Nitartha Digital Library
Tibetan
གླེགས་བམ་བཅུ་གཅིག་པ།

1 occurrence of ཧ་དང་བྱེད་པ་
[Clear Hits]


  
  
  
  
  
  
  
 
ཚད་མ་རིགས་པའི་གཏེར་མཆན་གྱིས་འགྲེལ་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན།
  
  
  
  


1 occurrence of ཧ་དང་བྱེད་པ་
[Clear Hits]

 
previousཚད་མ་རིགས་པའི་གཏེར་མཆན་གྱིས་འགྲེལ་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན།next

ཚད་མ་རིགས་པའི་གཏེར་མཆན་གྱིས་འགྲེལ་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན།


MR11_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མ་རིགས་པའི་གཏེར་མཆན་གྱིས་འགྲེལ་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཞེས་བྱ་བ་བཞུགས་སོ། །


MR11_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫུ་ཤྲཱི་ཡེ། དགག་སྒྲུབ་རིགས་པའི་གསང་ལམ་གཅིག་པུའི་ཚུལ། །མཁྱེན་པའི་རལ་གྲི་གཅིག་གིས་ཆོས་ཀུན་གྱི། །ཐེ་ཚོམ་དྲྭ་བ་ཅིག་ཆར་གཅོད་མཛད་པ། །འཇིགས་བྲལ་ས་སྐྱའི་འཇམ་མགོན་རྒྱལ་གྱུར་ཅིག །འདིར་སྡེ་བདུན་མདོ་དང་བཅས་པའི་དགོངས་པ་ཕྱིན་ཅི་མ་ལོག་པ་གསལ་བར་བྱེད་པ་ཚད་མ་རིགས་པའི་གཏེར་འདི་ཉིད་འཆད་པ་ལ་མཚན་གྱི་དོན། གཞུང་གི་དོན། མཇུག་གི་དོན་གསུམ། དང་པོ། རྒྱ་གར་སྐད་དུ། པྲ་མཱ་ཎ་ཡུ་ག་ཏ་ནི་དྷི། བོད་སྐད་དུ། གཞུང་ཚད་མ་སྡེ་བདུན་མདོ་དང་བཅས་པའི་རིགས་པའི་ནོར་བུ་རིན་པོ་ཆེ་མ་ལུས་པ་འདུས་པའི་གཏེར། གཉིས་པ་གཞུང་དོན་ལ། བསྟན་བཅོས་བརྩམ་པའི་ཡན་ལག །བརྩམ་བྱ་བསྟན་བཅོས་ཀྱི་ལུས།


MR11_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་ཡོངས་སུ་རྫོགས་པའི་བྱ་བ་དང་གསུམ། དང་པོ་ལ་མཆོད་པར་བརྗོད་པ་དང་། བརྩམ་པར་དམ་བཅའ་བ་གཉིས། དང་པོ་ལ། ལྷག་པའི་ལྷ་ལ་ཕྱག་མཛད་པ།བླ་མ་ལ་ཕྱག་འཚལ་བ། རིགས་པའི་དབང་ཕྱུག་གཉིས་ལ་མཆོད་པར་བརྗོད་པ་གསུམ། དང་པོ། འཇིག་རྟེན་ཉན་རང་བྱང་སེམས་ཕལ་པ་དང་བཅས་པའི་ས་ལས་འཕགས་པ་སྐུ་གསུང་ཐུགས་ཉེས་པའི་ཟུག་རྔུ་བྲལ་བས་འཇམ་དོན་གཉིས་ཕུན་སུམ་ཚོགས་པའི་དཔལ་སྐུ་གཞོན་ནུར་གྱུར་པ་ལ་གུས་པས་ཕྱག་འཚལ་ལོ། །གཉིས་པ། ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱ་ཐམས་ཅད་སྒྲིབ་མེད་ཏུ་གཟིགས་པའི་སྤྱན་ཡངས་པ་མཁྱེན་པའི་ཡོན་ཏན་དང་། འགྲོ་བ་ཀུན་ལ་འདི་དང་གཏན་གྱི་དགེ་ལེགས་སྒྲུབ་པའི་ཐུགས་རྗེ་བརྩེ་བ་ཆེན་པོ་ཅན། ཕན་བདེའི་ཆོ་འཕྲུལ་བསམ་ཡས་པའི་ཕྲི༷ན་ལས་


MR11_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཁྱབ་རྒྱུན་མི་འཆད་པར་མཛད་པའི་སྟོབས་མངའ་བ། འཇམ་མགོན་གྱི་ངོ་བོ་དཔལ་ལྡན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། གསུམ་པ། ཕྲ་ཞིང་མཆོག་ཏུ་ཟབ་པའི་བློ་གྲོས་ཀྱི་སྤྱི༷་གཙུག་དངོས་སྟོབས་ཀྱི་རིགས་པའི་དོན་མ་ལུས་པ་གཟིགས་པའི་ཡོན་ཏན་ནོར་བུའི་རྒྱན་གྱིས་སྤྲས་ཤིང་། བདེན་པ་གཉིས་མ་འདྲེས་པར་སྟོན་པའི་རོ་འཛིན་གཉིས་མངའ་བ་དང་སྟོང་ཉིད་དང་བདག་མེད་པའི་ཕུད་སྒྲའི་སྒྲ་སྒྲོགས་ཤིང་། མཁྱེན་བརྩེའི་ལྟ་བའི་ཟེར་ཏེ་བལྟས་པས་འགྱེལ་བ་སོགས་བལྟ་བར་མི་བཟོད་པའི་ཟེར་དེ་ནི་ཕས་རྒོལ་གྱི་སྐྱེ་བོས་མི་བཟོད་པ། རྣམ་གྲོལ་དོན་གཉེར་གྱི་བློ་གསལ་རྒྱ་མཚོའི་རྒྱན་གྱུར་དཔལ་ལྡན་ཀླུ་ཡི་དབང་པོ་ཕྱོགས་གླང་དང་ཆོས་ཀྱི་གྲགས་པ་རྣམ་གཉིས་རྒྱལ་ཞེས་ཀླུ་དབང་རྣམས་སྦྲུལ་ཆེན་པོའི་རྣམ་པར་གནས་པ་དང་ཆོས་མཐུན་ལྔས་གཟུགས་ཅན་གྱི་རྒྱན་དུ་བྱས་པའོ། །གཉིས་པ་ལ། བརྩམ་པའི་དགོས་པ་དང་། ཇི་ལྟར་བརྩམ་པའི་ཚུལ་གཉིས། དང་པོ། གངས་རིའི་ཁྲོད་འདིར་རྔོག་དང་ཕྱྭ་གཙང་དན་གསུམ་སོགས་མཁས་པའི་རྒྱུ་སྐར་བྱེ་བ་བརྒྱས། དཔལ་ལྡན་ཆོས་ཀྱི་གྲགས་པའི་གསུང་རབ་པདྨོ༷་འཆད་ཉན་འགྲེལ་སོགས་ཀྱི་སྒོ་ནས་རབ་ཏུ་ཁ་ཕྱེ་བར་མཛད་མོད། རྩོམ་པོ་ས་སྐྱ་པཎྜི་ཏ་གང་བློའི་ཉི་འོད་སྣང་བས་མ་ཁྱབ་པ་དེ་སྲིད་དུ། གཞུང་ལུགས་དགོངས་དོན་མཐར་ཐུག་པའི་གེ་སར་སྙིང་པོ་གསལ་མ་ནུས་ཞེས་རྒྱུ་སྐར་མང་ཡང་པདྨ་ཁ་ཡོངས་སུ་ཕྱེས་ནས་དབུས་ཀྱི་ཟེའུ་འབྲུ་གསལ་མི་ནུས་པ་ལྟ་བུའོ། །གཉིས་པ། དེས་


MR11_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ན་རིགས་པའི་དབང་ཕྱུག་གི་དགོངས་དོན་ཇི་བཞིན་གསལ་མ་ནུས་པར་མཐོང་ནས་རྩོམ་པ་པོ་བདག་གིས་དཔལ་ཆོས་ཀྱི་གྲགས་པའི་བཞེད་གཞུང་ཇི་ལྟ་བར། སྐྱེས་སྦྱངས་དང་ལྷག་པའི་ལྷས་བྱིན་གྱིས་བརླབས་པའི་བློ་གྲོས་གསལ་བའི་མིག་གིས་ལེགས་པར་མཐོང་ནས། འགལ་འབྲེལ་དཔྱོད་པའི་ཤེས་རབ་དང་ལྡན་ཞིང་ཕྱོགས་ལྷུང་མེད་པའི་ཡིད་གཟུ་བོར་གནས་པ་དང་ལེགས་བཤད་དོན་དུ་གཉེར་བ་ཡི་གང་ཟག་སྐལ་ལྡན་གཞན་ལ་ཀུན་སློང་གྲགས་འདོད་མེད་པའི་བརྩེ་བའི་བསམ་པས་བསྟན་བཅོས་འདི་བཤད་དོ། །གཉིས་པ་གཞུང་དོན་ལ། ཤེས་བྱ་སྤྱི་ལྡོག་ནས་གཏན་ལ་དབབ་པ་དང་། ཤེས་བྱེད་ཚད་མའི་རང་བཞིན་ངེས་པར་བྱ་བ་གཉིས། དང་པོ་ལ། ཤེས་བྱའི་ཡུལ། ཤེས་བྱེད་ཀྱི་བློ། བློ་དེས་ཡུལ་རྟོགས་ཚུལ་གསུམ། དང་པོ་ལ་ཡུལ་གྱི་མཚན་ཉིད་དང་། དབྱེ་བ། དོན་བསྡུ་གསུམ། དང་པོ། ཡུལ་གྱི་མཚན་ཉིད་ནི་རང་འཛིན་གྱི་བློས་རིག་པར་བྱ་བ་ཡིན་ནོ། །གཉིས་པ་ལ། གཞན་ལུགས་དགགརང་ལུགས་གཞག དེ་ལ་རྩོད་པ་སྤང་བ་གསུམ། དང་པོ་ལ། ཁས་བླང་བརྗོད་པ་དང་། དེ་དགག་པ། བཀག་པའི་མཇུག་བསྡུ་གསུམ། དང་པོ། དེ་ལ་བོད་ཁ་ཅིག་སྣང་ཡུལ་གཟུང་ཡུལ་དོན་གཅིག་པས། དོན་སྤྱི༷་རྟོག་པས་གཟུང་ཡུལ་དང་ནི་མེད་པ་གསལ་སྣང་ཟླ་གཉིས་ལྟ་བུ་ནི་རྟོག་མེད་ལོག་ཤེས་ཀྱི་ཡུལ་ཡིན་པས་དེ་གཉིས། ཡུལ་ཡིན་ནོ་ཞེས་གཙང་ནག་པ་སོགས་ཀྱི་བཞེད་པ་དེ་འཐད་དོ་ཞེ་ན། གཉིས་པ་ལ། བློ་མ་འཁྲུལ་བར་ཐལ་བས་དགག །


MR11_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་སྣང་རུང་དུ་ཐལ་བས་དགག་པ་གཉིས། དང་པོ་ལ། ཐལ་བ་འཕེན་པ་དང་། དེའི་སྐྱོན་སྤང་གི་ལན་དགག་པ་གཉིས། དང་པོ། དེ་མི་འཐད་དེ་ཡུལ་དེ་གཉིས་རང་འཛིན་གྱི་ཤེས་པ་རྟོག་པ་དང་མིག་ཤེས་གཉིས་པོ་དེ་འཁྲུལ་པར་འགལ་ཏེ་གཟུང་ཡུལ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར་བུམ་འཛིན་གྱི་མིག་ཤེས་བཞིན་ནོ། །གཉིས་པ་ལ། ལན་དང་། དེ་དགག་པ་གཉིས། དང་པོ། ཁོ་ན་རེ། སྐྱོན་མེད་དེ་དེ་གཉིས་ལ་ཡུལ་ཡོད་ན་ཡང་ཐག་པ་ལ། སྦྲུལ་འཛིན་བཞིན་དུ་རྟོག་པ་རང་འཁྲུལ་པ་ཡིན་གྱི་ཡུལ་མེད་པས་འཁྲུལ་ཤེས་སུ་བཞག་པ་མིན་ནོ་ཞེ་ན། གཉིས་པ། དེ་མ་ཡིན་ཏེ་ཁྲར་འཛིན་མངོན་སུམ་ཙམ་ལ་བསམ་ན་ནི་ཡུལ་ཡོད་པའི་ཕྱིར་ན་དེ་མ་འཁྲུལ་ལ། ཡུལ་སྦྲུལ་མེད་པས་ན་སྦྲུལ་འཛིན་འཁྲུལ་པ་ཡིན་ཏེ་དེས་ན་ཡུལ་མེད་པ་ལ་ཡོད་པར་རྟོག་པའི་ཕྱིར་སྦྲུལ་འཛིན་འཁྲུལ་ཤེས་སུ་བཞག་པ་ཡིན་ནོ། །གཉིས་པ་ཡུལ་སྣང་རུང་དུ་ཐལ་བ་ལ། དངོས་དང་། དེའི་སྐྱོན་སྤོང་གི་ལན་དགག་པ་གཉིས། དང་པོ། སྣང་ཡུལ་དེ་གཉིས་པོ་ཤེས་པ་ལས། ཐ་དད་དུ་གྱུར་བའི་ཡུལ་ཞིག་ཡིན་ན་ཡུལ་སྣང་དུ་རུང་བར། གནས་པའི་གང་ཟག་གཞན་གྱིས་ཀྱང་། ཅིག་ཤོས་ཀྱི་མཐོང་བ་དེར་ཡིད་གཏད་ན་མཐོང་བར་འགྱུར་དགོས་ཏེ་དཔེར་ན་བུམ་པ་དང་ཀ་བ་ལ་སོགས་པ་བཞིན་ནོ། །གཉིས་པ་ལ། སྐྱོན་སྤོང་གི་ལན་དང་། དེ་ལན་དགག་པ་གཉིས། དང་པོ། ཁོ་ན་རེ། ཡུལ་དེ་གཉིས་ཤེས་པ་ལས་ཐ་དད་པའི་དོན་ཉིད་ཡིན་ཡང་དཔེར་ན་ལུས་ཀྱི་ནང་། མི་མཐོང་བ་བཞིན་


MR11_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཁྲུལ་སྣང་གཉིས་པོ་དེའང་མཐོང་མཁན་བདག་རང་ཉིད་ལ་རྟག་ཏུ་འབྲེལ་བའི་ཕྱིར་ཡུལ་རུང་བ་ན་གནས་པའི་གང་ཟག་གཞན་གྱིས་རྟོགས་པ་མེད་ཅེ་ན། གཉིས་པ་ལ། དཔེ་དགག་པ་དང་། དོན་དགག་པ་གཉིས། དང་པོ། དེ་མི་མཚུངས་ཏེ་ནང་གི་ལུས་ནི་ཡུལ་དུ་རུང་བ་མིན་ཏེ་སྒྲིབ་པས་ཆོད་པའི་ཕྱིར་རོ། །དེས་ན་གཞན་དུ་མ་ཟད་རང་གིས་ཀྱང་མི་མཐོང་ངོ་། །གཉིས་པ་ལ། དངོས་དང་། དེའི་སྐྱོན་སྤོང་གི་ལན་གྱི་ཁྱད་པར་རྣམས་དགག་པ་གཉིས།དང་པོ། གལ་ཏེ་ཡུལ་ཅན་རང་ཁོ་ན་དང་རྟག་ཏུ་འབྲེལ་བས་ན། ཡུལ་གཉིས་པོ་དེའང་གཞན་གྱི་ཡུལ་དུ་རུང་བ་མིན་ནོ་ཞེ་ན། འོ་ན་རང་གི་བློ་ཁོ་ན་དང་འབྲེལ་ཕྱིར། སུ་དང་ཐུན་མོང་མིན་པས་ན་རང་རིག་པ་བ ཞིན་དུ་བརྗོད་ཀྱང་གཞན་གྱིས་རྟོགས་པའམ་གོ་བར་ཡང་མི་འགྱུར་རོ། །གཉིས་པ་ལ། ལན་དང་ཡང་ལན་སོགས་ནང་དབྱེ་གསུམ། དང་པོ། ཁོ་ན་རེ་ཡུལ་སོ་སོ་མིན་ཡང་རང་རང་གི་བློ་ངོའི་ཡུལ་དེ་རང་རང་བློ་དང་འབྲེལ་བའི་ཕྱིར། གཅིག་གིས་རང་ཡུལ་དེར་བརྗོད་པས་ཅིག་ཤོས་ཀྱིས་ཀྱང་རང་གི་བློ་ངོའི་ཡུལ་དེ་ཉིད་རྟོགས་སོ་ཤེ་ན། དེ་མི་འཐད་དེ་གང་ཟག་གཉིས་ཀྱི་བརྗོད་བྱའི་དོན། གཅིག་མ་ཡིན་པ་འབྲེལ་མེད་སོ་སོ་བ་ཡིན་ཕྱིར་ཐུན་མོང་གཅིག་སྦྱོར་ཞིང་གོ་བར་མི་ནུས་སོ། །གཉིས་པ། ཁོ་ན་རེ་སྐྱོན་དེ་མེད་སྟེ་འཆད་ཉན་གྱི་གང་ཟག་སོ་སོ་ལ་ཡོད་པའི། བུམ་པའི་དོན་སྤྱི་ལ་མཚོན་ན་ལྟོ་ལྡིར་ཞབས་ཞུམ་ལ་སོགས་པའི་སེམས་ཀྱི་རྣམ་པ་གཉིས་པོ་འདྲ་བས་ན། འདྲ་བ་ལ་གཅིག་ཏུ་ཞེན་པ་དེ་ལ། དམིགས་ནས་ཐ་སྙད་སྦྱོར་ཕྱིར་མི་འགལ་ལོ་ཞེ་ན། ལན་


MR11_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཆད་ཉན་གྱི་ཡུལ་གཉིས་པོ་དེ་ཡང་རང་ལ་ཤར་ན་ནི་དེ་རང་ཡུལ་ཐུན་མིན་ཡིན་གྱི་ཐུན་མོང་དུ་འཛིན་མི་སྲིད་དེ་གཞན་ལ་ཤར་བ་རང་ལ་འཆར་མི་སྲིད་པའི་ཕྱིར་རོ། །གལ་ཏེ་རང་གི་བློ་ལ་མ་ཤར་ན་ནི་དེ་ཉིད་བློ་དེའི་ཡུལ་མིན་པས་ཕན་ཚུན་འདྲ་བར་ཤེས་པ་མི་སྲིད་པས་དོན་རྟོགས་པ་མི་སྲིད་དོ། །དེས་ན་སོ་སོ་ཐ་དད་ཀྱིས་གཟུང་བ་ཡི་ཡུལ་ལ་གཅིག་ཏུ་ཞེན་ཅིང་འཛིན་པ་ག་ལ་སྲིད་དེ་དེ་གཅིག་གི་བློ་ངོའི་དེ་གཅིག་ལ་མི་འཆར་མ་ཤར་ན་འདྲ་བར་ཤེས་པ་འབྱུང་མི་སྲིད་དོ། །གསུམ་པ། ཁོ་ན་རེ་སོ་སོའི་བློ་ངོའི་ཡུལ་དེ་དོན་ལ་ཐ་དད་ཡིན་ཡང་ཐ་དད་དུ་མ་ཤེས་པར་སོ་སོའི་བློ་ངོའི་དེ་དང་ཡུལ་རང་མཚན་གཅིག་ཏུ། འཁྲུལ་པའི་སྒོ་ནས་འཛིན་པ་ཡིན་ནོ་ཞེ་ན། དོན་སྤྱི་ཐུན་མོང་བའི་ཡུལ་གཅིག་མེད་པར་སོ་སོའི་སྣང་ཆ་ཡིན་པར་མ་ཤེས་ནས་གཅིག་ཏུ་འཛིན་པ་ནི་ཡུལ་གྱི་གནས་ཚུལ་དང་མི་མཐུན་པ་འཁྲུལ་པའི་བློ་ཡིན་པའི་ཕྱིར། དེ་ལྟ་བུའི་དོན་སྤྱི་དེ་གཟུང་བའི་ཡུལ་ཉིད་དུ་མེད་པར་ཚུལ་དེ་ཉིད་ཀྱིས་གྲུབ་པ་ཡིན་ནོ། །གསུམ་པ་མཇུག་བསྡུ། དོན་དེ་བར་སྐབས་ཀྱི་ཚིགས་སུ་བཅད་པས་བསྟན་པ་དངོས་སྟོབས་ཀྱི་རིགས་པས་དེ་ལྟ་བུའི་འཁྲུལ་ཤེས་ཀྱི་གཟུང་ཡུལ་དེ་གཉིས་ལ་བརྟགས་ན་རྫས་སུ་ཡོད་པའི་ཡུལ་མཚན་ཉིད་པ་ཞིག་མེད་བཞིན་དུ། ད་དུང་ཕལ་ཆེར་ཡུལ་ཡོད་པ་ཉིད་དུ་ཞེན་པ་རྣམས་ནི་དཔེར་ན་ནམ་མཁའ་ག་རེ་ཞེས་ཟེར་བ་ལ་སོར་མོའི་རྩེ་མོས་ནམ་མཁའ་འདིའོ་ཞེས་བསྟན་པ་ན། མཛུབ་མོའི་ཐད་ཀྱི་བར་སྣང་སྟོང་བ་ལ་བལྟས་ནས་མཐོང་རྒྱུ་ཅི་ཡང་མེད་ཀྱང་བདག་གིས་ནམ་མཁའ་མཐོང་ངོ་ཞེས་བླུན་པོ་རྣམས་ནམ་མཁའ་མཐོང་བར་འཁྲུལ་བ་


MR11_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ་ཞེས་སོ། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་རང་ལུགས། དེ་ལྟར་གཞན་ལུགས་བཀག་ནས་རང་ལུགས་གཞག་ན་ཡུལ་གཞལ་བྱ་མཐར་ཐུག་པའམ་མཚན་ཉིད་པ་ནི་རང་མཚན་གཅིག་ཁོ་ན་ཡིན་ཏེ་དེ་དངོས་སུ་འཇལ་ན་གཟུང་ཡུལ་ཡིན་ལ། ལྐོག་གྱུར་དུ་འཇལ་ན་ཞེན་ཡུལ་དང་། གཉིས་ཀའང་སྐྱེས་བུས་འཇུག་ན་མི་བསླུ་བའི་འཇུག་ཡུལ་ཡིན་ནོ། །གསུམ་པ་རྩོད་སྤོང་ལ། འཁྲུལ་ཤེས་ཡུལ་མེད་ལ་རྩོད་པ་སྤོང་བ་དང་། གཟུང་ཡུལ་རང་མཚན་ལ་རྩོད་པ་སྤོང་བ་གཉིས། དང་པོ་ལ། གཞལ་བྱ་གཉིས་སུ་གསུངས་པ་དང་འགལ་བའི་རྩོད་སྤོང་། དོན་སྤྱི་དང་མེད་པ་གསལ་བ་ཡུལ་དུ་མཚུངས་པའི་རྩོད་སྤོང་། མྱོང་བ་དང་འགལ་བའི་རྩོད་སྤོང་། དགག་པ་ཚད་མས་མི་རྟོག་པར་ཐལ་བའི་རྩོད་སྤོང་བཞི། དང་པོ། འོ་ན་དོན་སྤྱི་ཡུལ་མིན་ན་ཕྱོགས་གླང་གིས་གཞལ་བྱའི་ཡུལ་གཉིས་སུ་བཞེད་པས་གནོད་ཅེ་ན། དེ་ནི་ཡུལ་གཉིས་ཡོད་པས་མིན་གྱི་རང་མཚན་ལ་མངོན་ལྐོག་གི་འཇུག་ཚུལ་གྱི་སྒོ་ནས་རང་མཚན་དང་སྤྱི༷་མཚན་གཉིས་སུ་གསུངས་པ་ཡིན་ནོ། །གཉིས་པ་ལ། མེད་སྣང་ཡུལ་གསུམ་པར་མི་འགྱུར་བའི་འཐད་པ། དེ་ཡུལ་གཉིས་གང་རུང་དུ་འདུ་ཚུལ་གཉིས། དང་པོ། འོ་ན་དོན་སྤྱི་གཞལ་བྱར་གསུངས་པ་ལྟར་མེད་པ་གསལ་སྣང་འང་གཞལ་བྱར་མཚུངས་ཤེ་ན། དེ་མེད་པ་གསལ་བ་ལ་ཡུལ་གྱི་དགོས་པ་དང་ནུས་པ་གཉིས་ཀ་མེད་པའི་ཕྱིར་གཞལ་བྱ་གསུམ་པར་མི་བཞག་གོ། གཉིས་པ། འོ་ན་དེ་གཉིས་སུ་མི་འདུ་ན་མི་འཐད་ལ་འདུ་ན་གང་དུ་འདུ་ཟེར་ན། སྐྲ་ཤད་སོགས་སྣང་བ་ཙམ་པོ་དེ་སྤྱི་དོན་མེད་པར་དེར་སྣང་


MR11_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བློ་ཉིད་ཡིན་པས་རང་མཚན་དུ་འདུ་ལ་བློ་ལས་ཐ་དད་པའི་ཕྱི་རོལ་གྱི་སྐྲར་སྣང་བར་རློམ་པ་ནི་དོན་ལ་གྲུབ་པ་མེད་དོ། །སྐྲར་སྣང་དེ་ནི་དངོས་པོར་ཡོད་དམ་འོན་དེ་མེད་ཅེས། རྟོག་པས་དཔྱོ༷ད་ན་སྐྲར་སྣང་གི་རྣམ་པ་བློ་ལ་ཤར་བའི་སྤྱི༷་མཚན་ཡིན་པས་གཞལ་བྱ་ཕུང་གསུམ་པ་མིན་ནོ། །གསུམ་པ། ཡང་ཁོ་ན་རེ། དོན་སྤྱི་དང་མེད་སྣང་དངོས་མེད་གཉིས་པོ་འདི་འཛིན་པའི་ཡུལ་ཅན་རང་རིག་གི་ཉམས་སུ་མྱོང་བས་དངོས་སུ་གྲུབ་པས་དེའི་ཡུལ་གཉིས་པོའང་ཡོད་པར་ཤུགས་ལ་གྲུབ་པས་ན་མྱོང་བ་དང་འགལ་བ་འདིས་དེ་གཉིས་ལ་ཡུལ་མེད་པར་འདོད་པ་འདི་བཀག་པའམ་བསལ་བ་ཡིན་ནོ་ཞེ་ན། འཁྲུལ་ཤེས་གཉིས་ལ་ཡུལ་ཡོད་པ་ལ་ཚད་མས་གནོད་པས་ན་ཤེས་པ་ལས་ཐ་དད་པའི་ཡུལ་དུ་གྲུབ་པ་མེད་ཅིང་། གཟུང་རྣམ་དེ་ནི་རང་རིག་གིས་ནི་དེ་དག་གི་རྣམ་པ་ཙམ་ཞིག་དངོས་སུ་ཉམས་སུ་མྱོ༷ང་བའི་ཕྱིར་ན་ཡུལ་དེའི་རྣམ་པར་སྣང་བ་ནི་ཤེས་པ་ཉིད་ཡིན་ལ་དེ་ཡང་ནི། རང་ཡུལ་དངོས་པོར་མེད་པ་ལ་ཡོད་པ་ལྟར་འཛིན་ཕྱིར་དེ་ལ་ལྟོས་ནས་འཁྲུལ་ཤེས་ཡིན་ནོ། །བཞི་པ། ཡང་ཁོ་ན་རེ། དེ་ལྟ་ན་ཡུལ་དགག་པ་དེ་ཚད་མས་མི་རྟོགས་ཏེ་རང་མཚན་མིན་པའི་ཡུལ་གཞལ་བྱ་གཞན་མེད་ན། དངོས་མེད་གཞལ་བྱར་བྱེད་པ་མི་སྲིད་དེ་དེ་ལ་རང་མཚན་མེད་པའི་ཕྱིར་དེ་ཚད་མས་གཞལ་བ་འགལ་ཞེ་ན།དགག་བྱ་ཞིག་བཟུང་ནས་དེ་དངོས་པོར་ཡོད་པའམ་དེ་དངོས་པོར་མེད་ཅེས། བསྒྲུབ་པའི་ཕྱིར་ན་འགལ་བ་མེད་དེ་བསྒྲུབ་བྱ་དང་མ་འབྲེལ་བར་དངོས་མེད་ཆིག་རྐྱང་རང་དབང་དུ་གཞལ་བ་ནི་མེད་དོ། །གཉིས་པ་གཟུང་ཡུལ་རང་མཚན་ལ་རྩོད་སྤོང་ལ། །


MR11_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

རྩོད་པ་དགོད་པ་དང་། དེ་དགག་པ་གཉིས། དང་པོ། ཡང་འདི་སྙམ་དུ་ཕྱི་ཡི་གཟུང་ཡུལ་ནི་དྲུག་གི་ཅིག་ཆར་སྦྱར་བ་ན་སོགས་ཀྱི་རིགས་པས་ཆོས་གྲགས་སོགས་མཁས་པས་བཀག་ཟིན་ལ། ཕྱི་དོན་མེད་པའི་ནང་ཤེས་པའི་གཟུང་ཡུལ་ཞིག་ནི་ཕྱི་དོན་ཁས་ལེན་པའི་སྐབས་འདིར་མི་སྲིད་པ། དེས་ན་གཞལ་བྱ་རང་མཚན་གཅིག་པོ་དེ་ཉིད་ཀྱང་། མི་འཐད་ཅེས་ནི་འགའ་ཞིག་སྨྲ། གཉིས་པ་ལ། ལུགས་ཐ་དད་ཀྱི་གྲུབ་མཐའི་རྣམ་གཞག་སྤྱིར་བསྟན་པ། དེ་ལས་སློབ་དཔོན་གྱི་བཞེད་པ་ངོས་གཟུང་བ། དང་པོ། དེ་ལ་གྲུབ་མཐའི་རྣམ་གཞག་སྤྱིར་དཔྱད་དགོས་པས་དེ་དཔྱད་ན་འདི་ལྟར་མུ་སྟེགས་ངོ་བོ་ཉིད་རྒྱུར་སྨྲ་བས། ངོ་བོ་ཉིད་ལས་བྱུང་ངོ་ཞེས་དང་དབང་ཕྱུག་པས་དབང་ཕྱུག་གིས་བྱས་པ་དང་། གྲངས་ཅན་པས་གཙོ་བོ་ལས་བྱུང་བ་དང་། གཟེགས་ཟན་པ་དང་ཉན་ཐོས་རྣམས་ཀྱིས་རྡུལ་ཕྲན་ལས་བྱུང་ངོ་ཞེས་དང་། སེམས་ཙམ་པས་རྣམ་རིག་དང་དབུ་མ་པས་རྟེན་འབྲེལ་ཙམ་ཡིན་ནོ་ཞེས་གྲུབ་པའི་མཐའ་མི་འདྲ་བ་ཐ་དད་པ་དེ་སྐད་དུ་རང་གཞན་གྱི་སྡེ་པ་རྣམས་འདོད་དོ། །གཉིས་པ་ལ། ཕྱི་རོལ་དཔྱོད་པ་ན་དོན་རིག་པའི་ཚུལ་དང་། ཐ་སྙད་ཀྱི་དེ་ཁོ་ན་དཔྱོད་པ་ན་རྣམ་རིག་ཞལ་གྱིས་བཞེས་པའི་ཚུལ། དེ་གཉིས་ཀྱི་དོན་བསྡུ་བ་གསུམ། དང་པོ་ལ། དགག་གཞག་གཉིས། དང་པོ་ལ། བྱེ་སྨྲའི་ལུགས་དང་། བོད་ཀྱི་ལུགས་དགག་པ་གཉིས། དང་པོ། ཁས་བླངས་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ། དེ་ལས་ཕྱི་རོལ་པའི་ལུགས་ནི་གཏན་ནས་མི་འཐད་ལ། རང་སྡེའི་ནང་


MR11_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སློབ་དཔོན་ཆོས་ཀྱི་གྲགས་པ་ཇི་ལྟར་བཞེད་ན། ཐ་སྙད་དུ་ཕྱི་རོལ་ལ་དཔྱོད་ཚེ་མདོ་སྡེ་པ་དང་། ཐ་སྙད་ཀྱི་དེ་ཁོ་ན་ཉིད་ལ་དཔྱོད་ཚེ་རྣམ་རིག་པ་ལྟར་ཞལ་གྱིས་བཞེས་པ་ཡིན་ནོ། །ཐ་སྙད་དེ་དག་གི་རང་བཞིན་དེ་ཁོ་ན་ཉིད་དོན་དམ་པ་དབུ་མས་སྟོན་ཏོ། །དེས་ན་དང་པོ་དོན་སྨྲའི་ལུགས་ལ་ཉན་ཐོས་སོགས་མི་འཐད་དེ། བྱེ་སྨྲ་བ་ན་རེ། བར་ཆོད་པ་ཡི་གཟུགས་མཐོང་བ་མིན་ཕྱིར་རྣམ་ཤེས་ཀྱིས་མཐོང་བ་མིན་ནོ། །དེས་ན་དབང་པོ་གཟུགས་ཅན་པ་དེ་ཡང་ཡུལ་ལ་ཕྱོགས་པའི་བྱ་བ་བྱེད་བཞིན་པ་རྟེན་བཅས་ཉིད་ཡུལ་ལ་ལྟ་བྱེད་ཡིན་ནོ་ཞེས་འདོད་དོ་ལོ། །གཉིས་པ། དེ་མི་འཐད་དེ་དབང་པོ་གཟུགས་ཅན་པ་བེམ་པོ་ཡིན་ཕྱིར་ལྟ་བྱེད་དུ་རུང་བ་མིན་ལ། དབང་ཡུལ་དུས་མཉམ་པ་ལ་འབྲེལ་བ་གཉིས་ཀ་མེད་པས་མཐོང་བྱ་མཐོང་བྱེད་དུ་མི་འཐད་དོ། །གཉིས་པ་ལ། ཕྱོགས་སྔ་དགོད་པ་དང་། དེ་དགག་པ་གཉིས། དང་པོ། ཡང་དེ་དང་ཆ་འདྲ་བ་ཁ་ཅིག་གིས་དབང་པོ་ལྟ་བྱེད་མིན་ཡང་དུས་མི་མཉམ་ན་ཡུལ་དུ་མི་རུང་བས་ཡུལ་དང་ཡུལ་ཅན་གྱི་རྣམ་ཤེས་གཉིས་དུས་མཉམ་དུ་ཡོད་པ་ནི་གཟུང་བ་དང་འཛིན་པ་ཡིན་ནོ་ཞེས་བྱ་བ་སོགས་གངས་ཅན་པ་འགའ་ཞིག་འདོད་དོ། །གཉིས་པ་ལ། དགག་པ་དངོས་དང་། དེའི་ཉེས་སྤོང་གི་ལན་དགག་པ་གཉིས། དང་པོ།དེ་མི་འཐད་དེ་ཡུལ་ཤེས་གཉིས་དུས་མཉམ་པའི་ཕྱིར་ན་དེ་གཉིས་ལ་འབྲེལ་པ་མེད་ལ་དེ་ལྟ་ན་ཡུལ་རྒྱུ་མེད་པ་ལ་དེ་ཤེས་པའི་ཡུལ་ཅན་རྣམ་ཤེས་ཀྱང་ཡོད་པ་འགལ་ཏེ་རྒྱུ་མེད་དུ་ཐལ་བའི་ཕྱིར་རོ། །གཉིས་པ་ལ། ལན་དང་། དེ་དགག་པ་གཉིས།


MR11_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ། དེ་དག་ན་རེ། སྐད་ཅིག་སྔ་མའི་ཡུལ་ནི་ཤེས་པས་དམིགས་པའི་རྒྱུ་ཡིན་ལ་རང་དང་དུས་མཉམ་པའི་ཡུལ་དེ་གཟུང་ཡུལ་ཡིན་ནོ་ཞེ་ན། གཉིས་པ། འོ་ན་སྐད་ཅིག་སྔ་མའི་ཡུལ་ལས་དབང་པོ་དང་ཡིད་བྱེད་ཀྱིས་རྐྱེན་སྦྱར་ཏེ་སྐྱེས་ཟིན་པའི་ཕྱིར་རྣམ་ཤེས་གྲུབ་ཡོད་པ་དེ་ལ་ཤེས་པ་རང་དང་དུས་མཉམ་གྱི་ཡུལ་གྱི་དགོས་པ་གང་ཡང་མེད་དོ། །གཉིས་པ་རང་ལུགས་ཕྱི་དོན་མདོ་སྡེ་བའི་འདོད་པ་ལྟར་གཞག་པ་ལ། དངོས་དང་། དོགས་སྤང་། གྲུབ་དོན་གསུམ།དང་པོ། དེས་ན་ཚད་མ་རང་ལུགས་མདོ་སྡེ་པ་ལྟར་དམིགས་པའི་ཡུལ་དང་བདག་རྐྱེན་དབང་པོ་དང་དེ་མ་ཐག་རྐྱེན་ཡིད་ལ་བྱེད་པ་གསུམ་ཚོགས་པའི་སྐད་ཅིག་དང་པོ་དེ་ཕྱི་དོན་འདྲ་བའི་རྣམ་པ་སྐྱེད་བྱེད་ཡིན་ལ་དེ་ལས་སྐད་ཅིག་གཉིས་པར་ཡུལ་དང་འདྲ་བར་སྐྱེས་པ་དེ་ནི་འབྲས་བུ་རྣམ་ཤེས་ཡིན་ཏེ་དེ་གཉིས་རྒྱུ་འབྲས་ཡིན་པས་གཟུང་འཛིན་དུས་མི་མཉམ་མོ། །གཉིས་པ། འོ་ན་ཤེས་པའི་རྒྱུར་འདྲ་བ་ལ་ཤེས་པ་ཡུལ་དང་འདྲ་བར་སྐྱེ་ཡི་དབང་པོ་དང་འདྲ་བར་མི་སྐྱེ་བ་ཅི་ཡིན་སྙམ་ན། དཔེར་ན་ཟས་དང་དུས་དང་དྲོད་ལ་སོགས་པ་བུ་ཡི་རྒྱུ་ཡིན་ཡང་། ཕ་མའི་གཟུགས་ཀྱི་དབྱིབས་སོགས་དང་འདྲ་བར་སྐྱེ་བ་བཞིན་ཤེས་པ་ཡང་ཡུལ་འདྲར་སྐྱེ་བ་ངོ་བོའི་ཆོས་ཉིད་ཡིན་ནོ། །གསུམ་པ། དེས་ན་ཡུལ་བུམ་པ་ལྟ་བུ་གཅིག་ལ་འབྲས་བུ་གཉིས་ཏེ་རང་གི་རིགས་འདྲ་ཕྱི་མ་སྐྱེད་པ་དང་། རང་འཛིན་དབང་མངོན་ལ་རང་འདྲའི་རྣམ་པ་གཏོད་པ་གཉིས་སོ། །བུམ་འཛིན་ལྟ་བུའི་བློ་ཡང་ཡུལ་ཤེས་པའི་གཟུང་རྣམ་དང་དེ་ཤེས་པའི་འཛིན་རྣམ་རང་རིག་སྟེ་ཚུལ་གཉིས་ཡིན་


MR11_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདོད་དོ། །གཉིས་པ་རྣམ་རིག་པའི་ལུགས་ལ། གཞན་གྱི་བརྟག་པ་དགག་པ། རྣམ་པར་རིག་པ་བསྒྲུབ་པ། དེ་ལ་རྩོད་པ་སྤང་བ་གསུམ། དང་པོ་ལ་ཕྱི་དོན་ཁས་ལེན་པ་དང་། འཇིག་རྟེན་གྲགས་པ་ལ་བརྟེན་པ་དགག་པ་གཉིས། དང་པོ། རྣམ་རིག་པའི་ལུགས་གཏན་ལ་ཕབ་ན། རགས་པའི་རྩོམ་གཞི་རྡུལ་ཕྲ་རབ་དག་ཀྱང་གཅིག་པུ་ཆ་མེད་ན་རགས་པའི་གཞིར་མི་རུང་བ་དང་དུ་མ་ཡོད་ན་ཆ་མེད་མི་འཐད་པའི་དེ་གཉིས་དང་བྲལ་བའི་ཕྱིར། ཤེས་པ་ལས་གུད་ན་ཕྱི་རོལ་གྱི་དོན་མེད་ལ་རྒྱུ་མཚན་དེས་ན་རྣམ་པ་གཏོད་བྱེད་མེད་པས་རྣམ་པའང་མེད་ཏེ་མོ་གཤམ་གྱི་བུ་མེད་ན་དེའི་ཁ་དོག་གི་རྣམ་པ་མེད་པ་བཞིན་ནོ། །གཉིས་པ། རྟོག་གེ་པ་ཁ་ཅིག་ཟླ་བའི་བཞེད་པ་ལྟར་མ་བརྟག་མ་དཔྱོད་པའི་བློ་དང་མཐུན་པར་འཇུག་ཟེར་བ་མི་འཐད་དེ་ཀུན་རྫོབ་ཐ་སྙད་ཀྱི་དཔྱོད་པ་འཇིག་རྟེན་གྲགས་པ་ཙམ་ལ་བརྟེན་ན་མ་དཔྱོད་པའི་བློ་ངོར་མངོན་རྗེས་སྒྲུབ་སེལ་སོགས་ཀྱི་འཇུག་པ་ཚད་མ་དང་ཚད་མིན་གྱི་དབྱེ་བ་སོགས་ཚད་མའི་རྣམ་གཞག་ཐམས་ཅད་མི་འཐད་པས་འགལ་ལོ། །དེ་ལྟར་དངོས་པོ་བེམ་ཤེས་གཉིས་ཀྱི་ནང་ནས་བེམ་པོ་ཁེག་པས་སེམས་ཙམ་དུ་གྲུབ་བོ། །གཉིས་པ་རྣམ་རིག་པའི་ལུགས་བསྒྲུབ་པ་ལ། རྟགས་གཉིས་མདོར་བསྟན་པ་དང་། ལྷན་ཅིག་དམིགས་ངེས་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། གཟུང་འཛིན་རྫས་གཞན་མ་ཡིན་པའི་སྒྲུབ་བྱེད་ཀྱང་། ཤེས་པ་ནི་གསལ་ཞིང་རིག་པ་ཡིན་ལ་གསལ་རིག་དང་མི་ལྡན་པའི་ཤེས་བྱ་མི་སྲིད་པས་ཤེས་བྱ་ཐམས་ཅད་སེམས་སུ་གྲུབ་པ་གསལ་བའི་རྟགས་དང་ལྷན་ཅིག་དམིགས་པར་ངེས་པས་འགྲུབ་བོ། །


MR11_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ། དེ་ཡང་ཆོས་གང་ལྷན་ཅིག་དམིགས་པར་ངེས་པ་ཡིན་པ་ལ་རྫས་གཞན་ཡིན་པ་མི་སྲིད་ཅིང་རྫས་གཞན་ཡིན་ན་ལྷན་ཅིག་དམིགས་ངེས་ཀྱི་རྟགས་དེ་ཡོད་པ་མི་སྲིད་དོ། །དེ་ནས་དེས་ན་དཔེ་ཟླ་བ་གཉིས་སྣང་བཞིན་དུ་སྔོ་དང་དེ་འཛིན་ཡང་རྟགས་དེས་རྫས་གཞན་མིན་པར་འགྲུབ་བོ། །མི་མཐུན་ཕྱོགས་རྫས་ཐ་དད་གཞན་ལ་རྟགས་མི་མཐུན་ཕྱོགས་དང་གཞི་མཐུན་ཡོད་པའི་མཐའ་གཞན་བཀག་པས་ཁེགས་སོ། །གསུམ་པ་རྩོད་སྤོང་ལ། དགག་པ་རང་ལ་མཚུངས་པའི་རྩོད་སྤོང་དང་། ཚད་མ་དང་ཚད་མིན་གྱི་དབྱེ་བ་མི་འཐད་པའི་རྩོད་སྤོང་གཉིས། དང་པོ་ལ། རྩོད་པ་དང་། ལན་གཉིས། དང་པོ། དེ་ལྟ་བུའི་རྣམ་རིག་པའི་ལུགས་དེ་ལ་རྩོད་པ་སྤོང་བ་ལ་དབུ་མ་པ་ཁ་ཅིག་ན་རེ། སེམས་ཀྱི་རྒྱུན་ནི་ཡན་ལག་ཅན་འགོག་པ་དང་རིགས་པ་མཚུངས་ལ་སེམས་སྐད་ཅིག་མ་དག་རྡུལ་གྱི་ཆ་ཤས་བཞིན་དུ་འདས་མ་འོངས་ལ་ཕྱོགས་པའི་ཆ་གཉིས་ཡོད་དགོས་པ་དེས་ན་སེམས་སྐད་ཅིག་མ་ལའང་ཐོག་དབུས་མཐའི་སྐད་ཅིག་གསུམ་གྱི་བདག་ཉིད་ཡིན་ཕྱིར། གཅིག་དང་དུ་མ་བྲལ་ཞེས་ཟེར། ལན་ལ་རྩོད་པ་དེ་མ་གྲུབ་པ་དང་། རིགས་པ་མི་མཚུངས་པའི་ཚུལ་གཉིས། དང་པོ། རྩོད་པ་དེ་མ་གྲུབ་སྟེ། དེ་ལྟར་ན། སྐད་ཅིག་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་ན་སྐད་ཅིག་གཅིག་པ་མི་སྲིད་པར་འ གྱུར་ལ། སྐད་ཅིག་གཅིག་པ་མི་སྲིད་ན། གསུམ་གྱི་བདག་ཉིད་ཡིན་པའང་ཉམས་པས་གསུམ་ཞེས་གཅིག་འགོག་པའང་མི་འཐད་དོ། །གཉིས་པ། རྡུལ་དང་མི་མཚུངས་ཏེ། འདི་ལྟར་རྡུལ་ནི་རགས་པ་རྩོམས་པའི་ཚེ་དུས་ཅིག་ཆར་ཏུ་


MR11_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བས་ན་དབུས་ཀྱི་རྡུལ་ཕྲན་ཆ་བཅས་སུ་འགྱུར་ཏེ། དེས་ན་གཞག་ན་ཆ་བཅས་ཡིན་ལ་བཤིག་ན་ཆ་མེད་དུ་འཇིག་སྟེ་སྐྲ་རྩེའི་ཟིལ་པ་བཞིན་ནོ། །སྐད་ཅིག་ནི་དུས་གསུམ་ཅིག་ཅར་སྐྱེ་ན་སྐྱོན་དེ་འཇུག་ཀྱང་འདས་མ་འོངས་ད་ལྟར་མེད་པའི་ཕྱིར་དུས་གསུམ་ཅིག་ཆར་དུ་མི་སྐྱེ་བས། ད་ལྟའི་སྐད་ཅིག་རང་གི་ངོས་ནས་ཆ་མེད་ཡིན་ནོ། །དེས་ན་སློབ་དཔོན་འཕགས་པས་སྐད་ཅིག་གསུམ་སྦྲེལ་ནས་བཤིག་པ་འདིས་ཉན་ཐོས་དུས་གསུམ་རྫས་ཡོད་འདོད་པ་འགོག་གི་སྐད་ཅིག་ཆ་མེད་ཙམ་དགག་པ་མིན་ཏེ། ད་ལྟའི་སྐད་ཅིག་དོན་བྱེད་ནུས་ཀྱི་དངོས་པོ་ཙམ་གྲུབ་པ་དེ་ཁོ་ནས་ཆ་མེད་དུ་བཞག་ཆོག་པ་ཡིན་ནོ། །གཉིས་པ། ཡུལ་འཛིན་སོགས་ཚད་མ་དང་ཚད་མིན་གྱི་རྣམ་གཞག་འགལ་ཞེ་ན། དོན་དུ་སྣང་བ་གང་ཡིན་པ་ཐམས་ཅད་བློ་ཉིད་ཡིན་གྱི་སྣང་བ་དེ་ཉིད་ཕྱི་རོལ་ན་མེད། བག་ཆགས་བརྟན་པ་ཟླ་གཅིག་དང་དུང་དཀར་འཛིན་སོགས་ཚད་མ་ཡིན་པ་དང་མི་བརྟན་པ་ཟླ་གཉིས་དང་དུང་སེར་འཛིན་སོགས་ཚད་མ་མིན་པ་ལས། བདེན་དང་བརྫུན་པའི་རྣམ་གཞག་བྱེད་པ་འཐད་པ་ཡིན་ནོ། །གསུམ་པ་དོན་བསྡུ། ཇི་སྲིད་ཕྱི་རོལ་ཁས་ལེན་པའི་གྲུབ་མཐའ་ལ་གནས་པ་དེ་སྲིད་ཡུལ་ཤེས་རྫས་གཅིག་ཏུ་མི་འཐད་དེ་དེ་ཚེ་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ལ་གཟུང་ཡུལ་ཞེས་ཟེར་ལ། ཤེས་བྱ་ཐམས་ཅད་ནང་གི་བདག་ཉིད་ཡིན་པར་ཞུགས་པ་ན། ཡུལ་དང་ཡུལ་ཅན་རྫས་ཐ་དད་དུ་གྲུབ་པ་མེད་དོ། །སྐབས་བསྡུ་བའི་ཚིགས་སུ་བཅད་པའོ། །ཚད་མ་རིགས་པའི་གཏེར་ལས་ཡུལ་བརྟག་བའི་རབ་ཏུ་བྱེད་པ་སྟེ་དང་པོའོ།། །།གཉིས་པ་ཤེས་བྱེད་ཀྱི་བློ་ལ།


MR11_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད། དབྱེ་བསྡུ། དེ་དག་གི་དོན་གཏན་ལ་དབབ་པ་གསུམ། དང་པོ། བློ་ཡི་མཚན་ཉིད་ནི་གསལ་ཞིང་རིག་པ་ཡིན་ལ། གཉིས་པ། ཡུལ་སོགས་སྒོ་ནས་དུ་མར་འགྱུར་ཏེ་ཡུལ་གྱི་སྒོ་ནས་རང་སྤྱི་འཛིན་པའི་རྟོག་བཅས་རྟོག་མེད་གཉིས། ངོ་བོའི་སྒོ་ནས་འཁྲུལ་མ་འཁྲུལ་སོགས་དབྱེ་སྒོ་མང་ཡང་ཡུལ་ཅན་གྱི་ཤེས་པའི་སྒོ་ནས་རང་རིག་གཅིག་ཡིན་ཏེ་དོན་ཐམས་ཅད་རང་མཚན་དང་ཤེས་པ་ཐམས་ཅད་རང་རིག་གཅིག་པུའི་མཐར་འདུའོ། །གསུམ་པ་ལ་དགག་གཞག་གཉིས། དང་པོ་ལ་ཕྱོགས་སྔ་དགོད་པ་དང་། དེ་དགག་པ། དོན་བསྡུ་གསུམ། དང་པོ། བློ་རིགས་དེ་ལ་ལོག་རྟོག་དགག་ན་བོད་རྣམས་ཡིད་དཔྱོ༷ད་དང་། སྣང་ལ་མ་ངེས་དང་། བཅད་ཤེས་དང་། ལོག་ཤེས་དང་། ཐེ་ཚོམ་ལྔ་ཞེས་འདོད་དོ། །གཉིས་པ་ལ། ཡིད་དཔྱོད་དགག་པ། སྣང་ལ་མ་ངེས་པ་དགག་པ། བཅད་ཤེས་དགག་པ་གསུམ། དང་པོ་ལ། སྤྱིར་དགག་པ་དང་། སོ་སོར་དགག་པ་གཉིས། དང་པོ་ལ། བརྟགས་ན་མི་འཐད་པ། ཧ་ཅང་ཐལ་བ། བཟློག་པ་དང་མཚུངས་པ་གསུམ། དང་པོ། དེ་མི་འཐད་དེ་སྤྱིར་ཡིད་དཔྱོ༷ད་རྟགས་ལ་གཏན་ནས་མི་ལྟོས་པ་ཡིན་ན་ནི་དམ་བཅའ་ཙམ་ཡིན་གྱི་དེ་ལྟར་གྲུབ་མ་གྲུབ་ལ་བརྟགས་ན་ཐེ་ཚོམ་དུ་འགྱུར་ཏེ་ངེས་པ་མི་སྲིད་པས་ཐེ་ཚོམ་བག་ཉལ་ཡིན་ནོ།། གལ་ཏེ་རྟགས་ལ་ལྟོས་ན་རྟགས་ཡང་དག་གམ། ཡང་ན་རྟགས་ལྟར་སྣང་འགལ་མ་ངེས་མ་གྲུབ་གསུམ་པོ་གང་རུང་སྟེ་དེ་བཞི་ལས་འདའ་བ་མེད་དོ། །གཉིས་པ། གལ་ཏེ་རྒྱུ་མཚན་ཕྱིན་ལོག་དང་མ་ངེས་པའི་རྒྱུ་མཚན་ཅན་གྱི་ཡིད་དཔྱོ༷ད་གཉིས་པོ་དེ། རྟགས་མ་གྲུབ་པ་ལ་སོགས་པའི་ལྟར་སྣང་གསུམ་དུ་མི་འདུ་ན། ཡིད་དཔྱོད་སྐྱེད་པའི་


MR11_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཞེས་པ་གཏན་ཚིགས་ལྟར་སྣང་བ་བཞི་པ་ཞིག་སྲིད་པར་འགྱུར་ཏེ་གཏན་ཚིགས་ལྟར་སྣང་གསུམ་པོ་གང་ཡང་མིན་པའི་རྟགས་ཡོད་པར་ཁས་བླངས་བའི་ཕྱིར་རོ། །ཡིད་དཔྱོ༷ད་ཞེས་བྱ་བ་འདི་རྟགས་ལྟར་སྣང་བ་མ་ཡིན་ན། དེ་ཚད་མ་གཉིས་སུ་ནི་མི་འདོད་ལ་དོན་བདེན་པ་ངེས་པར་འདོད་པ་དེ་ལྟ་ན་ཡིད་དཔྱོད་ཞེས་པའི་ཚད་མ་གསུམ་པ་ཞིག་སྲིད་པར་འགྱུར་ལ། ཡིད་དཔྱོད་དེས་དོན་བདེན་པ་གསར་དུ་ངེས་ཀྱང་ད་རུང་ཚད་མ་མིན་ན། འོ་ན། རྗེས་སུ་དཔག་པའང་ཚད་མ་མིན་པར་ཅི་ཡི་ཕྱིར་མི་འགྱུར། དོན་བདེན་པ་ངེས་པ་ཡོད་ཀྱང་དེས་སྒྲོ༷་འདོགས་མི་གཅོད་ན། ངེས་སྒྲོ་འདོགས་གཉིས་པོ་ཕན་ཚུན་གནོད་བྱ་གནོད་བྱེད་མིན་པར་འགྱུར་ལ་འདོད་ན་གཞུང་དང་རིགས་པར་འགལ་ལོ། །གལ་ཏེ་དོན་ངེས་པ་ནི་མེད་ཀྱང་ཁྲོན་པ་ན་ཆུ་ཡོད་དམ་སྙམ་པ་དོན་དུ་བདེན་པའི་ཡིད་དཔྱོད་དང་མེད་དམ་སྙམ་པ་བརྫུན་པ་ལོག་པའི་ཤེས་པ་དང་། ཡོད་དམ་མེད་སྙམ་པ་སོམ་ཉིའི་བློ་གསུམ་ཡོད་པ་མི་འགལ་ཟེར་ན། བདེན་པ་ངེས་པ་མེད་ན་ཡིད་དཔྱོ༷ད་ཉམས་ཏེ་ངེས་པ་དོན་མཐུན་དུ་ཁས་བླང་བས་སོ། །ཡོད་དམ་མེད་སྙམ་པ་གཉིས་པོ་ཡིད་དཔྱོད་དང་ལོག་ཤེས་གཉིས་སུ་འགྱུར་ན་དེ་གཉིས་ལས་ལོགས་སུ་ཐེ་ཚོམ་རང་རྐྱ་བ་ཞིག་འཇོག་པར་དཀའོ། །གསུམ་པ། ཡང་ན་ཁྱོད་ཀྱིས་ལྐོག་གྱུར་དོན་མཐུན་དུ་ངེས་པ་བདེན་པའི་ཡིད་དཔྱོ༷ད་འདོད་པ་ལྟར། དེ་ལས་ལྡོག་པ་རྫུན་པའི་ཡུལ་ཅན་ལོག་པའི་ཡིད་དཔྱོ༷ད་ཡིན་ནོ་ཞེས་སྨྲ་བར་ཡང་ཅིས་མི་འཐད། དེ་ལྟར་འདོད་དོ་ཞེ་ན་ཡིད་དཔྱོ༷ད་ནི་དོན་མཐུན་བདེན་པ་ཡིན་ནོ་ཞེས་འདོད་པ་ཉམས་སོ། །ལོག་པ་དེ་གཉིས་ཀར་དོགས་པས་ཡིད་


MR11_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་མིན་ཟེར་ན་འོ་ན་སྔ་མའང་དཔྱད་ན་གཉིས་ཀར་དོགས་པས་ཡིད་དཔྱོད་མིན་པར་མཚུངས་སོ། །གལ་ཏེ་ཕྱོགས་གཉིས་ཀར་དོགས་ནས་ད་རུང་ཐེ་ཚོམ་མ་ཆོད་ན་ནི་ཐེ་ཚོམ་འགྱུར་གྱི་ཡིད་དཔྱོད་དུ་མི་རུང་ལ། གལ་ཏེ་ཐེ་ཚོམ་དུ་མི་འགྱུར་བར་དོན་མཐུན་ངེས་པ་དེ་ཡིད་དཔྱོད་ཡིན་པར་སྲིད་ན་དོན་མི་མཐུན་ཡང་ལོགས་སུ་འགྱུར་བས་ཡིད་དཔྱོད་སོགས་ལྔར་འདོད་པའི་གྲངས་ངེས་འཇིག་ལ་སྐྱོན་མེད་དེ་ཡིད་དཔྱོད་རྫུན་པ་ལོག་ཤེས་ཡིན་ཟེར་ན་འོ་ན་ཡིད་དཔྱོ༷ད་ཀྱང་བདེན་པ་ངེས་པ་ཡིན་པའི་ཚད་མ་ཉིད་དུ་འགྱུར་བར་མཚུངས་པའི་ཕྱིར་རོ། །གཉིས་པ་སོ་སོར་དགག་པ་ལ། རྒྱུ་མཚན་མེད་པའི་ཡིད་དཔྱོད་དགག་པ། རྒྱུ་མཚན་ཕྱིན་ཅི་ལོག་པའི་ཡིད་དཔྱོད་དགག་པ། ལུང་ཆོས་ཡིད་དཔྱོད་དུ་འདོད་པ་དགག་པ་གསུམ།དང་པོ། གལ་ཏེ་ཁྲོན་པར་ཆུ་ཡོད་སྙམ་པ་སོགས་ཡོད་པའི་རྒྱུ་མཚན་མེད་པའམ་མ་བཟུང་བ་ཡི། ཡིད་དཔྱོ༷ད་ཡུལ་དོན་མཐུན་དུ་ངེས་པའི་བདེན་པ་ཡིན་ན་རང་གི་འོག་ན་གཏེར་ཡོད་སྙམ་པ་སོགས་བློ་ཀུན་བདེན་པར་འགྱུར་ཏེ་རྒྱུ་མཚན་མེད་ཀྱང་བདེན་པར་ཁས་བླངས་བས་སོ། །གཉིས་པ། གལ་ཏེ་གཞལ་བྱས་མི་རྟག་པ་བསྒྲུབ་པ་སོགས་ཕྱིན་ཅི་ལོག་པའི་རྒྱུ་མཚན་ཅན། ཀུན་ཀྱང་ཁྱོད་ལྟར་ན་ཡིད་དཔྱོ༷ད་ཡིན་དགོས་ནའང་སློབ་དཔོན་གྱིས་རྟགས་མ་ངེས་པའི་བློ་དེ་དག་ཐེ་ཚོམ་དུ་བསྡུས་པས་ན་གཞུང་དང་འགལ་ལོ། །གསུམ་པ། རང་དང་གཞན་གྱི་སྡེ་བའི་ལུང་ལས་རང་གི་བརྗོད་བྱ་རྟོགས་པའི་བློ་དེ་ནི་ཚད་མ་དང་མ་རྟོག་ལོག་རྟོག་ཐེ་ཚོམ་སྟེ་བློ་རིགས་བཞི་པོ་གང་ཡང་རུང་བར་འདུས་པ་ཡིན་


MR11_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཡིད་དཔྱོ༷ད་མིན་ནོ། །གཉིས་པ་སྣང་ལ་མ་ངེས་པ་དགག་པ། གལ་ཏེ་ཡུལ་མངོན་སུམ་དུ་སྣང་ལ་མ་ངེས་པ་ཉིད་ཀྱི་ཕྱིར་ཚད་མ་མིན་ན་མངོན་སུམ་ཀུན་ཀྱང་ཚད་མ་མིན་པར་འགྱུར་ཏེ་རྒྱུ་མཚན་ནི་རང་མཚན་མངོན་སུམ་ལ་ངེས་པ་ཉིད་ནི་གཞུང་ལས་བཀག་ཕྱིར་ཏེ་རང་མཚན་དེར་སྣང་བའི་སྟོབས་ཀྱིས་ཚད་མར་བཞག་གི་ངེས་པ་མིན་པར་འཆད་པར་འགྱུར་རོ། །གསུམ་པ་བཅད་ཤེས་དགག་པ་ལ། སྤྱི་དང་། བྱེ་བྲག་མངོན་སུམ་བཅད་ཤེས་དགག་པ་གཉིས། དང་པོ། བཅད་ཤེས་ཞེས་བྱ་བ་དེ་རིགས་པས་མཐའ་བཅད་ན། རང་ཡུལ་ཚད་མས་བཅད་ཟིན་ཡིན་པས་ཐེ་ཚོམ་མ་ཡིན་ལ། དེ་ཡི་ལྷག་མ་མ་རྟོགས་པ་དང་ལོག་རྟོག་དང་། ཡང་ན་ཚད་མ་ཉིད་དེ་གསུམ་པོ་གང་རུང་ཞིག་ཏུ་འགྱུར་དགོས་པ་ཡིན་གྱི། གཞན་དུ་མི་འཐད་དེ་རྒྱུ་མཚན་བློ་རིགས་བཞི་པོ་དེ་ལས་གཞན་པའི་བློ་མི་སྲིད་པ་དེས་ན་ཚད་མ་དང་ལོག་རྟོག་གཉིས་མ་ཡིན་པས་མ་རྟོགས་པ་ཡིན་ཏེ། ཁོ་རང་གིས་སྔ་མའི་ཡུལ་དྲན་པ་ཙམ་ལས་རང་ལ་རྟོགས་བྱའི་ཡུལ་མེད་པའི་ཕྱིར་རོ། །གཉིས་པ་ལ་བཀག་པ་དངོས་དང་། དེ་ལ་མི་འཐད་པ་སྤང་བ་གཉིས། དང་པོ་ལ། མངོན་སུམ་དང་བཅད་ཤེས་འགལ་བའི་ཞི་མཐུན་མི་སྲིད་པས་དགག དབང་ཤེས་རིགས་ལ་ཚད་མ་ཡིན་པ་དགག དེའི་དོན་བསྡུ་གསུམ། དང་པོ། མངོན་སུམ་ནི་ངོ་བོ་རྟོག་བྲལ་ཡུལ་རང་མཚན་དུས་ད་ལྟ་བ། འཛིན་སྟངས་གསལ་བ་མ་འདྲེས་པ་ཡིན་ལ། བཅད་ཤེས་ནི་ངོ་བོ་རྟོག་པ། ཡུལ་སྒྲ་དོན་དུས་འདས་པ་དྲན་པ་འཛིན་སྟངས་མི་གསལ་བ་འདྲེས་པ་འཛིན་པ་ཡིན་པའི་ཕྱིར་ན་དེ་ལྟ་བུའི་ཡུལ་དུས་འཛིན་


MR11_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

སྟངས་འགལ་བ་ལ་མངོན་སུམ་ཡང་ཡིན་ལ་བཅད་ཤེས་ཀྱང་ཡིན་པའི་གཞི་མཐུན་པ་ནི་ག་ལ་སྲིད། གཉིས་པ། ཡང་ཁོ་ན་རེ། མི་སྐྱོན་ཏེ་རིགས་ཡུལ་སྔོན་པོ་ལྟ་བུ་མིག་ཤེས་དང་མ་བྲལ་གྱི་བར་གྱི་སྔོ་ཙམ་གྱི་རྒྱུན་ལ་འཛིན་པ་ནི་མངོན་སུམ་ཚད་མ་ཡིན་ཏེ། སྔོན་པོ་དང་པོ་རྟོགས་ཟིན་གྱི་རྗེས་སུ་སྔོན་པོའོ་སྙམ་དུ་ཤེས་པ་དེ་བཅད་ཤེས་ཡིན་ཞེ་ན། དེ་མ་ཡིན་ཏེ་དེ་དག་སྔོན་པོ་སྐད་ཅིག་གི་ཕྲེང་བ་ལ་རྒྱུན་གཅིག་ཏུ་འཁྲུལ་ཞིང་ཞེན་པ་ཡིན་གྱི། རིགས་ནི་མངོན་སུམ་གྱི་ཡུལ་མ་ཡིན་ཏེ་སྐད་ཅིག་མའི་ཕྲེང་བ་ནི་རྫས་ཡིན་ལ་རིགས་མིན་ཞིང་མུ་སྟེགས་པའི་རིགས་སྤྱི་ལྟ་བུ་ནི་མི་སྲིད་ལ། གཞན་སེལ་ཀྱི་རིགས་ནི་སྒྲོ་བཏགས་ཡིན་པས་མངོན་སུམ་གྱི་ཡུལ་མིན་ནོ། །གསུམ་པ། མདོར་ན་མཐོང་བའི་དོན་ད་ལྟ་བ་ལ་རྗེས་ཤེས་མེད་ལ། དེ་གཉིས་གཅིག་ཡིན་ན་གཅིག་ཡིན་པ་འགལ་བའི་ཕྱིར་ན་གཞི་མཐུན་མེད་དོ། །ད་ལྟ་བ་མངོན་སུམ་ཡིན་པའི་ཕྱིར་དྲན་པ་མིན་ཏེ། དྲན་པ་འདས་པའི་ཡུལ་ཅན་ཡིན་པས་སོ། །སྔ་ཕྱི་གཅིག་ཏུ་བཏགས་པའི་རིགས་ནི་རྫས་སུ་མེད་པས་དབང་པོའི་ཡུལ་དུ་མཐོང་བར་འགལ་ཞིང་། ཡུལ་སྔོན་པོ་ལྟ་བུ་མཐོང་བ་སྔ་ཕྱི་ལ་གཟུང་དོན་གསར་དུ་རྟོགས་པའི་ཚད་མ་ཡིན་མིན་གྱི་ཁྱད་པར་མེད་དེ་སྐད་ཅིག་རེ་རེ་བཞིན་ཡུལ་གསར་པ་ཡིན་པས་སོ། །སྒྲོ་འདོགས་ཆོད་ཟིན་གྱི་ངེས་པ་ཡོད་ན་མངོན་སུམ་མིན་ཏེ་རྟོགས་ཟིན་མ་བརྗེད་པའི་ཡུལ་ཅན་ཡིན་པས་སོ། །སྔ་མ་མངོན་སུམ་གྱི་ཡུལ་དང་ཕྱི་མ་ངེས་པའི་ཡུལ་གཉིས་པོ་སྐད་ཅིག་སྔ་ཕྱི་འདྲ་བར་འཛིན་པ་ནི་རྟོག་པ་ཡིན་པས་ཁྱབ་པ་དེས་ན་མངོན་སུམ་བཅད་ཤེས་དང་གཞི་མཐུན་ཡོད་པའི་རིགས་པ་རང་མྱོང་


MR11_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཤེས་པས་བཀག་པ་ཡིན་ནོ། །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །གཉིས་པ་རྩོད་སྤོང་ནི། འོ་ན་མངོན་སུམ་རྫས་སྐད་ཅིག་ཁོ་ནར་ཟད་པས་སོ་སྐྱེས་ཤིན་ཏུ་ཕྲ་བའི་སྐད་ཅིག་མ་མི་རྟོགས་པས་སོ་སྐྱེས་སྐྱེའི་མངོན་སུམ་མི་སྲིད་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ་སོ་སྐྱེས་སྐྱེའི་མངོན་སུམ་རྡུལ་དང་སྐད་ཅིག་ཆ་མེད་ལྟ་བུ་ལ་མི་འཇུག་སྟེ་ཡུལ་དང་དབང་པོའི་རྡུལ་ཕྲ་རབ་ཚོགས་པའི་སྐད་ཅིག་ཇི་སྙེད་ཀྱིས་རྣམ་ཤེས་སྐྱེད་རུང་བར་གྱུར་པ་ན་དེ་སྙེད་ཀྱི་རང་མཚན་གཟུང་ཡུལ་དུ་བྱས་ནས་མྱོང་བའི་རྣམ་ཤེས་གང་བསྐྱེད་པ་ནི། དཔེར་ན་ཆུ་ཐིག་གཅིག་ཙམ་གྱིས་བུམ་པ་གང་ནས་ཕྱིར་འབོ་བ་མིན་ཡང་གང་བར་སོགས་ནས་ཕྱིར་འཕོ་བ་ལ་སོགས་པ་བཞིན་ནོ། །དེས་ན་རྡུལ་ཕྲན་སྣང་རུང་དུ་ཚོགས་པ་རྟོག་པ་རང་གི་གཟུང་དོན་ལ་མ་འཁྲུལ་པའི་ཤེས་པ་དེ་སོ་སོ་སྐྱེ་བོའི་མངོན་སུམ་ཡིན་པའི་ཕྱིར་ཏེ་བུམ་པ་མངོན་སུམ་བཞིན་ནོ། །གསུམ་པ་དོན་བསྡུ་ནི། གཞན་གྱི་ཚད་མ་ཚད་མིན་གྱི་གསལ་བའི་ཆ་ཅུང་ཟད་ལ་བརྟེན་ནས་བློ་རིགས་ལྔ་སོགས་སུ་དབྱེ་བ་མི་འཐད་དེ་རྩ་བའི་གྲངས་ཀྱི་དབྱེ་བསྡུ་ཇི་སྙེད་པ།རིགས་གཅིག་མི་གཅིག་གི་རིགས་ཀྱི་དབྱེ་བས་བྱས་པ་ཡིན་ལ་དེ་ཡི་ནང་གི་ཁྱད་པར་ཕྲ་མོའི་དབྱེ་བསྡུ་ཇི་སྙེད་པ་ནི་རྩ་བའི་རིགས་དེ་ཡི་ཁོངས་སུ་གཏོགས་པར་བཞེད་ཀྱི་ལོགས་སུ་གྲངས་ངེས་བྱེད་པ་མིན་ལ་དེ་ལྟར་བྱས་ན་ཚད་མ་དང་ཚད་མིན་གཏན་ཚིགས་རྣམས་ཀྱི་དབྱེ་བསྡུའི་རྣམ་གཞག་མ་ནོར་བ་ཆོས་ཀྱི་གྲགས་པའི་དགོངས་པ་རྟོགས་པར་མི་འགྱུར་རོ། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་རང་ལུགས་གཞག་པ་ལ། ཚད་མིན་སྤྱིའི་མཚན་ཉིད། གྲངས་ཀྱི་དབྱེ་བསྡུ། སོ་


MR11_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་རྣམ་གཞག་གསུམ། དང་པོ། དེས་ན་རང་ལུགས་ཚད་མིན་གྱི་བློའི་མཚན་ཉིད་ཤེས་པ་གང་ལ་མི་བསླུ་བ་མ་གྲུབ་དེ་ནི་ཚད་མ་མིན་པ་ཡིན་ནོ། །གཉིས་པ། དེ་ལ་དབྱེ་ན་མ་རྟོགས་ལོག་རྟོག་ཐེ་ཚོམ་སྟེ། ཚད་མའི་འགལ་ཟླ་ཚད་མིན་ལ་ནང་གསེས་དབྱེ་བ་རྣམ་པ་གསུམ་ཡོད་པ་དེ་ནི་ཚད་མིན་གྱི་བློ་ཡུལ་ལ་འཇུག་ཚུལ་གྱི་སྒོ་ནས་གྲངས་དེ་ལྟར་ངེས་པ་ཉིད་དུ་ཕྱེ་བ་ཡིན་ཏེ་བློའི་འཇུག་ཚུལ་མཐའ་དག་བཞི་ལས་གཞན་མི་སྲིད་ལ་གཅིག་ཚད་མ་ཡིན་ལ་ཚད་མིན་ལ་འཇུག་ཚུལ་གསུམ་ཐོབ་ཅིང་དེའི་གྲངས་ངེས་དང་གཏན་ཚིགས་ཀྱི་སྐྱོན་གསུམ་དང་རྣམ་གཅོད་གསུམ་དུ་གྲངས་ངེས་པ་སོགས་གནད་གཅིག་གོ། ངོ་བོའི་སྒོ་ནས་བསྡུ་ན་ལོག་རྟོག་དང་ཐེ་ཚོམ་གཉིས་ཀྱང་མ་རྟོགས་པ་ཡིན་པས་མ་རྟོགས་པ་དེ་གཅིག་པུར་འདུའོ། །གསུམ་པ་ལ་དངོས་དང་། མཇུག་བསྡུ་གཉིས། དང་པོ་ལ་མ་རྟོགས། ལོག་རྟོག །ཐེ་ཚོམ་གསུམ། དང་པོ་ལ་མཚན་ཉིད། དབྱེ་བ་གཉིས། དང་པོ། དེ་ཡང་ཡུལ་དངོས་དེ་དང་དེ་མིན་ཕྱིན་ལོག་ཏུ་འཛིན་པ་གཉིས་ཀྱིས་སྟོང་པས་ཚད་མ་དང་ལོག་རྟོག་ཆོད་ལ་དེ་གཉིས་བསྡོམས་པའི་ཤུགས་ལ་ཐེ་ཚོམ་ཆོད་པས་ན་བློ་དེ་འདྲ་བ་མ་རྟོགས་པ་ཡིན་ནོ། །གཉིས་པ། དེ་ལ་དབྱེ་ན་གསུམ། ཡུལ་དེ་ལ་བློ་གཏན་མ་ཞུགས་པ་དང་ཞུགས་ཀྱང་ཚོལ་བའི་བྱ་བ་མ་རྫོགས་པ་དང་། ཚོལ་བའི་བྱ་བ་དཔྱད་པ་རྫོགས་པར་གྱུར་ཀྱང་བློའི་ཡུལ་དུ་མ་བྱུང་ནས་མ་རྙེད་པའོ། །གཉིས་པ་ལ་མཚན་ཉིད་དབྱེ་བ་གཉིས། དང་པོ། ཡུལ་དེ་ཉིད་དུ་འཛིན་པ་ལ་དེ་མིན་པ་གཞན་ཡིན་པའི་ཚད་མ་གཞན་གྱིས་གནོད་པ་ཡོད་པ་ནི་ལོག་ཤེས་ཡིན་ནོ། །གཉིས་པ། དེ་ལ་དབྱེ་ན་གཉིས་ཡོད་དེ། རྟོག་པ་ལོག་


MR11_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཡིད་གཉིད་ཀྱིས་བསླད་པ་ལྟ་བུ་དང་ནི་རྟོག་མེད་དབང་ཤེས་འཁྲུལ་བ་ཟླ་བ་གཉིས་ལྟ་བུ་དེ་གཉིས་ཡོད་ཅིང་དེ་ལའང་སོ་སོར་ཕྱེ་ན་རྟོག་མེད་ལ་དབང་ཡིད་འཁྲུལ་བ་གཉིས། རྟོག་པ་ལ་ཡུལ་དུས་རྣམ་པ་འཁྲུལ་བ་གསུམ་སྟེ་རྣམ་པ་ལྔ་ཡོད་དོ། །གསུམ་པ་ལ་མཚན་ཉིད། དབྱེ་བ་གཉིས། དང་པོ། ཡུལ་དེ་ཡིན་པར་འཛིན་ན་ཡང་དེའི་བྱེད་པ་མ་ཉམས་བཞིན་དུ་དེ་མིན་དུ་འཛིན་པའི་འཛིན་སྟངས་ཀྱང་དེ་ལ་སྲིད་ཅིང་ཡོད་རུང་བའི་བློ་ཐེ་ཚོམ་ཉིད་ཡིན་ནོ། །གཉིས་པ། དབྱེ་ན་གཉིས་ཡོད་དེ་ཐེ་ཚོམ་དངོས་སུ་ཞུགས་པ་མངོན་དུ་གྱུར་པ་དང་དངོས་སུ་ཐེ་ཚོམ་མ་ཞུགས་ཀྱང་བརྟག་ན་ཐེ་ཚོམ་པ་བག་ལ་ཉལ་གཉིས་ཡོད་ལ། མངོན་གྱུར་ལའང་སྒྲ་རྟག་གམ་མི་རྟག་ལྟ་བུ་ཕྱོགས་གཉིས་པོ་ཆ་མཉམ་པ་དང་ཕྱོགས་རེ་རེ་བ་ཤས་ཆེར་འཛིན་པ་དོན་འགྱུར་དང་དོན་མི་འགྱུར་གཉིས་ཡོད་དོ། །གཉིས་པ་མཇུག་བསྡུ། མདོར་བསྡུ་ན་ཚད་མའི་ཤེས་པ་མངོན་རྗེས་གཉིས་པོ་ཡང་། དོན་དུ་ཡུལ་ཅན་རང་རིག་ཚད་མ་ཁོ་ནར་འདུས་ཤིང་ཚད་མ་མིན་པ་གསུམ་པོ་ཡང་མ་རྟོགས་པ་ལས་དོན་གཞན་མིན་པར་ཤེས་པར་བྱའོ། །ཞེས་བྱ་བ་བསྡུ་བའི་ཚིགས་སུ་བཅད་པའོ། །ཚད་མ་རིགས་པའི་གཏེར་ལས་བློ་བརྟག་པའི་རབ་ཏུ་བྱེད་པ་སྟེ་གཉིས་པའོ།། །།གསུམ་པ་བློ་དེས་ཡུལ་རྟོགས་ཚུལ་ལ། སྤྱི་བྱེ་བྲག་གི་རྟོག་ཚུལ། སྣང་སེལ་གྱི་རྟོག་ཚུལ། བརྗོད་བྱ་རྗོད་བྱེད་ཀྱི་རྟོག་ཚུལ། འགལ་འབྲེལ་གྱི་རྟོག་ཚུལ་བཞི་ལས། དང་པོ་ལ། ཡུལ་ཡུལ་ཅན་གྱི་རྣམ་གཞག་སྤྱིར་བསྟན། རྫས་ལྡོག་དོན་ལ་གྲུབ་པར་འདོད་པ་དགག སྤྱི་བྱེ་བྲག་གི་རྟོག་ཚུལ་ཁྱད་པར་དུ་དཔྱད་པ་གསུམ། དང་པོ་ལ་དངོས་པོའི་གནས་ལུགས་དཔྱད་པ་དང་། དེ་གཏན་ལ་འབེབ་


MR11_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གཉིས། དང་པོ། ཡུལ་རང་མཚན་འཛིན་པ་ཡི་ཡུལ་ཅན་ནིརྟོག་མེད་ཀྱི་ཤེས་པ་ཡིན་དེ། ཡུལ་སྤྱི༷་མཚན་འཛིན་པའི་ཤེས་པ་ནི་རྟོག་པ་ཡིན། དེ་ལ་རང་མཚན་ནི་རྫས་སུ་གྲུབ་པའི་དངོས་པོ་སྟེ། སྤྱི༷་ནི་དངོས་པོར་གྲུབ་པ་མེད་དོ། །གཉིས་པ་རྫས་དང་ལྡོག་པ་སྤྱི༷་བྱེ་བྲག སྒྲུབ་དང་གཞན་སེལ་རྟོ༷ག་པ་དང་མི་རྟོ༷ག་པ་འདི་དག་ལ་བོད་གཞན་པ་དག་རྣམ་གཞག་གཞན་དུ་འཆད་དེ་རེས་མཚུངས་རེས་མི་མཚུངས་རེས་བློ་ཆོས་དང་རེས་དོན་ཆོས་རེས་སྤྱི་བསྒྲུབ་རེས་འགོག་པ་ལྟར་བྱེད་པས་རྣམ་རྟོག་གཏིང་ཚུགས་པ་མེད་དོ། །ཁོ་བོ་ཆོས་ཀྱི་གྲགས་པའི་གཞུང་བཞིན་དུ། རྫས་སྤྱི་ཡུལ། རྟོག་རྟོག་མེད་བློ། སྣང་སེལ་འཛིན་སྟངས་སུ་མཐའ་གཅིག་ཏུ་འཆད་པར་འདོད་དོ། །གཉིས་པ་རྫས་ལྡོག་དོན་ལ་ཡོད་པ་དགག་པ། དེ་ལ་བོད་སྔ་རབས་པ་རྣམས་ན་རེ། ལྡོག་པ་དུ་མ་དང་འབྲལ་མི་ཤེས་པ་རྫས། འདུས་པ་ཅན་གྱི་ཆོས་ཁ་ཡར་བ་ལྡོག་པ་ཡིན་ཟེར་བ་དང་། ཡང་རྫས་ཆོས་དང་ལྡོག་ཆོས་ཀྱི་མཚན་ཉིད་ཀྱང་། དངོས་འགལ་རྫས་གཅིག་ལ་མི་འདུ་བ་དང་། དངོས་འགལ་ལྡོག་པ་གཅིག་ལ་མི་འདུ་བ་ཞེས་ཟེར། དེ་ལ་རྫས་ལྡོག་དེ་འདྲ་བ་ནི་མུ་སྟེགས་པས་ཡན་ལག་ཅན་གྱི་རྫས་འདོད་པ་ལྟར་ལྡོག་པ་སྒྲོ་བཏགས་ལ་དོན་ལ་འབྲལ་མི་ཤེས་སུ་འདུ་བ་མེད་པ་དང་། རྫས་ལྡོག་ཕན་ཚུན་དུ་གོ་བ་གཅིག་ལ་གཅིག་བརྟེན་པར་ཐལ་བ་སོགས་སྐྱོན་མང་བས་མི་འཐད་ལ། རྫས་ཆོས་དང་ལྡོག་ཆོས་ཀྱང་རྫས་ལྡོག་རང་ལས་མ་འདས་པ་ཡིན་གྱི་ལོགས་སུ་མི་འཐད་དེ། ཁྱོད་ལྟར་ན་མི་རྟག་པ་རྫས་ཆོས་ཡིན་ལ། དེ་ལྟར་ན་མི་རྟག་པ་འཇལ་བྱེད་ཀྱི་རྗེས་དཔག་གི་ཡུལ་རྫས་སུ་ཐལ་ཞིང་། དེ་མི་འཐད་དེ། འདི་ལྟར་རྗེས་དཔག་


MR11_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

གིས་གཟུང་ཡུལ་ཡིན་ན་རྫས་དངོས་པོར་མི་འཛིན་པས་ཁྱབ་པ་ཡིན་པས་རྗེས་དཔག་དེ་ཡི་ཡུལ་ལ་རྫས་ཆོས་འཐད་པ་མ་ཡིན་ལ་གལ་ཏེ་འཐད་ན་བྱས་མི་རྟག་བུམ་པའི་སྟེང་ན་རྫས་ཐ་དད་མེད་པས་བྱས་པ་རྟོགས་པས་མི་རྟག་པ་རྟོགས་པར་ཐལ་ལོ། །རྟགས་ལ་བརྟེན་ནས་རང་གི་གཞལ་བྱ་འཇལ་བའི་ཡུལ་ནི་སེལ་བ་ཡི་སྒོ་ནས་འཇུག་པ་ཡིན་ཕྱིར་རྗེས་དཔག་ནི། དེ་མིན་རྣམ་པར་བཅད་པ་ལྡོག་པའི་སྒོ་ནས་རང་གི་གཞལ་བྱ་གྲུབ་པར་བཞེད་པ་དེས་ན་རང་ལུགས་ལ་རྫས་ཆོས་ཞེས་ཆོས་དུ་མ་གཅིག་འདུས་མུ་སྟེགས་པའི་འདོད་པ་ལྟར་མ་ཡིན་པར་རང་མཚན་ཉིད་རྫས་ཡིན་ལ། རྫས་ཆོས་ཀྱང་རྫས་ཡིན་ཏེ་རྫས་གཅིག་མངོན་སུམ་བྱས་ན་དེ་དང་དབྱེར་མེད་པའི་ཆོས་ཀུན་ཡུལ་དུ་བྱེད་པའི་ཕྱིར་རོ། །ལྡོག་པ་ནི་གཞན་སེལ་ཡིན་ལ་དེའི་ཆོས་ཀྱང་དེ་ལས་མ་འདས་སོ། །དེས་ན་དོན་དུ་ལྡོག་པ་དུ་མ་རྫས་གཅིག་ལ་འདུས་པའམ། དངོས་པོ་ཐ་དད་དོན་ལ་རྫས་གཅིག་པ་རྟག་དངོས་ལྟར་མི་སྲིད་པར་ཤེས་པར་བྱའོ། །གསུམ་པ་ལ། དངོས་དང་། མཇུག་བསྡུ་གཉིས། དང་པོ་ལ། མཚན་ཉིད། དབྱེ་བ། དེའི་དོན་གཏན་ལ་དབབ་པ་གསུམ། དང་པོ། སྤྱི་བྱེ་བྲག་གི་མཚན་ཉིད་ནི་ཐ་དད་ལ་གཅིག་འཛིན་གྱི་སེལ་ངོར་རིགས་མི་མཐུན་གཞན་ལས་ལོག་པ་སྤྱི་ཡི་མཚན་ཉིད་དང་། སེལ་ངོར་གཞན་དང་རང་གི་རིགས་མཐུན་གྱི་དངོས་པོ་ཡུལ་དུས་ཐ་དད་པ་མཐའ་དག་ལས་ཀྱང་ལོག་པ་བྱེ་བྲག་སྟེ། དེ་ལྟར་རིགས་མི་མཐུན་པ་དང་མཐུན་པ་ལས་ལྡོག་པར་བྱེད་པ་ལྡོག་པ་ཆིག་རྐྱང་དང་གཉིས་ཚོགས་ནི་སྤྱི༷་བྱེ་བྲག་གི་མཚན་ཉིད་དོ། །གཉིས་པ། དེ་ལ་དབྱེ་ན། ཤ་ཤུག་སོགས་ཕྱོགས་


MR11_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་པ་ལ་ཐད་ཀ་དང་ནི་སྔ་ཕྱིའི་དུས་ཀྱིས་བསྡུས་པ་ལ་གོང་མ་ཡི། སྤྱི༷་དང་བྱེ་བྲག་གཉིས་གཉིས་བཞིར་དབྱེར་ཡོད་དོ། །ཐད་ཀའི་བྱེ་བྲག་རྣམས་ནི་ད་ལྟ་བ་ཡིན་པས་རྫས་ཐ་དད་དང་གོང་མའི་བྱེ་བྲག་དུས་ལ་ལྟོས་པས་ན་འདས་མ་འོངས་རྫས་སུ་མེད་ལ་ད་ལྟ་དངོས་པོ་ཡོད་པས་གཅིག་པ་བཀག་པའི་ཐ་དད་ཡིན་ནོ། །གསུམ་པ་དགག་གཞག་སྤང་གསུམ་ལས། དང་པོ་ལ། རིགས་པ་དང་། ལུང་གཉིས། དང་པོ་ལ། རྫས་ཐ་དད་དུ་འདོད་པ་དང་། གཅིག་པར་འདོད་པ་དགག་པ་གཉིས། དང་པོ། མུ་སྟེགས་བྱེ་བྲག་པ་སོགས་ཁ་ཅིག་སྤྱི་གསལ་རྫས་ཐ་དད་ཡིན་ཞེས་ཟེར། གསལ་བ་ལས་སྤྱི་དངོས་པོ་ཐ་དད་ཞིག་ཡིན་ན་སྣང་དུ་རུང་བ་ལ་དེ་མེད་པས་ཁེགས་སོ། །གཉིས་པ་ལ་གསུམ་སྟེ། སྤྱི་གཅིག་བྱེ་བྲག་དུ་མ་དང་གཅིག་པ་དགག་པ། སྤྱི་དུ་མ་བྱེ་བྲག་དུ་མ་དང་གཅིག་པ་དགག་པ། མཚུངས་པའི་སྤྱི་དགག་པའོ། །དང་པོ་ལ་ཕྱོགས་སྔ་དང་། དགག་པ་གཉིས། དང་པོ། གྲངས་ཅན་པ་སོགས་ཁ་ཅིག་གཙོ་བོ་སྤྱི་དེ་རྣམ་འགྱུར་ཀུན་དང་ངོ་བོ་གཅིག་པས་སྤྱི་གསལ་རྫས་གཅིག་ཡིན་ནོ་ཞེས་ཟེར། གཉིས་པ་ལ་སྣང་རུང་མ་དམིགས་པ། རྣམ་པར་བརྟག་ན་མི་འཐད་པ། ཧ་ཅང་ཐལ་བ་གསུམ། དང་པོ། རྫས་གཅིག་ན་ཡང་བྱེ་བྲག་དང་ངོ་བོ་དབྱེར་མེད་པའི་སྤྱི་དེ་སྣང་དགོས་པ་ལ་དེ་སྣང་རུང་མིན་པས་ཁེགས་སོ། །གཉིས་པ། སྐྱོན་གཞན་ཡང་ཤར་ལ་སོགས་པའི་ཡུལ་དང་འདས་མ་འོངས་ད་ལྟའི་དུས་དང་སྦོམ་ཕྲ་སོགས་རྣམ་པ་འགལ་བ་ཡི་བྱེ་བྲག་ཐ་དད་པ་མང་པོ་རྣམས་སྤྱི༷་གཅིག་དང་ངོ་བོ་དབྱེར་མེད་དུ་འབྲེལ་ན། དཔེར་ན་ཤིང་གཅིག་སྐྱེས་ན་ཡུལ་དུས་རྣམ་པ་ཐ་དད་པའི་ཤིང་ཐམས་ཅད་ཅིག་


MR11_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཅར་སྐྱེས་པ་སོགས་གསལ་བ་ཐམས་ཅད་སྐྱེ་འཇིག་གི་ངོ་བོའང་གཅིག་ཏུ་འགྱུར་རོ། །དེ་ལྟ་མིན་ན་ངོ་བོ་གཅིག་ལ་ཞིག་མ་ཞིག་སྐྱེས་མ་སྐྱེས་སོགས་ཀྱི་ཆ་གཉིས་འགལ་ལོ། །གསུམ་པ་ལ། ཡན་ལག་ཅན་མི་ཁེག་པར་ཐལ་བ། དབང་ཤེས་རྟོག་བཅས་སུ་ཐལ་བ། འགལ་བ་རྫས་གཅིག་ཏུ་ཐལ་བ་གསུམ། དང་པོ། ཧ་ཅང་ཐལ་བའི་སྐྱོན་ཡང་ཡོད་དེ་སྤྱི༷་དང་བྱེ་བྲག་རྫས་གཅིག་ན་མགོ་རྐང་སོགས་ཐམས་ཅད་ལ་ཁྱབ་པའི་ཡན་ལག་ཅན་གྱི་རྫས་གཅིག་ཡོད་པ་ཡང་ཇི་ལྟར་དགག་སྟེ་སྤྱི་དང་ཡན་ལག་ཅན་མཚུངས་པས་སོ། །གཉིས་པ། གཞན་ཡང་བྱེ་བྲག་འཛིན་པའི་དབང་པོའང་རྟོག་བཅས་ཉིད་དུ་ཐལ་ཏེ་རྫས་གཅིག་ལ་སྣང་མི་སྣང་གཉིས་མི་སྲིད་པས་བྱེ་བྲག་སྣང་ན་སྤྱི་ཡང་སྣང་དགོས་པས་སོ། །གསུམ་པ། དཀར་ནག་དང་སྣང་མུན་སོགས་འགལ་བ་ཀུན་ཀྱང་རྫས་གཅིག་ཏུ་འགྱུར་ཏེ་དེ་དག་སྤྱི་གཅིག་གི་རྫས་ཡིན་པའི་ཕྱིར་རོ། །གཉིས་པ་སྤྱི་དུ་མ་བྱེ་བྲག་དུ་མ་དང་འབྲེལ་བ་དགག་པ་ལ། ཕྱོགས་སྔ་དང་། དེ་དགག་པ་གཉིས། དང་པོ། ཁ་ཅིག་སྤྱི་གཅིག་མེད་ཀྱང་ཤ་བ་སོགས་བྱེ་བྲག་རེ་རེ་དང་འབྲེལ་བའི་སྤྱི༷་ཡང་བྱེ་བྲག་གི་གྲངས་ཇི་སྙེད་པར་དུ་མ་ཡོད་ཅེ་ན། གཉིས་པ། དེ་ལྟ་ན་སོ་སོ་བ་མིན་པའི་ཐུན་མོང་གི་སྤྱིའི་མཚན་ཉིད་མི་འགྲུབ་ཏེ་སྤྱི་ཡིན་ཚད་ལྡོག་པ་ཉིས་ཚོགས་སུ་འགྱུར་པའི་ཕྱིར་དང་དགག་སྒྲུབ་ཀྱི་རྣམ་པར་གཞག་པའང་འཇིག་པར་འགྱུར་ཏེ་ཤ་བ་གྲུབ་པས་ཤིང་མི་འགྲུབ་པ་དང་། ཤིང་ཁེག་པས་ཤ་བ་མི་ཁེག་པ་ཡིན་པས་སོ། །གསུམ་པ་མཚུངས་སྤྱི་དགག་པ་ལ། ཕྱོགས་སྔ་དང་། དགག་པ་གཉིས། དང་པོ། ཡང་ཁ་ཅིག་སྤྱི་སོ་སོ་བ་འབྲེལ་བ་དེ་མི་འདོད་ཀྱི་ཤ་ཤུག་སོགས་


MR11_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡལ་ག་ལོ་མ་ལྡན་པའི་མཚན་ཉིད་མཚུངས་པའི་སྤྱི༷་གཅིག་ཡོད་པ་དེ་དང་བྱེ་བྲག་རྣམས་རྫས་གཅིག་ཡིན་ནོ་ལོ། །གཉིས་པ་ལ། དོན་ལ་མཚུངས་པ་ཡོད་པ་དགག །བློ་ངོར་མཚུངས་པའི་སྤྱི་དགག་པ་གཉིས། དང་པོ། འདི་དང་འདི་འདྲའོ་ཞེས་པའི་མཚུངས་པ་ནི་རྟོག་པས་སྦྱར་བ་ཙམ་ཡིན་གྱི། རྟོག་པའི་བློ་ཡིས་སྦྱར་བའི་ཆོས་དོན་ཁོ་རང་ལ་མེད་དོ། །གལ་ཏེ་དོན་རང་ཉིད་ལ་འདྲ་བ་ཞེས་པའི་ཆོས་ཞིག་ཡོད་ན་ནི། སྔོན་དེ་འདྲ་མཐོང་བ་མེད་པ་ཞིག་གསར་དུ་མཐོང་ནའང་འདི་གཞན་དང་འདྲ་བར་གདའ་འོ་སྙམ་དུ་ཤེས་པར་འགྱུར་དགོས་ན་དེ་མི་སྲིད་པས་མཚུངས་པ་དོན་གྱི་སྟེང་ན་མེད་དོ། །གཉིས་པ། ཁ་ཅིག་དོན་གྱི་སྟེང་ན་མཚུངས་པའི་སྤྱི་མེད་ཀྱང་། རྟོག་པས་མཚུངས་པར་བཟུང་བའི་སྤྱི་ཅི་སྟེ་མེད་སྙམ་ན། དེ་ལྟ་ན་སྤྱི་གསལ་རྫས་གཅིག་པ་ཉམས་སོ། །གལ་ཏེ་རྫས་མི་གཅིག་ཀྱང་། རྟོག་པས་མཚུངས་པར་བཟུང་ཙམ་ལ་སྤྱི་གཅིག་ཏུ་བྱས་ན་ཅིར་འགྱུར་ཞེ་ན། དེ་ལྟ་བུ་མི་འཐད་དེ། མཚུངས་པར་འཛིན་པ་ལ་དངོས་པོ་གཅིག་མི་སྲིད་དེ་ཆོས་གཉིས་མེད་པར་མཚུངས་མི་ཤེས་པས་སོ། །ཡུལ་གཅིག་མ་ཡིན་པ་ལ་སྤྱི༷་གཅིག་པུའི་སྒྲ་འཇུག་པ་མེད་དེ་སྤྱི་ནི་ཞེན་ཡུལ་ཆོས་གཅིག་གི་མིང་དུ་འཇུག་གི་གཉིས་ཀྱི་རྣམ་པར་མི་འཆར་བའི་ཕྱིར་རོ། །གཅིག་ཏུ་མ་ཤར་ཀྱང་མཚུངས་པར་འཛིན་པ་ཉིད་སྤྱི་ཡིན་ནོ་ཟེར་ན། ཐོག་མེད་གོམ་པའི་དབང་གིས་བློ་ལ་སྤྱི་གཅིག་གི་རྣམ་པ་རང་བཞིན་གྱིས་མ་ཤར་ན། གསར་དུ་མཚུངས་པར་རྟོག་ཀྱང་སྤྱིར་མི་རུང་ཞིང་། དེས་སྤྱིའི་གོ་མི་ཆོད་དེ་བྲམ་ཟེའི་ཁྱེའུ་དང་སེང་གེ་འདྲ་བར་རྟོག་ཀྱང་དེ་སྤྱིར་


MR11_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

མི་རུང་བ་བཞིན་ནོ། །དེ་འདྲ་ཚུལ་མི་འདྲ་བ་ཞིག་གིས་ཡིན་སྙམ་ན་མ་ཡིན་ཏེ། ཤ་ཤུག་སོགས་ལའང་ཕྱོགས་རེ་འདྲ་བ་ཙམ་ནི་སྤྱི་བྱེ་བྲག་ཡིན་མིན་ཀུན་ལའང་ཡོད་ཅིང་ཡུལ་དུས་རྣམ་པ་ཐམས་ཅད་འདྲ་བ་ཡི་ཆོས་ཤིག་གང་ནའང་མེད་དེ་ཐུན་མིན་རང་གཅིག་པུའི་ཆོས་གཞན་ལ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ལུང་འགལ། རིགས་པའི་རྒྱལ་པོ་ཆོས་ཀྱི་གྲགས་པས་གསུངས་པ་ཡི་རྣམ་གཞག་དང་ཡང་འགལ་བར་སྣང་སྟེ། རྣམ་འགྲེལ་ལས། སྤྱི་ཡི་བློ་ཡང་བསླད་པ་ཡིན། ཞེས་དང་།སྤྱི་ནི་དངོས་མེད་ངོ་བོ་ཡིན། །དེ་ཕྱིར་དེ་དབང་སྤྱོད་ཡུལ་མིན། །དེས་ན་སྤྱི་ཡི་ཆོས་རྣམས་ནི། །མངོན་སུམ་མིན་པར་གྲུབ་པའི་ཕྱིར། །ཞེས་པ་ལ་སོགས་པ་གསུངས་པས་སོ། །གཉིས་པ་རང་ལུགས། ཆོས་གང་ཞིག་དེ་ག་རང་མིན་པའི་ཆོས་ཀུན་གྱི་རང་བཞིན་ལས་ལྡོག་པ་ཙམ་ཞིག་བློས་དཔྱད་ན་དངོས་པོ་ཀུན་ལ་གྲུབ་པ་དེ། གཞན་སེལ་བའི་རྟོག་པའི་ངོར་གཅིག་ཏུ་སྣང་བས་ཐུན་མོང་གི་སྤྱི༷་ཡིན་ལ་དེ་དང་རང་མཚན་གཅིག་ཉིད་དུ་འཁྲུལ་བ་དེ་ལ་དགག་སྒྲུབ་བྱེད་པ་ཡིན་ནོ། །གསུམ་པ་རྩོད་སྤང་ལ། རྩོད་པ་དང་ལན་གཉིས། དང་པོ། ཁ་ཅིག་ན་རེ་གལ་ཏེ་དོན་ཁོ་རང་ལ་སྤྱི༷་མེད་ན། གཞན་སེལ་གྱི་སྤྱི་དེ་ནི་སྒྲོ༷་བཏགས་ཙམ་ཡིན་པས་ན་དངོས་མེད་ལ། སྤྱི་ཞིག་གྲུབ་ཀྱང་དོན་དངོས་པོ་དང་མ་འབྲེལ་བའི་ཕྱིར་ན་བྱེ་བྲག་གྲུབ་པས་སྤྱི་གྲུབ་པ་རང་བཞིན་གྱི་རྟགས་དང་། སྤྱི་ཁེག་པས་བྱེ་བྲག་ཁེག་པ་ཁྱབ་བྱེད་མ་དམིགས་པ་སོགས་རྟོག་གེའི་རྣམ་གཞག་དང་། འཇིག་རྟེན་ན་བུམ་པར་ཆུ་འོན་ཅིག་ཅེས་པ་ལ་སོགས་པའི་ཐ་སྙད་ཐམས་ཅད་འཇིག་ཅེ་ན།


MR11_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ། དགག་སྒྲུབ་ཐམས་ཅད་རང་སྤྱི་སོ་སོར་ཕྱེས་ནས་མི་བྱེད་ཀྱི་དོན་རང་མཚན་དང་སེལ་བ་སྒྲོ་བཏགས་གཉིས་ངོ་བོ་གཅིག་ཉིད་དུ་འཁྲུལ་ནས་དགག་སྒྲུབ་ཀྱི་ཡུལ་ལ་འཇུག་པ་ན། དགག་སྒྲུབ་ཇི་ལྟར་བྱས་ནས་ཞུགས་པ་ལྟར་རང་གི་མཚན་ཉིད་ཀྱི་དོན་དཔྱད་པས་ཇི་ལྟར་བཅད་པ་ལྟར་མ་ནོར་བར་རྟོགས་པའི་ཤེས་པ་ཐོབ་པ་ཙམ་གྱིས་ཚད་མ་དག་གིས་བྱ་བ་གྲུབ་པ་ཡིན་པའི་ཕྱིར་ཚུལ་དེ་ཤིན་ཏུ་འཐད་པ་ཡིན་ནོ། །གཉིས་པ་མཇུག་བསྡུ། གསལ་བ་ལས་ཐ་དད་པའི་སྤྱི༷་འདོད་པ་འུག་ཕྲུག་པའམ་བྱེ་བྲག་པ་དང་། སྤྱི་གསལ་རྫས་གཅིག་ཡིན་ཞེས་འདོད་པ་མུ་སྟེགས་གྲངས་ཅན་པ་ཡིན་ལ། གངས་ཅན་པ་རྣམས་གྲངས་ཅན་པ་དེ་ཡི་རྗེས་སུ་འབྲང་ནས་སྤྱི་སོགས་དོན་ལ་ཡོད་པར་འདོད་ཀྱང་སྤྱི་དོན་ལ་མེད་པའི་སེལ་བར་འདོད་པ་ནི་དཔལ་ཆོས་ཀྱི་གྲགས་པ་དང་ས་སྐྱ་པཎྜི་ཏ་བདག་ལ་སོགས་པ་མཁས་པའི་ལུགས་ཡིན་ནོ། །ཞེས་སོ། །བསྡུ་བའི་ཚིགས་སུ་བཅད་པའོ། །ཚད་མ་རིགས་པའི་གཏེར་ལས་སྤྱི༷་དང་བྱེ་བྲག་བརྟག་པའི་རབ་ཏུ་བྱེད་པ་སྟེ་གསུམ་པའོ།། །།གཉིས་པ་སྣང་སེལ་གྱི་རྟོགས་ཚུལ་ལ། འཇུག་ཚུལ་སྤྱིར་བསྟན་པ་དང་། སོ་སོའི་རང་བཞིན་ངེས་པར་བྱ་བ། དེ་ལྟར་རྟོགས་པའི་ཕན་ཡོན་གསུམ། དང་པོ། རྟོག་མེད་ཤེས་པ་རང་ཡུལ་ལ་སྣང་བའི་སྒོ་ནས་འཇུག་ཏེ་སྣང་ཙམ་གྱིས་བྱ་བ་རྫོགས་པས་སོ། །སྒྲ་རྟོ༷ག་ཐམས་ཅད་རང་ཡུལ་ལ་གཞན་སེལ་གྱི་སྒོ་ནས་འཇུག་སྟེ་སྣང་ཙམ་གྱིས་བྱ་བ་མི་རྫོགས་པར་རིགས་མི་མཐུན་སེལ་བའི་བྱ་བ་བྱེད་པ་ཡིན་ནོ། །སྣང་སེལ་དེ་དག་འཁྲུལ་པ་དང་མ་འཁྲུལ་བའི་དབྱེ་བས་གཉིས་གཉིས་རྣམ་པ་


MR11_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཡོད་དེ། སྣང་བ་ལ་འཁྲུལ་མ་འཁྲུལ་གཉིས་སེལ་བ་ལ་ཕྱིན་ཅི་ལོག་མ་ལོག་གཉིས་ཏེ་བཞིའོ། །དེ་ལ་དང་པོ་རང་མཚན་མེད་པ་མཐོང་བ་འཁྲུལ་ཤེས། །དེ་ལ་དབང་པོ་དང་ཡིད་བསླད་པ་གཉིས། །རང་མཚན་ཡོད་པ་མཐོང་བ་མ་འཁྲུལ་པ། །དེ་ལ་དོན་རིག་དང་རང་རིག་གཉིས་ཡོད་དོ། །གཉིས་པ་ལ། སྣང་བ་དང་སེལ་བ་གཉིས། དང་པོ་ལ། སྣང་བའི་ཡུལ་གྱི་གནས་ལུགས། བློས་འཛིན་སྟངས། བློ་དང་དོན་མཐུན་ཚུལ་གསུམ། དང་པོ། ཡུལ་དོན་རང་ལ་གནས་པའི་དངོས་པོ་དཔེར་ན་བཻཌཱུཪྻ་ལ་སྔོན་པོ་དང་བྱས་མི་རྟག་ལྟ་བུ་རྣམས་ངོ་བོ་གཅིག་ཡིན་པ་ལ་དོན་གྱི་སྟེང་ན་ཐ་དད་དུ་མ་ཉིད་དུ་ཡོད་པ་གཏན་ནས་མི་སྲིད་ཅིང་ངོ་བོ་ཐ་དད་དུ་མ་ཡིན་པའི་ཆོས་རྣམས་དོན་གྱི་སྟེང་ན་གཅིག་ཏུ་གནས་པ་ནམ་ཡང་མི་སྲིད་ལ་ངོ་བོ་དབྱེར་མེད་ཀྱི་རྫས་གཅིག་ལ་གསལ་དང་མི་གསལ་གྱི་ཆ་གཉིས་སུ་སྣང་བ་མེད་པ་ཡིན་ནོ། །གཉིས་པ། ཡུལ་དེ་ལྟ་ཡིན་པ་དེས་ན་བློའི་འཛིན་སྟངས་ཀྱང་མངོན་སུམ་ཐམས་ཅད་ལ་དོན་གྱི་སྟེང་ན་ཇི་ལྟར་གནས་པ་བཞིན་སྣང་བ་ཡིན་པས་ཡུལ་གཅིག་ལ་ཐ་དད་སྣང་བ་མེད། དེ་བཞིན་ཐ་དད་པའི་ཡུལ་གཅིག་ཏུ་སྣང་མི་སྲིད་ཅིང་། སྣང་བས་འཇུག་ལ་ཡུལ་ལ་གང་གནས་ཅིག་ཆར་ལས་ཆོས་འགའ་ཞིག་སྣང་འགའ་ཞིག་མི་སྣང་བའི་རེས་འཇོག་མེད་དེ། དཔེར་ན་གཟུགས་མེ་ལོང་ལ་ཤར་ཚེ་གཟུགས་ཀྱི་མདོག་དབྱིབས་ཇི་ཡོད་འཆར་བ་བཞིན་ནོ། །གསུམ་པ་ལ།བློ་དོན་ཇི་ལྟར་མཐུན་ཚུལ། དེས་ན་མངོན་སུམ་མ་ངེས་པར་བསྒྲུབ་པ་གཉིས། དང་པོ། ཡུལ་ལ་ཇི་ལྟར་གནས་པ་ཡི་སྟོབས་ཀྱི་ཀྱིས་དེ་འཛིན་པའི་དབང་ཤེས་སྐྱེས་པས་ན། ཡུལ་དེ་མེད་ན་དེ་འཛིན་དེ་མི་འབྱུང་བའི་ཁྱབ་པ་ངེས་པའི་ཕྱིར། ཡུལ་ཅན་བློ་ཡུལ་


MR11_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཕན་ཚུན་འཆོ ལ་བ་མེད་དོ། །འདིར་གང་ངོ་བོ་དབྱེར་མེད་ཀྱི་གཅིག་ཡིན་ན་སྣང་མི་སྣང་གི་ཆ་གཉིས་མེད་པས་ཁྱབ་པ་འདི་ལ་བུམ་པ་ལྟ་བུ་འཇིག་རྟེན་ལ་གྲགས་པའི་རྫས་ལ་མི་གཟུང་གི། དབང་པོ་ལ་གང་སྣང་བ་དེ་ཙམ་ཀྱི་རྫས་དེ་ཉིད་ལ་གཟུང་དགོས་ཏེ། བསྟན་བཅོས་ལ་གྲགས་པའི་སྐྱེ་མཆེད་ཀྱི་རྫས་ཡིན་པ་གནད་ཀྱི་དོན་ཏོ། །གཏན་ཚིགས་འདི་ལ་ཕྱོགས་ཆོས་དང་ཁྱབ་བསྒྲུབ་རྩོད་སྤང་རྣམས་ཟུར་མཆན་དུ་བལྟའོ། །གཉིས་པ་ལ། མངོན་སུམ་མ་ངེས་པར་བསྒྲུབ་པ་དང་། སེལ་བ་ལས་གཞན་དུ་ངེས་པ་མི་འཐད་པའི་ཚུལ་བཤད་པ་གཉིས། དང་པོ་ལ། དངོས་དང་། དེ་ལ་རྩོད་སྤང་གཉིས། དང་པོ། དེས་ན་མངོན་སུམ་ཚད་མ་ཡང་། རྟོག་མེད་ཀྱི་ཤེས་པ་ཡིན་ཕྱིར་ངེས་མི་དགོས་ཏེ་ངེས་པ་རྟོག་པ་ཡིན་པས་སོ། །གཉིས་པ་ཚད་མ་མིན་པར་ཐལ་བའི་རྩོད་སྤོང་ནི། འོ་ན་དངོས་སུ་སྒྲོ་འདོགས་མ་བཅད་པའི་ཕྱིར་ཚད་མ་མིན་ནོ་ཞེ་ན། མངོན་སུམ་རྟོག་བྲལ་ལ་ངེས་པ་མེད་ཀྱང་ཡུལ་ལ་མ་འཁྲུལ་པ་ཉིད་ཀྱིས་ཚད་མ་ཡིན་པར་གྲུབ་པ་ཡིན་ནོ། །འོ་ན་དེས་དགག་སྒྲུབ་ཅི་ལྟར་བྱེད་ཟེར་ན་འཁྲུལ་རྒྱུ་མེད་ན་མངོན་སུམ་ཚད་མ་དེའམ་ཡོད་ན་དེ་ཁོ་ནས་རྟོག་ངོར་ངེས་མི་ནུས་ཀྱང་རྗེས་དཔག་གི་ཚད་མ་གཞན་གྱི་སྟོབས་ཉིད་ལས་སྒྲོ་འདོགས་ཆོད་ནས་ངེས་པའི་དབང་གིས་དགག་སྒྲུབ་བྱེད་པ་ཆེས་འཐད་པ་ཡིན་ནོ། །གཉིས་པ་ལ།སེལ་བ་མིན་པའི་ངེས་པ་ཡོད་པ་དང་། སེལ་བ་མིན་པའི་སྒྲ་རྟོག་གི་ཡུལ་ཅན་ཡོད་པར་འདོད་པ་དགག་པ་གཉིས། དང་པོ་ལ། སྔོ་ལྡོག་ངེས་པ་གཞན་སེལ་དུ་བསྒྲུབ་པ། ངེས་པའི་སྒྲོ་འདོགས་གཅོད་པའི་ཚུལ། དེ་སློབ་དཔོན་གྱི་དགོངས་པ་ཡིན་པར་


MR11_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་གསུམ། དང་པོ། ཁ་ཅིག་ན་རེ། གལ་ཏེ་སྐད་ཅིག་གི་ལྡོག་པ་ལ་གཞན་སེལ་འཇུག་མོད། སྔོན་པོའི་རང་ལྡོག་ངེས་པ་འདི། རྟོག་པ་ཡིན་པས་མངོན་སུམ་དུ་མི་རུང་ལ། རྟགས་ལ་མ་ལྟོས་པས་རྗེས་དཔག་ཀྱང་མ་ཡིན་ཅིང་། འགལ་ཟླ་མ་བཅད་པས་གཞན་སེལ་དུ་ཡང་མི་རུང་ངོ་ཞེ་ན། དོན་ཆ་ཤས་མ་ཕྱེ་བར་མངོན་སུམ་གྱིས་མཐོང་ནས་དེའི་རྗེས་བྱུང་གི་ཤེས་པས་སྔོན་པོའོ་ཞེས་སྤྱིའི་ཚུལ་དུ་རྟོགས་པ་སྔོན་པོའི་ལྡོག་པ་ངེས་པ་ནི། རྟོག་པ་ཡིན་ཕྱིར་མངོན་སུམ་མ་ཡིན་ལ་དེས་སྔོ་མིན་བཅད་པའི་གཞན་སེལ་གྱི་ཡུལ་ཡིན་ཅིང་། སེལ་བ་ལ་དངོས་ཡུལ་མེད་པས་སྣང་བརྟག་གཅིག་ཏུ་འཁྲུལ་ནས་ཞུགས་པ་ན་འཇུག་ཡུལ་རང་མཚན་ཐོབ་པ་ཡིན་ཅིང་དེ་ཡང་ཁ་ནང་དུ་བལྟ་བ་ལ་རང་རིག་ཡིན་པས་མ་འཁྲུལ་བའི་ཚད་མར་འདོད་དོ། །གཉིས་པ།བློ་གང་ལ་ངེས་པ་ཡོད་པ་དེས། དེ་མིན་འགལ་ཟླ་གཞན་གྱི་ཆ་ཤས་སུ་སྒྲོ་མ་བཏགས་པ་དེ་ཉིད་སྒྲོ༷་འདོགས་གཅོད་པ་ཡིན་པར་ཤེས་པར་བྱ་སྟེ་ངེས་སྒྲོ་འདོགས་དེ་གཉིས་སྣང་མུན་ལྟར་ལྷན་ཅིག་མི་གནས་འགལ་ཡིན་པའི་ཕྱིར་རོ། །གསུམ་པ། དེ་བཞིན་དུ་ངེས་པ་དང་ནི་དེ་མིན་དུ་སྒྲོ༷་འདོགས་ཀྱི་ཡིད་གཉིས་ཀའང་གཞན་སེལ་བའི་སྒོ་ནས་འཇུག་པའི་ཕྱིར། ངེས་སྒྲོ་འདོགས་དེ་དག་མངོན་སུམ་མ་ཡིན་ཞེས་རིགས་པ་ནི་དེ་ཁོ་ན་ཉིད་མཁྱེན་པས་གསུངས་པ་ཡིན་ནོ། །གཉིས་པ་སྣང་ཡུལ་ལ་སྒྲ་རྟོག་མི་འཇུག་ཚུལ་ལ། སྣང་ན་དགག་སྒྲུབ་ཅིག་ཆར་རྟོགས་པར་ཐལ་བ། དོན་གཅིག་མིང་གི་རྣམ་གྲངས་སུ་ཐལ་བ། ལྡོག་པས་དབྱེ་ན་སེལ་བར་འགྱུར་བ་གསུམ། དང་པོ། གལ་ཏེ་དེ་ལྟ་མིན་པར་སྒྲ་དང་ངེས་པ་ཡང་དངོས་པོ་


MR11_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བས་འཇལ་ན་ཅི་སྐྱོན་ཟེར་ན་སྐྱོན་ཡོད་དེ། དེ་མིན་གཅོད་པའི་མིང་གི་སྒྲ་དང་དེ་ལྟར་ངེས་པའི་རྟོག་པ་ཡི་དོན་དེ་དག་སྣང་བས་འཇལ་ན་ནི། ཡིན་མིན་དང་ཡོད་མེད་ཀྱི་དགག་སྒྲུབ་ཐམས་ཅད་ཀྱང་ཡུལ་དེ་སྣང་ཙམ་ན་ཅིག་ཆར་རྟོགས་པར་འགྱུར་ཏེ། དེ་ལྟར་ན་བུམ་པ་མཐོང་བའི་གང་ཟག་ལ་བུམ་པའི་སྟེང་ན་གཟོད་དགག་སྒྲུབ་དགོས་པ་མེད་པར་འགྱུར་ཏེ། བུམ་པ་སྣང་ཟིན་པ་དང་སྣང་བས་སྒྲ་རྟོག་གིས་འཇལ་ཟིན་པའི་ཕྱིར་རོ། །གཉིས་པ།ཡང་སྣང་ཙམ་གྱི་དུས་ན་འཇལ་རྒྱུ་དེ་ལས་གསར་དུ་སྒྲ་རྟོག་གི་དུས་ན་ཤེས་རྒྱུ་མི་སྲིད་དགོས་པས། རྟོག་ཡུལ་དང་སྣང་ཡུལ་སོ་སོ་བ་མེད་པས་སྣང་ཡུལ་དེ་གཅིག་པུ་ཉིད་ལ་བུམ་པ་བྱས་པ་མི་རྟག་སོགས་མིང་ཐ་དད་པའི་སྒྲ་ངེས་པ་ཇི་སྙེད་ཀྱིས་བརྗོད་ཅིང་དུ་མར་བརྟགས་ན་ཡང་། ང་དང་བདག་ལྟ་བུ་མིང་ནི་རྣམ་གྲངས་ཙམ་ཡིན་པར་འགྱུར་གྱི་དོན་ཐ་དད་ཐོབ་ཅིང་ཤེས་པ་མིན་པར་འགྱུར་རོ། །གསུམ་པ། ཁོ་ན་རེ་སྐྱོན་མེད་དེ་བྱས་མི་རྟག་སོགས་དོན་དེ་ཉིད་ལ་ལྡོག་པས་འབྱེད་ཟེར་ན་དོན་སེལ་བ་ཡིན་པ་ལ། དངོས་པོའི་མིང་གིས་བཏགས་པར་ཟད་དོ། །དེ་ལྟ་བུ་ནི་ལྡོག་པ་ལ་སྣང་བར་བཏགས་པས་རྟོག་གེའི་ཐ་སྙད་མི་ཤེས་པའི་སྐྱོན་ཡིན་ཅིང་། སེལ་བ་དེ་ལ་སྣང་བར་རློམ་པ་རྣམས་ནི་འཁྲུལ་པ་ཡིན་ནོ། །གཉིས་པ་སེལ་བ་ལ། མཚན་ཉིད། དེའི་རང་བཞིན། དེ་ལ་རྩོད་སྤོང་གསུམ། དང་པོ། གཞི་དེ་ཅིག་ཤོས་ཡིན་མི་སྲིད་པས་ན་དེ་མིན་གྱི་དངོས་འགལ་བཅད་པའི་རྟོག་པའི་སྒོ་ནས་ཡུལ་ལ་འཇུག་པ་ནི། གཞན་སེལ་གྱི་ཡུལ་ཅན་ནམ་འཛིན་སྟངས་ཀྱི་མཚན་ཉིད་ཡིན་པར་བཞེད་དོ། །


MR11_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ། སེལ་བའི་རྣམ་གཞག་དང་། དེའི་རབ་དབྱེ། ཐུན་མོང་དུ་མཇུག་བསྡུ་གསུམ། །དང་པོ་ལ། ཡུལ་གྱི་གནས་ལུགས་དང་། བློས་འཛིན་སྟངས་གཉིས། དང་པོ། གཞན་སེལ་དེ་རྟོག་པས་བརྟགས་པ་ཙམ་ཡིན་པའི་ཕྱིར་བློ་ངོ་ཙམ་ལས་སེལ་བ་རང་རྐྱ་བ་ལ་དངོས་ཀྱི་ཡུལ་ལམ་ཡུལ་རང་མཚན་ནམ་མཚན་ཉིད་པ་མེད་ཀྱང་སྣང་བརྟག་གཅིག་ཏུ་འཁྲུལ་བའི་འཇུག་ལྡོག་གི་ཡུལ་ནི་རང་མཚན་ལ་དམིགས་པ་ཡིན་ནོ། །འདི་ལ་གང་གིས་གང་ཇི་ལྟར་སེལ་ཚུལ་སོགས་དཔྱོད་པ་ནི་ཟུར་མཆན་དུ་གསལ་ལོ། །གཉིས་པ་ལ། མུ་བཞིའི་འཛིན་སྟངས་སྤྱིར་བསྟན་པ་དང་། བཟློག་པ་གཉིས་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། དེ་ལ་དོན་གྱི་སྟེང་ན་གཅིག་དང་ཐ་དད་ཕན་ཚུན་འདྲེ་བ་མེད་ཀྱང་རང་མཚན་གཅིག་ཡིན་པ་དང་ཐ་དད་ཡིན་པ་ལ། སེལ་བའི་འཛིན་སྟངས་དོན་བཞིན་དུ་བཟུང་བ་དང་བཟློག་སྟེ་བཟུང་བ་གཉིས་ཏེ་མུ་བཞི་སྲིད་པ་ཡིན་ནོ། །གཉིས་པ་ལ། ཐ་དད་ལ་གཅིག་ཏུ་འཛིན་པ་དང་། གཅིག་ལ་ཐ་དད་དུ་འཛིན་པ་བཤད་པ་གཉིས། དང་པོ་ལ། སྒྲོ་འདོགས་པའི་རྒྱུ་མཚན། སྒྲོ་འདོགས་པའི་བློའི་རྣམ་པ། སྒྲོ་བཏགས་པའི་དགོས་པ་གསུམ། དང་པོ། དེ་ལས་བཟློག་པ་གཉིས་འདིར་བཤད་དགོས་པས་དང་པོ་ཐ་དད་གཅིག་ཏུ་འཛིན་པའི་རྒྱུ་མེས་བསྲེག་ཆུས་ངོམས་པ་ལྟ་བུའི་བྱ་བ་དང་ཡལ་འདབ་ལྡན་པ་དང་ནོག་ལྐོག་ཤལ་ལྟ་བུ་མཚན་ཉིད་གཅིག་པ་རྣམས་ལ་གཅིག་ཅེས་པ་ལྟ་བུའོ། །གཉིས་པ་ལ། ཐ་དད་ལ་གཅིག་ཏུ་འཁྲུལ་ཚུལ་དང་། དེ་ལ་མི་འཐད་པ་སྤང་བ་གཉིས། དང་པོ། བློ་ཐོག་མེད་ནས་གོམས་པའི་བག་ཆགས་


MR11_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཀྱིས་འདི་རྣམས་ནི་མེའོ་ཆུའོ་ཤིང་ངོ་བ་ལང་ངོ་ཞེས་སྤྱི་གཅིག་ཏུ་འཁྲུལ་བ་ཡིན་ནོ། །གཉིས་པ། འོ་ན་དོན་ཐ་དད་ཡིན་པར་མཚུངས་པ་ལ་དེས་བཞག་པའམ་དེའི་འབྲས་བུའི་བློ་ཡང་འདྲ་དགོས་པས་འདི་ལྟར་དཀར་ཟལ་དང་ནག་རྒུར་ལ་བ་ལང་གཅིག་གི་བློ་སྐྱེ་བ་དང་རྟ་དང་བ་ལང་ལ་གཅིག་གི་བློ་མི་སྐྱེ་བར་ཐ་དད་ཀྱི་བློ་སྐྱེ་བ་འགལ་ལོ་ཞེ་ན། ཡུལ་དབང་ཡིད་བྱེད་ཐ་དད་པས་རྣམ་ཤེས་གཅིག་སྐྱེད་པ་དང་ནི་སྨན་ཐ་དད་པས་ནད་ཐ་དད་སེལ་བའི་བྱ་བ་བྱེད་པ་བཞིན་དུ་རྒྱུ་ཐ་དད་དུ་ཡོད་པ་ཙམ་དུ་འདྲ་བ་ཡིན་ཡང་འབྲས་བུ་གཅིག་སྐྱེད་མི་སྐྱེད་ལ་ཁྱད་པར་ཡོད་པ་ཆོས་ཉིད་ཀྱིས་འཐད་པའི་ཕྱིར་རོ། །གསུམ་པ་དགོས་པ། གསལ་བ་ཡུལ་དུས་རྣམ་པ་ཐ་དད་པ་རྣམས་ལ་དགག་སྒྲུབ་ཀྱི་བྱ་བ་ཕྱོགས་གཅིག་རྟོགས་པར་འགྱུར་ཏེ་ཤིང་མེད་ཅེས་བརྗོད་ན་ཤིང་ཐམས་ཅད་མེད་པར་གོ་བ་ཡིན་གྱི་གསལ་བ་རེ་རེ་ནས་མེད་ཅེས་བརྡ་སྦྱར་མི་ནུས་པའི་ཕྱིར་རོ། །གཉིས་པ་ལ། སྒྲོ་འདོགས་པའི་རྒྱུ་མཚན། སྒྲོ་འདོགས་པའི་བློའི་རྣམ་པ། ཐ་དད་དུ་སྒྲོ་བཏགས་པའི་དགོས་པ་གསུམ། དང་པོ།གཅིག་ལ་ཐ་དད་དུ་སྒྲོ་འདོགས་པའི་རྒྱུ་མཚན། གཞན་སེལ་གྱི་སྤྱོད་ཡུལ་ཐ་དད་པས་ན། ངོ་བོ་གཅིག་ལའང་ཆོས་གཞན་བསལ་བའི་ཆ་ནས་ལྡོག་པ་ཐ་དད་དུ་དབྱེ་བ་རུང་སྟེ། སྒྲའི་བྱས་མི་རྟག་དང་། ཆོས་ཅན་བསྒྲུབ་བྱ་གཏན་ཚིགས་ཐ་དད་དུ་ཕྱེ་བ་ལྟར་རོ། །གཉིས་པ། སེལ་ངོར་དེ་ལྟར་དབྱེ་བའི་སྒྲ་དང་རྟོག་པའི་འཇུག་ཚུལ་ལ་ཐ་དད་དུ་བཞག་པ་ལྟར། དོན་ལའང་ཐ་དད་ཉིད་དུ་ཡོད་པར་སྒྲོ་བཏགས་ནས་ཞེན་པར་བྱེད་དོ། །གསུམ་པ། ངོ་བོ་ཉིད་གཅིག་ཡིན་པ་ལ་


MR11_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་གཅིག་ཏུ་མ་རྟོགས་པ། དེ་ཉིད་རྟོགས་པར་བྱ་ཕྱིར་སྒྲ་མིན་དང་རྟག་པ་མ་བྱས་པ་ལས་ལོག་པའི་སྒྲ་མི་རྟག་བྱས་པ་སོགས་སུ་རྣམ་པར་དབྱེ་ཞིང་དོན་གཅིག་ཏུ་སྒྲུབ་པའི་སྒྲ་ཉིད་མི་རྟག་སོགས་སུ་གོ་བར་བྱེད་དོ། །གཉིས་པ། སེལ་བའི་རབ་དབྱེ་ལ། དབྱེ་བ་དངོས། དོན་ལ་གཞན་སེལ་དགག་པ། སོ་སོའི་རྣམ་གཞག་གསུམ། དང་པོ། གཞན་སེལ་ལ་དབྱེ་ན་བསྒྲུབ་བྱ་སྒྲུབ་པ་ཡོད་པ་གཞན་སེལ་དང་དགག་བྱ་འགོག་པ་མེད་པར་འཛིན་པ་ཡི་སྒོ་ནས་ཡོད་མེད་ཀྱི་གཞན་སེལ་རྣམ་པ་གཉིས། སྒྲ་དང་བློ་ཡི་དབྱེ་བ་ཡིས་ཡོད་མེད་དེ་ཡང་གཉིས་གཉིས་ཡིན་ཏེ་ཡོད་པ་སྒྲ་ཡི་གཞན་སེལ་དང་། ཡོད་པ་བློ་ཡི་གཞན་སེལ་གཉིས། དེ་བཞིན་མེད་པ་སྒྲ་དང་བློའི་གཞན་སེལ་གཉིས་ཏེ་བཞིའོ། །གཉིས་པ་ལ། དམ་བཅའ་བ་དང་དེ་སྒྲུབ་བྱེད་ཀྱི་རིགས་པ་གཉིས། དང་པོ། དོན་ལ་གཞན་སེལ་དགག་ན། བོད་ཁ་ཅིག་དོན་གྱི་གཞན་སེལ་ཞེས་ཡུལ་བེམ་པོ་ལ་འདོད་པ་ཆོས་གྲགས་ཀྱི་དགོངས་པ་ལོག་ལྡོག་མ་ཕྱེ་བར་ཟད་དེ་འདི་ལྟར་གཞན་སེལ་ཞེས་བྱ་བ་དེ་བློ་ཡི་འཇུག་ཚུལ་ཡིན་གྱི་བེམ་པོའི་དོན་ལ་གཞན་སེལ་མེད་དོ། །གཉིས་པ་ལ། སྣང་ཡུལ་གཞན་སེལ་དུ་མི་འཐད། འཐད་ན་སྣང་བར་མཚུངས་པར་ཐལ་བ་གཉིས། དང་པོ། དེ་མེད་པའི་རྒྱུ་མཚན་དོན་གྱི་གཞན་སེལ་བ་ཞེས་གྲགས་པ་ནི་རང་མཚན་ཡིན་པའི་ཕྱིར། དེ་ནི་སྣང་བའི་ཡུལ་དུ་འགྱུར་གྱི་རྟོག་ཡུལ་སེལ་བ་ཡིན་པ་ཉམས་སོ། །གཉིས་པ། གལ་ཏེ་སེལ་བ་དོན་ལ་ཡོད་ན་རྟོག་མེད་ཀྱི་འཛིན་སྟངས་སྣང་བའང་དོན་ལ་ཡོད་པར་མཚུངས་པར་བསྒྲེའོ། །གལ་ཏེ་སྣང་བ་དེ་དོན་ལ་ཡོད་པར་འདོད་ན་དོན་ཐམས་ཅད་རང་རང་གི་སྟེང་


MR11_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྣང་བ་ཡོད་ཅིང་དེ་ལྟར་ན་དོན་ཡོད་ཙམ་གྱིས་སྣང་བར་ཐལ་བས་ན་ལོང་བརྒྱུན་ཆད་པར་འགྱུར་རོ། །གསུམ་པ་སོ་སོའི་རྣམ་གཞག་ལ། ཡོད་པ་སྒྲ་བློའི་གཞན་སེལ་དང་། མེད་པ་སྒྲ་བློའི་གཞན་སེལ་གྱི་རྣམ་གཞག་གཉིས། དང་པོ་ལ།མཚན་ཉིད། དབྱེ་བ། སོ་སོའི་དོན་གསུམ། དང་པོ། དངོས་པོའི་གཞན་སེལ་གྱི་མཚན་ཉིད་ནི་བློ་ངོར་དངོས་པོ་གཟུང་བ་ཉིད་ཀྱིས་དངོས་མེད་དོན་བྱེད་མི་ནུས་པ་གཅོད་པ་སྟེ། དེས་ན་ཡོད་པའི་སྒྲ་རྟོག་ཐམས་ཅད་རྣམ་གཅོད་ཀྱི་ཡུལ་ཅན་ཡིན་ནོ། །གཉིས་པ། དངོས་པོའི་གཞན་སེལ་དེ་ལ་དབྱེ་ན་མངོན་གྱུར་ཏུ་ངེས་པ་སྣང་བ་ལ་སེལ་བས་ཞུགས་པ་དང་ནི་ལྐོག་གྱུར་ཏུ་ངེས་པ་མི་སྣང་བའི་ཡུལ་གྱི་སྒོ་ནས་དབྱེ་ན་གཉིས་ཡོད་དོ། །གསུམ་པ་ལ། སྣང་བ་མངོན་གྱུར་ལ་ངེས་པ་དང་། མི་སྣང་བ་ལྐོག་གྱུར་ལ་ངེས་པའི་གཞན་སེལ་གཉིས། དང་པོ། དབང་ཤེས་ལ་བུམ་པ་རང་གི་མཚན་ཉིད་སྣང་བ་མངོན་སུམ་ཡིན་ལ། དེ་ལ་སྔོ་སྔོ་མིན་རྟག་མི་རྟག་སོགས་མིང་བཏགས་ཤིང་རྟོག་པས་ཡིན་མིན་འབྱེད་པའི་རྗེས་ཀྱི་ངེས་ཤེས་ཇི་སྙེད་པ། སྒྲ་དང་རྟོ༷ག་པས་རྣམ་པར་ཕྱེ་བས་ན། གཞན་སེལ་བ་ཡི་སྒོ་ནས་ལྡོག་ཆ་སོ་སོར་ཕྱེ་བ་ཡི་ཡུལ་དུ་འགྱུར། རྟོག་མེད་ལ་ཡུལ་མངོན་སུམ་སྣང་བཞིན་པ་རྗེས་སུ་རྟོག་པས་ངེས་པ་དང་། དེ་མི་སྣང་བཞིན་རྟོག་པས་དཔྱད་པ་ཙམ་ལས་དེ་གཉིས་གང་ལྟར་ཡང་རྟོག་པ་རང་དོན་རང་མཚན་ཡོད་པ་མིན་པར་འདྲ་སྟེ། རྣམ་པ་ཀུན་ཏུ་རྟོག་པའི་ཡུལ་སེལ་བ་ཡིན་ནོ། །གཉིས་པ་ལ། ངོ་བོ་དང་། དབྱེ་བ་གཉིས། དང་པོ། དོན་རང་གི་མཚན་ཉིད་མངོན་སུམ་ལ་མི་སྣང་བ། རྟགས་ལ་ལྟོས་པ་དུ་བ་ལས་མེར་ངེས་པ་ལྟ་བུའམ་མི་


MR11_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་པ་མེའོ་སྙམ་པ་ལྟ་བུ་གང་ཡིན་ཀྱང་རུང་སྟེ་བློ་ངོའི་དོན་དེ་སྒྲ་དང་རྟོག་པའི་ཡུལ་ཡིན་པས། ཡུལ་གང་ཞིག་རྟག་མི་རྟག་སོགས་སུ་ངེས་པ་དེ་ཡང་གཞན་སེལ་ཡིན་ནོ། །གཉིས་པ་དེ་ལ་དབྱེ་ན། བདེན་པ་ལ་འཇུག་པ་རྗེས་དཔག་གི་གཞན་སེལ་དང་མི་བདེན་པ་ལ་འཇུག་པ་ལོག་ཤེས་ཀྱི་གཞན་སེལ་དང་མཐའ་གཉིས་པ་ལ་འཇུག་པ་ཐེ་ཚོམ་གྱི་གཞན་སེལ་ཏེ་རྟོག་པའི་འཇུག་ཚུལ་རྣམ་པ་གསུམ་ཡོད་དེ་ཐེ་ཚོམ་ཡང་རྟོག་པའི་སྒོ་ནས་མཐའ་གང་རུང་རེར་འཛིན་པ་སེལ་བ་ཡིན་ནོ། །གཉིས་པ། མེད་པ་གཞན་སེལ་ལ། མཚན་ཉིད། དབྱེ་བ། དངོས་མེད་སྣང་ཡུལ་མིན་ཚུལ་གསུམ། དང་པོ། མེད་པ་གཞན་སེལ་གྱི་མཚན་ཉིད་ནི་ཡོད་པ་དོན་བྱེད་ནུས་པ་གཅོད་པ་ཞེས་བྱའོ། །གཉིས་པ་དེ་ལ་དབྱེ་ན་དགག་བྱ་ཤེས་བྱ་ལ་ཡོད་པ་གཅོད་པ་བུམ་མེད་སོགས་དང་རང་མཚན་ཤེས་བྱ་ལ་མེད་པ་ནི་རི་རྭ་རྟག་དངོས་སོགས་གཅོད་པ་ཡི་སྒོ་ནས་མེད་པའི་སེལ་བ་རྣམ་པ་གཉིས་ཡོད་དོ། །གསུམ་པ་ལ། སྣང་ཡུལ་དུ་མི་རུང་བའི་འཐད་པ། དེ་ལ་རྩོད་སྤང་གཉིས། དང་པོ།དངོས་མེད་སྣང་ཡུལ་མིན་ཏེ་དངོས་མེད་ལ་རང་གི་ངོ་བོ་ཡོད་པ་མིན་པས། ངོ་བོ་མེད་པ་དེ་ནི་སྣང་ཡུལ་ལམ་ཤེས་བྱ་ཉིད་མིན་པ་དེས་ན་ད ངོས་པོ་བསལ་བ་ཙམ་ལ་གཞན་སེལ་གྱི་སྒོ་ནས་དངོས་མེད་ཅེས་ནི་བཏགས་པར་ཟད་ཀྱི་དངོས་མེད་ལ་ངོ་བོ་རང་མཚན་ནམ། རང་རྐྱ་ཐུབ་པ་མེད་དོ། །གཉིས་པ་ལ། དངོས་པོ་དང་མཚུངས་པ། ཚད་མ་དང་འགལ་བ། གྲགས་པ་དང་འགལ་བ། ལུང་དང་འགལ་བ་སྤང་པ་བཞི། དང་པོ། འོ་ན་དངོས་མེད་མ་གྲུབ་པས་དངོས་པོའང་མ་གྲུབ་པར་འགྱུར་རོ་ཞེ་ན་མི་འགྱུར་ཏེ།


MR11_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་རང་གི་རྒྱུ་ལས་གྲུབ་པ་ནི། དངོས་པོ་མེད་པ་ལ་ལྟོས་མི་དགོས་པར་རྟོག་མེད་ཀྱི་སྣང་ངོར་རང་དབང་གིས་སྣང་ཞིང་རྟོག་ངོར་སེལ་བས་གྲུབ་ལ་དངོས་མེད་རྒྱུ་ཡིས་མ་བསྐྱེད་པས་ངོ་བོ་མ་གྲུབ་ཕྱིར་སྣང་བས་མི་འགྲུབ་ཅིང་དངོས་པོ་བཀག་ནས་གཟོད་གཞན་སེལ་བའི་བློ་ངོར་སྒྲུབ་དགོས་པས་དེ་གཉིས་གཅིག་གཅིག་ལ་ལྟོས་མི་ལྟོས་ཡོད་དོ། །གཉིས་པ་ལ་ཕྱོགས་སྔ་དང་། ལན་གཉིས། དང་པོ། ཁོ་ན་རེ། རི་བོང་རྭ་དང་མོ་གཤམ་གྱི་བུ་སོགས་མེད་མོད་ཀྱི། འདུས་མ་བྱས་གསུམ་དང་རྟོག་བཅས་རྟོག་མེད་ཀྱི་འཁྲུལ་ཡུལ་དོན་སྤྱི་དང་མེད་པ་གསལ་སྣང་གཉིས། དེར་སྣང་བ་ཡི་མྱོང་བའི་སྟོབས་ཉིད་ལས་དེ་འཇལ་གྱི་ཚད་མ་དེ་ཡི་ཡུལ་དེ་རྣམས་ཡོད་པར་གྲུབ་ཅེ་ན། གཉིས་པ། ཡུལ་དེ་དང་དེར་སྣང་བ་དེ་ནི་ཤེས་པ་ལས་མ་འདས་པ་ཡིན་གྱི་ཤེས་པ་ལས་གུད་ན་ཕྱིར་རམ་ཕྱི་རོལ་གྱི་དོན་དུ་འདོད་ན་ནི་དེ་དོན་ཡིན་པར་ཚད་མས་གཞལ་མི་ནུས་པའི་ཕྱིར་རོ། །དེས་ན་འདུས་མ་བྱས་བརྟག་པ་བརྟག་མིན་ནམ་མཁའ་གསུམ་དང་། འཁྲུལ་ཡུལ་གཉིས་ལ་ཡོད་པར་སྒྲུབ་པའི་ཚད་མ་མེད་དོ། །གསུམ་པ་ལ། ཕྱོགས་སྔ་དང་། དེ་དགག་པ་གཉིས། དང་པོ། ཁོ་ན་རེ། འོ་ན་གྲགས་པ་དང་འགལ་ཏེ་འདི་ལྟར་ནམ་མཁའ་མེད་ན་འཇིག་རྟེན་ན་ས་སོགས་འབྱུང་ལྔའི་ཡ་གྱལ་དུ་བགྲངས་བ་དང་། བསྟན་བཅོས་ན་ནམ་མཁའ་དཔེར་བྱས་པ་སོགས་འབྱུང་ལྔའི་ཡ་གྱལ་གཅིག་མེད་པས་འཇིག་རྟེན་དང་བསྟན་བཅོས་གཉིས་དང་འགལ་ཞེ་ན། གཉིས་པ་ལ། སྒྲུབ་བྱེད་ཀྱི་ཚད་མ་མེད་པ་དང་། རྒྱན་དང་བུ་ག་སྒྲུབ་བྱེད་དུ་མི་རུང་བར་བསྟན་པ་གཉིས། དང་པོ། ནམ་མཁའ་ཞེས་པ་


MR11_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ཐོགས་རེག་བཀག་ཙམ་ལ་བཏགས་པར་ཟད་ཀྱི་དོན་དུ་ནམ་མཁའ་ལ་རང་མཚན་མེད་ཕྱིར་མངོན་སུམ་དུ་འགྱུར་བ་མིན་ཏེ་རང་རིག་གིས་གྲུབ་ན་ཤེས་པར་འགྱུར་ལ། དོན་རིག་མིག་སོགས་ཀྱིས་གྲུབ་ན་གཟུགས་སོགས་སུ་འགྱུར་རོ། །ནམ་མཁའ་ཆོས་གང་དང་ཡང་དེ་བྱུང་དང་བདག་གཅིག་པའི་འབྲེལ་བ་མེད་ཕྱིར་རྗེས་དཔག་གིས་ཀྱང་ཡོད་པར་འགྲུབ་པ་མེད་པ་དེས་ན་ནམ་མཁའ་ཡོད་དོ་ཞེས་སྒྲུབ་པར་བྱེད་པ་ལ་ཚད་མ་གང་ཡང་མེད་པས་དམ་བཅའ་ཙམ་དུ་ཟད་དོ། །གཉིས་པ། འོ་ན་སྔོན་པོར་སྣང་བ་དང་བུ་གའི་ནང་གི་ནམ་མཁའ་མངོན་སུམ་མཐོང་བས་གནོད་དོ་སྙམ་ན། རྒྱན་གྱི་ནམ་མཁའ་ཞེས་པ་སྟེང་གི་གནམ་སྔོན་པོར་སྣང་བ་འདི་ནི་རི་རབ་སོགས་ཀྱི་འོད་སྔོན་པོ་སྣང་བའི་ཁ་དོག་ཡིན་གྱི་ནམ་མཁའ་མིན་ལ་བུ་ག་ཧ་རེ་བ་ནི་དེར་གཟུགས་གཞན་མ་མཐོང་བ་ཡི་ཆ་ཙམ་ཞིག་ཡིན་གྱི་ནམ་མཁའ་ཉིད་མཐོང་བ་མིན་ནོ། །དེས་ན་རྒྱན་དང་བུ་ག་ཡི་ནམ་མཁའ་སྔོན་པོ་ དང་སྟོང་་རེ་བ་དེ་ནི་ནམ་མཁའི་སྒྲུབ་བྱེད་དུ་རུང་བ་མིན་ནོ། །བཞི་ ་ལུང་འགལ་སྤང་བ། ཁོ་ན་རེ་ལུང་དང་འགལ་ཏེ། འདུས་མ་བྱས་རྣམས་མ་གྲུབ་ན། རྟག་མི་རྟག་གཉིས་ཀྱི་ནང་ནས་འདུས་མ་བྱས་རྟག་པར་གསུངས་ཤིང་ཆོས་ཀྱི་གྲགས་པས་ཀྱང་རྟག་པའི་ནམ་མཁའ་དཔེར་མཛད་པ་སོགས་ལུང་ལས་འདུས་མ་བྱས་རྟག་པར་བཤད་པ་རྣམས་དང་འགལ་ལོ་ཞེ་ན། རིག་པ་ཅན་པ་སོགས་མུ་སྟེགས་བྱེད་དང་བྱེ་བྲག་ཏུ་སྨྲ་བ་སོགས་ཉན་ཐོས་ཀྱི་རྟག་སྨྲ་གཉིས་པོ་ཆོས་ཐམས་ཅད་རྫས་སུ་འདོད་པའི་ཕྱིར་ནམ་མཁའ་ཡང་རྫས་སུ་གྲུབ་པའི་རྟག་པར་འདོད་ལ་དེ་མི་འཐད་


MR11_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་དཔལ་ཆོས་ཀྱི་གྲགས་པ་ཉིད་ཀྱིས་ནི་མི་རྟག་པ་ལོག་ཙམ་ལ་རྟག་པའི་ཐ་སྙད་འདོགས་པར་མཛད་ཀྱི་ཡོད་རྟག་གི་གཞི་མཐུན་བཞེད་པ་མ་ཡིན་ཏེ། རྣམ་འགྲེལ་ལས། མེད་པ་རྟག་ཉིད་ག་ལ་ཡིན། ཞེས་སྒྲོ་བཏགས་པ་ཙམ་དུ་བཞེད་པ་ཡིན་ནོ། །གསུམ་པ་སྣང་སེལ་ཐུན་མོང་མཇུག་བསྡུ། དབང་ཤེས་ནི་དགག་སྒྲུབ་ཀྱི་ཐ་སྙད་མི་བརྗོད་པར་སྣང་ཙམ་དུ་བརྟག་པ་ཡིན་པས་དཔེར་ན། ལྐུགས་པ་མིག་ཅན་དང་འདྲ་ལ། རྟོག་པར་རང་གི་ཡུལ་དངོས་སུ་མ་མཐོང་ཡང་སེལ་བའི་ངོར་ཡིན་མིན་སོགས་སོ་སོར་འབྱེད་པའི་ཕྱིར་ལོང་བ་སྨྲ་མཁས་དང་འདྲ་ཞིང་རང་རིག་མེད་ན་མཐོང་རྟོག་ཐ་སྙད་ཇི་སྙེད་ཀྱང་མེད་ལ་རང་རིག་གིས་མྱོང་བ་ལ་བརྟེན་ནས་རྟོག་མེད་ཀྱི་ཡུལ་ལ་རྟོག་པས་འཇུག་པས་ན་རང་རིག་དབང་པོ་ཚང་བ་ཡིས་རྟོག་རྟོག་མེད་ཀྱི་ཤེས་པ་གཉིས་པོ་དེ་ཡི་བརྡ་སྤྲོ༷ད་པར་བྱེད་པ་ལྟ་བུའོ། །ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་རྩོད་སྤོང་ལ། སྤྱི་མེད་ན་བརྡ་སྦྱོར་བ་མི་སྲིད་པ་སྤང་པ། གཞན་སེལ་ཡིན་ན་ཕན་ཚུན་བརྟེན་པར་ཐལ་བ་སྤང་བ། གཅད་བྱ་མེད་པ་ལ་གཞན་སེལ་མི་འཇུག་པ་སྤང་བ། སེལ་བ་དངོས་པོར་གྲུབ་མ་གྲུབ་བརྟག་ན་མི་འཐད་པ་སྤང་བ། སེལ་བ་ལ་སྤྱི་མེད་ན་གཞི་མཐུན་མི་སྲིད་པའི་རྩོད་པ་སྤང་བ་ལྔ། དང་པོ་ལ། རྩོད་པ་དང་། ལན་གཉིས། དང་པོ། བྱེ་བྲག་པ་ན་རེ། བརྗོད་བྱ་སྤྱི༷་དོན་ལ་མེད་པའི་ཕྱིར་ན། དེས་བཞག་པར་གྱུར་པ་སྤྱི་དེ་ཡི་རྗོད་བྱེད་ཀྱི་སྒྲ་ནི་རྒྱུ་མེད་པ་ཅན་དུ་འགྱུར་ལ་དེ་ལྟ་ན་སྤྱིའི་ཐ་སྙད་ཐམས་ཅད་རྒྱུན་ཆད་པར་འགྱུར་ཏེ་རྒྱ་མེད་པའི་འབུར་བཞིན་ནོ་ཞེ་ན། གཉིས་པ་ལ། ལན་དང་། དེ་མི་འཐད་པའི་སྐྱོན་བརྗོད་པ་སྤང་བ་


MR11_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། དང་པོ། སྒྲ་རྣམས་ནི་ཡུལ་སྔོན་དུ་གྲུབ་ཟིན་ནས་དེས་ཚུར་བཞག་པ་ཡིན་པས་ཁྱབ་པ་མེད་དེ་འདི་ལྟར་བརྗོད་འདོད་ཀྱི་དབང་གིས་ཕར་སྦྱར་ནས་འཇུག་པའི་ཕྱིར། རྗོད་བྱེད་ཀྱི་སྒྲ་རྣམས་འབྱུང་བ་མཐའ་གཅིག་ཏུ་དང་པོ་ནས་བརྗོད་བྱའི་ཡུལ་ཡོད་པ་ལ་ལྟོས་པའི་ངེས་པ་མེད་དོ། །གཉིས་པ་ལ་སྐྱོན་བརྗོད་པ་དང་། དེའི་ལན་གཉིས། དང་པོ། ཁོ་ན་རེ་གལ་ཏེ་སྤྱི་ཡི་སྒྲ་རྣམས་དོན་གྱི་སྒོ་ནས་བཞག་པ་མིན་པ་དེ་ལྟ་ཡིན་ན་བརྡ་སྤྲོད་པ་དག་གིས་ཆོས་བརྗོད་པའི་སྒྲ་དང་ཆོས་ཅན་བརྗོད་པ་ཡི་སྒྲ་གཉིས་སྦྱར་བ་དོན་མེད་པར་འགྱུར་ཏེ་དོན་ཐམས་ཅད་རང་མཚན་རྐྱང་བ་མ་འདྲེས་པ་སྤྱི་དང་བྲལ་བ་ཡིན་པའི་ཕྱིར་རོ་ཞེ་ན། གཉིས་པ། དོན་གྱི་ངོ་བོ་རང་མཚན་གཅིག་པོ་དེ་ཉིད་ལ། ཁྱད་པར་གཞན་སྤོང་མི་སྤོང་གི་བརྗོད་འདོད་སྟོབས་ཀྱིས་གང་བརྗོད་པར་འདོད་པ་དེ་དག་ཏུ་གོ་བའི་སླད་དུ་ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་གཉིས་སྦྱར་བར་ཟད་ཀྱི་སྒྲ་གཉིས་ཀྱི་ཡུལ་སོ་སོར་གྲུབ་པ་དོན་གྱི་སྟེང་ན་མེད་དོ། །གཉིས་པ་ལ། རྩོད་པ་དང་། ལན་གཉིས། དང་པོ། རྒྱལ་དཔོགས་པ་ན་རེ་ཤིང་གོ་བ་ལ་དངོས་འགལ་ཤིང་མིན་གཅོད་པ་གཞན་སེལ་གྱི་སྒྲ་ཡིན་ནོ་ཟེར་བའི་ལུགས་ལྟར་ན་དེ་དང་དེ་མིན་གོ་བ་གཉིས་པོ་དེ་ནི་ཕན་ཚུན་བརྟེན་དགོས་པའི་ཕྱིར། གཅིག་རྐྱང་བར་འཛིན་པ་མ་གྲུབ་པས་ཅིག་ཤོས་ཀྱང་མི་གྲུབ་ལ་མཐར་གཉིས་ཀ་མེད་པར་འགྱུར་ཏེ། འདི་ལྟར་ཤིང་གོ་བ་ཤིང་མིན་ལ་ལྟོས། ཤིང་མིན་གོ་བ་ཤིང་ལ་ལྟོས་པས་གང་རུང་ཆིག་རྐྱང་འཛིན་པ་མི་སྲིད་ཅིང་གཅིག་མ་བཟུང་ན་གཅིག་གོ་བ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ན་ཐ་སྙད་ཐམས་ཅད་རྒྱུན་ཆད་པར་འགྱུར་བ་དེས་ན་དེ་མིན་


MR11_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་པའི་གཞན་སེལ་གྱི་བརྡར་བཏགས་པ་ཞེས་བྱ་བ་འདི་མི་སྲིད་ཅེས་ཟེར་རོ་ལོ། །གཉིས་པ་ལ། མགོ་མཚུངས་དང་། རྣལ་མའི་ལན་གཉིས། དང་པོ་ལ། དངོས་དང་། དེའི་སྐྱོན་སྤང་དགག་པ་གཉིས། དང་པོ། དངོས་པོའི་རིགས་ཉིད་ལ་བརྡའ་འདོགས་པར་འདོད་པ་ཁྱེད་ཀྱིས་ཀྱང་ཤིང་ཞེས་པའི་བརྡ་དེས་དངོས་འགལ་ཤིང་མིན་མི་གཅོད་ན། ཤིང་དེ་ཡི་ངོ་བོ་རྟོགས་མི་སྲིད་དེ། ཤིང་འོན་ཅིག་ཅེས་པའི་སྒྲ་དེས་ཆུ་ལྟ་བུ་གཅིག་མ་བཅད་ན། དེ་དང་ཐུན་མོང་དུ་གོ་བར་འགྱུར་གྱི་ཤིང་ཁོ་ན་ལ་གོ་བ་མི་འཐད་ལ། གཅོད་ན་ཡང་བརྡ་མ་སྦྱར་གོང་དུ་ཤིང་གི་དོན་འཛིན་ན་ནི་བརྡ་སྦྱོར་མི་དགོས་ལ། མི་འཛིན་ན་ཤིང་ཞེས་བརྗོད་པའི་ཚེ་ནའང་འགལ་ཟླ་ཤིང་མིན་མ་རྟོགས་པས། ཤིང་མི་འགྲུབ་ལ་དེ་ལྟ་ན་ཤིང་དགག་སྒྲུབ་ཀྱི་ཐ་སྙད་ཐམས་ཅད་མེད་པར་འགྱུར་རོ་ཞེས་གང་སྨྲས་པ་དེ་ཁྱོད་རང་ལ་མཚུངས་པར་འཁོར་བ་ཁོ་ན་ཉིད་དུ་ངེས་སོ། །གཉིས་པ་ལ། སྐྱོན་སྤང་དང་། དེ་དགག་པ་གཉིས། དང་པོ། དེའི་ལན་དུ་སྤྱི་དངོས་སྨྲ་བ་རྣམས་ན་རེ་ཁོ་བོ་ཅག་གིས་དངོས་འགལ་བསལ་ཏེ་དགག་པ་སྔོན་དུ་འགྲོ་བའི་སྒོ་ནས་དངོས་པོ་དེ་མི་སྒྲུབ་ལ་འོན་ཀྱང་སྒྲུབ་པ་རྐྱང་བར་འདོད་པས་ཡལ་ག་ལོ་འདབ་ལྡན་པའི་ཤིང་གཅིག་མཐོང་བས། དེ་ལ་འདི་ཤིང་ཡིན་ནོ་ཞེས་བརྡ་བྱེད་ལ་ཕྱིས་ཐ་སྙད་འདོགས་པ་ཉིད་ཀྱི་དུས་ནའང་སྤྱིའམ་དེ་དང་འབྲེལ་བའི་རང་མཚན་དེ་ཉིད་རྟོགས་པ་ཡིན་གྱི་དགག་པ་ལ་མི་ལྟོས་པས་སྐྱོན་མེད་ཤེ་ན། གཉིས་པ། འོ་ན་ཁྱོད་ཀྱི་དང་པོ་བརྡ་ཡི་དུས་ན་མི་ལྡན་དང་མི་སྲིད་རྣམ་གཅོད་ཙམ་དུ་བཟུང་སྟེ། འདི་ཡང་ཤིང་ཡིན་ལ་གཞན་ཤིང་ཡོད་ཅེས་ཤིང་མ་ཡིན་པ་གཞན་མ་བཀག་ན་


MR11_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཐ་སྙད་ཀྱི་དུས་སུ་ཤིང་ཞེས་པའི་སྒྲ་དེས་རྡོ་བོང་སོགས་ལ་ཡང་ཤིང་དུ་དོགས་པས་འདོད་པའི་ཤིང་དེ་བརྡ་དེས་མི་འགྲུབ་ལ། གལ་ཏེ་འདི་ཁོ་ན་ཤིང་ཡིན་ནོ་ཞེས་ཡལ་ལོ་མི་ལྡན་པ་གཞན་ཤིང་ཡིན་པ་བཀག་སྟེ་གཞན་ལྡན་རྣམ་གཅོད་དུ་སྦྱོར་ན་ཐ་སྙད་ཀྱི་ཚེ་བརྡའ་དེས་འདོད་བྱ་ཤིང་འགྲུབ་མོད། འོན་ཀྱང་དེ་ནི་ཤིང་མིན་གཞན་བསལ་བའི་གཞན་སེལ་དུ་གྲུབ་པ་ཡིན་ནོ། །གཉིས་པ་རྣལ་ལན་ལ། དངོས་དང་། དོགས་སྤང་གཉིས། དང་པོ། ངེད་ཀྱི་ལུགས་ལ་འདི་ལྟར་ཡལ་ག་ལོ་མ་དང་ལྡན་པའི་དོན་ཞིག་མཐོང་ནས། དེ་ལ་ཤིང་དེ་་བརྡ་བྱེད་ཅིང་དེ་བཞིན་དུ་ཡལ་ལོ་མི་ལྡན་པ་གཞན་ལ་རིགས་ཐ་དད་པ་ཤིང་མིན་དུ་བརྡ་བྱེད་པས་ན་དེ་ལྟ་བུའི་བརྡ་དེ་རྟོག་བཅས་ཀྱི་བློས་རིགས་མཐུན་རྣམས་ལ་གཅིག་ཏུ་ཞེན་ནས་སྦྱོར་བར་བྱེད་དེ་བརྡ་དུས་སུ་ཡལ་ལོ་ཡོད་མེད་ཕྱེ་ནས་འཇུག་དུས་སུ་རྣམ་གཅོད་ལ་དངོས་སུ་མ་བརྟག་པར་དོན་ལ་འཇུག་པ་ཡིན་ནོ། །དེས་ན་བརྡའི་ཡུལ་རིགས་ནི་རིགས་མི་མཐུན་གཞན་སེལ་བ་ལས་གཞན་དུ་ཡོད་པ་མིན་ནོ། །གཉིས་པ། འོ་ན་སྒྲ་ཀུན་གཞན་སེལ་ཁོ་ནས་སྟོན་ན་ངེས་བཟུང་གི་སྒྲ་གཞན་ལྡན་རྣམ་གཅོད་ཁོ་ནས་སྦྱོར་དགོས་སམ་ཞེ་ན་སྒྲ་སྦྱོར་བ་ཐམས་ཅད་གཞན་ལས་བཟློག་ནས་བརྗོད་བྱ་དེར་དངོས་སུ་འཇུག་པའི་ཕྱིར་ཚིག་ཀུན་ནི་རང་བཞིན་གྱིས་ངེས་བཟུང་གི་སྙིང་པོ་ཅན་ཡིན་ཏེ། འདི་ལྟར་བུམ་པར་ཆུ་འོན་ཅིག་ཅེས་བརྗོད་པ་ལྟ་བུ་ལ་བུམ་པའི་སྒྲ་དེས་གཞན་ཁྱོར་བ་སོགས་ཀྱིས་ཆུ་ལེན་པ་མ་བཅད་ན་ཆུ་འོན་ཅིག་ཅེས་པ་ཁོ་ན་བརྗོད་རིགས་ཀྱི་བུམ་པ་བརྗོད་པ་ལ་དགོས་པ་མེད་པ་དང་། དེ་བཞིན་ཆུ་ཞེས་པའི་སྒྲ་དེས་གཞན་ཕྱག་དར་སོགས་མ་བཅད་ན། འོ་ན་ཅིག་


MR11_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་ཁོ་ན་བརྗོད་རིགས་པ་དང་། ཡང་དེ་བཞིན་འོན་ཅིག་ཅེས་པའི་སྒྲ་དེས་གཞན་མི་ལེན་པ་མ་བཅད་ན་དེ་བརྗོད་པལ་དོན་མེད་པར་འགྱུར་བས་སྒྲ་དེ་དག་གིས་བཅད་པ་ལྟར་རྟོག་པའི་འཇུག་ཚུལ་ཡང་དེ་ལྟར་ངེས་ཏེ། ཤིང་ཞེས་པས་རྡོ་བོང་བ་སོགས་གཅོད་ཀྱི་ཤ་ཤུག་སོགས་མི་གཅོད་པ་ལྟར་ལྡོག་པའི་འགལ་ཟླ་དེ་མིན་མ་བཅད་ན། དེ་དང་ཐུན་མོང་གི་སྒྲར་གྱུར་ནས་ལོག་པ་ཐུན་མོང་བ་བློར་མི་གྲུབ་བོ། །འདིར་ཤེས་བྱ་ལ་གཞན་སེལ་གྱིས་མ་ཁྱབ་པར་སྨྲ་བ་རྣམས་ནི། རྟོག་གེ་ཤེས་མ་བྱས་ཀྱང་རྟོག་གེའི་གསང་གནད་མ་ཕིག་པ་སྟེ། སྤྱིར་ཤེས་བྱ་ཡིན་ན་གཞན་སེལ་ཡིན་པས་མ་ཁྱབ་སྟེ། སྣང་སེལ་གཉིས་ཀྱི་ཟླས་ཕྱེ་བའི་སྣང་བ་དེ་སེལ་བ་མ་ཡིན་ཡང་ཤེས་བྱ་ཡིན་ན་སྒྲ་རྟོག་གི་ཡུལ་ཅན་ཡིན་པར་ཁས་ལེན་པ་ནི་ཤིན་ཏུ་ངོ་ཚའོ། །དེའང་ཞིབ་པར་ཟུར་མཆན་དུ་བཀོད་དོ། །གསུམ་པ་ལ། རྩོད་པ་དང་། ལན་གཉིས། དང་པོ། ཤེས་བྱ་དང་ཐམས་ཅད་དང་མཐའ་དག་མ་ལུས་ལ་སོགས་པའི་སྒྲ་རྣམས་ལ་གཅད་བྱ་མེད་དེ་མཐའ་དག་གི་ཡུལ་ཅན་ཡིན་པས་དེ་ལ་རྣམ་བཅད་ཀྱི་གཞན་སེལ་འཇུག་པ་འགལ་ཞེ་ན། གཉིས་པ། ཤེས་བྱ་སོགས་དེ་ལས་གཞན་པའམ་དེ་ལ་མ་འདུས་པའི་དངོས་པོ་མེད་ན་ཡང་། དེ་མིན་སྒྲོ་བཏགས་པའི་སྒོ་ནས་རྣམ་བཅད་ཡོད་དེ་ཤེས་བྱ་མིན་པ་སོགས་བཅད་ནས་ཤེས་བྱ་སོགས་སུ་སྒྲུབ་པའོ། །བཞི་པ་ལ། རྩོད་པ་དང་། ལན་གཉིས། དང་པོ། ཁོ་ན་རེ། གལ་ཏེ་ཁྱེད་ཀྱི་འདོད་པའི་གཞན་སེལ་ལམ་ལྡོག་པ་དེ། དངོས་པོར་གྲུབ་པ་ཞིག་ཡིན་ན་སྤྱི༷་དངོས་པོར་འདོད་པ་ལ་བརྗོད་པའི་སྐྱོན་དང་མཚུངས་ལ། དངོས་མེད་ཡིན་ན་ཅི་ཡང་མེད་པས་དེ་བཞག་པའི་དགོས་


MR11_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་དེ་ལ་ནུས་པ་གང་ཡང་མེད་པ་དེས་ན་ལྡོག་པ་ཞེས་པའི་རྣམ་གཞག་འདི་ནི་མི་དགོས་ལོ། །གཉིས་པ་ལ། གཞན་ལན་མི་འཐད་པ་བསྟན། རང་གི་ལན་གདབ་པ་གཉིས། དང་པོ་ལ། ལན་མི་འཐད་ཚུལ་དང་། མི་འཐད་པའི་རྒྱུ་མཚན་གཉིས། དང་པོ། འདི་ལ་ལན་དུ་བོད་ཀྱི་རྟོག་གེ་བ་རྣམས་ཕལ་ཆེར་ནི་དངོས་མེད་ཀྱི་ལྡོག་པ་དངོས་མེད་ཡིན་ཡང་དངོས་པོའི་ལྡོག་པ་དངོས་པོར་འདོད་དེ་དངོས་པོ་དང་ངོ་བོ་དབྱེར་མེད་དུ་ཡོད་པས་སོ་ཞེས་ཟེར་ཡང་། དེ་ལྟ་ཡིན་ན་སྤྱི༷་དགག་པ་ཡི་སྐྱོན་བརྗོད་པ་འདི་ནི་གདོན་པ་དཀའོ། །གཉིས་པ་ལ། རིགས་པ་དང་། ལུགས་དེ་སྨད་བྱར་བསྟན་པ་གཉིས། དང་པོ། ཇི་ལྟར་དཀའ་ན་ཤིང་མིན་ལས་ལྡོག་དངོས་པོ་དེ་ལོག་པའི་ཤིང་ཤ་བ་དང་གཅིག་གམ་ཐ་དད་ཅེས་དྲིའོ། །ཤ་བ་དང་གཅིག་ཡིན་ན་ཤ་བའི་རང་བཞིན་དེ་གཞན་ལ་རྗེས་སུ་མི་འགྲོ་བའི་ཙནྡན་སོགས་གཞན་ཤིང་མིན་པར་འགྱུར་ལ་ཕྱོགས་གཉིས་པ་ལྟར་འདོད་ཅིང་ཙནྡན་སོགས་གཞན་ཤིང་ཡིན་ན་ཤ་བ་ཤིང་མིན་པར་འགྱུར་ཏེ། ལྡོག་པ་དེ་ཡི་རང་བཞིན་དངོས་པོ་དེ་ལས་གཞན་མིན་པར་ཁས་བླངས་པའི་ཕྱིར་ན་ཤིང་ལྡོག་ཤ་བ་དང་ཐ་དད་པས་རྡོའི་དུམ་བུ་བཞིན་དུ་ཤིང་མ་ཡིན་པར་ཐལ་བར་འགྱུར་རོ། །གཉིས་པ། སྤྱི་དང་ལྡོག་པ་དངོས་པོར་ཁས་ལེན་པ་དེས་ཆོས་གྲགས་ཀྱིས་གང་བཀག་པ་དེ་སྙིང་ནད་ཀྱིས་ཁས་བླངས་བ་ལྟ་བུ་ཡིན་པས་ན་བོད་འདིར་ཆོས་ཀྱི་གྲགས་པའི་གཞུང་བཟུང་ནས། བདག་ཉིད་ཆེན་པོའི་རིགས་པ་དྲི་མ་མེད་པ་རྣམས་རྙོག་ཅིང་སྒྲིབ་པའམ་འགོག་པར་བྱེད་པ་འདི་ནི་དཔེར་ན་ནགས་ལ་གནས་པའི་སྤྲེ༷འུ་དག་གིས་རང་གནས་བཟང་པོ་ལྗོན་པའི་ཤིང་ལ་མི་


MR11_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་བ་འཐོར་བ་ལྟ་བུའོ། །ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་རང་ལན་ལ། ལྡོག་པ་དངོས་མེད་ཀྱིས་རང་མཚན་གོ་བའི་འཐད་པ་དང་། དེའི་རྒྱུ་མཚན་ལོག་ལྡོག་གཅིག་ཏུ་འཁྲུལ་ནས་གོ་བའི་ཚུལ་གཉིས། དང་པོ། དེས་ན་བོད་ཀྱི་རྟོག་གེ་ཕལ་ཆེ་བའི་འདོད་པ་དེ་མི་འཐད་པས་རང་ལུགས་ཀྱི་ལན་ནི། དེ་མིན་ལས་ལྡོག་པ་དེ་ནི་བློ་ཆོས་ཙམ་ལས་དོན་ལ་མི་གནས་པས་ན་དངོས་པོར་མ་གྲུབ་ཅིང་བློ་ཡི་འཇུག་ཚུལ་ལམ་བློ་ཆོས་དེ་འདྲ་བ་འདི་ལྟར་བརྟགས་ཤིང་དཔྱད་པ་ན། དངོས་པོ་ཀུན་ལ་རང་མིན་ལས་ལྡོག་པ་སྒྲོ་བཏགས་ཀྱི་ཆ་རེ་ཡོད་པའི་ཕྱིར། གཞན་སེལ་བ་ལ་ནི་བཤད་མ་ཐག་པའི་སྐྱོན་འདི་མེད་དེ། དངོས་མེད་ཡིན་ཡང་ཐུན་མིན་རང་མཚན་ལ་སྣང་བརྟག་གཅིག་ཏུ་འཁྲུལ་ནས་གོ་བ་འཐད་པའི་ཕྱིར་དགོས་ནུས་མེད་པ་མིན་ནོ། །གཉིས་པ། དེས་ན་ཤིང་ཞེས་པའི་སྒྲ་གཅིག་བརྗོད་ན་ཡང་ཤིང་མིན་དགག་པ་དང་ཤིང་སྒྲུབ་པའི་ནུས་པ་རྣམ་པ་གཉིས་ཡོད་ཀྱི་བྱ་བ་གཉིས་དངོས་སུ་བྱེད་པ་ནི་མེད་དོ། །འོ་ན་ནུས་པ་གཉིས་པོ་དེས་ལོག་ལྡོག་སྟོན་པའི་སྒྲ་གཉིས་དངོས་སུ་བྱེད་པའི་བྱེད་པ་པོར་མི་འགྱུར་རམ་ཞེ་ན་མི་འགྱུར་ཏེ། ཤིང་དང་ཤིང་མིན་གྱི་ཆོས་གཉིས་ངོ་བོ་གཅིག་པ་མི་སྲིད་ཅིང་། ལྡོག་པ་ཞེས་བྱ་བའི་ཆོས་ཀྱི་ངོ་བོ་དོན་ལ་མ་གྲུབ་པས། བཏགས་པ་ལྡོག་པ་བརྗོད་པ་ཉིད་ཀྱིས་ན། བཏགས་པ་བློ་ཆོས་དང་མཐོང་བ་དོན་ཆོས་གཅིག་ཏུ་འཁྲུལ་བས་བསྲེས་ནས་སྒྲ་དེས་ལོག་པའི་དངོས་པོ་དོན་རང་མཚན་གྲུབ་པར་གསུངས་ཏེ། ལྡོག་པ་རང་ཉིད་ལོག་པ་ལས་ཡན་གར་དུ་གྲུབ་པར་གྱུར་ན། དེ་གོ་ཞིང་ལོག་པ་གོ་མི་ནུས་ཀྱང་། ལྡོག་པ་རང་དབང་དུ་མ་གྲུབ་པས། སྣང་སེལ་གཅིག་ཏུ་བསྲེས་པའི་བུམ་པ་ལྟ་བུ་དེ་ལ་


MR11_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་སྙད་ཀྱི་རྣམ་གཞག་ཐམས་ཅད་འཇོག་པའི་ཕྱིར་རོ། །ལྔ་པ་ལ། རྩོད་པ་དང་། ལན་གཉིས། དང་པོ། བྱེ་བྲག་པ་སོགས་ན་རེ། ཐ་དད་རྣམས་ལ་གཅིག་ཏུ་འདུ་ཞིང་འབྲེལ་བའི་ཐུན་མོང་གི་སྤྱི༷་གཅིག་མེད་ན། ཨུཏྤལ་སྔོན་པོ་དང་བ་ལང་དཀར་པོ་ལ་སོགས་པ།ཨུཏྤལ་དང་སྔོན་པོའི་ཆོས་ཐ་དད་རྣམས་གཞི་གཅིག་ལ་མི་འདུ་བས། ཨུཏྤལ་དང་སྔོན་པོ་ལྟ་བུ་མཐུན་ཆོས་དེ་གཉིས་འདུ་བའི་གཞི་མཐུན་མེད་པར་འགྱུར་ཏེ་ཨུཏྤལ་དང་སྔོན་པོ་གཅིག་ཡིན་ན་མཐུན་ཆོས་གཞན་མེད་ལ་ཐ་དད་ན་མཐུན་པའི་གཞི་མེད་པར་འགྱུར་རོ་ཞེ་ན། གཉིས་པ། སྔོ་ལས་ཨུཏྤལ་གཞན་དང་ཨུཏྤལ་ལས་གཞན་པའི་སྔོན་པོ་དོན་གྱི་སྟེང་ན་ཡོད་པ་མིན་ཡང་སེལ་བའི་དབང་གིས་ལྡོག་པ་དེ་གཉིས་སུ་དབྱེ་ཞིང་གཞི་མེ་ཏོག་གཅིག་ལ་བསྡུས་ཏེ་སྔོན་པོའང་ཡིན་ལ་ཨུཏྤལ་ཡང་ཡིན་ཞེས་རྟོ༷ག་པའི་ངོར། ཨུཏྤལ་དང་སྔོན་པོའི་གཞི་མཐུན་ཉིད་ཀྱིས་ཐ་སྙད་དུ་འགྱུར་གྱི་ཨུཏྤལ་དང་སྔོན་པོ་གཉིས་ཡིན་པའི་གཞི་དངོས་ནི་རང་མཚན་ལ་འཇུག་ཕྱིར། དེ་གཉིས་ལས་གཞན་པའི་གཞི་མཐུན་ཞིག་ཡོད་ན་རང་མཚན་སྟེང་ན་ཡོད་དགོས་ཀྱང་དེ་རང་མཚན་མྱོང་བའི་དབང་པོའི་སྤྱོད་ཡུལ་མིན་པའི་ཕྱིར་དོན་ལ་གཞི་མཐུན་ལོགས་སུ་མ་གྲུབ་བོ། །གསུམ་པ་སྣང་སེལ་ལ་མཁས་པའི་ཡོན་ཏན། སྐབས་ཀྱི་ཚིགས་བཅད་ནི་འདི་ལྟར་ཤེས་བྱ་ལ་དཔྱད་པ་ན་སྣང་ཡུལ་གྱི་སྒྲུབ་པ་དོན་རང་མཚན་ནི་སྐྱེས་བུའི་འཇུག་ལྡོག་གི་ཡུལ་དངོས་ཡིན་ལ་དེ་འཇུག་ཚུལ་གྱི་རྟོག་གེའི་གསང་གནད་ཐམས་ཅད་ཀྱི་སྲོག་གཅིག་པུ་གཞན་སེལ་ཡིན་པས་སྒྲུབ་དང་གཞན་སེལ་གྱི་འཇུག་ཚུལ་གྱི་རྣམ་གཞག་རྣམ་དག་གི་ལྟ་བའི་མིག་དང་ཤེས་པའི་བློ་གྲོས་གསལ་བ་


MR11_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཚོགས་ཤིང་ལྡན་པ་ཡི་རྟོག་གེ་བ་དེ་ཤེས་བྱ་ཡི་གནས་ཚུལ་མ་ནོར་བའི་དེ་ཉིད་ལྟ་བ་ལ་བློ་ཐེ་ཚོམ་གྱི་སྨག་དང་བྲལ་བས་བླང་དོར་སྨྲ་བ་ན་ཀུན་མཁྱེན་དང་འདྲ་བར་རྨོངས་པ་མེད་ཅིང་མི་འཇིགས་པའི་ཁྱུ་མཆོག་གི་གནས་ཐོབ་བོ། །ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཚད་མ་རིགས་པའི་གཏེར་ལས་སྒྲུབ་པ་དང་གཞན་སེལ་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཞི་པའོ།། །།གསུམ་པ་བརྗོད་བྱ་རྗོད་བྱེད་ལ། དགག་གཞག་སྤང་གསུམ། དང་པོ་ལ། རང་མཚན་རྐྱང་པ་བརྗོད་བྱར་འདོད་པ་དང་། སྤྱི་རྐྱང་བ་བརྗོད་བྱར་འདོད་པ་དགག་པ་གཉིས། དང་པོ་ལ། ཕྱི་རོལ་གྱི་དོན་རང་མཚན་དང་། ཤེས་པ་རང་མཚན་བརྗོད་བྱར་འདོད་པ་དགག་པ་གཉིས། དང་པོ་ལ། ཕྱོགས་སྔ་དང་། དེ་དགག་པ་གཉིས། དང་པོ། མུ་སྟེགས་བརྡ་སྤྲོད་པ་དག་ཕྱི་རོལ་གྱི་བུམ་པ་ལ་སོགས་དོན་རང་མཚན་རྐྱང་པ་བརྗོད་བྱ་ཡིན་ཏེ་བུམ་པ་འོན་ཅིག་ཅེ་ན་ཆུ་སྐྱོར་བའི་བྱ་བ་བྱེད་པ་དེ་ལེན་པ་དང་ཆུ་འོན་ཅིག་ཅེ་ན་ན་གཤེར་བཏུང་རུང་དེ་ལེན་པའི་ཕྱིར་རོ་ཞེས་འགའ་ཞིག་སྨྲའོ། །གཉིས་པ་ལ།རང་མཚན་ལ་བརྡ་ཐ་སྙད་མི་ནུས་པས་དགག །འདས་མ་འོངས་བརྗོད་བྱ་མིན་པར་ཐལ་བས་དགག དབང་པོ་དགོས་མེད་དུ་ཐལ་བས་དགག དབང་པོས་སྒྲ་དོན་གྱི་འབྲེལ་བ་འཛིན་མི་སྲིད་པས་དགག་པ་བཞི། དང་པོ། དེ་མི་འཐད་དེ་དོན་རང་མཚན་ནི་ཡུལ་དུས་རྣམ་པ་སོ་སོར་ངེས་པ་ནི། མཐའ་ཡས་ཕྱིར་ན་མིག་གིས་བལྟ་བ་དང་ལུས་ཀྱིས་རེག་སྟེ་འདི་བུམ་པའོ་ཞེས་འཆད་པ་དང་ཉན་པ་པོས་བརྡ་གདགས་པར་མི་ནུས། གལ་ཏེ་ནུས་སུ་ཆུག་ཀྱང་ཕྱིས་ཐ་སྙད་བྱེད་པའི་ཚེ་ན་ཡང་། གང་ལ་བརྡའ་


MR11_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ་དང་པོའི་བུམ་པའི་རང་མཚན་གང་ཡིན་པ་དེ་ཡུལ་དུས་རྣམ་པ་འཆོལ་བས་རྙེད་པར་དཀའ་སྟེ་བརྡ་དང་ཐ་སྙད་སྐབས་ཀྱི་བུམ་པའི་རང་མཚན་ཐ་དད་པའི་ཕྱིར་རོ། །གལ་ཏེ་མ་རྙེད་ན་གཞན་གྱི་བརྡ་ཡིས་གཞན་གོ་བ་མི་འཐད་དེ་ཀ་བའི་བརྡས་བུམ་པ་བཞིན་ནོ། །གཉིས་པ། གཞན་ཡང་ཁྱོད་ལྟར་ན་འདས་དང་མ་འོངས་པའི་བུམ་པ་ནི་སྒྲས་བརྗོད་བྱ་ཉིད་དུ་རུང་བ་མིན་པར་འགྱུར་ཏེ། །དེ་ལ་འགག་པ་དང་མ་སྐྱེས་ནས་རང་མཚན་མེད་པའི་ཕྱིར་རོ། །གསུམ་པ། གཞན་ཡང་སྒྲ་ཡིས་རང་མཚན་ཉིད་བརྗོད་པར་བྱེད་པ་ཡིན་ན་སྒྲ་དེ་བརྗོད་ཚེ་རང་མཚན་མ་རྟོགས་ན་རྗོད་བྱེད་ཀྱིས་བརྗོད་བྱ་མ་རྟོགས་པས་མི་འཐད་ལ་རྟོགས་ན་མིག་དབང་དང་སྣང་བ་ཡིད་བྱེད་ལ་སོགས་དགོས་པ་མེད་པར་འགྱུར་ཏེ་བརྗོད་པ་ཉིད་ཀྱིས་རང་མཚན་རྟོགས་པའི་ཕྱིར་རོ། །བཞི་པ་ལ།དངོས་དང་། དེའི་དོགས་སྤང་གཉིས། དང་པོ་ལ། མིང་དོན་གྱི་འབྲེལ་བ་དོན་ལ་མེད་པའི་གཞན་སེལ་དུ་བསྟན་པ། དོན་ལ་ཡོད་ན་མི་འཐད་པའི་རིགས་པ་བརྗོད་པ་གཉིས། དང་པོ་ལ། དངོས་དང་། རང་མཚན་བསྟན་ཏེ་མིང་བཏགས་ཀྱང་སྤྱི་ལ་གོ་ཚུལ་གཉིས།དང་པོ། དོན་རང་མཚན་ཐམས་ཅད་མ་འདྲེས་པ་སིལ་བུ་ཡིན་པ་ལ་མིང་དོན་གཉིས་དངོས་པོའི་འབྲེལ་བ་མེད་པའི་ཕྱིར། དབང་པོས་མིང་དོན་གྱི་འབྲེལ་བ་འཛིན་མི་སྲིད་ལ། བརྗོད་བྱ་དེ་ཡིས་མིང་ནི་འདི་ཡིན་ནོ་ཞེས་གཅིག་ཏུ་སྦྲེལ་བ་ནི། དཔྱོ༷ད་པ་ཡིན་ཕྱིར་གཞན་སེལ་ཁོ་ན་ཡིན་ནོ། །གཉིས་པ། བརྡའི་སྔ་རོལ་དང་པོ་མིང་དོན་འབྲེལ་བ་བྱེད་པའི་ཚེ། བརྗོད་བྱ་རང་གི་མཚན་ཉིད་བསྟན་ཏེ་བུམ་པ་མཐོང་བཞིན་འདི་བུམ་པའོ་ཞེས་བརྡ་སྦྱར་ན་ཡང་། བརྡ་དེ་ནི་རྟོག་ངོར་གྲུབ་པའི་སྤྱི༷་ལ་སྦྱོར་བར་བྱེད་དེ་


MR11_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དུས་ཀྱི་རང་མཚན་རྐྱང་བ་ལ་འཆད་ཉན་གཉིས་ཀས་མི་འཛིན་ནོ། །དེ་ལྟར་བརྡ་དེ་ཡང་དོན་དེ་ལ་ཡོད་མེད་སོགས་ཐ་སྙད་དོན་དུ་འདོགས་ཏེ་བརྡ་མེད་ན་ཐ་སྙད་མི་ནུས་པའི་ཕྱིར་རོ། །གཉིས་པ། དབང་པོས་རྗོད་བྱེད་ཀྱི་སྒྲ་དང་འདྲེས་བའི་དོན། འཛིན་ན་བུམ་སོགས་ཀྱི་བརྡ་སྦྱར་བ་མེད་ཀྱང་རང་མཚན་མཐོང་ཙམ་གྱིས་འདི་ནི་བུམ་པའོ་ཞེས་སོགས་རང་ཉིད་ཀྱིས་རྟོགས་པར་ཅིས་མི་འགྱུར། གཉིས་པ་དོགས་སྤང་ལ། དོན་ལ་མེད་ཀྱང་ཡིད་ངོར་འདྲེས་པ་ཡོད་པར་འདོད་པའི་ལུགས་བརྗོད། དེ་དགག་པ་གཉིས། དང་པོ། ཡང་ཁ་ཅིག་ན་རེ། གལ་ཏེ་སྤྱིར་སྒྲ་དོན་འདྲེས་པ་མེད་ཀྱང་དོན་མངོན་སུམ་མཐོང་བཞིན་པའི་ཚེ། དབང་པོའི་སྒོ་ལ་རྗེས་སུ་འབྲང་བའི་ཡིད་ཤེས་དེས་བུམ་པ་མཐོང་བའི་མཐོང་དོན་དང་དེའི་བརྡ་སྦྱོར་བུམ་པ་ཞེས་པའི་སྒྲ་གཉིས་འདྲེས་པ་དེ་རྟོག་པ་ཡིན་ཡང་ཡུལ་གསལ་བའི་མངོན་སུམ་ཡིན་ཕྱིར་རྟོག་མེད་འདྲ་བ་ཡིན་ལ། དེ་ལས་གཞན་དུ་འདོད་ན་མཐོང་རྟོགས་ཀྱི་ཡུལ་ཐ་དད་པ་ཡིན་པའི་ཕྱིར་མཐོང་ཚེ་མི་རྟོགས་རྟོགས་ཚེ་མི་མཐོང་བས་མཐོང་བཞིན་དུ་དོན་རྟོ༷གས་མི་སྲིད་ཅེས་ཟེར་རོ་ལོ། །གཉིས་པ་ལ། རྟོག་རྟོག་མེད་ཅིག་ཆར་འཇུག་པར་འདོད་པའི་ལུགས་ཀྱི་ལན་དང་། རིམ་འཇུག་གི་ལུགས་ཀྱི་ལན་གཉིས། དང་པོ། དེ་གཉིས་གཅིག་ཏུ་འདྲེས་པ་མིན་ཡང་གཅིག་ཏུ་འཁྲུལ་བའི་རྒྱུ་ནི་ཤེས་པ་ཅིག་ཆར་འཇུག་པའི་ལུགས་ལྟར་ན་རྟོག་བཅས་རྟོག་པ་མེད་པའི་ཡིད་གཉིས་པོ་ངོ་བོ་དང་ཡུལ་ཐ་དད་ཀྱང་འཇུག་ཡུལ་གཅིག་ལ་ཅིག་ཆར་འཇུག་པ་ལ་བླུན་པོ་རྣམས་གཅིག་ཏུ་འཁྲུལ་བ་ཡིན་པའི་ཕྱིར་རོ། །གཉིས་


MR11_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཤེས་པ་རིམ་འཇུག་པའི་ལུགས་ལྟར་ན་ཡང་མཐོང་རྟོག་གཉིས་རིམ་གྱིས་འཇུག་ཏུ་ཆུག་ཀྱང་མྱུར་བ་ཆུ་བོ་ལྟར་རྒྱུན་མ་ཆད་པ་ལ། བླུན་པོ་རྣམས་ཀྱིས་གཅིག་ཏུ་ཞེན་པ་ཡིན་གྱི་དོན་ལ་དེ་གཉིས་གཅིག་པ་མེད་དོ། །གཉིས་པ་ཤེས་པ་རང་མཚན་བརྗོད་བྱར་འདོད་པ་དགག་པ། བློ་ངོར་ཀ་བུམ་སོགས་སྣང་བའི་དོན་ཤེས་པ་ལས་གཞན་དུ་མེད་པའི་ཤེས་པའི་རང་མཚན་བརྗོད་བྱ་ཡིན་པར་འདོད་པའི་ལུགས་མི་འཐད་དེ། ཤེས་པའང་རང་གི་མཚན་ཉིད་ཡིན་པ་དེས་ན་དེ་ཁོ་ན་ལ་བརྡར་བྱེད་པ་མི་རུང་སྟེ་རང་མཚན་རྐྱང་པ་མི་འཐད་པར་བཤད་མ་ཐག་པའི་རིགས་པ་དེས་གནོད་པས་སོ། །གཉིས་པ་སྤྱི་རྐྱང་བརྗོད་བྱར་འདོད་པ་ལ། དོན་གྱི་སྤྱི་དང་། སྒྲ་དོན་གྱི་སྤྱི་བརྗོད་བྱར་འདོད་པ་དགག་པ་གཉིས། དང་པོ་ལ་ཕྱོགས་སྔ་བརྗོད་པ། དེ་དགག་པ་གཉིས། དང་པོ། བྱེ་བྲག་པ་ན་རེ་རང་མཚན་ལ་སྒྲ་སྦྱོར་ན་སྐྱོན་དེ་ཡོད་ཀྱང་སྒྲ་ཡིས་གསལ་བའམ་རང་མཚན་མི་བརྗོད་ཀྱི་དོན་བུམ་པ་ལྟ་བུའི་རིགས་སྤྱི༷་བརྗོད་ཕྱིར་སྐྱོན་མེད་ཅེ་ན། གཉིས་པ་ལ། དགག་པ་དངོས་དང་། དེའི་སྐྱོན་སྤོང་གི་ལན་དགག་པ་གཉིས། དང་པོ། དོན་ལ་སྤྱི༷་མེད་པར་སྔར་བཤད་ཟིན་ལ་གལ་ཏེ་ཡོད་དུ་ཆུག་ན་ཡང་། དེ་རྐྱང་བ་ལ་སྦྱར་བ་དགོས་ནུས་མེད་དེ། སྤྱི་མི་གསལ་བ་དོན་བྱེད་མི་ནུས་པ་ལ་བརྡ་སྦྱར་བས་དེ་ལྡོག་རང་མཚན་ལ་འབྲེལ་བ་མེད་པའི་ཕྱིར་ཞེས་རང་སྤྱི་ཐ་དད་དུ་འདོད་ཅིང་སྤྱི་རྐྱང་བ་བརྗོད་བྱར་འདོད་པ་ལ། སྐྱོན་འདི་བཟློག་མེད་དུ་འབབ་སྟེ་དཀར་པོ་ལ་བརྡ་སྦྱར་བས་དུང་ལ་མི་གོ་བ་བཞིན་ནོ། །གཉིས་པ་ལ། ལན་དང་། དེ་དགག་པ་གཉིས། དང་པོ། ཁོ་ན་རེ་སྤྱི་རྐྱང་བ་མིན་གྱི་སྤྱི༷་དང་འབྲེལ་བའི་རང་མཚན་དངོས་ལ་


MR11_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

བརྡ་སྦྱར་བས་རང་མཚན་གོ་ཞེ་ན། གཉིས་པ། རང་མཚན་ལ་མ་སྦྱར་ན་སྤྱི་ལ་སྦྱར་ཡང་རང་མཚན་གོ་མི་ནུས་པས་ལམ་གང་ཡིན་སྡོང་དུམ་ལ་འདྲི་བ་ལྟར། དགོས་ནུས་མེད་པའི་སྤྱི༷་བོར་ལ། རང་གི་མཚན་ཉིད་དངོས་ལ་བརྡ་སྦྱོར་ཅིག་ཅེས་རང་མཚན་གོ་ན་ཐ་དད་ཀྱི་སྤྱིའི་ཅི་ཞིག་བྱ་སྟེ་ཀ་བ་གོ་བ་ལ་བུམ་པ་མི་དགོས་པ་བཞིན་ནོ། །གལ་ཏེ་བུམ་པ་སོགས་ཀྱི་རང་མཚན་མཐའ་ཡས་ཕྱིར། བརྡ་སྦྱོར་མི་ནུས་ཤེ་ན་སྤྱི་དང་འབྲེལ་བའི་རང་མཚན་འདི་ལའང་མཚུངས་ཏེ་མཐའ་ཡས་པའི་ཕྱིར་རོ། །གཉིས་པ་སྒྲ་དོན་བརྗོད་བྱར་འདོད་པ་ལ། ཕྱོགས་སྔའི་ལུགས་གཉིས་ཐུན་མོང་དུ་བསྟན་པ་དང་། དེ་དགག་པ་གཉིས། དང་པོ། དེ་ལ་རང་མཚན་གཉིས་དང་སྤྱི་བརྗོད་བྱ་ཡིན་ན་སྐྱོན་དེ་ཡོད་ཀྱང་རྟོག་ཡུལ་དོན་སྤྱི་དངོས་ཀྱི་བརྗོད་བྱ་ཡིན་ཞེས་བོད་རྣམས་འདོད་ལ། མང་བཀུར་བའི་ལྡན་མིན་འདུ་བྱེད་མིང་བརྗོད་པའི་རྟེན་དུ་རུང་བ་ཞིག་བརྗོད་བྱ་ཡིན་ཟེར་བའི་ཕྱོགས་དེ་གཉིས་དགག་ན། གངས་ཅན་པ་དང་ཉན་ཐོས་གཉིས། སྒྲ་དོན་ཞེས་པ་སྒྲ་དོན་འདྲེས་འཛིན་ཡིན་ལ་དེ་དངོས་ཀྱི་བརྗོད་བྱར་འདོད་དོ། །དེ་ལ་སྒྲ་དོན་ནི་བུམ་པ་ལྟ་བུའི་བརྗོད་བྱའི་དོན་དང་སྒྲ་འདྲེས་པ་དེ་ཡིན་ལ། གངས་ཅན་པའི་པས་བློ་ངོའི་དོན་སྤྱི་དེ་དག་བརྗོད་བྱར་འདོད་ལ། ཉན་ཐོས་ཀྱི་བརྗོད་བྱའི་རྟེན་ལྡན་མིན་འདུ་བྱེད་རྫས་གྲུབ་ཞིག་ལོགས་སུ་ཁས་བླངས་སོ། །གཉིས་པ་ལ། མི་འཐད་པ་བརྗོད་པ་དང་། སྐྱོན་སྤང་གི་ལན་དགག་པ་གཉིས། དང་པོ། གཉིས་ཀའང་རང་མཚན་ལས་ཐ་དད་པའི་ཕྱོགས་གཅིག་ཏུ་དགག་པ་ནི། དོན་སྤྱིའམ་མི་ལྡན་འདུ་བྱེད་ལ་བརྡ་སྦྱར་བས། དེ་དང་འབྲེལ་


MR11_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་གཟུགས་སོགས་ལ་ཇི་ལྟར་རྟོགས་པར་འཐད་དེ་དཔེར་ན་བུམ་པ་ཞེས་ནི་བརྗོད་པ་ལས་དེ་དང་འབྲེལ་མེད་བ་ལང་མི་རྟོགས་པ་བཞིན་ནོ། །གཉིས་པ་ལ། ལན་དང་། དེ་དགག་པ་གཉིས། དང་པོ། ཁོ་ན་རེ་བུམ་པའི་རང་མཚན་དང་མི་ལྡན་འདུ་བྱེད་སོགས་ལ་འབྲེལ་བ་མེད་ཀྱང་དེ་གཉིས་འདྲ་བ་ལ། གཅིག་ཏུ་འཁྲུལ་ནས་དོན་རང་མཚན་ལ་འཇུག་ཅེ་ན། གཉིས་པ། དེ་གཉིས་པོ་རྣམ་པ་ཙམ་འདྲ་བས་འཁྲུལ་བ་ཡིན་ན་ཡུལ་དང་དུས་རེས་འགའ་འཁྲུལ་གྱི་ཡུལ་དུས་ཀུན་ཏུ་འཁྲུལ་སྲིད་པ་མིན་ན་ཡང་འདི་ནི་རྟག་ཏུ་འཁྲུལ་འགྱུར་བས། འདྲ་བས་སྒོ་ནས་འཁྲུལ་བ་མིན་ཏེ་བརྗོད་བྱ་དང་རང་མཚན་འདྲ་བ་ཞེས་གཉིས་སུ་ནམ་ཡང་མི་སྣང་བར་རྟོག་པ་ངོ་བོ་ཉིད་དམ་གདོད་ནས་འཁྲུལ་བ་ཡིན་ནོ། །གཉིས་པ་རང་ལུགས་ལ། མཚན་ཉིད།རབ་དབྱེ། དེའི་དོན་གཏན་ལ་དབབ་པ་གསུམ། དང་པོ། རང་ལུགས། བརྡ་ལས་གོ་བར་བྱ་བ་བརྗོད་བྱའི་མཚན་ཉིད། བརྗོད་བྱའི་དོན་གོ་བར་བྱེད་པ་བརྡ་ཡི་མཚན་ཉིད་ཡིན་ནོ། །གཉིས་པ་ལ། དབྱེ་བ་དང་། དེ་ལྟར་ཕྱེས་པའི་དགོས་པ་གཉིས། དང་པོ། དེ་ལ་བརྗོད་བྱ་རྗོད་བྱེད་ལ་དཔྱད་ནས་འཆད་པའི་སྐབས་དང་བརྡ་ཙམ་ལ་འཇུག་པའི་དུས་ཀྱི་གང་ཟག་གི་དབྱེ་བས་བརྗོད་བྱ་རྗོད་བྱེད་རེ་རེ་ལའང་གཉིས་གཉིས་ཏེ་བསྡོམས་ན་རྣམ་པ་བཞི་ཡོད་དོ། །གཉིས་པ། འཆད་ཚེ་སྒྲའི་དངོས་ཀྱི་བརྗོད་བྱ་རྗོད་བྱེད་གང་ཡིན་དཔྱད་ནས་འདི་ཞེས་ངོས་བཟུང་ནས་རྣམ་པར་ཕྱེ་བས་ཤེས་བྱའི་དེ་ཉིད་ལ་མཁས་ཏེ། སྒྲའི་དངོས་ཀྱི་བརྗོད་བྱ་དོན་སྤྱི། ཞེན་པའི་བརྗོད་བྱ་དོན་རང་མཚན། དངོས་ཀྱི་རྗོད་བྱེད་སྒྲ་སྤྱི། ཞེན་པའི་རྗོད་བྱེད་སྒྲ་རང་མཚན་ཡིན་ཏེ། དེ་ལྟར་ན་དཔྱད་དེ་འཆད་པའི་


MR11_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་དངོས་ཀྱི་གཉིས་དང་། བརྡ་ལ་འཇུག་པའི་སྐབས་ཞེན་པས་འབྲེལ་བས་དོན་ལ་བརྡ་འབྱོར་བ་ཡིན་ནོ། །འཇུག་ཚེ་རང་མཚན་དང་སྤྱི་སོ་སོར་མ་ཕྱེ་པར་གཅིག་ཏུ་འཁྲུལ་ཞིང་བརྡ་སྦྱར་བས་ཐ་སྙད་ཀྱི་ཚེ་དོན་རང་མཚན་ཐོབ་པ་ཡིན་ནོ། །གསུམ་པ་ལ། སྒྲའི་དངོས་ཀྱི་བརྗོད་བྱ་མེད་པར་བསྒྲུབ། གཞི་མེད་ལ་འཁྲུལ་ནས་བརྡ་སྦྱོར་ཚུལ། འཁྲུལ་བ་ལ་སྦྱར་བས་འཇུག་ཡུལ་རང་མཚན་གོ་བའི་འཐད་པ་གསུམ། དང་པོ། དེ་ལྟ་ན་སྒྲའི་དངོས་ཀྱི་བརྗོད་བྱ་མེད་དེ། དོན་དང་ཤེས་པ་ནི་རང་མཚན་ཡིན་པས་བརྗོད་བྱར་རུང་བ་མིན་ལ། སྤྱི༷་དོན་ཏེ་དོན་སྤྱི་དང་སྒྲ་དོན་གྱི་སྤྱི་གཉིས་པོ་དངོས་པོ་མེད་པ་ཡིན། དེ་བཞི་བརྗོད་བྱ་མ་ཡིན་ལ་དེ་དག་ལས་གཞན་པའི་བརྗོད་བྱ་ཡོད་མི་སྲིད་པས་དམ་པའི་དོན་དུ་བརྗོད་བྱ་ངོ་བོས་གྲུབ་པ་མེད་དོ། །གཉིས་པ། གཞི་མེད་ལ་འཁྲུལ་ནས་བརྡ་སྦྱོར་ཚུལ་རྟོག་པ་ཐམས་ཅད་ནི་སྣང་ཡུལ་ལ་སྐྲ་ཤད་ལྟ་བུའི་གཞི་མེད་ཉིད་ཡུལ་ཡིན་པར་ངོ་བོས་འཁྲུལ་པ་ལ་སྒྲ་ཡི་བརྗོད་བྱའི་དོན་གྱི་གཟུགས་བརྙན་ཤར་བ་དེ་ལ་ཕྱི་རོལ་དོན་དུ་ཞེན་པ་གང་ཡིན་པ་དེ་ནི་སྒྲ་ཡི་དངོས་ཀྱི་བརྗོད་བྱར་བཏགས་པ་ཡིན་ནོ། །གསུམ་པ་དེ་ལ་ཞུགས་ནས་རང་མཚན་གོ་བའི་འཐད་པ་ནི་ཐོག་མེད་ནས་སྣང་བར་འཁྲུལ་བའི་བག་ཆགས་གོམས་ཤིང་བརྟས་པ་ཡིས། བརྡ་ཡི་དུས་ན་རང་མཚན་དང་སྤྱི་མ་ཕྱེ་བར་འདི་བུམ་པའོ་ཞེས་བསྲེས་ནས་བརྡ་སྦྱར། ཐ་སྙད་དུས་ནའང་དེ་ལྟར་གོ་སྟེ་བུམ་པར་ཆུ་བླུགས་ཤིག་ཟེར་ན་དོན་སྤྱིའམ་རང་མཚན་གང་ཞེས་མི་འདྲི་བར་ཡུལ་རང་མཚན་ལ་གོ་བ་ཡིན་ནོ། །དེ་ཕྱིར་སྒྲའི་དངོས་ཡུལ་ཡུལ་མེད་ལ་ཡུལ་དུ་འཁྲུལ་བ་ཡིན་ཡང་དེ་ལ་ཞུགས་པ་ལྟར་བདེན་པར་འཐད་དོ། །གསུམ་པ་རྩོད་སྤང་ལ། དངོས་པོའི་སྤྱི་


MR11_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་བྱར་འདོད་པ་དང་མཚུངས་པ་སྤང་བ། ཤེས་པ་རང་མཚན་བརྗོད་བྱར་འདོད་པ་དང་མཚུངས་པ་སྤང་བ། སེལ་བ་ལ་སྦྱོར་ན་ལྡན་མིན་འདུ་བྱེད་དང་མཚུངས་པ་སྤང་བ། བརྗོད་བྱ་མེད་ན་ཐ་སྙད་རྒྱུན་ཆད་པར་འགྱུར་བ་སྤང་བ། ཆད་བྱས་ཀྱིས་འབྲེལ་བ་གོ་བས་འཁྲུལ་བ་མི་དགོས་པ་སྤང་བ་ལྔ། དང་པོ་ལ། རྩོད་པ་དང་། ལན་གཉིས། དང་པོ། རྟོག་པ་ལ་སྣང་བའི་སྒྲ་དོན་གྱི་གཟུགས་བརྙན་དེ་རང་མིན་གཞན་ཀུན་ལས་ལྡོག་ན་ནི། རང་མཚན་ལས་ཀྱང་ལྡོག་དགོས་པས་རང་མཚན་ལྟར་དངོས་པོར་འགྱུར་བས་ཁྱོད་ཀྱིས་ཀྱང་དངོས་པོ་བརྗོད་བྱར་འགྱུར་ཞེ་ན། གཉིས་པ། སྒྲ་དོན་དེ་རང་མཚན་ལས་དམ་པའི་དོན་ལ་མི་ལྡོག་ཀྱང་ཞེས་དོན་དམ་པར་ལྡོག་ན་རང་མཚན་ལས་སྒྲ་དོན་ལོགས་སུ་དོན་བྱེད་པར་རམ་དངོས་པོར་ཡོད་དགོས་ན་དེ་ལྟ་མ་ཡིན་ལ། བློ་གཞན་སེལ་གྱི་ངོར་སྒྲ་དོན་གྱི་རང་ལྡོག་རང་མཚན་མིན་ཡང་། དེས་དོན་དམ་པར་སོ་སོར་མི་འགྱུར་བ་གནད་ཀྱི་དོན་ཡིན་ནོ། །ལྡོག་པར་སྣང་བ་ནི་འཁྲུལ་པ་རྟོག་པའི་ངོ་ཙམ་དུ་སྣང་བ་ཡིན་ལ་མུ་སྟེགས་བྱེད་ཀྱི་བརྗོད་བྱའི་སྤྱི༷་ནི་འཁྲུལ་བར་མི་འདོད་པར་དངོས་པོ་ཞིག་ཡོད་པར་འདོད་པས་དེས་ན་དེ་དག་ག་ལ་མཚུངས་སོ། །གཉིས་པ་ལ། རྩོད་པ་དང་། ལན་གཉིས། དང་པོ། ཁྱོད་ཀྱི་ལུགས་ལ་རྟོག་པའི་གཟུགས་བརྙན་དོན་སྤྱི་དེ་བརྗོད་བྱ་ཡིན་ན་ནི། དེ་ཤེས་པ་ལས་འོས་མེད་པས་ཤེས་པ་རང་མཚན་བརྗོད་བྱར་འགྱུར་ཞེ་ན། གཉིས་པ། རྣམ་པ་དེ་སྣང་བའི་ཤེས་པ་རང་མཚན་གྱི་ཆའམ་ལྡོག་པ་ཁོ་ན་བརྗོད་བྱ་མིན་ཡང་བློ་ངོར་སྣང་བཏགས་གཅིག་ཏུ་འཁྲུལ་པས་བཏགས་པ་ཕྱི་རོལ་དུ་ཞེན་པའི་ཆ་དངོས་མེད་དེ་བརྗོད་བྱ་ཡིན། དེས་ན་རྟོག་པའི་གཟུགས་བརྙན་དོན་སྤྱི་ལ་ཡུལ་གྱི་དངོས་པོར་གྲུབ་པ་མེད་ཀྱང་ཟློམ་


MR11_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཚོད་དང་སྒོ་བསྟུན་ནས། འཇིག་རྟེན་པ་རྣམས་ཐ་སྙད་ཀྱི་དོན་ལ་གཞུག་ཕྱིར་བརྡ་སྦྱར་བར་ཟད་དེ་ཞེས་དོན་སྤྱི་ཞེས་པ་ཡིན་པའི་ཚུལ་ལ་བསམ་ཏེ། ཤེས་པ་ཙམ་བརྗོད་བྱ་ཡིན་ཞེས་མི་བརྗོད་ཀྱི། རྟོག་ངོར་ཤེས་པ་མིན་པའི་ཡུལ་ཡིན་ཡིན་འདྲ་མོད་དེ། ཡུལ་དུ་རློམ་པ་དེ་ག་ཁོ་རང་གི་ཚུལ་དང་བསྟུན་ནས་བརྗོད་བྱ་ཡིན་ཞེས་པའི་བརྡ་སྦྱར་ཞེས་སོ། །དེ་ཡུལ་ཡིན་པར་མ་འཁྲུལ་ན་རང་མཚན་ལ་བརྡ་མི་འབྱོར་བའོ། །གསུམ་པ་ལ། རྩོད་པ་དང་། ལན་གཉིས། དང་པོ། གལ་ཏེ་ཁྱེད་ཀྱིས་སེལ་བའི་བདག་ཉིད་ཅན་གྱི་སྤྱི་ལ་བརྡ་སྦྱོར་ན་སེལ་བ་དང་རང་མཚན་ཐ་དད་ཡིན་པས་ལྡན་པ་མིན་པ་ལ་བརྡ་སྦྱར་བ་དང་མཚུངས་ཤེ་ན། གཉིས་པ། དོན་སྤྱི༷་གལ་ཏེ་ཡུལ་ཡུལ་ཅན་ལས་ཐ་དད་པའི་རྫས་སུ་གྲུབ་པར་འདོད་ན། ཁྱེད་བདེན་མོད་འོན་ཀྱང་དོན་སྤྱི་དངོས་མེད་དེ་རྫས་སུ་མི་འདོད་པ་ཡིན་པ། དེ་ཕྱིར་སེལ་བ་རང་གི་དངོས་ཡུལ་རང་དབང་དུ་གྲུབ་པ་མེད་དོ་ཅེས་ཤེས་ན་རྟོག་ངོ་ཙམ་མ་གཏོགས་དོན་ལ་སྒྲའི་དངོས་ཀྱི་བརྗོད་བྱ་དང་རྗོད་བྱེད་ལོགས་སུ་གྲུབ་པ་མེད་པས་རང་མཚན་ལ་འབབ་འགྲོ་བ་ཡིན་ནོ། །བཞི་པ་ལ། རྩོད་པ་དང་།ལན་གཉིས། དང་པོ། གལ་ཏེ་དོན་དམ་པར་མ་འཁྲུལ་བའི་བརྗོད་བྱ་རྗོད་བྱེད་ཞིག་མེད་ན་སྒྲ་སྤྱི་དང་དོན་སྤྱི་ལ་རྗོད་བྱེད་དང་བརྗོད་བྱ་རང་མཚན་དུ་འཁྲུལ་བ་དག་གིས་བརྡ་སྦྱར་བ་ནི་གསོག་སྟེ་རྫུན་པ་ཡིན་པའི་ཕྱིར་འཇིག་རྟེན་གྱི་ཐ་སྙད་དོན་མཐུན་ཐམས་ཅད་འཇིག་སྟེ་རི་བོང་རྭ་ཡོད་དང་བུམ་ཡོད་ལྟ་བུ་ལ་ཐ་སྙད་དོན་མཐུན་མི་མཐུན་ཁྱད་མེད་དུ་ཐལ་ཏེ། དེ་གཉིས་ཀ་ཡང་བརྗོད་བྱ་རྗོད་བྱེད་ཡོད་མེད་མཚུངས་པས་སོ་ཅེ་ན། གཉིས་པ། འཇིག་རྟེན་པ་རྣམས་དོན་སྤྱི་ལ་རང་མཚན་དུ་འཁྲུལ་པའི་སྒོ་ནས་རང་


MR11_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ལ་བླང་དོར་དུ་འཇུག་ཕྱིར་ཡོད་མེད་ལ་སོགས་པའི་ཐ་སྙད་འཐད་པ་ཡིན་ནོ། །ལྔ་པ་ལ། རྩོད་པ་དང་། ལན་གཉིས། དང་པོ། བརྡ་ཡི་ཆད་བྱས་པ་ཙམ་གྱིས་སྒྲ་དོན་གྱི་འབྲེལ་བ་གོ་བ་ལ་སྣང་བརྟགས་གཅིག་ཏུ་འཁྲུལ་པའི་འབྲེལ་བ་འདིའི་ཅི་བྱ་སྟེ་མི་དགོས་ལོ། །གཉིས་པ་ལ། འཁྲུལ་བ་མེད་ན་བརྡ་མི་སྦྱོར་བའི་ཚུལ། འཁྲུལ་ཕྱིར་བརྡ་སྦྱར་མི་དགོས་པ། དེའི་མཇུག་བསྡུ་གསུམ། དང་པོ། བུམ་པའི་དོན་རང་མཚན་དང་ནི་དོན་སྤྱི༷་དང་། རང་སྤྱི་གཉིས་པོ་གཅིག་ཏུ་འཁྲུལ་པ་སྟེ། གསུམ་པོ་གང་ལ་བུམ་པའི་བརྡ་ཆད་བྱས་ཀྱང་། འཁྲུལ་པ་མེད་ན་དོན་ལ་བརྡ་མི་འབྱོར་ཏེ། མ་འཁྲུལ་བས་རང་མཚན་ལ་བརྡ་བྱེད་ན་མུ་སྟེགས་བྱེད་ལ་བརྗོད་པའི་སྐྱོན་འབྱུང་ལ། དོན་སྤྱི་ལ་བརྡ་ཆད་བྱེད་ན་ཉན་ཐོས་ལ་བརྗོད་པའི་སྐྱོན་ཡོད་ལ། སྤྱི་རང་གཅིག་ཏུ་འཁྲུལ་བ་ལ་བརྡ་ཆད་བྱེད་ན། ཁོ་བོ་ཅག་གིས་འདོད་པ་གྲུབ་བོ། །དེས་ན་མ་འཁྲུལ་བའི་ཆད་བྱས་ཀྱི་འབྲེལ་བ་མུན་སྤྲུལ་ཡིན་ནོ། །གང་ལ་གསར་དུ་བརྡ་བཏགས་པ་དེ་དོན་དེའི་བརྡ་ཡིན་པར་བློས་ཆད་བྱས་པ་མིང་དོན་འབྲེལ་བ་ལྟར་སྣང་བ་ལ་ཆད་བྱས་ཞེས་སོ། །གཉིས་པ། བརྡ་ལ་བརྟེན་ནས་བླང་དོར་ལ་འཇུག་པའི་སྐབས་འདིར་ནི་རང་མཚན་དང་ནི་དེའི་གཟུགས་བརྙན་སྣང་བ་དོན་སྤྱི་གཉིས་གཅིག་ཏུ་འཁྲུལ་དུ་གཞུག་པའི་ཕྱིར་འཇིག་རྟེན་པ་རྣམས་རྟ་གླང་སོགས་མཐོང་བའི་དོན་ལ་གཞུག་པའི་ཕྱིར་སྒྱུ་མ་མཁན་གྱིས་སྔགས་ཀྱིས་འཁྲུལ་དུ་གཞུག་པ་ལྟར་བརྡ་འདོགས་པའི་མཁན་པོ་སྔ་རབས་ཀྱི་རྒན་པོ་རྣམས་ཀྱིས་བརྡ་ཆད་བྱེད་དེ་དགོས་པ་འཁྲུལ་ནས་དོན་ལ་འཇུག་པར་འགྱུར་རོ། །གསུམ་པ། ལེགས་པར་དཔྱད་ན་སྒྲ་ཡི་དངོས་ཀྱི་བརྗོད་བྱ་མེད་ལ་ཞེན་པའི་བརྗོད་བྱ་ནི་དོན་རང་མཚན་ཡིན་ཞིང་སྒྲ་དོན་གྱི་འབྲེལ་པ་འཁྲུལ་


MR11_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

པས་བྱས་ན་ཡང་འཁྲུལ་ནས་འཇུག་པའི་སྐྱེས་བུ་བསླུ་བ་མེད་དེ་འཁྲུལ་བའི་ངོར་སྣང་བའང་རང་མཚན་གྱི་རྣམ་པ་དེ་ལས་འཆོལ་བར་མི་སྣང་བས་རྒྱང་རིང་པོའི་གཟུགས་མཐོང་བའི་ཤེལ་གྱི་ཁང་བུ་ནས་བལྟས་པ་བཞིན་ནོ། །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཚད་མ་རིགས་པའི་གཏེར་ལས་བརྗོད་བྱ་དང་རྗོད་བྱེད་བརྟག་པའི་རབ་ཏུ་བྱེད་པ་སྟེ་ལྔ་པའོ།། །།བཞི་པ་འགལ་འབྲེལ་རྟོགས་ཚུལ་ལ། དགོས་པའི་སྒོ་ནས་མདོར་བསྟན། དེ་རྒྱས་པར་བཤད་པ་གཉིས། དང་པོ། ཚད་མ་ཡིན་མིན་ལ་སོགས་པའི་དགག་དང་སྒྲུབ་པ་ཇི་སྙེད་པའི་དཔྱོད་པ་ཐམས་ཅད་འགལ་འབྲེལ་ཉིད་ལ་ལྟོས་ཏེ་དགག་པ་ཐམས་ཅད་འགལ་འབྲེལ་གཉིས་དང་སྒྲུབ་པ་འབྲེལ་བ་གཙོ་ཆེ་ཞིང་ཀུན་ནས་ཀུན་ཏུ་ལྟོས་པས་ན། ཚད་མའི་མཚན་ཉིད་དམ་ག ནས་ལུགས་དཔྱོ༷ད་པ་ཡི་སྔོན་དུ་འགལ་འབྲེལ་དཔྱད་པར་བྱའོ། །གཉིས་པ་ལ། འབྲེལ་བའི་རྟོགས་ཚུལ་དང་། འགལ་བའི་རྟོགས་ཚུལ་གཉིས། དང་པོ་ལ། དོན་ལ་འབྲེལ་པ་དགག །བློ་ངོར་འབྲེལ་པ་བསྒྲུབ། འབྲེལ་པ་སྒྲུབ་པའི་ཚད་མ་གསུམ། དང་པོ་ལ།སྤྱིར་དགག་པ་དང་། སོ་སོར་དགག་པ་གཉིས། དང་པོ་ལ་དངོས་དང་། དངོས་མེད་ཀྱི་འབྲེལ་བ་དགག་པ་གཉིས། དང་པོ། ཆོས་གཉིས་ནི་གཉིས་པོ་ཐ་དད་ཡིན་པའི་ཕྱིར་དོན་ལ་གཅིག་པ་མི་སྲིད་ཅིང་གཅིག་ཡིན་པ་ལ་རང་ཉིད་རང་དང་འབྲེལ་བ་མི་སྲིད་པས་རང་རང་གི་ངོ་བོ་མ་འདྲེས་པ་སོ་སོ་ལ་གནས་པའི་དངོས་པོ་ཐམས་ཅད་དོན་ལ་འབྲེལ་མེད་ཡིན་ནོ། །གཉིས་པ་ལ། གཞན་གྱི་ལུགས་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ། དེ་བཞིན་དངོས་མེད་ལ་ཡང་དངོས་སུ་འབྲེལ་བ་ནི། ཡོད་ཅེས་བོད་བླུན་


MR11_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འགའ་ཞིག་སྨྲ་སྟེ་གཅིག་དུ་བྲལ་སོགས་ཀྱི་རྟགས་ཀྱི་དགག་བྱ་མི་སྲིད་པ་རྣམས་ལ་བསྒྲུབ་ཆོས་མེད་དགག་ཡིན་པས་དངོས་བཟློག་གི་འབྲེལ་བ་གཉིས་ཀ་མེད་ན་འབྲེལ་མེད་ཀྱི་རྟགས་སྲིད་པར་ཐལ་བས་དེས་ན་དངོས་འབྲེལ་ཡོད་ཀྱང་སྤུ་རིས་མི་ཟིན་པས་བཟློག་འབྲེལ་ངེས་པ་ལ་ལྟོས་སོ་ཞེས་ཟེར་རོ། །གཉིས་པ་ལ། དངོས་མེད་དངོས་པོར་ཐལ་བས་དགག །དེ་གཉིས་ལ་འབྲེལ་བའི་མཚན་ཉིད་མི་འཐད་པས་དགག་པ་གཉིས། དང་པོ། དེ་མི་འཐད་དེ་དངོས་མེད་ངོ་བོ་མེད་པ་ལ་དོན་དམ་པར་འབྲེལ་བ་ཡོད་ན་དངོས་པོར་འགྱུར་ཏེ་བདག་གཅིག་གིས་འབྲེལ་བ་རང་བཞིན་གྱི་དངོས་པོ་དང་། དེ་བྱུང་གིས་འབྲེལ་བ་འབྲས་བུའི་དངོས་པོར་འགྱུར་རོ། །གཉིས་པ། སྐྱོན་གཞན་ཡང་ཆོས་གང་ཞིག་ཆོས་གཞན་མི་འདོར་བ་འབྲེལ་བ་རྣམས་ཀྱི་སྤྱི་མཚན་ཡིན་ཏེ། དེ་ལ་དངོས་པོ་ལ་རང་ཉིད་གཞན་དང་འདྲེ་བ་མེད་ཕྱིར་དང་། དངོས་མེད་ལ་ངོ་བོ་མེད་པའི་ཕྱིར་ན་འབྲེལ་བའི་མཚན་ཉིད་དེ་དེ་གཉིས་ལ་དོན་དུ་མེད་དོ། །གཉིས་པ་སོ་སོར་དགག་པ་ལ། བདག་གཅིག་འབྲེལ་དགག །དེ་བྱུང་འབྲེལ་དགག དེས་ལྟོས་པའི་འབྲེལ་བ་གཞན་བཀག་པར་བསྒྲུབ་པ་གསུམ། དང་པོ་ལ། དགག་པ་དང་། དེ་མི་འཐད་པ་སྤང་བ་གཉིས། དང་པོ། དོན་གྱི་བདག་གཅིག་ཡིན་པ་ལ་ཆོས་གཉིས་མེད་ལ། ཆོས་གཉིས་མེད་པ་ལ་འབྲེལ་བ་མི་སྲིད་དེ་རང་གཅིག་པུར་ཟད་པས་སོ། །དེས་ན་བྱས་དང་མི་རྟག་པ་ལྟ་བུ་ཡང་བློ་ངོར་ལྡོག་པས་ཕྱེ་བ་ཡིན་གྱི་དོན་གྱི་སྟེང་ན་འབྲེལ་བ་མེད་དོ། །གཉིས་པ་ལ། མི་འཐད་པ་དགོད། དེ་སྤང་བ་གཉིས། དང་པོ། གྲངས་ཅན་པ་དང་བོད་


MR11_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་ན་རེ། གལ་ཏེ་བྱས་དང་མི་རྟག་པའི་ལྡོག་པ་ཐ་དད་པ་དེ་ཆོས་ཅན། སྒྲ་རང་གི་དོན་ལ་མ་གྲུབ་ན་བྱས་པས་མི་རྟག་པ་སྒྲུབ་པའི་ཚུལ་གསུམ་གྲུབ་པ་མི་སྲིད་དེ་ལྡོག་པ་བློས་བྱས་ཡིན་ཞིང་བློ་ཆོས་དོན་ལ་མེད་པས་དོན་རྟགས་ཀྱི་འབྲེལ་བ་མི་འཐད་པས་བྱས་མི་རྟག་ལྟ་བུ་རྫས་ལྡོག་ཐ་དད་ཀྱང་དོན་ལ་བདག་གཅིག་གིས་འབྲེལ་ཞེ་ན། གཉིས་པ། བྱས་མི་རྟག་གཉིས་སྒྲའི་རྫས་སུ་གཅིག་པ་ལ་དོན་མཐུན་ཡང་ལྡོག་པ་དེ་རྣམས་དོན་ལ་དོན་དེ་ལས་ཐ་དད་དུ་ཡོད་ན་ལྡོག་པ་ནང་ཕན་ཚུན་གཅིག་ལ་གཅིག་ཁྲབ་ཀྱི་སྟེང་ན་བྱང་བུ་བཞིན་མ་འབྲེལ་ན་ཐ་དད་དུ་སོང་བས་བྱས་པ་མི་རྟག་པ་སྒྲུབ་པའི་རྟགས་མིན་ལ་འབྲེལ་ན་ཡང་བདག་གཅིག་གིས་འབྲེལ་ན་རྫས་གཅིག་པར་མ་ཟད་ལྡོག་པ་ཡང་གཅིག་ཏུ་སོང་བས་ཟླ་བ་དང་བསིལ་ཟེར་བྱེད་ལྟར་མིང་གི་རྣམ་གྲངས་ཙམ་དུ་འགྱུར་པའམ། དེ་བྱུང་གིས་འབྲེལ་ན་ནི་གཅིག་གཅིག་གི་འབྲས་བུར་འགྱུར་རོ། །གཉིས་པ་དེ་བྱུང་འབྲེལ་དགག་པ་ལ། རྒྱུ་འབྲས་རྫས་ལ་འབྲེལ་བ་དགག རིགས་ལ་འབྲེལ་བ་དགག་པ་གཉིས། དང་པོ་ལ། རྒྱུ་འབྲས་རིམ་གྱིས་པ་ལ་དགག་རྐྱང་བ་ལ་དགག་པ། ལྟོས་པ་ལ་དགག་པ་གསུམ། དང་པོ་ལ། སྔ་ཕྱི་ལ་མི་འཐད་པ། བར་གྱི་སྦྱོར་འབྲེལ་ལ་མི་འཐད་པ་གཉིས། དང་པོ། སྔ་ཕྱི་མིན་པ་དུས་མཉམ་པ་ལ་ནི་དེ་བྱུང་གི་འབྲེལ་བ་མེད་སྔ་ཕྱི་ཡོད་ན་གཅིག་ཡོད་དུས་གཅིག་མེད་པས་གང་རུང་མེད་པས་ཁྱབ་པ་དེས་ན་དངོས་དང་དངོས་མེད་ལ་དེ་ལས་བྱུང་བའི་འབྲེལ་བའང་དོན་གྱི་སྟེང་ན་མེད་དོ། གཉིས་པ་ལ། སྦྱོར་འབྲེལ་འདོད་པའི་ལུགས་དགོད། དེ་དགག་པ་གཉིས། དང་པོ། མུ་སྟེགས་པ་ན་རེ་རྒྱུ་འགགས་པ་


MR11_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་འབྲས་བུ་སྐྱེས་པ་ལ་དེ་གཉིས་ཀྱི་བར་སྦྲེལ་བའི་སྦྱོར་བའི་འབྲེལ་བ་རྐྱང་པ་ཞིག་ཡོད་ཅེ་ན། གཉིས་པ། རྒྱུ་འབྲས་སྦྱོར་བའི་འབྲེལ་བ་དེ་སྤྱིར་རྟག་པ་ཡིན་ན་དངོས་པོ་མིན་ལ་དངོས་མེད་བྱ་བྱེད་དང་བྲལ་བས་སྦྱོར་བའི་བྱེད་པོར་མི་རུང་ཞིང་མི་རྟག་ན་ནི་མེ་འགག་ན་སྦྱོར་འབྲེལ་ཡང་འགག་པས་དུ་བ་དང་སྦྲེལ་བར་མི་ནུས་ལ་བར་དེར་འབྲེལ་རྐྱང་ཕུང་གསུམ་པ་ཡོད་ཅིང་དེ་རྒྱུ་འབྲས་གཉིས་མ་འབྲེལ་བ་གསར་དུ་འབྲེལ་བྱེད་ཡིན་ན་མེ་དུ་དང་སྦྱོར་འབྲེལ་གྱི་བར་དུ་ཡང་འབྲེལ་བ་གཞན་དགོས་པས་ན་ཐུག་མེད་དུ་འགྱུར་རོ། །གཉིས་པ་རྒྱུ་འབྲས་རྐྱང་པ་ལ་འབྲེལ་བ་དགག་པ་ལ་ཕྱོགས་སྔ་དགོད། དེ་དགག་པ་གཉིས། དང་པོ། གལ་ཏེ་ཁ་གཅིག་གིས་ཕན་ཚུན་ཆོས་གཉིས་ལ་མ་ལྟོས་པའི་མེ་དུད་རྐྱང་བར་བ་རེརེའི་སྟེང་ན་ཉིས་ཆར་གྱི་འབྲེལ་པ་ཡོད་པ་ཡིན་ཞེ་ན། གཉིས་པ། དེ་ལྟར་དོན་ཐམས་ཅད་འབྲེལ་བ་ཁོ་ན་ལས་འབྲེལ་མེད་མི་སྲིད་པས་ཕན་ཚུན་མ་ལྟོས་པའི་མེ་ལྟ་བུའམ་དུ་བ་ལྟ་བུ་རྒྱུ་འབྲས་རྐྱང་བ་རེ་རེ་མཐོང་སྟེ་ཅིག་ཤོས་མ་མཐོང་བས་ཀྱང་། འདི་དུ་བའི་རྒྱུའོ་ཞེས་སམ་འདི་མེའི་འབྲས་བུའོ་ཞེས་པ་ལ་སོགས་པ་རྒྱུ་འབྲས་གཉིས་ཀའི་འབྲེལ་བ་ངེས་པར་འགྱུར་ཞིང་འབྲས་རྟགས་དང་རྒྱུ་མ་དམིགས་པ་ཐམས་ཅད་གོ་བྱེད་དུ་མི་རུང་སྟེ་ཕན་ཚུན་མི་ལྟོས་པའི་ཕྱིར་རོ། །དེས་ན་མི་ལྟོས་པའི་འབྲེལ་པ་འདོད་པ་ཞེ་འདོད་ཐ་ཆད་ཡིན་ནོ། །གསུམ་པ་ལྟོས་འབྲེལ་དགག་པ་ལ། ཕན་འདོགས་པ་ལ་འབྲེལ་བ་དགག་པ།མེད་ན་མི་འབྱུང་བའི་འབྲེལ་བ་དགག་པ་གཉིས། དང་པོ་ལ། འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ། རྒྱུ་འབྲས་གཉིས་ཕན་ཚུན་ལྟོས་ནས་གཅིག་ལ་གཅིག་ཕན་འདོགས་བྱེད་ཡིན་པའི་ཕྱིར་ལྟོས་ནས་འབྲེལ་བ་ཡོད་པ་མི་འགལ་ཞེ་ན།


MR11_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ། རྒྱུ་འབྲས་གཉིས་གཅིག་དངོས་པོ་ཡིན་དུས་གཅིག་དངོས་མེད་ཡིན་པ་ལ། ཕན་བྱ་ཕན་བྱེད་ཀྱི་འབྲེལ་བ་དོན་ལ་ཡོད་པ་ཉིད་འཐད་པ་དཀའ་སྟེ་ཐུབ་པ་དང་རིང་འཕུར་བཞིན་ནོ། །གཉིས་པ་ལ། ཐ་སྙད་མེད་ན་མི་འབྱུང་བ་ཙམ་འབྲེལ་བར་འདོད་པ་དགག །དོན་ལ་འབྲེལ་བ་དགག་པ་གཉིས། དང་པོ། རྒྱུ་དེ་མེད་ན་འབྲས་བུའི་ཐ་སྙད་མི་འབྱུང་བ་ཙམ་ཞིག་འབྲེལ་བ་ཡིན་ན། རྭ་གཡས་གཡོན་དང་ཕར་ཚུར་རིང་ཐུང་སོགས་ཀྱང་འབྲེལ་བར་འགྱུར་ཏེ་གཅིག་མེད་ན་གཅིག་ཤོས་ཀྱི་ཐ་སྙད་མི་འབྱུང་བས་སོ། །གཉིས་པ། ཐ་སྙད་ལྟོས་ཙམ་མིན་གྱི་དོན་ཉིད་ལ་མེད་ན་མི་འབྱུང་བའི་འབྲེལ་བ་རྫས་དང་ལྡོག་པ་གང་གི་ཡིན་བརྟགས་པས་ཁེགས་ཏེ། མེའི་རྫས་མེད་ན་དུ་བའི་རྫས་མི་འབྱུང་བ་ཡིན་ནམ། མེ་ཙམ་གྱི་ལྡོག་པ་མེད་ན་དུ་བ་ཙམ་གྱི་ལྡོག་པ་མི་འབྱུང་བ་གང་ཡིན། དང་པོ་ལྟར་ན། མེའི་རྫས་ལ་གསུམ་ལས་མི་འདའ་བས་འདས་ད་ལྟར་གྱི་མེ་མེད་ན་མི་འབྱུང་བ་ཡིན་མོད། འདས་པ་དོན་ཐོབ་བྱེད་མ་ཡིན་ཏེ་འགགས་པའི་ཕྱིར་རོ། །མ་འོངས་པའི་མེ་ཐོབ་ཏུ་ཆུག་ན་ཡང་རྒྱུ་མ་ཡིན་པས་མེད་ན་མི་འབྱུང་བ་མེད་ལ། ད་ལྟ་བ་ལ་མེད་ན་མི་འབྱུང་དང་ཐོབ་པ་གཉིས་ཀ་མེད་དེ་དུས་མཉམ་པའི་ཕྱིར་རོ། །གཉིས་པ་མེ་དུད་ཀྱི་རྫས་སོ་སོར་མ་ཕྱེ་བར་ལྡོག་པ་མེད་ན་མི་འབྱུང་བ་ལ་འདོད་ན། དེ་རྟོག་པས་སྦྲེལ་བ་ཡིན་གྱི་དོན་འབྲེལ་མི་འཐད་དོ། །གཉིས་པ་རྒྱུ་འབྲས་རིགས་ལ་འབྲེལ་བ་དགག་པ། རྒྱུ་འབྲས་རང་གི་མཚན་ཉིད་ལ་འབྲེལ་བ་མེད་ཀྱང་། རྒྱུ་འབྲས་ཀྱི་རིགས་ལ་འབྲེལ་བ་ཡོད་ཞེ་ན། རིགས་དེ་རྒྱུ་འབྲས་རང་མཚན་ཉིད་ལ་ཟེར་བ་ཡིན་ན་སྔར་གྱི་སྐྱོ༷ན་ལས་འདས་པ་མེད། དེ་ལས་གཞན་དུ་གྱུར་


MR11_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིགས་ཞེས་ཐ་དད་པ་ཞིག་ཡོད་པར་འདོད་ན། སྤྱི༷་ཡི་སྐབས་སུ་བཀག་ཟིན་ཏོ། །གསུམ་པ་ལྟོས་འབྲེལ་གཞན་དགག་པ་ལ། མདོར་བསྟན། རྒྱས་བཤད། དེ་དགག་པ་གསུམ། དང་པོ། དོན་ལ་འབྲེལ་བ་འགོག་པའི་རིགས་པ་འདིས་ནི་ལྡན་དང་འདུ་བ་དང་། ཁྱད་པར་དང་ནི་ཁྱད་པར་ཅན། བྱེད་དང་ཕྲད་པ་ལ་སོགས་པ། འབྲེལ་པར་འདོད་པ་བཀག་པ་ཡིན་ནོ། །གཉིས་པ། དེ་རྣམས་གང་ཞེ་ན། དེ་ལ་ལྡན་འབྲེལ་ནི་འཁར་གཞོང་ལ་ནི་རྒྱ་ཤུག་བརྟེན་པ་ལྟ་བུ་ནི་ངོ་བོ་གཅིག་མིན་པས་བདག་གཅིག་འབྲེལ་མིན་ལ། རྒྱུ་འབྲས་མིན་པས་དེ་བྱུང་མིན་ཡང་རྟེན་བརྟེན་པར་སྦྲེལ་བས་ན་དེ་དང་ལྡན་པའི་འབྲེལ་བ་ཡིན་ཞེས་ཟེར། ཤིང་ཙམ་གྱི་སྤྱི་རྟག་པའི་རྟེན་གཅིག་པུ་ལ་བྱེ་བྲག་ཙནྡན་སོགས་མི་རྟག་པ་བརྟེན་པའི་འབྲེལ་བ་ནི་འཕྲོད་པ་འདུ་བའི་འབྲེལ་བ་ཡིན་ཞེས་གྲགས། བྱས་དང་མི་རྟག་པ་ཐ་དད་པའི་སྒྲ་དང་འབྲེལ་བ་དང་ནོག་ལྐོག་ཤལ་རྭ་སོགས་དཀར་ཟ ལ་སོགས་དང་འབྲེལ་བ་དང་། ཐགས་ཀྱི་རྒྱུ་སྤུན་སྣམ་བུ་དང་འབྲེལ་བ་ལ་སོགས་པ། ཆོས་ཐ་དད་པ་གཞི་གཅིག་ལ་འདུ་བ་ཐམས་ཅད་དོན་གཅིག་ལ་ནི་འདུ་བའི་འབྲེལ་བ་ཡིན་ཞེས་སྨྲ། ཐ་དད་གཞན་གྱིས་གཞན་གོ་བ་དབྱུག་པས་དབྱུག་པ་ཅན་གོ་བ་ལྟ་བུ་ནི་ཁྱད་པར་བྱེད་ཆོས་ཀྱི་འབྲེལ་བ་ཡིན་ཞེས་འདོད། འགགས་པའི་རྒྱུ་དང་ད་ལྟར་གྱི། འབྲས་བུ་དུས་མཉམ་དུ་མེད་ཀྱང་དེ་གཉིས་འབྲེལ་བ་དེ་ལ་མིང་དུ་སྦྱོར་འབྲེལ་དུ་འདོད་དོ་ལོ། བདག་རྟག་པ་དང་དེའི་བྱ་བ་བརྐྱང་བསྐུམ་སོགས་མི་རྟག་པ་རྣམ་པ་གཉིས་ལ། བྱེད་པའི་འབྲེལ་བ་ཡོད་དོ་ལོ། མིག་གིས་གཟུགས་ལ་ལྟ་བ་དང་དེ་བཞིན་དུ་རེག་པ་དྲུག་པོ་ཐམས་


MR11_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་ཕྲད་པའི་འབྲེལ་བ་ཡིན་ཞེས་ཟེར། ཁུ་བྱུག་དང་ཁུག་རྟའམ་བྱ་རྒོད་དང་ཕྱི་བ་སོགས་ལ་རྗེ་ཁོལ་གྱི་འབྲེལ་བ་དང་ངུར་བ་ཁྱོ་ཤུག་ལ་སོགས་ཀྱང་། འབྲེལ་པ་ཡིན་ཞེས་རྨོངས་པ་སྨྲ། གསུམ་པ་ལ། དོན་ལ་མ་གྲུབ། བློ་ངོར་གྲུབ་ཀྱང་གཞན་དུ་མི་འཐད་པས་དགག་པ་གཉིས། དང་པོ། དེ་རྣམས་ཕྱོགས་གཅིག་ཏུ་དགག་ན། དོན་ལ་འབྲེལ་བ་ཡོད་པར་འདོད་པ་ནི། དངོས་མེད་ལ་དངོས་འབྲེལ་མི་སྲིད་ལ་དངོས་པོ་ཡིན་ན་གཅིག་ཡིན་ན་རང་ལ་རང་འབྲེལ་མི་སྲིད་པ་དང་ཐ་དད་ལ་འབྲེལ་བ་མེད་པའི་ཚུལ་སྔར་ལྟར་བརྟགས་པས་ཁེགས། གཉིས་པ་ལ་འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ། ལྡན་པ་སོགས་ལའང་དོན་ལ་འབྲེལ་བ་མེད་ཀྱང་ཁྱོད་ཀྱི་ལྟར་གཞན་སེལ་གྱིས་སྦྲེལ་ན་བློ་ངོར་འབྲེལ་བ་གོ་བར་བྱེད་པ་ཡིན་ནོ་ཞེ་ན།གཉིས་པ་ལ། དགག་པ་དངོས་དང་། ལུགས་ངན་པ་དེ་འདྲ་བ་སྤང་བར་བསྟན་པ་གཉིས། དང་པོ། ལྡན་པ་ཅན་སོགས་དེ་དག་ལ་རྟག་དངོས་ཀྱི་འབྲེལ་བ་འདོད་པ་ལ་གནོད་བྱེད་ཀྱི་ཚད་མ་ཡོད་པས་འབྲེལ་བར་མི་རུང་ལ་གལ་ཏེ་རྟེན་བརྟེན་པ་དང་སྤྱི་བྱེ་བྲག་ལྟ་བུའི་འབྲེལ་བ་ཙམ་དུ་འདོད་པ་ལ་གནོད་བྱེད་མེད་ན་བློ་ངོར་གྲུབ་ཀྱང་དེ་ནི་འབྲེལ་བ་གཉིས་པོར་འདུས་ཀྱི་ལོགས་སུ་དབྱེ་བ་མི་འཐད་དོ། །འདི་ཐད་དུ་ཇི་ལྟར་གནོད་པ་སོགས་ཤོ་ལོ་ཀ་གཅིག་འདི་འགྲེལ་བ་རྩ་བར་ཤོར་བ་ཡིན་གྱི་རྩ་བའི་ཚིགས་ལ་གཟུད་པར་མི་བྱའོ། །གཉིས་པ། འབྲེལ་བ་གཉིས་ལས་གཞན་དུ་འདོད་པ་མུ་སྟེགས་རྣམས་ཀྱི་ལུགས་ཆོས་གྲགས་ཀྱིས་བཀག་ཟིན་པས་སླར་ཡང་འབྲེལ་བ་གཞན་ཁས་ལེན་ན་སྡེ་བདུན་གྱི་རིགས་པ་ཀུན་སྤང་ནས་ཆོས་ཀྱི་གྲགས་པས་བཀག་ཅིང་བོར་བ་ཡི་ངན་


MR11_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་ཕལ་ཆེར་ཞིག་ནི་བླུན་པོ་རྣམས་ཀྱིས་ཚུར་དང་དུ་ལེན་པ་ནི་སྨད་པའི་གནས་ཏེ་དཔེར་ན་མི་འདོད་པའི་ནད་ལ་སྐྱུགས་སྨན་བཏང་ནས་ཕྱིར་སྐྱུགས་པ་ལ། ཁྱི༷་ལས་གཞན་པ་སུ་ཞིག་ཟ། བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་བློ་ངོར་འབྲེལ་བ་བསྒྲུབ་པ་ལ། བློས་ཇི་ལྟར་སྦྲེལ་ཚུལ་དང་། དེ་ལ་རྩོད་པ་སྤང་བ་གཉིས། དང་པོ། དོན་རང་མཚན་ཐ་དད་དུ་གནས་པས་འབྲེལ་མི་སྲིད་ཀྱང་གཞན་སེལ་བའི་རྣམ་རྟོག་གི་ཡུལ་ལ་འཇིག་རྟེན་གྱི་ཐ་སྙད་བཞིན་དུ་བུམ་པའི་རང་མཚན་གཅིག་ལ་ལྟོ་ལྡིར་བ་མིན་པ་སྐད་ཅིག་མིན་པ་རྒྱུ་རྐྱེན་གྱིས་བསྐྱེད་པ་མིན་པ་རྣམས་སྤོང་བའི་རྣམ་ཅན་གྱི་བུམ་པ་མི་རྟག་པ་བྱས་པའི་ལྡོག་པ་རྣམས་ལོགས་སུ་དབྱེ་ཞིང་དེ་གཅིག་ཏུ་སྡུད་པའི་གཞན་སེལ་གྱིས་གཅིག་ཏུ་བསྡུ་བ་ལ་བརྟེན་ནས་བདག་གཅིག་འབྲེལ་བརྟགས་པ་དང་།དེ་བྱུང་ཡང་དོན་ལ་མི་སྲིད་ཀྱང་རྒྱུ་སྔ་མ་དང་ཕྱི་མ་འབྲས་བུ་རྟོག་པས་སྦྲེལ་བ་ཡིས་དེ་བྱུང་གི་འབྲེལ་བ་བཞག་ལ་འབྲེལ་བ་དེས་འཇུག་ཡུལ་བསྒྲུབ་ནུས་པའི་ཕྱིར་འབྲེལ་པར་འཐད་དོ། །གཉིས་པ་ལ། བློས་བདག་གཅིག་པར་སྦྲེལ་བ་ལ་རྩོད་པ་སྤང་བ། དེ་བྱུང་བ་ལ་རྩོད་པ་སྤང་བ་གཉིས། དང་པོ་ལ་རྩོད་པ་དང་། དེ་དགག་པ་གཉིས། དང་པོ། བྱས་པ་དང་མི་རྟག་པ་གཉིས་བློས་སྦྲེལ་བ་ལྟར་དོན་ལ་འགྲུབ་ན་དོན་འབྲེལ་དུ་འགྱུར་བ་ཡིན་ལ་གལ་ཏེ་དོན་ལ་དེ་གཉིས་ཀྱི་འབྲེལ་བ་དེ་དག་མ་གྲུབ་ན། བྱས་པས་མི་རྟག་པ་མི་འགྲུབ་སྟེ་དེ་གཉིས་དོན་ལ་མི་འབྲེལ་བས་རྟགས་དེ་དོན་གྱི་སྒྲུབ་བྱེད་དུ་རུང་བ་མིན་ཞེ་ན། གཉིས་པ། གཞན་སེལ་ཕྱིན་ཅི་མ་ལོག་པས་བརྟགས་པ་དེ་མཐོང་བ་དོན་ཆོས་ལ་འཇུག་པ་ཡོད་དེ་དཔེར་ན་སྒྲ་ལ་བྱས་མི་རྟག་སོགས་སུ་རྟོག་པ་ལྟ་བུ་དང་། གཞན་


MR11_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་ལོགས་པས་བརྟགས་པ་དོན་ལ་མི་འཇུག་པ་སྒྲ་རྟག་པ་དང་མ་བྱས་སོགས་སུ་རྟོག་པ་ལྟ་བུ་སྟེ་རྣམས་པ་གཉིས་ཡོད་པའི་དང་པོ་དོན་ལ་འཇུག་པས་འཇུག་ཡུལ་ཐོབ་པ་ཡོད་པས་ན་འབྲེལ་པ་ཡི་ཐ་སྙད་རུང་བ་ཉིད་དེ་ཅིག་ཤོས་ལོག་པ་ནི་འབྲེལ་མིན་དུ་འཇོག་སྟེ་དཔེ་བཟུང་བ་ལྟར་འཇུག་ཡུལ་མི་ཐོབ་པས་སོ། །གཉིས་པ་ལ། རྩོད་པ་དང་། ལན་གཉིས། དང་པོ། དུ་བ་འདི་མེ་དེ་མེད་ན་མི་འབྱུང་གི་འབྲེལ་བ་ནི་དོན་དུ་བ་རང་ལ་མེད་ན་དུ་བ་དེ་ནི་རྒྱུ་མེད་ཅན་དུ་འགྱུར་ལ། གལ་ཏེ་ཡོད་ན་དེ་ཉིད་དངོས་པོ་རང་གི་སྟེང་ན་ཡོད་པ་ཡི་འབྲེལ་པ་ཉིད་དུ་འགྱུར་ཞེ་ན། གཉིས་པ། རྒྱུ་མེད་ན་འབྲས་བུ་མི་འབྱུང་བས་དོན་གྱི་དུ་བ་དེ་མེ་མེད་ན་མི་འབྱུང་བ་ཙམ་ཡོད་མོད་ཀྱང་། སྔ་མའི་མེ་དེ་མེད་ན་ཕྱི་མའི་དུ་བ་འདི་མི་འབྱུང་ཞེས་དེ་གཉིས་བསྡོམས་ཏེ་བཟུང་ནས་མཚམས་སྦྱོར་ཞིང་གཅིག་ཏུ་སྦྲེལ་བ་ནི། རྟོག་པ་མིན་པས་སྦྲེལ་མི་ནུས་ཏེ་དོན་ལ་ཡོད་ན་སྣང་བས་འགྲུབ་དགོས་ཀྱང་དེ་མིན་པའི་ཕྱིར་རོ། །དོན་ལ་མེད་ན་མི་འབྱུང་བ་ཙམ་ཡོད་ལ་མེད་ན་མི་འབྱུང་གི་འབྲེལ་བ་མེད། བྱས་མི་རྟག་རང་བཞིན་གཅིག་ཡིན་ལ་བདག་གཅིག་གི་འབྲེལ་བ་དོན་ལ་མེད་ཅེས་མདོར་ན་འབྲེལ་ཞེས་པ་ཆོས་གཉིས་སྦྲེལ་ཏེ་མ་བཟུང་བར་མི་གྲུབ་ལ། བྱས་མི་རྟག་དོན་གྱི་སྟེང་ན་སོ་སོར་གྲུབ་པ་མེད་ཅིང་རྒྱུ་འབྲས་དུས་མཉམ་དུ་མེད་པས་གཉིས་འབྲེལ་བ་ཞིག་དོན་སྟེང་ན་གྲུབ་མེད་པས་འདི་ནི་གནད་དོན་དམ་པའོ། །གསུམ་པ་འབྲེལ་བ་སྒྲུབ་བྱེད་ཀྱི་ཚད་མ་ལ། མཚན་ཉིད་བསྒྲུབ་པ། མཚན་གཞི་ངོས་གཟུང་བ། དེ་དག་གང་གིས་ངེས་པའི་ཚུལ་གསུམ། དང་པོ་ལ། བདག་གཅིག་པའི་འབྲེལ་བ་ངེས་བྱེད་དང་། དེ་བྱུང་གི་འབྲེལ་བ་ངེས་བྱེད་གཉིས། དང་པོ་ལ།


MR11_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་སྙད་བསྒྲུབ་ཀྱི་འབྲེལ་བ་དང་། དོན་བསྒྲུབ་ཀྱི་འབྲེལ་བ་གཉིས། དང་པོ། ལྡོག་པ་ཐ་དད་དོན་ལ་གཅིག་ཏུ་ཡོད་པར་ཚད་མ་གང་གིས་གྲུབ་ཅེ་ན་ནོག་སོགས་མཚན་ཉིད་དང་ནི་མཚོན་བྱ་བ་ལང་གི་འབྲེལ་བ་ཡང་ནོག་སོགས་འདུས་པ་ལ་འདི་བ་ལང་ཞེས་དོན་གཅིག་ཏུ་འཁྲུལ་བས་འགྲུབ་ཀྱི་མཚོན་བྱ་སྒྲོ་བཏགས་ཡིན་པས་དོན་ལ་མི་གནས་པ་དང་། སྤྱི༷་དང་བྱེ་བྲག་འབྲེལ་བ་ཡང་ལྡོག་པ་ཆིག་རྐྱང་དང་ཉིས་ཚོགས་ཀྱི་ཤིང་དང་ཤ་བ་གཅིག་ཏུ་འཁྲུལ་ནས་བདག་གཅིག་པའི་བརྡ་ཆད་བྱས་པའི་པས་གྲུབ་པ་དེ་ལྟ་ན་བདག་གཅིག་པ་རྣམས་ལྡོག་པ་ཐ་དད་ལ་འཁྲུལ་པས་དངོས་པོ་གཅིག་ཉིད་དུ་བརྟགས་པས་འགྲུབ་ཀྱི་གཞན་དུ་དོན་ལ་གྲུབ་པ་མིན་ནོ། །གཉིས་པ་ལ། རྩ་བའི་རྟགས་དགོད་པ་དང་། དེ་མ་ངེས་པ་སྤང་བ་གཉིས། དང་པོ། གང་ཡོད་པ་དེ་སྐད་ཅིག་གིས་འཇིག་སྟེ་དཔེར་ན་བུམ་པ་བཞིན། སྒྲ་ཡང་ཡོད་དོ་ཅེས་བྱ་བ་ནི་རང་བཞིན་གྱི་རྟགས་ཡིན་ནོ། །གཉིས་པ་ལ། མ་ངེས་པ་སྤང་བའི་རྟགས་གཉིས། དེ་གཉིས་གསུངས་པའི་དགོས་པ་གཉིས། དང་པོ་ལ། འཇིག་པ་རྒྱུ་གཞན་ལ་ལྟོས་པའི་མ་ངེས་པ་སྤང་བ་ལྟོས་མེད་ཀྱི་རྟགས་བ ཤད་པ། དངོས་པོ་དང་རྟག་པའི་གཞི་མཐུན་ཡོད་པར་འདོད་པ་མ་ངེས་པ་སྤང་བ་གནོད་པ་ཅན་གྱི་རྟགས་བཤད་པ་གཉིས། དང་པོ་ལ། རྟགས་དགོད་པ་དང་། དེ་ལ་མི་འཐད་པ་སྤང་བ་གཉིས། དང་པོ། དེའི་ཚུལ་བསྒྲུབ་པ་ནི་རྟགས་དེ་ངེས་པ་ཡིན་ཏེ་གང་སྐྱེས་པ་ཁོ་ན་འཇིག་པ་ཡིན་ཏེ་སྐད་གཅིག་གཉིས་པར་སྐད་ཅིག་དང་པོ་ལ་ཞིག་པ་ཞེས་མིང་གདགས་ཀྱི་ཞིག་པ་ཞེས་པའི་ཆོས་ལོགས་སུ་གྲུབ་པ་ཅི་ཡང་མེད་པས་དེ་ལ་འཇིག་བྱེད་ཀྱི་རྒྱུ་གཞན་ལ་ལྟོས་མི་དགོས་སོ། །གཉིས་པ་ལ། མ་གྲུབ་པ། མ་ངེས་པ། ཧ་ཅང་ཐལ་བ་སྤང་


MR11_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

བ་གསུམ། དང་པོ་ལ། རྩོད་པ་དང་། ལན་གཉིས། དང་པོ། བུམ་པ་དང་ཤིང་འཇིག་པ་ཐོ་བ་དང་མེ་ལྟ་བུ་རྒྱུ་གཞན་ལ་ལྟོས་ཕྱིར་འཇིག་པ་གཞན་ལ་ལྟོས་པ་མེད་པ་འདི་ནི་མ་གྲུབ་ལོ། །གཉིས་པ་ལ། མདོར་བསྡུས་ཏེ་དགག་པ་དང་། རྣམ་པར་ཕྱེ་སྟེ་དགག་པ་གཉིས། དང་པོ། འཇིག་པར་བྱ་རྒྱུའི་དངོས་པོ་བུམ་ཤིང་ལྟ་བུ་དང་དེ་ཞིག་པ་མེད་དགག་གི་ཆ་དངོས་མེད་གཉིས་ཀ་ལ་འཇིག་པའི་སྒྲ་དོན་འཇུག་མོད་ཀྱི། དང་པོ་ལ་དངོས་པོ་རང་སྐྱེད་པའི་རྒྱུ་ལས་གཞན་མི་དགོས་པ་དང་། ཞིག་ནས་མེད་པ་ལ་རྒྱུ་གཏན་མེད་པས་གཉིས་ཀ་ལ་ཡང་རྒྱུ་མི་དགོས་སོ། །གཉིས་པ་ལ། དངོས་དངོས་མེད་ལ་བརྟགས་ནས་དགག་པ་དང་། ཁས་བླངས་ལ་བརྟགས་ནས་དགག་པ་གཉིས། དང་པོ། དེས་ལྟོས་མེད་གྲུབ་ཀྱང་རྒྱས་པར་བཤད་ན། ཐོ་བ་སོགས་ཀྱིས་བུམ་པ་འཇིག་པར་བྱེད་ན་ཡང་འཇིག་པ་དེ་དངོས་མེད་ནི་ཅི་ཡང་མེད་ཙམ་ཡིན་པས་རྒྱུ་ལ་མི་ལྟོས་ལ་ལྟོས་ན་དངོས་པོར་འགྱུར་ཞིང་དངོས་པོ་ཡིན་ན འང་རང་གཞན་གཉིས་ལས་བུམ་པ་རང་ཡིན་ན་དེ་རྫ་མཁན་གྱིས་བྱས་ནས་རང་ཉིད་གྲུབ་ཟིན་པས་རྒྱུ་ཅི་དགོས། བུམ་པ་ལས་གཞན་ཞིག་ཡིན་ན་དེ་རྒྱུས་བྱས་པས་བུམ་པ་དེ་མི་འཇིག་དེས་ན་བུམ་པའི་རྒྱུ་ལས་ལོགས་སུ་འཇིག་པ་སྐྱེད་བྱེད་ཀྱི་རྒྱུ་མེད་པར་གྲུབ་བོ། །གཉིས་པ། འཇིག་པ་དངོས་པོ་མེད་པ་རྒྱུས་བྱེད་ཅེས། སྨྲ་ན་ཁས་བླངས་དེ་ཉིད་ཀྱིས་འཇིག་པ་རྒྱུ་ལ་ལྟོས་པ་མེད་པ་ཤུགས་ལ་གྲུབ་པ་ཡིན་ཏེ། དངོས་མེད་རྒྱུ་ཡིས་བྱེད་པ་ཞེས་སྨྲ་བ་དང་། རྒྱུ་ཡིས་ཅི་ཡང་མི་བྱེད་པ་ཞེས་ཟེར་བ་གཉིས་ཚིག་མི་འདྲ་ཡང་དོན་མཚུངས་ཏེ་དཔེར་ན་མེད་པ་ལ། ལྟ་བ་ཞེས་


MR11_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

དང་བལྟ་རྒྱུ་མེད་ཟེར་བ་གཉིས་མཐོང་བ་མེད་པའི་དོན་དུ་འདྲ་བ་བཞིན་ནོ། །མེད་པ་བལྟ་ཞེས་བྱ་ཚིག་དང་བལྟ་རྒྱུ་མེད་ཅེས་བྱ་ཚིག་བྲལ་བ་ལྟ་བུའི་འགལ་བར་སྣང་ཡང་དོན་གནས་ཚུལ་ལ་མེད་ལ་བལྟས་ཀྱང་མཐོང་རྒྱུ་ཅི་ཡང་མེད་པས་ཅི་ཡང་མ་མཐོང་ལ།བལྟ་རྒྱུ་མེད་པའི་ཅི་ཡང་མ་མཐོང་བ་གཉིས་ཀ་དོན་ཅི་ཡང་མིག་སྔར་མ་བྱུང་བ་ལ་ཁྱད་པར་མེད་པའི་དོན་ཏོ། །གཉིས་པ་མ་ངེས་བའི་རྩོད་སྤང་ལ། རྩོད་པ་དང་། ལན་གཉིས། དང་པོ། ཁ་ཅིག་ན་རེ་ས་བོན་ཆུ་ལུད་ཀྱི་ཚོགས་པ་ཚང་ནས་རྒྱུ་གཞན་ལ་ལྟོས་མེད་ཡིན་ཡང་མྱུ་གུ་སྐྱེད་ངེས་ཡིན་པ་ལ་མི་སྐྱེད་པ་མཐོང་བ་བཞིན་ལྟོས་མེད་ཀྱི་གཏན་ཚིག་འདི་ཡང་མ་ངེས་ཞེས་ཟེར་རོ་ལོ། གཉིས་པ་ལ། རྩ་བའི་ལན་དང་། ལན་དེ་ལ་མི་འཐད་པ་སྤང་བ་གཉིས། དང་པོ། ཚོགས་པ་རྐྱང་བ་ལས་མྱུ་གུ་སྐྱེ་བར་མི་འདོད་ཀྱི་དེ་དག་གནས་སྐབས་ཡོངས་སུ་འགྱུར་བ་ལ། ལྟོས་པའི་ཕྱིར་ན་ལྟོས་མེད་ཀྱི་རྟགས་འདི་མ་ངེས་པ་ག་ལ་ཡིན་ཏེ་མིན་ནོ། །གཉིས་པ་ལ། མཚུངས་པར་བསྒྲེ་བ་དང་། མ་གྲུབ་པ་སྤང་བ། མ་ངེས་པ་སྤང་བ་གསུམ། དང་པོ་ལ། རྩོད་པ་དང་། ལན་གཉིས། དང་པོ།འོ་ན་ཚོགས་པ་འགྱུར་བ་ལ་ལྟོས་པ་དེ་བཞིན་དུ་བྱས་པའང་འཇིག་པའི་རྒྱུ་ཡིན་དུ་ཟིན་ཀྱང་དུས་ལ་ལྟོས་ཤེ་ན། གཉིས་པ། དུས་ལ་ལྟོས་ན་ནི་ལྟོས་དགོས་པའི་བྱས་པ་དེ་ཉིད་ལྟོས་གཞི་འཇིག་པའི་དུས་དེ་མ་བྱུང་གི་བར་དུ་འགྱུར་ན་འཇིག་པ་ལྟོས་མེད་དུ་གྲུབ་ཏེ་དུས་མ་བྱུང་ཡང་འཇིག་པས་སོ། །འཇིག་དུས་ཀྱི་བར་དུ་བྱས་པ་མི་འགྱུར་ན་ངོ་བོ་ལ་ཁྱད་མེད་པས་སྔར་བཞིན་ཕྱིས་ཀྱང་འཇིག་མེད་དུ་གནས་ཏེ་དང་པོ་མི་འཇིག་མཐར་མི་འགྱུར་ཞེས་པའི་རིགས་པས་སོ། །གཉིས་པ་ལ། རྩོད་པ་དང་། ལན་གཉིས། དང་པོ།


MR11_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ས་དང་ས་བོན་སོགས་རྒྱུ་ཡི་ཚོགས་པ་རང་གི་ངོ་བོ་སྐད་ཅིག་དང་པོ་ནས་འབྲས་བུ་སྐྱེད་པའི་སྐད་ཅིག་ཐ་མའི་བར་དུ་ཡང་འགྱུར་མེད་ཀྱི་གཅིག་ཡིན་པས། རྒྱུན་འགྱུར་བ་ལ་ལྟོས་པའི་གཏན་ཚིགས་འདི་ནི་མ་གྲུབ་ལོ། །གཉིས་པ་ལ།དངོས་དང་། དེའི་སྐྱོན་སྤོང་དགག་པ་གཉིས། དང་པོ། ཚོགས་པ་སྔ་ཕྱི་ངོ་བོ་འགྱུར་མེད་གཅིག་ཡིན་པས་ཚོགས་པས་ཕྱི་ནས་ཏེ་ཚོགས་པ་ཐ་མས་མྱུ་གུ་བསྐྱེད་པ་ལྟར། དེ་གཉིས་ངོ་བོ་གཅིག་ཕྱིར་ཚོགས་པའི་སྐད་ཅིག་དང་པོ་ཚོགས་ཙམ་གྱི་སྐབས་སུ་ཡང་བསྐྱེད་པར་འགྱུར། གཉིས་པ་ལ། རྩོད་པ་དང་། དེའི་ལན་གཉིས། དང་པོ། གལ་ཏེ་དེ་གཉིས་ངོ་བོ་གཅིག་ཉིད་ན་ཡང་ཚོགས་པ་དང་པོ་ལ་གེགས་ཡོད་ཕྱིར་མྱུ་གུ་བསྐྱེད་པར་མི་ངེས་སོ་ཞེ་ན། གཉིས་པ། དང་པོ་གེགས་ཅན་ཐ་མ་གེགས་མེད་པ་གཉིས་གཅིག་མིན་ལ་ཐ་དད་པའི་ཕྱིར། ཁྱེད་ཀྱིས་ཁས་བླངས་ལ་གཅིག་ཏུ་འདོད་ཀྱང་དོན་ལ་ཡང་ངོ་བོ་གཉིས་སུ་འགྱུར་རོ། །གསུམ་པ་ལ། རྩོད་པ་དང་། ལན་གཉིས། དང་པོ། ཡང་ཁོ་ན་རེ་འབྲས་བུ་གང་རྒྱུ་ལ་མི་ལྟོས་ཀྱང་འབྱུང་ངེས་པས་མ་ཁྱབ་སྟེ་དཔེར་ན་ནས་ཀྱི་རྒྱུ་ཚོགས་ཀྱང་སཱ་ལུ་ཡི་མྱུ་གུ་བསྐྱེད་པ་ལ་ལྟོས་ནས་ལྟོས་མེད་ཀྱི་རྟགས་ཞུགས་ཀྱང་། ནས་ཀྱི་རྒྱུ་ཚོགས་དེས་སཱ་ལུའི་མྱུ་གུ་མི་བསྐྱེད་པས། སཱ་ལུའི་མྱུ་གུ་ལྟོས་མེད་ཡིན་ཅེས་པ་ལྟར་ལྟོས་མེད་ཀྱི་གཏན་ཚིགས་འདི་ནི་མ་ངེས་ལོ། གཉིས་པ་ལ། ལན་དང་། ལན་དེ་རང་ལ་མི་མཚུངས་པའི་ཚུལ་གཉིས། དང་པོ། སཱ་ལུའི་མྱུ་གུ་ནི་རང་ཉིད་ས་བོན་ལ་ལྟོས་ཕྱིར། ལྟོས་བཅས་ཡིན་གྱི་ལྟོས་མེད་ཡིན་པའི་རྟགས་མ་གྲུབ་བོ། །གཉིས་པ་ལ། མཚུངས་པའི་རྩོད་པ་དང་། དེ་སྤང་བ་གཉིས། དང་པོ།


MR11_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་སཱ་ལུའི་མྱུ་གུ་རང་གི་ས་བོན་ལ་ལྟོས་པ་དེ་བཞིན་འཇིག་པའི་རྒྱུ་བྱས་པ་ཡོད་ཀྱང་སྐད་ཅིག་གིས་ལྟོས་མེད་དུ་འཇིག་པ་མིན་གྱི་འཇིག་པའི་རྒྱུ་ཐོ་བ་སོགས་གཞན་ལ་ལྟོས་པའི་ཕྱིར་ལྟོས་མེད་ཀྱི་རྟགས་མི་གྲུབ་ཤེ་ན། གཉིས་པ། དེ་གཉིས་མི་མཚུངས་ཏེ་མྱུ་གུ་ནི་རང་རང་གི་རྒྱུ་ལ་ལྟོས་དགོས་ལ། དངོས་པོ་འཇིག་པ་དེ་དངོས་པོ་ཉིད་ཀྱི་ཆ་ལ་བཏགས་པ་ཡིན་པས་དངོས་པོའི་རྒྱུ་ལས་ལོགས་སུ་འཇིག་པའི་རྒྱུ་གཞན་ལ་མི་ལྟོས། འཇིག་པ་དངོས་མེད་མེད་དགག་གི་ཆ་ཙམ་ལ་བཟུང་ན་རྒྱུ་མི་དགོས་པ་ཡིན་ནོ། །དེས་ན་འཇིག་བྱེད་གཞན་མི་དགོས་སོ། །གསུམ་པ་ཧ་ཅང་ཐལ་བ་གསུམ་གྱི་རྩོད་སྤང་། རྟག་མི་རྟག་དངོས་འགལ་བུམ་སོགས་ཀྱི་རྫས་གཅིག་ཏུ་འགྱུར་བ་དང་། ཞིག་པ་དེ་དངོས་པོ་དེ་ཉིད་དང་གཞན་དུ་བརྟག་ན་མི་འཐད་པ་དང་། བྱས་ཡོད་དུ་མཚུངས་པ་ལ་རྟག་མི་རྟག་གཉིས་མི་སྲིད་ན་དངོས་པོར་མཚུངས་པ་ལ་ཐོགས་བཅས་ཐོགས་མེད་གཉིས་ཀྱང་མི་སྲིད་པར་མཚུངས་པ་ཡི་ཐལ་བ་གསུམ་གྱིས་བྱས་ཡོད་ཀྱིས་དངོས་པོ་ཐམས་ཅད་མི་རྟག་པར་བསྒྲུབ་པ་འདིར་མི་འགོག་སྟེ་གནོད་མི་ནུས་ཞེས་སོ། །གཉིས་པ་གནོད་པ་ཅན་གྱི་གཏན་ཚིགས་ལ། གནོད་པ་སྟོན་པའི་ཡུལ་ཕྱོགས་སྔ་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ། དབང་ཕྱུག་པ་སོགས་ན་རེ། བྱ་རོག་ཕལ་ཆེར་ནག་པོ་ཡིན་ཡང་དཀར་པོ་ཡོད་སྲིད་པ་ལྟར། དངོས་པོའི་ནུས་པ་སྣ་ཚོགས་པས་བུམ་སོགས་ཕལ་ཆེར་མི་རྟག་ཀྱང་དབང་ཕྱུག་སོགས་དངོས་པོ་དང་རྟག་པ་ཡི་གཞི་མཐུན་འགའ་ཞིག་ཡོད་པ་མི་འགལ་ཞེས་ཟེར། གཉིས་པ་ལ། བརྟགས་ན་མི་འཐད་པ། དེ་རྟགས་ཀྱིས་བསྒྲུབ་པ་གཉིས། དང་པོ། དེ་ལ་དབང་ཕྱུག་སོགས་རྟག་པ་དེས་དོན་བྱེད་


MR11_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནུས་ན། དངོས་མེད་ཡིན་པའི་ཕྱིར་མིང་དུ་དབང་ཕྱུག་བཏགས་པ་མ་གཏོགས་དོན་ལ་མཐུན་པས་མིང་ལ་མི་རྩོད་དོ། །འོན་ཏེ་དོན་བྱེད་ནུས་ན་ནི་བྱ་བ་བྱེད་པའི་ཚེ་དེ་འགྱུར་རམ་མི་འགྱུར་འགྱུར་ན་ནི་རྟག་པ་ཡིན་པ་ཉམས་ལ། འགྱུར་བ་མེད་ན་དོན་བྱེད་པ་འགལ་ཏེ་སྔར་ལྟར་རྟག་ཏུ་གནས་པས་སོ། །གཉིས་པ་ལ། རྩ་བའི་རྟགས་དགོད་པ། སྦྱོར་བའི་དོན་ངོས་གཟུང་བ་གཉིས། དང་པོ། དེས་ན་ཤེས་བྱ་གང་དང་གང་དོན་བྱེད་པ་མིན་པ་དེ་ལ་དངོས་པོ་མེད་པས་ཁྱབ་དཔེར་ན་ནམ་མཁའ་བཞིན་ནོ། །དབང་ཕྱུག་སོགས་རྟག་པའང་དོན་བྱེད་པས་སྟོང་ངོ་། །ཞེས་རྟགས་འགོད་དོ། །གཉིས་པ་ལ། ཆོས་ཅན། བསྒྲུབ་བྱ། གཏན་ཚིགས་ཀྱི་དོན་གསུམ། དང་པོ། དེ་ལ་འདིའི་ཚུལ་བསྒྲུབ་པ་ལ་ཆོས་ཅན་ནི་ཕ་རོལ་གྱིས་ཁས་བླངས་པའི་དབང་ཕྱུག་སོགས་རྟག་པའི་སྒྲ་དོན་གང་ཞིག་མི་རྟག་ལས་ལོག་ཙམ་གྱི་གཞན་སེལ་སྒྲོ་བཏགས་ལ་རང་མཚན་དུ་ཞེན་པ་ཙམ་ཡིན་ནོ། །གཉིས་པ། ངག་ཏུ་བརྗོད་པའི་དངོས་མེད་ཙམ་མིན་པར་དོན་གྱིས་གོ་བ་བྱས་ཡོད་ཀྱིས་སྟོང་པའི་མེད་དགག་གི་རང་བཞིན་དངོས་པོ་བཀག་ཉིད་བསྒྲུབ་བྱའི་ཆོས་ཡིན་ནོ། །གསུམ་པ་ལ། ཕྱོགས་ཆོས་དང་། ཁྱབ་པ་བསྒྲུབ་པ་གཉིས། དང་པོ་ལ། དགག་གཞག་སྤང་གསུམ། དང་པོ་ལ། ཕྱོགས་ཆོས་མངོན་སུམ་གྱིས་གྲུབ་པ་དང་། རང་རིག་གཅིག་པུས་གྲུབ་པར་འདོད་པ་དགག་པ་གཉིས། དང་པོ། དེ་ལ་ཁ་ཅིག་རྟག་པ་ལ་རིམ་ཅིག་ཆར་གྱིས་སྟོང་པའི་ཕྱོགས་ཆོས་རྟག་པའི་སྟེང་དུ་དོན་བྱེད་པས་སྟོང་པར་མངོན་སུམ་གྱིས་གྲུབ་ཟེར། དེ་མི་འཐད་དེ་དགག་པ་བྱེད་པ་ལ་དགག་བྱ་འཛིན་པའམ་དམིགས་པའི་ཚད་མ་སྐྱེ་མི་དགོས་པའི་ཕྱིར་རོ། །གཉིས་པ།


MR11_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལ་ན་རེ་རྟག་པ་འགྱུར་མེད་ལ་དོན་བྱེད་པས་སྟོང་བར་རྟོག་པ་ཉམས་སུ་མྱོང་བའི་རང་རིག་གཅིག་གིས་གྲུབ་པ་ཡིན་ནོ་ལོ། དེ་ལྟ་ན་མུ་སྟེགས་བྱེད་རྟག་པ་བྱེད་པོ་ཡིན་པའི་ལོག་རྟོག་ཉིད་ཀྱང་མི་སྲིད་པར་འགྱུར་ཏེ་མྱོང་བས་གྲུབ་པའི་ཕྱིར་རོ། །གཉིས་པ་རང་ལུགས། དེས་ན་རང་ལུགས་ཆོས་ཅན་ཕྱི་རྒོལ་གྱིས་ཁས་བླངས་པའི་རྟག་པ་སྐད་ཅིག་གིས་སྟོང་པར་རྟོགས་པ་ལ། དེ་ལྟ་ན་རིམ་ཅིག་ཆར་དུ་དོན་བྱེད་པ་མི་སྲིད་པའམ་འགོག་པའི་རྟགས་ཡང་དག་ཉིད་ཀྱིས་ཕྱོགས་ཆོས་འགྲུབ་པ་ཡིན་ཏེ་རྟགས་ལས་རྗེས་སུ་དཔག་ནས་གྲུབ་བོ། །།གསུམ་པ་རྟགས་དེ་ལ་རྩོད་སྤང་ལ། རྟག་པའི་གནས་སྐབས་ལ་མི་ཁེག་པ་སྤང་བ། རྟག་པའི་རང་བཞིན་ལ་མི་ཁེག་པ་སྤང་པ་གཉིས། དང་པོ་ལ་ཕྱོགས་སྔ་དང་། ལན་གཉིས། ཡང་ཁོ་ན་རེ། རང་བཞིན་རྟག་ཀྱང་གནས་སྐབས་རྣམས། འགྱུར་བའི་ཕྱིར་རྟག་པ་ཡིན་ཡང་དོན་བྱེད་པ་འཐད་ཅེ་ན། གཉིས་པ། རང་བཞིན་དང་གནས་སྐབས་གཉིས་པོ་གཅིག་ན་འགྱུར་མི་འགྱུར་གྱི་ཆོས་གཉིས་ཡོད་པ་འགལ་ཞིང་ཐ་དད་ཡིན་ན་གནས་སྐབས་མི་རྟག་པས་དོན་བྱེད་དུ་ཆུག་ན་ཡང་རང་བཞིན་རྟག་པས་དོན་བྱེད་པ་འགལ་ལོ། །གཉིས་པ་ལ། ཕྱོགས་སྔ་དང་། ལན་གཉིས། དང་པོ། ཡང་ཁོ་ན་རེ་རྟག་པ་ལ་སྐད་ཅིག་གིས་འཇིག་པ་མེད་པའི་རྟག་པ་ཡིན་ན་ཡང་བྱ་བ་བྱེད་པར་སྣང་བའི་རགས་པའི་འགྱུར་བ་ཡོད་པས་བྱ་བ་བྱེད་པ་འཐད་དོ་ཅེ་ན། གཉིས་པ། དང་པོ་ནས་སྐད་ཅིག་གིས་མི་འཇིག་ན་རགས་པའི་འགྱུར་བའང་ག་ལ་སྲིད་དོ། །གཉིས་པ་ཁྱབ་པ། གང་དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་ཡིན་པས་དེ་བཀག་པ་ལ། དངོས་པོ་མེད་པས་ཁྱབ་པ་འགྲུབ་སྟེ་ནམ་མཁའ་བཞིན་ནོ། །གཉིས་པ་རྟགས་གཉིས་སུ་


MR11_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་བའི་དགོས་པ་ལ། གཞན་ལུགས་དགག །རང་ལུགས་གཞག་པ་གཉིས། དང་པོ། ཁ་ཅིག་དེ་གཉིས་གང་རུང་གིས་ཁྱབ་པ་འགྲུབ་པས་གཉིས་ཀ་མི་དགོས་སོ་ཟེར་བ་ལ་གཞན་དག་གནོད་པ་ཅན་གྱི་ལམ་སྦྱོང་དུ་སྟེ་སྔོན་འགྲོ་ལྟ་བུར་ལྟོས་མེད་འཆད་པ་སློབ་དཔོན་གྱི་དགོངས་པ་མིན་ནོ། །གཉིས་པ། དེས་ན་ལོག་རྟོག་རྣམ་གཉིས་ཀྱི་གཉེན་པོ་གཏན་ཚིགས་རྣམ་གཉིས་གསུངས་ཏེ་འཇིག་རྒྱུ་དང་ཕྲད་ན་འཇིག་ལ་མ་ཕྲད་ན་མི་འཇིག་པར་འདོད་པ་ལ་ལྟོས་མེད་དང་ཕྲད་ཀྱང་མི་འཇིག་པར་འདོད་པ་ལ་གནོད་པ་ཅན་ཏེ་འདི་གཉིས་ཡུལ་སོ་སོ་བ་ཡིན་པས་འཇིག་པར་ཁས་ལེན་ན་གནོད་པ་ཅན་དང་མི་འཇིག་པར་ཁས་ལེན་ན་ལྟོས་མེད་ཀྱི་རྟགས་འཇུག་གོ། གཉིས་པ་དེ་བྱུང་གི་འབྲེལ་བ་ངེས་བྱེད་ལ། དགག་གཞག་གཉིས། དང་པོ། གཞན་དག་རྒྱུ་འབྲས་དང་པོ་རྒྱུ་འབྲས་གཉིས་མ་དམིགས། དེ་ནས་རྒྱུ་དམིགས། དེ་ནས་འབྲས་བུ་དམིགས། དེ་ནས་རྒྱུ་ལོག་པས་རྒྱུ་མ་དམིགས། དེ་ནས་འབྲས་བུ་ལོག་པས་འབྲས་བུ་མ་དམིགས་པ་སྟེ་ཕྲུགས་ལྔས་ངེས་ཞེས་ཟེར་ཡང་། གནས་སྐབས་ཀྱི་རྗེས་འགྲོ་ཙམ་ལ་ཟེར་ན་རྔ་སྒྲ་དང་ཉི་ཟེར་སོགས་ལ་ཡང་ཧ་ཅང་ཐལ་ཕྱིར་འདི་མི་འཐད་དོ། །གཉིས་པ་ལ་རྒྱུ་འབྲས་སྤྱིའི་མཚན་ཉིད། དེ་ངེས་བྱེད་ཀྱི་ཚད་མ། དེ་ལ་རྩོད་སྤང་གསུམ། དང་པོ་ལ། དངོས་དང་། ཞར་ལ་རྒྱུའི་དབྱེ་བ་གཉིས། དང་པོ། རང་ལུགས་རྒྱུ་འབྲས་ཀྱི་མཚན་ཉིད་ནི་རིམ་པར་ཕན་འདོགས་བྱ་འབྲས་བུ་དང་འདོགས་བྱེད་རྒྱུ་ཡིན་ནོ། །གཉིས་པ། རྒྱུ་ཡང་འབྲས་བུའི་ངོ་བོ་ལ་ཕན་འདོགས་པ་ཉེར་ལེན་གྱི་རྒྱུ་དང་ཁྱད་པར་ལ་ཕན་འདོགས་པ་ལྷན་ཅིག་བྱེད་རྒྱུ་གཉིས་


MR11_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཡོད་དོ། །གཉིས་པ། དེ་ཡང་རྒྱུ་འབྲས་གཉིས་རང་བཞིན་རྗེས་སུ་འགྲོ་ལྡོག་གི་སྒོ་ནས་ཕྲུགས་གསུམ་རྣམ་པ་གཉིས་ཀྱི་སྒོ་ནས་ཕན་ཚུན་རྒྱུ་འབྲས་སུ་ངེས་པ་ཡིན་ནོ། །གསུམ་པ་རྩོད་སྤང་ལ། སྤྱིའི་ཚུལ་གྱིས་མདོར་བསྟན། བྱེ་བྲག་རྒྱས་བཤད་གཉིས།དང་པོ། རྗེས་སུ་འགྲོ་ལྡོག་གི་མཚན་ཉིད་མི་འགྲུབ་པ་དང་རྗེས་སུ་འགྲོ་ལྡོག་ཙམ་གྱིས་རྒྱུ་འབྲས་ཡིན་ན་ཧ་ཅང་ཐལ་ཟེར་བ་དང་གྲོག་མཁར་ལས་དུ་བ་སྐྱེ་སྣང་སོགས་རྒྱུ་མིན་གཞན་དུ་རྒྱུ་ཡིན་པར་འཁྲུལ་པས་འདིར་མི་གནོད་དོ། །གཉིས་པ་གཞན་དུ་འཁྲུལ་བ་བཤད་པ་ལ། རྒྱུ་མིན་ལས་སྐྱེས་པ་སྐྱེས་བསམ་ངེས་པ་དགག སྐྱེ་ན་སྔ་ཕྱིའི་རྒྱུ་འབྲས་སུ་གྲུབ་པར་བསྟན་པ་གཉིས། དང་པོ་ལ་དགག་པ་དང་། དེ་ལ་མི་འཐད་པ་སྤང་བ་གཉིས། དང་པོ། གང་དག་རྒྱུ་མིན་ལས་སྐྱེས་པ་དེ་ནི་རང་གི་རྒྱུ་དངོས་གང་ཡིན་པ་དེ་ཡི་འབྲས་བུ་མིན་ཏེ། རང་རྒྱུ་ལས་མ་སྐྱེས་པའི་ཕྱིར་རྣམ་པ་འདྲ་བས་དེ་གཅིག་ཡིན་པར་འཁྲུལ་པ་ལ་དེ་མིན་ལ་དེ་ཡི་མིང་གིས་བཏགས་པར་ཟད་དོ། །གཉིས་པ། གལ་ཏེ་རྒྱུ་མིན་དེས་བསྒྲུབས་པ་རྒྱུའི་འབྲས་བུ་དངོས་ཉིད་མིན་ན་རྡོ་གཙུབ་པའི་མེ་མེ་མིན་པར་འགྱུར་ཞེ་ན། རྡོ་དང་ཤིང་སོགས་མེ་ཡི་ཉེར་ལེན་གྱི་རྒྱུ་མིན། མེ་རྒྱུ་རྡུལ་རྫས་བརྒྱད་ལྡན་གྱི་ནང་གི་མེ་ཡི་རྡུལ་ཕྲན་ཡིན་ལ་མེ་ཡི་རྡུལ་ཕྲན་གཅིག་ཏུ་ཚོགས་ཤིང་སྡུད་པའི་རྒྱུ་བདག་རྐྱེན་ནི་རྡོ་ཤིང་སོགས་ཡིན་ཏེ་མིག་ཤེས་ཀྱི་ཉེར་ལེན་མིག་ཤེས་སྔ་མ་ཡིན་ལ་དེའི་བདག་རྐྱེན་དབང་པོ་ཡིན་པ་བཞིན་ནོ། །གཉིས་པ། ཡང་ན་སྔོན་དང་ཕྱི་མ་ཡི་རྒྱུ་དང་འབྲས་བུ་མི་འདྲ་བར་ཐ་དད་དུ་ཡོད་དེ་མེ་ཡིས་བསྐྱེད་པའི་དུ་བ་སྔ་མ་དང་དུ་བས་བསྐྱེད་པ་སྟེ་དུ་བ་རང་གི་ཉེར་ལེན་ལས་སྐྱེས་པ་ཡི་འབྲས་བུ་དུ་བ་ཕྱི་མ་སྟེ་དུ་བའི་ཁྱད་པར་གཉིས་ཡོད་པ་


MR11_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །གཉིས་པ་མཚན་གཞི་ངོས་གཟུང་བ་ལ། དགག་གཞག་གཉིས། དང་པོ། རང་མཚན་རྐྱང་བ་དང་ནི་སྒྲ་དོན་ཏེ་དོན་སྤྱི་རྐྱང་བ་གཉིས་འབྲེལ་བའི་མཚན་གཞིར་མི་འཐད་དེ་རང་མཚན་ལ་འབྲེལ་བ་མེད་ཅིང་སྒྲ་དོན་རྐྱང་བས་དོན་རང་མཚན་གོ་མི་ནུས་པས་སོ། །གཉིས་པ་རང་ལུགས། རྟོག་ངོར་སྒྲ་ཡི་དོན་ལ་རང་མཚན་དུ་འཁྲུལ་པའི་དུ་བ་དང་མེ། བྱས་དང་མི་རྟག་སོགས་ཀྱི་ལྡོག་པ་རྣམས་ངོ་བོ་གཅིག་ཏུ་བཟུང་བའི་གཞན་སེལ་ཁོ་ན་ཡིན་ནོ། །གསུམ་པ་འབྲེལ་བ་དེ་གང་གིས་ངེས་པའི་ཚུལ་ལ། ཕྱོགས་རེས་ངེས་པ་གཞན་གྱི་ལུགས་བརྗོད། གཉིས་ཀ་དགོས་པ་རང་གི་ལུགས་བསྟན། འབྲེལ་བའི་དོན་བསྡུས་ཏེ་བསྟན་པ་གསུམ། དང་པོ། ཁ་ཆེའི་རྟོག་གེ་བ་ཆེན་པོ་བདེ་བྱེད་དགའ་བ་གནས་སྐབས་ཀྱི་འབྲེལ་བ་ཚད་མས་ངེས་ཀྱང་དཔྱོ༷ད་པ་ཡིས་རང་བཞིན་གྱི་འབྲེལ་པ་ངེས་པར་བྱེད་ཅེས་གྲགས། ཤར་ཕྱོགས་ཉི་འོག་པའི་པཎྜི་ཏ་རྣམས་ཀུན་མཐུན་པར་སྔར་ལྟར་རྗེས་སུ་འགྲོ་ལྡོག་ངེས་པའི་ཚད་མ་ཡིས་འབྲེལ་བ་ངེས་པར་བྱེད་པར་འདོད་དོ། །གཉིས་པ། རྒྱུ་ཚད་མའི་སྟོབས་ཀྱིས་བསྐྱེད་པ་ཡི་འཛིན་སྟངས་གཞན་སེལ་ངེས་པའི་བདག་ཉིད་ཅན་ཡུལ་འཁྲུལ་པས་རང་མཚན་དང་དོན་སྤྱི་གཉིས་དངོས་པོ་གཅིག་ཉིད་དུ་རྟོག་ཅིང་དཔྱོ༷ད་པ་དེ་ཡིས་འབྲེལ་བ་ངེས་པ་ཡིན་ནོ། །གསུམ་པ། དངོས་པོའི་དོན་རང་མཚན་ལ་འབྲེལ་བ་མེད་ལ་འབྲེལ་བ་གཉིས་ཀྱང་བློས་འབྲེལ་བ་ཞེས་སུ་སྒྲོ༷་བཏགས་པ་ཡིན་ཞིང་དེའི་ཚུལ་ཡང་སྒྲ་ཡི་དོན་ལ་རང་མཚན་དུ་འཁྲུལ་བས་འདི་དང་འདི་འབྲེལ་ལོ་ཞེས་འབྲེལ་བའི་རྟོག་པ་སྐྱེ་བ་ཡིན་ནོ། །ཞེས་བྱ་བ་བསྡུ་བའི་ཚིགས་སུ་བཅད་པའོ། །ཚད་མ་རིགས་པའི་གཏེར་ལས་འབྲེལ་བ་བརྟག་པའི་རབ་ཏུ་བྱེད་


MR11_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་དྲུག་པའོ།། །།གཉིས་པ་འགལ་བ་ལ། འགལ་བ་སྤྱིའི་མཚན་ཉིད་དང་། མཚན་གཞིའི་རབ་དུ་དབྱེ་བ་གཉིས། དང་པོ། ཆོས་གང་ཞིག་ཆོས་གཞན་གང་ལ་གནོད་པར་བྱེད་པ་དེ་ནི་དེ་ཡི་འགལ་ཟླ་ཡི་མཚན་ཉིད་ཡིན་ནོ། །གཉིས་པ་ལ། བསྟན་བཤད་གཉིས། དང་པོ། འགལ་ཟླ་དེ་ཡང་དངོས་པོ་ཡིན་པ་དང་དངོས་མེད་ཡིན་པ་ཉིད་ཀྱི་ཡུལ་གྱི་དབྱེ་བ་ལ་ལྟོས་ནས་དངོས་པོ་ལ་ལྷན་ཅིག་མི་གནས་པ་དག་དང་འགལ་ཟླ་དངོས་མེད་ཡིན་པ་ལ་ཕན་ཚུན་སྤངས་འགལ་གཉིས་སུ་བཞེད་དོ། །གཉིས་པ་ལ། ལྷན་ཅིག་མི་གནས་འགལ་དང་། ཕན་ཚུན་སྤངས་འགལ་གཉིས། དང་པོ་ལ། ལྷན་ཅིག་མི་གནས་པའི་མཚན་ཉིད། འགལ་བ་གནས་པའི་ཡུལ། གནོད་བྱ་ལྡོག་པའི་དུས། འགལ་བ་ངེས་བྱེད་ཀྱི་ཚད་མ་བཞི། དང་པོ། དགག་གཞག་གཉིས། དང་པོ། ཁ་ཅིག་ན་རེ་ལྷན་ཅིག་མི་གནས་པའི་མཚན་ཉིད་དངོས་པོ་གཉིས་ལ་གནས་པའི་ཆོས་གནོད་བྱ་གནོད་བྱེད་དུ་འདོད་པ་དཔྱད་ན་འཐད་པ་མ་ཡིན་ཏེ་གནོད་བྱ་གནོད་བྱེད་དེ་གཉིས་དུས་མཉམ་དུ་ཚོགས་པའི་སྤྱི་གཅིག་མི་སྲིད་ལ་རེ་རེ་འགོད་ན་རྒྱུ་འབྲས་ཀྱི་མཚན་ཉིད་ལྟར་མ་ཁྱབ་བོ། །གཉིས་པ། དེས་ན་རང་ལུགས་བཞག་ན་གནོད་བྱ་གནོད་བྱེད་གཉིས་དུས་མི་མཉམ་པར་རྒྱུ་འབྲས་བཞིན་དུ་སྔ་ཕྱི་ཐ་དད་ཡིན་ནོ། །གང་གིས་གནོད་བྱ་ནུས་མེད་དུ་བསྐྱེད་པའི་རྒྱུ་ལ་གནོད་བྱེད་ཟེར་གྱི་སྐད་ཅིག་ལ་གནོད་བྱེད་མི་གྲུབ་པས་ཚ་རེག་སྐད་ཅིག་དང་པོ་དེ་གྲང་རེག་སྐད་ཅིག་གཉིས་པའི་གནོད་བྱེད་ཡིན་ནོ། །གཉིས་པ་ལ། འགལ་བ་ངོས་གཟུང་བ་དང་། དེ་ལ་རྩོད་པ་སྤང་བ་གཉིས། དང་པོ་ལྷན་ཅིག་མི་གནས་པའི་འགལ་བ་ཇི་སྙེད་པ་ངོ་བོ་གཅིག་ལ་མི་སྲིད་ཅིང་ཅིག་ཤོས་དངོས་


MR11_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཡིན་པ་ལའང་མི་སྲིད་པས་ན་དངོས་པོ་གཅིག་ལ་གཅིག་གནོད་བྱེད་ཡིན་པ་གཉིས་ལ་འཇུག དེ་ཡང་དེ་གཉིས་ཀྱི་རྒྱུན་ནུས་མཚུངས་སུ་འགྲོག་མི་རུང་བས་རྒྱུན་འགལ་བ་ཡིན་གྱི་སྐད་ཅིག་ལ་འགལ་བ་འཐད་པ་མིན་ཏེ་གནོད་བྱ་གནོད་བྱེད་གཉིས་པོ་བསྐྱེད་བྱ་སྐྱེད་བྱེད་ཡིན་པའི་ཕྱིར་རོ། །གཉིས་པ་ལ། ཡུལ་ལ་བརྟག་ན་མི་འཐད་པ། རྫས་ལ་བརྟག་ན་མི་འཐད་པ་གཉིས། དང་པོ་ལ། རྩོད་པ་དང་། ལན་གཉིས། དང་པོ། དོན་སྐད་ཅིག་མ་ནི་མི་འགལ་ལ་རྒྱུན་ནི་རྫས་སུ་མ་གྲུབ་པ་དེས་ན་འགལ་བ་ཞེས་བྱ་བ་འདི་ཡོད་པར་མི་འཐད་ལོ། གཉིས་པ། གནོད་བྱེད་དང་ཕྲད་པའི་སྐད་ཅིག་སྔ་མ་སྔ་མ་ལས་སྔོན་མེད་ཕྱི་མ་ཕྱི་མ་སྐྱེས་ཏེ་ཚ་རེག་དང་གྲང་རེག་སྐད་ཅིག་དང་པོ་ཕྲད། དེ་ནས་གྲང་རེག་སྐད་ཅིག་གཉིས་པ་གསར་དུ་ནུས་མེད་དུ་སྐྱེ་བས་སོ། །སྐད་ཅིག་སྔ་ཕྱི་དེ་ལ་རྒྱུན་གཅིག་ཏུ་སྒྲོ༷་བཏགས་པ་དེ་དག་ཟློག་པར་བྱེད་པ་ལ་འགལ་བ་ཞེས་བརྗོད་པས་ཉེས་པ་མེད་དོ། །གཉིས་པ་ལ། རྩོད་པ་དང་། ལན་གཉིས། དང་པོ། གལ་ཏེ་ཚ་རེག་གྲང་རེག་གི་རྡུལ་ཕྲན་འགལ་བ་གཉིས་ལྷན་ཅིག་ཏུ་གཤིབ་ནས་གནས་ན་ནི་ལྷན་ཅིག་མི་གནས་པ་ཡིན་པར་འགལ། མི་གནས་ན་ནི་ཕྲད་དུས་དེ་ཉིད་དུ་གཅིག་པོ་བཅོམ་པས་ད་ལྟའི་སྐད་ཅིག་གཉིས་དུས་མཉམ་པས་གནོད་བྱེད་རྒྱུ་དང་དེས་གནོད་བྱ་བཅོམ་པའི་འབྲས་བུ་གཉིས་དུས་མཉམ་པར་འགྱུར་ཞེ་ན། གཉིས་པ་ལ། གཞན་གྱི་ལན་དགག །རང་གི་ལན་བསྟན་པ་གཉིས། དང་པོ་ལ། གཞན་ལན་མི་འཐད་པར་བསྟན། དེ་མི་འཐད་པའི་རྒྱུ་མཚན་བཤད་པ་གཉིས། དང་པོ། དེའི་ཚུལ་ལ་གཞན་ལ་ལ་གྲངས་ཅན་པ་སོགས་ནི་གྲང་རེག་གི་རྡུལ་ཉིན་སྐར་


MR11_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཚ་རེག་གི་ཁོང་དུ་ཉེ་བར་བག་ལ་ཞ་བར་འདོད་ལ་བྱེ་བྲག་པ་སོགས་ཁ་ཅིག་ཚ་གྲང་གི་རྡུལ་ཕྲད་ནས་གྲང་རེག་ཚ་རེག་གི་རྡུལ་དུ་བསྒྱུར་བར་འདོད། ཉན་ཐོས་པ་འགའ་ཞིག་བསྐོར་བ་བར་དང་བཅས་པ་ཕྲད་པ་མེད་པར་གྲང་རྡུལ་གཞན་གྱིས་རེག་པའི་གོ་བཀག་ནས་རགས་པ་རྩོམ་མི་ནུས་པར་འདོད་དོ། །དེ་ལྟར་རྫས་རྡུལ་ཕྲན་རྟག་པར་སྨྲ་བ་དེ་དག་རྣམས་འཁྲུལ་བ་ཡིན་ནོ། །གཉིས་པ། བག་ལ་ཞ་བའམ་ཕྲད་པ་མེད་པ་དེ་གཉིས་གང་ཡིན་ཡང་རུང་ལྷན་ཅིག་གནས་ན་འགལ་བ་ཡིན་པ་ཉམས། བསྒྱུར་ན་ནི་རྡུལ་ཕྲན་རྟག་པར་འདོད་པ་འགལ་ལོ། །གཉིས་པ་རང་ལུགས། དེས་ན་རང་ལུགས་རྡུལ་ཕྲན་མང་བ་ནུས་ལྡན་དུ་སྐྱེ་ལ་དེ་ལས་འགལ་ཟླའི་རྡུལ་ཕྲན་སྔ་མ་ཞིག་ནས་ཕྱི་མ་ཉུང་བ་ནུས་མེད་སྐྱེ་ཕྱིར་འགལ་བ་ཅུང་ཟད་ཀྱང་མེད་དོ། །གསུམ་པ་གནོད་བྱ་ལྡོག་པའི་དུས་ལ། དགག་གཞག་སྤང་གསུམ། དང་པོ་ལ། ཕྱོགས་སྔ་བརྗོད། དེ་དགག་པ་གཉིས། དང་པོ། ལ་ལ་སྤང་གཉེན་གྱི་བྱ་བ་རྫོགས་པའི་སྐད་ཅིག་གསུམ་ལ་ལྡོག་པ་དང་འགའ་ཞིག་སྤང་གཉེན་གཉིས་ད་ལྟ་ནས་རྡོར་ཏིང་གི་བར་དུ་བསྐལ་བ་གྲངས་མེད་དུ་ཡུན་རིང་འགྲོགས་ཞེས་ཟེར། གཉིས་པ། དེ་གཉིས་ལྟར་ན། ཡུན་རིང་འགྲོགས་པའི་རང་བཞིན་ཡིན་ལ་ལྷན་ཅིག་ཏུ་མི་གནས་པ་དེ་བློ་ཆེན་ཁྱོད་ལས་སུས་ཤེས་ངོ་མཚར་ཆེའོ་ཞེས་བསྟིང་ཚིག་གོ། གཉིས་པ་རང་ལུགས་ལ། བེམ་ཆོས་དང་། བློ་ཆོས་ཀྱི་འགལ་བ་གཉིས། དང་པོ། ཚ་རེག་དང་གྲང་རེག་སོགས་དོན་ཆོས་རྣམས་དུས་གཅིག་ལ་འདུར་རུང་བས་སྐད་ཅིག་དང་པོ་ཕྲད་དང་གཉིས་པ་ལ་ནུས་མེད་དུ་བྱེད་གསུམ་པ་ལ་གནོད་བྱ་འགག་པ་དང་གནོད་བྱེད་སྐྱེས་པ་དེ། སྐད་ཅིག་གསུམ་ལ་དོན་


MR11_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

བེམ་ཆོས་ཀྱི་འགལ་ཟླའི་རྒྱུན་ལྡོག་གོ། གཉིས་པ། ངེས་སྒྲོ་འདོགས་སོགས་བློ་ཆོས་དུས་ལ་ལྟོས་པ་རྣམས་སྐད་ཅིག་དང་པོར་ཕྲད་མི་སྲིད་པས་ངེས་པ་སྐྱེས་པས་སྒྲོ༷་འདོགས་ཕྱིས་ཏེ་མ་འོངས་པ་འཕྲོ་མཐུད་དེ་མི་སྐྱེ་བ་ཙམ་ནི་བློ་ཡི་ཆོས་ཀྱི་འགལ་ཚུལ་ཡིན་ནོ། །གསུམ་པ་རྩོད་སྤང་ལ། དོན་འགལ་ལ་རྩོད་སྤང་དང་། བློ་འགལ་ལ་རྩོད་སྤང་གཉིས། དང་པོ་ལ། ཆ་ཡོད་མེད་བརྟག་ན་མི་འཐད་པ། ནུས་པ་ཐོགས་མེད་ལ་བརྟག་ན་མི་འཐད་པ་སྤང་བ་གཉིས། དང་པོ། ཕྱོགས་སྔ་མས་རྩོད་པ་དང་།དེ་སྤང་བ་གཉིས། དང་པོ། དང་པོའི་སྐད་ཅིག་གཅིག་ལ་སྐད་ཅིག་གསུམ་གྱི་ཆ་མེད་ན་ནི་རགས་པའི་རྒྱུན་རྣམས་རྩོམ་པ་མེད་པར་འགྱུར། དེ་ལའང་ཆ་ཤས་དབྱེར་ཡོད་ན་ཐུག་མེད་དུ་འགྱུར་བས་སྐད་ཅིག་གསུམ་ལ་ལྡོག་པ་ཞེས་བརྗོད་པ་དེ་གྲུབ་པར་དཀའ་ཞེ་ན། གཉིས་པ། སྐད་ཅིག་ལ་ནི་དུས་ལ་ལྟོས་པའི་ཕྱིར་ཆ་ཤས་སུ་དབྱེ་བ་མེད་རྒྱུན་ཡང་སྐད་ཅིག་གི་ཕྲེང་བ་སྐྱེས་ཙམ་ཡིན་ཞིང་སྔར་བཤད་པ་ལྟར་རྡུལ་དང་སྐད་ཅིག་མི་མཚུངས་པར་དུས་སྐད་ཅིག་ཆ་མེད་ཡོད་པས་དོན་བྱེད་ནུས་ཀྱི་སྐད་ཅིག་གསུམ་པ་ཉིད་ལ་ལྡོག་པ་ཡིན་ནོ། །གཉིས་པ་ལ། རྩོད་པ་དང་། ལན་གཉིས། དང་པོ། ཆ་ཡོད་མེད་ལ་བརྟགས་པ་དེ་བཞིན་དུ་ནུས་པ་ལ་བརྟག་ན་མི་འཐད་དེ། ཚ་རེག་དང་དུས་མཉམ་པའི་གྲང་རེག་ནུས་པ་ཐོགས་མེད་དེས་རང་གི་སྐད་ཅིག་ཕྱི་མ་ནུས་ཅན་བསྐྱེད་པའི་ཐོགས་མེད་དམ་ནུས་མེད་བསྐྱེད་པའི་ཐོགས་མེད་ཡིན་དེ་གཉིས་ལས་གཞན་མི་སྲིད་ལ། དང་པོ་ལྟར་ན་ཚ་རེག་གིས་ལྡོག་མི་ནུས་ལ་གཉིས་པ་ལྟར་ན་ཚ་རེག་མི་དགོས་པར་རང་འགག་པས། གཉིས་ཀ་ལྟར་ཡང་ཚ་རེག་ལ་དགོས་ནུས་


MR11_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་འགྱུར་རོ་ཞེ་ན། གཉིས་པ། གྲང་རེག་ནུས་པ་ཐོགས་མེད་དེ་རང་གི་སྐད་ཅིག་གཉིས་པའི་ཉེར་ལེན་ཙམ་ཡིན་གྱི་ནུས་དང་ནུས་མེད་གཉིས་ཀའི་ཁྱད་མི་ཕྱེ་ལ། དེ་ལྷན་ཅིག་བྱེད་རྐྱེན་ནུས་ཅན་གྱི་རྐྱེན་གང་དང་ནུས་མེད་དུ་འགྱུར་བའི་རྐྱེན་གང་ཕྲད་པ་དེ་ཡིས་འབྲས་བུ་འབྱིན་པ་ཡིན་ཏེ་ཚ་རེག་སྟོབས་ཆེ་ན་ནུས་མེད་གྲང་རེག་སྟོབས་ཆེ་ན་ནུས་ལྡན་དུ་སྐྱེ་སྟེ་འཇིམ་པ་ཤས་ཆེ་ན་སྐ་བ་དང་ཆུ་ཤས་ཆེ་ན་སླ་བ་བཞིན་ནོ། །གཉིས་པ་བློ་འགལ་རྩོད་སྤང་ལ། རྩོད་པ་དང་། ལན་གཉིས། དང་པོ། སྤང་བྱའི་ངོ་བོའམ་ས་བོན་སྤོང་བ་གང་ཡིན་ངོ་བོ་ཙམ་གཞན་ལ་ཡིད་གཏད་པས་ཀྱང་ལྡོག་པས་ཚད་མ་མི་དགོས་ལ་ས་བོན་འཇོམས་པའི་ནུས་པ་ཚད་མ་ལ་ཡང་མེད་པས་ན་གཉིས་ཀ་ལྟར་ཡང་མི་འཐད་ཟེར། གཉིས་པ། རྡོ་རྗེ་ལྟ་བུའི་ཏིང་འཛིན་སོགས་ས་བོན་སྤོང་བའི་གཉེན་པོའང་ཡོད་མོད་ཀྱི་འདིར་ཚད་མ་ལས་བྱུང་བའི་ངེས་པས་སྒྲོ༷་འདོགས་མི་སྐྱེ་བར་བྱེད་པས་ངེས་པ་ཡོད་པ་ཇི་སྲིད་དུ་སྒྲོ་འདོགས་མེད་པ་ལ་འཇོག་གི་གོང་གི་དེ་གཉིས་ཀ་ལྟར་མིན་ནོ། །བཞི་པ་འགལ་བ་ངེས་བྱེད་ཀྱི་ཚད་མ་ལ། དོན་ལ་འགལ་བ་དགག་བློ་ངོར་འགལ་བ་ཚད་མས་བསྒྲུབ། གྲུབ་པ་ལ་རྩོད་སྤང་གསུམ། དང་པོ། དོན་ལ་འགལ་བ་མེད་དེ་འབྲེལ་པ་བཞིན་དུ་འགལ་བ་ཡང་དངོས་པོའི་དོན་ལ་གྲུབ་པ་མེད་དེ་གཅིག་ཡོད་ན་གཅིག་མེད་ལ་དུས་མཉམ་པའི་ཚ་གྲང་ལྟ་བུ་ནི་འགལ་འབྲེལ་གཉིས་ཀ་མིན་ནོ། །བློ་ངོར་རྒྱུན་འགྲོགས་སུ་མི་རུང་བ་འདི་དང་འདི་འགལ་ལོ་ཞེས་རྣམ་པར་རྟོག་པས་སྒྲོ༷་བཏགས་ནས་འགལ་བ་ཉིད་དུ་རྣམ་པར་བཞག་གོ། གཉིས་པ། དེ་སྒྲུབ་བྱེད་ཀྱི་ཚད་མ་ཡང་གང་སྣང་དང་ཅིག་ཤོས་མི་སྣང་མ་གཏོགས་པ་འགལ་བ་ངེས་བྱེད་གཞན་


MR11_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་མིན་ཏེ་རྒྱུ་འབྲས་བཞིན་དུ་དང་པོ་གནོད་བྱ་ནུས་མེད་དང་གཉེན་པོ་སྟོབས་ལྡན་གཉིས་ཀ་མ་དམིགས། དེ་ནས་གཉེན་པོ་ནུས་ལྡན་དམིགས། དེ་རྗེས་གནོད་བྱ་ནུས་མེད་དམིགས་པས་ཚད་མས་ངེས་སོ། །གསུམ་པ་ལ། རྩོད་པ་དང་། ལན་གཉིས། དང་པོ། ཁ་ཅིག་ན་རེ་གྲང་རེག་འགོག་ལ་མེ་ཙམ་ནིམ་ངེས་ཏེ་མེ་ཡོད་ཀྱང་གྲང་རེག་མེད་པར་མ་ངེས་པའི་ཕྱིར་རོ། །གལ་ཏེ་སྟོབས་དང་ལྡན་པ་རྟགས་སུ་བཀོད་ན་མི་འགྲུབ་དེའི་ཚེ་གྲང་རེག་སྣང་རུང་ན་སྣང་རུང་མ་དམིགས་པས་ཁེགས་ཤིང་། སྣང་མི་རུང་ན་དེ་བས་སྟོབས་ཆེ་བའི་ཕྱོགས་ཆོས་མི་འགྲུབ་པའི་ཕྱིར་ཞེས་ཟེར་རོ་ལོ། གཉིས་པ། ཁ་ཅིག་མེ་སྟོབས་ལྡན་རྟགས་སུ་བཀོད་ནས་དགག་བྱ་འགོག་ཅེས་ཟེར་ཡང་གྲང་རེག་སྟོབས་ཆེ་ན་ཚ་རེག་མེད་ལ་མཉམ་ན་གཉིས་ཀ་མེད་པར་འགྱུར་ཏེ་ལྷན་ཅིག་མི་གནས་པའི་ཕྱིར་རོ། །དེས་ན་རང་གི་ངོ་བོ་མེ་ཙམ་ཡིན་ཏེ་མི་སྣང་བ་ཉིད་ཀྱིས་འགལ་ཟླའི་གྲང་རེག་མེད་པར་གྲུབ་པ་ཡིན་ནོ། །གཉིས་པ་སྤངས་འགལ་ལ། དགག་གཞག་གཉིས། དང་པོ་ལ། ཕྱོགས་སྔ་བརྗོད། དེ་དགག་པ་གཉིས། དང་པོ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ། ཆོས་གང་ཞིག་ཆོས་གཞན་གྱིས་དབེན་པ། ཕན་ཚུན་སྤངས་འགལ་གྱི་མཚན་ཉིད་ཡིན་ཞེས་ཟེར་རོ། །གཉིས་པ། དབྱེ་ན་དགག་བྱ་རྣམ་པར་བཅད་ལྡོག་ཙམ་དུ་གནས་པ་དངོས་འགལ་དང་བརྒྱུད་འགལ་གཉིས། བརྒྱུད་འགལ་ལའང་དངོས་འགལ་གྱི་ཁྱད་པར་དུ་བྱས་མ་བྱས་རྣམས་གཉིས་འདོད་ཅིང་དེ་ལའང་རྫས་དངོས་འགལ་རྟག་མི་རྟག་སོགས་གསུམ་དང་ལྡོག་པ་འགལ་བ་ལ་ཡང་གསུམ་ཡོད་པ་ཡི་སྒོ་ནས་རྫས་ལྡོག་རེ་རེ་ལ་དངོས་བརྒྱུད་གཉིས་གཉིས་ཡོད་ལ་བརྒྱུད་


MR11_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་ལ་ནང་གསེས་གཉིས་ཡོད་པས་རྣམ་པ་དྲུག་ཏུ་འདོད་དོ། །གཉིས་པ་དེ་དགག་པ་ལ། ཧ་ཅང་ཐལ་བ་འཕེན་པ་དང་། ཐ་དད་ལ་འགལ་བར་གསུངས་པའི་ལུང་དོན་བཤད་པ་གཉིས། དང་པོ་ལ། དངོས་དང་། སྐྱོན་སྤང་གི་ལན་དགག་པ་གཉིས། དང་པོ། དེ་མི་འཐད་དེ་ཆོས་གཞན་གྱིས་དབེན་པ་ཙམ་འགལ་བ་ཡིན་ན། ཧ་ཅང་ཐལ་དེ་ལྡོག་པ་ཐ་དད་པས་ན་འབྲེལ་བ་རྣམས་ཀྱང་འགལ་བར་འགྱུར་ཏེ་ཆོས་ཐམས་ཅད་འགལ་བ་ཁོ་ནར་འགྱུར་རོ། །དོན་ལ་དེ་ལྟར་འདོད་དོ་ཞེ་ན། འགལ་བ་རྟགས་སུ་སྦྱར་ན་སྒྲུབ་པར་འགྱུར་གྱི་འགོག་པ་ཡི་རྣམ་གཞག་མི་འཐད་པ་དང་འབྲེལ་ན་སྒྲུབ་རྟགས་ཀྱང་འགལ་བས་དེས་འབྲེལ་ཡུལ་སྒྲུབ་པའི་རྣམ་གཞག་ཐམས་ཅད་འཇིག་པར་འགྱུར་རོ། །གཉིས་པ་ལ། ལན་དང་། དེ་དགག་པ་གཉིས། དང་པོ། ཁོ་ན་རེ་མེ་དུ་སོགས་ཐ་སྙད་དད་འབྲེལ་ལམ་རྫས་ལྡོག་ཐ་དད་སྔོ་སེར་སོགས་མ་འབྲེལ་ཡང་རུང་སྟེ་ཕན་ཚུན་ཐ་དད་པ་དེ་ངོ་བོ་གཅིག་ཡིན་པ་འགོག་པས་འགལ་ཡང་འགལ། འབྲེལ་ཡང་འབྲེལ་བས་སྐྱོན་མེད་ཅེ་ན། གཉིས་པ། སྔོན་པོ་ཉིད་སེར་པོ་མིན་པ་ལྟ་བུ་ལ་འགལ་བ་སེར་པོ་དམིགས་པས་སམ་རྟགས་ཀྱིས་སྔོན་པོ་ཡིན་པ་འགོག་དགོས་པའི་ཕྱིར། སྣང་རུང་མེད་པ་ཡི་རྟགས་ནི་ནུས་མེད་འགྱུར་ཏེ་སྔོན་པོ་སེར་པོ་མིན་པ་སྣང་རུང་མེད་པས་ཁེགས་པ་ཡིན་པ་ལ་དེའི་བྱ་བ་འགལ་དམིགས་ཀྱིས་བྱས་པའི་ཕྱིར་རོ། །གཉིས་པ་ལུང་དོན། རྟོག་གེའི་སྐབས་འགར་སྔོ་སེར་དང་མེ་དུད་སོགས་ཐ་དད་འགལ་བར་གསུངས་པ་ནི། འགལ་བ་མཚན་ཉིད་པ་མིན་པར་བཏགས་པ་བ་ཡིན་ཏེ་དཀར་པོ་དང་འབྲེལ་བའི་སེར་པོའམ་རྟ་དང་འབྲེལ་བའི་བ་ལང་ཞེས་ལྷན་ཅིག་འདུག་པ་


MR11_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འབྲེལ་པ་ཞེས་འདོགས་པ་བཞིན་ནོ། །གཉིས་པ་རང་ལུགས་ལ། འགལ་འབྲེལ་བཏང་སྙོམས་གསུམ་སྤྱིར་བསྟན། ཕན་ཚུན་སྤངས་འགལ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། གཅིག་ཐ་དད་ཀྱི་རྣམ་གཞག་སྤྱིར་བསྟན།ཐ་དད་ལ་འགལ་འབྲེལ་བཏང་སྙོམས་གསུམ་དུ་འཇོག་ཚུལ་བསྟན་པའོ། །དང་པོ། རང་ལུགས་ལ་སྤྱིར་རྒྱུ་ཐ་དད་དང་ཐ་མི་དད་ཀྱི་དབྱེ་བ་དང་ཤེས་པའི་ངོར་གཅིག་དང་ཐ་དད་དུ་ཤར་བའི་སྒོ་ནས་དབྱེ་བ་ཡིས་རིམ་པས་རྫས་དང་ལྡོག་པ་ལ་ཐ་དད་ཐ་དད་མིན་པ་རྣམ་པར་གཞག་པ་བྱེད་ལ། གཉིས་པ། དེ་ལས་ཐ་དད་པ་ལ་གཅིག་ལ་གཅིག་ཕན་པ་དང་གནོད་པ་ལ་རིམ་པས་འབྲེལ་བ་དང་འགལ་བ་གཉིས་ཀ་མིན་ན་ཐ་དད་ཙམ་ཡིན་གྱི་འགལ་འབྲེལ་གང་ཡང་མིན་ནོ། །གཉིས་པ་བྱེ་བྲག་ཕན་ཚུན་སྤངས་འགལ་དངོས་ལ། མཚན་ཉིད་དང་། རྩོད་སྤང་གཉིས། དང་པོ་ལ། དངོས་འགལ། བརྒྱུད་འགལ་གཉིས། དང་པོ། སྔོ་སྔོ་མིན་རྟག་མི་རྟག་ལྟ་བུར་རང་ཡིན་ན་རང་མིན་འགོག་པ་ཡི་ཆོས་དེ་ཅིག་ཤོས་དང་དངོས་འགལ་གྱི་མཚན་ཉིད་ཡིན་ནོ། །གཉིས་པ། དེས་ཁྱད་པར་དུ་བྱས་པའི་བརྒྱུད་འགལ་གྱི་མཚན་ཉིད་ནི་རང་ཡིན་ན་རང་མིན་པའི་ཆོས་ཁྱབ་བྱེད་དུ་ཡོད་པ་དེ་འགོག་པ་འདུས་བྱས་དང་རྟག་པ་ལ་སོགས་པ་ལྟ་བུའོ། །གཉིས་པ་རྩོད་སྤང་ལ། དངོས་དང་། དོན་བསྡུ་བ་གཉིས། དང་པོ། དེ་ལ་ཁ་ཅིག་ན་རེ་སྔོ་སེར་བུམ་སྣམ་སོགས་འགལ་བ་གཉིས་གང་ཡང་མིན་པས་གཅིག་གྲུབ་པས་གཅིག་ཡིན་པ་མི་ཁེགས་ཏེ། དེ་གཉིས་ཀའི་ཡིན་པ་ཡོད་དགོས་ཤེ་ན་དེ་གཉིས་ནི་ཕན་ཚུན་སྤངས་པ་ཡིན་གྱི་སྤངས་ནས་འགལ་བ་མིན་ནོ། །གཉིས་པ། ཕན་ཚུན་


MR11_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་འགལ་ནི་གཅིག་པ་བཀག་པའི་ཐ་དད་ཡིན་ལ་རྟགས་སྦྱོར་ཚེ་དེ་ཡིན་ན་དེ་མ་ཡིན་པའི་གནོད་པ་ཅན་གྱིས་འགོག་ལ། ཕན་ཚུན་གཅིག་གིས་གཅིག་སྤངས་པའི་དངོས་པོ་གཉིས་ཀྱི་གཞི་མཐུན་ཡིན་པ་སྣང་རུང་མེད་པས་ཁེགས་པ་ཡིན་གྱི་ཅིག་ཤོས་དམིགས་པས་གཅིག་འགོག་པ་མིན་ནོ། །བསྡུ་བའི་ཚིགས་སུ་བཅད་པའོ། །ཚད་མ་རིགས་པའི་གཏེར་ལས་འགལ་བ་བརྟག་པའི་རབ་ཏུ་བྱེད་པ་སྟེ་བདུན་པའོ།། །།གཉིས་པ་ཤེས་བྱེད་ཚད་མའི་རང་བཞིན་ལ། མཚན་ཉིད་ངེས་པར་བྱ་བ་དང་། མཚན་གཞི་སོ་སོའི་དོན་གཉིས། དང་པོ་ལ། སྤྱིར་མཚན་མཚོན་གཞི་གསུམ་གྱི་རྣམ་གཞག །བྱེ་བྲག་ཚད་མའི་མཚན་ཉིད་ངེས་པར་བྱ་བ་གཉིས། དང་པོ་ལ། ཤེས་བྱ་ཆོས་གསུམ་གྱིས་ཁྱབ་པ་བསྒྲུབ་པའི་དགོས་པ་བསྟན། ཁྱབ་བྱེད་ཆོས་གསུམ་གྱི་རང་བཞིན་ངེས་པར་བྱ་བ། ཆོས་གསུམ་སོ་སོའི་རྣམ་གཞག་གསུམ། དང་པོ། ཤེས་བྱ་ཀུན་ལ་མཚན་ཉིད་སོགས་ཆོས་གསུམ་གྱིས་ཁྱབ་པར་རང་རིག་གིས་གྲུབ་པའི་ཕྱིར་དེ་ཡི་རྣམ་གཞག་བཤད་དེ་གཞན་དང་མི་འདྲ་བ་དང་དེ་ཉིད་ལ་སྒྲ་བློ་མ་འཁྲུལ་བའི་ཞེན་རུང་དང་གཞི་དང་བཅས་པར་འཆར་བའི་ཕྱིར་རོ། །གཉིས་པ་ལ། ངོ་བོ་ངོས་གཟུང་། དེར་འཇོག་པའི་རྒྱུ་མཚན་གཉིས། དང་པོ། མཚན་ཉིད་ནི་འདིས་གོ་བར་བྱེད་པ་རྣམ་འཇོག་གི་རྒྱུ་སྟེ་ནོག་ལྐོག་ཤལ་ལྟ་བུ་དོན་གྱི་སྟེང་ན་ཡོད་པའི་ཆོས་ཡིན་ལ་མཚོན་བྱ་ནི་འདི་གོ་བར་བྱ་བ་རྣམ་གཞག་གི་འབྲས་བུ་བ་ལང་གི་ཐ་སྙད་ལྟ་བུ་བློ་ཡི་ངོར་བཞག་པའི་ཆོས་ཡིན་པ་དང་། མཚན་གཞི་ནི་འདི་ལ་གོ་བར་བྱ་བ་མཚན་ཉིད་དོན་གྱིས་རྟེན་ལ་མཚོན་བྱ་བཏགས་པར་བརྟེན་པས་ན་དེ་གཉིས་ཀྱི་


MR11_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་ཆོས་ཏེ་དཀར་ཟལ་ལྟ་བུའོ། །དེ་དག་རྣམ་པར་གཞག་པ་དང་འཇོག་བྱེད་ཡིན་ཏེ་རྒྱ་དང་རྒྱའི་འབུར་བཞིན་ནོ། །དེ་གསུམ་པོའང་རང་མཚན་གྱི་ཆ་ནས་མིན་ཏེ་གཞན་སེལ་བས་ཕྱེ་བའོ། །གཉིས་པ་ལ། རྒྱུ་མཚན་དགོས་པར་བསྟན། དགོས་པ་དེ་ལྡན་གྱི་རྒྱུ་མཚན་དངོས་བཤད་པ་གཉིས། དང་པོ། མཚན་མཚོན་གཞི་ཡི་ཆོས་གསུམ་པོ་དེ་ལ་ཡང་ནོག་ལྐོག་ཤལ་ལྟ་བུ་ཁོ་ན་ལ་མཚན་ཉིད་ཟེར་གྱི་གཞན་གཉིས་ལ་མི་ཟེར་བའི་རང་རང་ཐུན་མིན་གྱི་རྒྱུ་མཚན་དགོས་ལ། རྒྱུ་མཚན་དེ་མེད་ན་དེ་གསུམ་ཕར་ཡིན་ཚུར་ཡིན་དུ་ཐམས་ཅད་འཆོལ་བར་འགྱུར་བ་ཡིན་ནོ། །གཉིས་པ་ལ། མཚན་ཉིད། མཚོན་བྱ། མཚན་གཞིའི་རྒྱུ་མཚན་གསུམ། དང་པོ་ལ། མཚན་ཉིད་ལ་མཚན་ཉིད་མི་དགོས་པར་རྟོག་པ་དགོས་ཀྱང་ཐུག་མེད་དུ་འདོད་པའི་ལུགས་དགག །དགོས་པའི་མཚན་ཉིད་གཞག་པ་གཉིས། དང་པོ་ལ། ཕྱོགས་སྔ་བརྗོད། དེ་དགག་པ་གཉིས། དང་པོ། ཁ་ཅིག་ན་རེ་མཚན་ཉིད་དོན་ལྡོག་རྫས་ཡོད་ཡིན་པ་ལ་མཚན་ཉིད་གཞག་མི་དགོས་དགོས་ན་ཐུག་མེད་དུ་འགྱུར་རོ་ཞེས་ཟེར། ཁ་ཅིག་དོན་ལ་མཚན་ཉིད་ལ་མཚན་ཉིད་མི་དགོས་ཀྱང་མཚན་ཉིད་རང་གི་ཐ་སྙད་བསྒྲུབ་པ་ལ་དགོས་ཞེས་ཟེར་བ་དང་ཡང་གཞན་དག་ནི། དོན་ལའང་དགོས་ཟེར་ཞིང་མཚོན་བྱ་ཡང་དེ་འདྲ་བར་མཚོན་བྱ་ལ་མཚོན་བྱ་གཞན་ཡོད་པ་དེ་དག་དཔེར་ན་རྟགས་སྔ་མ་གཏན་ཚིགས་སུ་སྒྲུབ་བྱེད་ཚུལ་གསུམ་ཚང་བའི་ཕྱིར་ཞེས་དང་། དེ་གཏན་ཚིགས་ཀྱི་སྒྲུབ་བྱེད་ཡིན་པ་ཚུལ་གསུམ་གཉིས་པ་ཚང་བ་སོགས་བཞིན་དུ་ཐུག་མེད་ཡིན་ནོ་ཞེས་ཟེར། གཉིས་པ་ལ། ཐུན་མོང་དུ་སྤྱིར་དགག་པ་དང་། ཐུག་མེད་འདོད་པའི་


MR11_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་བྱེ་བྲག་ཏུ་དགག་པ་གཉིས། དང་པོ་ལ། དངོས་དང་། དེའི་སྐྱོན་སྤོང་གི་ལན་དགག་པ་གཉིས། དང་པོ། དེ་ལྟར་མཚན་ཉིད་མི་དགོས་པ་དང་དགོས་ཀྱང་ཐུག་མེད་དུ་འདོད་པ་དེ་རྣམས་མི་འཐད་དེ་རྣམ་འཇོག་རྒྱུ་མཚན་ཉིད་ནི་མ་ངེས་པར་རྣམ་གཞག་འབྲས་བུ་མཚོན་བྱ་ངེས་པ་ཡོད་ན་ནི་མཚན་ཉིད་དགོས་པ་མེད་པར་འགྱུར་ལ་འཇོག་བྱེད་མེད་པར་གཞག་བྱ་མ་ངེས་ན་ནི་མཚན་ཉིད་ཐུག་མེད་ཀྱི་ཕྱི་མ་ངེས་མི་སྲིད་པས་མཐར་རྩ་བའི་མཚན་ཉིད་ཀྱང་མི་གྲུབ་པས་རྣམ་གཞག་དེ་དག་འཇིག་གོ། གཉིས་པ་ལ། སྐྱོན་སྤོང་གི་ལན་དང་། ཐུག་མེད་དགག་པ་གཉིས། དང་པོ། ཁོ་ན་རེ། ཐུག་མེད་ཀྱི་ཕྱི་མ་མ་ཤེས་ཀྱང་མི་སྐྱོན་དེ་རྟགས་ཀྱི་མཚན་གཞིས་བསྒྲུབ་བྱའི་དོན་སྒྲུབ་ཕྱིར་ཐུག་མེད་སྐྱོན་མེད་ཟེར་ན། གཉིས་པ། རྟགས་སུ་མཚོན་པའི་ཚུལ་གསུམ་དང་བ་ལང་དུ་མཚོན་པའི་ལྐོག་ཤལ་ཡིན་པར་མ་ངེས་ཀྱང་རྟགས་ཀྱི་མཚོན་གཞི་བྱས་པ་དང་བ་ལང་གི་མཚན་གཞི་དཀར་ཟལ་ཉིད་ཡིན་པར་ངེས་པ་ཙམ་གྱིས་མི་རྟག་པ་དང་བ་ལང་ཡིན་པར་རྟོགས་པར་འགྱུར་ལ་འདོད་ན་སྒྲ་བྱས་པར་མཐོང་བ་ལ་སྒྲ་རྟག་པའི་སྒྲོ་འདོགས་སྐྱེ་མི་སྲིད་པ་དང་ནོག་ལྐོག་ཤལ་མེད་པའི་གོང་བུ་གཞན་ལའང་བ་ལང་དུ་ངེས་པར་འགྱུར་རོ། །གཉིས་པ་ལ། ཐུག་མེད་དུ་འདོད་པའི་གཞན་ལུགས་དགག །མི་འདོད་པའི་རང་ལུགས་གཞག་པ་གཉིས། དང་པོ་ལ། ཕྱོགས་སྔ་དགོད། དེ་དགག་པ་གཉིས། དང་པོ། ཐ་སྙད་ལ་ཡང་སྒྲ་བློ་མ་འཁྲུལ་བའི་ཞེན་རུང་ཞིག་མེད་ན་དེ་ནི་ཤེས་བརྗོད་ལས་འདས་ཏེ་ཤེས་བྱ་མིན་པར་འགྱུར་ལ། ཡོད་ན་དེ་ཉིད་ཐ་སྙད་གཉིས་


MR11_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་ཕྱི་མ་ཡི་མཚན་ཉིད་ཡིན་ཞིང་དེ་ལྟར་སྔ་མ་སྔ་མ་མཚན་ཉིད་དང་ཕྱི་མ་ཕྱི་མ་མཚོན་བྱ་ཡིན་ཞེས་ལ་ལ་འདོད་དེ་ཐ་སྙད་ཅེས་དེ་ག་རང་གི་གཞན་སེལ་བློ་ངོར་སྣང་ཙམ་དེ་དེའི་དོན་ལྡོག་ཏུ་ཞེན་པའོ། །དེ་ལ་བུམ་པའི་ཐ་སྙད་ཞེས་བུམ་པ་དང་དབྱེར་མེད་ཡིན་གྱི་ཐ་སྙད་དེ་ཡི་རང་ལྡོག་ལ་དཔྱད་པ་འདི་མི་དགོས་པ་ཡིན་ནོ། །གཉིས་པ་ལ། སྐྱོན་བརྗོད་པ་དང་། ལན་ཉིད་ཀྱིས་བཟློག་སྟེ་རང་འདོད་བསྒྲུབ་པ་གཉིས། དང་པོ། དེ་ཡང་དེ་ལྟར་ཡིན་ན་ཤིང་གི་མཚན་ཉིད་དུ་འདོད་པའི་ཡལ་ག་ལའང་།ཡལ་ག་གཉིས་པ་མེད་ན་ཡལ་ག་དེ་ཉིད་ཤིང་མ་ཡིན་ལ་གལ་ཏེ་ཡལ་ག་ལ་ཡང་ཡལ་ག་ཡོད་ན་དེ་ཡི་འགྲོས་དེད་པས་ཤིང་ལ་ཡང་མཚན་ཉིད་ཐུག་པ་མེད་པར་འགྱུར་རོ། །གཉིས་པ་ལ། ཕ་རོལ་པོའི་ལན་དང་། ལན་དེ་བསྒྲུབ་བྱ་ལ་མཚུངས་པར་བསྟན་པའོ། །དང་པོ། ཁོ་ན་རེ་ཙནྡན་ཤིང་དུ་བསྒྲུབ་པ་ལ་ཡལ་ག་བཀོད་པའི་ཚེ་ཡལ་ག་ལ་ནི་ཡལ་ག་གཞན་མེད་ཀྱང་ཡལ་ག་ཤིང་མིན་པར་མི་འགྱུར་ཏེ་ཡལ་ག་དེ་ཉིད་ཀྱིས་ཡལ་ག་རང་དང་ཤིང་ཐ་དད་པར་མི་སྒྲུབ་ཀྱི་ཡལ་ག་བདག་ཉིད་དང་ཙནྡན་གཉིས་ཀ་ཤིང་གཅིག་གི་ངོ་བོ་ཉིད་དུ་དབྱེར་མེད་དུ་སྒྲུབ་ཕྱིར་ཐུག་མེད་མི་དགོས་ཟེར་ན། གཉིས་པ། འོ་ན་ཐ་སྙད་ལ་ཐ་སྙད་གཉིས་པ་མེད་ན་ཡང་སྔ་མ་ཤེས་བརྗོད་ལས་འདས་པར་མི་འགྱུར་ཏེ་ཐ་སྙད་དེ་ཉིད་ནོག་སོགས་མཚན་ཉིད་ཀྱིས་བ་ལང་གི་ཐ་སྙད་སོགས་དང་ཐ་དད་པར་མི་སྒྲུབ་ཀྱི་ཐ་སྙད་བ་ལང་གཅིག་གི་ཤེས་བྱའི་ངོ་བོར་སྒྲུབ་པའི་ཕྱིར་ཐ་སྙད་ཐུག་མེད་ག་ལ་དགོས་ཏེ་མི་དགོས་སོ། །གཉིས་པ་རང་ལུགས་ལ། སྤྱིར་ཐ་སྙད་གྲུབ་པའི་ཚུལ། བྱེ་བྲག་སྦྱོར་བ་འགོད་པའི་ཚེ་ཐ་སྙད་གྲུབ་ཚུལ། དེ་ལ་རྩོད་སྤང་གསུམ། དང་པོ། དེས་ན་རང་ལུགས་ལ་བརྡ་དོན་ཏེ་བརྡ་བུམ་པ་ཞེས་པའི་སྒྲ་


MR11_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

དང་དོན་བུམ་པ་རང་མཚན་ནམ། མཚན་ཉིད་ཅེས་པའི་བརྡ་དང་དོན་ནོག་སོགས་ཏེ་དེ་གཉིས་འབྲེལ་བར་ནམ་རྟོགས་པ་དེ་ཡི་ཚེ་ན་ཐ་སྙད་གང་ཡིན་པ་དེ་གྲུབ་པ་ཡིན་གྱི་དེ་སྒྲུབ་པ་ལ་གཞན་མི་དགོས་ཏེ། ལྟོ་ལྡིར་དང་བུམ་པ་ཞེས་པའི་བརྡ་དོན་འབྲེལ་བར་རྟོགས་ཚེ་བུམ་པའི་ཐ་སྙད་གྲུབ་པ་བཞིན་ནོ། །བརྡ་དོན་འབྲེལ་བ་དེ་ག་རང་ཐ་སྙད་ཡིན་པའི་ལྡོག་ཆ་ཡོད་ཀྱང་དཔྱད་མི་དགོས་ཏེ་བུམ་པ་ཞེས་པའི་སྒྲ་ཙམ་རང་ལ་རང་མིན་བཅད་པའི་ལྡོག་ཆ་ཡོད་ཀྱང་དེ་མ་དཔྱད་ཀྱང་བུམ་པའི་རྗོད་བྱེད་ཡིན་པ་གོ་བ་བཞིན་ནོ། །དེས་ན་མཚན་ཉིད་དང་ཐ་སྙད་ཐུག་མེད་འདི་འབྲས་ཆན་ཟ་བ་ལ་ས་བོན་གྱི་ཕྱི་མོ་འཚོལ་བ་ལྟར། དོན་མེད་པར་དགོངས་ནས་སྡེ་བདུན་གྱི་གཞུང་གང་ནས་ཀྱང་མ་གསུང་ངོ་། །གཉིས་པ། དེ་ཡང་རྟགས་འགོད་པ་དང་མཚན་ཉིད་དུ་བསྒྲུབ་པ་གཉིས་ཀ་ལ་སྦྱི་དང་བྱེ་བྲག་སྦྱོར་བ་འདིར་གཏོགས་ཏེ་ཐ་སྙད་སྒྲུབ་པའི་རྟགས་གཉིས་གཉིས་ཡིན་ལ། སྤྱི་བྲེ་བྲག་གཉིས་ཀའང་སྦྱོར་བ་གསུམ་པར་ཐུག་སྟེ། དང་པོ་རྩ་རྟགས། གཉིས་པ་དེ་ཡིན་པའི་རྒྱུ་མཚན། གསུམ་པ་རྒྱུ་མཚན་དེ་ལྡན་ལ་བརྡ་སྦྱར་བའི་བརྡ་དྲན་ཏེ་གསུམ་ཕན་ཆད་སྔ་མ་བསྐྱར་བ་ལས་མི་སྲིད་པས་བཞི་པ་ཕན་ཆད་དགོས་ནུས་མེད་དོ། །འདི་ལ་འགྲེལ་པའི་ཚིག་རིས་ལ་བརྟེན་ནས་རྩ་རྟགས་མི་བརྩི་བར་སྤྱི་བྱེ་བྲག་པ་བསྡོམས་ནས་གསུམ་པར་རྩི་ལུགས་ཞིག་སྣང་ཡང་ཅུང་ཟད་མི་འཐད་པ་ཟུར་མཆན་དུ་བལྟའོ། །གསུམ་པ་རྩོད་སྤང་ལ། རྩོད་པ་དང་། ལན་གཉིས། དང་པོ། ཁོ་ན་རེ། དུ་བ་རྟགས་སུ་སྒྲུབ་པའི་ཚུལ་གསུམ་དེ་ལ་ཚུལ་གསུམ་ཚང་བ་ཞིག་མེད་ན་ཚུལ་གསུམ་ཚང་བ་ཞེས་པ་དེ་དེ་སྒྲུབ་ཀྱི་རྟགས་སུ་མི་འགྱུར་ལ་ཡོད་ན་ཚུལ་གསུམ་དེ་སྒྲུབ་བྱེད་ཚུལ་གསུམ་གྱི་ཚུལ་གསུམ་


MR11_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེའི་ཚུལ་གསུམ་སོགས་ཐུག་མེད་དུ་ཅིས་མི་འགྱུར་ཞེས་ཟེར་རོ་ལོ། །གཉིས་པ། དེ་ལ་ཚུལ་གསུམ་ཚང་བ་ཡིན་པའི་ཕྱིར་ཞེས་པའི་རྟགས་དེ་དེ་ག་རང་གི་ལྡོག་ཆ་ལ་མི་སེམས་པར་དུ་བ་ཁོ་ནའི་ཆོས་སུ་དབྱེར་མེད་པ་ལ་བློས་ཚུལ་གསུམ་དུ་བཟུང་བ་ཡིན་གྱི་ཚུལ་གསུམ་གཉིས་པ་སོགས་མི་འདོད་པས་ཆོས་གཞན་ལོགས་སུ་བ་ཞིག་དོན་དམ་པར་མེད་དོ། །ཚུལ་འདི་ཡིས་མཚན་ཉིད་ཐུག་མེད་དུ་ཐལ་བའི་སྐྱོན་ཡང་བསལ་བ་ཡིན་ནོ། །གཉིས་པ་དགོས་པའི་མཚན་ཉིད་གཞག་པ་ལ། དགག་གཞག་གཉིས། དང་པོ་ལ་ལུགས་གཉིས་སོ་སོར། ལ་ལ་ན་རེ། མཚན་ཉིད་ཀྱི་མཚན་ཉིད་ནི་མཚོན་བྱ་རྣམ་འཇོག་གི་རྒྱུ་ཡིན་ནོ་ཞེས་ཟེར། གཏན་ཚིགས་ལ་ཡང་རྟགས་ཀྱི་མཚན་ཉིད་བསྒྲུབ་བྱ་གོ་བྱེད་ཡིན་ཞེས་མཚུངས་ཕྱིར་འཐད་པ་མིན་ཏེ། རྟགས་བསྒྲུབ་བྱ་གོ་བྱེད་ཡིན་ན་བྱས་པ་རྐྱང་པས་སྒྲ་མི་རྟག་པར་གོ་བར་ཐལ་ལ་བསྒྲུབ་བྱ་གོ་བྱེད་ལ་ཚུལ་གསུམ་དགོས་ཟེར་ན། མཚོན་བྱ་རྣམ་འཇོག་ལ་འཇོག་ཚུལ་ཆོས་གསུམ་དགོས་པས་དེའི་མཚན་ཉིད་གཟོད་བཤད་དགོས་པས་མི་བཟང་ངོ་། །འགའ་ཞིག་གིས་རྫས་ཡོད་ཀྱི་ཆོས་གསུམ་ཚང་བར་འདོད་ཀྱང་མཚན་ཉིད་གོ་བ་མཚོན་བྱ་ལ་ལྟོས་དགོས་པའི་སྐྱོན་ཡོད་ཕྱིར་འདི་མི་འཐད་དོ། །གཉིས་པ་རང་ལུགས་ལ། མཚན་ཉིད་ཀྱི་མཚན་ཉིད་གཞག་མཚན་ཉིད་དེའི་བསལ་བྱ་སྐྱོན་ཅན་གྱི་གྲངས་ངེས་གཉིས། དང་པོ། དེས་ན་རང་ལུགས་དེ་མིན་གྱི་དངོས་འགལ་རྣམ་པར་བཅད་པའི་དོན་ལྡོག་གྲུབ་པ་ཡིན་ནོ། །གཉིས་པ་ལ། དགག་གཞག་གཉིས། དང་པོ་ལ། ཕྱོགས་སྔ་དང་། དེ་དགག་པ་གཉིས།


MR11_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ། མཚན་ཉིད་དེ་ཡི་སྐྱོན་བསྡུ་ན། རང་ལྡོག་རྫས་སུ་མ་གྲུབ། དོན་ལྡོག་གཞན་གྱུར། མཚན་གཞི་ལ་མི་གནས་པ་གསུམ་ཡོད་དོ་ཞེས་བྱང་ཕྱོགས་པ་རྣམས་འདོད་དོ། །གཉིས་པ་ལ། རིགས་པས་མི་འཐད་པས་དགག །ལུང་ལས་མ་བཤད་པས་དགག་པ་གཉིས། དང་པོ། དེ་མི་འཐད་དེ་རིགས་པ་ནི་སྦྱོར་བ་རྟགས་ཆོས་དོན་གསུམ་དུ་བཀོད་ནས་སྐྱོན་བརྩི་ན། དོན་ལྡོག་གཞན་གྱུར་འཐད་པ་མེད་པར་འགྱུར། མ་བཀོད་པ་ལ་སྐྱོན་སྦྱོར་ན། མཚན་གཞི་ལ་མི་གནས་པ་ཞེས་བྱ་བ་དོན་མེད་པར་འགྱུར་རོ། །གཉིས་པ། ལུང་ཡང་བཤད་མ་ཐག་པ་འདི་དག་མཚན་ཉིད་ཀྱི་སྐྱོ༷ན་དུ་འཐད་ན་ནི། མཁས་པའི་གཙུག་རྒྱན་ཆོས་ཀྱི་གྲགས་པས་འདི་སྐྱོན་ནོ་ཅིས་མི་བཞེད་དེ་བཞེད་དོ། །གཉིས་པ་རང་ལུགས་ལ། རང་ལུགས་གཞག་པ་དང་། དེ་ལ་རྩོད་སྤང་གཉིས། དང་པོ་ལ། དངོས་དང་། གྲངས་ངེས་བསྒྲུབ་པ་གཉིས། དང་པོ། རང་ལུགས་ལ་མ་ཁྱབ་པ་དང་ཁྱབ་ཆེས་པ་དང་མཚོན་འདོད་ལ་མི་སྲིད་པ་གསུམ་པོ་འདི་ནི་མཚན་ཉིད་ཀྱི་ནི་སྤྱི༷་སྐྱོན་ཡིན་ནོ། །གཉིས་པ། སྒྲ་མི་ལྡན་གཞན་ལྡན་མི་འབྲེལ་རྣམ་གཅོད་གསུམ་དང་། དེ་ཡིས་འཇུག་ཚུལ་ལྟར་དོན་གྱི་རྣམ་གཅོད་ཀུན་ཀྱང་གསུམ་པོ་འདི་ལས་གཞན་དུ་ཡོད་པ་མིན་པ་དེའི་ཕྱིར་ན་གྲངས་ངེས་གྲུབ་བོ། །དེས་ན་ཆོས་ཀྱི་གྲགས་པའི་རྣམ་གཞག་བདེ་བ་མཐའ་ཆོད་པ་དེ་འདྲ་བོར་ནས་རང་ཉིད་ཀྱིས་མི་དགོས་པ་བློས་བཏགས་པ་འདི་འཁྲུལ་ལ། ཅུང་ཟད་མ་འཁྲུལ་དུ་ཟིན་ཀྱང་མཁས་པ་རྣམས་ལ་མ་གྲགས་པས་མི་བདེ་སྟེ། ཀླ་ཀློའི་སྐད་ཀྱིས་སྒྲ་འཆད་པ་བཞིན་ནོ། །གཉིས་པ་རྩོད་སྤང་། ལུགས་འདི་ལ་མཚན་གཞིར་


MR11_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་དང་མ་བཀོད་པ་གང་ཡིན་ཀྱང་མི་འཐད་པ་བརྗོད་པ་དང་། མཚན་ཉིད་མི་སྲིད་པ་ཡི་གཞིར། མཚོན་བྱ་ཁེགས་ན་མི་འཐད་ཚུལ་དང་མི་ཁེགས་ན་ཡང་མི་འཐད་ཞེས་པའི་རྩོད་པ་གཉིས་ཀྱིས་འདིར་མི་གནོད་དོ། །གཉིས་པ་མཚོན་བྱ་ལ། དགག་གཞག་གཉིས། དང་པོ་ལ། ཕྱོགས་སྔ་དང་། དེ་དགག་པ་གཉིས། དང་པོ། ཁ་ཅིག་ན་རེ་ཐ་སྙད་བསྒྲུབས་པ་རང་བཞིན་གྱི་རྟགས་ཡིན་ཕྱིར་མཚན་ཉིད་དང་མཚོན་བྱ་དོན་དུ་རྫས་གཅིག་ཡིན་ནོ་ཞེས་ཟེར། བ་ལང་གི་ཐ་སྙད་དེ་ནོག་ལྐོག་ཤལ་གྱིས་མཚོན་པར་བྱ་བའི་མཚན་གཞིར་འདོད་དེ་མཚོན་བྱ་དོན་ལ་ཡོད་པར་ཞེན་པའོ། །གཉིས་པ། དེ་ལ་དེ་གཉིས་རྫས་གཅིག་པར་མི་འཐད་དེ། མཚོན་བྱ་བ་ལང་གི་ཐ་སྙད་མིང་གིས་ཁྱད་པར་དུ་བྱས་ཏེ་དོན་རང་མཚན་དང་གཅིག་ཏུ་བསྲེས་ནས་མིང་མ་སྦྱར་གྱི་བར་དུ་མཚོན་བྱ་མི་གྲུབ་པའི་ཕྱིར་མིང་ཡིན་ལ། དེ་གཉིས་གཅིག་ན་མཚན་ཉིད་ནོག་སོགས་མཐོང་བ་ཡི་དབང་ཤེས་ལ་མིང་ཐ་སྙད་ཉིད་སྣང་བས་དབང་ཤེས་དེ་སྒྲ་དོན་འདྲེས་འཛིན་གྱི་རྟོག་བཅས་ཉིད་དུ་འགྱུར་ཞིང་མཚོན་བྱ་དེ་བསྒྲུབས་པའང་བྱས་པས་མི་རྟག་པ་བསྒྲུབ་པ་ལྟར། དོན་བསྒྲུབ་པར་འགྱུར་ཞིང་མཚོན་བྱ་རྫས་ཡོད་དག་ཏུའང་འགྱུར་རོ། །ཡང་འགའ་ཞིག་ན་རེ། ཐ་སྙད་ཀྱི་མཚན་ཉིད་སྒྲ་བློ་མ་འཁྲུལ་བའི་ཞེན་རུང་ཡིན་ལ་དེ་མཚོན་བྱའི་མཚན་གཞི་ཡིན་ནོ་ཞེས་ཟེར་བ་ཡང་གཞུང་གི་དགོངས་པ་མ་ཡིན་ཏེ། དང་པོར་མཚན་ཉིད་རྒྱུ་མཚན་དུ་བྱས་ནས་བརྡ་བཏགས་པ་དེ་ལ་འཇུག་པ་ཐ་སྙད་དུ་གསུངས་པའི་ཕྱིར་དོན་ལྡོག་ལ་ཞེན་རུང་ཙམ་གྱི་ཐ་སྙད་དེ་མཚོན་བྱའི་མཚན་གཞི་མིན་ནོ། །གཉིས་པ་རང་ལུགས་ལ།


MR11_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་བྱའི་མཚན་ཉིད་དང་། དེའི་ཁྱད་པར། དེ་ལ་རྩོད་སྤང་གསུམ། དང་པོ། རང་ལུགས་ལ་རྒྱུ་མཚན་ཅན་གྱི་སྒྲ་དོན་འདྲེས་པའི་ཤེས་པ་གྲུབ་པ་ནི་མཚོན་བྱ་ཉིད་ཡིན་ལ། གཉིས་པ་ལ། བརྡ་དང་ཐ་སྙད་ཀྱིས་བཞག་ཚུལ། དེས་ན་སྒྲོ་བཏགས་སུ་གྲུབ་པར་བསྟན་པ་གཉིས། དང་པོ། དེའི་མཚན་གཞི་ནི་དོན་ལྡོག་གམ་རྒྱུ་མཚན་ཉིད་ལ་དེ་གོ་བྱེད་དུ་མིང་གི་བརྡ་སྦྱར་བ་གང་ཡིན་པ་དེའོ། །དེ་ལ་བརྡ་དང་པོར་སྦྱར་བ་བརྡ་དུས་དང་ཕྱིས་དེ་ལྟར་རྟོགས་ནས་ལུས་ཀྱིས་བླང་དོར། ངག་གིས་ཡིན་མིན་བརྗོད།ཡིད་ཀྱིས་ཡོད་མེད་དཔྱོད་པ་སོགས་སྒོ་གསུམ་ནི། འཇུག་པ་ནི་དེ་ཡི་འཇིག་རྟེན་གྱི་ཐ་སྙད་གྲུབ་པ་ཡིན་ནོ། །གཉིས་པ། དེ་ལ་སྒྲ་རང་མཚན་ནམ། སྒྲ་སྤྱི་ཙམ་དང་། མིང་དངོས་སུ་བཏགས་པའམ་བཏགས་རུང་ཙམ་མཚོན་བྱ་མིན་ལ། རིགས་ཀྱི་སྒྲ་མཚན་ཉིད་པའམ། དོན་ལ་ལྟོས་པའི་མིང་གི་སྤྱི་དེ་མཚོན་བྱ་ཡིན་པས། བློས་ཞེན་རུང་གི་ཆོས་དེ་མཚན་ཉིད་ལ་ལྟོས་པས་ན་བཏགས་ཡོད་ཉིད་ཡིན་དོན་རང་མཚན་དངོས་པོ་ལ་མ་གྲུབ་པའི་ཕྱིར་ན་སྒྲོ༷་བཏགས་ཡིན་ནོ། །གསུམ་པ་རྩོད་སྤང་ལ། རྩོད་པ་དང་། ལན་གཉིས། དང་པོ། མཚན་ཉིད་དངོས་པོ་དང་མཚོན་བྱ་སྒྲོ་བཏགས་གཉིས་རྫས་གཅིག་མ་ཡིན་ནོ་ཞེས་འདོད་ན། མཚན་མཚོན་བདག་གཅིག་གི་ངོ་བོར་མི་འདོད་པས་མཚན་ཉིད་དེ་མཚོན་བྱ་བསྒྲུབ་པའི་རང་བཞིན་གྱི་རྟགས་སུ་མི་འཐད་ལོ། གཉིས་པ། གཞན་སེལ་ཕྱིན་ཅི་མ་ལོག་པས་སོ་སོར་ཕྱེས་ཏེ་བཟུང་བའི་མཚན་མཚོན་གཉིས་ཀྱི་སྒྲ་ཡི་དོན་རང་མཚན་ལ་མཚན་མཚོན་གཅིག་ཉིད་དུ་འཁྲུལ་པས་ལྡོག་པ་ཐ་དད་པ་ངོ་བོ་གཅིག་ཏུ་བསྒྲུབ་པ་ལ་ཐ་སྙད་སྒྲུབ་ཀྱི་རང་བཞིན་གྱི་རྟགས་སྦྱར་བའམ་ཐ་སྙད་


MR11_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་ནི་འཇིག་རྟེན་གྱི་དོན་ཐུབ་ཏུ་ཐ་སྙད་པའི་ཚད་མ་ལ་མི་སླུའི་ཕྱིར། འཇིག་རྟེན་ན་མཚན་ཉིད་ཀྱིས་མཚོན་བྱ་སྒྲུབ་པ་སོགས་གྲགས་པའི་རྗེས་དཔག་དང་ག་ལ་འགལ། གསུམ་པ་མཚན་གཞི་ལ། མཚན་ཉིད་དང་། སྒྲས་བརྗོད་རིགས་ཀྱི་དབྱེ་བ་གཉིས། དང་པོ། མཚན་ཉིད་བརྟེན་པ་མཚན་གཞི་ཡི་མཚན་ཉིད་ཡིན་ནོ། །གཉིས་པ། དེ་ལ་མཚན་གཞི་མཚན་ཉིད་པ་བ་ལང་གི་དཀར་ཟལ་ལྟ་བུ་དང་བཏགས་པ་སྐྱོན་ཡོན་བརྩི་བའི་གཞིར་གྱུར་པ་བ་ལང་གི་མཚན་གཞི་རྟ་ལྟ་བུ་སྟེ་གཉིས་སོ། །གསུམ་པ་ཆོས་གསུམ་སོ་སོའི་རྣམ་གཞག་ལ། རང་ལྡོག་ངོས་གཟུང་། ཇི་ལྟར་འབྲེལ་ཚུལ། མཚན་ཉིད་དང་འབྲེལ་ནས་སོ་སོར་མཚོན་པའི་རྣམ་གཞག་གསུམ། དང་པོ་ལ། དགག་གཞག་གཉིས་ལས། དང་པོ་ལ། ཕྱོགས་སྔ་བརྗོད།དེ་དགག་པ་གཉིས། དང་པོ། ཆོས་གསུམ་སོ་སོའི་རྣམ་གཞག་ལ་སྣང་སེལ་མ་ཕྱེད་པའི་བོད་འགའ་ཞིག་མཚན་མཚོན་གཞི་སྟེ་ཆོས་གསུམ་པོའི་རང་ལྡོག་ནི། རང་གི་རྣམ་པ་རང་དབང་དུ་འཆར་རུང་གི་སྒྲུབ་པ་ཁོ་ན་ཡིན་ཟེར། གཉིས་པ།དེ་ལྟ་ཡིན་ན་ཆོས་གསུམ་པོ་རང་རང་གི་རྣམ་པ་རང་དབང་ལྟོས་མེད་དུ་འཆར་བའི་རྟོག་མེད་ཀྱི་ཤེས་པའི་ཡུལ་དུ་ཐལ་བར་འགྱུར་ལ། འདོད་ན་སྒྲ་རྟོག་ཐམས་ཅད་གཞན་སེལ་དུ་གསུངས་པ་དང་འགལ་ལོ། །གཉིས་པ་རང་ལུགས། དེས་ན་རང་ལུགས་བ་ལང་སོགས་ཀྱི་རང་མཚན་སྣང་བའི་ལྡོག་པ་སྟེ་སྣང་ཙམ་གྱི་ལྡོག་ཆ་དེ་ནི་རྟོག་མེད་ཀྱི་ཡུལ་ཡིན་པས་མཚན་མཚོན་གྱི་ཐ་སྙད་མི་འཐད་པས་ཆོས་གསུམ་པོ་ཉིད་གང་ཡང་མིན་ཏེ་དེ་དག་གི་ཐ་སྙད་མ་གྲུབ་པའི་ཕྱིར་རོ། །སེལ་བ་ཡི་ངོར་སྣང་


MR11_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆོས་གསུམ་གྱི་ནི་རང་ལྡོག་རེ་རེ་ལ་དངོས་པོའི་ཆ་སྒྲུབ་ན་མ་ཡིན་དགག་དང་དངོས་མེད་ཀྱི་ཆ་སྒྲུབ་ན་མེད་པར་དགག་པ་གཉིས་ཀ་ཡོད་དོ། །གཉིས་པ་འབྲེལ་ཚུལ་ལ། དངོས་དང་། འབྲེལ་བ་དེ་ངེས་བྱེད་ཀྱི་ཚད་མ་གཉིས། དང་པོ། མཚན་མཚོན་སེལ་ངོར་རང་བཞིན་གཅིག་ཏུ་འབྲེལ་བ་ཡིན་ལ། དེ་གཉིས་དང་མཚན་གཞི་བདག་གཅིག་འབྲེལ་ཡང་སྲིད་ཀྱང་ཕལ་ཆེར་གནས་སྐབས་ཀྱི་འབྲེལ་བ་ཡིན་ཏེ་མཚན་གཞི་རེ་རེ་མེད་སོང་ཡང་སྤྱིར་མཚན་ཉིད་ཙམ་ཡོད་པ་སོགས་ཡོད་པར་རུང་བས་སོ། །གཉིས་པ་ལ། མཚན་མཚོན་གྱི་འབྲེལ་པ་དང་། མཚན་གཞི་དང་མཚོན་བྱའི་འབྲེལ་བའི་ཚུལ་གཉིས། དང་པོ། འབྲེལ་བ་ངེས་བྱེད་ཀྱི་ཚད་མ་ནི་མཚན་ཉིད་ཀྱི་དོན་སྤྱི་དང་མཚོན་བྱའི་སྒྲ་སྤྱི་གཉིས་གཅིག་ཏུ་བརྡ་ཆད་བྱས་སྟོབས་ཀྱིས་རྟོག་པ་འཁྲུལ་པས་གཅིག་ཏུ་འཛིན་པ་ཉིད་ཤེས་པ་ཉམས་སུ་མྱོང་བས་སམ་རང་རིག་གིས་མཚན་མཚོན་གྱི་འབྲེལ་བ་འགྲུབ་བོ། །གཉིས་པ། དཀར་ཟལ་ལྟ་བུ་མཚན་གཞི་དང་ནི་གཞི་དེ་ལ་བ་ལང་ཞེས་པ་ལྟ་བུའི་ཐ་སྙད་མཚོན་བྱ་ཡི་འབྲེལ་པ་ནི་མཚན་མཚོན་ལ་མཁས་པས་མཚན་ཉིད་མཐོང་བས་བརྡ་དྲན་ནས་འགྲུབ་ལ། བ་ལང་གི་མིང་ཤེས་ཀྱང་མཚོན་བྱ་དང་མཚན་གཞི་སོ་སོར་མི་ཤེས་པས་དེ་གཉིས་ཀྱི་འབྲེལ་བའང་མི་ཤེས་པའི་རྨོངས་པ་ལ་ནི་ནོག་ལྐོག་ཤལ་ཅན་འདི་ལ་བ་ལང་ཞེས་འདོགས་སོ་ཞེས་བརྡ་དྲན་པར་བྱེད་པའི་གཞི་དེ་ལ་ཐ་སྙད་སྒྲུབ་ཀྱི་རྗེས་དཔག་གི་རྟགས་འགོད་དགོས་སོ། །གསུམ་པ་མཚན་ཉིད་དང་འབྲེལ་ནས་སོ་སོར་མཚོན་པའི་རྣམ་གཞག་ལ། ཇི་ལྟར་མཚོན་ཚུལ་དང་། ཕན་ཚུན་ངེས་པའི་རྣམ་གཞག་གཉིས། དང་པོ་ལ། སྦྱོར་


MR11_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དབྱེ་བ་དང་། དེ་ལ་རྩོད་སྤང་གཉིས། དང་པོ་ལ། སྤྱིར་བཏང་གི་དབྱེ་བ་དང་། སྐྱོན་ཡོད་མེད་དམིགས་བསལ་བ་གཉིས། དང་པོ། དེ་ཡང་མཚན་མཚོན་གཞི་གསུམ་པོ་དེ་ལ་སྤྱི༷་དང་ནི་བྱེ་བྲག་སྦྱོར་བ་འདིར་གཏོགས་གཉིས་གཉིས་ཏེ་རང་ལྡོག་ཡིན་པར་མཚོན་པ་དྲུག བཟློག་པ་གཞན་ལྡོག་མིན་པར་མཚོན་པ་ལའང་དྲུག་སྟེ་སྦྱོར་བ་བཅུ་གཉིས་ཡོད་པ་ཕྱི་མ་དྲུག་ལས་གཉིས་པ། མཚན་ཉིད་དང་མཚན་གཞིའི་ཆ་གཉིས་སྐབས་ལ་ལར་གཞི་མཚན་ཡིན་པར་བཀོད་ཀྱང་སྐྱོན་མེད་སྲིད་པས་ན་དེ་གཉིས་རྟགས་ཡང་དག་མིན་ནོ་ཞེས་གཞི་མཚན་མིན་པར་མཚོན་པའི་སྤྱི་སྦྱོར་གཉིས་པོ་འགོད་ཚུལ་ལ་ལྟོས་ཏེ་ལ་ལར་སྐྱོན་མེད་དང་ལ་ལར་སྐྱོན་ཅན་དུ་སྲིད་པས་དེ་གཉིས་མཐའ་གཅིག་ཏུ་རྟགས་ཡང་དག་ཏུ་རུང་བ་མིན་གྱི་གཞན་ལྷག་མ་ཐམས་ཅད་རྟག་ཡང་དག་ཡིན་ནོ་ཞེས་སོ། །གཉིས་པ་རྩོད་སྤང་ལ། རང་ལྡོག་ཡིན་པར་མཚོན་ཚུལ་ལ་རྩོད་པ། གཞན་ལྡོག་མིན་པར་མཚོན་ཚུལ་ལ་རྩོད་པ་གཉིས། དང་པོ་ལ། རྩོད་པ་དང་། ལན་གཉིས། དང་པོ།དེ་ལ་ནོག་ལྐོག་ཤལ་མཚན་གཞིར་བཞག་ནས་སྦྱོར་བ་འདིར་གཏོགས་མཚན་ཉིད་དུ་མཚོན་པ་ལ་དོན་ལྡོག་གྲུབ་པ་བཀོད་པ་དེ། མཚན་གཞི་དཀར་ཟལ་དང་མཚོན་བྱ་བ་ལང་གི་ཐ་སྙད་གཉིས་ལ་ཁེགས་ན་ནི། མཚན་གཞི་ཉིད་དུ་འགྱུར་བ་ལྐོག་ཤལ་ཡང་དེ་གཉིས་ལ་ཁེགས་པར་འགྱུར་ལ་དེ་ལྟ་ན་མཚན་གཞི་ནི་ཡོད་ལ་མཚན་ཉིད་མེད་པས་མཚན་གཞི་ལ་མཚན་ཉིད་ཀྱིས་མ་ཁྱབ་པའི་སྐྱོན་དང་། མཚན་ཉིད་དེ་དེ་གཉིས་ལ་མ་ཁེགས་ན་ནི་ལྐོག་ཤལ་ཁོ་ནའི་མཚན་ཉིད་མིན་པས་གཞི་མཚོན་གཉིས་ལའང་ཁྱབ་ཆེས་


MR11_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཟེར་རོ། །གཉིས་པ། མཚན་ཉིད་དེ་དེ་གཉིས་ཀའི་དོན་ལྡོག་ལ་ཁྱབ་པས་མ་ཁྱབ་པའི་སྐྱོན་མེད་ལ་རང་ལྡོག་ལ། མ་ཁྱབ་པས་ན་ཁྱབ་ཆེས་པའི་ཉེས་པ་མེད་དེ་དོན་ལྡོག་གཅིག་རང་ལྡོག་ཐ་དད་ཡིན་པས་སོ། །གཉིས་པ་ལ། རྩོད་སྤང་དང་། ཞར་ལ་འགལ་ཚུལ་གྱི་དཔེར་བརྗོད་གཉིས། དང་པོ། མཚོན་བྱ་ལ་བརྟགས་ན་འགལ་བ་དང་མཚན་ཉིད་སོགས་ལ་ཐ་སྙད་ཐམས་ཅད་ཁེགས་པ་དང་དངོས་པོ་འགལ་བ་གཉིས་གཅིག་མཚན་གཞི་དང་གཅིག་མཚོན་བྱར་ཐལ་བའི་རྩོད་པ་གསུམ་གྱིས་གནོད་པ་མེད་དོ། །གཉིས་པ། དེས་ན་ཚིག་གི་སྦྱོར་ཚུལ་གྱི་སྐབས་ལ་ལར་འགལ་བ་ལྟར་མངོན་པ་དང་། ལ་ལར་གཞི་ཆོས་གཉིས་མཚུངས་པར་མངོན་པའི་སྦྱོར་བ་སྲིད་དོ། །གཉིས་པ་ཕན་ཚུན་ཇི་ལྟར་ངེས་པའི་རྣམ་གཞག་ལ། དོན་ལ་གནས་པའི་ལུགས་གཞག འཁྲུལ་བའི་བརྟགས་པའི་ལུགས་དགག དེ་ལ་རྩོད་པ་སྤང་པ་གསུམ། དང་པོ། མཚན་མཚོན་གཉིས་ནི་མཚན་ཉིད་གཅིག་ལ་མཚོན་བྱ་དུ་མ་ལྟ་བུ་སོགས་མི་སྲིད་པས་གྲངས་མཉམ་ཞིང་རྟོག་ངོར་ངོ་བོ་གཅིག་ལ་མཚན་ཉིད་རྫས་ཡོད་དང་མཚོན་བྱ་བཏགས་ཡོད་ཉིད་དུ་ངེས་པ་ཡིན་ནོ། །གཉིས་པ། ཁ་ཅིག་གིས་མཚན་མཚོན་དོན་ལ་ངོ་བོ་གཅིག་པ་དང་། ཉན་ཐོས་པ་རྣམས་མཚན་ཉིད་སྐྱེ་སོགས་དང་འདུས་བྱས་གཉིས་ཐ་དད་དུ་འདོད་པ་དང་། ཡང་ལ་ལས་དེ་གཉིས་གྲངས་མི་མཉམ་པ་དཔེར་ན་ས་བོན་གཅིག་གིས་འབྲས་བུ་དུ་མ་སྐྱེད་པ་དང་། བསྒྲུབ་བྱ་གཅིག་ལ་རྟགས་དུ་མ་རུང་བ་ལྟར་མཚན་ཉིད་གཅིག་གིས་མཚོན་བྱ་དུ་མ་དང་། མཚན་ཉིད་དུ་མས་མཚོན་བྱ་གཅིག་མཚོན་པར་འདོད་པ་རྣམས་འཁྲུལ་པ་ཡིན་ནོ། །གསུམ་པ། དེ་དག་གི་མིང་དོན་ཕན་ཚུན་


MR11_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པ་ཡི་ཞེ་འདོད་ཀྱིས་རྣམ་པར་གཞག་པས་འདིར་མི་གནོད་དོ། །གཉིས་པ་ཚད་མའི་མཚན་ཉིད་བྱེ་བྲག་ཏུ་ངེས་པར་བྱ་བ་ལ། མཚན་ཉིད་ངོས་གཟུང་བ་དང་། མཚན་ཉིད་ཀྱིས་མཚོན་དོན་གཏན་ལ་དབབ་པ་གཉིས། དང་པོ་ལ། རྒྱུ་ཚད་མ་རང་གི་མཚན་ཉིད་དང་། དེའི་འབྲས་བུ་ངེས་པས་སྒྲོ་འདོགས་གཅོད་ཚུལ་གཉིས། དང་པོ་ལ་དགག་གཞག་སྤང་གསུམ། དང་པོ་ལ། སྤྱི་དང་བྱེ་བྲག་གཉིས། དང་པོ་ལ། ཕྱོགས་སྔ་བརྗོད། དེ་དགག་པ་གཉིས། དང་པོ། ཚད་མའི་མཚན་ཉིད་མི་བསླུ་བ་དང་མ་ཤེས་དོན་གསལ་གཉིས། ལྷ་དབང་བློས་མཚན་ཉིད་རྣམ་གྲངས་པ་གཉིས་སུ་འདོད་པའམ་རྒྱན་མཛད་པས་དང་པོ་ཀུན་རྫོབ་གཉིས་པ་དོན་དམ་པའི་ཚད་མའི་མཚན་ཉིད་ཡིན་ནོ་ཞེས་སོ་སོར་ཕྱེ་སྟེ་སྨྲ། གཉིས་པ་ལ་རྣམ་གྲངས་པར་འདོད་པའི་ལུགས་དགག མཚོན་བྱ་སོ་སོར་འདོད་པའི་ལུགས་དགག་པ་གཉིས། དང་པོ། ལུགས་དང་པོ་དེ་མི་འཐད་དེ་མཚན་ཉིད་སོ་སོ་བ་ཡིན་པ་གཉིས་ཀྱིས་འཇོག་ན་ནི་རྣམ་འཇོག་གི་རྒྱུ་ཐ་དད་པས་མཚོན་བྱ་དེ་ཡང་གཉིས་སུ་འགྱུར་དགོས་ལ། གཉིས་པ། ལུགས་གཉིས་པ་ལྟར་ན། མཚན་ཉིད་དང་མཚོན་བྱ་སོ་སོ་བ་གཉིས་སུ་འདོད་ན་ཡང་། ཚད་མ་སྤྱི༷་ཡི་མཚན་ཉིད་འདིའོ་ཞེས་པའི་གཅིག་པ་ཞིག་དེ་གཉིས་རེ་རེ་ལ་མི་སྲིད་པར་འགྱུར་ཞིང་གཞུང་ན་ཚད་མ་སྤྱི་འཆད་པའི་སྐབས་ཡིན་པས་མི་འབྲེལ་ལོ། །གཉིས་པ་བྱེ་བྲག་མི་བསླུ་བའི་མཚན་ཉིད་ལ། མ་ཁྱབ་ཁ་སྐོང་དགོས་པའི་ལུགས་དགག །བདེན་པའི་དོན་རྟོགས་ཆོས་གསུམ་ལྡན་དུ་འདོད་པའི་ལུགས་དགག་པ་གཉིས། དང་པོ། ཡང་སློབ་དཔོན་ཆོས་མཆོག་མཚན་ཉིད་འདི་ལ་མ་


MR11_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་གཅོད་པ་ཁ་བསྐང་དགོས་ཞེས་པའང་མི་འཐད་དེ། མ་ཁྱབ་གཅོད་ཚུལ་ཁ་བསྐང་བའང་མཚན་ཉིད་ཀྱི་སྐབས་འདིར་མི་འཐད་དེ། མ་ཁྱབ་པ་མ་ཆོད་པས་མཚན་ཉིད་སྐྱོན་ཅན་དུ་འགྱུར་ལ་ཚིག་རང་ལ་མེད་ན་ཁ་བསྐང་བས་མི་ཕན་ལ་གཞན་ཡང་བདེན་པའི་དོན་རྟོགས་ཚད་མའི་བྱེད་པ་ཡིན་གྱི་ཚད་མ་མིན་ཞེས་དེ་གཉིས་སུ་འབྱེད་པའང་གཞུང་གི་དགོངས་པ་མིན་ནོ། །གཉིས་པ། བྲམ་ཟེའི་རྗེས་འབྲང་ཁ་ཅིག་བདེན་པའི་དོན་རྟོགས་ཆོས་གསུམ་ལྡན་དུ་འདོད་ཀྱང་མི་དགོས་པ་དང་མ་ཁྱབ་པ་དང་མི་སྲིད་པའི་སྐྱོན་གསུམ་བདེན་པའི་དོན་རྟོགས་ཆོས་གསུམ་ལྡན་དུ་འདོད་ན་ཡོད་པས་ལུགས་དེའང་མི་འཐད་དོ། །གཉིས་པ་རང་ལུགས་ལ། ཚིག་གཉིས་དོན་མཐུན་དུ་བསྒྲུབ་པ་དང་། མི་བསླུ་བའི་དོན་བཤད་པ་གཉིས། དང་པོ། དེས་ན་རང་ལུགས་ནི་རང་གིས་གཞལ་བྱ་རྟོགས་པ་ལ་མི་སླུ་བ་དང་མ་ཤེས་དོན་གྱི་གསལ་བྱེད་གཉིས་པོ་གང་ཡིན་ཡང་རང་མཚན་རྟོགས་པར་དོན་ལ་མཐུན་ཏེ་ཁྱད་མེད་པས་མཚན་ཉིད་གཅིག་གི་རྣམ་གྲངས་ཡིན་ནོ། །དེས་ན་ཐ་སྙད་པ་དང་དོན་དམ་པ་ཡི་ཚད་མ་གཉིས་ཀ་ལ་ཡང་མཚན་ཉིད་དེ་གཉིས་པོ་འཇུག་པ་ལ་ཁྱད་མེད་དོ། །གཉིས་པ། མི་བསླུ་བའི་ཚུལ་ནི་ལས་གང་ལ་མི་བསླུ་བ་དང་བྱེད་པོ་གང་གིས་མི་བསླུ་བ་དང་བྱ་བ་ཇི་ལྟར་མི་བསླུ་བ་གསུམ་གྱི་བདག་ཉིད་ཅན་ཡིན་ནོ། །གསུམ་པ་རྩོད་སྤང་ལ། རྩོད་པ་དང་། ལན་གཉིས། དང་པོ། དོན་རང་མཚན་ལ་མི་བསླུ་བ་ཡིན་ན་དངོས་མེད་འཇལ་བའི་ཚད་མ་ལ་མ་ཁྱབ་ཅིང་དབང་ཤེས་ཉེ་བར་བསླད་པ་དུང་སེར་འཛིན་དང་ལྗོན་ཤིང་འགྲོར་སྣང་སོགས་ལ་རང་མཚན་ལ་མི་བསླུ་བའི་ཆ་ཡོད་པས་དེ་ལ་ཁྱབ་ཆེས་ལོ། །


MR11_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ། མ་ཁྱབ་པ་མེད་དེ་རང་མཚན་དེ་དངོས་པོར་ཡོད་པའམ་ཡང་ན་དེ་དངོས་པོར་མེད་པར་དཔྱོ༷ད་པའི་ཕྱིར་དངོས་མེད་ལ་རང་མཚན་མེད་ཀྱང་དེ་ཆིག་རྐྱང་དུ་མི་འཇལ་བས་རང་མཚན་མེད་ཅེས་དཔྱད་པས་ན་མི་བསླུ་བའི་མཚན་ཉིད་དེ་དེ་ལ་མ་ཁྱབ་པ་མེད་པས་སྐྱོན་མེད་དུ་འཐད་དོ། །དབང་ཤེས་ཉེ་བར་བསླད་པ་ནི་ཀུན་ཏུ་སླུ་བར་བཤད་ཀྱི་མི་བསླུ་བ་མེད་དོ་ཞེས་འཆད་པར་འགྱུར་རོ། །གཉིས་པ་ཚད་མ་དེས་སྒྲོ་འདོགས་གཅོད་ཚུལ་ལ། ཇི་ལྟར་ངེས་པ་དང་། དེ་ལ་རྩོད་སྤང་གཉིས། དང་པོ་ལ། སེལ་བྱེད་དང་བསལ་བྱ་སྤྱིར་བསྟན། བསལ་བྱ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། ཚད་མའི་སྟོབས་ཀྱིས་ཐེ་ཚོམ་ཆོད་པའི་ངེས་པ་འདྲེན་པ་ཡིན་ཞིང་ཡང་དག་པའི་ངེས་པའི་འགལ་ཟླ་ནི་མཐའ་གཞན་དུ་སྒྲོ༷་འདོགས་པ་ཡིན་ནོ། །གཉིས་པ་ལ། མཚན་ཉིད། དབྱེ་བ་གཉིས། དང་པོ། སྒྲོ་འདོགས་དེ་ཡི་མཚན་ཉིད་དོན་ཇི་ལྟ་བའི་གནས་ལུགས་ལས་མཐའ་གཞན་དུ་རྟོག་པ་ཡིན་ནོ། །གཉིས་པ། དེ་ལ་དབྱེ་ན་གཉིས། རྟོག་པ་ལོག་ཤེས་དང་ཐེ་ཚོམ་མོ་ཞེས་རྟོག་མེད་ལོག་ཤེས་ནི་མིན་ཏེ་ཟླ་བ་གཉིས་སྣང་དང་དེ་མིན་གྱི་ངེས་པ་མཉམ་དུ་སྲིད་པས་སོ། །གཉིས་པ་ལ། ངེས་ཀྱང་སྒྲོ་འདོགས་མ་བཅད་པ་ཡོད་པའི་རྩོད་པ་དང་། དེ་གཉིས་གནོད་བྱ་གནོད་བྱེད་དུ་མི་འཐད་པའི་རྩོད་པ་གཉིས། དང་པོ་ལ། རྩོད་པ་དང་། དེ་སྤང་གཉིས། དང་པོ། དེ་ལ་གློ་བུར་བའི་རྗེས་དཔག་ལས་མེ་ངེས་པའི་ཚེ་སྔར་མ་རྟོགས་པ་ལས་གློ༷་བུར་དུ་མེ་ངེས་པ་ཙམ་ཡིན་པས་དེ་ལྟར་རྟོགས་པས་བསལ་ཀྱང་སྒྲོ༷་འདོགས་ལོག་ཤེས་དང་ཐེ་ཚོམ་གཉིས་པོ་གང་ཡང་མ་བཅད་པས་ངེས་པ་


MR11_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་དེ་གཉིས་གཅོད་དགོས་པ་པས་མི་འཐད་ཅེས་ཟེར་རོ་ལོ། གཉིས་པ་རྗེས་དཔག་ནི་རྟོག་མེད་ཀྱི་སྒོ་ནས་སྣང་བས་མི་འཇུག་པས་སྣང་སྒྲུབ་ལྟ་བུའི་སྒྲུབ་པ་ཆིག་རྐྱང་ནི་མེད་ལ་རྗེས་དཔག་དེ་ནི་སེལ་བ་ཉིད་ཡིན་རྗེས་དཔག་དེ་ཡི་བསལ་བྱའི་ཡུལ་ནི་རྗེས་དཔག་དེ་མེད་པའི་སྔ་རོལ་དུ་ཤེས་པ་གང་གིས་གཞི་དེ་ཉིད་མེ་མེད་པའི་གནས་གཞན་དང་མཚུངས་པ་རུ་འཛིན་པ་ཡིན་ཕྱིར་ལོག་ཤེས་ཡོད་པ་ཡིན་པར་བཞེད་དོ། །གཉིས་པ་དེ་གཉིས་གནོད་བྱ་གནོད་བྱེད་དུ་མི་འཐད་པའི་རྩོད་སྤང་ལ། རྩོད་སྤང་སྤྱིར་བསྟན་པ་དང་། རྩོད་པ་དང་པོའི་རང་ལན་བསྟན་པ་གཉིས། དང་པོ། ངེས་པ་དང་ནི་སྒྲོ༷་འདོགས་གཉིས་པོ་ལ། ཡུལ་གཅིག་མི་གཅིག་དང་བདེན་རྫུན་ལ་བརྟགས་ནས་མི་འཐད་པར་རྩོད་པ་དང་། དེ་གཉིས་བློའི་ངོ་བོ་ཉིད་དུ་གཅིག་མི་གཅིག་དང་དེ་གཉིས་དུས་གཅིག་མི་གཅིག་ལ་བརྟག་པ་སྟེ་དེ་གསུམ་པོ། གཅིག་དང་ཐ་དད་བརྟགས་པ་ཡི་རྩོད་པ་གསུམ་གྱིས་འདིར་མི་གནོད་དོ། །གཉིས་པ། ངེས་དང་སྒྲོ༷་འདོགས་གཉིས་པོ་ཞེན་ཡུལ་གཅིག་སྟེ་གཉིས་ཀས་རང་ངོའི་སེལ་བ་དེ་རང་མཚན་ལ་འཁྲུལ་བས་ཞེན་ཡུལ་རང་མཚན་ཁོ་ན་ཡིན་མོད་འོན་ཀྱང་ཞེན་པའི་འཛིན་སྟངས་དོན་མཐུན་དོན་མི་མཐུན་ཐ་དད་ཕྱིར་ན་བསལ་བྱ་སེལ་བར་འཐད་དོ། །གཉིས་པ། མཚན་ཉིད་ཀྱིས་མཚོན་དོན་གཏན་ལ་དབབ་པ་ལ། མཚོན་བྱའི་རབ་དབྱེ། མཚན་གཞི་ལ་ལོག་རྟོག་དགག་པ། མཚན་གཞི་ལ་མཚན་ཉིད་ངེས་བྱེད་ཀྱི་ཚད་མ། ཚད་མ་དེས་དགག་སྒྲུབ་ཇི་ལྟར་བྱེད་ཚུལ་བཞི། དང་པོ་ལ། དབྱེ་གཞི། དབྱེ་བའི་དོན། གྲངས་ངེས། སྒྲ་དོན་བཞི། དང་


MR11_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ། དགག་གཞག་གཉིས། དང་པོ། བོད་རྣམས་ན་རེ། བཅད་ཤེས་དང་ཡིད་དཔྱོད་སོགས་ཚད་མ་མིན་ལ་ཡང་དག་པའི་ཤེས་པ་ཡིན་པས་ཡང་དག་ཤེས་པ་ཚད་མའི་དབྱེ་གཞིར་མི་འཐད་ཟེར་བ་བབ་ཅོལ་དུ་ཟད་དེ། ཚད་མ་མིན་པ་བཅད་ཤེས་དང་ཡིད་དཔྱོད་སོགས་ཀྱི་ཤེས་པ་ལ་ཡང་དག་ཡོད་པ་བཀག་ཟིན་ལ། སློབ་དཔོན་ཆོས་མཆོག་ཡང་དག་པའི་ཤེས་པ་ལ་དོན་བྱེད་སྣང་དང་བྱེད་འཇུག་གཉིས་སུ་ཕྱེ་ནས་ཕྱི་མ་དབྱེ་གཞིར་འཆད་པ་འཁྲུལ་ལོ། །གཉིས་པ་རང་ལུགས། དེས་ན་རང་ལུགས་ཡང་དག་ཤེས་པ་ཉིད་ཚད་མ་ཡིན་ཏེ་དེ་གཉིས་མིང་གི་རྣམ་གྲངས་ཙམ་ཡིན་ཕྱིར་དབྱེ་གཞིར་འཐད་པ་ཡིན་ནོ། །གཉིས་པ་དབྱེ་བ་ལ། དངོས་དང་། དེའི་ཚུལ་དཔྱད་པ་གཉིས། དང་པོ། དབྱེ་ན་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་གཉིས་སོ། །གཉིས་པ་ལ། བསྟན་བཤད་གཉིས་དང་པོ། དེ་གཉིས་པོ་དག་ངོ་བོ་གཅིག་ལ་རྣམ་གྲངས་ཙམ་དང་དངོས་པོ་ཐ་དད་དང་། གཅིག་པ་བཀག་པའམ་ལྡོག་པ་ཐ་དད་གང་ཡིན་ཞེས་བརྟག་ན་ཁ་ཅིག་རྗེས་དཔག་གི་ཡུལ་མེད་པས་དངོས་མེད་ཡིན་པས་གཅིག་པ་བཀག་པའི་ཐ་དད་དུ་འདོད་དོ་ཞེས་ཟེར། གཉིས་པ་རྒྱས་བཤད་ལ། དགག་གཞག་སྤང་གསུམ། དང་པོ། དེ་མི་འཐད་དེ་ཚད་མ་གཉིས་ཀ་ཡུལ་ཅན་ཤེས་པའི་དངོས་པོ་ཉིད་ཡིན་ཕྱིར་གཅིག་པ་བཀག་པ་ཡི་ཐ་དད་པ་མིན། ཡུལ་གཅིག་ལ་ལྟོས་ནས་གཅིག་མིན་ཏེ་རྟོག་རྟོག་མེད་ཡུལ་ཐ་དད་ཡིན་པ་དང་ངོ་བོ་ཐ་དད་ལ་ལྟོས་ནས་ཐ་དད་མིན་ཏེ་ཤེས་པ་ཡིན་པའི་ཕྱིར་རོ། །དེས་ན་ཤན་མ་ཕྱེ་བར་སྤྱིར་གཅིག་དང་ཐ་དད་མིན་ནོ། །གཉིས་པ་རང་ལུགས། དེས་ན་རང་ལུགས་ཡུལ་ཅན་བློ་ཡི་ངོ་བོར་གཅིག་སྟེ་ལ་རྒྱབ་ཀྱི་མེ་ལ་ལྟོས་ན་རྗེས་དཔག་དང་ཤེས་པའི་ངོ་བོ་ལ་ལྟོས་ན་མངོན་སུམ་ཡིན་ནོ། །ཡུལ་ལ་ལྟོས་ནས་མངོན་


MR11_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ལྐོག་གིས་ཐ་དད་པ་ཡིན་ནོ། །གསུམ་པ་རྩོད་སྤང་། དེ་ལ་རྗེས་དཔག་ནི་ཡུལ་གྱི་ལྡོག་པ་མིན་ལ་ཡུལ་ལ་རྟོག་པའི་བློ་ཡིན་ཞིང་མངོན་སུམ་གྱི་བྱེ་བྲག་རང་རིག་མངོན་སུམ་དང་གཅིག་ཕྱིར་བློ་མིན་པ་དང་མངོན་སུམ་ལས་ཐ་དད་དོ་ཞེས་བརྩད་པའི་སྐྱོན་ལས་གྲོལ་ལོ། །གསུམ་པ་གྲངས་ངེས། གཞན་དག་ཚད་མ་ལ་གཅིག་ནས་དྲུག་གི་བར་དབྱེ་བར་བྱེད་ཀྱང་འདིར་ནི་གཞལ་བྱ་རང་མཚན་དང་དོན་སྤྱིའམ་མངོན་ལྐོག་གཉིས་སུ་གྲངས་ངེས་པའི་ཕྱིར་དེ་འཇལ་གྱི་ཚད་མའང་གཉིས་ཁོ་ན་ཡིན་ཏེ་དེ་ལས་མང་ཉུང་གི་གྲངས་གཞན་བཀག་པ་སྟེ་ཉུང་བ་གཅིག་མིན་ཏེ་རྗེས་དཔག་ཚད་མ་ཡིན་པའི་ཕྱིར་དང་མང་མི་དགོས་ཏེ་ཚད་མ་ཡིན་ཚད་དེ་གཉིས་ལ་འདུ་བའི་ཕྱིར་རོ། །བཞི་པ་སྒྲ་དོན། མིང་དོན་ལ་སྤྱིར་མིང་ལ་བཤད་པ་རྒྱུ་མཚན་དུ་བྱས་པའི་མིང་ཐམས་ཅད་མཁྱེན་པ་ལྟ་བུ་དང་། འཇུག་པ་རྒྱུ་མཚན་དུ་བྱས་པ་བུམ་པ་ལྟ་བུ་རྣམ་པ་གཉིས། དེ་ལ་གཞི་དེ་ལ་བཤད་འཇུག་གཉིས་པོ་རྣམ་པ་ཀུན་ཏུ་འགལ་བ་སྟེ། འཇུག་པ་ཡོད་ཀྱང་བཤད་པ་ནམ་ཡང་མི་སྲིད་པ་བྱ་ལུག་རྫི་མོ་དང་བྱེའུ་ཏིལ་འཐུང་ལྟ་བུ་དང་། བཤད་འཇུག་གཉིས་ཀུན་ཏུ་མི་འགལ་བ་རྣམ་ཤེས་དང་ཐམས་ཅད་མཁྱེན་ལྟ་བུ་དང་། ཡང་སྐམ་སྐྱེས་ཀྱི་པདྨ་ལ་མཚོ་སྐྱེས་ཞེས་རེས་འགའ་འགལ་ཞིང་། ཡང་མཚོ་སྐྱེས་ཀྱི་པདྨ་ལ་མཚོ་སྐྱེས་ཞེས་རེས་འགའ་མི་འགལ་བའི་རྣམ་པར་དབྱེ་བ་རྣམ་པ་བཞི་ཡོད་པ་དེ་བཞིན་དུ་མངོན་སུམ་གྱི་སྐད་དོད་པྲཏྱཀྵ་ཞེས་བསྒྱུར་ན་དབང་པོ་རྟེན་ཞེས་པ་དེ་བཤད་ན་དབང་པོ་ལ་བརྟེན་པ་ཡིན་ལ། འཇུག་རང་མཚན་འཛིན་པའི་ཤེས་པ་ཐམས་ཅད་ལ་འཇུག དེ་ཡང་དབང་ཡིད་གཉིས་ལ་གཉིས་ཀ་ཡོད། རྣལ་འབྱོར་དང་རང་རིག་གཉིས་ལ་འཇུག་པ་འབའ་ཞིག དབང་ཤེས་འཁྲུལ་པ་


MR11_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཤད་དུ་ཡོད་ཀྱང་མི་འཇུག་གོ། རྗེས་དཔག་ཨ་ནུ་མ་ཎ་སྟེ། རྗེས་སུ་འཇལ་བའམ་དཔག་པ་སྟེ། རྟགས་ལས་དོན་མཐོང་བའི་ཕྱིར་བཤད་འཇུག་གཉིས་ཀ་ཡོད་དོ། །དེ་དག་ལ་ལྷས་བྱིན་ལྟ་བུ་མིང་དང་ཤིང་ལྟ་བུ་རིགས་ཀྱི་སྒྲ་སྟེ་མཁས་པ་རྣམས་ཀྱིས་གཉིས་སུ་ཕྱེའོ། །གཉིས་པ་མཚན་གཞི་ལ་ལོག་རྟོག་དགག་པ་ལ། མངོན་སུམ་དང་། རྗེས་དཔག་ལ་ལོག་རྟོག་དགག་པ་གཉིས། དང་པོ་ལ། མངོན་སུམ་མིན་པ་ལ་ཡིན་པར་རྟོག་པ་དགག་པ། ཡིན་པ་ལ་མིན་པར་རྟོག་པ་དགག་པ།ཡིན་མིན་མཚུངས་པར་རྟོག་པ་དགག་པ་གསུམ། དང་པོ་ལ། རྟོག་མེད་འཁྲུལ་སྣང་ལ་ཚད་མར་འདོད་པ་དང་། རྟོག་མེད་དོན་གཞན་ལ་ཚད་མར་འདོད་པ་དགག་པ་གཉིས། དང་པོ་ལ། ཕྱོགས་སྔ་དང་། དེ་དགག་པ་གཉིས། དང་པོ། ཁ་ཅིག་གིས་ནོར་བུའི་འོད་ལ་ནོར་བུར་འཛིན་པ་ལྟ་བུ་ཡུལ། ནམ་གུང་གི་བུ་ཚ་ལ་ཉིན་ཕྱེད་དུ་འཁྲུལ་བའི་རྨི་ལམ་ལྟ་བུ་དུས། དུང་སེར་སྣང་དང་ལྗོན་ཤིང་འགྲོར་སྣང་སོགས་རྣམ་པ་འཁྲུལ་བའི་ཆ་ལ་ཡུལ་ལ་མ་འཁྲུལ་པའི་ཆ་ཡོད་པས་མངོན་སུམ་ཚད་མར་འདོད་པ་ཡོད་དོ། །གཉིས་པ། སྣང་བ་དེ་དག་ལ་རང་མཚན་གྱི་རྣམ་པ་གཏད་པ་མེད་ཕྱིར་མངོན་སུམ་མིན་ཏེ་གྲུབ་བདེ་རྫས་གཅིག་ལ་སྣང་མི་སྣང་གཉིས་མེད་དོ། །གལ་ཏེ་འཁྲུལ་བར་ཤེས་ནས་སྣང་བ་དེ་རྣམས་ཀྱི་རྟགས་ལས་དོན་གྱི་ཆ་ངེས་ན་རྗེས་དཔག་ཚད་མར་འགྲོ་བ་སྲིད་དོ། །གཉིས་པ་ལ། ཕྱོགས་སྔ་དང་། དེ་དགག་པ་གཉིས། དང་པོ། རྟོག་མེད་དོན་གཞན་ལ་ཚད་མར་འདོད་པ་དུང་མེ་ཆུ་སོགས་ཀྱི་ཁ་དོག་འཛིན་པ་འཇམ་བསྲེག་སོགས་ཀྱི་རེག་བྱ་ལ། མངོན་སུམ་ཡིན་ཞེས་ལ་ལ་སྨྲ་བའོ། །


MR11_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ། དེ་ནི་སྐྱེ་མཆེད་སོ་སོ་བ་ཡིན་པའི་རྣམ་དབྱེ་མ་ཤེས་པས་ལན་ཏེ། སྐྱེ་མཆེད་གཞན་ལ་གཞན་ཚད་མར་འགྲོ་ན་དབང་པོ་དུ་མ་དོན་མེད་པར་ཐལ་ལོ་དེས་ན་དེ་དག་རྒྱུ་ཆོས་རྗེས་དཔག་ལ་མངོན་སུམ་ཡིན་པར་འཁྲུལ་བ་ཡིན་ནོ། །གཉིས་པ་མངོན་སུམ་ཡིན་པ་ལ་མིན་པར་རྟོག་པ་དགག་པ་ལ། ཕྱོགས་སྔ་དང་། དེ་དགག་པ་གཉིས། དང་པོ། རྟོག་པ་ཡུལ་ལ་འཁྲུལ་བ་བུམ་དམར་ལ་སྣམ་བུ་དམར་པོར་འཛིན་པ་ལྟ་བུ་དང་། དུས་སྔ་དྲོའི་སྲོག་ཆག་ལ་ཕྱི་དྲོའི་སྲོག་ཆག་ཏུ་རྟོག་པ་སོགས་དང་རྣམ་པ་ལ་འཁྲུལ་བ་སྒོ་རྒྱབ་ཀྱི་བུམ་པ་ལ་ཁང་ཕུག་གི་བུམ་པར་རྟོག་པ་ལྟ་བུ་རྣམས་འཁྲུལ་བ་ཡིན་པས་དེ་རྣམས་སྣང་བ་འཛིན་པའི་ཤེས་པ་དེ་དག་ཀྱང་མངོན་སུམ་ཡིན་པ་འགོག་ཅེས་ཟེར། གཉིས་པ། དེ་དག་ནི་རྟོག་པ་འཁྲུལ་ཡང་དེས་དབང་ཤེས་ལ་མི་སྒྲིབ་སྟེ་སྔོན་པོ་རྟག་འཛིན་གྱི་སྒྲོ་འདོགས་ཡོད་ཀྱང་སྔོ་འཛིན་མིག་ཤེས་ཚད་མ་ཡིན་པ་བཞིན་ནོ། །གསུམ་པ་ལ། ཕྱོགས་སྔ་དང་། དེ་དགག་པ་གཉིས། དང་པོ། འགའ་ཞིག་རྟོག་རྟོག་མེད་ཀྱི་འཁྲུལ་པ་དེ་དག་ཚད་མ་ཡིན་མིན་ལ་མཚུངས་ཞེས་ཟེར་རོ། །གཉིས་པ། དེ་གཉིས་མཚུངས་པ་མིན་ཏེ་ཡིད་ཤེས་རྟོག་བཅས་དང་དབང་ཤེས་རྟོག་མེད་ཀྱི་ཡུལ་ཐ་དད་པའི་ཕྱིར་རོ། །གཉིས་པ་རྗེས་དཔག་ལ། ཡིན་པ་ལ་མིན་པར་རྟོག་པ་དང་། མིན་པ་ལ་ཡིན་པར་རྟོག་པ་དགག་པ་གཉིས། དང་པོ་ལ། ཕྱོགས་སྔའི་འདོད་པ་དང་། དེ་དགག་པ་གཉིས། དང་པོ། ནོར་བུའི་འོད་ལས་ནོར་བུ་ཉིད། རྟོགས་པ་རྗེས་དཔག་མིན་ཏེ། ནོར་བུ་རྟགས་སུ་བཀོད་ན་རྟགས་རྟགས་ཅན་མེད། ནོར་འོད་རྟགས་སུ་བཀོད་ན་གཏན་ཚིགས་མ་གྲུབ། འོད་ཙམ་བཀོད་ན་མ་ངེས་སོ་


MR11_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། གཉིས་པ། དེ་ལྟ་ན་སཱ་ལུའི་མྱུ་གུས་སཱ་ལུ་ཡི་ས་བོན་དཔོག་པ་སོགས། འབྲས་རྟགས་ཕལ་ཆེར་འཁྲུལ་པར་འགྱུར་ཏེ་སཱ་ལུའི་མྱུ་གུ་བཀོད་ན་མ་གྲུབ་སོགས་ནོར་འོད་ཀྱི་དེ་དང་འདྲ་བའི་ཕྱིར་རོ། །དེས་ན་བསྒྲུབ་བྱའི་སཱ་ལུས་ཁྱད་པར་དུ་བྱས་པ་མི་འགྲུབ་ཀྱང་གཞན་དུ་མཐོང་སྟོབས་ཀྱིས་དེར་སྤུ་རིས་ཟིན་པ་ཡིན་ནོ། །གཉིས་པ་ལ། ཕྱོགས་སྔའི་འདོད་པ་དང་། དེ་དགག་པ་གཉིས། དང་པོ། ཡན་ལག་ཅན་གྱི་ལ་ལ་རྟག་པའི་མེ་ཡོད་དེ་དོན་དམ་པའི་དུ་བ་ཡོད་པའི་ཕྱིར་དབང་ཕྱུག་གི་ཚང་མང་བཞིན་ཞེས་པ་ལྟ་བུ་རློམ་ཚོད་ཀྱི་རྟགས་དང་བསྒྲུབ་བྱ་འཁྲུལ་ཏེ་ཚད་མ་མིན་ན་ཡང་གྲུབ་ཚོད་ལ་དོན་མེ་ཙམ་དང་བསྒྲུབ་བྱའི་ཆ་ལ་ཚད་མ་ཡིན་ནོ་ཞེས་ཟེར། གཉིས་པ། དེ་ལྟའི་རྟགས་ལ་ཚུལ་གསུམ་མེད་དེ་རྟགས་དང་རྟགས་ཅན་མི་སྲིད་པའི་ཕྱིར་རོ། །མེ་དང་དུ་བ་ཙམ་གྲུབ་པ་ལ་དོན་དམ་པ་དང་རྟག་པས་ཁྱད་པར་དུ་བྱས་པའི་རྟགས་ཀྱི་ཁྱད་པར་མེད་དེ། དོན་ཙམ་གོ་བ་ཡང་རྟགས་དེ་འདྲ་བས་དོན་གོ་བ་མིན་ཏེ། བློ་ངོར་དུ་བས་མེ་ཙམ་གོ་བ་ཡིན་ནོ། །དེ་ཡང་རྟགས་དེ་འདྲ་བ་གོ་བྱེད་དུ་མི་རུང་སྟེ། འབྲེལ་བ་མེད་པས་དཔེར་ན་འདི་ན་བུམ་པ་ཡོད་དེ། རི་བོང་རྭའི་བུམ་པ་ཡོད་པའི་ཕྱིར་ལྟ་བུའོ། །གསུམ་པ་མཚན་གཞི་ལ་མཚན་ཉིད་ངེས་པའི་ཚད་མ་ལ། དྲི་བ་དགོད་པ་དང་། ལན་གཉིས། །དང་པོ། ཚད་མ་དེ་དག་མི་བསླུ་བའི་ཤེས་པ་ཅན་གྱི་ཚད་མ་ཡིན་པར་ངེས་པ་ནི་རང་ངམ་གཞན་གང་ལས་རྟོགས་པ་ཡིན་རང་ལས་ངེས་ན་སུ་ཡང་ཚད་མ་ཚད་མིན་གྱི་དབྱེ་བ་ལ་རྨོངས་མི་སྲིད་ལ་གཞན་ལས་ངེས་ན་དེ་ཡང་གཞན་གྱིས་ངེས་དགོས་པས་


MR11_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་མེད་དུ་འགྱུར་རོ་ཤེ་ན། གཉིས་པ་ལ། དགག་གཞག་སྤང་གསུམ། དང་པོ། ལ་ལ་རང་ཁོ་ན་ལས་ངེས་པར་འདོད། འགའ་ཞིག་གིས་གཞན་ཁོ་ན་ལས་ངེས་ཞེས་ཟེར། དེ་དག་གཉིས་ཀས་དངོས་སྟོབས་ཀྱི་རིགས་པ་དང་། ཆོས་གྲགས་སོགས་རིགས་པ་སྨྲ་བའི་བཞེད་པ་དོར་བ་ཡིན་ནོ། །གཉིས་པ་རང་ལུགས། དོན་བྱེད་པར་སྣང་བའི་མངོན་སུམ་དང་། མངོན་སུམ་གོམས་པ་ཅན་དེ་དོན་རིག་གཉིས་དང་རང་རིག་དང་རྟགས་ལས་རྗེས་སུ་དཔག་པ་བཞི་ནི་རང་གིས་འཇུག་ཡུལ་ལ་མི་བསླུ་བ་ཡིན་པར་རང་སྟོབས་ལས་ངེས་ནུས་པ་ཡིན་ནོ། །བ་མེན་གྱི་གཟུགས་དང་པོར་མཐོང་བའི་དབང་མངོན་ལྟ་བུ་སྔར་མ་གོམས་པའི་མངོན་སུམ་དང་པོ་པ་དང་ཡིད་གཞན་དུ་ཕྱོགས་པའི་གཟུགས་འཛིན་མིག་ཤེས་ལྟ་བུ་ཡིད་མ་གཏད་པ་དང་། འཁྲུལ་རྒྱུ་ཅན་རྒྱང་རིང་གི་དམར་འབར་བ་མེ་ཡིན་མིན་ཐེ་ཚོམ་པ་ལྟ་བུ་རྣམས་མཐོང་ཙམ་གྱིས་ཚད་མ་ཡིན་པར་མི་འགྲུབ་ཀྱི་གཞན་ལས་ངེས། དེ་ངེས་བྱེད་ཀྱི་ཚད་མ་ཡང་། དཔེར་ན་མེའི་རྣམ་པ་ཅན་དུ་སྣང་ནས་བདེན་རྫུན་ལ་ཐེ་ཚོམ་ཟ་བ་ན་བཙོ་བསྲེག་སོགས་ཀྱི་དོན་བྱེད་པ་ཉིད་དུ་མཐོང་བ་དང་གོམས་པ་ཡི་སྟོབས་ཀྱིས་སྤུ་རིས་ཟིན་པ་ཅན་དང་། དུ་བ་སོགས་རྟགས་ལས་རྗེས་སུ་དཔག་པས་ངེས་པར་བྱེད་དོ། །གསུམ་པ། ཁ་ཅིག་ངེས་བྱའི་ཚད་མ་དང་ངེས་བྱེད་ཀྱི་ཚད་མ་གཉིས་ཡུལ་གཅིག་ཐ་དད་དང་ངོ་བོ་ལ་སྒྲོ་འདོགས་ཆོད་མ་ཆོད་དུ་བརྟགས་ནས་གཞན་ངེས་མི་སྲིད་ཟེར། དེ་དག་གིས་ནི་མངོན་སུམ་རྟོག་མེད་དང་། རྟོག་པའི་བྱེད་པ་སོ་སོར་མ་ཕྱེད་པར་འདྲེས་པར་བཟུང་ནས་རློམས་ཚོད་ཀྱི་རྩོད་


MR11_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཟད་དོ། །བཞི་པ་དེས་དགག་སྒྲུབ་ཇི་ལྟར་བྱེད་ཚུལ་ལ། དགག་སྒྲུབ་སྤྱིའི་རྣམ་གཞག །དེའི་རང་བཞིན་གཏན་ལ་དབབ་པ་གཉིས། དང་པོ། སྣང་བ་ནི་རྫས་དངོས་པོའི་ཡུལ་ཅན་ཡིན་པས་མངོན་སུམ་ནི་དོན་ལ་ལྟ་བ་ཙམ་མ་གཏོགས་དགག་སྒྲུབ་ཀྱི་ཐ་སྙད་མེད་དོ། །སེལ་བ་ལ་ནི་དགག་པ་དང་སྒྲུབ་པ་གཉིས་ཡོད་དོ། །སྐབས་ལ་ལར་སྣང་བ་ལ་བསྒྲུབ་པར་གྲགས་པ་ནི་བཏགས་པ་ཡིན་ལ་དེ་ལྟ་ན་སྣང་བསྒྲུབ་སེལ་བསྒྲུབ་གཉིས་སོ། །གཉིས་པ་ལ། མཚན་ཉིད་དང་། དེའི་དོན་རྟོགས་ཚུལ་གཉིས། དང་པོ། དགག་པ་དེ་ལ་དབྱེ་ན་སྒྲུབ་པ་སྤོང་བ་མེད་དགག་དང་། མི་སྤོང་བ་མ་ཡིན་དགག་ཡིན་པ་ཡི་སྒོ་ནས་གཉིས་སོ། །གཉིས་པ་ལ། དགག་གཞག་སྤང་གསུམ། དང་པོ་ལ། ཕྱོགས་སྔ་བརྗོད། དེ་དགག་པ་གཉིས། དང་པོ། ཁ་ཅིག་དོན་དེ་ཉིད་ཀྱི་རྣམ་པ་སྣང་བ་དང་གཞན་གྱི་རྣམ་པ་སྣང་བའི་སྒོ་ནས་དོན་རྟོགས་པའི་དངོས་རྟོགས་དང་ཤུགས་རྟོགས་ཀྱི་སྒོ་ནས་ཀྱང་། སྒྲུབ་པ་དང་ནི་འགོག་ཅེས་ཟེར། གཉིས་པ། ཤུགས་རྟོགས་ཀྱི་མཚན་ཉིད་ཁྱབ་ཆེས་ཏེ་རྗེས་དཔག་ཀྱང་ཤུགས་རྟོགས་ཉིད་དུ་འགྱུར་ལ། རྗེས་དཔག་རྟགས་ལ་ལྟོས་པས་འདི་རྗེས་དཔག་མིན་ཟེར་ན་འོ་ན་ཤུགས་རྟོགས་འདི་ཚད་མ་ཕུང་གསུམ་པ་ཉིད་དུ་འགྱུར་རོ། །གཉིས་པ་རང་ལུགས་ལ། དགག་སྒྲུབ་ཀྱི་རྟོགས་ཚུལ་དང་། དེ་བཤད་པ་གཉིས། དང་པོ་ལ། སྒྲུབ་པ་རྟོག་ཚུལ་དང་། དགག་པ་རྟོག་ཚུལ་གཉིས། དང་པོ། དེས་ན་རང་ལུགས་དོན་ཡིན་པ་དང་ཤེས་པ་ཡིན་པ་དང་། དོན་ཡོད་པ་དང་ཤེས་པ་ཡོད་པའི་དབྱེ་བས་བསྒྲུབ་པ་ལ་ཡིན་ཡོད་གཉིས་གཉིས་བཞི་ཡོད་དོ། །གཉིས་


MR11_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགག་པ་དེ་ཉིད་བཟློག་པ་དོན་མིན་ཤེས་མིན་དོན་མེད་ཤེས་མེད་དེ་བཞི་ཡོད་དོ། །གཉིས་པ། དེ་གང་གིས་ངེས་ན་དགག་སྒྲུབ་དེའང་ཚད་མས་འགྲུབ་སྟེ་མངོན་སུམ་དང་དུ་མེད་དགག་སྒྲུབ་པའི་རྗེས་དགག་གིས་དགག་པ་དང་། མངོན་སུམ་གྱིས་དྲང་བས་ངེས་པ་དང་མིན་དགག་སྒྲུབ་པའི་རྗེས་དཔག་ཚད་མས་བསྒྲུབས་པ་འགྲུབ་པ་ཡིན་ནོ། །གསུམ་པ་རྩོད་སྤང་། འོ་ན་གཞུང་ལས་ཤུགས་རྟོགས་གསུངས་པ་མི་འཐད་དོ་ཟེར་ན། དེར་ཤུགས་ལས་རྟོགས་པ་ཞེས་གསུངས་པ་ཡང་། མངོན་སུམ་གྱི་བྱེད་པའམ་རྗེས་དཔག་སྐྱེས་པ་ཉིད་ལ་དགོངས་པ་ཡིན་ནོ། །ཚད་མ་རིགས་པའི་གཏེར་ལས་མཚན་ཉིད་བརྟག་པའི་རབ་ཏུ་བྱེད་པ་སྟེ་བརྒྱད་པའོ།། །།གཉིས་པ་མཚན་གཞི་སོ་སོའི་དོན་ལ། མངོན་སུམ་ཚད་མ་དང་། རྗེས་དཔག་ཚད་མ་གཉིས། དང་པོ་ལ། མངོན་སུམ་ཡང་དག བཟློག་ཕྱོགས་ལྟར་སྣང་། ཚད་མ་དང་འབྲས་བུའི་རྣམ་གཞག་གསུམ། དང་པོ་ལ། མཚན་ཉིད། མཚོན་བྱའི་དབྱེ་བ། མཚན་གཞི་སོ་སོའི་དོན་གསུམ། དང་པོ་ལ། དགག་གཞག་གཉིས།དང་པོ། བོད་རྣམས་མངོན་སུམ་དང་ཚད་མ་ཐ་དད་དུ་ཕྱེས་ནས་མངོན་སུམ་རྟོག་བྲལ་མ་འཁྲུལ་པ་དང་། དེའི་ཚད་མ་སྔར་མ་རྟོགས་པའི་དོན་ལ་མྱོང་བས་སྒྲོ༷་འདོགས་གཅོད་པ་ཞེས་འདོད་པ་ནི་འཁྲུལ་ཏེ། གཞུང་ལས་མ་བཤད་ཅིང་རྟོག་བྲལ་ལ་སྒྲོ་འདོགས་གཅོད་པ་མི་སྲིད་པས་སོ། །གཉིས་པ་ལ། མཚན་ཉིད་དང་། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། རང་ལུགས་ལ། མངོན་སུམ་ཚད་མ་ནི་མིང་ལ་བརྟེན་ནས་དོན་ཚོལ་བའི་རྟོག་པ་དང་བྲལ་ཞིང་ཡུལ་ལ་མ་


MR11_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་བ་ཡིན་ནོ། །གཉིས་པ། བྲལ་བྱ་རྟོག་པ་ནི་ཀུན་རྟོག་ཙམ་དང་རྩིང་བ་ཙམ་མིན་པར་སྒྲ་དོན་འདྲེས་པར་རམ་འདྲེས་རུང་དུ་འཛིན་པ་ཡིན་ནོ། །གཉིས་པ་ལ། མདོར་བསྟན་རྒྱས་བཤད་གཉིས། དང་པོ་ལ། སྤྱིར་བསྟན་པ།བྱེ་བྲག་གི་འདོད་ཚུལ་གཉིས། དང་པོ། སྤྱིར་དབྱེ་གཞི། མངོན་སུམ་མ་འཁྲུལ་པ་དེ་ལ་དབྱེ་ན་དབང་ཡིད་རྣལ་རང་རྣམ་པ་བཞི་ཡོད་ཅིང་། དབྱེ་ཚུལ་ཡང་ཡུལ་གཞན་མཐོང་དོན་རིག་གཉིས་རང་མཐོང་རང་རིག་གཉིས་ཀ་མཐོང་བ་རྣལ་མངོན་ཡིན་པ་དང་། རྟེན་དབང་པོ་ལ་བརྟེན་པ་དོན་རིག་གཉིས། དེ་མ་ཐག་རྐྱེན་གཞན་དབང་ལ་བརྟེན་པ་རང་རིག ཏིང་འཛིན་ལ་བརྟེན་པ་རྣལ་མངོན་དང་གང་ཟག་གི་སྒོ་ནས་དབྱེ་ན་སོ་སྐྱེའི་མངོན་སུམ་དང་འཕགས་པའི་མངོན་སུམ་གཉིས་ཏེ་དེ་ལྟར་མངོན་སུམ་རྣམ་པར་དབྱེ། དེ་ཡང་གྲུབ་མཐའ་སོ་སོའི་འདོད་པ་དང་བསྟུན་ན་མངོན་སུམ་བཞི་པོ་མདོ་སྡེའི་ལུགས་ཡིན་ཏེ་དེ་དག་ཕྱི་དོན་དང་རང་རིག་གཉིས་ཀ་ཁས་ལེན་པས་སོ། །གཉིས་པ། བྱེ་བྲག་སྨྲ་བ་རང་རིག་མི་འདོད་པས་མངོན་སུམ་གསུམ་རྣམ་རིག་སྨྲ་བ་ཕྱི་དོན་མི་འདོད་པས་སྔ་མ་གསུམ་རང་རིག་ཏུ་འདུ་བས་རྣལ་རང་གཉིས་སོ། །གསུམ་པ་ལ། དབང་མངོན། ཡིད་མངོན། རང་རིག་མངོན་སུམ། རྣལ་འབྱོར་མངོན་སུམ་བཞི། དང་པོ་ལ། མཚན་ཉིད། དེ་བསྒྲུབ་པ། སྒྲ་དོན་ངེས་པ་གསུམ། དང་པོ་ལ། དགག་གཞག་གཉིས། དང་པོ། དབང་མངོན་དང་དེའི་ཚད་མ་གཉིས་སུ་ཕྱེ་ནས་མཚན་ཉིད་འཇོག་པ་སྔར་ལྟར་འཁྲུལ་ལོ། །གཉིས་པ། དེས་ན་རང་ལུགས་བདག་རྐྱེན་དབང་པོ་


MR11_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐྱེས་པའི་ཤེས་པ་རྟོག་བྲལ་མ་འཁྲུལ་པའོ། །གཉིས་པ་མཚན་ཉིད་དེ་བསྒྲུབ་པ་ལ། དབང་པོ་ལས་སྐྱེས་པར་བསྒྲུབ་པ་དང་། རྟོག་བྲལ་མ་འཁྲུལ་བར་བསྒྲུབ་པ་གཉིས། དང་པོ། དབང་པོ་དེ་ནི་དབང་ཤེས་ཡུལ་ལ་འཛིན་པའི་ནུས་པ་ཞིག་ཡིན་པར་གྲུབ་ཏེ་མེ་དུ་བཞིན་དུ། ཡུལ་མཐོང་གི་ཤེས་པ་དེ་དབང་པོ་དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་ངེས་པས་དེ་ལྟར་འགྲུབ་བོ། །གཉིས་པ། རང་ཡུལ་མ་འདྲེས་པ་སོ་སོའི་ཆ་ནས་གསལ་བར་སྣང་བས་རྟོག་མེད་འགྲུབ་སྟེ། རྟོག་པ་ཡིན་ན་ཆ་སོ་སོ་ནས་གསལ་བར་མི་སྣང་བར་རྟོག་ངོར་གཅིག་ཏུ་བསྲེས་ཏེ་ཐ་སྙད་གྲུབ་པའི་ཕྱིར་རོ། །ཡུལ་གྱི་རང་མཚན་ཇི་ལྟ་བ་འཛིན་ཕྱིར་འཁྲུལ་བ་མེད་དོ། །གསུམ་པ། སྒྲ་དོན་ལ་ཤེས་པའི་རྒྱུར་ཡུལ་དང་ཡིད་བྱེད་གཉིས་ཀྱང་ཚོགས་དགོས་ན་ཡུལ་ཤེས་སོགས་མི་ཟེར་བར་དབང་ཤེས་ཞེས་ཁོ་ན་ཅི་ཕྱིར་བརྗོད་སྙམ་ན། ཡུལ་ཡིད་བྱེད་དེ་གཉིས་ཤེས་པ་གཞན་གྱིའང་རྒྱུ་ཡིན་ལ། དབང་པོ་ནི་དབང་ཤེས་དེའི་ཐུན་མོང་མིན་པའི་རྒྱུའི་ཕྱིར། དབང་ཤེས་ཞེས་བརྗོད་པ་ཡིན་ཏེརྔ་སྒྲ་ལ་དབྱུག་གུ་སོགས་དགོས་ཀྱང་ཐུན་མིན་གྱི་རྒྱུ་རྔ་ཡི་སྒྲ་ཞེས་བརྗོད་པ་བཞིན་ནོ། །གཉིས་པ་ཡིད་མངོན་ལ། ངོ་བོ་ངོས་གཟུང་། རང་བཞིན་གཏན་ལ་དབབ། དེ་ལ་རྩོད་པ་སྤང་བ་གསུམ། དང་པོ་ལ། ཡིད་ངོས་གཟུང་བ་དང་། དེ་ཡི་མངོན་སུམ་གྱི་མཚན་ཉིད་གཉིས། དང་པོ།ཐོག་མར་ཡིད་ནི་ཡུལ་དང་དབང་ཤེས་རྣམ་པ་གཉིས་ཀྱི་འགག་པ་དེ་མ་ཐག་ལས་སྐྱེས་པ་ཡིད་དབང་ཡིན་ལ། གཉིས་པ། ཡིད་དབང་དེ་ལ་བརྟེན་ནས་སྐྱེས་པའི་རྟོག་བྲལ་མ་འཁྲུལ་བའི་ཤེས་པ་ནི་ཡིད་ཀྱི་མངོན་སུམ་ཡིན་ནོ། །གཉིས་པ་དེའི་


MR11_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གཏན་ལ་དབབ་པ་ལ། སྐྱེ་བའི་ཚུལ། མངོན་སུམ་ཚད་མར་འགྱུར་བའི་འཐད་པ། སྐྱེ་བའི་གནས་སྐབས་ལ་དཔྱད་པ་གསུམ། དང་པོ། དཔེར་ན་ཤེལ་གྱི་སྒོ་ལྔ་བའི་ཁང་པའི་དབུས་ན་ནོར་བུ་བཞག་པ་ལ་སྒོ་སོ་སོ་ནས་མདོག་ལྔའི་དར་བཞག་པས་དེའི་གཟུགས་བརྙན་ནོར་བུ་ལ་འཕོས་པ་བཞིན་དུ་དུས་ཅིག་ཆར་དབང་ལྔའི་རྗེས་སུ་ཡིད་མངོན་ལྔ་སྐྱེ་བས་ཡིད་ཀྱི་མངོན་སུམ་དུ་མ་སྐྱེ་ན་ཡང་གང་ཟག་རྒྱུད་དུ་མར་མི་འགྱུར་ཏེ་ཁ་ཕྱིར་བལྟའི་དབང་ཤེས་དུ་མ་ཅིག་ཆར་སྐྱེ་ཡང་རྒྱུད་དུ་མར་མི་འགྱུར་པ་བཞིན་དུ་ཁ་ནང་བལྟ་ལ་རང་རིག་གཅིག་གིས་བསྡུས་པའི་ཕྱིར་རོ། །གཉིས་པ་ལ། ཚད་མ་ཡིན་ཚུལ་དང་། ངེས་པ་མེད་ཚུལ་གཉིས། དང་པོ། དོན་བདེན་པ་ལ་འཁྲུལ་བ་མེད་ཕྱིར་ཚད་མ་ཡིན་ནོ། །གཉིས་པ་ལ། མདོར་བསྟན།དེའི་དོན་བཤད་པ་གཉིས། དང་པོ། ཡིད་དབང་ལ་རྒྱུན་མེད་པའི་ཕྱིར་ན་རང་སྟོབས་ཀྱིས་ངེས་མི་ནུས་སོ། །གཉིས་པ། མི་ནུས་པའི་རྒྱུ་མཚན་ཡང་། དབང་པོ་གཟུགས་ཅན་སྐད་ཅིག་སྔ་མ་ལས་དབང་པོ་ཕྱི་མ་སྐྱེ་བ་དེས་ན་དབང་ཤེས་ནི་རིགས་འདྲ་སྐྱེ་བ་བར་མ་ཆད་པའི་རྒྱུན་བཅས་ཡིན་ལ། ཡིད་དབང་ལས་ནི་ཡིད་དབང་སྐྱེ་བ་མིན་ཏེ་དབང་པོ་སྔ་མ་འགགས་ཙམ་ལས་སྐྱེ་བས་སོ། །དེ་ཡི་ཕྱིར་ན་ཡིད་དབང་དེ་ལ་རྒྱུན་མེད་དོ། །ཞེས་འཇིག་རྟེན་པའི་བུམ་སོགས་དང་བདེ་སོགས་ཕྱི་ནང་གི་ཆོས་ལ་མངོན་སུམ་ཟེར་ཚད།དོན་རིག་དང་རང་རིག་ཁོ་ནས་བྱེད་པས་ཡིད་རང་གི་ངོས་སྐལ་གྱི་མངོན་སུམ་ཚད་མས་ངེས་ཞེས་མིང་མི་ཐོབ་སྟེ། སྐྱེས་བུས་ཤིང་བཅད་ཀྱང་སཏྭ་རེས་བཅད་ཞེས་པ་དང་འདྲ་ལ། དེའི་རྒྱུ་མཚན་ཡིད་དེ་གཞན་ལ་མ་ལྟོས་པར་རང་དབང་གི་རྒྱུན་མེད་


MR11_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནད་ཀྱིས་ཡིན་ནོ། །འདི་ལ་སོགས་པ་པཎ་ཆེན་གྱི་དགོངས་པ་གནད་སློང་བ་མང་ཞིག་ཡོད་པ་ཡིག་འཇོག་གཞན་ན་འདི་འདྲ་བ་ཡོད་མེད་བལྟས་པས་གསལ་ལོ། །གསུམ་པ་གནས་སྐབས་ལ། དགག་གཞག་སྤང་གསུམ། དང་པོ། དབང་མངོན་སྐད་ཅིག་མའི་རྗེས་ཡིད་མངོན་དེ་དེ་གཉིས་སྤེ༷ལ་མ་ཉིད་དུ་སྐྱེ་བ་དང་ནི་དབང་མངོན་རྫོགས་པའི་རྒྱུན་གྱི་མཐའ་རུ་སྐྱེ་བར་འདོད་པ་གཉིས་ཀ་ལ་ཡང་གནོད་བྱེད་ཡོད་དེ་སྤེལ་མར་སྐྱེ་ན་གཉིས་ཀ་རྒྱུན་མེད་པར་འདྲ་བས་དབང་མངོན་རང་སྟོབས་ཀྱིས་ངེས་པ་དང་། ཡིད་མངོན་རང་སྟོབས་ཀྱིས་མི་ངེས་པ་མི་འཐད་པ་དང་། རྒྱུན་མཐར་སྐྱེ་ན་དབང་མངོན་སྐད་ཅིག་དང་པོ་དང་ཕྱི་མ་སོགས་ལ་ཡིད་མངོན་སྐྱེ་བའི་རྒྱུ་ཚང་མ་ཚང་ལ་ཁྱད་མེད་བཞིན་སྔར་མི་སྐྱེ་ལ་ཕྱིས་སྐྱེ་བ་མི་འཐད་པས་སོ། །དེས་ན་དབང་པོ་ལས་བྱུང་བའི་ཤེས་པ་སྐད་ཅིག་དང་པོ་དེ་དབང་ཤེས་སྐད་ཅིག་གཉིས་པ་ཉིད་ཀྱི་རྒྱུ་ཡིན་ཞིང་དེ་དག་ཡིད་ཀྱི་ལྷན་ཅིག་བྱེད་པའི་རྐྱེན་དུ་འགྱུར་ཏེ་དབང་ཤེས་སྐད་ཅིག་གཉིས་པར་ཡིད་དབང་ལོགས་སུ་སྐྱེ་ཞིང་ཁ་ཕྱིར་བལྟ་དོན་རིག་གཉིས་པོ་ནང་དུ་རང་རིག་གཅིག་ཡིན་པའི་ཕྱིར་རྒྱུད་གཞན་མེད་དོ། །གཉིས་པ། དེས་ན་མངོན་སུམ་འགྲོས་གསུམ་པ་འདི་ཁོ་ན་འཐད་པ་ཡིན་ནོ། །གསུམ་པ། ཡིད་མངོན་དེས་དབང་མངོན་གྱི་ཡུལ་ལས་གཞན་པའི་རིགས་འདྲ་དེ་མ་ཐག་པ་འཛིན་པས་བཅད་ཤེས་སུ་མི་འགྱུར་བ་དང་ཡིད་མངོན་དེ་སྐྱེ་བ་དབང་པོ་ཡི་མངོན་སུམ་ལ་ལྟོས་ཕྱིར་ལོང་བས་མཐོང་བར་ཐལ་བ་མེད་པས་ན་ལུགས་འདི་ལ་དབང་པོས་གཟུང་ཡུལ་དེ་ཡིད་ཀྱིས་འཛིན་ནམ་མི་འཛིན་ཞེས་པའི་སྐྱོན་གཉིས་མེད་དོ། །གསུམ་པ་


MR11_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

རང་རིག་མངོན་སུམ་ལ། མཚན་ཉིད་དང་། རྩོད་སྤང་གཉིས། དང་པོ། ཤེས་པ་རང་གི་ངོ་བོ་ལ་མ་འཁྲུལ་བའི་རིག་པ་ནི་རང་རིག་མངོན་སུམ་གྱི་མཚན་ཉིད་ཡིན་པར་མཁས་རྣམས་བཞེད་དོ། །གཉིས་པ། ཁ་ཅིག་རང་གིས་རང་རིག་ན་རང་ལས་རང་སྐྱེ་བར་ཡང་ཐལ་ཞེ་ན། རང་སྐྱེ་ནི་སྔོན་མེད་ཞིག་སྐྱེ་བ་ཡིན་པས་རྒྱུ་འབྲས་ཐ་དད་མེད་ན་མི་འཐད་ཀྱང་། རང་རིག་ནི་རིག་བྱ་རིག་བྱེད་དུ་ཕྱེ་ནས་རང་རིག་པ་མིན་གྱི་རང་གི་ངོ་བོ་བེམ་པོ་ལས་བཟློ༷ག་ཙམ་གྱི་མྱོང་བ་གསལ་རིག་གི་ངོ་བོར་སྐྱེས་པ་ལ་རང་རིག་ཅེས་ཐ་སྙད་བཏགས་པ་ཡིན་པ་དེས་ན་རང་རིག་རང་སྐྱེ་གཉིས་མཚུངས་པའི་གོ་སྐབས་ཡོད་མ་ཡིན། བཞི་པ་རྣལ་མངོན་ལ། རང་བཞིན་ངོས་གཟུང་། ཡུལ་ལ་ཚད་མར་འགྱུར་ཚུལ། དེ་སྒྲུབ་བྱེད་ཀྱི་ཚད་མ་གསུམ། དང་པོ་ལ། མཚན་ཉིད། དབྱེ་བ། རྒྱུ་བསམ་པ་གསུམ། དང་པོ་ལ། དགག་གཞག་གཉིས། དང་པོ། བོད་རྣམས་རྣལ་འབྱོར་མངོན་སུམ་དངདེའི་ཚད་མ་ཐ་དད་དུ་ཕྱེ་ནས་མཚན་ཉིད་འཇོག་པ་འཁྲུལ་བ་ཡིན་ནོ། །གཉིས་པ་རང་ལུགས། བསྒོམ་པ་ལ་བརྟེན་ནས་བྱུང་པའི་རྟོག་བྲལ་འཁྲུལ་མེད་ཀྱི་ཤེས་པ་རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད་སྟེ། བསྒོམས་སྟོབས་ལས་སྐྱེས་ཀྱང་ཡུལ་ལ་མི་གནས་པ་མི་སྡུག་པའི་ཡིད་ངོར་ཀེང་རུས་སྣང་བ་སོགས་འཁྲུལ་པ་ཅན་རྣམས་རྣལ་མངོན་ལྟར་སྣང་བ་ཡིན་ནོ། །གཉིས་པ།དབྱེ་བ་ལ། རྟེན་གྱི་དབྱེ་བ་དང་། ངོ་བོའི་དབྱེ་བ་གཉིས། དང་པོ། ཉན་རང་ཐེག་ཆེན་འཕགས་པ་གསུམ་གྱི་མངོན་སུམ་གསུམ། དེ་ལ་རང་རྒྱལ་སློབ་པ་ལོགས་སུ་མ་བརྩིས་པའི་སློབ་དང་མི་སློབ་སྒོ་ནས་ལྔ། གཉིས་པ། ལྔ་པོ་དེ་དག་ལ་རྗེས་ཐོབ་སྟོང་


MR11_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མཐོང་བ་སོགས་སྣང་བཅས་ཀྱི་མངོན་སུམ་དང་མཉམ་བཞག་སྣང་མེད་ཀྱི་དབྱེ་བས་གཉིས་གཉིས་ཏེ་བསྡོམས་པས་རྣམ་པ་བཅུ་ཡིན་ནོ། །གསུམ་པ་ཡེ་ཤེས་གཉིས་ཀྱི་རྒྱུ་ལ། རྒྱུ་གང་ཡིན། དུས་ནམ་མཐར་ཕྱིན། ཐབས་ལ་ལྟོས་པའི་འབྲས་བུའི་ཁྱད་པར་བསམ་པ་གསུམ། དང་པོ། རྣལ་མངོན་དེའི་རྒྱུ་ནི་བསམ་གཏན་སྙིང་རྗེ་སོགས་ཐབས་དང་བདག་མེད་པའི་ཤེས་རབ་ལེགས་པར་སྦྱངས་པ་གང་ཞིག་དེ་གཉིས་ཕན་ཚུན་རྒྱུ་དང་རྐྱེན་གྱུར་པས་ཤེས་རབ་ཀྱིས་རྒྱུ་ཐབས་རྐྱེན་གྱིས་ཇི་ལྟ་བ་དང་ཐབས་ཀྱིས་རྒྱུ་ཤེས་རབ་ཀྱིས་རྐྱེན་ལྡན་པའི་ཇི་སྙེད་པའི་ཡི་ཤེས་ཀྱི་གཟིགས་པ་རྣམ་པར་དག་པར་འགྲུབ་པར་འགྱུར་བ་ཡིན་ནོ། །གཉིས་པ། ཡེ་ཤེས་དེ་ནམ་མཐར་ཕྱིན་པའི་དུས་ནི་ཚེ་གསུམ་གྱི་ཚོགས་གཉིས་ཉི་ཚེ་བ་ལ་འབད་པས་ཉན་ཐོས་ཀྱི་འབྲས་བུ་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་དང་བསྐལ་པ་བརྒྱ་ཡིས་བསེ་རུ་ལྟ་བུའི་ཡེ་ཤེས་དང་ནི་བསྐལ་ཆེན་གྲངས་མེད་གསུམ་གྱིས་སྒྲིབ་གཉིས་སྤང་བ་སངས་རྒྱས་ཀྱིས་ཡེ་ཤེས་དེ་མཐར་ཕྱིན་པའོ། །གསུམ་པ། དེས་ན་ཐབས་ལ་ལྟོས་པའི་འབྲས་བུ་ཡང་གང་ཟག་གི་བདག་མེད་ཙམ་གཙོ་བོར་བྱས་ནས་ཐབས་སྣ་ཚོགས་ལ་གོམས་པ་ཞན་པས་ན་ཉན་རང་གི་རྣམ་གྲོལ་གཉིས་ནི། ད་རུང་བག་ཆགས་བཅས་ཕྱིར་སྤངས་རྟོགས་མཐར་ཕྱིན་ནས་དེ་ཁོ་ན་ཉིད་མཁྱེན་པའི་སྟོན་པ་མིན། ཤེས་རབ་སྦྱངས་ཤིང་ཐབས་ལ་གོམས་པ་མཐར་ཕྱིན་པས་སངས་རྒྱས་ཀྱི་རྣལ་མངོན་གྱིས་ཤེས་བྱའི་དངོས་ཀུན་གསལ་ཞིང་ཡེ་ཤེས་དེ་ནི་བག་ཆགས་ཀྱི་སྒྲིབ་པ་ཕྲ་མོ་ཡང་སྤངས་ཕྱིར་རྣམ་པ་ཐམས་ཅད་ཀུན་མཁྱེན་པའི་སྟོན་པ་མཐར་ཐུག་གམ་མཚན་ཉིད་པ་ཡིན་ནོ། །གཉིས་པ་ཡུལ་ལ་ཚད་མར་


MR11_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཚུལ་ལ། རྣལ་མངོན་ཐམས་ཅད་ཚད་མར་བསྒྲུབ། ཚད་མ་དེས་འཇུག་ལྡོག་བྱེད་ཚུལ། དུས་གསུམ་མཁྱེན་པའི་ཡེ་ཤེས་ལ་དཔྱད་པ་གསུམ། དང་པོ། བཅད་ཤེས་དང་ནི་ངེས་པ་གཉིས་རྟོག་པ་ཡིན་ཕྱིར་མངོན་སུམ་ཚད་མ་མིན། དེས་ན་རྟོག་བྲལ་གྱི་ཤེས་པ་གསལ་ལ་མ་འདྲེས་པ་རྣལ་འབྱོར་མངོན་སུམ་ཀུན། མངོན་སུམ་ཡིན་ཕྱིར་ཡུལ་ལ་མ་འཁྲུལ་བའི་ཚད་མར་གྲུབ་པ་ཡིན་ནོ། །གཉིས་པ། འཛིན་པས་བསླད་པ་ཚུར་མཐོང་གི་སོ་སོ་སྐྱེ་བོའི་ཚད་མ་ནི་མཐོང་མྱོང་མཚམས་སྦྱོར་བའི་དྲན་པས་སོ་སོར་ངེས་པ་ཉིད་ལས་འཇུག་ལྡོག་བྱེད་དེ་ཚད་མ་རྐྱང་པས་མིན་ནོ། །འཕགས་པ་རྟོག་པའི་བག་ཆགས་མ་སྤང་པ་རྣམས་རང་བཞིན་དུ་གནས་པ་ན་འཇིག་རྟེན་པ་དང་འདྲ་ན་མཉམ་པར་བཞག་ན་ཏིང་འཛིན་གྱིས་བྱེད་དོ། །འཕགས་པ་རྟོག་པ་ཡི་བག་ཆགས་དང་བྲལ་བ་དག་ལ་གནས་པ་རྣམས་ནི་ངེས་ཤེས་ཀྱིས་མིན་ཞིང་འདི་བྱེད་འདི་མི་བྱེད་སྙམ་པ་སོགས་རྟོག་པ་མེད་ཀྱང་གདུལ་བྱ་འདུལ་བའི་དུས་ལས་མི་ཡོལ་བར་འཇུག །དུས་མིན་དུ་ལྡོག་པ་སོགས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་སོགས་ལས་འཇུག་ལྡོག་བྱེད་པར་གསུངས་སོ། །གསུམ་པ། གཉིད་ཀྱིས་བསླད་པའི་སེམས་ཀྱིས་སད་པའི་བློ་དཔག་མི་ནུས་ན་ཚུར་མཐོང་གིས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཅན། སངས་རྒྱས་དེ་ཡི་དུས་གསུམ་མཁྱེན་ཚུལ་སོགས་ཀྱི་མཁྱེན་པ་འདི་ལྟ་བུའོ་ཞེས་དཔག་མི་ནུས་ཀྱང་དེ་ཡོད་པ་ཙམ་དཔག་གོ། གསུམ་པ་རྣལ་འབྱོར་མངོན་སུམ་སྒྲུབ་བྱེད་ཀྱི་ཚད་མ་ལ། ངོ་བོ་བསྒྲུབ་པ། མཚན་ཉིད་བསྒྲུབ་པ། གྲུབ་དོན་ལ་མི་འཐད་པ་སྤང་བ་གསུམ། དང་པོ་ལ། འདས་པ་དང་། མ་འོངས་འབྱུང་རུང་སྒྲུབ་པ་གཉིས། དང་


MR11_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

པོ། ཇི་ལྟར་དཔག་ན་དེས་བཤད་པའི་ཚིག་གིས་ཁྱད་པར་ཏེ་དཔྱད་གསུམ་གྱི་དག་པར་ངེས་གྱུར་ན་དེའི་རྒྱུ་ཡུལ་ལ་མ་འཁྲུལ་བའི་ཡེ་ཤེས་རྣལ་མངོན་མཐར་ཕྱིན་པ་ཞིག་སྔོན་སྐྱེས་ཟིན་པའམ་བྱུང་བ་ཡང་དཔག་པར་ནུས་སོ། །གཉིས་པ་ལ། རྟགས་དགོད་པ་དང་། རྟགས་དེའི་ཚུལ་བསྒྲུབ་པ་གཉིས། དང་པོ། མ་འོངས་ན་འབྱུང་རུང་བ་ཡང་། སྟོང་ཉིད་སོགས་ལ་གོམས་པ་རྫོགས་ནས་ཡུལ་དེ་ལ་གསལ་པ་རབ་ཀྱི་མཐར་ཐུག་པའི་རྣལ་མངོན་འགྲུབ་སྟེ་འདོད་འཇིགས་སོགས་གོམས་པ་བཞིན་ནོ། །དེ་ལ་གོམས་པ་སོགས་ཀྱང་རྒྱུད་མི་འགྲུབ་པ་སོགས་གནོད་པའི་མཐའ་གཞན་བཀག་པའི་ངེས་པས་འགྲུབ་པ་ཡིན་ནོ། །གཉིས་པ་ལ། དགག་གཞག་གཉིས། དང་པོ་ལ། གཞན་ལུགས་བརྗོད། དེ་མི་འཐད་པར་བསྟན་པ་གཉིས། དང་པོ། དེ་ལ་གོམས་པ་རྟེན་བརྟེན་པར་སྒྲུབ་པ་འདི་ལ། ཁ་ཅིག་ཤེས་པ་སྔ་མ་རྟེན་ཉིད་ཕྱི་མས་བརྟེན་པ། སྒྲུབ་ཚུལ་རིག་པའི་ཡ་མཐའ་ཐོག་མ་ཐུག་མེད་དང་མ་མཐའ་ཐུག་མེད་རྣམ་པ་གཉིས། དཔེར་ན་དུ་བའི་སྔོན་དུ་མེ་དང་སྒྲོན་མ་དང་པོས་འོད་འབྱིན་པ་བཞིན་ཕྱི་མ་རྣམས་ཀྱང་དེ་འདྲ་བ་ཉིད་དཔེར་བྱས་ནས། ད་ལྟའི་རིག་པ་རྒྱུ་འབྲས་ཡོད་པར་དངོས་སུ་གྲུབ་པས་དེའི་བྱེ་བྲག་ཤུགས་ལ་གྲུབ་སྟེ་སྔ་ཕྱི་ཐུག་མེད་དུ་ཡོད་པར་རང་རིག་མངོན་སུམ་ཉིད་ཀྱིས་འགྲུབ་ཅེས་ཟེར་རོ། །གཉིས་པ། སེམས་སྔ་ཕྱི་ཐུག་མེད་རང་རིག་གིས་མི་འགྲུབ་སྟེ་ད་ལྟ་རྒྱུ་འབྲས་ཡོད་ཀྱང་སེམས་མི་མཐུན་ཕྱོགས་གཞན་ལས་སྐྱེ་བར་མི་ཁེག་པ་དང་། རིག་པ་རྒྱུན་ཆད་པར་དོགས་པའི་ཕྱིར་རོ། དུ་བ་མེ་ལས་བྱུང་ཡང་གཙུབ་ཤིང་ཅན་ཐུག་བཅས་ལྟ་བུའི་མེ་དང་སྒྲོ༷ན་མ་འོད་འབྱིན་ཡང་རྣལ་ཁ་མ་རྒྱུན་ཆད་


MR11_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རུང་བས་དེ་གཉིས་དཔེར་མི་རུང་ངོ་། །གཉིས་པ་རང་ལུགས་ལ། སྔོན་མཐའ་ཐུག་མེད་དང་། ཕྱི་མཐའ་ཐུག་མེད་དུ་བསྒྲུབ་པ་གཉིས། དང་པོ། སེམས་ཀྱི་ཉེར་ལེན་ནི་སེམས་རང་ཉིད་ལས་གཞན་ལ་ལྟོས་པ་མེད་དེ་རྒྱུ་གཞན་གྱི་དེ་གསར་དུ་མི་སྐྱེད་པ་ཉིད་ཀྱི་རྟགས་ཀྱིས་སྔོན་མཐའ་ཐུག་མེད་འགྲུབ་བོ། །གཉིས་པ་ལ། བདག་འཛིན་དང་བཅས་པ་དང་། བདག་འཛིན་མེད་པའི་གསལ་བ་ཐུག་མེད་དུ་སྒྲུབ་པ་གཉིས། དང་པོ་ལ། རྩ་བའི་རྟགས་འགོད། དེའི་ཚུལ་བསྒྲུབ། དེ་ལ་རྩོད་སྤང་གསུམ། དང་པོ། འཆི་སེམས་ཀྱིས་སེམས་ཕྱི་མ་སྐྱེད་ངེས་ཡིན་ཏེ། རྒྱུ་རྨོངས་པ་དང་ལས་ཉོན་ཚོགས་པ་ཚང་ཞིང་གེགས་བདག་མེད་སོགས་མེད་པའི་རྟགས་ཀྱིས་ཕྱི་མཐའ་ཐུག་མེད་འགྲུབ་བོ། །གཉིས་པ་ལ། ཕྱོགས་ཆོས་དང་། ཁྱབ་པ་བསྒྲུབ་པ་གཉིས། དང་པོ་ལ། དགག་གཞག་སྤང་གསུམ། དང་པོ་ལ། གཞན་ལུགས་བརྗོད། དེ་དགག་པ་གཉིས། དང་པོ། དེ་ལ་འཁོར་བར་སྐྱེ་རྒྱུ་གང་ཡིན་སྙམ་ན་ཕྱི་རོལ་པ་ཁ་ཅིག་ན་རེ། ལས་དང་ལུས་དང་སེམས་གསུམ་པོ་ཚོགས་པ་འཁོར་བའི་རྒྱུ་ཡིན་པས་གང་རུང་མ་ཚང་ན་མི་སྐྱེ་སྟེ་ཆུ་ལུད་མེད་པའི་ས་བོན་བཞིན་དེས་ན་ལུས་དང་ལས་གཉིས་པོ་རེ་རེ་ནས་བཀག་པའམ་སྤང་ཕྱིར་དཀའ་བ་སྤྱོད་དོ་ཞེས་ཟེར་རོ། །གཉིས་པ། དེ་མི་འཐད་དེ་ལས་སྤང་བར་མི་ནུས་ཏེ་མཐའ་ཡས་པའི་ཕྱིར་རོ། །བདག་སྲེད་མ་སྤང་ན་དེ་གཉིས་སྤངས་ཀྱང་སླར་སྐྱེ་བས་མི་ཕན་པའི་ཕྱིར་དང་། བདག་སྲེད་སྤང་ན་བུད་ཤིང་ཟད་པའི་མེ་ལྟར་དེ་གཉིས་ལོགས་སུ་སྤང་པའི་དཀའ་ཐུབ་མི་དགོས་པས་དཀའ་ཐུབ་སོགས་ལས་འཛད་པ་དང་མེ་ལྔ་སོགས་ལུས་འཛད་པར་རྩོམ་པ་


MR11_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཐར་པའི་ལམ་མ་ཡིན་ནོ། །གཉིས་པ་རང་ལུགས་ལ། འཁོར་བའི་རྒྱུ་ངོས་གཟུང་། དེའི་གཉེན་པོ་བཤད་པ་གཉིས། དང་པོ་ལ། སྤྱིར་སྲིད་པའི་རྒྱུ་དང་། བྱེ་བྲག་དབང་ཤེས་སྐྱེ་བའི་རྒྱུ་གཉིས། དང་པོ། འཁོར་བར་སྐྱེ་བའི་རྒྱུ་ནི་བདག་ཏུ་རྨོངས་པའི་མ་རིག་པ་ཡིན་ལ་དེ་ལས་ཀྱང་། ཆགས་སྡང་སོགས་ཉོན་མོངས་དང་དེ་ལས་དཀར་ནག་སོགས་ཀྱི་ལས་དང་ལས་ལས་མཐོ་རིས་དང་ངན་སོང་གི་འཁོར་བ་སྟེ་གཞི་བདུན་པོ་འབྱུང་ཞིང་། གཉིས་པ། ནང་གི་སྐྱེ་མཆེད་དྲུག་པོ་འདི་ལས་ཕྱི་མའི་སྐྱེ་མཆེད་གཞན་གྲུབ་སྟེ། དབང་ཤེས་ཕན་ཚུན་རྒྱུ་རྐྱེན་དུ་སྦྱར་ནས་སོ། །སྐྱེ་མཆེད་དེ་ཡི་བཟང་ངན་སྣ་ཚོགས་པ་ནི་ལས་ཀྱིས་བྱེད་དོ། །གཉིས་པ་གཉེན་པོ་ལ། ཕྱོགས་རེ་མགོ་ནོན་དང་། མཐའ་དག་དཔྱིས་འབྱིན་གྱི་གཉེན་པོ་གཉིས། དང་པོ། བྱམས་པ་དང་མི་སྡུག་བཏང་སྙོམས་སོགས་འཁོར་བའི་རྩ་བ་བདག་དང་མི་འགལ་ཕྱིར་ན་དེ་གོམས་པས་འཁོར་བའི་རྩ་བ་དྲུང་ནས་གཅོད་ནུས་པ་མིན་ནོ། །གཉིས་པ། བདག་མེད་པའི་ཤེས་རབ་ནི་བདག་དང་རྣམ་པ་ཀུན་དུ་འགལ་བས་ན། བདག་མེད་མཐོང་བས་བདག་དེ་སུན་འབྱིན་ཏེ་གནོད་བྱ་གནོད་བྱེད་ཡིན་པས་ཚ་གྲང་བཞིན་ནོ། །གསུམ་པ་རྩོད་སྤང་། དེའི་ཕྱིར་དཔེར་ན་ས་བོན་ལ་ཐོག་མ་ཡོད་པ་མིན་ན་ཡང་ས་བོན་དེ་མེས་བསྲེགས་པ་ན་དེ་ཕན་དེ་ག་རང་གི་ཕྱི་མཐའ་ཐུག་པར་མཐོང་བ་དེ་བཞིན་འཁོར་བ་འདི་ལ་ཐོག་མ་མེད་པའི་རྟེན་བརྟེན་ཀྱང་བདག་མེད་མཐོང་ན་འཁོར་བའི་ཕྱི་མཐའ་འགྲུབ་སྟེ་དེ་ཕན་ཆད་མི་སྐྱེའོ། །གཉིས་པ་བདག་འཛིན་མེད་པའི་གསལ་བ་ཐུག་མེད་དུ་བསྒྲུབ་པ་ནི།


MR11_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་མྱ་ངན་ལས་འདས་ཚེ་སེམས་ཀྱང་རྒྱུན་ཆད་དོ་སྙམ་ན་མིན་ཏེ་སེམས་གསལ་བ་ཙམ་སྐྱེད་པ་ལ་སེམས་ལས་གཞན་གློ་བུར་གྱི་དྲི་མ་མི་དགོས་པས་རྒྱུ་ཚང་ཞིང་བདག་འཛིན་གྱི་གེགས་བདག་མེད་ལྟ་བུ་གེགས་གཞན་མེད་པའི་ཕྱིར་ན་འབྲས་བུ་ཕྱི་མ་རྒྱུན་མི་ཆད་པར་བསྐྱེད་པར་ངེས་དེའི་ཁྱབ་པ་སྒྲུབ་པ་ལ་འཇིགས་པ་དང་འདོད་པ་སོགས་གོམས་པ་ལས་གསལ་སྣང་སྐྱེ་བར་མངོན་སུམ་གྲུབ་པས་དང་། གཉིས་པ་མཚན་ཉིད་སྒྲུབ་པ། རྣལ་མངོན་དེ་གཟུང་འཛིན་གཉིས་ཀྱི་རྟོག་པ་མེད་ཕྱིར་འཁྲུལ་མེད་འགྲུབ་བོ། །གསུམ་པ་གྲུབ་དོན་ལ་མི་འཐད་པ་སྤང་བ་ལ། སྤང་བ་དང་། ཡེ་ཤེས་ཕུན་ཚོགས་ལ་རྩོད་པ་སྤང་བ་གཉིས། དང་པོ་ལ། ཕྱོགས་སྔ་དང་། ལན་གཉིས། དང་པོ། མུ་སྟེགས་ཁ་ཅིག་དྲི་མ་སེམས་ཀྱི་རང་བཞིན་ཡིན་པས་སྤང་མི་ནུས་པ་དང་ནུས་ཀྱང་སོ་སྐྱེས་སྤང་ཐབས་མི་ཤེས་པ་དང་། ཤེས་ནས་སྤངས་ཀྱང་ལུས་ཀྱི་དྲི་མ་ལྟར་སླར་འགྱུར་ནས་མི་བརྟན་པའི་ཕྱིར་ན། དྲི་མ་སྤངས་པའི་གྲོལ་བ་གཏན་དུ་བ་མེད་ཅེ་ན། གཉིས་པ། དྲི་མ་སེམས་ཀྱི་རང་བཞིན་མིན་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་པའི་ཕྱིར་སྤོང་བའི་ཐབས་བདག་མེད་ཤེས་པ་ཡོད་པའི་ཕྱིར། རྒྱུ་སྤོང་བས་བུད་ཤིང་ཟད་པའི་མེ་ལྟར་སླར་མི་ལྡོག་པའི་ཕྱིར་ན་རྣམ་གྲོལ་འཐད་དོ། །གཉིས་པ་ལ། གོམས་པ་མི་འཐད་པ་དང་གོམས་ཀྱང་ཐམས་ཅད་མཁྱེན་པ་མི་སྲིད་པ་སྤང་བ་གཉིས། དང་པོ་ལ། རྩོད་པ་དང་། ལན་གཉིས། དང་པོ། མུ་སྟེགས་ཁ་ཅིག་ན་རེ་མཆོངས་པ་ཇི་ལྟར་གོམས་ཀྱང་མཐའ་མེད་དུ་མཆོངས་མི་ནུས་པ་དང་ཆུ་ཇི་ལྟར་བསྲོས་ཀྱང་མེ་འབར་མི་སྲིད་པ་དང་གསེར་ཞུ་ཡང་མེ་


MR11_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་ན་སླར་འཁྱགས་པ་བཞིན་གྱི་དཔེས། རྟོགས་བྱའི་དོན་ལ་གོམས་པ་ཚད་མེད་པ་དེའི་ངང་དུ་འགྱུར་བ་སྲིད་པ་མིན་ཞེ་ན། གཉིས་པ། མཆོང་བ་ནི་ལུས་སྟོབས་ཐད་ཀའི་འབད་པ་ལ་ལྟོས་པའི་ཕྱིར་རྒྱུན་བར་མ་ཆད་དུ་འཕེལ་མི་ནུས་ལ་སེམས་ནི་ངང་གིས་རྒྱུན་མི་ཆད་དུ་འཕེལ་བ་ས་བོན་ལས་ས་བོན་བཞིན་ཡིན་པའི་ཕྱིར་དང་། ཆུ་བསྐོལ་ཡང་རྟེན་མི་བརྟན་པའི་ཕྱིར་མེའི་རང་བཞིན་དུ་མི་འགྱུར་ཡང་སེམས་སྔ་མའི་ནུས་པས་ཕྱི་མ་ཁྱད་པར་དུ་འཕེལ་བས་བུད་ཤིང་མེར་འགྱུར་བ་ལྟ་བུ་ཡིན་པའི་ཕྱིར་དང་། གསེར་བཞུས་པ་སླར་སྲ་བ་འབྱུང་བ་བསྐྱེད་པའི་རྒྱུ་གསེར་རང་ཡོད་པའི་ཕྱིར་དཔེར་མི་རུང་ཡང་སེམས་སླར་ལྡོག་པའི་རྒྱུ་མེད་པས་ཤིང་བསྲེགས་པ་བཞིན་ནོ། །གཉིས་པ་ལ། རྩོད་པ་དང་། ལན་གཉིས། དང་པོ། ཡང་ཁོ་ན་རེ་སྟོང་ཉིད་དང་སྙིང་རྗེ་གོམས་པ་ལས་བློ་དེ་ཉིད་དེ་ཡི་ངང་དུ་འགྱུར་བ་སྲིད་མོད། འོན་ཀྱང་ཤེས་བྱ་ཀུན་ལ་མཐའ་ནམ་ཡང་མེད་པའི་ཕྱིར་ན། དེ་སུས་ཀྱང་མི་ཤེས་ལ་གལ་ཏེ་ཤེས་ན་ཤེས་བྱ་ལ་མཐའ་ཡོད་དགོས་པས་ལོག་ཤེས་སུ་འགྱུར་བས་ན་ཀུན་མཁྱེན་བསྒྲུབ་པ་དཀའ་ཞེས་ཟེར་རོ། །གཉིས་པ་ལ། དོན་ཀུན་ཤེས་པའི་ཀུན་མཁྱེན་བསྒྲུབ་པ་དང་། དེ་ལ་དཔག་ནས་ཤེས་བྱ་ཐམས་ཅད་ཤེས་པའི་ཀུན་མཁྱེན་བསྒྲུབ་པ་གཉིས། དང་པོ་ལ། རིགས་པ་དང་། དེ་དཔེས་བསྟན་པ་གཉིས། དང་པོ། རེ་ཤིག་དང་པོར་རྣམ་གྲོལ་དོན་གཉེར་ལ་མཁོ་བའི་གཙོ་བོའི་དོན་རྒྱུ་འབྲས་བདེན་བཞིའི་འཇུག་ལྡོག་ལ་མི་སླུ་བ་དངོས་སྟོབས་ཀྱི་རིགས་པས་གྲུབ་པས་ན་ལམ་དེ་འདྲ་བ་སྟོན་པ་ཀུན་མཁྱེན་ཡིན་ཏེ་དགོས་པའི་དོན་ཀུན་མཁྱེན་པའི་ཕྱིར་ན་དཔེར་ན་སྨན་ནམ་མི་ཀུན་


MR11_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཞེས་པ་བཞིན་ནོ། །གཉིས་པ། སྐྱེས་བུའི་དགོས་པའི་དོན་ཀུན་ཤེས་པ་ལ་མཁས་པ་རྣམས་ཀྱིས་ཐམས་ཅད་མཁྱེན་པ་ཞེས་ཟེར་ཏེ་དཔེར་ན་ཐམས་ཅད་འདུས་ནས་ཆོས་ཉན་པ་ཡིན་ནོ་ཞེས་བརྗོད་པ་ལ། དགོས་མེད་བ་ལང་མེད་ཀྱང་ཆོས་ཉན་པ་པོ་ཐམས་ཅད་མ་འདུས་པའི་སྐྱོན་མ་ཡིན་པ་བཞིན་ནོ། །བར་སྐབས་ཀྱི་ཚིགས་བཅད་དོ། །གཉིས་པ་ལ། རིགས་པ་དང་། དཔེ་གཉིས། དང་པོ། ཡང་ན་གང་ཕྲ་ཞིང་ཟབ་པའི་དོན་མཁྱེན་པ་དེ་ལ་རྗེས་སུ་དཔག་པ་ཡིས་ཤེས་བྱའི་རྣམ་པ་གཞན་ཐམས་ཅད་མཁྱེན་པ་གྲུབ་པ་ཡིན་ཏེ། རྡུལ་ཕྲན་མཐོང་བའི་མིག་གིས་བུམ་པ་མཐོང་ངེས་པ་བཞིན་ནོ། །གཉིས་པ། དཔེར་ན་བསྐལ་པའི་བར་དུ་བརྗོད་རྒྱུ་ཡོད་པ་ཡང་། པྲ་སེན་དབབ་པའི་མེ་ལོང་གི་ནང་དུ་ཅིག་ཆར་འཆར་སྲིད་པ་དེ་བཞིན་ཤེས་བྱ་མཐའ་མེད་པ་ཡིན་ནའང་སངས་རྒྱས་ཀྱི་མཁྱེན་པའི་སྐད་ཅིག་གཅིག་གིས་མཁྱེན་པ་ཡིན་ནོ། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་མངོན་སུམ་ལྟར་སྣང་ལ། མཚན་ཉིད། དབྱེ་བ་གཉིས།དང་པོ། འཁྲུལ་པའི་ཤེས་པ་ཡིན་ལ་དེ་ཐམས་ཅད་ནི་མངོན་སུམ་ལྟར་སྣང་ཉིད་དུ་འདོད་དོ། །གཉིས་པ། དེ་ལ་དབྱེ་ན་རྟོག་པ་འཁྲུལ་ཤེས་དང་རྟོག་མེད་འཁྲུལ་ཤེས་གཉིས་ཡོད་ཅིང་རྟོག་མེད་ལ་ཡང་རྨི་ལམ་ལྟ་བུ་ཡིད་ཤེས་འཁྲུལ་པ་དང་ཟླ་གཉིས་ལྟ་བུ་དབང་ཤེས་འཁྲུལ་བ་གཉིས། རྟོག་པ་ནི་ཆོས་གྲགས་ཀྱིས་བཞེད་པ་ལྟར་བརྡ་རྟེན་ཅན་གྱི་རྟོག་པ། དོན་གཞན་ལ་སྒྲོ་འདོགས་པའི་རྟོག་པ། ལྐོག་ཏུ་གྱུར་བའི་དོན་ཅན་གྱི་རྟོག་པ་གསུམ་ཡིན་ལ། ཚད་མ་མདོར་དྲུག་བཤད་པ་ནི་ལོག་རྟོག་ལྡོག་ཕྱིར་གསུམ་པོ་ལས་ཕྱེ་སྟེ་


MR11_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ཡིན་ཏེ། དེ་ཡང་འཁྲུལ་ཤེས་ལ་སྨིག་རྒྱུ་ལ་ཆུར་འཛིན་ཐག་ཁྲ་ལ་སྦྲུལ་འཛིན་གྱི་བློ་ལྟ་བུ་དང་། ཀུན་རྫོབ་ཤེས་པ་བ་ལང་སྤྱི་འཛིན་གྱི་རྟོག་པ་ལྟ་བུ་དང་། རྗེས་དཔག་རྟགས་རང་ཉིད་འཛིན་པའི་སེམས་དང་། རྗེས་དཔག་ལས་བྱུང་བ་རྟགས་ཅན་རྗེས་སུ་དཔག་བྱ་འཛིན་པའི་སེམས་དང་། དྲན་པ་འདས་པའི་དོན་དང་མངོན་འདོད་མ་འོངས་པའི་དོན་འདོད་པའི་བློའོ། །དེ་ལ་རིགས་པ་ཅན་པ་དབང་ཤེས་རྟོག་བཅས་སུ་འཁྲུལ་པ་སེལ་ཆེད་དང་པོ་གཉིས་བསྟན་ལ། བར་མ་གཉིས་རྟགས་ལ་བརྟེན་པའི་དབང་དུ་བྱས་ཏེ། དེ་ཡང་དབང་ཤེས་མིན་པར་བསྒྲུབ་པའི་མཐུན་དཔེ་གྲུབ་པའི་ཆེད་དོ། །ཐ་མ་གཉིས་རྟགས་ལ་མ་བརྟེན་པའི་དབང་དུ་བྱས་པའོ། །དེ་ལ་ཀུན་རྫོབ་ཤེས་པ་བརྡ་རྟེན་ཅན་གྱི་རྟོག་པ་དང་། འཁྲུལ་ཤེས་དོན་གཞན་སྒྲོ་འདོགས་དང་། ཕྱི་མ་བཞི་ལྐོག་གྱུར་དོན་ཅན་ལས་ཕྱེ་བ་ཡིན་ནོ། །གསུམ་པ་ཚད་འབྲས་ལ།དགག་གཞག་གཉིས། དང་པོ་ལ། ཕྱི་ནང་གཉིས། དང་པོ་ལ། ལུགས་གསུམ་སོ་སོར་དོན་ལྟ་བ་སྟེ་དོན་སྣང་གི་ཤེས་པ་རྟོག་མེད་ཚད་མ་དང་དེའི་འོག་ཏུ་དོན་གྱི་ངོ་བོ་དང་ཁྱད་པར་ངེས་པ་ཡི་རྟོག་པ་འབྲས་བུ་སྟེ་དེ་ལྟར་ཚད་མ་དང་ཚད་མའི་འབྲས་བུ་འཇོག་པ་དང་། རིག་པ་ཅན་པ་དབང་དོན་ཕྲད་པ་དང་དེ་ལས་དོན་རྟོགས་པ་ཚད་མ་དང་འབྲས་བུར་འདོད། བྱེ་བྲག་པ་ཡོན་ཏན་སོགས་ཁྱད་པར་འཛིན་པ་དང་ཁྱད་པར་ཅན་གྱི་རྫས་རྟོག་པ་ཚད་མ་དང་འབྲས་བུར་དེར་སྨྲའོ། །གཉིས་པ་ལ། མི་འཐད་པའི་ཕྱོགས་དང་། འཐད་ཕྱོགས་གཉིས། དང་པོ། ཉན་ཐོས་བྱེ་སྨྲ་བ་ལ་ལ་དབང་པོ་ཉིད་ཡུལ་བཞག་འཇོག་གི་ཚད་མ་དེ་ལས་འབྱུང་བའི་ཤེས་པ་འབྲས་བུ་སྟེ་ཚད་འབྲས་དེ་ལྟར་འདོད་དོ། །གཉིས་པ་ལ། སྤྱི་བྱེ་བྲག་གཉིས། དང་པོ། དེ་རྣམས་མི་འཐད་པ་དེས་ན་རང་ལུགས་དེ་གཉིས་བསྐྱེད་བྱ་


MR11_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་བྱེད་ཀྱི་རྒྱུ་འབྲས་མིན་གྱི་རྣམ་པར་གཞག་པའི་འབྲས་བུ་དང་རྣམ་འཇོག་གི་རྒྱུ་སྟེ། དེ་ལྟ་བུའི་རྒྱུ་འབྲས་ཉིད་ལ་ཚད་མ་དང་འབྲས་བུར་བཞེད་དོ། །གཉིས་པ་ལ། མངོན་སུམ་དང་། རྗེས་དཔག་གི་ཚད་འབྲས་གཉིས། དང་པོ་ལ། རྣམ་རིག་པའི་ལུགས་དང་། དོན་རིག་པའི་ལུགས་གཉིས། དང་པོ། དེ་ལ་གཟུང་འཛིན་རིག་གསུམ་གཞལ་ཚད་འབྲས་གསུམ་བཞག་པ་ལ་རང་རིག་ཚད་འབྲས་ཡིན་པར་ནི། ཤེས་རྣམ་གཞག་པའི་རྣམ་བཅས་ཀྱི་གྲུབ་མཐའ་ཕལ་ཆེར་མཐུན་ནོ། །གཉིས་པ། །དོན་རིག་སྨྲ་བ་བྱེ་སྨྲ་སོགས་རང་རང་གི་གྲུབ་མཐའི་སྟོབས་ཀྱིས་ཚད་འབྲས་ཀྱི་རྣམ་གཞག་སོ་སོར་འཇོག་གོ། གཉིས་པ་ལ། དོན་རིག་པའི་ལུགས་དང་། རྣམ་རིག་པའི་ལུགས་གཉིས། དང་པོ། དེ་ལ་ལ་རྒྱབ་ཀྱི་མེ་ཡི་རང་མཚན་དུ་ཞེན་པའི་མེ་དེ་གཞལ་བྱ་ལ་དུ་བ་རང་མཚན་ལས་བྱུང་བ་དུ་འཛིན་གཞན་སེལ་གྱི་བློ་རྟགས་ཀྱི་ཁྱད་པར་དུ་སོང་བ་དེ་ཚད་མ་ཉིད་ཡིན་ལ་ཡུལ་རང་མཚན་དེ་རྟོགས་པ་འབྲས་བུ་ཡིན་ཞེས་མཁས་རྣམས་བཞེད་དོ། །གཉིས་པ། ཁ་ཅིག་རྣམ་རིག་པའི་ལུགས་ལ་འབྲས་རྟགས་མི་སྲིད་དེ་ལ་ལ་མེ་ཡོད་ན་ཕྱི་དོན་གྲུབ། མེད་ན་རྟགས་འཁྲུལ། ད་ལྟ་མེད་ཀྱང་ཕྱིས་ཡོད་ན་རྒྱུ་ལས་འབྲས་བུ་སྔའོ་ཟེར་ན། སྤྱི་ཁྱབ་ངེས་ཚེ་མེར་སྣང་གསལ་པོར་སད་པའི་བག་ཆགས་ཀྱི་སྙིང་པོ་ལས། དུ་བར་སྣང་བའི་བག་ཆགས་སྐྱེ་བས་དེ་གཉིས་རྒྱུ་འབྲས་སུ་གྲུབ་པ་ན་སླར་དུ་བ་མཐོང་ཚེ་ལ་རྒྱབ་ཏུ་ཕྱིན་ན་མེར་སྣང་བའི་བག་ཆགས་སད་ནུས་པར་དཔོག་པ་དེས་ན་སྐྱེས་བུ་མི་བསླུ་བ་ཡིན་ཕྱིར་སེམས་ཙམ་གྱི་ལུགས་ལའང་དེ་རྗེས་དཔག་ཡིན་ཞེས་མཁས་རྣམས་བཞེད་དོ། །ཚད་མ་རིགས་པའི་གཏེར་ལས་


MR11_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་བརྟག་པའི་རབ་ཏུ་བྱེད་པ་སྟེ་དགུ་པའོ།། །།གཉིས་པ་རྗེས་དཔག་ལ། མདོར་བསྟན། རྒྱས་བཤད། མཇུག་བསྡུ་གསུམ། དང་པོ། རྗེས་དཔག་ལ་རྣམ་པ་གཉིས་ཡོད་དོ། །གཉིས་པ་ལ། རང་དོན་དང་། གཞན་དོན་རྗེས་དཔག་གཉིས། དང་པོ་ལ། མཚན་ཉིད་དང་། དེའི་རང་བཞིན་ངེས་པར་བྱ་བ་གཉིས། དང་པོ། རང་དོན་རྗེས་དཔག་གི་མཚན་ཉིད་ནི། ཚུལ་གསུམ་རྟགས་ལས་དོན་གཞལ་བྱ་མཐོང་བ་ཡིན་ནོ། །གཉིས་པ་ལ། གང་གིས་རྟོགས་པའི་རྟགས།དེས་རྟོགས་པའི་བསྒྲུབ་བྱ་གཉིས། དང་པོ་ལ། རྟགས་ཀྱི་ལྟོས་གཞི་ངོས་གཟུང་། དེ་ལ་ལྟོས་པའི་རྟགས་ཀྱི་རབ་དབྱེ་གཉིས། དང་པོ་ལ། ཚུལ་དང་པོའི་ལྟོས་གཞི། ཁྱབ་པ་གཉིས་ཀྱི་ལྟོས་གཞི། དེ་དག་ལྟོས་གཞིར་འཇོག་པའི་འཐད་པ་གསུམ། དང་པོ་ལ། ལྟོས་གཞི་རྗེས་སུ་དཔག་བྱའི་སྒྲ་དོན་སྤྱིར་བསམ་པ། སྐབས་བབ་ཀྱི་དོན་ངེས་པར་བྱ་བ་གཉིས། དང་པོ་ལ། ཕྱོགས་ཀྱི་སྒྲ་འཇུག་ཡུལ། ཇི་ལྟར་འཇུག་པའི་ཚུལ་གཉིས། དང་པོ། དེ་ལ་ཕྱོགས་ཞེས་པའི་སྒྲ་ནི་བསྒྲུབ་བྱའི་ཆོས་དང་བསྒྲུབ་བྱ་ཆོས་ཅན་གྱི་ཚོགས་པ་བརྗོད་ལ་དངོས་མིང་དུ་འཇུག་པ་ཡིན་ནོ། །ཚོགས་དོན་དེ་ཡི་ཕྱོགས་རེས་ཟིན་པའི་ཕྱིར། ཡ་གྱལ་ཆོས་ཆོས་ཅན་གཉིས་པོ་གང་རུང་ལ་བཏགས་ནས་འཇུག་གོ། གཉིས་པ་ལ། སྒྲ་དངོས་བཏགས་ཀྱི་ཁྱད་པར་སྤྱིར་བསྟན། སྐབས་བབ་ཀྱི་དངོས་བཏགས་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། མིང་དེ་གཉིས་ཀྱི་ཁྱད་པར་ཡང་དགོས་པ་རྒྱུ་མཚན་གཞན་ལ་མི་ལྟོས་པར་བརྗོད་པར་འདོད་པས་སྔོན་སྦྱར་བ་ཡི་མིང་དེས་དོན་དེ་ཉིད་ཁོ་རང་རང་དབང་གི་རྣམ་པ་གོ་བ་དངོས་མིང་ཡིན། གཞན་ལ་གྲགས་པའི་


MR11_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

མིང་དེ་ལ་བརྟེན་ནས་རྒྱུ་མཚན་དང་དགོས་པ་འགའ་ལས་དངོས་མིང་གིས་བརྗོད་བྱ་དེ་ལས་གཞན་ཞིག་གོ་ཞིང་རྟོགས་པ་དེ་ནི་གཞན་མིང་གཞན་ལ་སྦྱར་བའི་བཏགས་པའི་མིང་དུ་འདོད་དོ། །གཉིས་པ་ལ།དངོས་ཀྱི་མིང་དུ་འཇུག་ཚུལ་དང་། བཏགས་མིང་དུ་འཇུག་ཚུལ་གཉིས། དང་པོ། ཚོགས་དོན་བསྒྲུབ་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཤེས་འདོད་ཆོས་ཅན་ལ་ནི་ཕྱོགས་ཀྱི་སྒྲ་མཁས་པ་རྣམས་ལ་མུ་སྟེགས་ཚུན་ཆད་ཁྱད་མེད་པར་གདོད་ནས་གྲུབ་པས་མི་འཁྲུལ་ལོ། །གཉིས་པ་ལ། འདོགས་པའི་རྒྱུ་མཚན། དགོས་པ། དངོས་ལ་གནོད་བྱེད་གསུམ། དང་པོ། བཏགས་པ་ལ་ནི་འདྲ་བ་རྒྱུ་མཚན་དུ་བྱས་པ་དང་། འབྲེལ་བའི་རྒྱུ་མཚན་གཞན་ལ་ལྟོས་པ་ཡིན་ནོ། །གཉིས་པ་ལ། དངོས་དང་། དེ་ལ་མི་འཐད་པ་སྤང་པ་གཉིས། དང་པོ་ལ། ཆོས་ལ་ཕྱོགས་སུ་བཏགས་པའི་དགོས་པ་དང་། ཆོས་ཅན་ལ་བཏགས་པའི་དགོས་པ་གཉིས། དང་པོ། དགོས་པ་མེད་པར་བཏགས་པར་མི་བྱ་བས་ཅི་ཕྱིར་བཏགས་ན་ཆོས་རྐྱང་པ་ལ་ཕྱོགས་ཞེས་བསྒྲུབ་བྱར་མིང་བཏགས་པ་དེ་ནི་གཏན་ཚིགས་ཆོས་ཀྱི་རྗེས་འགྲོ་བ་ཞེས་བརྗོད་ན་འགལ་བའི་ཆོས་ལ་ཡང་རྗེས་འགྲོ་ཡོད་དམ་སྙམ་པའི་འགལ་བའི་གཏན་ཚིགས་ཀྱང་རྟགས་ཡང་དག་ཏུ་ལོག་པར་རྟོག་པ་སྤང་སྟེ་གཏན་ཚིགས་བསྒྲུབ་བྱའི་རྗེས་སུ་འགྲོ་བ་རྟོགས་པའི་ཕྱིར་རམ་ཡང་འགའ་ཞིག་ཏུ་ཚིག་གི་སྡེབ་སྦྱོར་བརྗོད་བདེ་ཞིང་འགྲིག་པའི་ངོར་བྱས་ནས་བཏགས་པ་ཡིན་ནོ། །གཉིས་པ། ཕྱོགས་ཆོས་ཞེས་མ་བརྗོད་པར་ཆོས་ཅན་གྱི་ཆོས་ཞེས་བརྗོད་ན་ཤེས་འདོད་མཐུན་དཔེ་མི་མཐུན་དཔེ་གསུམ་


MR11_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ནང་ནས་དང་པོ་ཁོ་ནར་མི་ངེས་པས་གཞན་གཉིས་ལ་འཁྲུལ་གཞི་ཡོད་ལ་ཆོས་ཅན་ཞེས་པ་ཅིག་ཤོས་གཉིས་མིན་པའི་ཚུལ་བརྗོད་དེ་མཐའ་རྣམས་བཀག་ན་བརྗོད་པ་ཡུན་རིང་འགོར། ཤེས་འདོད་ཆོས་ཅན་གྱི་ཆོས་ཞེས་དངོས་མིང་བརྗོད་ན་དེས་འགྲུབ་ཀྱང་ཚིགས་བཅད་སོགས་སྡེབ་ཚེ་སྡེབ་སྦྱོར་ཉམས་པ་དེས་ན་ཕྱོགས་ཞེས་བཏགས་པས་ཚིག་ཉུང་ངུ་དེས་དོན་མི་འཁྲུལ་པར་བདེ་བླག་རྟོགས་ཕྱིར་ཕྱོགས་ཞེས་གསུངས་པ་ཡིན་ནོ། །གཉིས་པ་ལ། རྩོད་པ་དང་།ལན་གཉིས། དང་པོ། འོ་ན་ཕྱོགས་དང་ཆོས་ཅན་གཉིས་ཀ་རང་གི་འཇུག་བྱ་དུ་མ་ཡོད་པར་འདྲ་བས་ཤེས་འདོད་མི་གོ་བར་མཚུངས་ཤེ་ན། གཉིས་པ་ལ། ལན་དངོས་དང་། དེ་དཔེས་བསྟན་པ་གཉིས། དང་པོ། གྲགས་པའི་སྒོ་ནས་ཁྱད་པར་ཡོད་དོ། །གཉིས་པ། དེ་སྐབས་བསྡུས་ན་ཕྱོགས་རྐྱང་བའི་སྒྲ་འཇུག་བྱ་མང་ཡང་སྐབས་འདིར་ཆོས་དང་འབྲེལ་བའི་ཕྱོགས་ཀྱི་སྒྲ་རྩོད་གཞི་ཉིད་ལ་གོ་བ་ཡིན་ཏེ་དཔེར་ན་ལག་ལྡན་ཞེས་ལག་པ་ཡོད་ཚད་ལ་མི་འཇུག་པར་གླང་པོ་ལ་གོ་བ་བཞིན། ཆོས་ཞེས་པའི་སྒྲ་དང་འབྲེལ་ཡང་ཆོས་ཅན་གྱི་སྒྲས། རྩོད་གཞི་ཁོ་ན་ངེས་པར་མི་ནུས་ཏེ་མགོ་ལྡན་ཞེས་པ་ཀུན་ལ་འཇུག་གི་གླང་པོ་སོགས་རེ་རེ་ལ་མི་འཇུག་པ་བཞིན་དེས་ན་གྲགས་པའི་ཁྱད་ཡོད་དོ། །བསྡུ་བའི་ཚིགས་སུ་བཅད་པའོ། །གསུམ་པ་དངོས་ལ་གནོད་བྱེད་ནི། ཆོས་རྐྱང་བ་དང་ཆོས་ཅན་རྐྱང་བ་རེ་རེ་བསྒྲུབ་བྱ་ཉིད་མ་ཡིན་ཏེ། གྲུབ་བསལ་མེད་ལ་དཔག་བྱར་བཟུང་བའི་མཚན་ཉིད་དེ་ཡ་གྱལ་གཉིས་པོ་རེ་རེ་ལ་མེད་པའི་ཕྱིར་རོ། །གཉིས་པ་སྐབས་བབ་ལྟོས་གཞི་དངོས་ནི།


MR11_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མས་གྲུབ་བསལ་མེད་ལ་དཔག་གཞིར་བཟུང་བ་ཤེས་འདོད་ཀྱི་མཚན་ཉིད་ཡིན་ཞིང་དེ་ནི་ཚུལ་དང་པོའི་ལྟོས་གཞི་ཡིན་ལ་དེ་ལ་རྟགས་མངོན་སུམ་མམ་རྗེས་དཔག་གིས་གྲུབ་པ་ཚུལ་དང་པོ་ཕྱོགས་ཆོས་ཞེས་སོ། །གཉིས་པ་རྗེས་སུ་འགྲོ་ལྡོག་གི་ལྟོས་གཞི་ལ། དགག་གཞག་སྤང་གསུམ། དང་པོ་ལ། ཕྱོགས་སྔ་དང་། དེ་དགག་པ་གཉིས། དང་པོ། ཚུལ་ཕྱི་མ་གཉིས་ཀྱི་ལྟོས་གཞི་ལ་ཤནྟི་པའི་རྗེས་འབྲང་ཁ་ཅིག་ན་རེ། བསྒྲུབ་བྱའི་ཆོས་ལྡན་མི་ལྡན་ལ་མཐུན་ཕྱོ༷གས་མི་མཐུན་ཕྱོགས་ཡིན་ནོ་ཞེས་ཟེར། མཐུན་མི་མཐུན་གྱི་ཕྱོགས་གཉིས་པོ་མི་འགལ་ན་རྟགས་ཡང་དག་མི་སྲིད་པས་དེ་གཉིས་དངོས་འགལ་དུ་བསམས་ཤིང་རློམ་ནས། དེ་ལྟ་ན་དེ་གཉིས་མིན་པའི་ཕུང་གསུམ་བྱུང་བར་དོགས་པ་ལ་རྗེས་དཔག་ཚད་མའི་ཡུལ་རང་མཚན་དང་དོན་སྤྱི་བསྲེས་ནས་འཛིན་པ་ཡིན་པར་མི་ཤེས་པ་འགའ་ཞིག་གིས་རྫས་ལྡོག་རྣམ་པར་ཕྱེ་སྟེ་སྨྲ་ལ། དེ་ཡང་རྫས་ཆོས་བསྒྲུབས་ན་ངོ་བོ་གཅིག་པ་བྱས་པས་མི་རྟག་བསྒྲུབ་པ་ལྟ་བུ་དང་ཐ་དད་ལྡན་པ་དུ་བས་མེ་བསྒྲུབ་པ་ལྟ་བུ་གཉིས་ཡིན་ལ་བསྒྲུབ་བྱ་ལྡོག་ཆོས་བསྒྲུབས་ན་རང་ལྡོག་ལ་རྟེན་ནས་བསྒྲུབ་པ་གཅིག་པུ་སྟེ་གསུམ་དུ་ཡོད་ཞེས་ཟེར། གཉིས་པ་ལ། ཕྱོགས་གཉིས་སུ་ཁ་ཚོན་ཆོད་པ་མི་འཐད། རྫས་ལྡོག་ཕྱེ་སྟེ་བསྒྲུབ་པ་མི་འཐད། བྱེ་བྲག་ཏུ་རང་ལྡོག་ལ་བརྟེན་ཏེ་སྒྲུབ་པ་མི་འཐད་པ་གསུམ། དང་པོ་ལ། ཕྱོགས་གཉིས་སུ་མི་འདུས། འདུས་པའི་རྣམ་གཞག་འཇིག་པར་བསྟན་པ་གཉིས། དང་པོ། རྫས་ལྡོག་ཇི་ལྟར་སོ་སོར་ཕྱེ་ན་


MR11_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མཐུན་མི་མཐུན་ཕྱོགས་གཉིས་ཁོ་ན་ཉིད་དུ་ངེས་མི་ནུས་ཏེ་ཕྱོགས་གཉིས་ཀ་ལ་འཇུག་པའི་རྫས་དང་ལྡོག་པ་ཉིད་ཀྱང་མཁས་པ་རྣམས་ལ་གྲུབ་པར་མཐོང་ངོ་། །གཉིས་པ་ལ། བརྟགས་ན་མི་འཐད། ཧ་ཅང་ཐལ། རྣམ་གཞག་འགལ།སློབ་དཔོན་གྱི་དགོངས་པ་མིན་པར་བསྟན་པ་བཞི། དང་པོ། དོན་རང་མཚན་རྐྱང་པ་ལ་དགག་སྒྲུབ་བྱེད་ན་ནི། ཚད་མའི་ཡུལ་མི་ཤེས་པར་འགྱུར་ཏེ་དེ་ལ་དགག་སྒྲུབ་ཀྱི་རྣམ་བཅད་ཙམ་ཡང་མེད་པས་སོ། །གལ་ཏེ་དོན་དེ་ལ་བློ་ངོར་སྣང་བ་སེལ་བའི་སྒོ་ནས་དགག་སྒྲུབ་བྱེད་ན་ནི། བསྒྲུབ་བྱ་ཡོད་པར་ངེས་པ་མཐུན་ཕྱོགས་དང་མེད་པར་ངེས་པ་མི་མཐུན་ཕྱོགས་དང་དེ་གཉིས་གང་དུའང་མ་ངེས་པ་གསུམ་དུ་ཅིའི་ཕྱིར་མི་འགྱུར། གཉིས་པ་ལ། ཕྱོགས་ཆོས་མི་འགྲུབ། ཕྱོགས་གཞན་གཉིས་ཀྱང་མི་འགྲུབ། ལྡོག་པས་འབྱེད་ན་མ་ངེས་པ་མི་སྲིད་པ་གསུམ། དང་པོ། ཚུལ་གཉིས་སུ་ཁ་ཚོན་ཆོད་ན་བར་དེར་ཚུལ་དང་པོའི་ལྟོས་གཞི་ཤེས་འདོད་ནི་དེ་གཉིས་མིན་པའི་རང་རྐྱ་ཐུབ་པའི་ཕྱོགས་སུ་མི་འདོད་ཕྱིར། ལྟོས་གཞི་གསུམ་གྱི་ནང་ནས་དང་པོ་མེད་པར་འགྱུར་ཏེ་ཤེས་འདོད་ཕྱོགས་གང་རུང་དུ་འདུས་པའི་ཕྱིར་རོ། །ལྟོས་གཞི་དང་པོ་མི་འདོད་ན། འདི་ལ་ཕྱོགས་ཆོས་ཞེས་ཚུལ་དང་པོ་དེའི་མཚན་ཉིད་ལོགས་སུ་གཞག་པར་དཀའ་འོ། །གཉིས་པ། ལྟོས་གཞི་དང་པོ་མཐུན་མི་མཐུན་གྱི་ཕྱོགས་གཉིས་སུ་ངེས་ན་ལྟོས་གཞི་གཞན་མཐུན་མི་མཐུན་གཉིས་ཀྱི་མཐུན་ཕྱོགས་ལ་ཡོད་པ་དང་མི་མཐུན་ཕྱོགས་ལ་མེད་པར་ངེས་པའི་རྗེས་འགྲོ་དང་ལྡོག་ཁྱབ་དག་ཀྱང་མཐུན་ཡུལ་ཤེས་འདོད་མེད་པས་མཐུན་ཕྱོགས་


MR11_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡོད་པ་ཞེས་སོགས་བརྗོད་པ་རབ་ཏུ་དཀའ་བ་ཡིན་ཏེ་མཐུན་དཔེའི་མཐུན་ཕྱོགས་ལ་ཡོད་པ་རྗེས་འགྲོ་སོགས་བརྗོད་དགོས་པས་རྣམ་གཞག་ཐམས་ཅད་འཇིག་གོ། གསུམ་པ། ཕྱོགས་ཆོས་དང་ནི་ཕྱོགས་གཉིས་པོ་ངོ་བོ་གཅིག་ལ་རྟགས་གྲུབ་པའི་ཆ་ནས་ཕྱོགས་ཆོས་ཀྱང་ཡིན། བསྒྲུབ་བྱ་ལྡན་པའི་ཆ་ནས་མཐུན་ཕྱོགས་ཀྱང་ཡིན། མི་མཐུན་ཕྱོགས་ལ་ཡང་དེ་འདྲ་བར་ལྡོག་པ་ཐ་དད་པས་འབྱེད་དོ་སྙམ་ན་ནི། རྟགས་ཐམས་ཅད་ཀུན་འགལ་བ་དང་ཡང་དག་གཉིས་ཁོ་ནའི་ཕྱོགས་སུ་ལྟུང་བར་འགྱུར་ཏེ་ཤེས་བྱ་ཕྱོགས་གཉིས་སུ་ངེས་པ་དང་། རྟགས་དེ་གཉིས་གང་རུང་ལ་ཡོད་ཅིང་དེ་མིན་ལ་མི་སྲིད་པར་ཁས་བླང་སོང་བས། གཏན་ཚིགས་མ་ངེས་ག་ལ་སྲིད་དེ་སྒྲ་མི་རྟག་གམ་རྟག་པར་སྒྲུབ་བྱེད་དུ་མཉན་བྱ་དང་ཤེས་བྱ་གང་རུང་བཀོད་ན་འགལ་བ་དང་། ཡང་དག་གང་རུང་དུ་འགྱུར་རིགས་པས་སོ། །ཚོགས་དོན་མཐུན་ཕྱོགས་སོགས་རྐང་པ་གཉིས་པོ་འདི་ལོ་ཙཱ་བ་ཆེན་པོའི་རྣམ་ངེས་ཀྱི་ཊཱི་ཀྐར་བཀོད་པ་འདིར་འགྲེལ་བའི་ནང་དུ་ཕྱོགས་སྔ་བཀོད་པ་ཡིན་པས་གཞུང་རྩ་བར་བཀོད་པ་ནོར་བ་ཡིན་ནོ། །གསུམ་པ་རང་གི་རྣམ་གཞག་འགལ་བ། ཤེས་བྱ་ཕྱོགས་གཉིས་སུ་ངེས་པ་དང་། ལྟོས་གཞི་གསུམ་དུ་འདོད་པ་ནང་འགལ་ཏེ་ཤེས་བྱ་ངེས་པའི་གྲངས་ལས་གཞན་མི་དགོས་པས་སོ། །དོན་དུ་ལྟོས་གཞི་གཉིས་སུ་འདོད་པ་ཡིན་ནོ་ཞེ་ན་ནི། དེ་ལྟོས་རྟགས་ཀྱང་ཕྱོགས་ཆོས་གྲུབ་པ་མི་དགོས་པའི་ཚུལ་གཉིས་སུ་འགྱུར་རོ། །བཞི་པ། ཤེས་བྱ་གང་ཡིན་སྦྱོར་བསྐོར་གཅིག་གི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་སུ་ངེས་པ་སློབ་དཔོན་ཆོས་གྲགས་ཀྱིས་མི་


MR11_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་དོ། །གཉིས་པ་རྫས་ལྡོག་ཕྱེ་སྟེ་བསྒྲུབ་པ་མི་འཐད་པ། རྫས་ལྡོག་སོ་སོར་ཕྱེ་བ་ཡི། རྣམ་གཞག་འདིའི་རྗེས་སུ་འཇུག་ན་དོན་རང་མཚན་རྟོག་ཡུལ་མིན་ལ། རྟོག་ཡུལ་གཞན་སེལ་རྐྱང་བ་ལ་ཐོབ་པ་མེད་པས་འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་འཇིག་གོ། གསུམ་པ་རང་ལྡོག་ལ་བརྟེན་ཏེ་སྒྲུབ་པ་མི་འཐད་པ། རང་ལྡོག་ལ་བརྟེན་ནས་སྒྲུབ་ཞེས་པ་ཡི་ཚུལ་འདི་མུ་བཞིའི་ཚུལ་དུ་བརྟགས་ན་སྙིང་པོ་མེད་དེ་རྫས་ལྡོག་བསྲེས་ཏེ་མ་གྲུབ་པར་ལྡོག་རྐྱང་གིས་དགག་སྒྲུབ་མི་འགྲུབ་པས་སོ། །གསུམ་པ་བཀག་པ་ལ་མི་འཐད་པ་སྤང་བ་ལ། རྩོད་པ་དང་། ལན་གཉིས། དང་པོ། འོ་ན་ཕྱོགས་གཉིས་དངོས་འགལ་མ་ཡིན་ཕྱིར། དགག་བྱ་ཁེགས་པས་བསྒྲུབ་བྱ་གྲུབ་པ་དང་། བསྒྲུབ་བྱ་གྲུབ་པས་དགག་བྱ་ཁེགས་པའི་དགག་སྒྲུབ་ཀྱི་རྣམ་གཞག་འཇིག་ཅེ་ན། གཉིས་པ་དགག་སྒྲུབ་ཀྱི་གནད་ནི། ཕྱོགས་གཉིས་ཀྱིས་བྱེད་པ་མིན་ཏེ་ཆོས་གང་ལ་ཚད་མའི་སྟོབས་ལས་བྱུང་བའི་འགལ་འབྲེལ་ངེས་པས་འགྲུབ་པ་ཡིན་ནོ། །གཉིས་པ་རང་ལུགས་ལ། གང་ལྟོས་པའི་རྗེས་སུ་འགྲོ་ལྡོག་དང་། གང་ལ་ལྟོས་པའི་ལྟོས་གཞི་ངོས་གཟུང་བ་གཉིས། དང་པོ། དེས་ན་རྟག་དང་བསྒྲུབ་བྱ་འབྲེལ་བ་ཚད་མས་ངེས་པའི་སྟོབས་ཀྱིས་རྟགས་ཡོད་ན་བསྒྲུབ་བྱ་ཡོད་པ་དང་བསྒྲུབ་བྱ་མེད་ན་རྟགས་མེད་པར་ངེས་པ་དེས་ན་རྟགས་ཀྱི་རྗེས་སུ་བསྒྲུབ་བྱ་འགྲོ་བ་དང་བསྒྲུབ་བྱ་ལོག་ན་རྟགས་ལྡོག་པའི་ཚུལ་ཡིན་ནོ། །གཉིས་པ་ལ། མཐུན་ཕྱོགས་མི་མཐུན་ཕྱོགས་དཔྱད་པ། རྟགས་ཀྱི་དགག་སྒྲུབ་ཀྱི་ཡུལ་ངོས་གཟུང་བ། གཞན་སེལ་གྱི་དགག་སྒྲུབ་ཀྱི་རབ་ཏུ་དབྱེ་བ་གསུམ། དང་པོ་ལ། མཚན་ཉིད། མཐུན་ཡུལ་ངོས་གཟུང་། དེ་ལ་རྩོད་སྤང་གསུམ།


MR11_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ། དེ་ལ་མཐུན་ཡུལ་ཕྱོགས་རྩོད་གཞི་དེ་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་མཚུངས་པ་ལ་མཐུན་ཕྱོགས་དང་མི་མཚུངས་པ་ལ་མི་མཐུན་ཕྱོགས་ཏེ་ཕྱོགས་གཉིས་ཡིན་ཏེ་སྒྲ་དང་བུམ་པ་མི་རྟག་པའི་སྤྱི་གཅིག་གིས་བཅིངས་ཏེ་མཚུངས་པ་ལྟ་བུ་སོགས་སོ། །གཉིས་པ། མཐུན་ཡུལ་ཕྱོགས་དེ་དག་ཀྱང་བཏགས་པ་བ། ཆོས་ཅན་གྱི་གཞན་སེལ་ཉིད་ཡིན་གྱི་ཚོགས་དོན་དང་ཤེས་འདོད་ཆོས་ཅན་གྱི་རང་མཚན་རྐྱང་པ་གཉིས་པོ་མིན་ནོ། །གསུམ་པ། དེས་ན་འདི་ལ་གཞན་གྱི་ཀླན་ཀ་ཁྱབ་པ་གྲུབ་ཚེ་བསྒྲུབ་བྱ་གྲུབ་པར་ཐལ་བ་དང་། ཐུན་མོང་མ་ངེས་པ་འགལ་བར་ཐལ་བ། ཡང་དག་གི་རྩོད་གཞི་མི་མཐུན་ཕྱོགས་སུ་ཐལ་བ་གསུམ་གྱི་སྐྱོན་མེད་ལ། ཚད་མའི་གཞུང་གི་དགོངས་པའང་འདི་ཉིད་ཁོ་ན་ཡིན་པར་རིགས་པས་གྲུབ་པ་ཡིན་ནོ། །གཉིས་པ་རྟགས་ཀྱི་དགག་སྒྲུབ་ཀྱི་ཡུལ་ངོས་གཟུང་བ། རྫས་ནི་དངོས་པོ་ལས་གཞན་ཐ་དད་པ་མིན་ལ་གཞན་སེལ་ལས་གཞན་དུ་གྱུར་པའི་ལྡོག་པ་ཞེས་བྱ་བ་ནི་ཅི་ཡང་མེད་ལ། དེས་ན་དོན་རང་མཚན་གྱི་དངོས་པོ་རྫས་དང་རྟོག་ངོར་སྣང་བའི་ལྡོག་པ་གཉིས་ངོ་བོ་གཅིག་ཉིད་དུ་འཁྲུལ་པ་ཉིད་ལ་དགག་སྒྲུབ་བྱེད་ཀྱི་རེ་རེ་ནི་དགག་སྒྲུབ་ཀྱི་ཡུལ་དུ་མི་འཐད་དོ། །གསུམ་པ་གཞན་སེལ་གྱི་དབྱེ་བ། ཡོད་པ་དངོས་པོའི་ཉེར་ལེན་བུམ་སོགས་དང་། མེད་པ་དངོས་མེད་ཀྱི་ཐ་སྙད་འཇུག་པའི་རྟེན་རི་རྭ་སོགས་དང་གཉིས་ཀ་ཡིན་པར་སེལ་བས་སྒྲོ་གདགས་རུང་ཤེས་བྱ་སོགས་ལ་བརྟེན་ནས་དེ་ལྟ་བུའི་ཡུལ་གསུམ་གྱི་སྒྲ་དོན་གསུམ་གྱིས་ཡུལ་དེ་ལ་དོན་དང་ཐ་སྙད་དེ་ཆོས་གཉིས་སྒྲུབ་བོ། །གསུམ་པ་རྩོད་སྤང་ལ། རིགས་པ་མི་འཐད་པ་དང་། ལུང་འགལ་སྤང་བ་གཉིས། དང་པོ་


MR11_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱོགས་གཉིས་སུ་དཔྱད་ན་མི་འཐད། རྟགས་དང་དགག་བྱ་ལ་བརྟགས་ན་མི་འཐད་པ་གཉིས། དང་པོ་ལ། རྩོད་པ་དང་། ལན་གཉིས། དང་པོ། རྫས་ལྡོག་མ་ཕྱེ་བར་སྒྲུབ་པ་ལྟར་ན་ཡང་མེ་སྒྲུབ་བྱེད་དུ་དུ་བའི་རྟགས་བཀོད་པ་ལས་སྐྱ་བོའི་རྫས་ཙམ་པོ་དང་བྱས་ལྡོག་རྟགས་སུ་བསྒྲུབ་པ་ལ་ཚུལ་གསུམ་ཚང་བ་རྟགས་སུ་བཀོད་པ་ལ་ཤེས་བྱ་ཙམ་ལྡོག་དེ་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་སུ་འདུ་ཚུལ་ལ་དཔྱད་ན་ཁ་ཚོན་མི་ཆོད་པས་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་སོགས་རྗེས་ཁྱབ་དང་ལྡོག་ཁྱབ་མི་གྲུབ་པས་ཚད་མ་དག་གི་རྣམ་གཞག་འཇིག་ཅེ་ན། གཉིས་པ། སྐྱོན་མེད་དེ་དུ་བ་དང་ནི་ཚུལ་གསུམ་གྱི་ཐུན་མིན་གྱི་གཞན་སེལ་གཉིས་པོ་སྐྱ་བོ་དང་ཤེས་བྱ་གཉིས་ཀྱི་ལྡོག་ལོག་པ་དང་། འབྲེལ་བས་དོན་གྱི་ཕྱོགས་ཕུང་གསུམ་པར་མི་འགྱུར་ལ།སྐྱ་བོ་དང་ཤེས་བྱ་ཙམ་གྱི་ལྡོག་པ་ཙམ་ནི་དེ་གཉིས་ཀྱི་མཐུན་མི་མཐུན་གྱི་ཕྱོགས་གཉིས་ལ་འབྲེལ་ཕྱིར་ན་དེ་ལྟར་འཇོག་པ་འཐད་དོ། །གཉིས་པ་ལ། གཞན་ལན་དགག །རང་ལན་བསྟན་པ་གཉིས། དང་པོ་རྟགས་དགག་བྱའི་ཆོས་སམ་ཆོས་ལྡན་ལས་ལྡོག་པ་དང་གཅིག་དེ་གཉིས་འགོག་པ་དང་གཉིས་བསྒྲུབ་བྱའི་ཆོས་མེད་དགག་གི་ཐ་སྙད་ཕྱོགས་གཉིས་སུ་དཔྱད་པ་དང་གསུམ་རྟགས་ཚུལ་གསུམ་ཚང་བ་ཕྱོགས་གཉིས་སུ་དཔྱད་པ་དང་བཞི་ཉིད་ཀྱི་རྩོད་པ་བཞི་ཡོད་པ་དེ་ཡི་རྩོད་སྤོང་དུ་བཀོད་པ་གཞན་གྱི་ལན་རྣམས་ནི་གཞན་སེལ་མ་རྟོགས་པས་འཁྲུལ་ལོ། །གཉིས་པ། རྩོད་པ་སྔ་མ་གསུམ་གྱི་ལན་མེད་དགག་གི་ཐ་སྙད་ནི་མེད་པ་གཞན་སེལ་ཙམ་ཡིན་པས་དོན་དུ་མེད་དགག་ཉིད་དུ་འདོད་པས་དོགས་པ་དེ་སེལ་


MR11_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། བཞི་པའི་ལན་ཚུལ་གསུམ་ཚང་བའི་སྤྱི༷་ལྡོག་བློ་ངོར་ཕྱོགས་གཉིས་ཀ་མིན་པའི་ཕུང་གསུམ་པ་ཡིན་ཕྱིར་རྟགས་དེ་དག་རྟགས་སུ་འཐད་དོ། །གསུམ་པ་དེ་དག་ལྟོས་གཞིར་འཇོག་པའི་འཐད་པ། ཇི་སྙེད་རྟགས་སུ་བཀོད་གྱུར་པ། དེ་སྙེད་ཕྱོགས་གསུམ་པོ་དེ་ལ་ལྟོས་པས་ཚུལ་གསུམ་དུ་བཞག་ལ་འོ་ན་མི་མཐུན་ཕྱོགས་ཀྱི་དཔེ་མེད་ན་ལྡོག་ཁྱབ་མི་གྲུབ་བམ་ཞེ་ན་མིན་ཏེ་ཡང་དག་གི་ཚེ་དངོས་སུ་སྟེ་དོན་དམ་པར་གང་རུང་མ་ཚང་ཡང་ལྟོས་གཞི་ཉིད་དུ་འདོད་པ་ཡིན་གྱི་མི་གྲུབ་པ་མིན་ནོ། །སྐབས་བསྡུ་བ། དགག་སྒྲུབ་སེལ་བས་བྱེད་པའི་ལུགས་འདི་ལ། རྫས་ལྡོག་ཕྱེ་ནས་མཐུན་མི་མཐུན་གྱི་ཕྱོགས་གཉིས་སུ་འདུ་ཚུལ་ལ་དཔྱད་ནས་མི་འཐད་པར་སེམས་པའི་རྩོད་པའི་ཉེས་པས་མི་གནོད་དེ་ཚད་མའི་ཡུལ་སྣང་བཏགས་བསྲེས་པས་པའི་གཞན་སེལ་གྱི་རྣམ་གཞག་ཉིད་ལ་མཁས་པའི་ཕྱིར་རོ། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་དེ་ལ་ལྟོས་པའི་རྟགས་ཀྱི་རབ་དབྱེ་ལ། ཡང་དག །ལྟར་སྣང་། དེ་དག་གི་ངེས་པ་གསུམ། དང་པོ་ལ། གཏན་ཚིགས་ཀྱི་མཚན་ཉིད། མཚན་གཞི་ངོས་གཟུང་། མཚོན་བྱའི་རབ་དབྱེ་གསུམ། དང་པོ་ལ། དངོས་དང་། དེ་མཚན་ཉིད་དུ་ཇི་ལྟར་འགྲོ་ཚུལ་གཉིས། དང་པོ་ལ། དགག་གཞག་སྤང་གསུམ། དང་པོ། ཚུལ་གཅིག་ནས་ནི་དྲུག་གི་བར་དུ་འདོད་པ་རྟགས་སྐྱོན་མེད་ཀྱི་མཚན་ཉིད་ལ་དཔྱད་མཐའ་མ་རྫོགས་པའི་འདོད་ཚུལ་ཉི་ཚེའི་ཚུལ་གཞན་འདོད་པ་རྣམས་ནི་འཁྲུལ་ཏེ་ཚུལ་གསུམ་མ་ཚང་ན་རྟགས་སྐྱོན་མེད་མི་སྲིད་ལ་ཚང་ན་དེ་ལས་གཞན་མི་དགོས་པས་སོ། །གཉིས་པ། དེས་ན་རང་ལུགས་ཕྱོགས་ཆོས་གྲུབ་ཅིང་ཡོད་མེད་འགྲོ་ལྡོག་ངེས་


MR11_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁྱབ་པའམ་འབྲེལ་པ་ངེས་པ་ནི་གཏན་ཚིགས་ཀྱི་མཚན་ཉིད་སྐྱོན་མེད་ཡིན་ཏེ་ཕྱོགས་ཆོས་དེ་ཆེས་ཁྱབ་པ་ཕྱོགས་ཆོས་འབྲེལ་བ་ངེས་པ་ཚུལ་གསུམ་ཚང་བ་རྣམས་དོན་གཅིག་གོ། དཔེ་ལ་ལར་ཕྱོགས་ཆོས་གྲུབ་སོགས་རྐང་པ་གཅིག་འགྲེལ་བ་དཀྱུས་སུ་ཤོར་བའོ། །གསུམ་པ། དེ་ལྟ་ན་ཕྱོགས་ཆོས་དང་འབྲེལ་བ་ངེས་པ་སྟེ་ཚུལ་གཉིས་པ་ཁོ་ནར་ཐལ་ཟེར་བ་དང་ཡང་རྗེས་འགྲོ་ཙམ་པོ་འཁྲུལ་ཞིང་ཁྱད་པར་ཅན་དུ་ལྡོག་པ་འདུས་ན་རྗེས་འགྲོ་ཡིས་ལྡོག་པ་འཕེན་པའི་སྐྱོན་ཡོད་དོ་ཟེར་ན་ཡོད་ན་ཡོད་པའི་རྗེས་འགྲོ་ཉིད་ལོག་ན་ལྡོག་པ་ལ་མི་འཁྲུལ་བས་འགལ་བ་མེད་པས་སྐྱོན་གཉིས་ཀ་མེད་དོ། །གཉིས་པ་མཚན་ཉིད་དུ་འགྲོ་ཚུལ་ལ། དགག་གཞག་གཉིས། དང་པོ། ངེས་རུང་མ་ངེས་དུ་བ་སོགས་བཀོད་ན་མི་གྲུབ་པས་རྟགས་མིན་ཏེ་བསྒྲུབ་བྱ་འགྲུབ་མི་འགྲུབ་ལ་ད་རུང་ཐེ་ཚོམ་གྱི་ཕྱིར་རོ། །གཉིས་པ་ལ། དངོས་དང་། རྩོད་སྤང་གཉིས། དང་པོ། ཚུལ་གསུམ་ཚང་པར་ངེས་པ་རྙེད་ན་དེ་རྟགས་ཡིན་ཏེ་དེས་བསྒྲུབ་བྱ་གོ་བར་བྱེད་པའི་ཕྱིར། གཉིས་པ། འདི་ལ་གཞན་གྱི་ཀླན་ཀ་ངེས་པར་རྣམ་བཅད་མེད་པ་དང་།དེ་དོན་ཆོས་སུ་མི་འཐད་པ་དང་། ཧ་ཅང་ཐལ་བ་ལྔ་སྟེ་གསུམ་ཀ་མེད་དོ། །གཉིས་པ་མཚན་གཞི་ངོས་གཟུང་བ་ལ། དགག་གཞག་སྤང་གསུམ། དང་པོ་ལ། ཕྱོགས་སྔ་དང་། དེ་དགག་པ་གཉིས། དང་པོ། ཁ་ཅིག་རྩོད་གཞིས་ཁྱད་པར་དུ་བྱས་པ་ལ་ཡི་དུ་བ་དང་སྒྲའི་བྱས་པ་ལྟ་བུ་དེ་སྟེ་དེ་ཁོ་རང་རྟགས་ཀྱི་མཚན་གཞིར་འདོད་དོ། །གཉིས་པ། དེ་ལ་རྩོད་གཞིས་ཁྱད་པར་དུ་བྱས་པ་ཞེས་པ་བརྟགས་དེ་རྟགས་དེ་ཤེས་འདོད་ཀྱི་སྟེང་དུ་མི་ལྡན་གཅོད་པ་ཙམ་ཞིག་རྩོད་གཞི་ཞེས་པའི་


MR11_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་དེ་ཡིས་བྱེད་པ་ཡིན་ན་ཡུ་བུ་རྩོད་པ་མེད་དེ་ངེད་ཀྱང་དེ་འདོད་པ་ཡིན་པས་སོ། །གལ་ཏེ་རྩོད་གཞི་ཉིད་ལས་གཞན་ལ་ལྡན་པ་གཅོད་པ་ཡིན་ན་ནི་རྟགས་དེ་མཐུན་དཔེ་ལ་རྗེས་འགྲོ་མེད་པས་ཐུན་མིན་དུ་འགྱུར་བ་བཟློག་མི་ནུས་སོ། །བསྒྲུབ་བྱའི་ཆོས་མེ་དང་མི་རྟག་པ་སོགས་ཀྱང་དེ་དང་འདྲ་སྟེ་རྩོད་གཞི་དང་མི་ལྡན་པ་གཅོད་ན་འཐད་ཀྱི་གཞན་ལྡན་གཅོད་ན་མི་འཐད་དོ། །གཉིས་པ་རང་ལུགས། གཞན་ལྟར་གཞན་སེལ་སྤང་བ་མིན་གྱི་རྟགས་ཀྱི་མཚན་གཞི་གཞན་སེལ་ཡིན་ཏེ་ཡུལ་དུས་རྣམ་པས་ཁྱད་པར་དུ་མ་བྱས་པའི་དུ་བ་བྱས་པ་སོགས་ཀྱི་སྤྱི་ལྡོག་རྟགས་སུ་དགོད་བྱ་དང་ངོ་བོ་གཅིག་ཏུ་ཞེན་པ་དེའོ། །གསུམ་པ། འདི་ལ་རྟགས་ཀྱི་སྤྱི་མི་སྲིད་པ་སོགས་གཞན་གྱི་ཀླན་ཀ་བཞི་པོ་གང་ཡང་མེད་དོ། །གསུམ་པ་མཚོན་བྱའི་རབ་དབྱེ་ལ། དབྱེ་བསྡུའི་སྒོ་ནས་མདོར་བསྟན། དེ་རྒྱས་བཤད། དེ་དག་གི་འབྲེལ་བ་ལ་ལོག་རྟོག་དགག་པ་གསུམ། དང་པོ་ལ། སྤྱིར་བསྟན་པ་དང་། བྱེ་བྲག་གི་ཕྱེ་ཚུལ་གཉིས། དང་པོ། མཚན་ཉིད་དེ་ལྟ་བུ་དང་ལྡན་པ་ཡི་གཏན་ཚིགས་ལ་རྟགས་སུ་དགོད་བྱ་དང་བསྒྲུབ་བྱའི་ཆོས་སོགས་ཀྱི་དབྱེ་སྒོས་དུ་མར་འགྱུར་ན་ཡང་ཞེས་སོ། །གཉིས་པ། དཔལ་ཆོས་ཀྱི་གྲགས་པས་སྦྱོར་བ་ཡི་སྒོ་ནས་བསྒྲུབ་བྱ་ངོ་བོ་གཅིག་ཐ་དད་ཡོད་ལ་དགག་བྱ་ལ་དེ་མེད་པས་གཅིག་ཏུ་བསྡུས་ཏེ་འབྲས་རང་མ་དམིགས་པ་གསུམ་དུ་ངེས་པ་མཛད་དོ། །གཉིས་པ་ལ། མ་དམིགས་པ་དང་། རང་བཞིན། འབྲས་བུ་གསུམ། དང་པོ་ལ། མཚན་ཉིད། དབྱེ་བ། དགག་རྟགས་ཀྱི་འབྲེལ་བ་ངེས་ཚུལ་གསུམ། དང་པོ། མི་དམིགས་པའི་མཚན་ཉིད་དགག་བྱ་


MR11_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་ལ་ཚུལ་གསུམ་ཚང་བ་ཡིན་ནོ། །གཉིས་པ་ལ། ངོ་བོ་མི་དམིགས་པ་དང་། འགལ་བ་དམིགས་པ་གཉིས། དང་པོ། ངོ་བོ་མི་དམིགས་པ་ལ་བཞི་ཡོད་དེ། རང་བཞིན་རྒྱུ་འབྲས་ཁྱབ་བྱེད་མི་དམིགས་པའོ། །གཉིས་པ་ལ། བསྟན་བཤད་གཉིས།དང་པོ། འགལ་བ་དམིགས་པ་ལ་རྣམ་པ་གཉིས་ཡོད་དེ། གཉིས་པ་ལ། ལྷན་ཅིག་མི་གནས་འགལ་དམིགས་དང་། ཕན་ཚུན་སྤང་འགལ་དམིགས་པ་གཉིས། དང་པོ་ལ་གཞན་གྱི་གྲངས་བཀག་པ་དང་། རང་ལུགས་གཞག་པ་གཉིས་དང་པོ་ལ། ཕྱོགས་སྔ་དང་། ལན་གཉིས། དང་པོ། ཚ་རེག་རྒྱུ་འབྲས་རང་བཞིན་ཁྱབ་བྱ་སྟེ་སྐོར་བཞིས་གྲང་རེག་གི་དེ་བཞི་བཀག་པས་སྦྱོར་བ་བཅུ་དྲུག་གི་གྲངས་ཡིན་ཞེས་ཟེར་རོ། །གཉིས་པ། རྒྱུ་ཙམ་འཁྲུལ་ཏེ་མེ་རྒྱུ་ནུས་པ་ཐོགས་མེད་ནི་སྐད་ཅིག་གཉིས་པ་ལ་མེ་བསྐྱེད་པའི་བུད་ཤིང་ཡིན་པས་མེ་མིན་པས་གནོད་བྱ་ཁེགས་མི་ནུས་ཞིང་། གལ་ཏེ་ཐོགས་མེད་མེས་ཁྱད་པར་དུ་བྱེད་ན་མེ་ཉིད་ཡིན་གྱི་རྒྱུ་རྟགས་མི་དགོས་ལ། དེ་སྐད་ཅིག་གི་ལྡོག་པ་ལ་འཇོག་ན་སྐད་ཅིག་རང་ལྡོག་ལ་རྒྱུན་མེད་པའི་ཕྱིར་ན་དེས་གྲང་རེག་འགོག་མི་ནུས་པས་སོ། །གཉིས་པ། སློབ་དཔོན་གྱི་གཞུང་ལས་རྣམ་གཞག་མང་པོ་བཤད་ཀྱང་འདིར་ཛེ་ཏཱ་རིའི་རྗེས་སུ་འབྲངས་ཏེ་འགོག་ནུས་པ་ནི་སྔ་མ་བཅུ་གཉིས་ཡིན་པར་མཐོང་ངོ་། །གཉིས་པ་སྤང་འགལ་དམིགས་པ་ལ་དངོས་དང་། རྣམ་གཞག་གཞན་དེར་འདུ་ཚུལ་གཉིས། དང་པོ། ཕན་ཚུན་སྤངས་པ་ནི་རྣམ་བཅད་ཡོངས་གཅོད་ཡིན་པས་དེ་དངོས་ལ་ནི། སྤང་འགལ་དམིགས་པའི་རྟགས་དང་དེས་དགག་བྱ་རྟགས་ཅན་གཉིས་གཞི་རྟགས་སུ་འགོད་པ་ཡོད་པ་མ་ཡིན་


MR11_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གཅིག་དེ་ལ་མི་དམིགས་པས་ཁྱབ་པས་སོ། །འོན་ཀྱང་སྤང་འགལ་དེ་ཡི་ཁྱད་པར་བྱས་པ་དམིགས་པ་ནི། ཁྱབ་བྱེད་འགལ་བ་དམིགས་པ་ཡིན་ཏེ། དཔེར་ན་སྒྲ་ཆོས་ཅན། རྟག་དངོས་ཀྱིས་སྟོང་སྟེ། བྱས་པའི་ཕྱིར།ལྟ་བུ་བྱས་པས་རྟག་པ་འགོག་པ་ཡོད་དོ། །གཉིས་པ། ཚད་མས་གནོད་པའི་འགལ་བ་ལྟོས་པས་ངེས་པ་འགོག་པ་དང་། ལྟོས་མེད་ཀྱིས་མ་ངེས་པ་འགོག་པ་ལྟ་བུ་ཡང་། ཁྱབ་བྱེད་འགལ་བ་དམིགས་པར་འདུས་ཏེ་ལོགས་སུ་མེད་དོ། །གསུམ་པ་དགག་རྟགས་ཀྱི་འབྲེལ་བ་ངེས་ཚུལ་ལ། དགག་གཞག་གཉིས། དང་པོ། གཞན་གྱིས་དགག་སྒྲུབ་གཉིས་ཀ་ལ་དངོས་པོའི་སྟེང་ན་འབྲེལ་བ་ཡོད་པར་འདོད་པ་ནི་སྔར་བཀག་ཟིན་ལ། ཁ་ཅིག་གིས་ལྷན་ཅིག་ནི། མི་གནས་འགལ་ནི་འགལ་ཟླ་མེད་པའི་རྟགས་ལོག་པའི་ཚོགས་པས་བསྐྱེད་པ་ཡིན་པར་འདོད་པ་ནི་ཆེས་འཁྲུལ་ཏེ་རྟགས་མེ་སོགས་ལོག་ཀྱང་རེག་བྱ་བཏང་སྙོམས་པ་སྲིད་པའི་ཕྱིར་དང་ཧ་ཅང་ཐལ་བས་མི་འཐད་དོ། །གཉིས་པ། དེ་ལ་ངོ་བོ་མི་དམིགས་པ་ནི། འབྲེལ་ཡུལ་ལོག་པས་འབྲེལ་ཆོས་ཉིད་ལྡོག་པར་ཚད་མས་ངེས་པས་བཟློག་འབྲེལ་ཞེས་བློ་ངོར་གྲུབ་པ་ཡིན་གྱི་དོན་འབྲེལ་མེད་དོ། །གཉིས་པ། རང་བཞིན་གྱི་རྟགས་ལ། མཚན་ཉིད། དབྱེ་བ། རྩོད་སྤང་གསུམ། དང་པོ། ཡིན་པ་སྒྲུབ་ལ་ཚུལ་གསུམ་ཚང་བ་རང་བཞིན་གྱི་རྟགས་ཀྱི་མཚན་ཉིད་དོ། །གཉིས་པ། དེ་ལ་སྒྲུབ་ཆོས་དང་ངོ་བོ་དབྱེར་མེད་དུ་སྒྲུབ་པའི་རྟགས་ཐམས་ཅད་རང་བཞིན་གྱི་རྟགས་ཡིན་ནོ། །དེ་ཡི་ཆ་མཐུན་རྒྱུ་ཚོགས་གྲངས་ཚང་སོགས་ཀྱང་རང་བཞིན་གྱི་རྟགས་དེ་ཡི་


MR11_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ཁོངས་སུ་བསྡུ་དགོས་པ་ཡིན་ཏེ་གཞན་དུ་རིགས་པས་མི་འཐད་པས་སོ། །གསུམ་པ། དུ་རྒྱུ་ནུས་པ་ཐོགས་མེད་ཀྱིས་མི་རྟག་པའི་དུ་བ་བསྒྲུབ་པ་སོགས་དེའི་ངོ་བོ་མིན་པས་རྟགས་དེའི་ཁོངས་སུ་མི་འདུ་ཞེ་ན། རྒྱུ་རང་སྟེང་གི་ནུས་པའི་ཆ་ལ་རྟོགས་ལ་དེ་དང་རྒྱུ་ངོ་བོ་གཅིག་ཕྱིར་ཐ་དད་དུ་ཐལ་བའི་སྐྱོན་མི་འགོའོ། །གསུམ་པ། འབྲས་རྟགས་ལ། མཚན་ཉིད། དབྱེ་བ། རྩོད་སྤང་གསུམ། དང་པོ། ཡོད་པ་སྒྲུབ་ལ་ཚུལ་གསུམ་ཚང་བ་འབྲས་རྟགས་ཀྱི་མཚན་ཉིད་དོ། །གཉིས་པ། དེ་བྱུང་བ་ཡི་འབྲེལ་བ་ལ་བཞག་པ་ཐམས་ཅད་འབྲས་བུའི་རྟགས་དངོས་ཡིན་ལ། དེ་དང་ཆ་མཐུན་པ་ཆུ་སྐྱར་ལས་ཆུ། ཆུ་མི་གཡོ་བས་རྟེན་བརྟན་པ་སོགས་དོན་གཞན་གྱིས་ཕན་འདོགས་ཕྱིར་འབྲས་རྟགས་ཀྱི་ཁོངས་སུ་བསྡུ་བའོ། །གསུམ་པ། ནམ་མཁའི་དུ་བ་ཆོས་ཅན།རང་རྒྱུ་མེ་སྔོན་སོང་ཡིན་པར་ཐལ། དུ་བཙམ་ཡིན་པའི་ཕྱིར། ལྟ་བུ་གཞི་རྟགས་གཅིག་པས་དེ་བྱུང་མིན་ཟེར་ན། འབྲས་བུ་དེས་རང་དང་ཐ་དད་པ་རང་རྒྱུའི་མེ་ཙམ་སྒྲུབ་པར་རྟོགས་པའི་ཕྱིར་འབྲས་རྟགས་མིན་པའི་སྐྱོན་ལས་གྲོལ་བའོ། །གསུམ་པ་རྟགས་དེ་དག་གི་འབྲེལ་བ་ལ་ལོག་རྟོག་དགག་པ་ལ། དགག་གཞག་གཉིས། དང་པོ་ལ། ཕྱོགས་སྔ་དང་། དེ་དགག་པ་གཉིས། དང་པོ། རྟགས་དང་རྟགས་ཅན་འབྲེལ་ཚུལ་ལ། བོད་སྔ་རབ་པ་ཁ་ཅིག་སྤྱིར་འབྲེལ་བ་ལ་མུ་དགུ་ཡོད་ལ། དེ་ལས་གོ་བྱེད་འབྲེལ་བ་བཞི་ཡོད་ཅེས་ཟེར་རོ་ལོ། གཉིས་པ། འདི་ནི་སྔོན་སོང་གི་ཁྱད་པར་བྱེད་ཆོས་མེ་དང་དུ་བ་དེ་བྱུང་གི་འབྲེལ་གྱི་གོ་ཆོད་པ་དང་། འདིར་འབྲེལ་ཡུལ་གྱི་ཁྱད་པར་བྱེད་ཆོས་ལ་འབྲེལ་བས་གོ་མི་ཆོད་པ་སོགས་རྣམ་གཞག་འགལ་བ་དང་།


MR11_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་གི་དགོངས་པར་འཐད་པ་མ་ཡིན་ཏེ་གཞུང་ན་འབྲེལ་བ་གཉིས་ལས་གཞན་བཀག་པས་སོ། །གཉིས་པ། འགོད་ཚུལ་ཇི་ལྟར་ཡང་ཁྱད་པར་བྱ་བྱེད་ཀྱི་འབྲེལ་བ་ཡི་སྟོབས་ཀྱིས་བསྒྲུབ་བྱ་གོ་བ་མིན་ཡང་འབྲེལ་ཡུལ་དངོས་དེ་ཡི་ངོ་བོ་སྟེ་བདག་གཅིག་པའམ་དོན་གཞན་རྒྱུ་འབྲས་དེ་བྱུང་ཅན་གྱི་འབྲེལ་བའི་སྟོབས་ཀྱིས་རྟོགས་པར་ཟད་དོ། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་རྟགས་ལྟར་སྣང་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ། རྟགས་སུ་བཀོད་པ་གང་ཞིག་ཚུལ་གསུམ་མ་གྲུབ་པ་རྟགས་ལྟར་སྣང་གི་མཚན་ཉིད་དོ། །གཉིས་པ་ལ། མ་གྲུབ། མ་ངེས། འགལ་བ་གསུམ། དང་པོ་ལ། མཚན་ཉིད། དབྱེ་བ་གཉིས། དང་པོ། ཕྱོགས་ལ་རྟགས་དགོད་བྱ་ལྟར་མེད་པ་ནི་མ་གྲུབ་པ་ཡི་མཚན་ཉིད་དོ། །གཉིས་པ་ལ། ཕྱོགས་ཆོས་མ་གྲུབ་པའི་ཚུལ་ཡང་དོན་ནམ་ཡང་དོན་ལ་གྲུབ་ཀྱང་བློ་ངོ་ལ་ཕྱོགས་ཡིན་པར་མི་གནས་ནས་མ་གྲུབ་པ་ཉིད་ཡིན་ལ། དེ་ཡང་བློ་ངོར་མ་གྲུབ་པ་གྲུབ་མཐའི་དབང་དུ་ན་རྒོལ་བ་ཕྱོགས་རེ་བའམ་རྒོལ་བ་རྣམ་གཉིས་ལ་མ་གྲུབ་པའི་ཚུལ་སོགས་རྣམ་གྲངས་དུ་མ་ཡོད་པར་རྣམ་པར་ཕྱེ་སྟེ་བཤད་པར་བྱའོ། །བསྡུ་བའི་ཚིགས་སུ་བཅད་པའོ། །གཉིས་པ་མ་ངེས་པ་ལ། མཚན་ཉིད། དབྱེ་བ་གཉིས། དང་པོ། མ་ངེས་པ་ནི་ཐེ་ཚོམ་བསྐྱེད་པའི་རྟགས་ཡིན་ལ། གཉིས་པ་ལ། ཐུན་མོང་མིན་པའི་མ་ངེས་པ་དང་། ཐུན་མོང་གི་མ་ངེས་པ་གཉིས། དང་པོ་ལ། མཚན་ཉིད། དབྱེ་བ་གཉིས། དང་པོ། ཕྱོགས་ཤེས་འདོད་གཅིག་པུ་མིན་པ་གཞན་མཐུན་མི་མཐུན་ཕྱོགས་གཉིས་ལ་མ་གྲུབ་པ་ནི་ཐུན་མོང་མ་ཡིན་པའི་མ་ངེས་པའོ།


MR11_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ། དེ་ལ་དབྱེ་ན་བཞི་ཡོད་དེ། ཕྱོགས་གཉིས་ཀར་དོན་ལ་མེད་ནས་མ་ངེས་པ་གཅིག་དང་། གཉིས་ཀའམ་གང་རུང་རེ་ལ་ཡོད་ཀྱང་མ་མཐོང་ནས་བློར་མ་ངེས་པའི་ཚུལ་གསུམ་སྟེ་བཞི་ཡིན་ནོ། །གཉིས་པ་ལ། མཚན་ཉིད། དབྱེ་བ་གཉིས། དང་པོ་ལ། ཕྱོགས་ཤེས་འདོད་ཆོས་ཅན་ལས་གཞན་མཐུན་མི་མཐུན་གྱི་ཕྱོགས་གཉིས་ཀར་འཇུག་པ་ཐུན་མོང་བ་ཡི་མ་ངེས་པའོ། །གཉིས་པ་ལ། སྤྱི་བྱེ་བྲག་གཉིས། དང་པོ། དབྱེ་ན་དངོས་ཀྱི་མ་ངེས་པ་དང་ད་རུང་ཐེ་ཚོམ་གྱི་ལྷག་མ་ལྡན་པའི་ལྷག་ལྡན་གཉིས་སོ། །གཉིས་པ། དངོས་ནི་ཕྱོགས་ཆོས་གྲུབ་ནས་ཕྱོགས་གཉིས་ཀ་ལ་དོན་ལ་ཡོད་ཅིང་ཡོད་པ་ལྟར་བློས་ཀྱང་མཐོང་ནས་ཕྱོགས་གཅིག་ཏུ་བཟུང་ན་བཟློག་ཕྱོགས་ཡིན་པ་མི་ཆོད་པའོ། །དེ་ལ་ཁྱབ་མ་ཁྱབ་ཀྱི་དབྱེ་བ་བཞིའོ། །ལྷག་ལྡན་ལ་གཉིས་ཏེ་དང་པོ། ཡང་དག་ལྷག་ལྡན་གྱི་མཚན་ཉིད་ནི་བློས་མཐུན་ཕྱོགས་ལ་ནི་མཐོང་། མི་མཐུ ན་ཕྱོགས་ལ་མ་མཐོང་བའོ། །རྟགས་ཡང་དག་ལྟ་བུར་སྣང་ཡང་དེས་བཟློག་པ་མི་ཆོད་པའོ། །དེ་ལ་མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་མེད་ཀྱང་མི་འགལ་འགལ་ཡང་མ་ངེས་པ་གསུམ་མོ། །ཕྱོགས་ཆོས་གྲུབ་ནས་རྟགས་མི་མཐུན་ཕྱོགས་ལ་མཐོང་མཐུན་ཕྱོགས་ལ་མ་མཐོང་བས་བློ་ངོར་འགལ་རྟགས་འདྲ་ཡང་བཟློག་པ་མི་ཆོད་པས་འགལ་རྟགས་སུ་ཡང་མ་བཟུང་བ་འགལ་བའི་ལྷག་ལྡན་ཡིན་ཏེ་རྟགས་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ་སོགས་གོང་གི་བཟློག་གསུམ་མོ། །གསུམ་པ་འགལ་བ་ལ། མཚན་ཉིད། དབྱེ་བ་གཉིས། དང་པོ། ཕྱོགས་ལ་རྟགས་གྲུབ་ཅིང་བསྒྲུབ་བྱ་དེ་ཡིན་པ་ལས་བཟློག་པས་ཁྱབ་པ་ཡིན་པར་གྱུར་ན་འགལ་རྟགས་སོ། །གཉིས་


MR11_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། རང་ལུགས་ཀྱི་དབྱེ་བ་དང་། དབྱེ་བ་གཞན་གྱི་འདོད་ཚུལ་དགག་པ་གཉིས། དང་པོ་ལ། དངོས་ཀྱི་དབྱེ་བ་དང་། བརྗོད་འདོད་ཀྱི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ། འབྲེལ་བའི་དབང་གིས་གཉིས་སུ་དབྱེ་བ། སྦྱོར་བ་སྤྲོས་ཏེ་གསུམ་དུ་དབྱེ་ཚུལ་གཉིས། དང་པོ་ལ། དངོས་དང་། དེའི་འབྲས་འགལ་ལ་རྩོད་སྤང་གཉིས། དང་པོ། དེ་ལ་མི་དམིགས་ཐམས་ཅད་རང་བཞིན་གྱི་གཏན་ཚིག་སུ་བསྡུས་པས་དབང་དུ་ན་རང་བཞིན་འགལ་དང་འབྲས་བུ་འགལ་བ་སྟེ་འགལ་བ་གཉིས་ཉིད་དུ་འདུ་བ་ཡིན་ཏེ། དཔེར་ན་སྒྲ་རྟག་པར་སྒྲུབ་བྱེད་དུ་བྱས་པ་བཀོད་ན་རང་བཞིན་འགལ་དང་། བརྩལ་མ་ཐག་བྱུང་བཀོད་ན་འབྲས་འགལ་ཡིན་པ་ལྟ་བུའོ། །གཉིས་པ། དེ་ལ་མུ་སྟེགས་ཁ་ཅིག་ན་རེ། དེ་འབྲས་འགལ་མིན་ཏེ་རྩོལ་བྱུང་སྒྲ་རྟག་པའི་འབྲས་བུ་ཡིན་ནོ་ཟེར། དེ་མི་འཐད་དེ་བཙལ་མ་ཐག་བྱུང་བའི་ཕྱིར་ན་ཉན་ཤེས་སྒྲ་མི་རྟག་པའི་འབྲས་བུ་ཡིན་ནོ། །དེ་ཡིན་ཏེ་རྟག་པ་ལ་འགྱུར་བ་མེད་ཕྱིར་འབྲས་བུ་བཙལ་བྱུང་ཡོད་པ་འགལ་བའི་ཕྱིར། ཁོ་ན་རེ་མི་འགལ་ཏེ། སྒྲ་རྟག་ཀྱང་སྒྲིབ་བྱེད་ཀྱིས་སྒྲིབ་པས་སོ་སྙམ་ན། རྐྱེན་གྱིས་ཕན་གནོད་ཡོད་ན་མི་རྟག་ལ། རྟག་ན་སྔར་བཞིན་རྐྱེན་གྱིས་ཅིར་ཡང་བྱར་མེད་དོ། །འོ་ན་ཁྱོད་ཀྱིས་བུམ་སོགས་ཀྱང་སྔར་མི་སྣང་བ་ཕྱིས་སྣང་བ་ཉིད་ཀྱང་མི་འཐད་ཅེ་ན། ངེད་ཀྱི་བུམ་སོགས་ནི་མི་རྟག་པ་འགྱུར་བར་འདོད་པའི་ཕྱིར་རྐྱེན་གྱིས་བསྒྱུར་དུ་རུང་བས་ཁྱོད་ཀྱི་འདི་དང་མི་མཚུངས་ཏེ་རྐྱེན་གསུམ་ཚོགས་པའི་སྐད་ཅིག་ཁྱད་པར་ཅན་ཤེས་པའི་རྒྱུར་འདོད་པ་ཡིན་ནོ། །འོ་ན་ཁོས་ཀྱང་དེ་ལྟར་འདོད་དོ་ཟེར་ན། རྐྱེན་གྱིས་བསྒྱུར་བ་དེ་འདྲ་ཁྱོད་ཀྱིས་འདོད་པའི་འགྱུར་མེད་


MR11_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་འཐད་དོ། །གཉིས་པ་སྦྱོར་བའི་སྒོ་ནས་དབྱེ་བ། ཡང་མི་དམིགས་པའི་རྟགས་རང་བཞིན་ལས་ཐ་དད་དུ་ཕྱེ་ནས་ཡང་དག་གི་རྟགས་སྦྱོར་གསུམ་པར་འབྱེད་ན་ནི། དེ་གསུམ་པོ་གོ་བཟློག་པའི་འགལ་བའང་གསུམ་དུ་འགྱུར་རོ། །གཉིས་པ་བརྗོད་འདོད་ཀྱི་དབྱེ་བ་ལ། དགག་གཞག་སྤང་གསུམ། དང་པོ། གཞན་འགའ་ཞིག་ཆོས་དང་ཆོས་ཅན་གྱི་ངོ་བོ་དང་ཁྱད་པར་འགོག་པའི་དབྱེ་བས་འགལ་བ་བཞི་ཞེས་ཟེར་རོ། །གཉིས་པ་རང་ལུགས། ལ་ལ་དངོས་སུ་འགལ་བ་བརྗོད་པ་མི་རྟག་པའི་སྒྲ་རྟག་ལྟ་བུ་དང་། ལ་ལ་བརྗོད་པའི་ཤུགས་ཀྱིས་འགལ་བ་རྟག་པས་དོན་བྱེད་ལྟ་བུ་དང་། རྩོད་གཞི་ལ་མིག་སོགས་གཞན་དོན་བྱེད་ལྟ་བུ་ཆོས་དང་གཞན་དོན་བྱེད་པའི་མིག་སོགས་ལྟ་བུ་ཆོས་ཅན་གྱི་འགལ་བ་ཞེས་བཞག་པ་ནི་བརྗོད་འདོད་སྟོབས་ཀྱིས་དབྱེ་བ་ཡིན་གྱི་དོན་གྱི་སྦྱོར་བ་ཐ་དད་པ་མིན་ནོ། །གསུམ་པ། འོ་ན་འགལ་བ་བཞིར་དབྱེ་བ་དེ་ལྟར་གཏན་ཚིགས་ཡང་དག་ལ་ཡང་དེ་ལྟར་འབྱེད་དགོས་པར་མཚུངས་ཤེ་ན། དབྱེ་ནའང་རུང་མོད་འགལ་བ་ལ་མུ་སྟེགས་བྱེད་རྟགས་ཡང་དག་ཏུ་འདོད་པ་སོགས་འགལ་བར་སྟོན་པའི་དགོས་པ་ཡོད་ལ། ཡང་དག་ལ་དེ་འདྲ་བའི་ལོག་རྟོག་བཟློག་དགོས་པའི་བྱེད་པ་ཆུང་ཕྱིར་བཏང་སྙོམས་མཛད་པ་ཡིན་ནོ། །གཉིས་པ་གཞན་གྱི་དབྱེ་བ་དགག་པ་ནི། འོ་ན་གྲངས་ཅན་པས་མིག་སོགས་ཆོས་ཅན། གཞན་དོན་བྱེད་དེ། འདུས་ཤིང་བསགས་པའི་ཕྱིར། མལ་སྟན་བཞིན་ཞེས་ཁ་ནས་གཞན་དོན་ཞེ་ནས་བདག་དོན་བྱེད་པའི་བདག་གི་བར་སྒྲུབ་པ་སོགས་འདིར་མི་འདུའམ་སྙམ་ན། ཞེ་འདོད་དང་ནི་སྨྲས་པ་


MR11_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པོ་གང་ཡིན་ཀྱང་རང་འདོད་པ་དེ་བསྒྲུབ་བྱ་ཡིན་པ་ཉིད་དུ་མཚུངས་པའི་ཕྱིར། གྲངས་ཅན་གྱིས་མིག་སོགས་གཞན་དོན་སྒྲུབ་པའི་ངག་བཀོད་པའི་འགལ་བ་སོགས་འགལ་བ་གསུམ་པ་འདིར་འགལ་རྟགས་ལོགས་སུ་པར་མི་བཞེད་དོ། །གསུམ་པ་རྟགས་དེ་དག་གི་ངེས་པ་ལ། མཐའ་འགོག་གི་ངེས་པ་དང་། དེ་དག་གི་ནུས་པ་ངེས་པ་གཉིས། དང་པོ། རྟགས་བཀོད་ཚད་ལ་ཡང་དག་གཅིག་དང་ལྟར་སྣང་གསུམ་པོ་དེ་ལས་མང་ཉུང་གི་མཐའ་གཞན་འགོག་པའི་ངེས་པ་ཡིས་རྟགས་སུ་བཀོད་པ་བཞི་རུ་ངེས་ཏེ་ཕྱོགས་ཆོས་གྲུབ་མ་གྲུབ་གཉིས་ལས་མ་གྲུབ་པ་ལྟར་སྣང་གྲུབ་པ་ལ་བསྒྲུབ་བྱ་འགྲུབ་ངེས་འགོག་ངེས་གཉིས་ཀར་མི་ངེས་པ་དང་གསུམ་སྟེ་བཞི་ལས་མང་མི་དགོས་ཉུང་ན་མི་འདུ་བའི་གྲངས་ངེས་གྲུབ་བོ། །གཉིས་པ། རྟགས་སུ་བཀོད་པ་བཞི་པོ་ལ། ནུས་པ་དེ་ཡང་རྣམ་བཞི་ཡོད་དེ་མ་གྲུབ་པས་ཐེ་ཚོམ་ཡང་སྐྱེད་མི་ནུས་མ་ངེས་པས་ཐེ་ཚོམ་སྐྱེད་འགལ་བས་མི་འདོད་པའི་ངེས་པ་དང་། ཡང་དག་གིས་འདོད་པའི་ངེས་པ་བསྐྱེད་དོ། །གཉིས་པ་རྟགས་དེས་རྟོགས་པའི་བསྒྲུབ་བྱ་ལ། མཚན་ཉིད་འགོད་པ། མཚན་གཞི་ངོས་གཟུང་བ། ཕྱོགས་ལ་གནོད་པའི་བསལ་བ་བྱེ་བྲག་ཏུ་བཤད་པ་གསུམ། དང་པོ་ལ། རྣམ་བཅད་ལ་ལྟོས་ཏེ་ལྔར་བསྟན། ཡོངས་གཅོད་ལ་ལྟོས་ཏེ་གཅིག་ཏུ་བསྒྲུབ། དེ་ལ་རྩོད་སྤང་གསུམ། དང་པོ། རྟགས་དེས་བསྒྲུབ་བྱའི་མཚན་ཉིད་རྣམ་བཅད་ལ་ལྟོས་ནས་ཚད་མ་མདོ་ལས་མཚན་ཉིད་ལྔ་ལྡན་གསུངས་ཏེ། ངོ་བོ་ཞེས་ཚད་མས་གྲུབ་ཟིན་མིན་པ། བསལ་བ་ཚད་མས་བསལ་ཟིན་མིན་པ། དཔག་གཞི་ལ་ནང་གསེས་གསུམ་སྟེ། རྒོལ་བ་རང་ཉིད་ཀྱིས་ཁས་བླངས་པ་དང་འདོད་


MR11_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས། དེ་གཉིས་ཀྱིས་སྒྲུབ་བྱེད་སོགས་མི་གཅོད་པས་རྟགས་ཀྱིས་བསྟན་བྱའམ་བསྒྲུབ་བྱ་ཁོ་ན་ཞེས་སོ། །དེ་ལ་གྲུབ་བསལ་ཡོད་པ་བསྒྲུབ་བྱ་མིན་ལ། བསྒྲུབ་བྱར་ཁས་བླངས་ན་རང་འདོད་པ་དང་བསྒྲུབ་བྱ་ཡིན་ཡང་དོན་གྱིས་ཡིན་གྱི་བློ་ལ་མ་ངེས་པ་ཡོད་པའི་པས་རྣམ་བཅད་ཡོད་དོ། །གཉིས་པ། བསྒྲུབ་བྱར་འདོད་པ་ཕྱོགས་ཡིན་ནོ་ཞེས་རིགས་པའི་སྒོར་གསུངས་སོ། །གསུམ་པ། ཕྱི་མ་འདི་ལ་གློ་བུར་བའི་རྗེས་དཔག་ལ་མ་ཁྱབ་ཅེས་དང་སྐབས་སུ་མ་བབས་པའི་དམ་བཅའ་ལ་ཁྱབ་ཆེས་ཞེས་དང་། འོ་ན་རྟགས་ལའང་ཁས་ལེན་དགོས་པ་མཚུངས་སོ་ཞེས་པའི་རྩོད་པ་གསུམ་གྱིས་གནོད་པ་མེད་དོ། །གཉིས་པ་བསྒྲུབ་བྱའི་མཚན་གཞི་ལ། དགག་གཞག་སྤང་གསུམ། དང་པོ། གཞན་རྣམས་ཀྱིས་བསྒྲུབ་བྱའི་མཚན་གཞི་དངོས་པོ་རང་མཚན་ཁོ་ནར་འདོད་པའམ།ལ་ལས་བཏགས་པ་ཁོ་ན་ཡིན་ཞེས་དངོས་བཏགས་ཕྱེ་སྟེ་སྒྲུབ་པ་འཁྲུལ་ཏེ་དེ་རེ་རེ་མཚན་གཞིར་མི་རུང་བས་སོ། །གཉིས་པ། རང་ལུགས་བསྒྲུབ་བྱའི་སྒྲ་ཡི་དོན་ལ་རང་མཚན་དུ་འཁྲུལ་པ་ཞེན་ངོར་སྒྲ་དོན་མ་ཕྱེ་བའི་ཚོགས་དོན་ཙམ་བསྒྲུབ་བྱའི་མཚན་གཞི་ཡིན་ནོ། །གསུམ་པ། གཞན་སེལ་གྱིས་བཟུང་བ་འདི་ཙམ་ལ་སྒྲ་མི་རྟག་ལྟ་བུའི་དངོས་པོ་སྒྲུབ་པ་དང་སྒྲ་རྟག་སོགས་དངོས་མེད་ཉིད་དུ་སྒྲུབ་པར་བྱེད་པ་ལ་རྩོད་པའི་གོ་སྐབས་མེད་དོ། །གསུམ་པ་བསལ་བ་ལ། སྤྱིའི་མཚན་ཉིད། གྲངས་ཀྱི་དབྱེ་བསྡུ། སོ་སོའི་དོན་གཏན་ལ་དབབ་པ་གསུམ། དང་པོ། བསལ་བ་ཡི་མཚན་ཉིད་ནི་དམ་བཅས་ཙམ་ན་ཕྱོགས་བསྒྲུབ་བྱ་དང་སེལ་ནུས་ཀྱི་འགལ་བ་གྲུབ་པའོ། །གཉིས་པ་ལ། དངོས་དང་། རྩོད་སྤང་གཉིས། དང་པོ། དེ་ལ་རིགས་སྒོར་བཤད་པའི་བསལ་བའི་དབྱེ་བ་ལྔ་པོ་ཀུན་བཏུས་སུ་བཞི་རུ་བསྡུས་ཏེ་བཤད་


MR11_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ལ། འདིར་ཕྱི་མའི་རྗེས་སུ་འབྲངས་ནས་རྣམ་འགྲེལ་ལྟར་བཤད་ན་ཡུལ་གྱི་སྒོ་ནས་རྗེས་དཔག་ལ། རྗེས་དཔག་དང་། རང་ཚིག་དང་། འཇིག་རྟེན་ཐམས་ཅད་ཀྱི་ཁས་བླངས་པ་སྟེ་གསུམ་དུ་ཕྱེ་སྟེ་མངོན་རྗེས་ཀྱི་བསལ་བ་བཞི་རུ་གསུངས། དེ་ལ་མངོན་སུམ་ཚད་མས་བསལ་བ་དང་རྗེས་དཔག་ཚད་མས་བསལ་བ་གཉིས་ནི་དངོས་སྟོབས་ཀྱི་ཚད་མས་བསལ་བ་ཡིན་པས་དོན་དུ་བསལ་བ་གཉིས་ཡིན་ལ་རང་གི་ཁས་བླངས་ཀྱིས་བསལ་བ་དང་འཇིག་རྟེན་ལ་གྲགས་པ་ཡིས་བསལ་བ་གཉིས་ཚད་མས་བསལ་བར་སྒྲོ༷་བཏགས་ཡིན་ཕྱིར་ཕྱི་མ་གཉིས་ཀྱང་རྗེས་དཔག་གི་ཁོངས་སུ་སྡུད་དོ། །གཉིས་པ། རྩོད་པ་དང་། ལན་གཉིས། དང་པོ། དེ་ལ་ཁ་ཅིག་ན་རེ་འོ་ན་རྗེས་དཔག་ལ་ཟུར་དུ་ཁས་བླངས་དང་གྲགས་པ་གཉིས་སུ་ཕྱེ་བ་བཞིན་དུ་མངོན་སུམ་ལའང་། ཟླ་བ་གཉིས་མེད་དོ་ཟེར་བ་དང་། དེ་སྒྲས་བརྗོད་མི་རུང་ལྟ་བུ་ལ་མངོན་སུམ་གྱི་ཁས་བླངས་སོགས་ཀྱིས་བསལ་བ་གཉིས་པོ་འཇུག་ཅེ་ན། གཉིས་པ། མི་འཇུག་སྟེ་ཁས་བླངས་པས་སེལ་བ་ཉིད་ཚིག་ལས་དཔག་པའི་འབྲས་རྟགས་ལས་གཞན་མངོན་སུམ་ཉིད་དུ་རུང་བ་མིན་ལ་གྲགས་པས་མངོན་བསལ་མི་འཐད་དེ་སྒྲས་བརྗོད་དུ་རུང་བ་མངོན་སུམ་གྱིས་མི་འགྲུབ་ཅིང་རང་རིག་གིས་གྲུབ་པ་མངོན་སུམ་ཉིད་ཡིན་གྱི་གྲགས་པས་མིན་ནོ། །གསུམ་པ་སོ་སོའི་དོན་ལ། མངོན་སུམ། རྗེས་དཔག །ཡིད་ཆེས། གྲགས་པས་བསལ་བ་བཞི། དང་པོ། དེ་ལ་དོན་གང་ཞིག་དམ་བཅས་ཙམ་ཉིད་ན་མངོན་སུམ་གྱི་མྱོང་བ་དང་འགལ་བ་སྒྲ་མཉན་བྱ་མིན་ལྟ་བུ་མངོན་སུམ་གྱིས་བསལ་བ་ཡིན་ལ་འདི་ཡང་སྔར་


MR11_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་མ་དྲན་པས་དམ་བཅས་པ་ན་གྲུབ་པ་མི་འགལ་ལོ། །གཉིས་པ། ཚུལ་གསུམ་ཚང་བའི་གཏན་ཚིགས་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་དང་། རང་གི་དམ་བཅས་པ་འགལ་བར་གྱུར་ན་རྟགས་ཀྱིས་དམ་བཅའ་བསལ་བ་ཡིན་ཏེ་དཔེར་ན་སྒྲ་རྟག་གོ་ཞེས་དམ་བཅས་པ་ལྟ་བུའོ། །གསུམ་པ་ལ། མཚན་ཉིད། དབྱེ་བ། རྩོད་སྤང་གསུམ། དང་པོ། རང་ཡིད་ཆེས་པའི་ཚིག་དང་རང་གི་དམ་བཅའ་བ་འགལ་བ་ན་ཁས་བླངས་བསལ་བ་ཡིན། གཉིས་པ་ལ། དབྱེ་ན་སྤྱི་དང་། དབྱེ་བའི་བྱེ་བྲག་བཤད་པ། དེ་དང་འགལ་ན་དམ་བཅའ་འཇིག་ཚུལ་གསུམ། དང་པོ། དེ་ལ་དབྱེ་ན་རིགས་སྒོར་ཁས་བླངས་དང་རང་ཚིག་གཉིས་སུ་འདུ་གསུངས་པ་དེ་གཉིས་ཀྱི་ཁྱད་པར་ལ་སྔ་རབས་པ་གཞན་དག་ཡིད་ཆེས་ཀྱི་ལུང་དང་འགལ་བ་དང་།རྒོལ་བ་རང་གི་ཚིག་དང་འགལ་བ་ཡིན་ཟེར། སློབ་དཔོན་གྲགས་པ་ནི་སྨྲ་བ་པོ་རང་གི་ངག་གི་དབྱེ་བར་བཞེད་དོ། །ཁས་བླངས་སྔ་ཕྱི་འགལ་བ་དང་རང་ཚིག་དངོས་ཤུགས་འགལ་བ་གཉིས་པོ་ཀུན་ལས་བཏུས་སུ་ལུང་རང་ཚིག་གཉིས་ཀ་ཡང་གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ་ཞེས་པ་ལྟ་བུའོ་ཞེས་དཔེ་གཅིག་གིས་བསྟན་རིགས་པའི་སྒོར་ལུང་ལ་དཔེར་བརྗོད་གཞན་དུ་གསུངས་པ་ཆོས་གྲགས་ཀྱིས། ཆོས་ནི་ཚེ་འཕོས་ནས་བདེ་བ་སྟེར་བར་བྱེད་པ་མིན་ནོ་ཞེས་པ་ལྟ་བུའོ། །གཉིས་པ་ལུང་བྱེ་བྲག་ཏུ་བཤད་པ་ལ། ལུང་ཁྱད་པར་བ་རྗེས་དཔག་ཏུ་འདུ་ཚུལ། ལུང་ཕལ་བ་རང་ཚིག་དང་མཚུངས་པ། དེ་དག་གི་མཇུག་བསྡུ་བ་གསུམ། དང་པོ། དེ་ལ་ལུང་གང་ཞིག་དཔྱད་ན་གཞལ་བྱ་མངོན་སུམ་དང་ལྐོག་གྱུར་གཉིས་ལ་མངོན་རྗེས་ཀྱི་ཚད་


MR11_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཉིས་ཀྱིས་མི་གནོད་ཅིང་ཤིན་ཏུ་ལྐོག་གྱུར་ཏེ་གཉིས་ཀ་ཀས ངེས་མི་ནུས་པ་བསྐལ་བའི་དོན་ལ་ལུང་དེའི་རང་ཚིག་དངོས་ཤུགས་དང་ཁས་བླངས་ནང་མི་འགལ་བས་ན། རང་ཚིག་གིས་མི་གནོད་པའི་དཔྱད་པ་གསུམ་གྱིས་དག་པའི་གསུང་རབ་རྣམས་ནི་ངེད་ཀྱི་འདོད་པའི་ལུང་ཡིན་ལ། དེ་ནི་ལྐོག་གྱུར་གྱི་དོན་ལ་མི་བསླུ་བའི་ཚད་མ་ཡིན་པས་རྗེས་སུ་དཔག་པར་བསྡུས་ཏེ་གསུངས་སོ། །གཉིས་པ། དེས་ན་རིགས་པས་གྲུབ་པའི་ལུང་རྣམས་ནི་ཚད་མ་ཉིད་ཡིན་ལ་རིགས་པས་མ་གྲུབ་ན། དེ་ཁས་བླངས་ནས་འགལ་བ་ཡང་དམ་བཅའ་སྨྲ་བ་པོ་རང་གི་ཚིག་དང་མཚུངས་པའི་ཕྱིར། དོན་དུ་གནོད་བྱེད་མིན་ཡང་བསྒྲུབ་བྱ་འགྲུབ་པ་ལ་གེགས་བྱེད་པ་ཙམ་ཉིད་དུ་བཞེད་པ་ཡིན་ནོ། །གསུམ་པ། ལུང་དུ་གྲགས་ཚད་ཚད་མ་མིན།ཚད་མས་གྲུབ་པ་དེ་ལུང་ཡིན། དང་པོར་ཡིད་ཆེས་པའི་ལུང་དུ་ཁས་བླངས་ནས་ནི་ཕྱིས་དེ་ལ་འཐད་མི་འཐད་དཔྱོ༷ད་པ་བླུན། དང་པོ་དཔྱད་ནས་རིགས་པས་གང་གྲུབ་པ་དེ་ལུང་རྣམ་དག་ཏུ་ཁས་ལེན་པ་མཛངས་པའི་ལུགས། བར་སྐབས་ཀྱི་ཚིགས་བཅད་དོ། །གསུམ་པ་རྩོད་སྤང་ལ། གཞན་གྱི་ལུང་དང་མཚུངས་པའི་རྩོད་པ་དང་། གེགས་བྱེད་བསྒྲུབ་བྱའི་སྐྱོན་དུ་མི་འགྱུར་བའི་རྩོད་པ་གཉིས། དང་པོ་ལ་རྩོད་པ་དང་། ལན་གཉིས། དང་པོ། ལུང་གཞན་རིག་བྱེད་ལས་ཁྲུས་ཀྱིས་སྡིག་པ་འདག་པར་བཤད་པ་སོགས་དང་འགལ་བའང་ལུང་འགལ་དེར་འགྱུར་ཏེ་ལུང་ཡིན་པས་སོ་ཞེས་ཟེར་རོ་ལོ། གཉིས་པ། དེ་ལ་ཆགས་སྡང་རྨོངས་སོགས་ཆོས་མིན་ལ་ཆགས་བྲལ་དང་སྡང་བྲལ་སོགས་ཆོས་སུ་ནི་ཆད་ལྟ་རྒྱང་འཕེན་པ་མིན་པ་


MR11_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འཆད་པ་ཡིན་པས་དེ་ཁས་བླངས་གཞིར་བཞག་གི་སྟེང་དུ། འདག་བྱེད་ཁྲུས་དང་འདག་བྱ་ཆགས་སོགས་ཀྱི་རྒྱུ་གཉིས་པོ་མི་འགལ་བས་ཕན་ཚུན་སེལ་བྱ་སེལ་བྱེད་དུ་མི་འཐད་དེ་ཆོས་ཡིན་མིན་མི་མཐུན་པས་སོ། །དེ་ལྟའི་གཞུང་རྣམས་རང་ཚིག་འགལ་བ་ཅན་ཡིན་པས་ལུང་མ་ཡིན་ནོ། །གཉིས་པ་ལ། རྩོད་པ་དང་། ལན་གཉིས། དང་པོ། གལ་ཏེ་རང་ཚིག་དང་འགལ་བ་དང་བསྟན་བཅོས་ཀྱི་དོན་དང་འགལ་བའི་གེགས་ལས་བསྒྲུབ་བྱ་ལ་ཐེ་ཚོམ་ཙམ་སྐྱེ་བ་ཡིན་ལ། དེ་ནི་ད་རུང་བསྒྲུབ་བྱ་རང་སྐྱོན་མེད་དུ་གནས་པ་ཉིད་ཡིན་ཕྱིར་ཕྱོགས་ཀྱི་སྐྱོན་དུ་འཐད་པ་མིན་ཞེ་ན། གཉིས་པ། དེ་ཕྱོགས་སུ་མི་རུང་སྟེ་གང་གིས་ན་བསྒྲུབ་བྱ་འགྲུབ་པ་ལ་ཚིག་ཕན་ཚུན་གྱི་གེགས་ཀྱིས་ཐེ་ཚོམ་བསྐྱེད་པ་ཡི་སྒོ་ནས་བསྒྲུབ་བྱའི་སྐྱོན་དུ་སོང་བ་མིན་ཡང་གེགས་ཀྱི་དབང་གིས་ཚིག་དེས་བསྒྲུབ་བྱ་མི་འགྲུབ་པའི་སྒོ་ནས་སྐྱོན་དུ་འཇོག་པ་ཡིན་ནོ། །གསུམ་པ་ཡིད་ཆེས་དང་འགལ་ན་དམ་བཅའ་འཇིག་ཚུལ། དེ་ལྟ་ན་དེ་དང་འགལ་ན་དམ་བཅའ་འཇིག་སྟེ་དམ་བཅས་པས་ནི་རང་གི་གང་འདོད་པའི་དོན་གྱི་བསམ་པ་སྟོན་ལ། རང་ཚིག་དང་བསྟན་བཅོས་ཀྱི་འགལ་བ་གཞི་གཅིག་ལ་འདུས་ན་རྩི་ངན་པའི་ཞོ་ལྟར་དམ་བཅའ་དེ་འཇིག་གོ། དེས་ན་གཞན་དོན་དུ་དང་པོར་ཁས་ལེན་ཚུལ་སོགས་སྒྲའི་བརྗོད་པ་སྐྱོན་ཅན་གྱིས་རྩོད་པའི་སྐབས་སུ་རང་ཕམ་པ་ཡི་ཀླན་ཀ་དག་བསྐྱེད་པའི་ཕྱིར་སྤང་བར་བྱའོ། །བཞི་པ་གྲགས་བསལ་ལ། མཚན་ཉིད། དེའི་རང་བཞིན་ངེས་པར་བྱ་བ་གཉིས། དང་པོ། དམ་བཅས་ཉིད་ན་འཇིག་རྟེན་གྱི་ཚུལ་དང་འགལ་བ་ནི་གྲགས་པས་བསལ་བ་ཞེས་བྱ་བ་ཡིན་ནོ། །གཉིས་པ་ལ། སྒྲས་བརྗོད་རུང་མདོར་བསྟན། དེའི་ཚུལ་རྒྱས་བཤད་གཉིས། དང་པོ། མུ་སྟེགས་


MR11_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

བརྡ་སྤྲོ༷ད་པ་དག་སྒྲ་དོན་ལ་དངོས་འབྲེལ་ཡོད་པར་འདོད་པ་སྔར་བརྗོད་བྱ་རྗོད་བྱེད་བརྟག་པར་བཀག་ཟིན་ཅིང་། གཞན་སེལ་གྱི་སྐབས་སུ་སྒྲ་ཐམས་ཅད་བརྗོད་འདོད་དབང་གིས་འཇུག་པ་ཡང་བསྒྲུབས་ཟིན་དེས་ན་གྲགས་པའང་ཡོད་པར་འགྲུབ་བོ། །གཉིས་པ་ལ། མདོའི་ཚིག་གཉིས་དགོངས་པ་ཕྱེ་སྟེ་བཤད་པ། དེ་དག་གི་དགོངས་པ་དཔྱད་པ་བསྟན་པའོ། །དང་པོ་ལ། ཆོས་ཀུན་སྒྲས་བརྗོད་མི་རུང་ལ་གནོད་བྱེད་ཡོད་པའི་ཚུལ། སྒྲུབ་བྱེད་མེད་པའི་ཚུལ་གཉིས།དང་པོ་ལ། གཞན་གྱིས་བརྟག་པ་དགག །རང་གིས་འཐད་པ་བརྗོད་པ་གཉིས། དང་པོ་ལ། ཕྱོགས་སྔ་དང་། དེ་དགག་པ་གཉིས། དང་པོ། གཞན་བརྡ་སྤྲོད་པ་དག་ན་རེ་ཡོད་པའི་ཕྱིར་ཞེས་པའི་རྟགས་ཀྱིས་རི་བོང་ཅན་ཆོས་ཅན་དུ་བཟུང་ནས་དེ་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་ཡིན་པ་འགོག་པ་ལ། གཉིས་པ་ལ། ཐུན་མོང་མིན་པའི་མ་ངེས་པར་འགྱུར་ཚུལ། འགལ་བར་འགྱུར་བ་གཉིས། དང་པོ། ཡོད་རྟགས་འདི་ལ་དཔེ་མེད་པས་ཐུན་མིན་ཡིན་པས་སྒྲུབ་བྱེད་དུ་མི་རུང་ཞིང་གང་ཡོད་པ་རྣམས་ལ་འདོད་རྒྱལ་གྱི་སྒྲ་ཀུན་གྱིས་ཀྱང་བརྗོད་དུ་རུང་བའི་ཕྱིར་རོ། །གཉིས་པ། སྒྲ་ཡི་དོན་གྱི་སྟེ་དོན་སྤྱི་རྟོག་ཡུལ་དུ་ཡོད་པ་ཡིན་ནོ་ཅོག་ལ། ཟླ་བར་བརྗོད་རུང་ཕྱིར་གཏན་ཚིག་དེ་འགལ་བ་ཡིན་ནོ། །གཉིས་པ། འཐད་པ་བརྗོད་པ་ལ། བརྗོད་དུ་རུང་བའི་གྲགས་པ་དང་། སྒྲ་བྱུང་གི་གྲགས་པ་བཤད་པ་གཉིས། དང་པོ་ལ་བརྗོད་རུང་གི་གྲགས་པ་ངོས་གཟུང་། དེ་ཐམས་ཅད་ལ་ཁྱབ་པར་བསྒྲུབ། དེ་ལ་རྩོད་སྤང་གསུམ། དང་པོ། དེ་ལ་འཇིག་རྟེན་ན་ཚུལ་ལུགས་ལ་སྤྱོད་པའི་སྒྲ་ལས་བྱུང་བ་


MR11_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་རུང་གི་དོན་དེ་ཉིད་གྲགས་པ་ཞེས་བྱ་བ་ཡིན་པར་སློབ་དཔོན་གྱིས་བཞེད་དོ། །གཉིས་པ། གྲགས་པ་དེ་ཡང་ཤེས་བྱ་ཐམས་ཅད་ལ་སྦྱར་དུ་རུང་ཕྱིར་གྲགས་པས་ཀུན་ལ་ཁྱབ་བོ། །གསུམ་པ་ལ། རྩོད་པ་དང་། ལན་གཉིས། དང་པོ། དེ་ལ་སྔར་ཡོངས་སུ་མ་གྲགས་པ་ལ་གྲགས་པའི་སྒྲ་སྦྱར་བ་བུམ་སོགས་ལ་ཟླ་བ་ལྟར་འཇིག་རྟེན་པ་དང་འགལ་ཞེ་ན། གཉིས་པ། ཤེས་བྱ་ཀུན་ལ་དེ་ལྟར་གྲགས་སུ་རུང་བ་ལ་གྲགས་པའི་སྒྲ་མཛད་པ་ཡིན་གྱི་གྲགས་ཟིན་པ་མིན་ཏེ་དངོས་སུ་མི་འཚེད་ཀྱང་འཚེད་ནུས་ལ་འཚེད་པ་ཞེས་བཏགས་པ་བཞིན་ནོ། །གཉིས་པ་སྒྲ་བྱུང་གི་གྲགས་པ་ལ། དེ་གསུངས་པའི་དགོས་པ་དང་། དེ་རྗེས་དཔག་ཏུ་འདུ་ཚུལ་གཉིས། དང་པོ། གྲགས་སུ་རུང་བ་ཙམ་ཞིག་དོན་ཐམས་ཅད་ལ་གྲུབ་ན་ཡང་མིང་གི་བརྡ་དང་དེ་ཡང་བརྡ་གདགས་པའི་བརྗོད་འདོད་ལ་བརྟེན་པའི་རྒྱུ་དེ་གཉིས་ཀྱི་དོན་གང་ཡང་རུང་བ་རྗོད་བྱེད་ཀྱི་སྒྲ་གཅིག་གྲུབ་ན་ནི་དེས་དོན་ཐམས་ཅད་ལ་བརྗོད་རུང་གི་གྲགས་པ་གྲུབ་པོ་ཞེས་སྒྲུབ་བྱེད་ཡོད་པར་བསྟན་པའི་ཕྱིར་དུ་སྒྲ་ལས་བྱུང་བའི་གྲགས་པ་ཞེས་གསུངས་སོ། །གཉིས་པ། རི་བོང་ཅན་ཟླ་སྒྲས་བརྗོད་རུང་ཐམས་ཅད་ལ་གྲགས་པའི་རྗེས་དཔག་གིས་འགྲུབ་པས་རྗེས་དཔག་གི་ཡུལ་ལ་འགལ་བ་ཡིན་ན་ནི་མི་འཁྲུལ་བའི་རྗེས་དཔག་འཇིག་པ་མི་སྲིད་དོ། །གཉིས་པ་སྒྲུབ་བྱེད་མེད་ཚུལ་ལ། དངོས་དང་། དེ་ལྟར་མ་རྟོགས་པའི་ལུགས་དགག་པ་གཉིས། དང་པོ་ལ། གྲགས་པ་རྗེས་དཔག་ལས་ཡུལ་ཐ་དད་པར་བསྒྲུབ། དེས་ན་བརྡ་སྤྲོད་པའི་རྟགས་མ་ངེས་པར་འགྱུར་ཚུལ་གཉིས། དང་པོ། གྲགས་པ་དངོས་པོའི་དབང་གིས་བསྐྱེད་ན་ནི། རྗེས་དཔག་བཞིན་དུ་བྱས་མི་རྟག་ལྟར་རམ། མེ་དུ་ལྟར་རང་རང་གི་ཡུལ་ཁོ་ན་ལ་ངེས་པར་འགྱུར་


MR11_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞིག་ན། དེ་ལྟ་མིན་པར་བརྗོད་འདོད་ཀྱི་དབང་གིས་སྦྱར་བ་ལ་སྒྲ་རྣམས་ཡུལ་གང་ལའང་འཇུག་པ་སུས་ཁེག་སྟེ་ཐམས་ཅད་ལ་མི་འཇུག་པ་མེད་དོ། །གཉིས་པ་དེས་ན་ཆོས་ཀུན་ལ་འཇུག་ཏུ་རུང་བ་ཡི་གྲགས་པ་དེ་ནི་ཡུལ་འདིར་མི་འཇུག་ཅེས་བརྗོད་པའི་ཚུལ་ལ་ཡོད་སོགས་རྟགས་ཀུན་ལ་ཟླ་སྒྲས་བརྗོད་མི་རུང་གི་དཔེ་གཞན་རྙེད་དཀའ་བས་གཏན་ཚིགས་དེ་འདྲ་བ་ནི་ཐུན་མོང་ཉིད་མིན་པས་དཔེར་ན་སྒྲ་ལ་མཉན་བྱ་རྟགས་སུ་བཀོད་པ་བཞིན་ནོ། །གཉིས་པ་ལ། གཞན་གྱིས་སློབ་དཔོན་གྱི་དགོངས་པ་མ་རྟོགས་ཚུལ། རང་གིས་ཇི་བཞིན་དུ་བཤད་པ་གཉིས། དང་པོ། སྐབས་འདིར་རང་སྡེ་འགྲེལ་བྱེད་པ་དག་གིས་ཟླ་བ་གཅིག་ལས་མེད་པས་རི་བོང་ཅན་ཟླ་བར་བསྒྲུབ་རྟགས་ཐུན་མིན་རྟོགས་ཆེད། གང་ལ་ཐུན་མིན་སོགས། སློབ་དཔོན་གྱིས་གསུངས་ཟེར། དེ་མི་འཐད་དེ། གྲགས་རུང་གི་སྤྱི༷་མཚན་འཆད་པའི་སྐབས་ཡིན་པས་རི་བོང་ཅན་ལ་དཔེར་མཛད་ནས་དེ་ཡི་ཚུལ་ཇི་འདྲ་བར་ཤེས་བྱ་ཀུན་ལ་བརྗོད་རུང་གིས་ཁྱབ་པར་བསྟན་པ་ཡིན་གྱི་གཞན་མིན་ཏེ། ད་ཏྲིག་ཤིང་ཞེས་པའི་སྒྲས་བརྗོད་རུང་མིན་སོགས་ལའང་གྲགས་པས་གནོད་པ་མཚུངས་པ་ཡིན་ཞིང་དེ་ལྟར་སློབ་དཔོན་གྱིས་གསུངས་པའི་ཕྱིར། གཉིས་པ་ལ། ཟླ་སྒྲ་ཐུན་མོང་པར་བསྒྲུབ། དེ་དངོས་པོ་སྟོབས་སུ་གྱུར་པ། བརྗོད་རུང་འགོག་ན་གྲགས་བསལ་འབབ་ཚུལ་གསུམ། དང་པོ། སྤོས་སྦྱོར་ལས་ག་བུར་དང་ནི་བཅུད་ལེན་ལས་དངུལ་ཆུ་སོགས་ལའང་ཟླ་བའི་སྒྲ་ནི་རི་བོང་ཅན་ལས་གཞན་དེ་དག་དུའང་གྲགས་པ་དེ་ཉིད་དཔེར་བྱས་ནས་བསིལ་ཟེར་ཅན་ལའང་ཟླ་བ་ཞེས་བརྗོད་དུ་རུང་བར་སྒྲུབ་པ་ཐུན་མོང་གི་


MR11_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་སུ་གསུངས་ཀྱི་ཐུན་མིན་དུ་ག་ལ་འགྱུར། གཉིས་པ། བརྗོད་འདོད་ཀྱི་བརྡ་གཅིག་ལ་འཇུག་ཡུལ་རྣམས་ཐུན་མོང་བ་ཡིན་པས་ན་བརྡ་དེ་ཡུལ་གཅིག་ལ་གྲུབ་ན་གཞན་ཀུན་ལའང་འགྲུབ་པ་འདི་ནི་དངོས་པོ་སྟོབས་ཞུགས་ཡིན་ནོ། །བརྗོད་འདོད་ཀྱི་གྲགས་པ་འགོག་ན་ཁྱེད་ཀྱི་རི་བོང་ཅན་སོགས་སུ་འདོད་པའང་འཇིག་གོ། གསུམ་པ། དེས་ན་རྒྱུ་མཚན་ཅན་སྒྲ་བསིལ་བྱེད་སོགས་དཔྱད་ན་ཐམས་ཅད་ལ་འཇུག་མི་སྲིད་ཀྱང་དེའི་རྩ་བ་བརྗོད་པར་འདོད་པས་སྦྱར་བའི་བརྡ་ཟླ་བ་ལྟ་བུ་སོགས་ཡུལ་ཀུན་ལ་འཇུག་ཏུ་རུང་བཞིན་དུ་བརྗོད་རུང་འགོག་ན་དེ་བརྗོད་དུ་རུང་བར་འཇིག་རྟེན་ན་གྲགས་ཤིང་གྲུབ་བའི་ཚུལ་གྱིས་གནོད་པས་གྲགས་པ་དག་དང་འགལ་བ་ཞེས་བྱ་བར་དགོངས་སོ། །གཉིས་པ་དེ་དག་གི་དགོངས་པ་དཔྱད་པ་ལས། གཞན་ལུགས་དགག །རང་ལུགས་གཞག་པ་གཉིས། དང་པོ་ལ། བརྡ་དང་ཐ་སྙད་ཀྱི་གྲགས་པ་གཉིས་སུ་འབྱེད་པ། དངོས་དང་ཞེན་བའི་བརྗོད་རུང་གི་གྲགས་པ་གཉིས་སུ་འབྱེད་པ། མདོའི་བཤད་ཚུལ་གཉིས་དངོས་ཞེན་དུ་འཆད་པ་དགག་པ་གསུམ།དང་པོ་ལ། ཕྱོགས་སྔ་དང་། ལན་གཉིས། དང་པོ། བོད་ལ་ལ་གྲགས་པ་ལ་མིང་གི་རྣམ་པ་ཙམ་བརྡ་ཡི་གྲགས་པ་དང་དོན་ལྡོག་ངེས་པ་ལ་སྒྲ་བློས་ཞེན་རུང་ཐ་སྙད་ཀྱི་གྲགས་པ་གཉིས་སུ་འབྱེད་པ་ཡོད་ཀྱང་། གཉིས་པ། མི་འཐད་དེ་མཚོན་བྱ་ལ་ཐ་སྙད་དུ་བྱེད་ན་འདི་ཡི་སྐབས་སུ་བབ་པའི་དོན་མིན་ལ་ཐ་སྙད་ཀྱི་མཚན་ཉིད་དེ་འདྲ་བ་དོན་ལྡོག་ལ་སྒྲ་བློ་མ་འཁྲུལ་བའི་ཞེན་རུང་སྔར་བཀག་ཟིན་ཏོ། །གཉིས་པ་ལ། ཕྱོགས་སྔ་དང་། ལན་གཉིས། དང་པོ། ཡང་བོད་ཁ་ཅིག་དངོས་སུ་བརྗོད་རུང་


MR11_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སྤྱི་དང་ཞེན་པའི་བརྗོད་རུང་དངོས་པོ་སྟེ་དེ་དག་གི་བརྡ་ཡི་གྲགས་པ་གཉིས་ཞེས་ཟེར། གཉིས་པ། རྣམ་པར་ཕྱེས་ཏེ་འཆད་ན་གཉིས་སུ་དབྱེ་རྒྱུ་ཡོད་མོད་ཀྱི་བརྡ་ལ་འཇུག་པའི་ཚེ་ན་རྣམ་དབྱེ་མེད་པར་འཇུག་གོ། གསུམ་པ། དེས་ན་མ དོ་ཡི་བཤད་ཚུལ་རྣམ་པ་གཉིས་པོ་དེ་དངོས་དང་ཞེན་པར་སྦྱར་ནས་འཆད་པ་འཁྲུལ་ཏེ་དགོངས་པ་མ་ལོན་ནོ། །གཉིས་པ་རང་ལུགས་ལ། བཤད་ཚུལ་གཉིས་ཀྱི་དགོངས་པ་བསྟན་པ་དང་། དེ་ལྟར་ཤེས་པའི་དགོས་པ་བསྟན། དང་པོ། དེས་ན་མདོ་ཡི་བཤད་ཚུལ། སྔ་མས་སྒྲ་བྱུང་གྲགས་པ་ལ། གནོད་བྱེད་ཀྱི་རྗེས་དཔག་མེད་པར་དགག་མི་ནུས་སོ་ཞེས་སྟོན་པའི་ཕྱིར་ཏེ་དེ་ཚད་མས་མི་ཁེགས་པའམ། ཡང་ན་དེ་ལ་འགལ་ཟླ་ཉིད་དུ་གྱུར་པའི་ཚད་མ་མེད་པ་དེས་ན་གྲགས་པའི་རྗེས་དཔག་གཞལ་བྱ་ལ་མཐའ་གཅིག་ཏུ་ངེས་ཕྱིར་བརྗོད་རུང་མི་འདོད་པ་ལ་གྲགས་པའི་གནོད་བྱེད་སྟོན་པའི་ཆེད་ཡིན་ལ་བཤད་ཚུལ་ཕྱི་མ་གྲགས་པའི་རྗེས་དཔག་ལས་དངོས་སྟོབས་རྗེས་དཔག་ཡུལ་ཐ་དད་དེ་སྔ་མའི་ཡུལ་དངོས་མེད་དང་ཕྱི་མའི་ཡུལ་དངོས་པོ་ཡིན་པའི་ཡུལ་གྱི་དབྱེ་བ་བསྟན་པ་དག་གི་ཆེད་ཡིན་ནོ། །མདོར་ན་མདོའི་རྗེས་དཔག་མེད་ཅེས་པས་སྒྲུབ་བྱེད་མེད་ལ་གྲགས་པས་གནོད་བྱེད་ཡོད་ཅེས་སོ། །གཉིས་པ། དེ་ལྟར་གཞན་སེལ་གྱི་སྒོ་ནས་བརྗོད་བྱ་རྗོད་བྱེད་ཤེས་ན་གྲགས་པ་ཡི་བསལ་བ་མཁས་པའི་དགོངས་པ་ཇི་ལྟ་བ་བཞིན་འགྲུབ་བོ། །ཚད་མ་རིགས་པའི་གཏེར་ལས་རང་དོན་རྗེས་དཔག་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཅུ་པའོ།། །།གཉིས་པ་གཞན་དོན་རྗེས་དཔག་ལ། མཚན་ཉིད། རྗེས་དཔག་སྨྲ་བ་པོའི་གང་ཟག །རྩོད་


MR11_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངག་གི་དབྱེ་བ་གསུམ། དང་པོ། གཞན་དོན་རྗེས་དཔག་རྒོལ་བ་རང་ཉིད་ཀྱིས་མཐོང་བ་ཡི་དོན་རྟགས་ཀྱི་སྒོ་ནས་གཞན་ལ་སྟོན་པའི་ངག་གོ། གཉིས་པ་ལ། སོ་སོའི་མཚན་ཉིད། རྒྱལ་ཕམ་གྱི་རྣམ་གཞག །དེ་ལ་དཔང་པོས་ཇི་ལྟར་སྒྲུབ་ཚུལ་གསུམ། དང་པོ། རྒོ༷ལ་དང་ཕྱིར་རྒོ༷ལ་དཔང་པོ་གསུམ། སྒྲུབ་བྱེད་བརྗོད་པར་ཁས་ལེན་པ་དང་སུན་འབྱིན་བརྗོད་པར་དང་རྒྱལ་ཕམ་གྱི་བརྡ་སྤྲོ༷ད་པར་ཁས་ལེན་པའོ། །གཉིས་པ། རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ལ་སྐྱོན་ཅན་བརྗོད་པ་དང་། སྐྱོན་མེད་ཡོན་ཏན་ཅ ན་བརྗོད་པ་ཉིད་ཀྱིས་རིམ་བཞིན་ཚར་གཅོད་པ་དང་རྗེས་འཛིན་འཇུག་ལ་དེ་ལྟར་སྐྱོན་ཡོན་ཕྱེ་ནས་སྟོན་ན་རྒྱལ་ཕམ་ཡོད་དེ་མིན་ན་རྒྱལ་ཕམ་གཉིས་ཀ་མིན་པར་གསུངས། བརྫུན་རླབས་དང་བསླུ་བྲིད་གཡོ་སྒྱུས་ཚར་གཅད་ཀྱང་དེས་གྲུབ་མཐའ་བསྲུང་མི་ནུས་པས་དེ་འདྲ་བ་ལ་རྒྱལ་ཕམ་མི་བཞེད་དོ། །གསུམ་པ་དཔང་པོས་ཇི་ལྟར་སྒྲུབ་ཚུལ་ལ། སྤྱི་བྱེ་བྲག་གཉིས། དང་པོ། འཇིག་རྟེན་དང་། ཆོས་ལུགས་གཉིས། དང་པོ། ཇི་ལྟར་ན་ནོར་སོགས་འཕྲོག་པ་དང་གོ་འཕང་སོགས་སྦྱིན་པས་འཇིག་རྟེན་པ་དག་གིས་ཚར་གཅད་པ་དང་རྗེས་འཛིན་འདོད་དོ། །གཉིས་པ། གྲུབ་མཐའ་བླང་དོར་བྱེད་པ་ལ། དམ་པས་ནོར་བ་ཚར་གཅད་པ་དང་བདེན་པ་རྗེས་སུ་འཛིན་པ་ཡིན་པར་འདོད་དོ། །གཉིས་པ་བྱེ་བྲག་ཚར་གཅད་པའི་གནས་ལ། འཐད་པ་བརྗོད་པ་དང་།འཁྲུལ་བ་དགག་པ་གཉིས། དང་པོ། ཚར་གཅད་ནི་རྒོལ་བ་གཉིས་ལས་དབྱེ་བའི་བཞི་རུ་གྲངས་ངེས་པ་སྟེ་རྒོལ་བས་བསྒྲུབ་པའི་ཡན་ལག་མི་བརྗོད་ཡན་ལག་མིན་པ་བརྗོད་པ་གཉིས། ཕྱིར་རྒོལ་བས་སྐྱོན་མིན་བརྗོད་པ་སྐྱོན་མི་བརྗོད་པ་གཉིས་སོ། །དེ་དག་ནི་རིགས་པ་མཁྱེན་


MR11_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆོས་ཀྱི་གྲགས་པའི་དགོངས་པ་ཡིན་ནོ། །གཉིས་པ་ལ། གངས་ཅན་པའི་ལུགས་དང་། རྐང་མིག་གི་ལུགས་དགག་པ་གཉིས། དང་པོ་ལ། ལུགས་དེ་བརྗོད་པ་དང་། དགག་པ་གཉིས། དང་པོ། དེ་དང་མི་མཐུན་པའི་ལུགས་ནི་འདི་ལྟར་རྒོལ་བ་ལ་ནི་དྲིས་ན་མི་བརྗོད་པ་སོགས་གསུམ། སྐྱོན་མི་སྤང་སོགས་གསུམ་སྟེ་གསུམ་ཚན་གཉིས་ཏེ་དྲུག ཕྱིར་རྒོལ་ལ་ཡང་འདྲི་ཚེ་མི་འདྲི་བ་སོགས་གསུམ། སྐྱོན་མི་བརྗོད་སོགས་གསུམ་སྟེ་གསུམ་གཉིས་དྲུག །དཔང་པོ་ལ་ཤན་མི་འབྱེད་པ་སོགས་གསུམ་ཐུན་མོང་ཀུན་ལ་རྣ་བ་མི་གཏོད་པ་གཅིག་སྟེ་མདོར་ན་གངས་ཅན་པ་རྣམས་བཅུ་དྲུག་འདོད་དོ། །གཉིས་པ། དེ་མི་འཐད་དེ་རྒོལ་བ་གཉིས་སོ་སོའི་སྐྱོན་གྱིས་ཚར་གཅད་འོས་པ་ཡིན་ན་སྔ་མ་བཞི་པོར་འདུས།དེར་འདུས་པ་ཞིག་མིན་ན་ནི་ཚར་གཅད་པར་བྱ་བ་ཉིད་ཀྱང་མ་ཡིན་ནོ། །དཔང་པོ་ལ་ནི་ཚར་གཅད་མེད་དེ་དེ་དཔང་པོར་འོས་པ་ཞིག་མིན་ན་དཔང་པོར་མི་རུང་ལ་ཡིན་ན་དེ་ལའང་ཚར་གཅད་པ་ཅི་ནས་བྱེད་ན་ཧ་ཅང་ཐལ་ཏེ་དེ་ཚར་གཅོད་བྱེད་ཡིན་པས་སོ། །གཉིས་པ་ལ། ཕྱོགས་སྔ་བརྗོད། དེ་ལས་འཁྲུལ་བའི་ཆ་དགག་པ་གཉིས། དང་པོ། ཕྱི་རོལ་བའི་ལུགས་ལ། དམ་བཅའ་ལ་གནོད་དམ་བཅའ་གཞན། །དམ་བཅའ་འགལ་དང་དམ་བཅའ་སེལ། །གཏན་ཚིགས་གཞན་དང་དོན་གཞན་དང་། །དོན་མེད་པ་དང་དོན་མི་ཤེས། །དོན་བྲལ་དུས་ལ་མ་བབ་དང་། །མ་ཚང་ལྷག་དང་ཡང་བརྗོད་དང་། །རྗེས་སུ་མི་སྨྲ་མི་ཤེས་དང་། །སྤོབས་པ་མེད་དང་རྣམ་གཡེང་དང་། །འདོད་པ་ཁས་ལེན་བརྒལ་བརྟག་འདོར། །རྗེས་སུ་སྦྱོར་མེད་ལ་སྦྱོར་དང་། །གྲུབ་


MR11_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཉམས་དང་རྟགས་ལྟར་སྣང་། །ཐུབ་པ་རྐང་མིག་གིས་བཤད་པའི། །ཚར་གཅད་ཉི་ཤུ་རྩ་གཉིས་ཡིན། །གཉིས་པ་ལ། མདོར་བསྟན་པ། རྒྱས་པར་ཕྱེ་སྟེ་དགག་པ་གཉིས། དང་པོ། དེ་ལ་དཔལ་ལྡན་གྲགས་པ་ཡིས། །དེའི་ཆ་འགའ་ཞིག་ཚར་གཅད་མིན་པར་བཤད། །ཚར་གཅད་ཡིན་ན་གཉིས་པོར་སྡུད་རུང་སྟེ་ཞེས་སོ། །གཉིས་པ་ལ། སྔ་མ་ཉེར་གཅིག་པོ་ཚར་གཅད་ཡིན་མིན་སོ་སོར་བཤད་པ་དང་། ལྟག་ཆོད་སྤྲོས་ཏེ་བཤད་པ་གཉིས། དང་པོ། དེ་ཡང་འདི་ལྟར་དང་པོ་དམ་བཅའ་ལ་གནོད་ཚར་གཅད་ནི། སྒྲུབ་པའི་ཡན་ལག་མིན་པ་བརྗོད་པ་ཡིན་པས་ན་ཚར་གཅད་ཡིན་ཕྱིར་དེར་འདུའོ། །དམ་བཅའ་གཞན་པའི་ཚར་གཅད་ནི། སུན་འབྱིན་ཤེས་ན་རྟགས་དེ་མ་ངེས་འདུས། དམ་བཅའ་རྟགས་དཔེ་ཚད་མ་རང་ཚིག་སོགས་འགལ་བ་ནི་དམ་བཅའ་བརྗོད་ན་ལྷག་པའི་སྐྱོན། མ་བརྗོད་རྟགས་ཀྱི་སྐྱོན་འགལ་མ་ངེས་མ་གྲུབ་གསུམ་པོ་གང་རུང་དུ་འགྱུར། རྟགས་ལ་སྐྱོན་མེད་ཚར་གཅད་དུ་འཐད་པ་མིན་ནོ། །དམ་བཅའ་སེལ་བའང་སྔར་གྱི་མ་ངེས་པར་འདུས་པས་ཚར་བཅད་ཟིན་པས་འདིར་དམ་བཅའ་བཏང་བའི་ཚར་གཅད་ཅེས་ཡང་ཚར་གཅད་གཉིས་པ་དོན་མེད་ཡིན་ཏེ་དགོས་ན་མི་སྨྲ་བ་དང་འབྲོས་པའི་ཚར་གཅད་སོགས་ཀྱང་ཐོབ་པར་ཐལ་ལོ། །གཏན་ཚིགས་གཞན་པ་ངག་རྫོགས་ན། མ་ངེས་པ་ཡིན་ལ་ལན་གྱི་སྐབས་མི་སྟེར་ན་ད་རུང་ངག་ཚིག་མ་རྫོགས་པའི་རེ་ཞིག་ངག་རྫོགས་པའི་བར་དུ་ཚར་གཅོད་མིན། དོན་གཞན་པའི་ཚར་གཅད་ཅེས་པ་དེ་བརྟག་ན་རྒོལ་བ་དག་གིས་གཏན་ཚིགས་མ་ངེས་པ་བརྗོད་པས། ཚར་གཅད་བྱ་ཡིན་ལ་ཕྱིར་རྒོལ་གྱིས་སྐྱོན་མིན་པ། བརྗོད་པའི་སྒོ་ནས་


MR11_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་གཅད་ཡིན་གྱི། དེ་ལས་གཞན་པའི་སྒོ་ནས་ཚར་གཅད་ཐོབ་པ་མིན་ནོ། །དོན་མེད་པ་ནི་སྒྲུབ་པ་ཡི། ཡན་ལག་མིན་པ་བརྗོད་པ་ལས་གཞན་མིན་ནོ། །དོན་མི་ཤེས་པ་དོན་མེད་འདྲ། སྒྲུབ་པའི་ཡན་ལག་མིན་པར་འདུས་ཏེ་དེས་བསྒྲུབ་བྱ་མི་འགྲུབ་པས་སོ། །དོན་ལྡན་པའི་སྒྲ་ལན་གསུམ་བརྗོད་ཀྱང་མ་གོ་ན་ཕྱིར་རྒོ༷ལ་གྱིས་མ་རྟོགས་པས་དེ་ཚར་མི་གཅད་པར་རྒོལ་བ་ཚར་གཅད་པར་རིགས་པ་མིན་ནོ། །དོན་བྲལ་ཞེས་པ་བསྙོན་ཚིག་མ་འབྲེལ་བ། གཏོལ་མེད་སྨྲ་བ་དེ་ནི་དམ་བཅའི་སྒྲུབ་བྱེད་མིན་པས་སྒྲུབ་པའི་ཡན་ལག་མིན་པར་འདུས་ཀྱི་ལོགས་སུ་ཕྱེ་བ་མི་འཐད་དོ། །དུས་ལ་མ་བབ་པ་ན་ངག་གོ་རིམ་བཟློག་ཀྱང་རུང་ངག་དེ་ལས་དོན་གོ་ན་ཚར་གཅད་མིན་ཏེ་གང་ལྟར་བརྗོད་ཀྱང་མི་འགལ་བས་སོ། །དོན་མི་གོ་ན་དེས་བསྒྲུབ་བྱ་མི་འགྲུབ་པས་སྒྲུབ་པ་ཡི་ཡན་ལག་མིན་པ་བརྗོད་པར་འདུས་སོ། །མ་ཚང་བ་ཞེས་པ་ལ་སྦྱོར་བ་ཡན་ལག་གཉིས་པའི་ངག་གང་རུང་མ་ཚང་ན་སྐྱོན་ཡིན་གྱི་ཁྱོད་ལྟར་ལྔ་པའི་དམ་བཅའ་མེད་སོགས་ཏེ་མཇུག་སྡུད་ཉེར་སྦྱོར་མེད་ཀྱང་མི་དགོས་པས་ཚར་གཅད་མིན་ནོ། །ལྷག་བརྗོད་ནི་སྒྲུབ་ངག་ངེས་ཅན་འདོད་པ་ངེད་ཀྱི་ལུགས་ལ་དེ་སྒྲུབ་བྱེད་མིན་པ་བརྗོད་པར་འདུས་ཀྱི། ཁྱེད་ཀྱི་ལུགས་ལ་ཚར་གཅད་མིན་པར་འཐད་དེ་ཁྱོད་གཏམ་རྒྱུད་སྣ་ཚོགས་ཀྱི་ངག་སྐྱོན་མིན་པར་འདོད་པས་སོ། །ཡང་བརྗོད་པ་ནི་སྒྲ་ཟློས་ཀྱང་དོན་མི་ཟློས་པ་ཁྱོད་དགའ་ན་ང་དགའ་ཟ་ན་ཟ་ལྟ་བུ་སྐྱོན་མ་ཡིན་ལ། དོན་ཟློས་ན་ཕྱི་མ་དོན་མེད་པས་སྒྲུབ་བྱེད་མིན་པར་འདུས། དེ་ཡང་སྒྲུབ་པའི་ངག་འགོད་པ་ལ་ཡིན་གྱི་དོན་གོ་བར་བྱ་བའི་ཕྱིར་གཏམ་རྒྱུད་སོགས་རྒྱས་པར་གཏན་ལ་ཕབ་པ་ལ་རྩོད་པའི་སྐབས་འདི་ཡང་སྐྱོན་མིན་ནོ། །རྗེས་


MR11_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མི་སྨྲ་བ་ནི་ཕྱིར་རྒོལ་གྱིས། རྒོལ་བའི་ཁ་ནས་སྨྲས་ཚད་ཀྱི་ངག་ཀུན་དང་པོར་བརྗོད་དགོས་ངེས་མེད་པས་དེ་མ་བརྗོད་པ་སྐྱོན་མིན་ལ་དགོས་ངེས་པ་སུན་འབྱིན་མ་བརྗོད་ན་ཕྱིར་རྒོལ་ཁོ་རང་སྤོབས་པ་མེད་པའི་ནང་དུ་འདུས་སོ། །གལ་ཏེ་ངེས་པར་བརྗོད་དགོས་ན་ཀླ་ཀློའི་སྐད་སོགས་མི་ཤེས་པས་བརྗོད་ཀྱང་ལན་མི་ཤེས་པ་ཚར་གཅད་ཡིན་ཕྱིར་དེ་ལྟ་བུའི་སྒོ་ནས་ཁྱེད་ཀྱང་ཚར་གཅོད་དེར་འགྱུར་བར་སླ་མོད་ཅེས་སོ། །རྐང་པ་གཅིག་འདི་འགྲེལ་ཚིག་རྩ་བར་ཤོར་བའོ། །དོན་མི་ཤེས་པ་ཞེས་པ་ཕྱིར་རྒོལ་ནི།དོན་མ་ཤེས་ན་ལན་ལ་སྤོབས་པ་མེད་ལས་གཞན་དུ་མིན། མི་སྤོབས་པ་ནི་རྒོལ་བས་མ་སྤོབས་ན་སྒྲུབ་པའི་ཡན་ལག་མི་བརྗོད་པའམ། ཕྱིར་རྒོལ་གྱིས་མ་སྤོབས་ན་སྐྱོན་མི་བརྗོད་པའི་ཁོངས་སུ་འདུས། རྣམ་གཡེང་ལ་བདག་ནའམ་རྗེས་ནས་ལན་ལྡོན་ནོ་ཞེས་སོགས་དངོས་གནས་དྲང་པོ་ཡིན་ན་ནི་ཚར་གཅད་མིན་ལ། གཡོན་ཅན་ནི་ལན་མ་ཐེབ་པའི་སྤོབས་པ་མེད་པར་འདུས། འདོད་པ་ཁས་ལེན་པ་ལ་རྟགས་མ་ངེས་པར་སྟོན་ཆེད་ཤེས་ནས་ལན་དེ་བཏང་བ་དང་མི་ཤེས་པར་རྟགས་ཁས་བླངས་ནས་སྐྱོན་དེ་གཞན་ལ་སྦྱོར་བ་གཉིས་སུ་ཡོད་པ་དེ་དག་རིམ་བཞིན་དང་པོ་ཕ་རོལ་པོའི་སྨྲས་པའི་རྟགས་མ་ངེས་པར་སྟོན་པའི་ཕ་རོལ་གྱི་སྐྱོན་ཡིན་ལ། གཉིས་པ་ལན་འདེབས་པ་པོའི་རྟགས་སྐྱོན་ཅན་ལ་སྐྱོན་མི་བརྗོད་པའི་ཚར་བཅད་ཡིན་ནོ། །བརྒལ་བརྟག་འདོར་བ་ནི་རྒོ༷ལ་བ་གཉིས་སུ་ཡིན་ཡང་སྐྱོན་ཅན་ལ་བརྒལ་བརྟག་མ་ནུས་པས་སྤོབས་པ་མེད་པའི་ནང་དུ་འདུས། སྐྱོན་རྗེས་སུ་སྦྱོར་མེད་ལ་སྐྱོན་ལྟར་སྣང་སྦྱོར་བའང་སུན་འབྱིན་ལྟར་སྣང་བརྗོད་པ་པོ་སྤོབས་པ་མེད་པ་ལས་གཞན་


MR11_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

མིན། རང་གི་གྲུབ་མཐའ་ཉམས་པ་ནི་སྒྲུབ་པ་ཡི་ཡན་ལག་མི་བརྗོད་པ་ཉིད་ཡིན་ནོ། །གཉིས་པ་ལ། མདོར་བསྟན། རྒྱས་བཤད། དེ་ལྟར་སྤྲོ་བའི་དགོས་པ་གསུམ། དང་པོ། གཏན་ཚིགས་ལྟར་སྣང་འགོད་པའི་རྒོལ་བ་ཚར་གཅད་ཀྱི་གནས་ཡིན་ཏེ། དཔེར་ན་འཆད་འགྱུར་གྱི་གཏན་ཚིགས་ལྟར་སྣང་བ་ལྟག་ཆོད་བརྗོད་པ་བཞིན་ནོ། །གཉིས་པ་ལ། ཀུན་བཏུས་སུ་གསུངས་པའི་ལྟག་ཆོད་བཅུ་བཞི། རིགས་སྒོར་གསུངས་པའི་ལྟག་ཆོད་བཅུ་བཤད། དེ་ཉེར་བཞི་བཀག་ཟིན་པས་སློབ་དཔོན་གྱིས་བཏང་སྙོམས་མཛད་ཚུལ་གསུམ། དང་པོ། དེ་ལ་ལྟག་ཆོད་གང་ཞེ་ན། ཕྲད་དང་མ་ཕྲད་མཚུངས་པའི་ལྟག་ཆོད་དང་གཏན་ཚིགས་དང་མཚུངས་པའི་ལྟག་ཆོད་དང་། རྟགས་དང་མཚུངས་པའི་ལྟག་ཆོད་དང་། མ་སྨྲས་པ་དང་མཚུངས་པའི་ལྟག་ཆོད་དང་། མ་སྐྱེས་པ་དང་མཚུངས་པའི་ལྟག་ཆོད་དང་། འབྲས་བུ་མཚུངས་པའི་ལྟག་ཆོད་དང་། ཆོས་མཐུན་པ་དང་མཚུངས་པའི་ལྟག་ཆོད་དང་། མི་མཐུན་པ་དང་མཚུངས་པའི་ལྟག་ཆོད་དང་། རྣམ་རྟོག་མཚུངས་པའི་ལྟག་ཆོད་དང་། ཁྱད་པར་མེད་པར་མཚུངས་པའི་ལྟག་ཆོད་དང་། དམིགས་པ་དང་མཚུངས་པའི་ལྟག་ཆོད་དང་། ཐེ་ཚོམ་མཚུངས་པའི་ལྟག་ཆོད་དང་། དོན་གྱིས་གོ་བར་མཚུངས་པའི་ལྟག་ཆོད་དང་། ཐལ་འགྱུར་དང་མཚུངས་པའི་ལྟག་ཆོད་དེ་བཅུ་བཞི་པོ་རྣམས་ཀུན་ལས་བཏུས་སུ་གསུངས་པ་ཡིན་ནོ། །གཉིས་པ། རིགས་བརྟག་ལས། འཕེལ་བ་དང་མཚུངས་པའི། འགྲིབ་པ་དང་མཚུངས་པའི། བརྗོད་པ་དང་མཚུངས་པའི། མ་བརྗོད་པ་དང་མཚུངས་པའི། རིགས་པ་དང་མཚུངས་པ་དང་ནི་སོ་སོའི་དཔེ་མཚུངས་


MR11_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

པའི། བསྒྲུབ་བྱ་མཚུངས་པའི། མི་རྟག་པ་མཚུངས་པའི། རབ་བྱེད་དང་མཚུངས་པའི། དུས་འདས་མཚུངས་པའི་ལྟག་ཆོད་བཅུ་དང་ནི། གསུམ་པ། བསྡོམ་པའི་ཉི་ཤུ་རྩ་བཞི་ཕྱོགས་གླང་གིས་བཀག་ཕྱིར་གྲགས་པས་བཏང་སྙོམས་མཛད་དོ། །གསུམ་པ། ལྟག་ཆོད་འདི་དག་མ་ཤེས་ན། གཞུང་ལུགས་ཆེན་པོ་འཆད་པ་ཡི། ཕྱོགས་སྔ་ཕལ་ཆེར་མི་རྟོགས་པས། ཕྱོགས་ཙམ་ཕྱེ་སྟེ་བཤད་པ་ཡིན། བར་སྐབས་ཀྱི་ཚིགས་བཅད་དོ། །གསུམ་པ་རྩོད་ངག་ལ། གང་ཟག །དགོས་པ། བརྗོད་ཚུལ་གྱི་དབྱེ་བ་གསུམ། དང་པོ། རྒོལ་བ་གཉིས་དང་དཔང་པོ་སྟེ། གང་ཟག་གསུམ་ལ་རང་རང་གི་ལས་སུ་འོས་པ་བརྗོད་ཚུལ་དྲུག་ཡོད་དེ་རྒོལ་བས་དམ་བཅའ་འཇོག དེ་ལ་སྐྱོན་སྤང་གཉིས། ཕྱིར་རྒོལ་གྱིས་འདོད་པ་དྲི། སྐྱོན་བརྗོད་ཀྱི་ངག་གཉིས། དཔང་པོས་རྗེས་སུ་བརྗོད། རྣམ་པར་དབྱེ་བའི་ངག་གཉིས་སོ། །གཉིས་པ་ལ། སྒྲུབ་པ་དང་། སུན་འབྱིན་གཉིས། དང་པོ་ལ། བརྗོད་ཚུལ་ཡང་དག་དང་། ལྟར་སྣང་གཉིས། དང་པོ་ལ། མཚན་ཉིད། ངག་འགོད་ཚུལ། དེ་ལྟར་བཀོད་པའི་འབྲས་བུ་གསུམ། དང་པོ། ཚུལ་གསུམ་ཚང་བའི་སྒྲུབ་བྱེད་སྟོན་པ་སྒྲུབ་པའི་ངག་ཡང་དག་གི་མཚན་ཉིད་དོ། །གཉིས་པ་ལ། སྔ་རབས་པའི་ལུགས་དགག ཚད་མ་ཕྱི་རབས་པའི་ལུགས་གཞག་པ་གཉིས། དང་པོ། གྲངས་ཅན་པ་སོགས་སྔ་རབས་པ་དག་མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཚང་མང་བཞིན། ལ་ལའང་དུ་བ་ཡོད་པས། མེ་ཡོད་ཅེས་ཡན་ལག་ལྔ་ལྡན་འདོད་ལ། དེ་ལྔ་རིམ་


MR11_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

པས་དམ་བཅའ། རྟགས། དཔེ། ཉེར་སྦྱོར། མཇུག་སྡུད་ལྔར་བརྟགས་ཏེ། ཡན་ལག་ལྔ་ལ་དམ་བཅའ་དང་། ཉེར་སྦྱོར་མཇུག་སྡུད་གསུམ་པོ་ལྷག་སྟེ། དེ་གསུམ་པོ་དོན་ཟློས་པས་དེ་ལྟར་སྦྱར་བ་དོན་མེད་པ་དང་། བྱས་ན་མི་རྟག་པས་ཁྱབ་ལྟ་བུ་སྤྱི༷་ཁྱབ་སྟོན་པའི་ངག་མ་ཚང་ཕྱིར་ངག་སྦྱོར་འདི་མི་འཐད་དོ། །གཉིས་པ་ལ། གཞན་ལུགས་ངག་སྐྱོན་ཅན་དགག་རང་ལུགས་སྐྱོན་མེད་གཞག་པ། དེ་ལ་རྩོད་སྤང་གསུམ། དང་པོ། དེས་ན་ཁྱབ་པ་དང་ཕྱོགས་ཆོས་སྒྲུབ་པ་རྩོད་ངག་ཡང་དག་ནི་ཡན་ལག་གཉིས་ལྡན་ཏེ། དཔེར་ན། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་ཞེས་པ་ལྟ་བུའོ། །ཡན་ལག་གཉིས་ལྡན་དེ་ལའང་གསུམ་པ་སྦྱར་ནས་བྱས་པའི་ཕྱིར་ཞེས་པ་དང་། ལྔ་པ་སྦྱར་ནས་བྱས་པའི་ཕྱིར་ཞེ་ན་ཚིག་དེའི་ནུས་པས་དམ་བཅའ་འདྲེན་པའི་ངག་ཏུ་འགྱུར་ལ། གལ་ཏེ་དམ་བཅའ་མ་བརྗོད་ན། ངག་མ་རྫོགས་ཕྱིར་དོན་གྱིས་གོ་ན་ཡང་། བྱས་པའི་ཕྱིར་ཅི་ཞེས་དྲི་དགོས་འགྱུར་ཏེ། ཟན་ཟ་བར་གོ་ཡང་ཟ་བའི་ཕྱིར་ཞེས་བརྗོད་པ་ལྟ་བུའོ། །དེས་ན་བྱས་སོ་ཞེས་རྫོགས་ཚིག་སྦྱར་རོ། །གཉིས་པ་རང་ལུགས་ལ། བླུན་པོ་ལ་ངག་སྦྱོར་འགོད་ཚུལ་དང་། མཁས་པ་ལ་འགོད་ཚུལ་གཉིས། དང་པོ། བླུན་པོ་ལ་ནི་ཚིག་ཉུང་ལ་དོན་ཚང་བའམ་རྒྱས་པ་སྦྱར། ཕྱོགས་ཆོས་དང་ཁྱབ་པ་གཉིས་པོ་སྔ་ཕྱི་གང་ལྟར་བརྗོད་ཀྱང་དོན་ལ་ཁྱད་པར་མེད་མོད་གང་སྔོན་དུ་བརྗོད་ཀྱང་ཅིག་ཤོས་མཐའ་རྟེན་དུ་བརྗོད་དེ་དོན་དུ་དེ་གཉིས་རྫོགས་པའི་ཚིག་ཏུ་སྦྱར་དགོས་སོ། །དེ་ལ་བྱས་ན་མི་རྟག་པ་སྟོན་པའི་ཆོས་མཐུན་པ་ཉིད་ཅན་གྱི་ངག་


MR11_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་འགྲོའམ་མི་རྟག་པ་མིན་ན་བྱས་པ་མིན་པས་ཁྱབ་པ་བརྗོད་པ་ཆོས་མི་མཐུན་པ་ཉིད་ཅན་གྱི་ངག་ལྡོག་ཁྱབ་བརྗོད་པ་གཉིས་སམ་གང་རུང་རེས་འཐུས་སོ། །གཉིས་པ། ཁྱབ་འབྲེལ་ཚད་མའི་སྟོབས་ཀྱིས་ངེས་ཟིན་མ་བརྗེད་པའི་མཁས་པ་ལ་ནི་གཏན་ཚིགས་ཉིད་བརྗོད་པས་ཀྱང་གྲུབ་བོ། །གསུམ་པ། འོ་ན་ཀུན་ལས་བཏུས་ཀྱི་ཕྱོགས་ཆོས་དང་ནི་འབྲེལ་བ་དང་། བསྒྲུབ་བྱ་བརྗོད་བྱ་གཞན་རྣམས་སྤང་ཞེས་པའི་འབྲེལ་བ་དང་བསྒྲུབ་བྱའི་བར་གྱི་ཚིག་བསྡུ་བ། རང་གི་དོན་ཅན་ཟླས་དབྱེར་བཤད་ནས་ཕྱོགས་ཁྱབ་བསྒྲུབ་བྱ་གསུམ་ཀ་བརྗོད་དགོས་པར་གསུངས་པ་དང་འགལ་ཞེས་ཟེར་ཡང་ཕྱོགས་ཆོས་དང་འབྲེལ་བས་བསྒྲུབ་བྱ་བརྗོད་ཅེས་རྣམ་དབྱེ་གསུམ་པ་བསྡུས་པ་དེ་ཡི་སྐྱེས་བུའི། བསྡུ་བ་ཡིན་ཕྱིར་འགལ་བ་མེད་དོ། །གསུམ་པ་སྒྲུབ་ངག་གི་འབྲས་བུ། སྒྲུབ་ངག་གི་བྱེད་པའམ་འབྲས་བུ་ཕ་རོལ་ལ་རྗེས་དཔག་བསྐྱེད་པ་ཡིན་ནོ། །གཉིས་པ་སྒྲུབ་ངག་ལྟར་སྣང་ལ། མཚན་ཉིད། དབྱེ་བ་གཉིས། དང་པོ། སྒྲུབ་བྱེད་ཀྱི་ངག་ཡང་དག་མ་ཡིན་པ། བཀོད་པ་ཐམས་ཅད་སྒྲུབ་པ་ལྟར་སྣང་ཡིན་ནོ། །གཉིས་པ། ཚུལ་གསུམ་མ་ཚང་བ་བཀོད་པ་དོན་སྐྱོན་ཅན་དང་ཚང་ཡང་ཚད་མས་ངེས་མ་ནུས་པ་བློ་སྐྱོན་ཅན་དང་ངེས་ཀྱང་བརྗོད་མ་ཤེས་པས་སྒྲ་སྐྱོན་ཅན་དུ་གྱུར་པ་ཡི་དབྱེ་བ་ཡིས་སྒྲུབ་བྱེད་ལྟར་སྣང་དེ་ཡང་རྣམ་པ་གསུམ་ཡོད་དོ། །གཉིས་པ་སུན་འབྱིན་ལ། ཡང་དག །ལྟར་སྣང་གཉིས། དང་པོ་ལ། མཚན་ཉིད་དབྱེ་བ་གཉིས། དང་པོ། སྐྱོན་ལ་སྐྱོན་དུ་བརྗོད་པའི་སྒོ་ནས་ལོག་རྟོག་སེལ་བ་སུན་འབྱིན་ཡང་དག་གི་མཚན་ཉིད། གཉིས་པ། མཚན་ཉིད། གཏན་ཚིགས།


MR11_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་བྱའི་སྐྱོན་ཏེ་ཡུལ་སྐྱོན་ཅན་གསུམ་སུན་འབྱིན་པ་དང་དོན་བློ་སྒྲ་སྐྱོན་ཅན་གྱི་ངོ་བོ་གསུམ་ལ་བརྗོད་ཚུལ་རྣལ་མ་དང་ཐལ་བ་གཉིས་ཀྱིས་དབྱེ་བས་སུན་འབྱིན་རྣམ་པ་གསུམ་མོ། །གཉིས་པ་སུན་འབྱིན་ལྟར་སྣང་ལ།མཚན་ཉིད། དབྱེ་བ་གཉིས། དང་པོ། སུན་འབྱིན་ལྟར་སྣང་གི་མཚན་ཉིད་སྐྱོན་ལ་སྐྱོན་མི་བརྗོད་པ་ཡིན་ལ། དབྱེ་བ་ལ། དགག་གཞག་གཉིས། དང་པོ། ལྟར་སྣང་དེ་ལ་མུ་སྟེགས་བྱེད་དང་བོད་འགའ་ཞིག་ཚར་བཅད་ཉེར་གཉིས་དང་ལྟག་ཆོད་འགའ་ཞིག་གི་གྲངས་དང་། དོན་བློ་སྒྲ་སྐྱོན་སོགས་གྲངས་ངེས་སྣ་ཚོགས་བྱེད་མོད་དེ་མི་འཐད་དེ། དེར་མ་འདུས་པ་ཡོད་པས་སོ། །གཉིས་པ། དེས་ན་སྤྱི་རིགས་བསྡུས་ན། སྐྱོན་མི་བརྗོད་དང་སྐྱོན་མིན་བརྗོད། གཉིས་ཡིན་དབྱེ་བ་བསམ་མི་ཁྱབ་སྟེ། སྐྱེ་བོའི་ལོག་རྟོག་མཐའ་མེད་པའི་ཕྱིར་རོ། །གསུམ་པ་བརྗོད་ཚུལ་གྱི་དབྱེ་བ་ལ། བསྟན་བཤད་གཉིས། དང་པོ། བརྗོད་པའི་ཚུལ་ལ་རང་རྒྱུད་དང་། ཐལ་འགྱུར་གཉིས་ཡིན་ནོ། །གཉིས་པ་ལ། རང་རྒྱུད་བཤད་ཟིན་པར་བསྟན། ཐལ་འགྱུར་སྐབས་འདིར་བཤད་པ་གཉིས། དང་པོ། རང་རྒྱུད་ནི་སྒྲུབ་པ་ཡང་དག་ཡིན་པས། རང་དོན་རྗེས་དཔག་ཏུ་བཤད་ཟིན་ལ། གཉིས་པའང་། ཐལ་བའི་རྣམ་གཞག་དང་། དེ་ལ་ལན་འདེབས་ཚུལ་གཉིས། དང་པོ་ལ། དགག་གཞག་སྤང་གསུམ། དང་པོ་ལ། ཕྱོགས་སྔ་དང་། དེ་དགག་པ་གཉིས། དང་པོ་ལ། བསྟན་བཤད་གཉིས། དང་པོ། ཐལ་འགྱུར་ལ་རྟག་ཁྱབ་གྲུབ་མ་གྲུབ་ཀྱི་མུ་བཞི་ལས་ཁས་བླང་དང་ཚད་མས་གྲུབ་བསལ་ལ་ལྟོས་ཏེ་བཅུ་བཞི་དབྱེ་བ་ཡོད་ཅེས་


MR11_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

གངས་ཅན་པ་དག་དེ་ལྟར་འདོད་ཅིང་། གཉིས་པ། བཅུ་བཞི་པོ་དེ་ལ་ལན་གྱིས་བཟློག་པར་ནུས་དང་མི་ནུས་ལས། ཡང་དག་ལྟར་སྣང་བདུན་བདུན་ཡིན། དྲུག་དང་ཕྱེད་ཀྱིས་མི་འཕེན་ལ། བདུན་པའི་ཕྱེད་ཀྱིས་འཕེན་ཞེས་ཟེར་ཏེ། སྒྲ་མི་རྟག་པར་ཐལ། བྱས་པའི་ཕྱིར་ལྟ་བུ་དེས་ཆོས་ཅན་གཞི་གྲུབ་པ་སྒྲ་ལྟ་བུ་ལ་བཟློག་ན་རང་རྒྱུད་དུ་འགྱུར་བས་སྒྲུབ་བྱེད་འཕེན་ལ། དོན་དམ་པའི་སྒྲ་ལྟ་བུ་ཆོས་ཅན་དུ་བཞག་ན་ཆོས་ཅན་གཞི་མ་གྲུབ་པས་སྒྲུབ་བྱེད་མི་འཕེན་ཞེས་ཟེར་རོ། །གཉིས་པ་ལ། རྩ་བའི་དབྱེ་གཞི་མི་འཐད་པ་དང་། ཡན་ལག་གི་བཅུ་བཞིར་དབྱེ་བ་མི་འཐད་ཚུལ་གཉིས། དང་པོ། ཐལ་འགྱུར་གྱི་དབྱེ་བ་དེ་ལྟ་བུ་མི་འཐད་དེ། ཐལ་འགྱུར་ལ་དེ་ལྟར་དབྱེ་ན། རང་རྒྱུད་ལ་ཡང་མཚུངས་ཕྱིར་དང་། རྟགས་མེད་ན་ཁྱབ་པ་གྲུབ་མ་གྲུབ་དཔྱད་པ་སྲོག་ཆད་པ་ལ་དབང་པོ་ཡོད་མེད་དཔྱད་པ་ལྟར་འགལ་བའི་ཕྱིར་དང་། གཉིས་ཀ་དང་ཅིག་ཤོས་གྲུབ་མ་གྲུབ་སོགས་འབྱེད་ན་ལྟག་ཆོད་ཀྱི་དབྱེ་བ་ལྟར་ཕྱེད་གྲུབ་མ་གྲུབ་སོགས་ཕྱེ་དགོས་པས་ཁྱེད་ཀྱི་གྲངས་འདིར་ཡང་ངེས་པ་མི་རུང་ཕྱིར་ན་དང་པོ་རྩ་བའི་ཐལ་འགྱུར་བཞིར་དབྱེ་བ་མི་འཐད་དོ། །གཉིས་པ། མ་གྲུབ་གཉིས་སུ་ཕྱེ་བ་རྟགས་ཁྱབ་གཉིས་ཀ་མ་གྲུབ་པ་དེ་ཡི་ཕྱི་མ་རྟགས་མ་གྲུབ་པ་ལས་ལོགས་སུ་མེད་པས་ལྷག་ཅིང་སྒྲ་རྟག་སྟེ་བྱས་པའི་ཕྱིར་ལྟ་བུའི་འགལ་བའི་ཐལ་འགྱུར་ལྟར་སྣང་ཆད་དེ་མ་ཚང་བ་དང་། རྟགས་ཤེས་འདོད་ལ་གྲུབ་པ་མེད་པ་ལ་ཁྱབ་པ་གྲུབ་པ་ཡོད་པ་དོན་དུ་འཁྲུལ་བ། དེས་ན་ཐལ་འགྱུར་བཅུ་བཞི་རུ་གྲངས་དབྱེ་བ་འདི་འཐད་པ་མིན་ནོ། །གཉིས་པ་རང་ལུགས་ལ། ཐལ་


MR11_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཡང་དག་དང་། ལྟར་སྣང་གཉིས། དང་པོ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ། ཕྱོགས་སྔའི་འདོད་པའམ་ཁས་བླངས་ཀྱི་རྟགས་དེ་རྟགས་སུ་བརྗོད་ནས་མི་འདོད་སྒྲུབ་པ་ཐལ་འགྱུར་ཡང་དག་གི་མཚན་ཉིད་དོ། །གཉིས་པ་ལ། སྒྲུབ་བྱེད་འཕེན། མི་འཕེན། དེ་དག་གི་དབྱེ་བ་དཔེར་བརྗོད་པ་གསུམ། དང་པོ་ལ། མཚན་ཉིད། བཟློག་ན་སྒྲུབ་ངག་ཏུ་འགྱུར་བའི་འཐད་པ། ཐལ་བའི་ངག་ལས་རང་རྒྱུད་འཕེན་ཚུལ་གསུམ། དང་པོ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ནི་དངོས་སུ་ཐལ་བ་འཕང་བས་བཟློག་ན་ཚུལ་གསུམ་ཚང་བ་ཡིན་ལ། དེ་ཡང་རྟགས་ཕྱིར་རྒོལ་གྱིས་བདེན་ཞེན་གྱིས་ཁས་ལེན་པ་སོགས་ཆོས་གསུམ་ལྡན་ཞིག་དགོས་སོ། །གཉིས་པ། དངོས་སུ་རྟགས་ཚད་མས་མ་གྲུབ་པའི་ཕྱིར་སྒྲུབ་པའི་ངག་མིན་ཡང་བཟློ༷ག་ན་ཚུལ་གསུམ་སྒྲུབ་པའི་མཚན་ཉིད་ཡོད་དོ། །གསུམ་པ་ལ། དགག་གཞག་གཉིས། དང་པོ་ལ། ཕྱོགས་སྔ་དང་། དེ་དགག་པ་གཉིས། དང་པོ། རང་རྒྱུད་འཕེན་ཚུལ་ལ། གཞན་ཁ་ཅིག་ཐལ་བའི་ཆོས་བཟློག་པས། སྒྲུབ་པའི་ངག་ཉིད་ཚང་བར་འཕེན་ཞེས་ཟེར་ཀྱང་ངོ་། །གཉིས་པ། དེ་མི་འཐད་དེ་ཐལ་བའི་ངག་གིས་རང་རྒྱུད་ཀྱི་ཁྱབ་པར་མ་ཟད་ཕྱོགས་ཆོས་ཀྱང་འཕེན་ན་སྦྱོར་བ་འཇིག་གོ། གཉིས་པ་རང་ལུགས། དེས་ན་ཐལ་བའི་ངག་ལས་རང་རྒྱུད་ཀྱི། དོན་འཕེན་གྱི་ཇི་ལྟར་བཟློག་བཞིན་དུ་འཕེན་པ་མིན་ནོ། །གཉིས་པ་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་གྱི་མཚན་ཉིད། ཡང་དག་པའི་ཐལ་བ་གང་ཞིག་བཟློ༷ག་ན་རང་རྒྱུད་མི་འཕེན་པའོ། །གསུམ་པ་དེ་དག་གི་དཔེར་བརྗོད་ལ། སྒྲུབ་བྱེད་འཕེན་མི་འཕེན་གཉིས་


MR11_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབྱེ་བ་དང་། བྱེ་བྲག་འཕེན་པའི་དབྱེ་བ་གཉིས། དང་པོ། སྒྲུབ་བྱེད་འཕེན་མི་འཕེན་གཉིས་ཀྱི་དབྱེ་བའི་དཔེ་གང་ཞེ་ན། རང་བཞིན་དང་འབྲས་བུ་དང་ཁྱབ་བྱེད་ཀྱི་ནང་ཚན་མཚན་ཉིད་དེ། མི་དམིགས་གསུམ་གྱིས་སྒྲུབ་བྱེད་མི་འཕེན་ལ་དེ་ཡི་ལྷག་མ་ཡང་དག་གཏན་ཚིགས་ཀུན། སྒྲུབ་བྱེད་འཕེན་པར་ཤེས་པར་བྱའོ། །གཉིས་པ། དེ་ལའང་དབྱེ་བ་གཉིས་ལས་བཟློག་པས་སྦྱོར་ངག་རང་གི་རིགས་འཕེན་པ་བཞི། རང་མིན་པ་གཞན་གྱི་རིགས་འཕེན་པ་བཅུ་དྲུག་ཡོད་དོ། །གཉིས་པ་ཐལ་འགྱུར་ལྟར་སྣང་གི་མཚན་ཉིད། ཕ་རོལ་པོས་འདོད་པ་བརྗོད་པ་ལ་མི་འདོད་པ་སྒྲུབ་པ་མེད་པའོ། །གསུམ་པ་ཐལ་ངག་ལ་རྩོད་སྤང་ལ། རྩོད་པ་དང་། ལན་གཉིས། དང་པོ། མུ་སྟེགས་བྱེད་ན་རེ། གལ་ཏེ་ཁས་བླངས་ཀྱི་རྟགས་འདི་བསྒྲུབ་བྱ་འགྲུབ་པའི་གཏན་ཚིགས་ཡིན་ན་ནི། འབྲས་རང་མ་དམིགས་གསུམ་དུ་མ་འདུས་པའི་ཁས་བླངས་ཀྱི་རྟགས་ཞེས་གཏན་ཚིགས་བཞི་པ་སྲིད་པར་འགྱུར། ཁས་བླངས་འདི་གཏན་ཚིགས་སམ་རྟགས་སུ་མི་རུང་ན། འདི་རྟགས་སུ་བཀོད་ནས་ཐལ་བས་བསྒྲུབ་བྱ་སྒྲུབ་པ་མི་འཐད་ལོ། །གཉིས་པ། ཁས་བླང་དེ་དོན་གྱི་གཏན་ཚིགས་མིན་ཡང་རུང་གཞན་གྱིས་ཀུན་ཏུ་བཏགས་པ་ཏེ་ཇི་ལྟར་འདོད་ཅིང་ཁས་བླང་བ་དེ་ལ་ཁོ་རང་གིས་འདོད་པའི་རྟགས་རྟགས་སུ་བཀོད་པའི་ཐལ་བས་དེ་ཡི་ངོར་དེ་ལྟར་བསྒྲུབ་པ་ལ་སྐྱོན་ཡོད་པ་མིན་ནོ། །གཉིས་པ་ཐལ་འགྱུར་དེ་ལ་ལན་འདེབས་ཚུལ་ལ། དགག་གཞག་གཉིས། དང་པོ་ལ། ཕྱོགས་སྔ་དང་། དགག་པ་གཉིས། དང་པོ། ཐལ་འགྱུར་ལན་ནི་རྟགས་མ་གྲུབ་ཁྱབ་པ་མེད་འདོད་ཐོགས་


MR11_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྒོ་གསུམ་གྱིས་འདེབས་སོ་ཞེས་ཁ་བ་ཅན་པ་དེ་སྐད་སྨྲའོ། །གཉིས་པ། དེ་ལྟ་ན་ཁྱབ་པ་འགལ་བ་དང་ཁྱབ་པ་མ་ངེས་གཅིག་ཏུ་འགྱུར་ཏེ་དེ་གཉིས་ཀའང་ཁྱབ་པ་མེད་པར་འདུ་བས་སོ། །དེ་འདོད་དོ་ཟེར་ན། འོ་ན་རྟགས་ལྟར་སྣང་ཡང་རྟགས་མ་གྲུབ་དང་ཁྱབ་པ་མེད་པ་གཉིས་སུ་འགྱུར་ལ། དེ་མཐར་གཏན་ཚིགས་ལྟར་སྣང་ཀུན་གྱི་ལན་ཐམས་ཅད་མ་གྲུབ་ཅེས་པ་གཅིག་ཏུ་འདུ་བར་འགྱུར་ཏེ་གཏན་ཚིགས་ལྟར་སྣང་ཐམས་ཅད་བསྒྲུབ་བྱ་མི་འགྲུབ་པར་མཚུངས་པས་སོ། །དེ་མི་བདེ་སྟེ་རྟགས་ཁྱབ་གང་གྲུབ་མི་ཤེས་པས་རྟགས་དང་ཁྱབ་པ་མ་གྲུབ་པ་གཉིས་སུ་འབྱེད་དགོས་སོ་ཟེར་ན་ཁྱབ་པ་ལའང་འགལ་མ་ངེས་སོ་སོར་གོ་ཆེད་ལན་གཉིས་དགོས་པ་མཚུངས་སོ། །སྐྱོན་གཞན་ཡང་ན་རྟགས་འགལ་བ་ལ་མ་ཁྱབ་ཅེས་པའི་ལན་དེ་འཁྲུལ་བར་འགྱུར་ཏེ། སྒྲ་རྟག་པར་སྒྲུབ་བྱེད་དུ་ཤེས་བྱ་བཀོད་པ་ལ་མ་ཁྱབ་པ་ལྟར་བྱས་པ་བཀོད་པའང་མ་ངེས་པ་ཙམ་ལས་རྟག་པའི་སྟེང་དུ་ཡོད་པ་གཅོད་མི་ནུས་པས་ཕྱོགས་གཉིས་ཀར་ཡོད་པ་ལན་གྱིས་ཤུགས་ལ་ཁས་བླངས་བས་སོ། །གཉིས་པ་རང་ལུགས། དེས་ན་མཁས་པས་ཐལ་འགྱུར་ལན། རྣམ་པར་ཐར་པའི་སྒོ་བཞི་ཡི་གྲངས་དང་མཚུངས་པར་ཡང་དག་ལ་འདོད་དང་ལྟར་སྣང་གསུམ་སོ་སོར་རང་ལན་ཏེ་བཞིས་གདབ་བོ། །ལན་གྱིས་བཟློག་པར་མི་ནུས་པའི་རིགས་པ་ཡང་དག་ཡིན་ན། འཁོན་འཛིན་དང་ཐབས་ཀྱིས་མི་བཤོལ་བར་ཚད་མས་གྲུབ་པ་དེ་ཡི་རྗེས་སུ་འབྲང་བ་ནི་རིགས་པ་ཁས་ལེན་ཅིང་དྲང་ཞིང་སྒྱུ་མེད་པ་དམ་པའི་ཚུལ་ལུགས་ཡིན་ནོ། །གསུམ་པ་རྗེས་དཔག་གི་མཇུག་བསྡུ། དེ་ལྟར་འཐད་ཕྱོགས་སྒྲུབ་པ་དང་


MR11_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཐད་པའི་ཕྱོགས་སུན་འབྱིན་བྱེད་ཀྱི་རིགས་པའི་གཞུང་ལུགས་དྲི་མ་མེད་པ་དག་གང་ཟག་གང་གིས་ཤེས་པར་གྱུར་པའི་མཁས་པ་དེ་ནི་རྫོགས་པ་ཡི་སངས་རྒྱས་རྣམས་ཀྱི་བསྟན་པ་རྣམ་པར་དག་པ་གཞན་དྲིང་མི་འཇོག་པའི་བློ་གྲོས་ཀྱིས་འཛིན་ནུས་པ་ཡིན་ནོ་ཞེས་སོ། །ཚད་མ་རིགས་པའི་གཏེར་ལས་གཞན་དོན་རྗེས་སུ་དཔག་པ་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཅུ་གཅིག་པའོ།། །།གསུམ་པ་མཇུག་ཡོངས་སུ་རྫོགས་པའི་བྱ་བ་ལ། རྩོམ་པ་པོ་གང་གིས་བརྩམས། དགོས་པ་གང་གི་ཕྱིར་བརྩམས། དེ་ལྟར་རྩོམ་པའི་དགེ་བ་བསྔོ་བ་གསུམ། དང་པོ་ལ། རྩོམ་པ་པོ་སྐྱེས་ཐོབ་ཀྱི་ཤེས་རབ་འཕགས་ཚུལ་དང་། སྦྱོར་བྱུང་གི་ཤེས་རབ་ཀྱི་ཁྱད་པར་འཕགས་ཚུལ་གཉིས། དང་པོ། གང་གིས་རྩོམ་པ་པོའི་རང་བཞིན་ཤེས་རབ་ཀྱི་ཁྱད་པར་ནི། སྐྱེ་བ་གོང་མ་དང་དེའི་ཡང་གོང་མའི་སྐྱེ་བ་སོགས་སྐྱེ་བ་སྔ་མ་རྣམས་སུ་བརྩོན་པས་ཡང་དང་ཡང་དུ་གཞུང་ལུགས་ལ་མཁས་པ་དག་བརྟེན་ཅིང་དེ་ཡང་གཅིག་ཙམ་དུ་མ་ཟད་མཁས་པ་གཞན་དུ་མ་རྣམས་ལ་ལེགས་པར་གསུངས་པའི་ཚིག་དང་དོན་གྱི་ཚུལ་མཐའ་དག་སྔོན་སྦྱངས་ཟིན་པས། ཞེས་དུས་དང་བརྩོན་པ་རྐྱེན་ཆུང་བ་མིན་པར་སྔོན་དུ་གྲུབ་པའི་རྒྱུ་དེས་ཚེ་འདིར་ལན་རེ་ཙམ་དང་ལན་ཟུང་རེ་ཐོས་པ་ཙམ་གྱིས་གཞུང་ལུགས་ཀུན་གྱི་ཚིག་དང་དོན་གྱི་ཆ་མ་ལུས་པ་བདེ་བླག་ཏུ་ཤེས་ནུས་པའི་བློ་དང་ལྡན་པ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་བདག་གིས་ཞེས་སོ། །གཉིས་པ། ཕས་རྒོལ་གྱི་ཕྱོ༷གས་ཐམས་ཅད་ལས་རྣམ་པར་རྒྱལ་བ་དཔལ་ཕྱོགས་གླང་དང་ཆོས་ཀྱི་གྲགས་པའི་གཞུང་མདོ་དང་རྣམ་འགྲེ༷ལ་


MR11_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

དང་དེ་དག་གི་དགོངས་འགྲེལ་གཞན་དང་བཅས་པ་རྣམས་ལེགས་པར་རྟོགས་ཤིང་ཞེས་སྦྱོར་བྱུང་གི་ཤེས་རབ་བསྟན་ནས་དེའི་ཕྱིར་རྟོག་གེའི་རིགས་ལམ་གྱི་གནད་གསང་མ་ནོར་བའི་ཚུལ་ཤེས་ནས་ཡང་དག་པའི་རིགས་པ་མཆོག་གི་ལམ་གསལ་བའི་བསྟན་བཅོས་རིགས་པའི་གཏེར་ཞེས་བྱ་བ་འདི་བསྒྲུབས་པ་ཡིན་ནོ་ཞེས་སོ། །གཉིས་པ་ལ། ལོག་པར་སྨྲ་བ་ཚར་གཅོད་པ་དང་། ལེགས་པར་འདོད་པ་རྗེས་སུ་འཛིན་པའི་དགོས་པ་གཉིས། དང་པོ། ཐུབ་པ་སེར་སྐྱ་པའི་ལུགས་འཛིན་གྲངས་ཅན་པ་དེ་ཉིད་ཉེར་ལྔ་འདོད་པ་དང་། དྲང་སྲོང་རྐང་མིག་པ་ཡི་གཞུང་འཛིན་རིག་བྱེད་པའི་ལུགས་དང་འུག་པའི་བུ་སྟེ་བྱེ་བྲག་པ་ཚིག་གི་དོན་དྲུག་འདོད་པ་དང་། མཁའ་གོས་ཅན་ཞེས་གཅེར་བུ་པ་ཚིག་གི་དོན་དགུར་འདོད་པ་དང་ཚུ་རོལ་མཛེས་པ་སྟེ་ཆད་ལྟ་རྒྱང་འཕེན་པའི་གཞུང་འཛིན་པ། ཉན་ཐོས་སམ་ཐོས་སྒྲོགས་པ་བྱེ་སྨྲ་དུས་གསུམ་རྫས་ཡོད་དུ་འདོད་པ་སོགས་དང་གངས་རིའི་ཁྲོད་གནས་པ་ཕྱ་གཙང་དན་གསུམ་སོགས་ཀྱིས་ལྡོག་པ་དོན་ལ་ཡོད་པར་འདོད་པ་སོགས་རང་བཟོའི་གཞུང་སྣ་ཚོགས་སྨྲ་བ་རྣམས་ཀྱི་རྟོག་གེ་ངན་པ་འཇོམས་པར་བྱེད་པའི་སླད་དུ་བསྟན་བཅོས་ཆེན་པོ་འདི་བྱས་སོ། །ཞེས་ལོག་སྨྲ་ཚར་གཅོད་པའི་དོན་ཏོ། །གཉིས་པ་ལ། རིགས་པའི་ལམ་སྲོལ་ལ་འཇུག་པར་གདམས་པ་དང་། རིགས་ལམ་འདི་འདྲ་བ་གཞན་ཕལ་གྱི་སྤྱོད་ཡུལ་མིན་པའི་ཟབ་པར་བསྟན་པ་གཉིས། དང་པོ། ལེགས་འདོད་རྗེས་སུ་འཛིན་པའི་ཕྱིར་དུ་གཞན་ཡང་དག་པའི་ལམ་ལ་བསྐུལ་བ་ནི། བློ་ཡི་ནུས་པ་ཅུང་ཟད་ཡོད་ཀྱང་ལེགས་པར་བཤད་པའི་སྙིང་པོའམ་གནད་དོན་རྗེན་ཅེར་དུ་མ་རྙེད་ཅིང་། ཉིན་དང་མཚན་དུ་འབད་པ་བྱས་ཀྱང་གཞུང་ལུགས་ཕྱོགས་


MR11_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

རེ་མཐའ་ཆོད་པའམ་དཔྱིས་མ་ཕྱིན། རྟག་ཏུ་བརྩོན་པས་ཏིང་འཛིན་བསྒྲུབས་ཀྱང་སེམས་གནས་སོགས་ཉི་ཚེ་བའི་ལམ་ཙམ་ལས་སངས་རྒྱས་དགྱེས་པའི་ལམ་རྣམ་དག་ལས་གོལ་བར་མཐོང་བའི་བས་ཀྱེ་མ་སྙིགས་དུས་ཀྱི་སྐྱེ་བོ་ཕྱོགས་རེའི་དོན་ཙམ་ལ་ཆོག་ཤེས་སུ་འཛིན་པ་རྣམས་ཀྱང་བླང་དོར་སྐྱོན་ཡོན་གྱི་ཚུལ་ལེགས་པར་སོམས་ལ་ཡང་དག་པའི་གནད་སྟོན་པའི་མཁས་པ་བསྟེན་ནས་མ་ནོར་བའི་ལམ་བརྟེན་པར་བྱོས་ཤིག་ཅེས་སོ། །གཉིས་པ། སྡེ་བདུན་ན་བཤད་པའི་རིགས་པའི་དེ་ཁོ་ན་ཉིད་མ་ནོར་བའི་ཚུལ་ནི་འདི་ཡིན་ནོ་ཞེས་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་ཀྱིས་རྟོགས་ནས་བོད་སྔ་རབས་པ་རྒན་པོའི་ཟེར་སྒྲོས་བསྐྱར་བའི་ལུགས་ངན་པ་དེ་དོར་ནས་ས་སྐྱ་པཎྜི་ཏ་ངས་སྐལ་ལྡན་རྗེས་སུ་འཛིན་པའི་དོན་དུ་འདི་བཤད་པ་ཡིན་ཡང་སྐྱེས་སྦྱང་གི་བློ་ནུས་ཀྱིས་ཡང་དག་པའི་རིགས་པ་ཡི་གནད་མཁྱེན་པ་དེ་དག་བསྟན་བཅོས་འདི་བཞེད་ཅིང་དགའ་བར་འགྱུར་ཕྱིར་དེ་དག་གི་དོན་དུ་འགྱུར་མོད། ཐམས་ཅད་ཀྱིས་རྟོགས་མི་ནུས་ཏེ་ཅིའི་ཕྱིར་ན། འདི་ཕྲ་ཞིང་ཟབ་པས་ན་ལན་མང་པོར་ཐོས་སུ་ཟིན་ཀྱང་བླུན་པོའི་སྤྱོད་ཡུལ་དུ་འགྱུར་བ་མིན་པའི་ཕྱིར་རོ། །གསུམ་པ། དེ་ལྟར་ཡང་དག་པའི་རིགས་ལམ་གྱི་ཚུལ་ལེགས་པར་བཤད་པས་གང་ཟག་སྐལ་བ་དང་ལྡན་པའི་བློ་གྲོས་ཀྱི་མིག་མི་ཟུམ་པར་ཕྱེ་བར་བྱས་ནས་ཟབ་ཅིང་ཕྲ་བའི་ཤེས་བྱའི་དེ་ཁོ་ན་ཉིད་འདིའོ་ཞེས་ཇི་ལྟ་བ་བཞིན་དུ་ལེགས་པར་བསྟན་པའི་དགེ་བ་འདི་ཡིས་ཟབ་ཅིང་རྒྱ་ཆེ་བའི་དོན་ཐམས་ཅད་མངོན་སུམ་དུ་གཟིགས་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་ཐོབ་ནས་འགྲོ་བ་ཀུན་གྱི་གཏན་མཐར་ཐུག་གི་སྐྱབས་དམ་པར་གྱུར་


MR11_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །གསུམ་པ་མཇུག་དོན་མཛད་བྱང་། ཚད་མ་རིགས་པའི་གཏེར་ཞེས་བྱ་བའི་བསྟན་བཅོས་འདི་ནི་རྡོ་རྗེ་གདན་ནས་དཔག་ཚད་བརྒྱ་འདས་པ་ཡུལ་བྱང་ཕྱོགས་ཁ་བ་ཅན་ཉིད་ཀྱི་རྒྱུད་དུ་བྱུང་བ། རང་བཞིན་རྐྱེན་རྣམ་འགྱུར་གསུམ་བསྟན་པས་ཚིག་ལ་འཁྲུལ་བ་སེལ་བྱེད་སྒྲ་དང་། གཞལ་བྱའི་གནས་རྟོགས་པ་མངོན་རྗེས་ཀྱི་ཚད་མ་དང་། ཚིགས་བཅད་ཀྱི་ཚུལ་ལ་མཁོ་བ་པྲྀ་ཏ་ཛ་ཏིའི་སྡེབ་སྦྱོར་དང་། མཁས་པ་ཡིད་འཕྲོག་པའི་ཉམས་ལྡན་བཅད་ལྷུག་སྤེལ་མའི་རང་བཞིན་ཅན་གྱི་སྙན་ངག་དང་། ངག་དེ་དག་གི་སྐྱོན་ཡོན་འབྱེད་པའི་གཞུང་མེ་ལོང་སོགས་ཚིག་གི་རྒྱན་དང་། དངོས་བཏགས་ཀྱི་རང་བཞིན་ཅན་དོན་གཅིག་ལ་མིང་དུ་མ་ཡོད་པའི་ཚུལ་ཤེས་པ་མིང་གི་མངོན་བརྗོད་དང་། བཟོ་སོགས་སྒོ་གསུམ་གྱིས་འཇུག་ཡུལ་དུ་གྱུར་པ་ཐ་སྙད་ཀྱི་གཙུག་ལག་རྣམས་ལེགས་པར་ཤེས་པས་སྤྱི་དང་དཀྱུས་དོན་སོགས་ཀྱི་སྒོ་ནས་འཆད་པ་དང་། བཀའ་སོགས་ཀྱི་དགོངས་པ་མ་ནོར་བར་འགྲེལ་བའི་བསྟན་བཅོས་རྩོམ་པ་དང་། ཕས་རྒོལ་གྱི་སྤོབས་པ་འཇོམས་པའི་རྩོད་པའི་ཡུལ་ལ་སྤོབས་པ་དགེ་བ་ཅན། ཁྱད་པར་ཚད་མ་ཉིད་སྟོན་པའི་རྗོད་བྱེད་ཀྱི་ལུང་ཀུན་ལས་བཏུས་དང་སྡེ་བདུན་གྱི་དགོངས་དོན་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་ཅིང་། གཞན་ཡང་བདེ་བར་གཤེགས་པའི་གསུང་རབ་མཐའ་དག་གི་ལུང་དང་། དེའི་དོན་རྣམ་པར་ངེས་པའི་རིགས་པ་དང་། གནད་དོན་བདེ་བླག་ཏུ་རྟོགས་པའི་མན་ངག་གི་ཚུལ་མཐའ་དག་ལ་བློའི་སྣང་བ་ཕུལ་དུ་བྱུང་བ་ཐོབ་པ། ཤཱཀྱའི་རྒྱལ་པོའི་རྗེས་སུ་ཞུགས་པའི་དགེ་སློང་མཚན་ཀུན་དགའ་རྒྱལ་


MR11_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དཔལ་བཟང་པོ་ཞེས་བྱ་བས། ཚིག་གི་སྒྲོས་ལྷུར་ལེན་པའི་སྡེབ་སྦྱོར་སྤངས་ནས་གནད་དོན་གོ་བདེ་བར་བཀྲོལ་ཏེ། གནས་ཕུན་སུམ་ཚོགས་པ་དཔལ་ས་སྐྱའི་གཙུག་ལག་ཁང་དུ་ལེགས་པར་སྦྱར་བའོ། །རྨད་བྱུང་མཁས་པའི་གྲགས་སྙན་ལྷ་ཡི་རྔ། །སྲིད་པ་གསུམ་ན་འགྲན་ཟླ་མེད་བརྡུང་བ། །འཇམ་མགོན་མཁྱེན་པའི་རང་གཟུགས་ཆོས་ཀྱིརྗེའི། །ལེགས་བཤད་རིག་སྔགས་གང་འདི་འཆད་ཙམ་གྱིས། །ལྕེ་སྙིང་རལ་གྲི་རྡོ་རྗེའི་རང་བཞིན་དུ། །གྱུར་ནས་འཇིགས་བྲལ་སྤོབས་པའི་ང་རོ་ཡིས། །ཕ་རོལ་སྨྲ་བ་ངན་པ་ཟིལ་གནོན་པའི། །ཕྱོགས་ལས་རྣམ་པར་རྒྱལ་བའི་མཆོག་སྦྱིན་ན། །གང་ལ་སྨྲ་བའི་ངག་དང་དཔྱོད་པའི་ཡིད། །ཡོད་པ་དེས་ནི་བརྒྱ་ཕྲག་དཀའ་བའི་ཁུར། །བརྟེན་ནས་འདི་ལ་འཇུག་པར་མི་བགྱིད་པ། །ཀྱེ་མ་སེམས་དང་ལྡན་ཡང་སེམས་མེད་བཞིན། །ཕྲ་ཞིང་མཛངས་པ་རིགས་པའི་གཞུང་ལུགས་ནི། །ཁྲོན་པའི་ཆུ་ལྟར་ཟབ་པར་གྱུར་མོད་ཀྱི། །བརྩོན་པའི་རྒྱུན་ཐག་ངང་གིས་བསྲིང་ནུས་ན། །ནམ་ཞིག་མཚུངས་མེད་དོན་གྱི་རོ་མཆོག་མྱོང་། །སྙིང་ལ་འཇམ་དཔལ་དགྱེས་པའི་གཟི་བྱིན་ནི། །མྱུར་དུ་འགུགས་པར་བྱེད་ལ་ཐབས་མཆོག་འདི། །མྱོང་བས་གྲུབ་པའི་རིག་སྔགས་ཡིན་ནོ་ཞེས། །གདམས་པའི་བདེན་འབྲས་སྐལ་བཟང་རྣམས་ཀྱིས་མཐོང་། །ཞེས་ཚད་མ་རིགས་པའི་གཏེར་གྱི་ས་བཅད་པདྨ་ར་གའི་ཕྲེང་བ་འདི་ཡང་རང་འགྲེལ་ལས་བཏུས་ཏེ་མི་ཕམ་པས་བྲིས་ཞེས་དང་། འདིར་སྨྲས་པ། མ་བརྩོན་བློ་ཡི་སྣོད་དུ་འདི་གྲུབ་ཀྱང་། །ཐུགས་རྗེའི་ཁམས་བཟང་སྨིན་ཕྱིར་ངོ་མཚར་གཟུགས། །རྣམ་དཔྱོད་མིག་དང་ལྡན་ལ་དགའ་བའི་རྒྱུར། །ཐེ་ཚོམ་བྲལ་བ་རི་དྭགས་སྐྱེས་བཞིན་ནོ། །ལག་མཐིལ་རྡོལ་


MR11_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཙམ་དུ་འབད་རྣམས་ཀྱིས། །ད་གཟོད་བསྒྲིམས་ཏེ་བརྟགས་ནས་མྱོང་བྱ་བ། །སྔོན་མེད་ཟབ་དོན་གསལ་བའི་གནད་མང་ཞིག །ཡོད་འདི་མཁས་པའི་ཚོགས་སུ་འགའ་ཡིས་མཐོང་། །བློ་མིག་རིགས་པའི་མཛའ་ལ་ཆགས་ཕྱིར་དང་། །གཞན་གྱིས་བསྐུལ་ཕྱིར་གཞན་ལ་ཕན་པའི་ཕྱིར། །འདི་བགྱིས་དགེ་བས་ཆོས་ཀྱི་གྲགས་པ་ཡི། །རིང་ལུགས་ཕྱོགས་དུས་ཀུན་ན་རྒྱས་གྱུར་ཅིག །ཅེས་ཚད་མ་རིགས་པའི་གཏེར་ལས་དཀྱུས་དང་ཟུར་མཆན་གྱིས་འགྲེལ་པ་འདི་ཡང་དཔལ་ལྡན་ས་སྐྱའི་པཎ་ཆེན་ལ་ལྷག་པར་མོས་པ་མི་ཕམ་འཇམ་དབྱངས་རྣམ་པར་རྒྱལ་བས་འཇིགས་བྲལ་ས་སྐྱ་པའི་རིང་ལུགས་འཛིན་པ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་སྡེ་ཆེན་པོར་བྲིས་པ་འདིས་བསྟན་འགྲོའི་དགེ་ལེགས་འཕེལ་བར་གྱུར་ཅིག་གུ། །མངྒལཾ། །དེ་ལྟར་ས་བཅད་དང་ཕྱག་མཆན་དཀྱུས་སུ་འགོད་པའི་བྱེད་པ་པོ་ཀུན་བཟང་དཔལ་ལྡན་གྱིས་སོ།། ༈ །།ན་མོ་མཉྫུ་ཤྲཱི་ཡེ། ཚུལ་གསུམ་མ་ཚང་བ་རྟགས་ལྟར་སྣང་བའི་མཚན་ཉིད་དང་། རྟགས་ལྟར་སྣང་བ་དེའི་དབྱེ་བ་ལ། མ་གྲུབ། མ་ངེས། འགལ་བ་གསུམ། དང་པོ་རྟགས་ལ་ཕྱོགས་ཆོས་མ་གྲུབ་པའོ། །དེ་ལ་དབྱེ་ན། དོན་ལ་མ་གྲུབ། བློ་ངོར་མ་གྲུབ། རྒོལ་བ་ལ་ལྟོས་ཏེ་མ་གྲུབ་པ་གསུམ། དང་པོ་ལ་གསུམ། ཆོས་ཅན་གྱི་ངོ་བོ་མ་གྲུབ་པ། རྟགས་ཀྱི་ངོ་བོ་མ་གྲུབ་པ། དེ་དག་ཕྱོགས་རེ་ལས་མ་གྲུབ་པའོ། །དང་པོ་ལ་གཉིས་ལས། དང་པོ་ཆོས་ཅན་གྱི་ངོ་བོ་མི་སྲིད་ནས་མ་གྲུབ་པ། དཔེར་ན་བདག་ཐམས་ཅད་ན་ཁྱབ་པ་ཡིན་ཏེ་ཞེའམ། དོན་དམ་པའི་སྒྲ་མི་རྟག་སྟེ་ཞེས་འགོད་པ་ལྟ་བུའོ། །གཉིས་པ་སྲིད་ཀྱང་རྩོད་གཞིར་མ་གྲུབ་པ། སྒྲ་མཉན་བྱའམ་མཉན་བྱ་མ་ཡིན་ཏེ་ཞེས་པ་ལྟ་བུའོ། །


MR11_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་རྟགས་ཀྱི་ངོ་བོ་མ་གྲུབ་པ་ལ་གཉིས་ལས། དང་པོ་མི་སྲིད་ནས་མ་གྲུབ་པ། སྐྱེས་བུ་འདི་བདག་དང་བཅས་པ་ཡིན་ཏེ། བདག་གི་ཡོན་ཏན་དང་ལྡན་པའི་ཕྱིར་ཞེའམ། རི་བོང་གི་རྭས་ཕུག་པའི་ཕྱིར་རོ། །ཞེས་པ་ལྟ་བུའོ། །གཉིས་པ་སྲིད་ཀྱང་ཤེས་འདོད་དང་འབྲེལ་བ་མ་གྲུབ་པ་ལ་གཉིས་ཀྱི་དང་པོ། ངོ་བོ་མ་ཡིན་ནས་མ་གྲུབ་པ། སྒྲ་མིག་གིས་གཟུང་བྱ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ལྡོག་པ་ཐ་དད་མེད་ནས་མ་གྲུབ་པ་ལ་གཉིས་ལས། དང་པོ་གཞི་རྟགས་ཐ་དད་མེད་པ། སྒྲ་སྒྲ་ཡིན་པའི་ཕྱིར་ཞེས་བཀོད་པ་ལྟ་བུ་དང་། གཉིས་པ་ཆོས་རྟགས་ཐ་དད་མེད་པ་མི་རྟག་པས་མི་རྟག་པ་བསྒྲུབ་པ་ལྟ་བུའོ། །འདི་གཉིས་ནི་དམ་བཅའ་བའི་དོན་གྱི་ཕྱིར་ཕྱོགས་གཅིག་མ་གྲུབ་པ་ཞེས་གསུངས་སོ། །འདིར་ཁ་ཅིག་རྟགས་ཀྱི་ངོ་བོ་མ་གྲུབ་པ་ནི་མ་གྲུབ་པར་མཚོན་མི་ནུས་ཏེ། མཚན་གཞི་མི་སྲིད་པའི་ཕྱིར་རོ་ཞེས་གསུངས་པ་མེད་པ་གཞན་སེལ་གྱི་རྣམ་གཞག་མ་མཁྱེན་པར་ཟད་དོ། །དེ་ལྟ་མིན་ན་སྒྲ་མཉན་བྱ་མིན་པར་དམ་བཅས་པ་ལ་མཉན་བྱས་བསལ་བའང་བསལ་བའི་བྱེ་བྲག་ཏུ་མཚོན་མི་ནུས་པར་འགྱུར་རོ། །གསུམ་པ་དེ་དག་གི་ཕྱོགས་རེ་ལ་མ་གྲུབ་པ་ལ་གཉིས་ཏེ། རྟགས་ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་པ་དང་། རྟགས་ཀྱི་ཕྱོགས་གཅིག་ཆོས་ཅན་ལ་མ་གྲུབ་པའོ། །དང་པོ་ལའང། རིགས་ཀྱི་སྤྱི་དང་ཚོགས་པའི་སྤྱི་ཆོས་ཅན་དུ་བཞག་པ་གཉིས་ལས། དང་པོ། ཟད་བྱེད་པས་ཤིང་རྣམས་སེམས་པ་དང་བཅས་ཏེ། ཉལ་བའི་ཕྱིར་ཞེས་འཁུམ་པ་ལ་ཉལ་བར་བརྗོད་ལ། དེ་ཤིང་གི་ཕྱོགས་གཅིག་ལ་མ་གྲུབ་པའམ།


MR11_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

ཉལ་བ་གཉིད་ལོག་པ་ལ་ཟེར་ན་རྟགས་ཀྱི་ངོ་བོ་མ་གྲུབ་པའམ། གྲུབ་མཐའ་ལ་ལྟོས་ནས་ཕྱིར་རྒོལ་སངས་རྒྱས་པ་ལ་མ་གྲུབ་པ་ཉིད་དོ། །རྩོལ་བྱུང་གིས་སྒྲ་མི་རྟག་པར་བསྒྲུབ་ན་སྒྲའི་ཕྱོགས་གཅིག་ཆུ་སྒྲ་ལ་མེད་པ་ལྟ་བུའོ། །འདི་ནི་ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་ཀྱང་སྤྱིར་རྟགས་སྐྱོན་མེད་ཡིན་ནོ། །ཚོགས་སྤྱི་ཆོས་ཅན་དུ་བྱས་པ་དཔེར་ན་ཚུལ་གསུམ་རྟགས་སུ་མཚོན་པ་ལ། འདིས་མཚོན་ནུས་ཞེས་བཀོད་པ་ན། ཡ་གྱལ་ལ་མ་གྲུབ་པ་ལྟ་བུ་སྟེ། འདི་ཕྱོགས་ཆོས་ཀྱི་སྐྱོན་མ་ཡིན་ནོ། །གཉིས་པ་རྟགས་ཀྱི་ཕྱོགས་གཅིག་ཆོས་ཅན་ལ་མ་གྲུབ་པ་ལ་གཉིས་ཏེ། རིགས་སྤྱི་དང་ཚོགས་སྤྱི་རྟགས་སུ་བྱས་པ་ལ་གཉིས་ཏེ། དང་པོ་གྲུབ་མ་གྲུབ་མཚུངས་པ་ནི། སྒྲ་ཙམ་གྱི་སྤྱི་ལ། རྟག་པ་རྟགས་སུ་བཀོད་ན་མ་གྲུབ་པ་བཞིན། རྟག་པ་ལ་བྱས་པ་བཀོད་ནའང་མ་གྲུབ་པ་ཡིན་ནོ། །གྲུབ་པར་མཚུངས་པའང་སྒྲ་ལ་བྱས་པ་རྟགས་སུ་བཀོད་ན། སྒྲའི་བྱས་པ་གྲུབ་ལ་སྒྲ་མ་ཡིན་གྱི་བྱས་པ་མ་གྲུབ་ཀྱང་། སྤྱིར་བྱས་པ་ཙམ་གྲུབ་པས་མི་སྐྱོན་པ་བཞིན་དུ། སྒྲ་ཙམ་གྱི་ཕྱོགས་གཅིག་ལ་རྩོལ་བྱུང་གྲུབ་ལ། ཕྱོགས་གཅིག་ལ་མ་གྲུབ་པས་དེ་དང་མཚུངས་པ་ཡིན་ནོ། །གཉིས་པ་ཚོགས་པའི་སྤྱི་གཞི་རྟགས་སུ་བྱས་པའི་ཚེ་ཟླ་བ་གཉིས་སྣང་གི་ཤེས་པ་ལ་རྟོག་བྲལ་མ་འཁྲུལ་བ་རྟགས་སུ་བཀོད་ཚེ། ཡ་གྱལ་རྟོག་བྲལ་གྲུབ་ཀྱང་མ་འཁྲུལ་པ་མ་གྲུབ་པས་རྟོག་བྲལ་མ་འཁྲུལ་པའི་ཚོགས་པ་མ་གྲུབ་པ་བཞིན། ཚོགས་པའི་སྤྱི་ཚུལ་གསུམ་ཚོགས་པ་ཆོས་ཅན་དུ་བཞག་ན་འདི་ཙམ་གྱིས་རྟགས་སུ་མཚོན་ནུས་པ་བཀོད་པ་ན། རྟགས་དེ་ཚོགས་པའི་ཕྱོགས་གཅིག་ཕྱོགས་ཆོས་རྐྱང་བ་ལ་མ་


MR11_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པས་ཚོགས་པའི་ངོ་བོ་མ་གྲུབ་པར་མཚུངས་སོ། །གཞན་སྤྲོས་པ་རྣམས་རང་གིས་ཤེས་པར་ཟད་པས་མ་སྤྲོས་སོ། །གཉིས་པ་བློ་ངོར་མ་གྲུབ་པ་ལ་གསུམ་སྟེ། ཆོས་ཅན་དང་། རྟགས་དང་། དེ་གཉིས་ཀྱི་འབྲེལ་བ་ལ་ཐེ་ཚོམ་ཟ་བའི་མ་གྲུབ་པའོ། །དང་པོ་ལ་གཉིས་ལས། ངེས་རུང་མེད་ནས་ཐེ་ཚོམ་ཟ་བ། ཤ་ཟའི་བུམ་པ་ལྟ་བུ་ཆོས་ཅན་བསྐལ་བ་དང་། གཉིས་པ་ངེས་རུང་ཡོད་ཀྱང་ཐེ་ཚོམ་ཟ་བ་ནོར་བུའམ་སྒྲོན་མར་མ་ངེས་པ་ན་ནོར་བུ་ཆོས་ཅན་དུ་བཞག་པ་ལྟ་བུའོ། །གཉིས་པ་རྟགས་ལའང་གཉིས་ལས།ངེས་རུང་མེད་ནས་ཐེ་ཚོམ་ཟ་བ། འདོད་ཆགས་དང་བྲལ་བས་བྱས་པའི་ཕྱིར་ལྟ་བུ། གཉིས་པ་ངེས་རུང་ཡོད་ཀྱང་ཐེ་ཚོམ་ཟ་བ། དུ་བའམ་རླངས་པར་ཐེ་ཚོམ་ཟ་བ་ན་དུ་བ་རྟགས་སུ་བཀོད་པ་ལྟ་བུའོ། །གསུམ་པ་འབྲེལ་བ་ལའང་གཉིས་ལས།ངེས་རུང་མེད་ནས་ཐེ་ཚོམ་ཟ་བ། ད་ལྟའི་དགེ་བས་སྔ་མའི་དགེ་བ་བསྒྲུབ་པ་ལྟ་བུ་དང་། ངེས་རུང་ཡོད་ཀྱང་ཐེ་ཚོམ་ཟ་བ། རྨ་བྱའི་སྒྲ་གྲག་པའི་པས་རི་སུལ་དབུས་མར་རྨ་བྱ་ཡོད་པར་སྒྲུབ་པ་ལྟ་བུའོ། །གསུམ་པ་རྒོལ་བ་ལ་ལྟོས་པའི་མ་གྲུབ་པ་ལ་གཉིས་ཏེ། དང་པོ་རྒོལ་བ་རང་ཉིད་ལ་མ་གྲུབ་པ། གྲངས་ཅན་པས་བློ་དང་བདེ་བ་སེམས་པ་མེད་པ་ཡིན་ཏེ། སྐྱེ་བ་ཅན་ནམ་མི་རྟག་པ་ཡིན་པའི་ཕྱིར་ཞེས་བཀོད་པ་ན། རང་ཉིད་ཀྱིས་མངོན་པར་གསལ་བ་དང་། ཉེ་བར་བག་ལ་ཞ་བ་ལ་སྐྱེ་འཇིག་ཏུ་འདོད་ཀྱི་སངས་རྒྱས་པའི་སྐྱེ་འཇིག་ལྟར་མི་འདོད་པ་ལྟ་བུའོ། །འདི་ཡང་གྲུབ་མཐའ་ལ་གྲགས་པའི་བློ་དང་བདེ་བ་ཆོས་ཅན་དུའང་མ་གྲུབ་པ་ཡིན་མོད་བློ་དང་བདེ་བ་གྲུབ་ཚོད་ལ་བསམས་ནས་རྟགས་རྒོལ་


MR11_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་མ་གྲུབ་པ་ཞེས་བཏགས་ལ། ཡང་དག་པར་ན་ཆོས་ཅན་ལ་རྟགས་དེས་གྲུབ་ན་ཕྱོགས་ཆོས་ཀྱི་སྐྱོན་མ་ཡིན་གྱི་ཁྱབ་པའི་སྐྱོན་ཡིན་ཏེ་ཕྱོགས་ཆོས་སྐྱོན་མེད་ཡིན་མོད་ཀྱི། གྲུབ་མཐའ་ཁས་བླངས་བ་ལ་ལྟོས་ནས་དེ་ལྟར་བཏགས་སོ། །གཉིས་པ་ཕྱིར་རྒོལ་བ་ལ་མ་གྲུབ་པ་ནི། འཛེམ་མེད་པས་ཤུན་པ་བཤུས་ན་འཆི་བས་ཤིང་སེམས་པ་ཅན་དུ་བསྒྲུབ་པ་ན། ཤིང་སྐམ་པ་ཡིན་གྱི་འཆི་བའི་ངོ་བོ་མ་གྲུབ་པ་ཡིན་ཡང་སངས་རྒྱས་པའི་གྲུབ་མཐའ་ལ་ལྟོས་ནས་ཕྱིར་རྒོལ་ལ་མ་གྲུབ་པ་ཞེས་བསྙད་པ་ཙམ་མོ། །དེའི་ཕྱིར་དངོས་པོ་ལ་གྲུབ་ན་རྒོལ་བ་གཉིས་ཀ་ལ་སྒྲ་མ་གྲུབ་ཀྱང་། རྟགས་སུ་འགྲོ་ལ། དངོས་པོ་ལ་མ་གྲུབ་ན་རྒོལ་བ་གཉིས་ཀའི་ངོར་སྒྲ་ཙམ་གྲུབ་ཀྱང་རྟགས་མ་ཡིན་ནོ། །དེ་ལྟར་ན་དོན་ལ་མ་གྲུབ་པ་ལ་ཆོས་ཅན་དང་རྟགས་ཀྱི་ངོ་བོ་མ་གྲུབ་པ་ལས་ཕྱེ་བའི་དྲུག །བློ་ངོར་མ་གྲུབ་པ་ལ་གསུམ་ལས་ཕྱེ་བའི་དྲུག་སྟེ་བཅུ་གཉིས་ཡིན་ལ། ཆོས་དང་ཆོས་ཅན་གྱི་ཕྱོགས་རེ་ལ་མ་གྲུབ་པ་ལས་ཕྱེ་བའི་སྐྱོན་དུ་འགྲོ་བའི་ཆ་རྣམས་ནི་རྟགས་ཀྱི་ངོ་བོ་མ་གྲུབ་པར་འདུ་ལ། གཞན་ནི་ཕྱོགས་ཆོས་སྐྱོན་མེད་ཡིན་ཡང་གྲུབ་མཐའ་ལ་ལྟོས་པའི་སྐྱོན་ནི་གྲུབ་མཐའི་ཁས་བླངས་ལ་དགོངས་ཀྱི། ཡང་དག་པར་ན་ཆོས་ཅན་ནམ། རྟགས་ཀྱི་ངོ་བོ་མ་གྲུབ་པར་འདུ་བ་ཡིན་ནོ། །མ་ངེས་པ་ཞེས་པ་ཕྱོགས་ཆོས་གྲུབ་ཀྱང་ཁྱབ་པ་ལ་ཐེ་ཚོམ་ཟ་བའོ། །དེ་ལ་ཆོས་ཅན་ལས་གཞན་མཐུན་མི་མཐུན་ཕྱོགས་གང་ལའང་མི་འཇུག་པ་ཐུན་མོང་མིན་པའི་མ་ངེས་པ་དང་། ཆོས་ཅན་ལས་གཞན་མཐུན་མི་མཐུན་ཕྱོགས་གཉིས་ཀར་འཇུག་པ་ཐུན་མོང་པའི་མ་ངེས་པ་གཉིས་སོ། །དང་པོ་ལ་དབྱེ་ན་བཞི་སྟེ། དང་པོ་རྟགས་གཉིས་ཀ་ལ་མེད་ནས་མ་མཐོང་བ། དཔེར་ན་སྒྲ་མི་རྟག་སྟེ།


MR11_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

མཉན་བྱ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ། གཉིས་པ་ཡོད་ཀྱང་མ་མཐོང་བ། སྐྱེས་བུ་འདི། ལྷ་ལས་ཚེ་འཕོས་པ་ཡིན་ཏེ། མིག་དང་ལྡན་པའི་ཕྱིར་རོ་ཞེས་པ་ལྟ་བུ། མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ། སྒྲ་མི་རྟག་སྟེ། བྱས་པའི་ཕྱིར། རིག་བྱེད་ཀྱི་སྒྲ་བཞིན་ཞེས་བཀོད་ཚེ་རིག་བྱེད་རྟག་པར་འདོད་པས་མཐུན་ཕྱོགས་ལ་མ་མཐོང་བ་ལྟ་བུའོ། །མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ། གང་བྱས་པ་མི་རྟག་སྟེ། རིག་བྱེད་བཞིན། ནམ་མཁའ་ནི་མ་བྱས་སོ། །ཞེས་འགོད་པ་ལྟ་བུའོ། །གཉིས་པ་ཐུན་མོང་བའི་མ་ངེས་པ་ལ། དངོས་ཀྱི་མ་ངེས་པ་དང་། ལྷག་ལྡན་གཉིས། དང་པོ་ལ་བཞི་སྟེ། གཉིས་ཀར་ཁྱབ་པར་མཐོང་བ། སྒྲ་མི་རྟག་པ་ལ་གཞལ་བྱ་བཀོད་པ་ལྟ་བུ། མཐུན་ཕྱོགས་ལ་ཁྱབ་པར་མཐོང་བ། སྒྲ་རྩོལ་བྱུང་དུ་སྒྲུབ་པ་ལ་མི་རྟག་པ་བཀོད་པ་ལྟ་བུ། མི་མཐུན་ཕྱོགས་ལ་ཁྱབ་པ། སྒྲ་རྩོལ་བྱུང་མིན་པར་སྒྲུབ་པ་ལ། མི་རྟག་པ་བཀོད་པ་ལྟ་བུ། གཉིས་ཀའི་ཕྱོགས་རེ་ལ་མཐོང་བ། སྒྲ་རྟག་པར་སྒྲུབ་པ་ལ། ལུས་ཅན་མ་ཡིན་པ་བཀོད་པ་ལྟ་བུའོ། །གཉིས་པ་ལྷག་ལྡན་ལ་གཉིས་ཏེ། ཡང་དག་ལྷག་ལྡན་ནི་མཐུན་ཕྱོགས་ལ་མཐོང་མི་མཐུན་ཕྱོགས་ལ་མ་མཐོང་ཡང་ཐེ་ཚོམ་མི་ཆོད་པའོ། །འགལ་བའི་ལྷག་ལྡན་ནི་མཐུན་ཕྱོགས་ལ་མ་མཐོང་མི་མཐུན་ཕྱོགས་ལ་མཐོང་ཡང་ཐེ་ཚོམ་མམ་བཟློག་པ་མི་ཆོད་པའོ། །དང་པོ་ལ་གསུམ་སྟེ། རྟགས་མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ། དཔེར་ན། ཐམས་ཅད་མཁྱེན་པ་མ་ཡིན་ཏེ། སྨྲ་བའི་ཕྱིར་ཞེས་བཀོད་པ་ལྟ་བུ། མེད་ཀྱང་མི་འགལ་བ་སྔོ་བསངས་མ་ཡིན་ཏེ། ལྷས་བྱིན་གྱི་བུ་ཡིན་པའི་ཕྱིར་ཞེས་བཀོད་


MR11_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུ། འགལ་ཡང་མ་ངེས་པ་རྟག་པ་དང་འགལ་བར་མ་ཤེས་པ་ལ། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་བཀོད་པ་ལྟ་བུའོ། །འདི་འགལ་བར་ངེས་ན་ཡང་དག་ཉིད་དུ་འགྱུར་རོ། །གཉིས་པ་འགལ་བའི་ལྷག་ལྡན་ལ་དབྱེ་ན་གསུམ་སྟེ། རྟགས་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ། ཐམས་ཅད་མཁྱེན་པ་ཡིན་ཏེ། སྨྲ་བའི་ཕྱིར་ཟེར་བ་ལྟ་བུ། མེད་ཀྱང་མི་འགལ་བ་སྔོ་བསངས་ཡིན་ཏེ། ལྷས་བྱིན་གྱི་བུ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ།འགལ་ཡང་མ་ངེས་པ། རྟག་པ་དང་འགལ་བར་མ་ཤེས་པའི་ངོར། རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པ་ལྟ་བུའོ། །འགལ་བར་ཤེས་ན་འགལ་བའི་རྟགས་ཉིད་དུ་འགྱུར་རོ། །འདི་གཉིས་བྱེ་བྲག་པས་འདོད་པའི་ལྷག་ལྡན་ལྟ་བུ་མ་ཡིན་གྱི་རིམ་བཞིན་མི་མཐུན་ཕྱོགས་དང་མཐུན་ཕྱོགས་གཉིས་ལས་ལྡོག་པ་ངེས་ན་ཡང་དག་དང་འགལ་བར་འགྲོ་ཡང་། རེ་ཤིག་གཞན་ངོར་ཐེ་ཚོམ་གྱི་ལྷག་མ་ཡོད་པས་ལྷག་ལྡན་ཞེས་བྱའོ། །འགལ་རྟགས་ལ། རྟགས་གྲུབ་ཀྱང་བསྒྲུབ་བྱ་དེ་ལས་བཟློག་པས་ཁྱབ་ན་འགལ་བ་ཞེས་བྱའོ། །དེ་ཡི་དབྱེ་བ་ལ་གཉིས་ཀྱི་དང་པོ། དངོས་པོའི་དབྱེ་བ་གཉིས་ཏེ། འབྲེལ་བའི་དབང་གིས་གཉིས་སུ་དབྱེ་བ་དང་། སྦྱོར་བ་ལ་ལྟོས་ནས་གསུམ་དུ་དབྱེ་བའོ། །དང་པོ་ལ། མི་དམིགས་པ་རང་བཞིན་གྱི་གཏན་ཚིགས་སུ་བསྡུས་ན། དེའི་ཟློག་ཕྱོགས་འགལ་བའང་གཉིས་ཏེ། རང་བཞིན་དང་འགལ་བ། སྒྲ་རྟག་སྟེ་བྱས་པའི་ཕྱིར་ལྟ་བུ། དེ་བྱུང་ནི། འབྲས་བུ་དང་འགལ་བ། སྒྲ་རྟག་སྟེ། བརྩལ་མ་ཐག་ཏུ་བྱུང་བའི་ཕྱིར་ཞེས་པ་ལྟ་བུ་གཉིས་


MR11_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །གཉིས་པ་སྦྱོར་བ་ལ་ལྟོས་ནས་གསུམ་དུ་དབྱེ་བ། མི་དམིགས་པ་རང་བཞིན་གྱི་གཏན་ཚིགས་སུ་མ་བསྡུས་པར་སྦྱོར་བ་གསུམ་དུ་བྱེད་པ་ན་དེ་བཟློག་པའི་འགལ་བའང་གསུམ་སྟེ། སྣང་རུང་གི་བུམ་པ་ཡོད་དེ་མི་སྣང་བའི་ཕྱིར་ལྟ་བུ། མི་དམིགས་པའི་འགལ་ཟླ་བསྣན་ནས་སྔར་གྱི་གཉིས་དང་གསུམ་མོ། །གཉིས་པ་བརྗོད་འདོད་ཀྱི་སྒོ་ནས་འགལ་རྟགས་གསུམ་སྟེ། དེ་ལ་གཞན་ལུགས་འགས། ཆོས་དང་ཆོས་ཅན། ངོ་བོ་དང་ཁྱད་པར་གཉིས་འགོག་པའི་འགལ་བ་བཞི་ཞེས་ཟེར་ཏེ། དང་པོ་དངོས་པོར་གྱུར་པའི་ནམ་མཁའ་ཆོས་ཅན། རྟག་སྟེ། མ་བྱས་པའི་ཕྱིར། ཞེས་པ་ལ། ཆོས་ཅན་གྱི་ཁྱད་པར་ནམ་མཁའ་སྣང་ཙམ་ལ་ཕྱོགས་ཆོས་གྲུབ། ཆོས་ཅན་གྱི་ཁྱད་པར་དངོས་པོར་གྱུར་པའི་ནམ་མཁའ་དང་མ་བྱས་པ་འགལ་བས་འདི་ཆོས་ཅན་གྱི་ངོ་བོ་འགོག་པའི་འགལ་བ་ཞེས་ཟེར་ཡང་། དངོས་གྱུར་གྱི་ནམ་མཁའ་མེད་པས་དོན་དམ་པའི་སྒྲ་ཆོས་ཅན་དུ་བཞག་པ་ལྟར་ཕྱོགས་ཆོས་མི་འགྲུབ་པར་འགྱུར་རོ་ཞེས་ས་པཎ་གསུངས། ཆོས་མཆོག་ན་རེ།ནམ་མཁའ་མ་བྱས་ཤིང་ཡོད་པར་འདོད་མཁན་ལ། ནམ་མཁའ་ཆོས་ཅན། རྟག་སྟེ། མ་བྱས་པའི་ཕྱིར། རི་བོང་རྭ་བཞིན་ཞེས་བཀོད་ན་རི་རྭ་དང་མཚུངས་ན་ནམ་མཁའ་ཡོད་པར་འདོད་ཀྱང་མེད་པ་དང་མཚུངས་པར་གྲུབ་པ་ཡིན་ཞེས་གསུངས་མོད། ཆོས་ཅན་གྱི་ངོ་བོ་འགོག་ན་ཕྱོགས་ཆོས་མ་གྲུབ་པར་འགྱུར་ལ་ཕྱོགས་ཆོས་གྲུབ་ན་ཆོས་ཅན་མི་ཁེགས་ལ། བསྒྲུབ་བྱ་ནམ་མཁའ་དངོས་པོར་གྱུར་པ་ལ་བྱེད་ན། ཆོས་ཀྱི་ངོ་བོ་འགོག་པར་འགྱུར་གྱི་ཆོས་ཅན་ངོ་བོ་བཀག་པར་མི་འགྱུར་


MR11_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

བས་སློབ་དཔོན་གྱི་དགོངས་པ་མ་མཁྱེན་པར་ཟད་ཅེས་ས་པཎ་གསུངས་སོ། །ཡང་། ཆོས་ཀྱི་ངོ་བོ་འགོག་པ་ནི། སྒྲ་རྟག་སྟེ། བྱས་པའི་ཕྱིར་ཞེས་པ་ལྟ་བུ། ཆོས་ཅན་གྱི་ཁྱད་པར་འགོག་པའི་འགལ་བ་ནི། འདུས་པ་མ་ཡིན་པའི་དོན་གཞན་གྱི་དོན་དུ་འགྱུར་བ་ཡིན་ནོ། །ཆོས་ཀྱི་ཁྱད་པར་འགོག་པ། འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་གྱི་དོན་བྱེད་པ་ཡིན་ནོ་ཞེས་དོན་ཉིད་ལ་དབྱེ་བ་བྱེད་པ་ནི་རིགས་པ་དང་གཞུང་མི་འཕྲོད་པས་ལེགས་པ་མ་ཡིན་ནོ་ཞེས་ས་པཎ་གསུངས། ས་པཎ་རང་བཞེད་ལ། དངོས་འགལ་དང་། ཤུགས་འགལ། ཆོས་དང་ཆོས་ཅན་བརྗོད་པའི་འགལ་བ་ནི་དོན་གྱི་སྒོ་ནས་མ་ཡིན་ཏེ་བརྗོད་འདོད་ཀྱིས་ཡིན་ཏེ། དངོས་སུ་འགལ་བ་བརྗོད་པ་མི་རྟག་པའི་སྒྲ་རྟག་ཅེས་བརྗོད་པ་ལྟ་བུ། བརྗོད་པའི་ཤུགས་ཀྱིས་འགལ་བ། རྟག་པ་བྱེད་པ་པོ་ཡིན་ཞེས་བརྗོད་པ་ལྟ་བུ། ཆོས་ཀྱི་ཁྱད་པར་གྱི་སྒོ་ནས་བརྗོད་པ། དཔེར་ན་མིག་སོགས་གཞན་དོན་བྱེད་དེ་ཞེས་བརྗོད་པ་ལྟ་བུ། དེ་ལས་ཕྱིན་ཅི་ལོག་ཏུ་གྱུར་ན་ཆོས་ཀྱི་ཁྱད་པར་འགོག་པ་ཞེས་བྱའོ། །གཞན་གྱི་དོན་མིག་ལ་སོགས་པ་ཞེས་བརྗོད་ན་ཆོས་ཅན་གྱི་སྒོ་ནས་བརྗོད་པ་ཡིན་ལ། དེའི་འགལ་བའང་ཆོས་ཅན་གྱི་ཁྱད་པར་འགོག་པ་ཞེས་ཟེར་ལ། འདོད་པ་ལ་ཕྱིན་ཅི་ལོག་ཏུ་ནི་གཉིས་ཀ་མཚུངས་སོ། །དེ་བཞིན་དུ་གཏན་ཚིགས་ལའང་།སྒྲ་མི་རྟག་ཅེས་བྱ་བ་དང་། མི་རྟག་པའི་སྒྲ་ཞེས་བརྗོད་པའི་ཐ་སྙད་བརྗོད་ཚུལ་ལ་ཁྱད་ཡོད་ཀྱི་མི་རྟག་པ་ཉིད་དུ་དོན་གཅིག་གོ། །དེ་བཞིན་དུ་མི་རྟག་པའི་སྒྲའི་སྒྲ་ཞེས་བྱ་བའང་ཆོས་ཀྱིས་ཆོས་ཅན་ཁྱད་པར་དུ་བྱས་པའི་སྒོ་ནས་བརྗོད་པ་སྟེ། རྟག་


MR11_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲ་ལས་སྒྲ་ཁྱད་པར་དུ་བྱས་པའོ། །སྒྲའི་མི་རྟག་པ་ཉིད་དང་ལྡན་པ་ཞེས་པས་ཆོས་ཅན་སྒྲས་མི་རྟག་པ་ཁྱད་པར་དུ་བྱས་པ་བརྗོད་པ་སྟེ། སྒྲ་མི་རྟག་པ་ལས་སྒྲ་ཁྱད་པར་དུ་བྱས་པའོ། །དེ་གཉིས་ཀས་ཀྱང་སྒྲ་མི་རྟག་པར་རྟོགས་པར་འདོད་པས་དོན་ལ་ཁྱད་མེད་དོ། །དེ་དག་བྱས་པའི་རྟགས་ཀྱིས་རྟོགས་པར་ནུས་པས་ཡང་དག་ཡིན་ལ། འདུས་ཤིང་བསགས་པའི་ཕྱིར་ཞེས་པ་ལ་སོགས་པས་རྟོགས་པར་མི་ནུས་པའི་ཕྱིར་འགལ་བ་ཡིན་ནོ། །འདི་དག་གི་དོན་གྱི་སྐྱོན་ཡོན་རང་དོན་རྗེས་དཔག་གི་སྐབས་ཀྱི་བརྗོད་བྱ་ཡིན་ལ། སྒྲ་བློའི་སྐྱོན་ཡོན་གཞན་དོན་སྐབས་ཀྱི་ཡིན་མོད་ཀྱི་ཟོར་ཡང་བར་བྱས་པའི་བྱ་བའི་ཕྱིར། ཕྱོགས་བཅས་བཀོད་པ་ཡིན་ནོ། །དེ་ལྟར་རྟགས་ལྟར་སྣང་ལ་དབྱེ་བ་དུ་མ་བྱས་པ་དེ་བཞིན་རྟགས་ཡང་དག་ལའང་དབྱེ་བ་རིགས་སོ་ཞེ་ན།དེ་ལྟར་ཕྱེས་ཀྱང་མི་རུང་བ་མེད་མོད། དེ་ལ་དགོས་པ་ཆུང་བས་མ་མཛད་དོ། །གལ་ཏེ་ཕྱོགས་ཆོས་མ་གྲུབ་པར་ཤེས་ན་འགོད་དོན་མེད་སྙམ་ན། མ་གྲུབ་པར་ཤེས་ཀྱང་རྟགས་དེ་ལྟར་བཀོད་ན་ཞེས་མཐའ་བཅད་པའོ། །གཞན་དོན་རྗེས་དཔག་ནི་རང་གིས་མཐོང་བའི་རྟགས་གཞན་ལ་སྟོན་པའི་ངག་གོ། །སྒྲུབ་བྱེད་བརྗོད་པར་ཁས་ལེན་པ་རྒོལ་བ། དེ་ལ་སུན་འབྱིན་བརྗོད་པར་ཁས་ལེན་པ་ཕྱིར་རྒོལ་བ། དེ་གཉིས་རྒྱལ་ཕམ་བརྗོད་པར་ཁས་ལེན་པ་དཔང་པོའོ། །དེ་ལ་སྒྲུབ་ངག་དང་ཐལ་ངག་གཉིས་ལས།དང་པོ་ཚུལ་གསུམ་ཚང་བའི་གཏན་ཚིགས་རང་རྒྱུད་དུ་འགོད་པ་སྟེ། རྟགས་རིགས་ཉི་ཤུར་བཤད་པ་བཞིན་ནོ། །ཐལ་འགྱུར་གྱི་ངག་ལ། བོད་སྔ་རབས་པ་རྣམས། ཐལ་འགྱུར་བཞི་ལས། བཅུ་བཞིར་དབྱེ་བ་འདོད་དེ། དང་པོ། ཐལ་


MR11_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཀོད་ཚད་ཀྱི་དབྱེ་བ་ལ་བཞིར་འདོད་དེ། ཐལ་བའི་རྟགས་ཁྱབ་གཉིས་ཀ་མ་གྲུབ་པ་དང་། རྟགས་འབའ་ཞིག་མ་གྲུབ་པ་དང་། ཁྱབ་པ་འབའ་ཞིག་མ་གྲུབ་པ་དང་། གཉིས་ཀ་གྲུབ་པ་བཞིའོ། །དང་པོ་དཔེར་ན། སངས་རྒྱས་པ་ལ་སྒྲ་ཆོས་ཅན། གཞལ་བྱ་མ་ཡིན་པར་ཐལ། རྟག་པའི་ཕྱིར། ཞེས་བཀོད་ན་གཉིས་ཀ་ཚད་མས་མ་གྲུབ་ལ་ཁས་ཀྱང་མི་ལེན་པ་ལྟ་བུའོ། །གཉིས་པ་སྒྲ་མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེ་ན། རྟགས་ཚད་མས་མ་གྲུབ། ཁས་ཀྱང་མི་ལེན་པ་ལྟ་བུའོ། །གསུམ་པ་སྒྲ་རྟག་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར་ཞེ་ན། ཁྱབ་པ་ཚད་མ་དང་། ཁས་བླངས་གཉིས་ཀས་མ་གྲུབ་པའོ། །བཞི་པ་ལ་བཞི་སྟེ། གཉིས་ཀ་ཚད་མས་གྲུབ་པ། སངས་རྒྱས་པ་ལ། སྒྲ་མི་རྟག་པར་ཐལ། བྱས་པའི་ཕྱིར་ལྟ་བུ་ལ་འདོད་ལན་ཐེབས་པ་ལྟར་སྣང་བ་དང་། གཉིས་ཀ་ཁས་བླངས་ཀྱིས་གྲུབ་པ་འབའ་ཞིག སྒྲ་རྟག་པར་ཁས་ལེན་པ་ལ། རྟགས་ཁྱབ་ཚད་མས་གྲུབ་ལ། དམ་བཅའ་ལ་ཁས་བླངས་ཀྱིས་བསལ་བས་ཐལ་བ་ཡང་དག་ཏུ་འགྱུར་རོ། །རྟགས་ཁྱབ་གཉིས་ཀ་ཁས་བླངས་ཀྱིས་གྲུབ་པ་སྒྲ་མིག་གིས་གཟུང་བྱ་དང་། དེ་ལ་རྟག་པས་ཁྱབ་པར་སྨྲ་བ་ལ། སྒྲ་རྟག་པར་ཐལ། མིག་གིས་གཟུང་བྱ་ཡིན་པའི་ཕྱིར་ཞེས་བརྗོད་ན། སྒྲ་མི་རྟག་པར་ཚད་མས་ངེས་ན། དམ་བཅའ་ལ་ཚད་མས་བསལ་བ་དང་། ཁས་བླངས་ན་ཁས་བླངས་ཀྱིས་བསལ་བ་དང་། གཉིས་ཀ་མེད་ན་བསལ་བ་ཡེ་མེད་དེ་སྐབས་གསུམ་མོ། །རྟགས་ཚད་མས་གྲུབ་ལ་ཁྱབ་པ་ཁས་བླངས་ཀྱིས་གྲུབ་པ། བྱས་པ་ལ་རྟག་པས་ཁྱབ་པར་སྨྲ་བ་ལ། སྒྲ་རྟག་པར་ཐལ། བྱས་པའི་ཕྱིར་ཞེས་བརྗོད་པ་ལྟ་བུ་


MR11_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དམ་བཅའ་ལ་བསལ་བ་ཡོད་མེད་གསུམ་པོ་སྔར་ལྟར་རོ། །རྟགས་ཁས་བླངས་ཁྱབ་པ་ཚད་མས་གྲུབ་པ་ནི། སྒྲ་རྟག་པར་སྨྲ་བ་ལ། སྒྲ་མ་བྱས་པར་ཐལ། རྟག་པའི་ཕྱིར། ཞེས་བརྗོད་པ་ལྟ་བུ་སྟེ། དེ་ལའང་བསལ་བ་ཡོད་མེད་གསུམ་པོ་སྔ་མ་ལྟར་རོ། །དེ་ལྟར་ཐལ་བ་བཅུ་བཞི་ལས་ཡང་དག་ལྟར་སྣང་བདུན་བདུན་དུ་འགྱུར་ཏེ། གཉིས་ཀ་མ་གྲུབ་པ་ལ་མ་གྲུབ་པས་ལན་ཐེབས་ལ། རྟགས་ཀྱང་མ་གྲུབ་པ་ལ། མ་གྲུབ་ལན། ཁྱབ་པ་མ་གྲུབ་པ་ལ། ཁྱབ་པ་མ་གྲུབ་པའི་ལན་ཐེབས། གཉིས་ཀ་ཚད་མ་དང་དམ་བཅའ་ལ་བསལ་བ་ཡེ་མེད་དང་། གཉིས་ཀ་ཁས་བླངས་དང་དམ་བཅའ་ལ་བསལ་བ་ཡེ་མེད་དང་། རྟགས་ཚད་མ་ཁྱབ་པ་ཁས་བླངས། དམ་བཅའ་ལ་བསལ་བ་ཡེ་མེད་དང་།རྟགས་ཁས་བླངས་ཁྱབ་པ་ཚད་མ། དམ་བཅའ་ལ་བསལ་བ་མེད་པ་བཞི་པོ་ལ་འདོད་ལན་ཐེབས་པས་བདུན་པོ་ལྟར་སྣང་ངོ་། །གཉིས་ཀ་ཚད་མས་གྲུབ་ལ། འདོད་པ་ཁས་བླངས་ཀྱིས་བསལ་བ་དང་། གཉིས་ཀ་ཁས་བླངས་འདོད་པ་ཚད་མ་དང་ཁས་བླངས་ཀྱིས་བསལ་བ་གཉིས་དང་། རྟགས་ཚད་མས། ཁྱབ་པ་ཁས་བླངས། འདོད་པ་ཚད་ཁས་གཉིས་ཀྱིས་བསལ་བ་གཉིས་དང་། རྟགས་ཁས། ཁྱབ་ཚད། འདོད་པ་ཚད་ཁས་གཉིས་ཀྱིས་བསལ་བ་གཉིས་དང་བདུན་ནི་ལན་གྱིས་བཟློག་མི་ནུས་པས་ཐལ་འགྱུར་ཡང་དག་གོ། ཡང་དག་ལ་སྒྲུབ་བྱེད་འཕེན་མི་འཕེན་ནི། ཐལ་བ་སྔ་མ་དྲུག་དང་། བདུན་པའི་ཕྱེད་རྟག་སྒྲ་བྱས་པར་ཁས་ལེན་པ་ལ་མི་རྟག་པར་ཐལ་ཞེས་རྟགས་ཁས། ཁྱབ་པ་ཚད་མས་གྲུབ། དམ་བཅའ་


MR11_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཚད་མས་བསལ་ཡང་གཞི་ཆོས་ཅན་མ་གྲུབ་ན། སྒྲུབ་བྱེད་མི་འཕེན་ཏེ། བཟློག་ན་ཚུལ་གསུམ་མ་ཚང་བའི་ཕྱིར་རོ། །དེ་བཞིན་དུ་རྟག་པའི་ཤ་ཟའི་བུམ་པ་ཡོད་ཅེས་ཟེར་བ་ལ། རྟག་པའི་བུམ་པའི་རང་མཚན་ཆོས་ཅན།མི་རྟག་པར་ཐལ། ཡོད་པའི་ཕྱིར་ཞེས་སོགས་ཆོས་ཅན་མ་གྲུབ་པ་ཐམས་ཅད་ལ་སྦྱར་རོ། །འདི་ཚད་མས་བསལ་བ་མེད་དེ། གཞི་ཉིད་མ་གྲུབ་པས་དམ་བཅའ་ལ་ཇི་ལྟར་སེལ་ཟེར་བ་ལ། ཁ་ཅིག་ན་རེ། གཞི་དེ་ཉིད་ལ་འཇུག་པ་དངོས་བསལ་མེད་ཀྱང་གཞན་ལ་འཇུག་པའི་ཤུགས་བསལ་ཡོད་དེ། གཞན་དུ་ན་རྟག་མི་རྟག་འགལ་བའི་ཚད་མས་དེ་གཉིས་ཚོགས་པ་ཁེགས་ན། བྱེ་བྲག་ཤ་ཟའི་བུམ་པ་རྟག་མི་རྟག་ཚོགས་པའང་ཤུགས་ལ་ཁེགས་སོ། །དེ་བཞིན་སྤྱི་གཅིག་གསལ་བ་དུ་མ་དང་འབྲེལ་བར་ཡོད་ཟེར་བ་དང་། ནམ་མཁའི་ཡོན་ཏན་གྱི་སྒྲ་རྟག་པར་ཡོད་ཟེར་བའི་ཐལ་བ་དང་བསལ་བའང་ཤེས་པར་བྱའོ། །ཞེས་ཟེར། ས་སྐྱ་པཎ་ཆེན་གྱིས་དེ་བཀག་པ། ཐལ་འགྱུར་བཀོད་ཚད་ལ་བཞིར་དབྱེ་ན་རང་རྒྱུད་ལའང་བཞིར་ཅི་སྟེ་མི་དབྱེ། རང་རྒྱུད་ལ་ཡང་དག་ལྟར་སྣང་གཉིས་སུ་ངེས་པས་དབྱེ་བ་གཞན་མི་དགོས་ཞེ་ན། ཐལ་འགྱུར་ལའང་མཚུངས་སོ། །ཡང་རྟགས་ཁྱབ་གཉིས་ཀ་མ་གྲུབ་པ་དང་། དེ་རེ་རེ་མ་གྲུབ་པ་མི་འཐད་དེ། རྟགས་མ་གྲུབ་ན་ཕྱོགས་ལ་མཐུ་མེད་པའི་ཕྱིར་དང་། ཁྱབ་པ་དཔྱོད་པ་མི་དགོས་ཏེ། སྲོག་ཆད་པ་ལ་དབང་པོ་ཡོད་མེད་དཔྱོད་པ་བཞིན་ནོ། །དེ་ལྟར་དབྱེ་བ་ལྟག་ཆོད་ཀྱི་དབྱེ་བ་ལྟར་ཧ་ཅང་ཐལ་བ་རྩོད་རིགས་སུ་གསུངས་པ་ལྟར། རྟགས་ཕྱེད་མ་གྲུབ་པ་དང་། ཁྱབ་པ་ཕྱེད་མ་གྲུབ་སོགས་སྲིད་པས་དེ་སྙེད་ཀྱི་དབྱེ་བ་དགོས་སོ། །དེས་ན་ཁྱབ་པ་མ་


MR11_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་གཉིས་སུ་བྱ་བ་ལྷག་ཅིང་། སྒྲ་རྟག་སྟེ། བྱས་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལྟར་སྣང་ཆད་དེ་མ་ཚང་པས་བཅུ་བཞི་པོ་མི་འཐད་དོ་གསུངས། རང་ལུགས་ཐལ་འགྱུར་ཡང་དག་ལྟར་སྣང་གཉིས་ལས། དང་པོ། ཁས་བླངས་ཀྱི་རྟགས་ལས་མི་འདོད་པའི་བསྒྲུབ་བྱ་འཕེན་པའོ། །དབྱེ་ན་སྒྲུབ་བྱེད་མི་འཕེན་པ་དང་འཕེན་པ་གཉིས་སོ། །དང་པོ་དངོས་སུ་ཐལ་བ་འཕེན་པ་གཉིས་སོ། དང་པོ་དངོས་སུ་ཐལ་བ་འཕང་བས་བཟློག་ན་ཚུལ་གསུམ་ཚང་བའོ། །དེ་ཆོས་གསུམ་ལྡན་ཏེ། རྟགས་ཕྱིར་རྒོལ་གྱིས་བདེན་ཞེན་གྱིས་ཁས་ལེན་པ། བཟློག་ཁྱབ་ཚད་མས་གྲུབ་པ། གཞི་གྲུབ་ཅིང་དམ་བཅའ་ལ་ཚད་མས་བསལ་རུང་ངོ་། །དེ་དངོས་སུ་རྟགས་ཚད་མས་མ་གྲུབ་པས་སྒྲུབ་ངག་མིན་ཡང་། བཟློག་ན་བསྒྲུབ་པའི་མཚན་ཉིད་ཡོད་པའོ། །ཐལ་ངག་གིས་རང་རྒྱུད་ཀྱི་དོན་འཕེན་གྱི་ངག་བཟློག་པ་ལྟར་མི་འཕེན་ཏེ། ངག་དོན་ལ་ཕྱོགས་ཆོས་གྲུབ་དགོས་པས་ངག་བཟློག་ན་ཕྱོགས་ཆོས་འཇིག་པའི་ཕྱིར་རོ། །དེ་ལ། རང་བཞིན་འབྲས་བུ་མཚན་ཉིད་མི་དམིགས་པ་གསུམ་གྱིས་སྒྲུབ་བྱེད་མི་འཕེན་ཏེ། ཕྱོགས་འདི་ན་བུམ་པ་མེད་པར་ཐལ། མ་དམིགས་པའི་ཕྱིར་ཞེས་རང་བཞིན་མི་དམིགས་པ་དང་། འབྲས་བུ་དུ་བ་མེད་པའི་ཕྱིར། དེའི་རྒྱུ་ནུས་པ་ཐོགས་མེད་མེད་པ་དང་། ནོག་ལྐོག་ཤལ་མེད་པས་བ་ལང་མིན་པར་ཞེས་ཁྱབ་བྱེད་མི་དམིགས་པ་གསུམ་གྱིས་སྒྲུབ་བྱེད་མི་འཕེན་ཏེ། བུམ་སོགས་ཚད་མས་གྲུབ་ན་དམིགས་པར་གྲུབ་ཕྱིར་ཕྱོགས་ཆོས་མེད་ལ། ཕྱོགས་ཆོས་གྲུབ་ན་ཐལ་བའི་དམ་བཅའ་ལ་བསལ་བ་མེད་ཅིང་


MR11_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྒྱུད་ཀྱི་ཕྱོགས་ཆོས་མི་འགྲུབ་པའི་ཕྱིར་རོ། །དེ་གསུམ་གྱི་ལྷག་མ་སྔར་བཤད་པའི་ཡང་དག་གི་རྟགས་ཉི་ཤུ་པོས་སྒྲུབ་བྱེད་འཕེན་པར་ཤེས་པར་བྱའོ། །དེ་ལ་དབྱེ་ན། བཟློག་པ་རང་རིགས་འཕེན་པ་བཞི་ནི་གྲང་རེག་གིས་མེ་འགོག་པ་རང་བཞིན་འགལ་དམིགས་ཀྱིས་མེ་ཡོད་པས་གྲང་རེག་མེད་ཅེས་རང་བཞིན་འགལ་དམིགས་འཕེན་པ་དང་། དེ་བཞིན་བ་མོའི་རེག་པས་ཙན་དན་གྱི་མེ་མེད་པར་ཐལ་ཞེས་ཁྱབ་བྱ་དམིགས་པས་ཙན་མེ་ཡོད་པས་བ་མོའི་རེག་པ་མེད་ཅེས་དེ་ཉིད་འཕེན་པ་དང་། སྤུ་ལོང་བྱེད་ཡོད་པས་དུ་བ་མེད་པར་ཐལ་ཞེས་པས་འབྲས་བུ་དམིགས་པས་རང་ཉིད་འཕེན་པ་དང་། ཁྱབ་བྱེད་འགལ་དམིགས་ཀྱང་དེ་བཞིན་འཕེན་ནོ། །གཞན་རིགས་འཕེན་པ་བཅུ་དྲུག་ནི། དུ་བ་ཡོད་པས་མེ་ཡོད་པའི་འབྲས་རྟགས་དང་། མེ་མེད་པས་དུ་བ་མེད་པའི་རྒྱུ་མི་དམིགས་པ་གཉིས་ལ་མཚོན་ན། ཐལ་བཟློག་གཉིས་ཕན་ཚུན་གྱི་བསྒྲུབ་བྱ་ལོག་པ་རྟགས་ཡིན་ཞིང་། གཅིག་གི་རྣལ་ཁྱབ་ཅིག་ཤོས་ཀྱི་བཟློག་ཁྱབ་ཡིན་པས་ཁྱབ་པ་འབྲེལ་ཞིང་ཕྱོགས་ཆོས་འགལ་བ་དག་གཞི་གཅིག་གི་སྟེང་དུ་བསྒྲུབ་བྱ་མེད་བཞིན་དུ་རྟགས་ཁས་ལེན་པ་ལ། གཅིག་གི་ཐལ་བ་བརྗོད་པས་གཅིག་གི་རང་རྒྱུད་འཕེན་ཏེ། དུ་བ་མེད་པར་ཐལ་མེ་མེད་པའི་ཕྱིར། ཞེས་རྒྱུ་མི་དམིགས་པས། དུ་བ་ཡོད་པའི་ཕྱིར། མེ་ཡོད་ཅེས་འབྲས་རྟགས་ཀྱི་རང་རྒྱུད་འཕེན་ལ། མེ་ཡོད་པར་ཐལ། དུ་བ་ཡོད་པའི་ཕྱིར། ཞེས་འབྲས་རྟགས་ཀྱི་ཐལ་བས་མེ་མེད་པའི་ཕྱིར་དུ་བ་མེད་ཅེས་རྒྱུ་མི་དམིགས་པའི་རང་རྒྱུད་འཕེན་ནོ། །འགལ་དམིགས་བཅུ་གཉིས་པོའི་ནང་ནས་མེ་དང་


MR11_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

བ་མོའི་རེག་པ་ཕན་ཚུན་འགོག་པ་ཁྱབ་བྱེད་འགལ་དམིགས་དང་། འགལ་བའི་ཁྱབ་བྱ་དམིགས་པ་གཉིས་དང་། དུ་བ་དང་བ་མོའི་རེག་པ་ཕན་ཚུན་འགོག་པས་ཁྱབ་བྱེད་འགལ་བའི་འབྲས་བུ་དམིགས་པ་དང་། རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པ་གཉིས་དང་། མེ་དང་སྤུ་ལོང་ཕན་ཚུན་འགོག་པ། རྒྱུ་དང་འགལ་དམིགས་དང་། རང་བཞིན་འགལ་འབྲས་དམིགས་པ་གཉིས་དང་། དུ་བ་གྲང་རེག་ཕན་ཚུན་འགོག་པ་རང་བཞིན་འགལ་འབྲས་དམིགས་པ་དང་། རྒྱུ་དང་འགལ་དམིགས་གཉིས་དང་། ཙན་མེ་དང་གྲང་རེག་ཕན་ཚུན་འགོག་པ། འགལ་བའི་ཁྱབ་བྱ་དམིགས་པ་དང་། ཁྱབ་བྱེད་འགལ་དམིགས་གཉིས་དང་། ཙན་མེ་དང་སྤུ་ལོང་བྱེད་ཕན་ཚུན་འགོག་པ། རྒྱུ་འགལ་ཁྱབ་བྱ་དམིགས་པ་དང་། ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པ་གཉིས་དང་། ཤ་བས་ཤིང་གྲུབ་པའི་ཐལ་བས། ཤིང་བཀག་པས་ཤ་བ་འགོག་པའི་རང་རྒྱུད་དང་། ཤིང་མེད་པས་ཤ་བ་མེད་པར་ཐལ་བས་བའི་ཁྱབ་བྱེད་མི་དམིགས་པས། ཤ་བ་ཡོད་པས་ཤིང་ཡོད་པའི་རང་བཞིན་གྱི་རྟགས་ཕན་ཚུན་འཕེན་ཏེ། གཅིག་གི་རྗེས་ཁྱབ་གཅིག་གི་བཟློག་ཁྱབ་ཏུ་འགྱུར་རོ། །གཉིས་པ་ཐལ་འགྱུར་ལྟར་སྣང་ལ། ཁས་བླངས་ཀྱི་རྟགས་བཀོད་ཀྱང་མི་འདོད་པའི་བསྒྲུབ་བྱ་འཕེན་མི་ནུས་པའོ། །དབྱེ་བ་ལ། རྟགས་མ་གྲུབ་པ་དང་། འགལ་ཁྱབ་དང་།ཁྱབ་པ་མ་ངེས་པ་དང་། འདོད་ལན་ཐེབས་པ་བཞིའོ། །ས་པཎ་རང་ལུགས་ལ། ཁྱབ་པ་འགལ་བ་དང་། ཁྱབ་པ་མ་ངེས་པ་གཉིས་སུ་ཕྱེས་ནས་བཞིར་གདབ་གསུངས། རིགས་གཏེར་ལས་བྲིས་སོ་ཞེས་པ་དང་།། །། །།


MR11_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

༈ ན་མོ་མཉྫཱུ་ཤྲི་ཡེ། རྟགས་རིགས་སྤྲོ་ན་སྤྱིར་རྟགས་སུ་བཀོད་པ་རྟགས་ཀྱི་མཚན་ཉིད། གཞི་གྲུབ་ན་རྟགས་སུ་རུང་བས་ཁྱབ། བྱེ་བྲག་ལ་ཤེས་ནས་སྤང་བར་བྱ་བ་ལྟར་སྣང་། ཤེས་ནས་བླང་བར་བྱ་བ་ཡང་དག་གཉིས། དང་པོ་ལ། རྟགས་སུ་བཀོད་པ་གང་ཞིག་ཚུལ་གསུམ་མ་ཚང་བ། རྟགས་ལྟར་སྣང་གི་མཚན་ཉིད། དབྱེ་ན། མ་གྲུབ། མ་ངེས། འགལ་བ་གསུམ། དང་པོའི་མཚན་ཉིད། ཤེས་འདོད་ལ་དགོད་བྱ་ལྟར་མ་གྲུབ་པའི་རྟགས། དབྱེ་ན།དོན་དུ་མ་གྲུབ་པ་དང་། གྲུབ་ཀྱང་བློ་ངོར་ལྟོས་ནས་མ་གྲུབ་པ་གཉིས། དང་པོ་ལ། ཆོས་ཅན་མེད་པ། རྟགས་མེད་པ། གཉིས་ཀ་མེད་པ། ཡོད་ཀྱང་འབྲེལ་བ་མེད་པ་བཞི། དང་པོ། དོན་དམ་པའི་སྒྲ་ཆོས་ཅན་ལྟ་བུ། དེ་ལ་རྟགས་གང་བཀོད་ཀྱང་ཕྱོགས་མེད་པས་ཕྱོགས་ཆོས་མི་གྲུབ། གཉིས་པ། རི་བོང་གི་རྭ་ཡིན་པའི་ཕྱིར་ལྟ་བུ། དེ་གང་ལ་བཀོད་ཀྱང་ཕྱོགས་ཀྱི་ཆོས་མིན་པས་ཕྱོགས་ཆོས་མི་གྲུབ། གསུམ་པ། དོན་དམ་པའི་སྒྲ་ཆོས་ཅན། རྟག་སྟེ། རི་བོང་གི་རྭ་ཡིན་པའི་ཕྱིར་ལྟ་བུ།ཕྱོགས་དང་ཆོས་གཉིས་ཀ་མ་གྲུབ་བོ། །བཞི་པ་ལ་རྟགས་ཤེས་འདོད་ལ། མི་སྲིད་པ་དང་། མ་ཁྱབ་པ་དང་། ཁྱབ་མ་ཁྱབ་གཉིས་ཀའི་ཆ་ཡོད་པ་གསུམ། དང་པོ། སྒྲ་ཆོས་ཅན། མི་རྟག་སྟེ། མཉན་བྱ་མ་ཡིན་པའི་ཕྱིར་ལྟ་བུའམ།མིག་གིས་གཟུང་བྱ་ཡིན་པའི་ཕྱིར་ལྟ་བུ། གཉིས་པ། སྒྲ་ཆོས་ཅན། བློ་སྔོན་དུ་སོང་བས་ཁྱབ་སྟེ། སྐྱེས་བུའི་རྩོལ་བ་ལས་བྱུང་བའི་ཕྱིར་ལྟ་བུ། གསུམ་པ། ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། མངོན་སུམ་ཚད་མ་ཡིན་ཏེ།


MR11_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་བྲལ་མ་འཁྲུལ་བ་ཡིན་པའི་ཕྱིར་ལྟ་བུ། རྟོགས་བྲལ་གྲུབ་ཀྱང་མ་འཁྲུལ་བ་མ་གྲུབ་པས་འདིར་རྟགས་མ་གྲུབ་ཀྱི་ལན་ཐེབས། ཁྱབ་ཆེས་པ་ནི། མ་ངེས་པ་ཡིན་གྱིས་རྟགས་མ་གྲུབ་ཀྱི་ལན་མི་ཐེབས་པས་མེད་དོ། །དེ་ལྟར་ན་དྲུག་གོ། གཉིས་པ་བློ་ལ་ལྟོས་ན། ཆོས་ཅན་མ་གྲུབ། རྟགས་མ་གྲུབ། དེ་གཉིས་ཀ་མ་གྲུབ། དེ་གཉིས་ཀྱི་འབྲེལ་བ་མ་གྲུབ་པ་དང་བཞི། དང་པོ། ཤ་ཟའི་བུམ་པའམ། ནོར་བུའམ། སྒྲོན་མར་མ་ངེས་པ་ན་ནོར་བུ་ཆོས་ཅན་དུ་བཞག་པ་ལྟ་བུ། གཉིས་པ།འདོད་ཆགས་དང་བྲལ་བས་བྱས་པའི་ཕྱིར་ལྟ་བུའམ། དུ་རླངས་གང་རུང་དུ་ཐེ་ཚོམ་ཟ་བ་ན། དུ་བ་རྟགས་སུ་བཀོད་པ་ལྟ་བུ། གསུམ་པ། ཤ་ཟའི་བུམ་པ་ཆོས་ཅན། འདིར་ཡོད་དེ། ཤ་ཟ་ཡོད་པའི་ཕྱིར་ལྟ་བུ། བཞི་པ་ལ་མི་སྲིད་པར་དོགས་པ། མ་ཁྱབ་པར་དོགས་པ། གཉིས་ཀའི་ཆ་ཅན་དུ་དོགས་པ་གསུམ། དང་པོ། སྒྲ་མ་བྱས་པར་སེམས་པ་ལ་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ལྟ་བུ། གཉིས་པ། ཚིག་ལ་སྐྱེས་བུས་བྱས་མ་བྱས་གཉིས་ཡོད་པར་འདོད་པ་ལ། ཚིག་རྣམས་ཆོས་ཅན། རང་བྱུང་མིན་ཏེ། སྐྱེས་བུས་བྱས་པའི་ཕྱིར་ལྟ་བུ། གསུམ་པ། དངོས་པོ་ཕལ་ཆེར་མི་རྟག་པར་འདོད་ཀྱང་། དབང་ཕྱུག་སོགས་རྟག་དངོས་སྲིད་པར་འདོད་པའི་ངོར། དབང་ཕྱུག་ཆོས་ཅན། རྣམ་པར་འགྱུར་བ་ཡིན་ཏེ། མི་རྟག་པ་དང་། དངོས་པོའི་གཞི་མཐུན་ཡིན་པའི་ཕྱིར་ལྟ་བུའོ། །ད་ལྟའི་དགེ་བས་སྔ་མའི་དགེ་བ་དང་། རྨ་བྱའི་སྒྲ་གྲགས་པས་རི་སུལ་དབུས་མར་རྨ་བྱ་བསྒྲུབ་པ་ནི་མ་ངེས་པ་ཡིན་གྱི། རྟགས་མ་གྲུབ་པ་མིན་ནོ། །


MR11_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

རྒོལ་བ་ལ་ལྟོས་པ་སོགས་གཞན་ནི་འདིར་འདུ་ལ། སྒྲ་མི་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར་ལྟ་བུ་ནི། རྩོལ་བྱུང་གི་སྒྲ་ལ་བསམ་ན། དོན་གྱི་རྟགས་ཡང་དག་ཡིན་པས་མ་གྲུབ་པ་མིན་ཏེ། སྒྲ་བྱེ་བྲག་ཆུ་སྒྲ་སོགས་ལ་བསམ་ན་མ་གྲུབ་བོ། །སྒྲ་སྤྱི་ལའང་མི་གྲུབ་པས་ཕྱེ་སྟེ་བཤད་དགོས་སོ། །དེ་ལྟར་ན་དྲུག་སྟེ། དེས་ན་མ་གྲུབ་པ་བཅུ་གཉིས་ཡོད། གཉིས་པ་མ་ངེས་པ་ལ་མཚན་ཉིད། བསྒྲུབ་བྱ་འགྲུབ་པ་ལ་ཐེ་ཚོམ་བསྐྱེད་པའི་རྟགས། དབྱེ་ན། ཐུན་མོང་མིན་པ་དང་།ཐུན་མོང་གི་མ་ངེས་པ་གཉིས། དང་པོ་ལ། ལྡོག་པ་ཐ་དད་མེད་པའི་ཐུན་མིན་དང་། ཡོད་ཀྱང་ཕྱོགས་གཉིས་ཀར་མི་འཇུག་པའི་ཐུན་མིན་གཉིས། དང་པོ་ལ། གཞི་རྟགས་གཅིག་པ། ཆོས་རྟགས་གཅིག་པ། གཞི་རྟགས་ཆོས་གསུམ་གཅིག་པ།ཚོགས་དོན་དང་རྟགས་གཅིག་པ་བཞི། དང་པོ། སྒྲ་ཆོས་ཅན། མི་རྟག་སྟེ། སྒྲ་ཡིན་པའི་ཕྱིར་ལྟ་བུ། གཉིས་པ། སྒྲ་ཆོས་ཅན། མི་རྟག་སྟེ། མི་རྟག་པའི་ཕྱིར་ལྟ་བུ། གསུམ་པ། སྒྲ་ཆོས་ཅན། སྒྲ་ཡིན་ཏེ། སྒྲ་ཡིན་པའི་ཕྱིར་ལྟ་བུ། བཞི་པ། སྒྲ་ཆོས་ཅན།མི་རྟག་སྟེ། སྒྲ་མི་རྟག་པ་ཡིན་པའི་ཕྱིར་ལྟ་བུའོ། །གཉིས་པ་ལ། དོན་དང་། བློ་གཉིས། དང་པོ། སྒྲ་ཆོས་ཅན། མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར་ལྟ་བུ། ཕྱོགས་གཉིས་ཀར་མེད་ནས་མ་མཐོང་བ། གཉིས་པ་ལ། ཕྱོགས་གཉིས་ཀར་ཡོད་ཀྱང་མ་མཐོང་བ། སྐྱེས་བུ་འདི་ཆོས་ཅན། ལྷ་ལས་ཚེ་འཕོས་ཏེ། མིག་དང་ལྡན་པའི་ཕྱིར་ལྟ་བུ། ལྷ་ལས་འཕོས་མ་འཕོས་གཉིས་ཀ་སུ་ཡིན་དམིགས་མ་ནུས་པས་གཉིས་ཀར་མ་མཐོང་ནས་ཐེ་ཚོམ་པའོ། །མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་མི་


MR11_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་ཕྱོགས་ལ་མེད་ནས་མ་མཐོང་བའི་བློ་ངོར་ཐུན་མིན་དུ་གྱུར་པ། སྒྲ་རྟག་པར་འདོད་ངོར། སྒྲ་མི་རྟག་སྟེ། བྱས་པའི་ཕྱིར་ལྟ་བུ། དེ་ལས་བཟློག་པ་རིག་བྱེད་པའི་ངོར། རིག་བྱེད་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར། ལྟ་བུ་སྟེའོ།།གཉིས་པ། ཐུན་མོང་ལ། མཚན་ཉིད། ཕྱོགས་གཉིས་ཀར་འཇུག་པར་སྣང་བ། དབྱེ་ན། དོན་དང་། བློ་གཉིས། དང་པོ། དངོས་ཀྱི་མ་ངེས་པ་ཟེར། དེ་ལ་བཞི། དང་པོར་ཕྱོགས་གཉིས་ཀར་ཁྱབ་པར་ཞུགས་པ་སྒྲ་མི་རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར་ལྟ་བུ། གཉིས་པ། མཐུན་ཕྱོགས་ལ་ཁྱབ་མི་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པ། སྒྲ་ཆོས་ཅན། རྩོལ་བ་ལས་བྱུང་བར་ཐལ། མི་རྟག་པའི་ཕྱིར་ལྟ་བུ། གསུམ་པ་དེ་ལས་ལྡོག་པ། སྒྲ་ཆོས་ཅན། རྩོལ་བྱུང་མིན་པར་ཐལ།མི་རྟག་པའི་ཕྱིར་ལྟ་བུ། བཞི་པ། ཕྱོགས་གཉིས་ཀར་ཆ་གཉིས་སུ་འཇུག་པ། དུང་སྒྲ་ཆོས་ཅན། མཉན་བྱ་ཡིན་ཏེ། རྩོལ་བྱུང་ཡིན་པའི་ཕྱིར་ལྟ་བུ། གཉིས་པ། བློ་ལྟོས་ལྷག་ལྡན་ལ། ཡང་དག་དང་། འགལ་བའི་ལྷག་ལྡན་གཉིས། དང་པོ་ལ།སྒྲ་མི་རྟག་སྟེ། བྱས་པའི་ཕྱིར་ལྟ་བུ། བྱས་པ་དང་རྟག་པ་འགལ་བར་མི་ཤེས་པ་ལ་བཀོད་ན། མཐུན་ཕྱོགས་ལ་མཐོང་། མི་མཐུན་ཕྱོགས་ལ་མ་མཐོང་ཡང་། མི་མཐུན་ཕྱོགས་ལ་མེད་པར་མ་ངེས་ནས་ཐེ་ཚོམ་བསྐྱེད་པའོ། །འགལ་ལྷག་སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར་ལྟ་བུ། རྟག་པ་དང་བྱས་པ་འགལ་བར་མི་ཤེས་པ་ལ་བཀོད་ན། མི་མཐུན་ཕྱོགས་ལ་མཐོང་། མཐུན་ཕྱོགས་ལ་མ་མཐོང་ཡང་མཐུན་ཕྱོགས་ལ་ཡོད་སྲིད་སྙམ་པས་འགལ་ཡང་ཐེ་


MR11_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་གྱི་ལྷག་མ་ལྡན་པའམ། ངག་སྨྲ་བའི་རྟགས་ལས་སྐྱེས་བུ་ཐམས་ཅད་མཁྱེན་པ་མིན་པའམ་ཡིན་པར་དཔག་ན་ལྷག་ལྡན་གཉིས་པོ་འདྲ་ཡང་དོན་གྱི་ཕྱོགས་གཉིས་ཀར་འཇུག་པར་འགྱུར་བས་ལོགས་སུ་མེད་དོ། །གསུམ་པ།འགལ་རྟགས་ཀྱི་མཚན་ཉིད། རྟགས་དེས་བསྒྲུབ་བྱ་ཕྱིན་ཅི་ལོག་ཏུ་གྲུབ་པར་ངེས་པ། དབྱེ་ན། དོན་དང་། བློ་ངོར་ལྟོས་པ་གཉིས། དང་པོ་ལ། དགག་པ་ཕྱིན་ཅི་ལོག་དང་། སྒྲུབ་པ་ཕྱིན་ཅི་ལོག་གཉིས། དང་པོ། མ་དམིགས་པའི་རྟགས་བཟློག་པ་ཐམས་ཅད། གཉིས་པ། འབྲས་རང་གི་རྟགས་དང་བསྒྲུབ་བྱ་ལོག་པ་ཐམས་ཅད། གཉིས་པ། སྒྲ་རྟག་པར་ཁས་ལེན་པའི་ངོར། དུང་སྒྲ་ཆོས་ཅན། མི་རྟག་སྟེ། སྒྲ་ཡིན་པའི་ཕྱིར་ལྟ་བུ་དང་། སྒྲུབ་པ་འགལ་བ་དང་། ཡོད་པ་གསར་དུ་མི་སྐྱེ་བར་ཁས་ལེན་པའི་ངོར། བུམ་པ་ཆོས་ཅན། གསར་དུ་མི་སྐྱེ་བ་མིན་ཏེ། ཡོད་པའི་ཕྱིར་ལྟ་བུ། དགག་པ་འགལ་བ་གཉིས་ཏེ་བཞིའོ། །དེ་ལ་འགལ་བའི་ལན་ཐེབས་སོ། །དེ་ལ་བློ་ལ་ལྟོས་ནས་གཏན་ཚིགས་ལྟར་སྣང་ཡང་རུང་། དེས་རྟགས་ཡང་དག་མིན་པར་མི་འགྱུར་ལ། དོན་གྱི་སྒྲུབ་བྱེད་མིན་ལ། བློ་ལ་གཏན་ཚིགས་ཡང་དག་ལྟར་སྣང་ཡང་། རྟགས་ཡང་དག་ཏུ་མི་རུང་བས་དོན་གྱི་རྟགས་ལྟར་སྣང་དང་ཡང་དག་དཔྱད་པར་བྱའོ། །གཉིས་པ། རྟགས་ཡང་དག་ལ། མཚན་ཉིད་ཚུལ་གསུམ་ཚང་བའོ། །དེ་ལ་དང་པོ། ཕྱོགས་ཆོས་ནི། རྟགས་དེ་ཉིད་ཤེས་འདོད་ལ་མི་ལྡན་རྣམ་གཅོད་དུ་གྲུབ་པ་ཡིན་ལ། རྗེས་འགྲོ་ནི། རྟགས་དེ་ཡི་རྗེས་སུ་བསྒྲུབ་བྱ་འགྲོ་བ་ཡིན་ལ། ལྡོག་པ་ནི། བསྒྲུབ་


MR11_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ལོག་ན་རྟགས་ལྡོག་པ་དེ་ཡིན་ནོ། །དེ་ངེས་པའི་ཚུལ་ལ། རྟགས་དཔག་གཞིར་གྲུབ། རྗེས་འགྲོ་མཐུན་པའི་དཔེ་ལ་ཡོད། རྟགས་མི་མཐུན་པའི་དཔེ་ལས་ལྡོག་པར་ངེས་པའི་རྟགས་སུ་ངེས་ནས། གཏན་ཚིགས་དེས་བསྒྲུབ་བྱ་འགྲུབ་པར་ཤེས་པར་བྱ་བ་ཡིན་པས་རྟགས་ལྟར་སྣང་དང་ཡང་དག་གི་དམིགས་ཕྱེ་ནས་ཚད་མས་དྲངས་བའི་ངེས་པས་ཡུལ་ལ་དགག་སྒྲུབ་བྱ་བ་ཡིན་ནོ། །དེ་ལ་། སྒྲུབ་པ་ལ། ཡིན་ཡོད་དུ་བསྒྲུབ་པ་གཉིས་ཡོད་ལ། གཞལ་བྱ་ལྐོག་གྱུར་དེ་རང་མངོན་གྱུར་མིན་པས་ན། དེ་དཔག་ཏུ་རུང་བའི་ཆོས་གཞན་ཞིག་ལས་རྗེས་སུ་དཔག་དགོས་པས། དེ་ལ་རང་དང་ངོ་བོ་གཅིག་པའི་ཆོས་སམ། རང་དང་ཐ་དད་པའི་འབྲེལ་བ་གཉིས་གང་རུང་ལ་བརྟེན་ནས་ཆོས་དེ་གྲུབ་དགོས་ཏེ། འབྲེལ་མེད་གཞན་གྱིས་དེ་སྒྲུབ་པར་མི་ནུས་པས་སོ། །དེ་ལ་བསྒྲུབ་བྱ་དང་ངོ་བོ་བདག་གཅིག་པའི་ཆོས་རྟགས་སུ་བཀོད་ནས་དཔག་འདོད་བསྒྲུབ་པ་ལ་ཚུལ་གསུམ་ཚང་བ། རང་བཞིན་གྱི་རྟགས་ཀྱི་མཚན་ཉིད། རྒྱུ་ཚོགས་པའི་པས་འབྲས་བུ་འབྱུང་རུང་སྒྲུབ་པའང་། རྒྱུ་དེ་ཉིད་ལ་འབྲས་བུ་འབྱུང་རུང་ངོ་བོ་དབྱེར་མེད་ཡིན་པའི་ཆ་ནས་རང་བཞིན་གྱི་རྟགས་སུ་འདུ། བསྒྲུབ་བྱ་དང་དེ་བྱུང་གི་འབྲེལ་བའི་འབྲས་བུ་རྟགས་སུ་བཀོད་དེ་དཔག་འདོད་སྒྲུབ་པ་ལ་ཚུལ་གསུམ་ཚང་བ་འབྲས་རྟགས་ཀྱི་མཚན་ཉིད། རོ་ལས་གཟུགས་དང་། གཟུགས་ལས་སྐྱེ་མཆེད་ཀྱི་རྫས་གཞན་དཔོག་པའང་། རང་རྒྱུ་དང་ཚོགས་པ་གཅིག་པའི་རྒྱུ་ཆོས་རྗེས་སུ་དཔག་པ་ཡིན་ནོ། །དགག་བྱ་འགོག་པའི་རྟགས་སུ་བཀོད་པ་ཚུལ་གསུམ་


MR11_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་བ་མ་དམིགས་པའི་རྟགས་ཀྱི་མཚན་ཉིད། དབྱེ་ན་སྣང་རུང་མ་དམིགས་པ་དང་། འགལ་བ་དམིགས་པ་གཉིས། དེ་ལ་སྣང་མི་རུང་མི་དམིགས་པ་ཙམ་གྱིས་མེད་པར་མི་འགྲུབ་ཀྱང་། སྣང་རུང་མ་དམིགས་པའི་སྒོ་ནས་རང་གི་ངོ་བོ་འགོག་ལ། དེ་དང་འགལ་བའི་ཆོས་གཞན་དམིགས་པས་ཀྱང་དགག་བྱ་དེ་འགོག་པ་ཡིན་ནོ། །དེ་ལ་ས་ཕྱོགས་སུ་བུམ་པ་སྣང་རུང་མ་དམིགས་པ་ལྟ་བུ། རང་བཞིན་མ་དམིགས་པ། མེ་མ་དམིགས་པའི་སྒོ་ནས་དུ་བ་འགོག་པ་ལྟ་བུ། རྒྱུ་མ་དམིགས་པ། དུ་བ་མ་དམིགས་པས་དེ་རྒྱུ་མེ་མེད་པར་འགོག་པ་ལྟ་བུ། འབྲས་བུ་མ་དམིགས་པ། ཤིང་མ་དམིགས་པས་ཤ་བ་འགོག་པ་ལྟ་བུ། ཁྱབ་བྱེད་མ་དམིགས་པ་སྟེ་བཞི། དེ་ལ་བདག་གཅིག་འབྲེལ་གྱི་ཁྱབ་བྱ་རང་གི་ངོ་བོའམ་དེའི་ཁྱབ་བྱེད་དགག་པས་འབྲེལ་ཆོས་ལོག་པ་དང་། གཞན་གཉིས་དེ་བྱུང་གི་འབྲེལ་ཡུལ་ལོག་པའི་འབྲེལ་ཟླ་ཉིད་ལོག་པར་རྟོགས་པའོ། །འགལ་དམིགས་ལ། འགལ་བ་གཉིས་ཀྱི་ལྷན་ཅིག་མི་གནས་འགལ། གནོད་བྱེད་ཚ་རེག་གི་ངོ་བོ་དང་འབྲས་བུ་གཉིས། གནོད་བྱེད་བྱ་གྲང་རེག་གི་རྒྱུ་འབྲས་ངོ་བོ་ཁྱབ་བྱ་བཞི་འཇོམས་པའི་རྣམ་པ་བརྒྱད་པོ་ནི་མི་འཁྲུལ་བ་ཡིན་ལ། མེའི་རྒྱུ་ཙམ་ནི་གནོད་བྱེད་མིན་ལ། ཁྱབ་བྱ་ནི་མེ་ལས་ལོགས་སུ་དབྱེ་བ་ལ་དགོས་པ་མེད་ཅིང་གལ་ཏེ་གྲངས་ཀྱི་མཐའ་དབྱེ་བ་ཙམ་དུ་ཕྱེས་ཀྱང་རུང་ལ། དེ་ཡི་ཚེ་སྒྲུབ་ཚུལ་དམིགས་ཕྱེད་པ་གལ་ཆེ། ཕན་ཚུན་སྤངས་འགལ་དངོས་ནི། རྟགས་དང་རྟགས་ཅན་དུ་སྦྱར་བ་མི་སྲིད་ཀྱང་། དེས་ཁྱད་པར་དུ་བྱས་པའི་བརྒྱུད་འགལ་དམིགས་པ་སྟེ། དེ་ལྟར་ན་འགལ་དམིགས་དགུའོ། །


MR11_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་གསུམ་བསྡོམས་པས་བཅུ་གསུམ་ཡིན་ནོ། །གཉིས་པ་རྟགས་དེས་བསྒྲུབ་བྱའི་མཚན་ཉིད། ཚད་མས་གྲུབ་བསལ་མེད་ལ་ཤེས་འདོད་དུ་བཟུང་བ་ཡིན་ཏེ། དེ་ལ་ཚད་མས་གྲུབ་ཟིན་པ། སྒྲ་མཉན་བྱ་ཡིན་པ་ལྟ་བུ་དང་། ཚད་མས་བསལ་ཟིན་པ་སྒྲ་མཉན་བྱ་མིན་ལྟ་བུ་དང་། ཤེས་འདོད་མ་ཞུགས་པ། སྒྲ་མི་སྙན་གྱི་བུམ་པ་སོགས་ལྟ་བུ་ནི། བསྒྲུབ་བྱར་མི་རུང་བས་སྐབས་སུ་བབ་པའི་དོན་དེ་ཉིད་རྒོལ་བས་སྒྲུབ་པར་དམ་བཅའ་ཞིང་། ཕྱིར་རྒོལ་གྱིས་སུན་འབྱིན་པར་ཁས་བླངས་པ་ཞིག་རྩོད་གཞིར་འཛིན་ནོ། །ཞེས་པ་འདི་ཡང་འཇམ་དབྱངས་མི་ཕམ་རིན་པོ་ཆེའི་གསུང་ཕྱག་བྲིས་ཤོག་འཛར་ལས་ཞལ་བཤུས་པ་དགེའོ།། ༈ །།རང་གི་མཁས་འཇུག་ལྟར་བྲིས་པ། ཚུལ་གསུམ་ཚང་བ་རྟགས་ཡང་དག་གི་མཚན་ཉིད། རྟགས་ཡང་དག་གི་སྦྱོར་བ་དེ་ལ་འབྲས་རང་མ་དམིགས་པའི་རྟགས་གསུམ། དང་པོ་འབྲས་རྟགས་ནི། འབྲས་བུའི་རྟགས་ཀྱིས་རྒྱུ་རྗེས་སུ་དཔོག་པ་ཡིན་ལ། དེ་ལ་དབྱེ་ན། དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ལྟ་བུ་རྒྱུ་དངོས་སུ་སྒྲུབ་པའི་འབྲས་རྟགས། བར་སྣང་གི་དུ་བ་སྔོ་ལོང་བོ་ཆོས་ཅན། རང་རྒྱུ་མེ་སྔོན་སོང་ཡིན་ཏེ། དུ་བ་ཡིན་པའི་ཕྱིར་ལྟ་བུ་རྒྱུ་སྔོན་སོང་སྒྲུབ་པའི་འབྲས་རྟགས། ཉེར་ལེན་གྱི་ཕུང་པོ་ཆོས་ཅན། རང་རྒྱུ་དང་བཅས་པ་ཡིན་ཏེ། རེ་འགའ་བའི་དངོས་པོ་ཡིན་པའི་ཕྱིར་ཞེས་པ། རྒྱུ་སྤྱིར་སྒྲུབ་པ། སྔོར་སྣང་དབང་ཤེས་ཆོས་ཅན། རང་གི་དམིགས་རྐྱེན་དང་བཅས་པ་ཡིན་ཏེ། དབང་ཤེས་ཡིན་པའི་ཕྱིར་ཞེས་པ་རྒྱུའི་ཁྱད་པར་སྒྲུབ་པ། ཁ་ནང་གི་བུར་གོང་ཆོས་ཅན། གཟུགས་ཡོད་དེ། རོ་ཡོད་པའི་ཕྱིར་ཞེས་པ་ལྟ་བུ། རྒྱུ་ཆོས་རྗེས་དཔག་གི་འབྲས་རྟགས་ཏེ།


MR11_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དབྱེ་བ་ལྔའོ། །བདག་གཅིག་འབྲེལ་ལ་བརྟེན་ནས་སྒྲུབ་པ་རང་བཞིན་རྟགས་ལ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་རམ་སྐྱེས་པའི་ཕྱིར་ལྟ་བུ་ཁྱད་པར་ལྟོས་པ་པའི་རང་བཞིན་གྱི་རྟགས་སྦྱོར། སྒྲ་ཆོས་ཅན།མི་རྟག་སྟེ། དངོས་པོར་ཡོད་པ་ཡིན་པའི་ཕྱིར་ལྟ་བུ་ཁྱད་པར་དག་པ་བའི་རང་བཞིན་གྱི་རྟགས་སྦྱོར་ཏེ་གཉིས་སོ། །མ་དམིགས་པའི་རྟགས་སྦྱོར་ལ། མི་སྣང་བ་མ་དམིགས་པ་དང་། སྣང་རུང་མ་དམིགས་པ་གཉིས།དང་པོ། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཡོད་མེ ད་གང་རུང་དུ་མི་ངེས་ཏེ། དེ་ལ་དེ་མི་སྣང་བས་མ་དམིགས་པའི་ཕྱིར་ཞེས་པ་ལྟ་བུའོ། །སྣང་རུང་མ་དམིགས་པ་ལ། དམིགས་རུང་མ་དམིགས་པ་དང་། འགལ་ཟླ་དམིགས་པ་གཉིས། ཁྱིམ་འདི་ན་ཆོས་ཅན། བུམ་པ་མེད་དེ། སྣང་རུང་ཚད་མས་མ་དམིགས་པའི་ཕྱིར་ཞེས་པ་ལྟ་བུ་རང་བཞིན་མ་དམིགས་པ། མཚན་མོའི་རྒྱ་མཚོར་ཆོས་ཅན། དུ་བ་མེད་དེ་མེ་མེད་པའི་ཕྱིར་ལྟ་བུ་རྒྱུ་མ་དམིགས་པ། བྲག་རྫོང་ཕ་ཀིར་ཆོས་ཅན། ཤ་བ་མེད་དེ། ཤིང་མེད་པའི་ཕྱིར། ཞེས་པ་ཁྱབ་བྱེད་མ་དམིགས་པ། དུ་བས་དབེན་པའི་རྩིག་སྐོར་དུ་ཆོས་ཅན། དུ་བའི་དངོས་འབྲས་མེད་དེ། དུ་བ་མེད་པའི་ཕྱིར་ཞེས་པ་དངོས་འབྲས་མ་དམིགས་པ་སྟེ་དེ་ལྟར་བཞིར་ཡོད་དོ། །སྣང་རུང་གི་འགལ་ཟླ་དམིགས་པ་ལ། ལྷན་ཅིག་མི་གནས་འགལ་བ་དང་། ཕན་ཚུན་སྤང་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་སྦྱོར་གཉིས། དང་པོ་ལ་རྟགས་སྦྱོར་བཅུ་གཉིས་ཏེ། ཕྱོགས་ཕ་ཀིར་ཆོས་ཅན། གྲང་རེག་


MR11_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དེ། མེས་ཁྱབ་པའི་ཕྱིར་ཞེས་པ་རང་བཞིན་དང་འགལ་བའི་རང་བཞིན་དམིགས་པའི་དགག་རྟགས། ཕྱོགས་ཕ་ཀིར་ཆོས་ཅན། གྲང་རེག་གི་དངོས་རྒྱུ་ནུས་པ་ཐོགས་མེད་མེད་དེ། མེས་ཁྱབ་པའི་ཕྱིར་ཞེས་པ་རྒྱུ་དང་འགལ་བའི་རང་བཞིན་དམིགས་པའི་རྟགས་སྦྱོར། ཕྱོགས་ཕ་ཀིར་ཆོས་ཅན། གྲང་འབྲས་སྤུ་ལོང་བྱེད་མེད་དེ། མེས་ཁྱབ་པའི་ཕྱིར། ཞེས་འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པ། ཕྱོགས་ཕ་ཀིར་ཆོས་ཅན། ཁ་བའི་རེག་པ་མེད་དེ། མེས་ཁྱབ་པའི་ཕྱིར་ཞེས་པ་ཁྱབ་བྱ་དང་འགལ་བའི་རང་བཞིན་དམིགས་པ་བཞི་དང་། ཡང་ཕྱོགས་ཕ་ཀིར་ཆོས་ཅན། གྲང་རེག་མེད་དེ། དུ་བ་དྲག་ཏུ་ཕྱུར་བས་ཁྱབ་པར་ནོན་པ་ཡིན་པའི་ཕྱིར། ཞེས་པ་རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པ། ཕྱོགས་ཕ་ཀིར་ཆོས་ཅན། གྲང་རེག་གི་དངོས་རྒྱུ་ནུས་པ་ཐོགས་མེད་མེད་དེ། དུ་བ་དྲག་ཏུ་ཕྱུར་བས་ཁྱབ་པར་ནོན་པ་ཡིན་པའི་ཕྱིར་ཞེས་པ་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ། ཕྱོགས་ཕ་ཀིར་ཆོས་ཅན། གྲང་འབྲས་སྤུ་ལོང་བྱེད་མེད་དེ། དུ་བ་དྲག་ཏུ་ཕྱུར་བས་ཁྱབ་པར་ནོན་པ་ཡིན་པའི་ཕྱིར་ཞེས་པ་འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པ། ཕྱོགས་ཕ་ཀིར་ཆོས་ཅན། ཁ་བའི་རེག་པ་མེད་དེ། དུ་བ་དྲག་ཏུ་ཕྱུར་བས་ཁྱབ་པར་ནོན་པ་ཡིན་པའི་ཕྱིར་ཞེས་པ་ཁྱབ་བྱ་དང་འགལ་བའི་འབྲས་བུ་དམིགས་པ་བཞི་དང་། ཡང་ཕྱོགས་ཕ་ཀིར་ཆོས་ཅན། གྲང་རེག་མེད་དེ། ཙན་དན་གྱི་མེས་ཁྱབ་པར་ནོན་པ་ཡིན་པའི་ཕྱིར། ཞེས་པ་རང་བཞིན་འགལ་བའི་ཁྱབ་བྱ་དམིགས་པ། ཕྱོགས་ཕ་ཀིར་ཆོས་ཅན། གྲང་རེག་


MR11_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

གི་དངོས་རྒྱུ་ནུས་པ་ཐོགས་མེད་མེད་དེ། ཙན་དན་གྱི་མེས་ཁྱབ་པར་ནོན་པའི་ཕྱིར་ཞེས་པ་རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པ། ཕྱོགས་ཕ་ཀིར་ཆོས་ཅན། གྲང་འབྲས་སྤུ་ལོང་བྱེད་མེད་དེ། ཙན་དན་གྱི་མེས་ཁྱབ་པར་ནོན་པའི་ཕྱིར་ཞེས་པ། འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པ། ཕྱོགས་ཕ་ཀིར་ཆོས་ཅན། ཁ་བའི་རེག་པ་མེད་དེ། ཙན་དན་གྱི་མེས་ཁྱབ་པར་ནོན་པ་ཡིན་པའི་ཕྱིར་ཞེས་པ། ཁྱབ་བྱ་དང་འགལ་བའི་ཁྱབ་བྱ་དམིགས་པ་བཞི་སྟེ་དེ་ལྟར་བཅུ་གཉིས་སོ། །ཕན་ཚུན་སྤང་འགལ་དངོས་ལ་རྟགས་དང་བསྒྲུབ་བྱར་སྦྱར་བ་མེད་ཀྱང་། བརྒྱུད་འགལ་གྱི་ཁྱབ་བྱ་བཀོད་པ་ལས། ཁྱབ་བྱེད་ཀྱི་འགལ་ཟླ་འགོག་པ། སྒྲ་ཆོས་ཅན་མི་རྟག་སྟེ། བྱས་པའི་ཕྱིར་རམ། རྩོལ་བྱུང་གི་ཕྱིར་ལྟ་བུ་ཡིན་ཡང་། རང་བཞིན་གྱི་རྟགས་སྦྱོར་དུ་འདུའོ། །མི་ཕམ་པས་བྲིས་པ་དགེ། །།ཟུར་མཆན་གྱི་དཔེ་མ་རྙེད་པས་རྙེད་ན་འདིར་འཛུད་དགོས།། །།སརྦ་མངྒ་ལཾ།། །།


previousཚད་མ་རིགས་པའི་གཏེར་མཆན་གྱིས་འགྲེལ་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན།next