ་ཁ། ད་ལུང་དཔུང་གཡས་ཛྙ། གཡོན་དུ་ཛ། ལྐོག་མའི་འོལ་དུ་གྷ། རྣ་གཡས་ཉ། གཡོན་དུ་ད། ཏའང་བྲང་དུ་ཚ། ནུ་གཡས་ཊ།
གཡོན་དུ་ཎ་ཏའང་། གཡོན་འོག་ཙ། གྲུ་མོ་གཡས་པར་མ། གཡོན་པར་ཉ། མཆིན་པར་ཌྷ། བྲང་གི་རྩེ་མོར་བྷ། ལྟེ་འོག་པ་མ་ཕ། གསང་བར་དྷ། བརླ་གཡས་ཌྷ། གཡོན་དུ་ད། པུས་མོ་གཡས་པར་པ། གཡོན་དུ་ན། བྱིན་གཡས་པ། གཡོན་ཐ། རྐང་མཐིལ་གཡས་སུ་ཊ། གཡོན་ཎ། འདི་རྣམས་གི་ཝམ་དང་ཚ་ཚའི་ས་བསྲེས་པས་གང་ན་སར་ཡི་གེ་དེ་དག་ཡང་ཡང་བསྐྱལ་ནས་འབྲི་ཞིང་ཕྱིས་ན་ཐད་ཀའི་ཟུག་གཟེར་འཇོམས་སོ། །གཉིས་པ་ཡི་གེ་ཐམས་ཅད་བྲིས་ནས་བཀྲུས་པས་ནད་རླིང་ནས་འབྱིན་པ་ནི། ང་སྤྱི་བོ། ཀ་ར་ལ་གསུམ་མཇིངས་པ། བ་མགྲིན་པ། ཁ་ལྟེ་བ། ག་སྙིང་ག གྷ་གསང་གནས། ཉ་ལྟག་པ། ཚ་སོག་པ། ལ་སྤྱི་བོ། ཛ་པུས་མོ། ཛྷ་རྐང་པ། མ་འགྲམ་པ། བྷ་བརླ། དྷ་སྐེད་པ། ཐ་སྒྱིད་ཁུང་གཉིས་སུ་བྲིས་ཏེ། དེ་ནས་ཧ་རི་ནི་ས་དང་། རྟེན་སྙིང་བཟླས་པའི་ཆུས་བཀྲུས་པས་ནད་གང་ཡང་སོས་སོ། །འདི་རྣམས་དག་མིན་དཔེ་ལེགས་པ་རྙེད་ན་བསྡུར་དགོས་འདྲ། གཞན་རྫོགས་ཆེན་གྱི་རྒྱུད་ན་ཡི་གེ་བྲི་དམིགས་ཀྱི་ནད་འདོན་པ་ཟབ་མོ་ཡོད་དོ། །ཕ་དམ་པ་རིན་པོ་ཆེའི་ཞལ་ནས། དྲང་སྲོང་སྐར་མའི་མཁྱུད་དཔྱད་དཀར་པོ་འདི་ནད་པ་ཁོ་ན་ལ་ཕན་ཞིང་བསྔགས་པ་ཡིན་ནོ། །དེ་ཡང་སྐར་མ་དབྱུག་གུར་ནད་ཀྱིས་བཏབ་ན་ཟན་ལ་རྟའི་གཟུགས་ལོ་གྲངས་བྱས་ཏེ་ཁ་རུ་ཉ་ཤ་དང་མེ་ཏོག་བཅུག་ནས་ནད་པ་ལ་ཕྱིན་ཀ་ལོག་ཏུ་བསྐོར་ཞིང་ལམ་བཞི་མདོར་བསྐྱལ་བས་ནད་པ་ལ་ཕན་ནོ། །བྲ་ཉེར་གླང་གི་གཟུགས་ལོ་གྲངས་ཀྱི་ཁར་ཉུངས་ཀར་
བླུག་སྟེ་ལམ་ཁར་བོར་བས་ཕན། དེ་བཞིན་སྨིན་དྲུག་ར་ཡི་གཟུགས་ལོ་གྲངས་ཁར་ཞོ་བླུགས་ཏེ་ཆུ་ལ་བོར། བི་རྫི་ལ་ཁྱི་གཟུགས་ལོ་གྲངས་ཁར་མར་བཅུག་ནས་མེ་ལ་བསྲེག མགོ་ལ་སྤྱང་ཀིའི་གཟུགས་པོ་གྲངས་ཀྱི་ཁར་རི་དྭགས་ཀྱི་ཤ་བཅུག་ནས་ཤིང་གི་རྩར་བསྐྱལ། ལག་ལ་ཝའི་གཟུགས་ལོ་གྲངས་ཀྱི་ཁར་ཁྲག་བླུགས་ནས་ཤར་དུ་བསྐྱལ། ནབས་སོར་ཕག་གཟུགས་ལོ་གྲངས་ཁར་འབྲས་བླུགས་ནས་བྱང་དུ་བསྐྱལ། རྒྱལ་ལ་ར་རྒོད་ཀྱི་གཟུགས་ལོ་གྲངས་ཁར་སྦལ་པའི་ཤ་བཅུག་ནས་གྲོག་པོ་ཕུག་རྡུག་ཏུ་བསྐྱལ། སྐག་ལ་བྱི་ལའི་གཟུགས་ལོ་གྲངས་ཁར་སོ་བ་བཅུག་ནས་བྲག་ལ་སྦས་པས་ཕན། མཆུ་ལ་སྦྲུལ་གཟུགས་ཉེར་བདུན་བྱང་ངམ་ནུབ་ཏུ་སྦ།གྲེ་ལ་སྤྲེའུ་གཟུགས་ལོ་གྲངས་ཁར་ཤིང་ཐོག་བཅུག་ནས་ནུབ་ཏུ་སྦ། དབོ་ལ་དོམ་གཟུགས་ལོ་གྲངས་ཁར་སྔོ་བཅུག་ནས་ནུབ་ཏུ་སྦ། མེ་བཞི་ལ་མ་ཧེའི་གཟུགས་ལོ་གྲངས་ཁར་མེ་ཏོག་པདྨ་བཅུག་ནས་ཟམ་ཁར་སྦ། ནག་པར་སྟག་གི་གཟུགས་དགུའི་ཁར་སྒྱི་བའི་འབྲུ་གཅུག་ནས་རིའི་རྩེ་ལ་སྦས་ན་ཕན། ས་རིར་གཡག་གི་གཟུགས་ལོ་གྲངས་ཁར་ལ་ཕུག་བཅུག་ནས་བྲག་རྩར་སྦ། ས་གར་སྟག་གི་གཟུགས་ལོ་གྲངས་ཁར་བུ་རམ་བཅུག་ལ་བྱང་དུ་བསྐྱལ།ལག་སོར་ལ་ཁྲི་སྙན་ས་ལེའི་གཟུགས་བརྒྱད་ཀྱི་ཁར་སྲན་ཆུང་བཅུག་ནས་ཟམ་ཁར་བསྐྱལ། གདུབ་བུར་སྤྲེའུའི་གཟུགས་ལོ་གྲངས་ཁར་སྲན་དཀར་བཅུག་ནས་ཆུ་ཆེན་པོར་བསྐྱལ། སོག་པ་ལ་རྨ་བྱའི་གཟུགས་ལོ་གྲངས་ཁར་ཏིལ་བཅུག་
ནས་དུར་ཁྲོད་དུ་བསྐྱལ། བྲེ་ལ་ཆུ་སྲིན་གྱི་གཟུགས་ལོ་གྲངས་ཁར་ཤུ་དག་དཀར་པོ་བཅུག་ནས་བྲག་ལ་བསྐྱལ། ཕུལ་ལ་གླང་གི་གཟུགས་ལོ་གྲངས་ཁར་སྔོ་དྭ་བ་བཅུག་ནས་ཤིང་སྡོང་རྩར་བསྐྱལ། ཐོན་པོ་ལ་གླང་གི་གཟུགས་ལོ་གྲངས་ཁར་ཁྲག་བླུགས་ནས་བྱང་གི་མཆོད་རྟེན་རྩར་བསྐྱལ། བེའུ་ལ་ཤ་བའི་གཟུགས་ལོ་གྲངས་ཁར་འོ་མ་བླུགས་ནས་བྱང་དུ་བསྐྱལ། སྒྲོག་སྟོད་ལ་ར་ཡི་གཟུགས་ལོ་གྲངས་ཁར་གྲོ་བླུགས་ནས་ལྷོ་ནུབ་ཏུ་བསྐྱལ། སྒྲོག་སྨད་ལ་བྱ་ཡི་གཟུགས་ལོ་གྲངས་ཁར་གྲོ་བླུགས་ནས་ནུབ་ཏུ་བསྐྱལ། སེ་སྟོད་ལ་མི་ཡི་གཟུགས་ལོ་གྲངས་ཁར་ལྕམ་པ་བཅུག་ནས་རི་རྩེར་བསྐྱལ། སེ་སྨད་ལ་སྦྲུལ་གཟུགས་ལོ་གྲངས་ཁར་ར་དཀར་མོའི་འོ་མ་བླུགས་ནས་ཆུ་འགྲམ་དུ་བསྐྱལ། ནམ་གྲུ་ལ་ནད་བྱུང་ན་མི་གཟུགས་དམར་པོ་གསུམ་བྱས་ལ་ཁ་ལ་བུ་རམ་བཅུག་ནས་མ་རྒན་མོའི་མདུན་དུ་བོར་ན་ཕན་ནོ། །སྐར་མའི་མཁྱུད་དཔྱད་རྫོགས་སོ། །འཆི་བསླུའི་མཁྱུད་དཔྱད་ནི། ལྟེ་ཕྱེ། ཟར་ཕྱེ། བག་ཕྱེ་གསུམ་ལས་ཟན་བྱས་ཏེ་ནད་པའི་ལུས་ལ་བསྒྲེས་པས། ལོ་འགྲོས་དྲུག་ཅུ་དང་། གླུད་དྲུག་ཅུ་བྱས་ལ་ལྷྭམ་ནང་བཅུག་ནས་མདུང་ཕོད་དམར་ཅན་དང་བསྡེབ་སྟེ། དགེ་སློང་ཆོས་གོས་ཅན། བོན་པོ་གོས་སྔོན་ཅན། སྐྱེས་པ་གོ་ཆ་ཅན། ཡུགས་ས་སོགས་ནག་ཅན་བཞིས་ལམ་གྱི་བཞི་མདོར་བསྐྱལ་ན་ནད་པ་འཆི་ཁ་མ་ཡང་འཆི་བ་བཟློག་པར་འགྱུར་རོ། །ཡང་ནད་ཚབས་ཆེ་ཞིང་འཆི་བར་ཉེ་ན། བུད་མེད་དགུ་ལས་ཕྱེ་བསླངས་པར་རང་གིས་ཀྱང་ཕྱེ་བསྣན་ཏེ། ས་བཟང་པོ་དང་
འདྲེས་པས་བུད་མེད་ཀྱི་གཟུགས་སྣ་མེད་པ་ལྔ་བྱས་ལ་ཕྱར་བ་ནག་པོའི་ཁར་བཞག །ནད་པའི་སྐེ་ལ་ཐག་པ་ནག་པོ་ཕྱིན་ཀ་ལོག་ཏུ་བཏགས་པ་དེ་ཉིད་བུད་མེད་གཅིག་གིས་བཀྲོལ་ནས་ཕྱར་ནག་གི་སྟེང་དུ་བཅུགས་བཞག་པ་དེ་དག་ཕྱར་བས་བཏུམ་ཞིང་ཐག་པས་དཀྲིས་ཏེ། བུད་མེད་གཅིག་གིས་བྱང་དུ་བསྐྱལ་ན་འཆི་ཁ་མ་ཡང་བཟློག་པར་འགྱུར་རོ། །དམ་པའི་ཐི་གུའི་མཁྱུད་དཔྱད་ཨོཾ་ཨཱཿཧཱུྃ་བཟླས་པའི་སྐུད་པ་དམར་པོ་སུམ་ལྟ་བ་རྟ་ཁྲག་གིས་བྱུགས་ནས་ཕུ་རུང་གཡས་པའི་ཁར་རམ་ལག་གཡས་སུ་བཅིངས་ན་གཞོག་གཡས་ཀྱི་ནད་ཞི་བར་འགྱུར་རོ། །སྐུད་སྔོན་ཉིས་སྒྲིལ་ལ་ལྕམ་{རྩམས་ཟེར་བའང་སྣང་}པ་བྱུགས་ནས་ལག་པ་གཡོན་པར་དཀྲིས་ན་གཞོག་གཡོན་གྱི་ནད་ཞིའོ། །སྐུད་ནག་ཆིག་ཀྱང་ལ། སླང་དྲེག །སྒྱེད་དྲེག །ཕྲུ་དྲེག་གསུམ་བྱུགས་ནས་ལྷྭམ་གཡོན་ཁར་བཅིང་ངམ། རྐང་གཡོན་དུ་བཅིངས་ན་རྐང་པ་གཡོན་གྱི་ནད་ཞིའོ། །ཐིག་གུ་སེར་པོ་བཞི་ལྟེ་བ་ལ་གི་ཝཾ་བྱུག་སྟེ་ལྷྭམ་གཡས་ཀྱི་ཁའམ། རྐང་པ་གཡས་སུ་བཏགས་ན་རྐང་གཡས་ཀྱི་ནད་ཞིའོ། །ཐིག་གུ་ཁྲ་བོ་ལྔ་བསྒྲིལ་ལ་དཀྱིལ་འཁོར་གྱི་ས་བྱུགས་ཏེ་སྐེ་ལ་བཏགས་ན་ནད་ཐམས་ཅད་ཞི་བར་འགྱུར་རོ། །འབྲུ་གསུམ་བཏབ་པ་ཀུན་ལ་འདྲའོ། །ཧ་རི་ནི་སའང་བཏབ་ན་ལེགས་སོ། །དེ་ལྟར་རྣལ་འབྱོར་དབང་ཕྱུག་རྟེན་འབྲེལ་ཟབ་མོའི་དོན་ལ་མངའ་དབང་འབྱོར་བ་རྗེ་དམ་པ་རྒྱ་གར་གྱི་ནད་ཀྱི་མཁྱུད་དཔྱད་སྣ་ཚོགས་སིལ་བུར་འཐོར་བ་ཚད་མེད་ཀྱང་། རང་གིས་ཇི་ལྟར་རྙེད་པ་
རྣམས་ཕྱོགས་གཅིག་ཏུ་བསྡུས་པ་སྟེ། འདི་རྣམས་གང་བྱེད་ཀྱང་རྟེན་འབྲེལ་གྱི་རྫས་འཛོམས་ནས་ རང་གི་རིག ་པ་དྭངས་པར་བྱས་ལ། རྗེ་དམ་པ་སངས་རྒྱས་རིན་པོ་ཆེ་དང་མཁའ་འགྲོ་མའི་ཚོགས་ལ་གསོལ་བ་བཏབ་སྟེ་སེམས་རྩེ་གཅིག་པས་ཐེ་ཚོམ་མེད་པར་སེམས་ཅན་གྱི་དོན་བྱས་ན་ཕན་ཆེའོ་ཞེས་གསུངས་པ་ལྟར་ངེས་པར་བྱའོ། །གླང་ཐབས་ལ། རྒྱ་སྐག་དང་པི་ལིང་། དེ་མཉམ་ཅོང་ཞིའི་ཕྱེ་མ་བཅས་ལུས་ལ་འཆང་། དགོས་དུས་ལག་མཐིལ་དུ་ཐུན་རེ་བླུགས་ལ་རང་དམ་པ་སངས་རྒྱས་སུ་བསྒོམ། སེམས་ཅན་ནད་པ་ཐམས་ཅད་ལ་ནད་མེད་པར་བྱ་འདོད་པའི་བྱམས་པ་བསྒོམ། ཨོཾ་སུ་དུ་རྦད༔ ཅེས་པའི་སྔགས་འདི་ཉེར་གཅིག་བཟླས་ལ་མཆིལ་མ་བཏབ་པའི་རྫས་དེས། གཡས་པའི་སྲིན་ལག་གིས་གང་ན་སར་ཐིག་ལེ་བྱས་ལ། དེ་སྟེང་དར་དམར་ཁ་གང་ངམ། རས་སམ་ཤོག་དམར་ལྟ་བུ་བཀབ་པའི་སྟེང་། སྟག་པའི་ཤིང་གྲུ་བཞི་ལེབ་མོ་ཚོན་གང་བ་སོགས་ཅི་རིགས་བཞག་ལ། དེ་སྟེང་སྤྲ་བའི་མེ་བཙའ་བཞག་པས་ཆུ་བུར་འོང་། དེས་གླང་ཐབས་དང་གྲང་གཟེར་སོགས་ནད་རིགས་ཀུན་ལ་ཕན། མན་ངག་གི་མེ་བཙའ་འདི་གཉན་ཚད་དང་མིག་འབྲས་མ་གཏོགས་གང་ལ་བཏབ་ཀྱང་རུང་གསུངས་སོ། །རྗེ་དམ་པའི་ལུགས་སོ། །ཡང་ཤོག་བུ་དར་དམར་ཤིང་ལེབ་གསུམ་ལ། འདི་བྲིས་ནས་ན་སར་གོང་རིམ་བརྩེགས། དེ་སྟེང་སྒོ་ཡི་སྤྱི་འཁོར་གྱིས་བསྲེལ་པའི་སྤྲ་མེ་བཞག་རྣམ་བཅུ་
དབང་ལྡན་གྱི་སྔགས་དང་། ཨ་ཧ་རི་ནི་ས། རྟེན་འབྲེལ་སྙིང་པོ་རྣམས་ཉེར་གཅིག་ཙམ་བཟླས་ལ་བཏབ། མེ་ཤེལ་གྱིས་མེ་སྦར་ལ་ཧ་ཧ་ཞེས་བརྗོད། དེས་ཤོག་གུ་དང་དར་མི་འཚིག་ཀྱང་ན་སར་སྤྲ་མེ་རང་བཞིན་པ་ལས་ཚིག་ཆེ་བ་འོང་སྟེ། གདོན་དང་ནད་ཐམས་ཅད་འཇོམས། མིག་འབྲས་རྒྱས་ཚད་མ་གཏོགས་གང་ལའང་གདབ་རུང་བའོ། །རྟེན་འབྲེལ་{ན རི ཨ ས ཉ ཨོཾ མཚོ ཉ ན མ ལ ནཱི སྭཱ ཧཱ}མཁའ་འགྲོའི་མེ་བཙའ་ཁྱད་པར་ཅན་ནོ། །རྩེ་བརྟག་གསུམ་ལིང་ཚེ་དགུ་པ་འདིའི་ནང་དུ་བཅུག་ལ། མཇུག་ནས་ཡར་དྲིལ་ཏེ། ལ་ཆའི་སྦལ་པའི་ཁར་བཅུག་ནས་ཉིན་མོ་ནད་པའི་སྔས་སུ་ཁ་ཚུར་བསྟན་ན་གཉིད་མི་འོང་། མཚན་མོ་ཁ་ཕར་བསྟན་ན་གཉིད་འོང་ངེས་ཏེ་རབ་གནས་སྤྱི་མཐུན་བྱའོ། །ཆུ་མི་ཐོན་པ་ལ། ཚ་ཚ་རབ་གནས་ཅན་གཅིག །ཚ་རུ་ནག་ཐིག་མེད་པའི་ནང་དུ་བསྟུམ་སྟེ། མཁལ་ལྟག་གཡས་གཡོན་སྤུ་ན་གུ་ན་སོར་བཞི་གཞལ་སར་མནན་པས་སེལ་ལོ། །ནད་རིམས་ཡོད་སར་འགྲོ་དགོས་བྱུང་ན། ཅོང་ཞི་ཕུལ་གང་ནས་ཙམ་ཁྲོམ་ཁྲོམ་བརྡུང་བ་ནང་ཆུ་བྲེ་གང་བླུགས་ལ་བསྐོལ་བའི་དྭང་མར་ག་བུར་ཐུན་གཅིག་བཏབ་པས། སྐྱ་རེངས་ཤར་དུས་རང་གི་རླུང་གང་རྒྱུའི་སྣ་བུག་ཏུ་གོང་གི་ཆུ་དང་རང་གི་དྲི་ཆུ་དྲོད་མ་ཡལ་བ་བསྲེས་ཏེ་ལག་མཐིལ་བླུགས་པ་རྔུབས་པས། སྣ་བུག་ཏུ་ནད་གདོན་རིམས་དང་རྫི་དུག་སོགས་འཇུག་པའི་རྩ་ཀུན་ཏུ་རྒྱལ་བ་ཞེས་པ་རླུང་རྒྱུ་ཕྱོགས་ལྟར་ཁ་གདངས་ཏེ་འབྱུང་བ་དེ་ཁེངས་ནས་ནད་ཀྱི་སྒོ་
ཁེགས་པས་ནད་གདོན་གང་ཡང་མི་འཇུག་གོ། དེ་རྗེས་སྤང་རྒྱན་དཀར་པོ་དང་། ཨུཏྤ་ལ་སྔོན་པོ། ཛཱ་ཏི། གུར་གུམ། ནཱ་ག་གེ་སར། ཙནྡན། མར་ཁུ་རྣམས་སྦྱར་བའི་དུད་པས་སྣ་བུག་གཉིས་ཀར་བདུག །ཉེན་མ་ལང་བར་ཉིན་བཞིན་མ་ཆག་པ་གལ་ཆེ། གུ་གུལ་ཡུངས་ཀར་སྔགས་པའི་དྲི་ཆེན་ཉ་མཁྲིས། ཤུ་དག་རྣམས་ལ། ཏདྱ་ཐཱ། ཕུད་ཏ་ཕུད་ཏ། བ་ར་བ་ར། མི་ལི་མི་ལི། ཕཊ་ཕཊ་སྭཱ་ཧཱ༔ སྟོང་དང་བརྒྱད་བཏབ་ལ་མེར་བསྲེགས་པའི་དུད་པས་བསྲུང་བྱའི་ཁྱིམ་གྱི་ཕྱི་ནང་ཐམས་ཅད་བདུགས་པས་བགེགས་འབྲོས། སེར་བ་གཅོད། རིམས་ནད་མི་འབྱུང་ངོ་། །ནད་རིམས་ཡོད་སར་ཕྱིར་ལྡོག་དུས་རྗེས་སུ་མི་འབྲང་བའི་ཐབས་ལ། རང་གནས་ཀྱི་མདོར་ཐོ་ཞིག་བརྩིགས་ལ། ནད་རིམས་ཡོད་ས་ནས་ཁྱེར་བའི་ཟས་ནོར་གྱི་དུམ་བུ་ཅུང་ཟད་རེ་བག་ཟན་དང་བསྲེས་ལ་ཐོའི་ལོགས་སུ་སྦྱར་ནས། ཨོཾ་ཐིམ་ཐར་ཏི་པ་དུནྟེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ། ཅེས་པའི་ཤམ་བུར། བིད་དྷཱ་ར་ཙ་ཡ་སྭཱ་ཧཱ། རག་ཏུ་མཱ་ར་ཡ་ཕཊཿ རག་ཏུ་ས་མ་ཡ་ཕཊ། ཅེས་བཟླས་ཏེ་མཐེ་བོང་གི་ནེའུ་ལེའི་རྗེས་བཏབ། བདེན་བརྡར་སྔོན་དུ་འགྲོ་བའི་ནད་འདི་དང་འདི་ཞེས་བྱ་བ་ཕྱིར་བཟློག་པར་གྱུར་ཅིག ཞི་བར་གྱུར་ཅིག རབ་ཏུ་ཞི་བར་གྱུར་ཅིག ཅེས་བདེན་སྟོབས་བརྗོད་ཅིང་སྲུང་འཁོར་བསྒོམ། ནམ་མཁའ་མེད་སོགས་ཚིགས་
བཅད་བརྗོད་པས་ངེས་པ་བརྟན་པོ་དྲངས་ལ་ཁྱིམ་དུ་ལྡོག་པར་བྱའོ། །འདི་འོལ་གསང་ཛ་དུ་མ་ལས་སོ། ༈ ཁྲག་སྐྱུགས་ནས་མ་ཆོད་པའི་ནད་པར་ལག་གཡོན་མཐིལ་དུ་འདི་བྲིས། དེ་དབུས་སོ་མ་ར་ཙ་ཐུན་ཆུང་གཅིག་བཞག ཨོཾ་ཧྲཱིཾ་ཧཱུྃ་རུཾ་སྭཱ་ཧཱཿ ཞེས་པ་བརྒྱ་རྩ་གཅིག་བཟླས་ནས་བཏབ་སྟེ་ཁོང་དུ་བཏང་ན་མྱུར་དུ་ཆད་དོ་ཞེས་འཕགས་ཡུལ་བའི་གདམས་པའོ། །འཁོར་ལོ་འདི་གཟའ་ཉི་མའི་ཉིན་པར་སྣག་ཚྭས་ཤོག་གུར་བྲིས་ལ་སྐུད་པས་བཅིངས་ཏེ་མགུལ་དུ་བཏགས་ན་རྩ་དཀར་གྱི་ནད་ཐམས་{རཾ ཨོཾ ཀི རཾ ཥ རཾ ཀི རཾ ཥ༣ ཨོཾ ༡༤ རཾ ཀི རཾ ༥ཥ ༦༢ རཾ ཀི རཾ༧ ཥ ༣༡༣ ༦ ༡༠༧ ༡༠ ༡༠༣ ༧༡༥ ༨ ༢༤༡༡ ༡༢ ༡༤༡༡ ༡༧༩}ཅད་ལ་ཕན། ཁྱད་པར་ཡན་ལག་དང་སྐེ་རེངས་འདར་སྐམ་པ་ལ་ཕན་ཞེས་འཕགས་ཡུལ་པའི་མན་ངག་གོ ༈ །འཁོར་ལོ་འདི་དྲི་བརྒྱད་ཀྱིས་བྲིས་ནས་མགུལ་དུ་བཏགས། རླུང་དང་ཡམས་མགོ་ཕྱེད་ན་བར་མཆོག་ཏུ་ཕན་ནོ། ༈ །འཁོར་ལོ་འདི་གཟའ་ཉི་མའི་ཉིན་གྲོ་གར་ནང་གི་རི་མོ་ཐམས་ཅད་འདི་ལྟར་ཉིས་རིས་དགོས། དྲི་བརྒྱད་ཀྱིས་བྲིས། སྐུད་པས་བཅིངས་ནས་མགོ་ལ་བཏགས་ན་ཡམས་སོགས་མགོ་ཕྱེད་ན་བ་ལས་གྲོལ་ལོ། །
འཁོར་ལོ་འདི་བྲིས་ནས་མགུལ་དུ་བཏགས་ན་ནད་པ་རི་ཐང་མཚམས་སུ་གདོན་གྱིས་སྨྱོ་ལབ་བྱེད་པར་ཕན་ནོ། །འཁོར་ལོ་འདི་སྐེད་པར་བཏགས་ན་དམར་བཤལ་དང་ཁྲག་སྟོད་དུ་རླུང་གིས་བུས་པའི་མགོ་བོ་ན་བར་ཕན་ནོ། ༈ །འཁོར་ལོ་འདི་མགུལ་དུ་བཏགས་ན་ཚད་ནད་ཉིན་རེ་ཐུ་ཞིང་ཉིན་རེ་བདེ་བ་ལ་ཕན་ནོ། ༈ །འཁོར་ལོ་འདི་ཤོག་གུར་བྲིས་ནས་སྐེ་ལ་བཏགས་པས་སོ་ནད་རིགས་ལ་ཕན་ནོ། །༢ ༠ ༥ ༧༦ ༣ ༦ ༥༨ ༣ ༨ ༡༤ ༥ ༤ ༧༡༡ ༡༢ ༢ ༡༧༦ ༡༢ ༢༡ ༡༩༢༤ ༡༧ ༨ ༡༤ ༥ ༡༨ ༢༢༥༦ ༤༨ ༥༥༥༩ ༥༣ ༥༠༥༩ ༥༨ ༥༦༧༠༠ ༡༤༥ ༨ ༧༦ ༣ ༧༠༤ ༧༠༣༧༠༦ ༧༠༡ ༨ ༡༤ ༥ ༧༠༢ ༧༠༥༈ འཁོར་ལོ་འདི་གུར་གུམ་གྱིས་བྲིས་ལ་གུ་གུལ་དུད་པས་བདུག སྲད་བུ་ལྔས་བཅིངས་ཏེ་སྐེ་ལ་བཏགས་ན་དུག་རིགས་ཐམས་ཅད་ངེས་པར་ཐུབ་བོ། འཁོར་ལོ་འདི་ཨཱཿ གྲོ་ག་ལ་དྲི་བརྒྱད་ཀྱིས་བྲིས་ནས་མགུལ་དུ་བཏགས་ན་ཚད་པའི་རིགས་ཀུན་ལ་ཕན་ནོ། །འདིར་དྲི་བརྒྱད་ཅེས་པ། གུར་གུམ། ག་པུར། ཨ་ག་རུ། ཙནྡན་དཀར་དམར། གླ་རྩི། གི་ཝཾ། ན་གི་བརྒྱད་དོ། །འཁོར་ལོ་འདི་གཟའ་ཉི་མའི་ཉིན་དྲི་བརྒྱད་ཀྱིས་བྲིས་ཏེ་སྐེར་བཏགས་ན་ཚད་རིམས་མ་བྱུང་བ་
འབྱུང་བར་མི་འགྱུར། བྱུང་བའང་མྱུར་དུ་ཞི་བར་འགྱུར་རོ། ༈ །འཁོར་ལོ་འདི་གྲོ་གའམ་ཤོག་གུར་བ་འོས་བྲིས་ལ་སྲད་བུ་དཀར་པོས་བཅིངས་ཏེ་བཏགས་ན་ནད་རིམས་ཐམས་ཅད་ཐུབ་ཅིང་ཡིད་ལ་ཅི་འདོད་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །གློ་ནད་བྱུང་ན་ནད་པའི་ལུས་ལས་དྲིལ་བའི་ཟན་ལས་མི་གཟུགས་བྱས་པའི་ནད་པའི་ལོ་གྲངས་ཁྲོམ་བཏབ་པ་བྱ། ལག་གཡོན་བཟོ་དཔྱད་སྣོད་དུ་ནད་པའི་ལུད་པ་བླུགས་ལ་ནད་པའི་སྔས་འོག་བཞག །དགོང་མོ་ཉལ་ཁར་ཟན་གླུད་ལ་ལྷ་རྗེས་འདི་སྐད་དུ། རྒན་པོ་ཁྱོད་ཀྱིས་མི་འདི་ཞེས་བྱ་བའི་གྲོ་༡༨ ༧ ༨ ༣༤ ༧ ༤ ༥༢ ༡ ༢ ༢༦ ༥ ༣ ༦༤ ༣༩ ༩ ༧༦ ༣ ༣༦ ༣༥༣༨ ༢༣ ༨ ༡༤ ༥ ༣༤ ༣༧༡༨ ༢༥ ༥ ༧༦ ༣ ༨༡ ༢༡༢༤ ༡༩ ༨ ༠༤ ༥ ༢༠ ༢༣སཱིར་ཏེ་ཤེ་ཏ་བར་ཧ་ཧ ལོང་། ཞེས་ཐེངས་གསུམ་བརྗོད། དེ་ལུ་ཆུང་མ་སངས་བར་དུ་དགོང་རེ་བཞིན་བྱས་ན་ཤིན་ཏུ་ཕན་ནོ། །མོ་ལ་གཡས་གཡོན་གོང་ལས་བཟློག་པར་བྱའོ། །ཡང་ན་དྲི་གླུད་ཀྱི་ཁར་ཐལ་བ་དང་ལུད་པ་བཏབ། སྙུག་སྤར་ཁ་སྦྱར་ནང་དུ་གན་རྐྱལ་བཞག་ལ། རྟ་ཡི་གློ་ལེན་གྱིས་སྐུར་མའི་ཁ་བཅིངས་ནས་བཞག་པས་གློ་སུབ་གློ་ལུ་ཐུབ་བོ། །ཡང་གློ་ནད་རྐ་བའམ་བཀར་རུ་ལ་ནད་པའི་སྐ་རགས་ཀྱིས་སྐེད་པར་བསྡམ། ལྷྭམ་གཉིས་ལྷྭམ་སྒྲོག་གིས་དེའི་རྩ་བར་བསྡམ་སྔགས་འདིས་ལན་མང་བཏབ་སྟེ་གློ་བ་བསྡམ་པར་བསམ། ནད་པའི་སྟན་འོག་ཏུ་གློ་བར་མནན་པར་བསམས་ལ་སྔགས་བཏབ། སྔགས་ཆུ་ཁོང་བཏང་སྤྱི་གཙུག་བཏབ། སྔགས་ནི། ཧ་རཱ་ཧ་ར། ཁ་ར་ཁ་ར་རང་སྭཱ་ཧཱ། དེས་ཞག་གསུམ་ཚུན་ལ་ཕན་ངེས་སོ། ༈ །མགོ་རླུང་ལ་ཕན་
པའི་རྟེན་འབྲེལ་ནི། རྫ་མ་སྣུམ་ཅན་གཅིག་ལ་ས་དཀར་གྱིས་གཡུང་དྲུང་ཆོས་སྐོར་བྲིས་པ། རྐང་པར་ལན་གསུམ་བསྐོར་ལ་མེ་ལ་བསྲོས། ཡེ་དྷར་རབ་གནས་བྱ། དེ་མགོ་ལ་གྱོན་ནས་སམ། མགོ་ལ་མ་རེག་ཙམ་དུ་དྲོད་རླངས་བདུགས་པས་ཕན། དམ་པའི་མན་ངག་གོ། ཡང་བྱིས་པའི་བྲང་ནད་ཚ་བབ་གདོན་བསླང་ལ། མདའ་འཕང་རྟ་སྦང་གསར་པ་ལུག་གི་རིལ་མ་རང་འཐག་གི་ཡ་མགལ་གཟི་མིག་ལྡན་རྣམས་བསགས། བྱིས་པའི་དྲིལ་གླུད་མཛུབ་གང་བཅོས་པ་དོང་བྲུས་ནང་བཞག དེ་སྟེང་ཕྱིང་དཀར་བཏིང་པའི་ཁར་བྱིས་པ་དེ་ཉིད་གན་རྐྱལ་རྐང་ལག་བཞི་བརྒྱང་ལ་བཟུང་སྟེ། དང་པོ་མདའ་ཡིས་སྤྱི་བོ་ནས་མར་རྐང་མཐིལ་བར་ཐུར་དུ་ལན་དགུ་བསྒྲིལ། དེ་ནས་འཕང་གིས་རྐང་མཐིལ་ནས་སྤྱི་བོ་བར་གྱེན་དུ་དགུ་བསྒྲིལ། གཟི་དེ་རྡོ་ལ་བརྡར་ནས་སྤྱི་གཙུག་རྣ་དྲུང་གཉིས། སྨིན་མཚམས་མིག་གི་སྟེང་། མཁུར་ཚོས་གཉིས། མཆུ་ཡི་སྟེང་འོག ནུ་མ་གཉིས། ནུ་མའི་ཐད་བྲང་ལྷེན་སྣ་མཁལ་གསང་གཉིས། མཐིལ་བཞིར་ཚུགས་གདབ། དེ་བཞིན་རྟ་སྦང་དང་། རིལ་མས་གྲང་ཚུགས་བྱ། དེ་སྟེང་རང་འཐག་ཡ་འགལ་གྱིས་བྲང་གི་སྟེང་དུ་ཅུང་ཟད་མནན་ལ། ཆུ་གྲང་ཕོར་གང་ཙམ་གྱིས་མཆན་ཁུང་ནང་ནས་ཆུ་མདའ་བརྡེག །དེ་ནས་བྱིས་པ་རང་སར་བཞག་སྟེ་ཞབས་སུ་ཡོད་པའི་གླུད་ལ་འབྲུ་སྣ་ཟས་སྣ་བཅས་སྔགས་དམིགས་ཕྱག་རྒྱས་གླུད་བསྔོ་སྤྱི་ལྟར་བྱས་ནས་ནད་བདག་ཚོགས་ལ་བསྔོ་ཞིང་གླུད་བསྐྱལ། བགེགས་བསྐྲད།
མཚམས་བཅད་བྱ། འཕང་དེ་བཅག་ནས་མ་སྒྱེད་ཞབས་སུ་མནན། མདའ་དེ་ཕུགས་སུ་རྟེན་དུ་འཛུགས། གཟི་བྱིས་པ་ཉིད་ལ་བཏགས་པས་ཕན་པར་ངེས་སོ། །རྐང་པའི་རྒྱ་ཚིགས་འཁྲེས་པ་དང་།མཁལ་རྩ་འགྲམ་པ་དང་འཆུས་པ་ལ། གང་ན་སར་འདི་བྲི། ཊར ཊར དེ་ལ་སྔགས་འདི་བཟླས་ལ་བཏབ། ཨོཾ་ནན་སྭཱ་ཧཱ༔ འདི་ལས་ཟབ་པ་གཞན་མེད་དོ། ༈ །མཁལ་རྩ་འཆུས་པ། ལག་རྩ་གས་པ། སྐེ་རྩ་འཁྲིལ་པ་སོགས་རྩ་འཆུས་ཐམས་ཅད་ལ། གང་འཆུག་སར། སྔགས་འདི་བཏབ། ར་ར་ཙེ་ནག་པོ་རྦདཿ དེ་ནས་སྔགས་བཏབ་པའི་ཆུ་གཙང་མས་བཀྲུས་པར་རྩམ་པ་བཏབ་སྟེ་ཟན་གྱི་མི་མོའི་གཟུགས་གཅིག་བྱས། ནད་པའི་རྩ་ལ་མེ་བཙའ་རྒྱག་གོ་ཞེས་བྱས་ལ། གང་ན་སར་ཟན་གྱི་མི་མོ་སྦྱར་ལ། གང་འཆུས་སར་མེ་བཙའ་གཅིག་བཞག །དེ་ནས་མི་མོ་དེ་ཁ་བྱང་ཤར་བསྟན་པའི་རྩིག་ཁུང་དུ་སྦ་ཞིང་ཁྱིས་མི་ཁྱེར་བར་བྱེད་དགོས། དེས་ཕན་ནོ། །དམ་པ་སངས་རྒྱས་ཀྱིས་རྩ་མཁྲེས་བཅོས་ལ། རྩ་ཁྲིད་ནན། རྩ་ནན། རྩ་མལ་དུ་ཆུག །ཅེས་རང་ཉིད་དམ་པར་བསྒོམས་ལ་སྔགས་འདི་ཐོག་མར་སུམ་བརྒྱ་བཟླས།དེ་ནས་ཆུ་ཕོར་གང་གི་སྟེང་དུ་བཞག །འབྱོར་ན་ཚྭ་ལོ་ལོན། མེད་ན་ཚྭ་རྡོག་གཅིག་ལ་གོང་སྔགས་ཅི་རིགས་བཟླས་ཏེ། རྩ་གང་འཁྲེས་པ་དེ་ལ་ཁྲག་མ་བྱུང་ཙམ་བརྡེག །རྩ་འབྲུམ་རྩ་རྒྱུ་ནད་
གཡོག་གིས་ནད་པར་ཕྱག་གསུམ་འཚལ་བཅུག ཆུ་ཕོར་དེ་ནད་གཡོག་ལ་སྟེར་ཞིང་ནད་པས་ནད་ཡོད་སྙམ་མེད་པར་ཧར་ལང་བྱས་ཏེ་ས་བདེ་བར་བསྐོར་བ་ཡུན་རིང་དུ་བརྡེག་གོ། རྩ་མཁྲེས་མན་ངག་མྱོང་ཐོན་ཡིན། ཕན་སྟོབས་ཆུང་ན་ལན་གསུམ་བསྐྱར། ༈ མཁལ་ནད་ལ་གང་ན་སར་མཚལ་ལམ་བཙག་གིས་འདི་བྲིས། རཾ་བཞི་པོ་མཁའ་འགྲོ་མ་དམར་མོ་བཞིས་བྲོ་བརྡུང་བར་བསམ། དེ་རྗེས་མཁའ་འགྲོ་བཞི་པོ་ལྕགས་ཀྱི་བྱ་ཁྱུང་བཞིར་གྱུར་ནས། ནད་ཐམས་ཅད་གཤོག་པས་བརྡུང་ཞིང་བསྡུས་ནས་མཆུས་ལྷག་མེད་ཟོས་པར་བསམ། སྔགས་འདི་སུམ་བརྒྱ་ཡན་ཇི་མང་དུ་བཟླ། ཨོཾ་ནཱ་ག་ར་ཙ་ཐུན་ཕོབ༔ པཉྩ་ར་ཙ་ཐུན་ཕོབ༔ མན་ངག་འདི་གསེར་ལྷད་མེད་དང་འདྲའོ། །ཡང་མཁལ་ནད་བཅོས་ཐབས། ཨོཾ་རཱ་རཱ་ཐི། རུ་རུ་ཐཱི༔ ཞེས་སྤྱི་གཙུག་ཏུ་བརྒྱ་བཏབ། པྲེ་ཐི་མུ་དུར་ཐི༔ ཞེས་མཇིང་པ་ལ་བརྒྱ། སརྦ་རྦད་ནན་རྣོ་ནོན་ཅིག རྣོ་ནོན་ཅིག །ཞེས་མར་དཀར་ལ་བཟླས་ཏེ་གང་ན་སར་བྱུག །ནད་ཐོག་ཏུ་ཐལ་ལྕག་གསུམ་རྒྱག་གོ། དེ་ནས་ནད་པ་ཧར་གྱིས་བསླངས་ལ་ལག་པ་ནས་འཇུས་ཏེ་ནད་ལ་ལན་གསུམ་བརྒྱུག་སྐས་ལ་ལན་གསུམ་འཛེག་ཏུ་གཞུག །དེ་ནས་ནད་པས་ལྷ་རྗེ་སྐུ་དྲིན་ཆེ་ཞེས་ཆང་ཕོར་གང་འདྲེན་ནོ། །དེ་ལྟར་བྱས་པས་མཁལ་ནད་འཐོན་པར་ཐེ་ཚོམ་མེད་དོ། །སྐྲངས་པའི་རིགས་ཙམ་ལ་སྟེང་དུ་བག་ཟན་གྱི་དྲ་བ་
འཕང་ལོ་ཙམ་བྱས་པའི་ནང་གཡེར་མས་བཀང་། དེ་སྟེང་བག་ཟན་ལེབ་མོ་གཡོག །དེ་སྟེང་མེ་བཙའ་ཞིག་བཏབ་པས་ཁོང་དུ་ཚ་བ་ཆོར་ན་མོད་ལ་ཕན་ནོ། །གཟེར་མིག་གར་ཡོད་ལ་འདི་བྲིས་པས་ཕན་ནོ། །སྐེ་དང་ལུས་ལ་ཝ་བ་མི་འབྱུང་བའི་ཕྱག་རྒྱ་སྐེ་ལ་བཏགས་ཕུར་གཟུགས་ཀྱི་གཡས་སུ་ཉ་ལོག་ཧ་རྐྱང་། གཡོན་དུ་ཉ་རྐྱང་ཧ་ལོག་ཐ་མར་ཁྲོམ་བཅུས་བསྐོར་བ། འདི་མཚལ་ལམ་བཙག་གིས་སྐྲང་འབུར་གར་ཡོད་སྟེང་དུ་བྲིས་ན་འཇོམས་ཞེས་གཏེར་མའོ། །ནུ་རྡོག་འདྲ་བའི་དཀྱིལ་དུ་རཾ། དེའི་མཐར་རཾ་བཅོ་ལྔས་བསྐོར་བ་འདི་སྐྲངས་པ་ཆེ་ཆུང་མཚམས་པར་དེ་སྟེང་བཙག་གིས་བྲིས་ན་གཉན་ནད་བྱི་ནུ་ཐམས་ཅད་འཇོམ་མོ། །གཏེར་མའོ། །རྩ་དཀར་གང་ན་སར་དཔེ་ཆུད་འདི་ལྟར་བྲིས། དཔེ་ཆུང་དེའི་སྔགས་སྟོང་ཕྲག་སོཊ་བགྲངས་ནས་ནད་དམིགས་སྟེང་བཏབ་ནས་འཕུར་བས་ཕན་ནོ། །གཏེར་མའོ། །དབྱངས་འཆར་ཞི་བའི་ལས་ཀྱི་{ཤ ལ དྲ པ ལ ནལ ཨོཾ ཀ ཤ ནན ནན}མན་ངག་ཁྱད་པར་ཅན་ནི། བསྒྲུབ་བྱ་རྒྱལ་རིགས་དང་དགེ་སློང་ཡིན་ན་ཚེས་གསུམ་བརྒྱད་དང་བཅུ་གསུམ་ལ་སྦྱོར་བ་དང་། བཞི་དགུ་བཅུ་བཞི་དངོས་གཞི་བརྩམ། གོང་གི་དེ་རྣམས་མིན་པ་དང་། དམངས་
རིགས་ལ་ནི་འབྱུང་ཕྱོགས་ཚེས་ལ་སྦྱོར་བ། བསེ་རུ་དྲག་པོ་མཚམས་ལ་དངོས་གཞི་བྱ། གཟའ་ཟླ་བའམ་ལྷག་པ་གང་རུང་རེས་གཟའ་ཡོད་ཅིང་། བསྒྲུབ་བྱའི་སྐྱེས་མིང་དང་དེ་ཉིད་ཟླ་སྐར་ལ། མདུང་དང་ཕན་ཚུན་གནོད་པ་དང་།དུ་སོལ་མེ་སོགས་ཀྱི་གནོད་པ་མེད་པའི་དུས་སུ། རང་གི་མདུན་དུ་བསྒྲུབ་བྱ་དྲི་བཟང་གིས་བགོས་པའི་ཀུ་ཤའི་ཁྲེས་ལ་བཞག །རང་དང་བསྒྲུབ་བྱ་གོས་རྒྱན་དཀར་པོ་བྱ་ཞིང་ལུས་ལ་དྲི་བཟང་བྱུགས། རང་ཁ་བྱང་ཤར་རམ། ལྷོ་ནུབ་ཏུ་བལྟ། རིན་ཆེན་བུམ་པར་འོ་མ་སོགས་དཀར་གསུམ་དང་། མངར་གསུམ་ཆུ་གཙང་བཅས་བླུགས། རང་ཉིད་སྤྱན་རས་གཟིགས་སྐུ་མདོག་དཀར་པོར་བསྒོམས་པའི་ཐུགས་ཀའི་འོད་ཟེར་གྱིས། ཟླ་བའམ། ཡང་ན་ཟླ་བའི་བུ་ལྷག་པ་གང་རུང་མདོག་དཀར་ཞི་ཚུལ་ཅན་བཀུག་སྟེ་བུམ་པའི་སྟེང་དུ་པདྨའི་གདན་ལ་འཁོད་པར་བསམ། དེ་ལ་མེ་ཏོག་སོགས་ཀྱིས་མཆོད་ལ་བསྟོད་པ་ཡང་བྱ། དེ་ནས་རང་གི་སྙིང་གར་པདྨ་དཀར་པོའི་སྟེང་དུ་ཉི་མ་བསྐལ་པའི་མེ་ལྟར་འབར་བའི་སྟེང་ན། སྙིང་པོ་ཨུཀྵུར་སྲོ་མའམ། ཙནྡྲ་དེ་བ། གང་རུང་ཁ་དོག་དཀར་པོ་ཅན་བཀོད། དེ་ཡི་སྟེང་དུ་རང་གི་སྙིང་པོ་འབྲུ་དྲུག་བསམ། དེ་ཀློག་ཚུལ་དུ་དམིགས་ཏེ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨུཀྵུར་སྲོ་མ་ཆེ་གེ་མོའི་ནད་ཐམས་ཅད། ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླ། དེ་ནས་བུམ་པའི་ཆུས་ཁྲུས་བྱས་པས། ཟླ་བའམ་དེའི་སྲས་ལྷག་པས་བསྒྲུབ་བྱའི་གནོད་
པ་ཐམས་ཅད་བསལ་བར་བསམ། ཁྲུས་བྱས་པའི་ཆུ་དེ་ནང་བསྒྲུབ་བྱའི་སྐྲ་སེན་བཏབ་སྟེ་ཆུ་བོ་ཆེན་པོར་དོར། དེའི་རྗེས་སུ་སྙིང་རྗེའི་སེམས་བསྐྱེད་པར་བྱས་པས། ཐུགས་ཀའི་སྙིང་པོ་ཐམས་ཅད་འདྲེས། མདུན་གྱི་ལྷ་ཡང་འོད་དཀར་པོའི་རྣམ་པར་བསྡུ། པྲཿ ཞེས་བརྗོད་པས་ནད་པ་ལ་ཐིམ་སྟེ་སྔགས་དང་ལྷ་དང་ནད་པ་གསུམ་ཐ་དད་མེད་པར་གྱུར། ཛཿ ཞེས་བརྗོད་པས། ཐམས་ཅད་མཉམ་པར་བསམ་སྟེ་མི་དམིགས་པར་བཞག འདི་ནི་ཤིན་ཏུ་གསང་བ་སྟེ། རང་དང་ཉེ་བ་ལས་གཞན་ལ་བྱ་བ་མིན་གསུངས། ནད་སོགས་ཞི་བའི་ཐབས་ཁྱད་པར་ཅན་ནོ། ༈ །ནད་རིགས་ཀུན་ལ་རྟེན་འབྲེལ་མེ་བཙའ་ནི། དང་པོ་གང་ན་སར་སྔགས་འདི་བརྒྱ་རྩ་བཟླས་ལ་ཕུས་བཏབ། ཨོཾ་ཙཀྲ་ནན་སྭཱ་ཧཱ། དེ་ནས་ཟན་ལ་ནད་པའི་གཟུགས་བཅོས་ལ། གང་ན་སའི་ཐད་དུ་མེ་བཙའ་གཅིག་བཞག་པས་ཕན་ནོ། །ཡང་གཟེར་མིག་གར་ཡོང་དུ་གྲོ་ཤོག་གླན། དེ་སྟེང་ཤུག་པའི་ཤིང་ལེབ་གྲུ་བཞིར་སོལ་བའི་རྒྱ་གྲམ་བྲིས་ལ་དེ་སྟེང་མེ་བཙའ་བཞག །ཨོཾ་རུ་རུ་མྱགས་མྱགས་ཚོས་ཤིག་སྭཱ་ཧཱ། ནད་གཞི་ཆེ་བར་ལན་གསུམ་བསྲེག །མེ་ཟད་ནས་ཀྱང་ཡུན་རིང་བཞག །དེས་སྐྲན་དང་ཝ་བ་མཆིན་ནད་རྐང་ལག་གི་ཚིགས་བུད་པ་སོགས་ཀུན་སེལ་འཕྲུལ་གྱི་མེ་བཙའོ། །ཡང་རྩ་འཆུས་ན་སྔགས་འདི་འདྲེན་ཅིང་ན་སར་གླན་བསྒྲེས་པའི་གླུད་གཟུགས་བཟོས་ལ་གང་
ན་སའི་ཐད་དེར་གླུད་ཀྱི་གཟུགས་ལ་མེ་བཙའ་རྒྱ་གྲམ་དུ་བཞག །སྔགས་ནི། ཨོཾ་ཀ་ར་གང་ནན་སྭཱ་ཧཱ། དེས་མཁལ་རྩ་འཁྲིས་པ་རྩ་འཆུས་སོགས་སེལ་ལོ། །རྨ་བྱུང་བར་དྲི་ཆུས་བཀྲུས་ལ། ཨོཾ་ས་ཛ་ཨཿ ཞེས་གཡས་བསྐོར་བདུན་ཚན་བདུན་བཏབ་ན་སར་སྤུས་བཀབ། ཕྱིང་པས་དཀྲིས་ཏེ་བཞག་པས་འཛེམ་སྲུང་ཅི་ཡང་མི་དགོས་སོས་པར་འགྱུར་རོ། །རྨ་མེད་གདམས་པ་ལ། ཤ་བཅད་ན་སྐྲངས། རུས་པ་ཟུག་གཟེར་ཆེ། རྩ་ཚིགས་དོན་སྣོད་ཉེན་ཆེ་ཆུ་རྒྱུས་ཞ་བར་བྱེད། གང་ཡང་བཅོས་ཐབས་ལ། ར་ཛ་བྷེ་ར་འུབ་འདུས་སོདཿ རྨ་ལ་སུམ་བརྒྱ། ར་བབ་ལ་སུམ་བརྒྱ། མར་ལ་སུམ་བརྒྱ་བཏབ། མར་མི་ཞུ་བའི་སྔགས་ལ། ཨོཾ་གནྡྷེ་གནྡྷེ་སྭཱ་ཧཱ། བརྒྱ་བཟླས་བཏབ་སྟེ་རྨ་ལ་གླན། དེ་སྟེང་ར་བལ་གླན་ནས་དཀྲིས་ཏེ་ཞག་བདུན་བཞག སྐྲང་ལོག་བྱུང་ན་སྔགས་ལོག་གནོན་དུ་བསྐྱལ། ནད་མེད་བཞིན་དུ་ཟས་སྤྱོད་གང་ཡང་འཛེམ་མི་དགོས། དེས་ན་ཟུག་ཞི། མར་ཡང་མི་ཞུ་རྨ་སོས་པར་འགྱུར་རོ། །སོ་སྲིན་ན་བར། སོ་གང་ན་བ་དེའི་དྲེག་པ་བྲད་པར་སྔགས་འདི་ཇི་མང་བཏབ། སོ་ཀ་ར་སོད། སི་བྷི་སོད། ར་ཙ་སྲིན་དམར་བ་སོད། ཅེས་སོ། །ཀ་བ་ལ་ཡི་གེ་ཁྲོཾ་བྲིས། དེ་དབུས་སོ་དྲེག་སྦྱར། དེ་སྟེང་རིའི་སྤྲ་བ་བཞག་པར་སོག་མའི་མེ་སྦར་བས་ཕན་ངེས་སོ། །སོ་སྲིན་འདོན་ཐབས། ཨོཾ་ཨ་ཀན་རི་སོདཿ ཅེས་ཐང་ཁྲོམ་འབྲུ་དང་མར་རྙིང་བསྲེས་ཏེ་རྡོག་པོ་གསུམ་བྱས་པར་
སྔགས་ཅི་མང་བཏབ། དེ་ལྕགས་བསྲེག་སྟེང་དུ་བཞག་ནས་དུ་བ་ནད་པའི་ཁ་གདངས་སར་འདུག །འོག་ཏུ་ཆུ་ཕོར་གང་བཞག་པས་འབུ་རྣམས་དེར་འཐོན་འོང་ངོ་། །བུད་མེད་མངལ་ཁྲག་གཅོད་པར། འོམ་བུའི་དུ་བས་འདོམས་སུ་བདུག །སྐུད་པ་ཁྲ་བོས་ཉ་བཞི་བཀྱིག་པས་ཕན། པྲི་ཡངྐུའི་མེ་ཏོག་སྦྱར་བཏང་ཕན། མངལ་ཁྲག་གཅོད་སྔགས། ཐ་ན་དུ་རུ་རི་སྭཱ་ཧཱ༔ ལུག་ཀླད་ལ་བཏབ་ལྟོ་སྟོང་བཏང་བས་ཆོད། ཡང་གཅིག །བེ་ན་ཧཱུྃ་ཧཱུྃ། སི་རི་སྭཱ་ཧཱཿ རྫས་གོང་བཞིན་ནོ། །ནད་པ་ལ་རིམ་གྲོ་དམིགས་སུ་འགྲོ་བ་གང་དགོས་འདྲི་བ་ལ། ནད་པའི་ལོ་དེའི་སྤར་ཁའི་དཀར་ཆོས་གང་བབ་བསྒྲུབ། སྲོག་འཚོ་དང་ཕྱ་ལོན།ཕྱ་མཉམ་གྱི་ཕྱོགས་གང་བདེར་སྔས་བསྟན། གནམ་སྨན་ཕྱོགས་ནས་སྨན་འཚལ། བུད་མེད་ཆས་བཟང་ལ་ཟས་བསླང་། གྲོས་བྱ། དེ་མ་འཇོམས་ན་གནམ་སྨན་དཔལ་བསྐྱེད། སྲོག་འཚོ་གང་རུང་གི་ཕྱོགས་ནས་སྨན་པ་འབོད། སྨན་བཙལ། ཕྱ་ལོན་ཕྱ་མཉམ་གང་རུང་གི་ཕྱོགས་ནས་རིམ་གྲོ་བ་བཀུག ནོར་ལེན། གནོད་པའི་ཕྱོགས་ནས་འགྲུལ་པ་སོགས་འོང་བ་འཛེམ་སྲུང་བ་བཏགས། བདུད་གཅོད་ཕྱོགས་སུ་འཆི་བསླུ་བཏང་། འདྲེ་ལྔར་མདོས་འཕང་། ལུས་ཆད་ལ་གླུད་བརྫངས། སྤར་ཁ་གང་བབ་ལ་ཕན་པའི་དབང་ཞུ། གནོད་པའི་གདོན་ལ་མདོས་བཏང་། མལ་ས་སོགས་སྤོ་ན་བཟང་བཞི་གང་རུང་དང་། ཁྱད་པར་གནམ་སྨན་སྲོག་འཚོ་དཔལ་བསྐྱེད་ཕྱོགས་
སུ་སྤོ། བཟང་བཞི་ཕྱོགས་ནས་ཕན་ཐབས་ཀུན་བཙལ། ངན་བཞིར་འཛེམ། དེ་དག་ནི་སྤར་ཁ་གང་བབ་ཀྱི་གཏོ་སོགས་རྩིས་གཞུང་ལྟར་རོ། །འབྱུང་རྩིས་ཀྱི་གཞུང་ལས། ནད་གཡོག་མས་བྱ་ལྷ་རྗེ་བུ། །ཕོ་ཉ་གྲོགས་དང་སྔས་སྲུང་བ། །མཐུན་གསུམ་རང་དང་ལྔ་པ་འཛོམས་ན། །ཞུད་དང་རྐྱེན་གྱིས་འཆི་མི་འགྱུར། །ཞེས་གསུངས་པ་ལྟར། ནད་པ་དེའི་ལོ་ཡི་སྲོག་ཁམས་ལས་རྩིས་ཏེ། དཔེར་ན་ནད་པ་རྟ་སྦྲུལ་ལོ་པ་ཡིན་ན། ནད་གཡོག་པ་སྟག་ཡོས་གང་རུང་གི་ལོ་པ་དང་། མངགས་པའི་ཕོ་ཉ་བ་བྱ་སྤྲེལ། ལྷ་རྗེ་མཚམས་བཞི་ལོ་པ་གང་རུང་། སྔས་སྲུང་རྟ་ལོ་པར་སྟག་དང་ཁྱི། སྦྲུལ་ལོ་པར་བྱ་གླང་གང་རུང་དང་། དེ་སྟེང་ནད་པར་རང་ཉིད་དང་ཕན་ཚུན་ལྔ་པོ་དེ་ཚོགས་ན་ནད་ལ་སྨན་སོགས་གཉེན་པོ་བསྟན་པ་མི་འཕྲོད་པར་ཞུད་པ་དང་། གློ་བུར་རྐྱེན་གྱིས་མི་འཆི་བར་གསུངས་པ་ལྟར། ལྷ་རྗེ་གཙོ་བོག་ཞན་ཡོད་ཀྱང་། རང་ལོའི་བུ་ཁམས་ཀྱི་ལྷ་རྗེ་སོགས་ཀྱང་རྟེན་འབྲེལ་དུ་བཞག་པར་བྱས་ན་ལེགས། ནད་ཀྱི་ངོ་བོའི་དབང་དུ་བྱས་ན་ཚ་བའི་ནད་ལ། བཙན་མཆོད་བཙན་མདོས་བྱ། ཆབ་གཏོར་སོགས་ཆུ་ཡི་ལས་ལ་བརྟེན་པའི་རིམ་གྲོ་བྱ། གྲང་བ་དམུ་ཆུ་སོགས་ཆུ་ནད་ལ། ཀླུ་མཆོད། ཀླུ་མདོས་འཕང་། ཚ་ཚྭ་དང་། ས་སྐུ་བཞེངས་པ་སོགས་ས་ལ་བརྟེན་པའི་རིམ་གྲོ་བྱ། བད་ཀན་སྨུག་པོ་སོགས་སྲ་བརྟན་གྱི་ནད་རིགས་ལ། ས་བདག་ཀླུ་གཉན་བཅོས། ཇོ་དར་དང་། བྱབས་པ་སོགས་རླུང་ལ་བརྟེན་པའི་རིམ་
གྲོ་བྱ། རླུང་ནད་རྩ་ནད་གཡོ་བྱེད་སྨྱོ་བྱེད་སོགས་ལ། རྒྱལ་པོ་དང་གཉན་བཅོས། རལ་གྲི་ལ་སྔགས་བཏབ་པས་བྱབས་པ་དང་། ལྕགས་ཆ་ཡོན་དུ་སྦྱིན་པ་སོགས་ལྕགས་ལ་བརྟེན་པའི་ལས་ཀྱི་གཉེན་པོའི་རྟེན་འབྲེལ་བྱ། འབྲས་དང་རུས་ནད་སོགས་ལ། རྒྱལ་པོ་དང་དཀོར་བདག་བཅོས། སྦྱིན་སྲེག་སོགས་མེ་ལས་བྱ། རླུང་ནད་ལ་རྒྱལ་པོ་བཅོས། མི་གཡོ་བའི་སྔགས་བཟླ། མཁྲིས་ནད་ལ་མ་མོ་བཅོས། སྒྲོལ་མ་འདོན། བད་ཀན་ལ་ཡུལ་བདག་མཆོད། ཙུནྡེའི་གཟུངས་བཟླ། རིམས་ལ་མ་མོ་བཅོས། ལོ་གྱོན་མའི་གཟུངས་བཟླ། ནད་ཐམས་ཅད་ལ་སྨན་བླ། གདོན་ཐམས་ཅད་ལ་སྟོང་ཆེན་རབ་འཇོམས་དང་། བསིལ་ཚལ། སོར་འབྲངས་བཀླག །དུག་ཐམས་ཅད་ལ་རྨ་བྱ་ཆེན་མོ་དང་། དུག་སེལ་མ། སོར་མོ་ཅན་གྱི་གཟུངས་བཀླག །གློ་བ་ན་བར་བཙན་བཅོས། དེ་བཞིན་སྙིང་ལ་རྒྱལ་པོ། མཆིན་པར་མ་བདུད། མཁྲིས་པར་མ་མོ།མཁལ་མར་ཀླུ་གཉན། མཚེར་ནད་ལ་གྲི་ཕོ་མོ་དང་ས་བདག་བཅོས་པར་བྱ། གང་ལའང་གླུད་དང་སྤྱི་མདོས་ཀྱིས་ཕན། ལོ་དེའི་སྤར་ཁའི་འཛེམ་བྱའི་གང་ཟག་རྫས་དང་ཟས་ནོར་སོགས་ནད་མ་གྲོལ་བར་དུ་སྤང་། ཕན་པའི་དེ་རྣམས་བརྟེན། དུས་ནི་སྤར་ཁ་སོགས་ཀྱི་གཉན་དུས་ཚེ་ལེན་གྱི་ཉི་མ་འགྲུལ་སྲུང་སོགས་བྱ་ཞིང་སྲུང་བ་ཕན་གཏོ་སྦྱར། ནད་པ་མིན་ཡང་ལོ་རེ་བཞིན་སྤར་ཁའི་སྤང་བླང་གཞུང་ལྟར་བྱས་ན་གེགས་ལས་གྲོལ། དེ་ཕྱིར་
འདི་ཙམ་ཞིག་རིམ་གྲོ་གནད་དུ་འགྲོ་བའི་རྟེན་འབྲེལ་ཁྱད་པར་ཅན་ཡིན་ནོ། །མོ་རྩིས་གང་ལའང་སྲོག་འཚེ་ཆེ་ན་ཚེ་གཟུངས། ལུས་ངན་ན་སྨན་ཆོག །དབང་ཐང་ཉམས་པར་མཆོད་སྦྱིན་གང་འགྲུབ། རླུང་རྟ་གེགས་ཆེ་བ་དང་། གདོན་དང་བྱད་སོགས་འཇིགས་པ་ཆེ་བར་གདུགས་དཀར། རྣམ་འཇོམས་འུར་འདོན་བྱ། གཞན་ཡང་སོ་སོའི་གཉེན་པོའི་སྔགས་འུར་འདོན་བྱ། ཚབས་ཆེ་བ་ལ་དེ་དག་གི་རྒྱུན་བྱ། ལུས་ཆས་བསྒྱུར་མིང་བརྗེ།སྐྱབས་འགྲོ་བྱའོ། །གཞན་ཡང་སྤར་སྨེ་གཟའ་སྐར་སོ་སོའི་གཏོ་བཅོས་ཀྱང་ལྕོགས་ན་བྱ། འབྱུང་རྩིས་ཀྱི་གཞུང་ལས་འཆི་བདག་ཞགས་འགྲོལ་གྱི་གཏོ་སོགས་ཀྱི་དོན་མདོར་བསྡུས་ན་འདི་ལྟར་བྱ་སྟེ། རང་ལོ་གང་ཡིན་དེའི་གཟུགས་བྱས་པར། ནད་པའི་སྙིང་གར་བསྒྲེས་པའི་ཟན་ལས་གླུད་བྱས་པ་བསྐྱོན། ཕོ་ལ་ཕོ་ཤིང་ལ་ལོ་གྲངས་ཀྱི་ཁྲམ་བཏབ་པ་ཕྲག་པ་གཡས་སུ་གཟུགས། མོ་ལ་མོ་ཤིང་ལ་ལོ་གྲངས་ཁྲམ་བཏབ་པ་ཕྲག་གཡོན་དུ་གཟུགས།རྒྱས་པར་སྤྲོ་ན། མཐེབ་ཀྱུ། ཏིང་ལོ་འབྲུ་སྣ་ཟས་སྣས་བསྐོར། རང་གོས་དྲི་ཅན་སྐྲ་སེན་གླུད་ལ་སྦྱར། འདི་ལ་བཅས་ཆོག་དང་འོག་གི་ཁ་སྨྲེད་ཙམ་ལས་མ་གསུངས་ཀྱང་། བྱིན་རླབས་དང་གླུད་བསྔོ་རྒྱས་བསྡུས་གང་རིགས་སྦྱར་ཀྱང་ལེགས་པའི་ཡན་ལག་ལས་ཅི་ཡོད་མཐར། ཆེ་གེ་མོའི། སྲོག་སྐག་སྒྱུར་ཅིག །ལུས་སྐག་སྒྱུར་ཅིག །ན་སྐག་སྒྱུར་ཅིག །ཤི་སྐག་སྒྱུར་ཅིག །གཏོ་ལོངས་ཞེས་བྱས་ལ་ནད་པའི་མགོ་ལ་ལན་གསུམ་
བསྐོར་ཏེ། རང་སྐག་སོགས་སྐག་དུས་ཀྱི་ཞག་དང་དུས་ཚོད་ལ། བདུད་གཅོད་ཕྱོགས་སུ་བསྐྱལ། ནད་པ་མལ་ས་སྤོའོ། །ལོ་རྩུབ་ན་ལོ་འགྲོས་བཅུ་གཉིས་ཀྱི་གཟུགས། སྤར་ཁ་རྩུབ་ན་སྤར་ཁའི་རྫས་གང་རུང་དང་འབྱུང་ཁམས་བཞག །ལོ་དེར་སྤར་ཁ་གར་ཕྱིན་གྱི་ཕྱག་རྒྱ་བཙུགས། སྨེ་སྐག་ལ་འཕུར་སྨེ་གར་བབས་ཀྱི་མདོག་མཐུན་དར་གྱི་འཕན་འཕྱར་བ་སོགས་ཀྱི་རྟེན་འབྲེལ་བྱས་ན་སྐག་དུས་དང་འཆི་བའི་རྩུབ་ཕྲན་ལས་ཐར་བར་འགྱུར་རོ། །གཏོ་སྒྲོམ་འབུམ་ཏིག་ལས། སྨེ་བ་དཀར་གསུམ་ལ་བབ་པའི་སྐག་ཆེ་ལ། ལྷ་གསོལ། རྒྱལ་མདོས་དང་། རྫས་དཀར་པོས་རྒྱལ་པོ་སོགས་བཅོས་པ་བྱ། མི་དེའི་ཕུ་དུང་གཡས་དང་། མོའི་གཡོན་དུ་དཀར་གོང་གི་རྡེའུ་དཀར་པོ་ལོ་གྲངས་དང་དཀར་གསུམ་བླུགས། ས་དཀར་ལ་སྔགས་འདི་ལོ་གྲངས་བཟླས་ནས་གཏོར། ཨོཾ་གཏོ་ལ་དུན་ཚེ་ཡ་མ་ད་ར་སརྦ་དུཥྚ་ན་བྷྱོ་བྷྱོ་བཟློག་བཟློགཿ ཅེས་སོ། །དེ་ནས་རྡེའུ་དེ་དག་དེ་ལོའི་གནམ་སྨེ་དབུས་བཞག་གི་དཀར་གསུམ་གང་རུང་གནས་ཕྱོགས་ཀྱི་རི་རྩེའམ་ལམ་ཁར། ཉི་མ་རྩེ་ཤར་ལ་བསྐྱལ། དཀར་པོ་ཞིག་དང་འཕྲད་ན་གཏོ་ཐེབས་པའི་རྟགས་སོ། །སྨེ་བ་དམར་གཉིས་གང་རུང་ལ་བབ་ན། མི་སྨུག་རྟ་སྨུག་རྒྱང་བུ་སྨུག་པོ་གསུམ་གྱིས་དམུ་བཅོས། དེ་བཞིན་དམར་པོ་གསུམ་གྱིས་བཙན་བཅོས། ཡས་དེ་རྣམས་དང་གོང་བཞིན་ཕུ་དུང་གཡས་
གཡོན་དུ་རྡེའུ་དམར་པོ་ལོ་གྲངས་དང་། སེ་འབྲུམ་དང་ཚར་འབྲུམ་ལ་གོང་སྔགས་ལོ་གྲངས་བཟླས་པ་བླུགས། ཟས་ཤ་ཁྲག་སྙིང་སྣ་ཡང་བླུགས། དམར་གཉིས་གནས་ཕྱོགས་སུ་ཉིན་ཕྱེད་བསྐྱལ། མི་དམར་རྟ་དམར་སོགས་དམར་པོ་གཅིག་དང་འཕྲད་ན་ཐེབས། ནག་མཐིང་ལ་བབ་པར། སྦལ་གཅོང་ཁྲ་མོས་ཀླུ་བཅོས། མི་མོ་ནག་མོ། རྟ་ནག །རྔ་མོ་ནག་པོས་བདུད་དང་མ་མོ་བཅོས། ཕུ་དུང་ནང་དུ་རྡེའུ་ནག་ལོ་གྲངས་དང་ཟས་བྲ་སྲན་བླུགས། ས་ནག་དང་ཐལ་བ་སྤར་གང་ལ་གོང་སྔགས་ལོ་གྲངས་བཟླས་པས་བྲབ། ཉི་མ་ནུབ་དུས་ནག་མཐིང་ཕྱོགས་སུ་བསྐྱལ། ནག་པོའམ་རྫ་ཤོག་ཐོགས་པ་དང་འཕྲད་ན་ཐེབས་སོ། །ལྗང་སེར་ལ་བབ་པར། ཀླུ་དང་ས་བདག་བཅོས། ཕུ་དུང་ནང་རྡེའུ་ལྗང་གུའམ་སེར་པོ་ལོ་གྲངས་བླུགས། ས་སེར་ལ་སྔགས་ལོ་གྲངས་བཟླས་པས་གཏོར། ཉི་དྲོས་སམ་མྱུར་སྨད་ལ་ལྗང་སེར་གང་ཡིན་ཐོག་ཏུ་བསྐྱལ། བཙུན་པ་ཤིང་ཁུར་མཁན་མཁར་བ་ཐོགས་པ་དང་འཕྲད་ན་ཐེབས་སོ། །ཞེས་སོ། །ཡང་གཞུང་དེ་ལས། ནད་པ་ཆག་ཆེ་ན། ནག་མོ་སྣ་བཅད་ཀྱི་གཏོ་ནི།བུད་མེད་རིགས་མི་གཅིག་པ་དགུ་ལས་ཕྱེ་བླངས་ལ་རང་གི་ཕྱེ་དང་བཅས་པས་སྦྱིན་ས་ལ་བསྲེས། བུད་མེད་ཀྱི་གཟུགས་སྣ་བཅད་པ་ལྔ་བྱ། ཕྱར་བ་ནག་པོར་འབྲུ་ནག་པོ་བཀྲམ་པའི་སྟེང་དུ་ཕྱོགས་བཞི་དང་
དབུས་ལྔར་བཞག བུད་མེད་དེ་དག་གི་གཡོན་དུ་ནད་རྐྱལ་ལ་མཚོན་གྱི་གྲུ་གུ། གཡས་སུ་ཁྲམ་ཤིང་བསྐུར། ཐོད་བཅིངས་པར་སྤར་ཁའི་རྟགས་གཟུགས། ནད་པའམ་ཆག་ཆེ་བ་དེའི་སྐབས་སུ་སྐེ་ནས་ཐིག་གུས་ཕྱིན་ཀ་ལོག་ཏུ་བཏགས། དེ་བུད་མེད་གཅིག་གིས་བཀྲོལ་ལ། དར་མིའི་མགུལ་དུ་བཏགས། དེ་ནས་ཁྱེར་ལ་ལུས་ཆད་དམ་འདྲེ་ལྔ་བདུད་གཅོད་གནས་སར་བསྐྱལ། གཟའ་དར་བ་ལ་བྱ། ལ་ཉེ་བུད་མེད་དམ་འཁོར་གསུམ་བཏགས་པའམ་ཕད་སྟོང་སྒྲོ་བ་ཁུར་བ་དང་མི་ནག་ཕྱུགས་ནག་འཕྲད་ན་ཐེབས། མི་དཀར་རྟ་དཀར་དང་འཕྲད་ན་ལོག་པས་སླར་ཡང་བསྐྱར་རོ། །གང་དང་ཡང་མ་འཕྲད་ན་འབྱམས་པ་ཡིན་པས་བསྐྱར་བར་བྱའོ། །ཞེས་དང་། ཡང་མི་རོ་རྟ་ཞོན་གྱི་གཏོ་ནི་བདུད་གཅོད་ཕྱོགས་སུ་དོང་བྲུས། བུད་མེད་ལྔ་ལས་ཕྱེ་བླངས་ཏེ་ངར་མི་ཆེ་བ་གཅིག་བྱ། དེ་ནད་པ་སྐག་ཆེ་བའི་མགུལ་དུ་བཏགས། རྟ་གཅིག་ལ་ཕྱིན་ཀ་ལོག་ཏུ་བསྐྱོན། ནད་པའི་གོས་དྲི་ཅན་གྱིས་དྲིལ། གཏོར་མ་ནག་པོ་གཅིག་ཀྱང་ཁྱེར་ཏེ། སྔར་གྱི་དོང་བྲུས་སར་བཙུད། གཏོར་མ་དེ་དོང་ཁར་གཏང་།དེ་དུས་རྟ་པའམ་མོ་གཞོན་ནམ། ཁྱི་དང་འཕྲད་ན་ཐེབས། ཐད་ཆད་པའམ་ཤུས་འདེབས་པ། ངུ་བ་དང་འཕྲད་ན་ལོག་པས་བསྐྱར་ཞེས་དང་། ཡང་ཙནྡན་སྡོང་བསྒྲིལ་གྱི་གཏོ་ནི། ནད་པ་དེ་ཐག་
པ་གཅིག་གིས་སྡོང་པོ་འདྲེ་ཅན་དང་སྦྲེལ་ནས་སྡོང་པོ་ལ་ནད་པའི་ལོ་གྲངས་ཀྱི་ཁྲམ་བཏབ། ངན་དགུ་དུག་བཅུ་ཐམས་ཅད་ཁྱེར་ཅིག་ཅེས་བྲིས། ནད་པ་དེ་ཡི་མཐུན་གསུམ་ལོ་པས་བདུད་གཅོད་ཕྱོགས་སུ་སྡོང་པོ་བསྒྲིལ། ཐག་པ་བཅད་ལ་བཏང་། དེ་དུས་ཕར་འགྲོ་བ་དང་འཕྲད་ན་བཟང་། མི་སྟོང་རྟ་སྟོང་འཕྲད་ན་ཐེབས། ཚུར་བྱུང་བ་དང་ཁྲེས་པོ་ཁུར་བ་དང་འཕྲད་ན་ངན་ཞེས་གསུངས། གཞན་འདྲེ་བུ་ཟན་མའི་གཏོ་དང་སྤར་བཅོས་སོགས་དུ་མ་གཞུང་དེར་ཡོད་པ་འདིར་མ་བཀོད་དོ། །ཡང་གཏོ་སྒྲོམ་ལས། ནད་པ་ཚབས་ཆེན། ཞྭ་གོན་འཕྲོ་དང་ལྷྭམ་གྱི་ནང་དུ་མི་ཁའི་རྫས་ཚོགས་ཚད་བསྟུམ་ལ། མཐུན་གསུམ་གྱི་ཉི་མ་དང་དུས་ཚོད་ལ་ཕྱོགས་ངན་རང་ཕྱོགས་སུ་བཏང་བས་ཕན་ནོ་གསུངས། ནད་པ་ཕྱོགས་ངན་དུ་ཕྱིན་ནས་ན་ན། ཕྱོགས་ངན་དུ་ཕྱིན་ངོས་ནས་ས་བླངས་ཏེ་ནད་པའི་ལོ་གྲངས་ཀྱི་ཚ་ཚ་བཏབ་སྟེ་དཔལ་བསྐྱེད་ཕྱོགས་སུ་བསྐྱལ། བཟང་པོའི་ཕྱོགས་དང་དཔལ་བསྐྱེད་པའི་ཕྱོགས་ནས་ས་བླངས་ནད་པའི་མལ་འོག་བཏིང་། ཕྱོགས་ངན་པའི་ཕྱོགས་དེར་མཆོད་རྟེན་བརྩིགས། རྡོ་ཟོར་འཕང་། འབྲུ་སྣའི་གླུད་ལོ་གྲངས་བཏང་བས་བཟློག་གོ། གཞན་ཡང་ནད་ལ་ཕན་པའི་མཁྱུད་དཔྱད་ཅི་རིགས་འདིའི་ཁ་སྐོང་དུ་ལོགས་སུ་བསྡུ་བར་བྱས་པས་ཆོག་གོ། ནད་པ་རྣམས་ལ་ཕན་ཕྱིར་སྣ་ཚོགས་ཐབས། །སྣ་
ཚོགས་གཞུང་ལས་བྱུང་བ་ཕྱོགས་གཅིག་བཀོད། །འདི་ཡིས་འགྲོ་ཀུན་ནད་མེད་བདེར་གནས་ཤིང་། །སྨན་པའི་རྒྱལ་པོའི་གོ་འཕང་ཐོབ་པར་ཤོག །ཅེས་པའང་མི་ཕམ་འཇམ་དཔལ་དགྱེས་པས་སྤེལ་བ་དགེ་ལེགས་སུ་གྱུར་ཅིག། །།མངྒ་ལཾ།། །།