སུམ་ཅུ་པའི་ཚིག་ལེའུར་བྱས་པའི་མཆན་འགྲེལ།
སུམ་ཅུ་པའི་ཚིག་ལེའུར་བྱས་པའི་མཆན་འགྲེལ་བཞུགས་སོ། །
རྒྱ་གར་སྐད་དུ། ཏྲིང་ཤི་ཀ་ཀཱ་རི་ཀཱ། བོད་སྐད་དུ། ཚིགས་སུ་བཅད་པ་སུམ་ཅུ་པའི་ཚིག་ལེའུར་བྱས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་བསྒྲིབ་པ་བདག་འཛིན་གཉིས་སྤངས་པའི་ཕྱིར་བདག་མེད་རྣམ་པ་གཉིས་བསྟན་ཅིང་རྣམ་པར་རིག་པ་ཙམ་གྱི་གྲུབ་མཐའ་ཤེས་པར་བྱ་ཕྱིར་རབ་ཏུ་བྱེད་པ་འདི་བརྩོམ་མོ། །གཞན་ཡང་རྣམ་ཤེས་བཞིན་དུ་ཤེས་བྱ་ཡང་རྫས་གཅིག་ཏུ་སེམས་པ་དང་། ཤེས་བྱ་བཞིན་དུ་རྣམ་ཤེས་ཀྱང་ཀུན་རྫོབ་ཏུ་ཡོད་ཀྱི་དོན་དམ་པར་མེད་པར་འདོད་པའི་མཐའ་གཉིས་དགག་པའི་ཕྱིར་ཡང་ངོ་། །དེ་ལ་བདག་དང་ཆོས་སུ་འདོགས་པ་ཐམས་ཅད་སེམས་ཙམ་ལས་ཕྱི་དོན་དུ་གྲུབ་པ་མེད་དེ། བདག་ཏུ་གདགས་པ་དང་ཆོས་སུ་ཉེར་འདོགས་པ། སྣ་ཚོགས་པ་སྟེ་བདག་དང་སྲོག་དང་སྐྱེ་བ་པོ་སོགས་བདག་དང་ཕུང་ཁམས་སྐྱེ་མཆེད་སོགས་ཆོས་སུ་འདོགས་པ་དག་ནི་གང་བྱུང་བ། དེ་ཐམས་ཅད་ནི་རྣམ་པར་ཤེས་པར་གྱུར་པ་ཉིད་དོ་དེ་ལས་གཞན་དུ་མེད་དོ། །གྱུར་པ་ཞེས་པ་རྒྱུའི་སྐད་ཅིག་འགག་པ་དང་དུས་མཉམ་འབྲས་བུའི་སྐད་ཅིག་ཐོབ་པའོ། །བདག་དང་ཆོས་ཀྱི་རྣམ་པར་རྟོག་པའི་བག་ཆགས་བརྟས་པས་ཀུན་གཞིའི་རྣམ་ཤེས་བདག་དང་ཆོས་སུ་སྣང་བར་གྱུར་པའོ། །དེ་དག་ཕྱི་རོལ་ན་མེད་ཀྱང་ཐོག་མེད་གོམས་པའི་མཐུས་ཡོད་པ་ལྟར་བདག་དང་ཆོས་སུ་འདོགས་པའོ། །དེ་ལྟར་དེ་རྣམས་སེམས་ལས་གཞན་མིན་ཡང་ཡིན་པ་ལྟར་ཀུན་ཏུ་བརྟགས་པའོ། །དེ་ལྟ་ན་ཡང་ཉེ་བར་འདོགས་པའི་གཞི་མེད་ན་འདོགས་མི་སྲིད་པས་ཕྱི་རོལ་ན་རྣམ་
ཤེས་སུ་གྱུར་པའི་དངོས་པོ་ཡོད་པར་ཁས་བླང་ཞེས་བློ་བརྟན་གསུངས་སོ། །ཤེས་བྱ་ཐམས་ཅད་ཀུན་བརྟགས་ཡིན་པས་དངོས་པོ་མེད་དོ། །རྣམ་ཤེས་རྟེན་འབྲེལ་ཡིན་པས་རྫས་སུ་ཡོད་པར་ཁས་བླང་ངོ་། །རྣམ་ཤེས་རྟེན་འབྲེལ་ཡིན་པར་གྱུར་པའི་སྒྲས་བསྟན་ཏོ། །གྱུར་པ་དེ་ཡང་ཕྱི་རོལ་ན་བདག་དང་ཆོས་མེད་ཀྱི་སེམས་ཀྱི་གཟུང་ཆ་ལ་དེར་བཏགས་པ་རྣམ་པ་གསུམ་སྟེ། གང་ཞེ་ན། ཀུན་གཞི་རྣམ་པར་སྨིན་པ་དང་དེར་སེམས་པ་ཉོན་ཡིད་དང་། ཡུལ་ལ་རྣམ་པར་རིག་པའོ། །སྟེ་འཇུག་ཤེས ་དྲུག་གོ། དེ་ལ་དང་པོ་ཀུན་གཞིའི་རྣམ་ཤེས་ནི། ཆོས་ཐམས་ཅད་ཀྱི་རྒྱུ་དང་འབྲས་བུའི་ངོ་བོར་འཇུག་ཅིང་འབྲེལ་བས་ཀུན་གཞིའོ། །དེ་ཡང་སྔོན་གྱི་ས་བོན་ལས་རྣམ་པར་སྨིན་པ་དང་ཀུན་ནས་ཉོན་མོངས་པའི་འམ་ཆོས་ཐམས་ཅད་ཀྱི་ས་བོན་ཐམས་ཅད་པ་སྟེ་ཁམས་དང་འགྲོ་བ་དང་སྐྱེ་གནས་དང་རིགས་ཐམས་ཅད་དུ་ལས་ཀྱི་ རྣམ་པར་སྨིན་པའོ། །ཀུན་གཞི་ཤེས ་པ་ཡིན་ན་དམིགས་པ་གང་། རྣམ་པ་གང་ཞེ་ན། ཀུན་གཞི་དེ་ནི་བདག་དང་ཆོས་སུ་རྟོག་པའི་བག་ཆགས་ལེན་པ་དག་དང་གནས་ཀྱི། རྣམ་པར་རིག་པ་ཡི་བག་ཆགས་ཡོད་ཀྱང་དེ་དེར་མྱོང་ཙམ་གྱིས་མི་རིག་པ་སྟེ། ནང་དང་ཕྱི་རོལ་གྱི་དངོས་པོ་རིས་སུ་མ་ཆད་པ་ལ་དམིགས་པས་རྣམ་པ་ཤིན་ཏུ་ཕྲ་བའོ། །དམིགས་རྣམ་ཡུལ་སྣོད་བཅུད་རྒྱ་ཆེན་པོ་ལ་དམིགས་ཀྱང་རིས་ཆད་མིན་པས་མི་ཚོར་བའི་རྣམ་པ་ཤིན་ཏུ་ཕྲའོ། །དེ་འཁོར་གང་དང་ལྡན་ན་དུས་རྟག་ཏུ་རེག་པ་དང་ཡིད་ལ་བྱེད་པ་དང་། རིག་ཅེས་ཚོར་བ་དང་འདུ་ཤེས་དང་སེམས་པར་ལྡན་ཏེ་ཀུན་འགྲོ་ལྔ་དང་མི་འབྲལ་ལོ། །
དེ་ལ་ཀུན་གཞིའི་ཚོར་བ་ནི་བཏང་སྙོམས་ཏེ་རྣམ་པ་ཡོངས་སུ་མ་ཆད་པའི་ཕྱིར་རོ། །ཀུན་གཞི་དེ་ནི་ཉེ་ཉོན་གྱིས་མ་བསྒྲིབས་ལ་དགེ་སྡིག་གང་དུའང་ལུང་མ་བསྟན་པ་ཡིན་ལ། དེའི་འཁོར་རེག་པ་ལ་སོགས་པའང་དམིགས་རྣམ་སོགས་ཀུན་གཞི་དེ་བཞིན་ནོ། །ཀུན་གཞི་དེ་ནི་རྒྱུན་འབབ་ཆུ་བོ་བཞིན་དུ་སྐད་ཅིག་མ་བར་མེད་དུ་འཇུག་གོ། ཟག་པ་ཟད་པའི་དགྲ་བཅོམ་ཐོབ་པ་ཉིད་ན་ཀུན་གཞི་དེ་ལྡོག་གོ་སྟེ་ ཀུན་གཞི་ལ་གནས་ངན་ལན་མ་ལུས་སྤངས་པའི་ཕྱིར་རོ། །ཀུན་གཞིའི་རྣམ་ཤེས ་དེ་ལ་གནས་ཏེ་རབ་ཏུ་འབྱུང་ཞིང་། དེ་ལ་ང་ཡིར་དམིགས་པ་ནི་ཉོན་ཡིད་ཅེས་བྱ་སྟེ། རྣམ་ཤེས་གང་ཞིག་ངར་སེམས་པའི་བདག་ཉིད་ཅན་དེ་ནི། བསྒྲིབས་ལ་དགེ་སྡིག་ཏུ་ལུང་དུ་མ་བསྟན་པའི། ཉོན་མོངས་བཞི་དང་དུས་ཇི་སྲིད་པར་རྟག་ཏུ་འགྲོགས་ཏེ།གང་ཞེ་ན། བདག་ཏུ་ལྟ་བ་འཇིག་ལྟ་དང་བདག་ཏུ་རྨོངས་པ་མ་རིག་པ་དང་། བདག་རྒྱལ་ཏེ་ངའོ་སྙམ་པའི་ང་རྒྱལ་དང་བདག་ལ་ཆགས་པར་འདུ་ཤེས་པ་སྟེ་བདག་ལ་དགའ་བའམ་སྲེད་པའོ། །ཡང་སྨྲས་པ། མ་རིག་པ་དང་བདག་ལྟ་དང་། །ངའོ་ང་རྒྱལ་སྲེད་འདི་བཞིས། །ཀུན་གཞི་ཉོན་མོངས་ཅན་འགྱུར་ཡིད། །ངར་སེམས་པ་ཡི་མཚན་ཉིད་དེ། །ཕྱིན་ཅི་ལོག་གི་རྒྱུ་བྱེད་པའང་། །ཡིད་དེ་དེ་དག་ཉོན་མོངས་ཅན། །སེམས་དགེ་ལུང་དུ་མ་བསྟན་ཚེ། །རྟག་ཏུ་ངར་འཛིན་རྒྱུ་ཡིན་ནོ། །ཞེས་བློ་བརྟན་གྱི་འགྲེལ་བ་ལས་སོ། །དེ་ནི་ཁམས་གསུམ་གང་དུ་སྐྱེས་པ་དེའི་ས་པའོ་དེ་བཞི་ལས་གཞན། རེག་སོགས་ཀུན་འགྲོ་ལྔ་པོ་དག་ཀྱང་མཚུངས་པར་ལྡན་པས་དེ་འཁོར་དགུ་དང་ལྡན་ཏེ། འདི་དག་ཀྱང་གང་དུ་སྐྱེས་པ་དེའི་ས་པའོ། །དེ་ནི་
དགྲ་བཅོམ་ཉོན་མོངས་མ་ལུས་པ་སྤངས་པ་རྣམས་ལ་མེད། དེ་བཞིན་དུ་འགོག་པའི་སྙོ༷མས་པར་འཇུག་པ་ལ་ཡང་མེད། འཇིག་རྟེན་ལས་འདས་པའི་ལམ་བདག་མེད་པ་སྒོམ་པ་ནའང་མེད། འདི་ནི་གྱུར་པ་གཉིས་པའོ། །གྱུར་པ་གསུམ་པ་ཡུལ་གཟུགས་སྒྲ་དྲི་རོ་རེག་ཆོས་ཏེ་རྣམ་པ་དྲུག་པོ་ལ། དམིགས་པའམ་འཛིན་ཅིང་རྟོག་པ་གང་ཡིན་པ་མིག་སོགས་ཀྱི་ཤེས་པ་དྲུག་པོ་དེ་དག་སྟེ། དེ་ལ་མ་ཆགས་པ་སོགས་དང་མཚུངས་ལྡན་དགེ་བ་དང་ཆགས་སོགས་དང་། མཚུངས་ལྡན་མི་དགེ་བ་དང་དགེ་མི་དགེའི་སེམས་བྱུང་དང་མཚུངས་ལྡན་མིན་པ་གཉི་ག་གང་ཡང་མིན་པའོ། །སེམས་བྱུང་གི་དབྱེ་བ་ལ། ཀུན་གཞིའི་རྣམ་ཤེས་དང་། ཉོན་ཡིད་དང་། འཇུག་ཤེས་རྣམས་བྱེ་བྲག་མེད་པར་ཀུན་ཀྱི་འཁོར་དུ་འགྲོ་བ་ལྔ་དང་བྱེ་བྲག་ཅན་མ་ངེས་པས་བྱེ་བྲག་ཏུ་ངེས་པའམ་ཡུལ་ངེས་ལྔ་སྟེ་དེ་དག་གི་ཡུལ་ནི་བྱེ་བྲག་ཅན་ཡིན་གྱི་ཐམས་ཅད་ནི་མ་ཡིན་ནོ། །སེམས་ལས་བྱུང་བ་དགེ་བ་ཅན་བཅུ་གཅིག་དང་། དེ་བཞིན་དུ་རྩ་བའི་ཉོན་མོངས་པ་དྲུག་དང་ཉེ་བའི་ཉོན་མོངས་ཉི་ཤུ། གཞན་འགྱུར་བཞི་དང་བཅས་པའོ། །འདི་རྣམས་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་དང་ཅི་རིགས་པར་དེ་མཚུངས་ལྡན་དུ་འབྱུང་ངོ་། །དབྱེ་གཞི་དང་པོའི་གསུམ་འདུས་ཀྱི་རེག་པ་ལ་སོགས་པ་ཀུན་ཏུ་འགྲོ་བ་ལྔ་སྟེ་གོང་དུ་བཤད་པ་དང་། བསམ་པའི་དངོས་པོ་ལ་འདོད་པ་འདུན་པ་དེའི་དངོས་པོ་ལ་ངེས་པར་འཛིན་པ་མོས་པ་འདྲིས་པའི་དངོས་པོ་མ་བརྗོད་པ་དྲན་པ་དང་བཅས་པ་དང་། སེམས་རྩེ་གཅིག་པ་ཏིང་ངེ་འཛིན་དང་བློ་རབ་ཏུ་འབྱེད་པའི་
ཤེས་རབ་སྟེ་དེ་ལྟར་ན་གང་དུ་མོས་པ་དེར་གཞན་དག་གདོན་མི་ཟ་བར་མི་འབྱུང་བས་ཐམས་ཅད་ལ་དེ་བཞིན་ཤེས་པར་བྱ་སྟེ་བྱེ་བྲག་ངེས་པ་ཞེས་བྱ་སྟེ་ལྔའོ། །ལས་འབྲས་སོགས་ལ་ཡིད་ཆེས་པ་དད་པ་དང་བདག་གམ་ཆོས་ཀྱི་དབང་དུ་བྱས་ཏེ་ཉེས་སྤྱོད་ལ་འཛེམ་པ་ངོ་ཚ་ཤེས་པ་དང་འཇིག་རྟེན་གྱི་དབང་དུ་བྱས་པ་ཁྲེལ་ཡོད་པ་དང་། མ་ཆགས་པ་ལ་སོགས་ཏེ་མི་སྡང་བ་དང་གཏི་མུག་མེད་པ་གསུམ་དང་དགེ་ལ་སྤྲོ་བའི་བརྩོན་འགྲུས། ལུས་སེམས་ལས་སུ་རུང་བའི་ཤིན་ཏུ་སྦྱངས་བ་དང་བླང་དོར་ལ་གཟོབ་པའི་བག་ཡོད་དང་བཅས་ཀྱི་སྒྲས་བཏང་སྙོམས་བསྟན་ཏེ། བཏང་སྙོམས་ནི་སེམས་མཉམ་པ་ཉིད་དང་རྣལ་དུ་འཇུག་པ་དང་ལྷུན་གྱིས་གྲུབ་པ་སྟེ་འདི་གསུམ་གྱིས་བཏང་སྙོམས་ཀྱི་ཐོག་བར་ཐ་མའི་དུས་བསྟན་ཏེ། བྱིང་རྒོད་ཀྱིས་སེམས་མི་མཉམ་སྟེ། དེ་མེད་པས་ཐོག་མར་སེམས་མཉམ་པ་མེད་དོ། །དེའི་རྗེས་སུ་འདུ་བྱེད་མེད་པར་འཇུག་པ་རྣལ་དུ་གནས་པ་དང་། རྩོལ་མེད་དུ་འཇུག་པ་ལྷུན་གྱིས་གྲུབ་པ་ཉིད་དེ། འདི་ནི་ཉོན་མོངས་དང་ཉེ་ཉོན་གྱིས་སྐབས་མི་འབྱེད་པའི་ལས་ཅན་ནོ། །གསོད་འཆིང་སོགས་ཀྱིས་རྣམ་པར་མི་འཚེ་བ་སྙིང་རྗེ་བ་སྟེ་དགེ་བ་བཅུ་གཅིག་གོ། རྩ་བའི་ཉོན་མོངས་པ་དྲུག་ནི། སྲིད་པ་དང་དེའི་ཡོ་བྱད་འདོད་པ་འདོད་ཆགས་ཀུན་ནས་མནར་སེམས་པ་ཁོང་ཁྲོ་བདེན་པ་དང་ལས་འབྲས་མི་ཤེས་པའི་ལོག་འཛིན་གཏི་མུག་དང་། འཇིག་ལྟའི་རྒྱུས་དཔལ་འབྱོར་འཛིན་པས་སེམས་ཁེངས་པའི་ང་རྒྱལ་དང་འཇིག་མཐར་ལོག་གསུམ་མཆོག་འཛིན་གཉིས་བཅས་ལྟ་བ་དང་ལས་འབྲས་སོགས་ལ་ཡིད་གཉིས་ཟ་བ་ཐེ་ཚོམ་མོ། །ཉེ་བའི་ཉོན་མོངས་ནི་འཕྲལ་དུ་གནོད་
བྱེད་ལ་ཁོང་ཁྲོ་བ་དང་སྔར་གྱི་ཁོན་དུ་འཛིན་པ་དང་། ཉེས་པ་འཆབ་པ་དང་ཚིག་བརླང་པོས་ཞེར་འདེབས་པ་འཚིག་པ་དང་གཞན་གྱི་ཕུན་ཚོགས་ལ་ཁོང་འཁྲུགས་པ་ཕྲག་དོག་དང་། ཆོས་དང་ཟང་ཟིང་མི་གཏོང་བ་སེར་སྣ་དང་ནི་གཞན་བསླུ་བ་སྒྱུར་བཅས་དང་། རང་གི་ཉེས་པ་འཆབ་པ་གཡོ་དང་བདག་གི་ཕུན་ཚོགས་ཀྱིས་རྒྱགས་པ་དང་སྙིང་རྗེ་མེད་པར་རྣམ་པར་འཚེ་བ་དང་བདག་རྒྱུ་མཚན་དུ་བྱས་ཏེ་སྡིག་ལ་མི་འཛེམ་པ་ངོ་ཚ་མེད་པ་དང་། གཞན་རྒྱུ་མཚན་དུ་བྱས་པའི་ཁྲེལ་མེད་པ་ནང་དུ་རྨུགས་པ་དང་ཕྱིར་རྒོད་པ་དང་། དད་པའི་ལྡོག་ཕྱོགས་མ་དད་པ་དང་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ལེ་ལོ་དང་། བག་ཡོད་ཀྱི་ལྡོག་ཕྱོགས་བག་མེད་པ་དང་དྲན་པའི་མི་མཐུན་ཕྱོགས་བརྗེད་ངེས་དང་། སེམས་འཕྲོ་བ་རྣམ་གཡེང་འགྲོ་ལྡོག་སོགས་སྒོ་གསུམ་གྱི་སྤྱོད་ལ་མི་ཤེས་བཞིན་དུ་འཇུག་པ་ཤེས་བཞིན་མ་ཡིན་པ་དང་། ཡིད་ལ་བཅགས་ནས་འགྱོད་པ་དང་ནང་དུ་སྡུད་པའི་གཉིད་ཀྱང་དེ་བཞིན་ཏེ། ཀུན་ཏུ་ཚོར་བའི་ཡིད་ཀྱིས་བརྗོད་པ་རྟོག་པ་རྩིང་བ་དང་ནི་ཞིབ་ཏུ་དཔྱོ༷ད་པ་དང་འདི་གཉིས་སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་གོ། ཉེ་བའི་ཉོན་མོངས་ཉི་ཤུ་དང་གཞན་འགྱུར་གཉིས་ཚན་རྣམ་གཉིས་ཏེ་བཞིའོ། །དེ་དག་ཉོན་མོངས་ཅན་ཡིན་མིན་བཞི་ཡོད་དོ། །རྩ་བའི་རྣམ་ཤེས་ལས་མིག་ཤེས་སོགས་དང་།དེའི་རྗེས་སུ་རྒྱུ་བ་ཡིད་ཤེས་དང་བཅས་པ་ནི་གཅིག་ཁོ་ནའོ། །གཉིས་སམ་མང་པོ་ལྷན་ཅིག་འབྱུང་ངམ་ཞེ་ན་གཅིག་ཏུ་མ་ངེས་ཏེ། དེ་དག་སྐྱེ་བའི་རྐྱེན་ཇི་ལྟར་ཡོད་པའམ་ཚང་བ་ལས་སྐྱེའོ་ཞེས་སྟོན་པ་ནི། མིག་ཤེས་སོགས་ལྔ་པོ་རྣམས་
ནི་རྩ་བའི་རྣམ་ཤེས་སམ་ཀུན་གཞིའི་རྣམ་ཤེས་ལས། གང་དུ་གང་སྐྱེ་བའི་ཇི་ལྟའི་རྐྱེན་ལས་རྣམ་ཤེས་ལྔ་པོ་འབྱུང་བ་ནི། རྣམ་ཤེས་ཅིག་ཅར་ལྷན་ཅིག་གམ་མ་ཡིན་པར་རིམ་གྱིས་འབྱུང་བའང་ཡོད་དེ། དཔེར་ན་ཆུ་དང་བས་རྣམས་ཇི་བཞིན་ནོ། །ཇི་སྐད་དུ། བློ་གྲོས་ཡངས་པ་དཔེར་ན་ཆུ་བོའི་རྒྱུན་འབབ་པ་ལ་གལ་ཏེ་རླབས་གཅིག་འབྱུང་བའི་རྐྱེན་ཉེ་བར་གྱུར་ན་རླབས་གཅིག་འབྱུང་ངོ་། །གལ་ཏེ་གཉིས་སམ་གསུམ་མམ། རླབས་མང་པོ་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་ཡང་རླབས་མང་པོ་འབྱུང་སྟེ། ཆུ་བོའི་ཆུ་རྒྱུན་ཡང་ཆད་པར་མི་འགྱུར་ལ། ཡོངས་སུ་ཟད་པར་ཡང་མི་མངོན་པ་དེ་བཞིན་དུ། བློ་གྲོས་ཡངས་པ་ཆུ་བོ་དེའི་གནས་ལྟ་བུ་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཀུན་ཏུ་བརྟེན་ཅིང་རབ་ཏུ་གནས་ནས་གལ་ཏེ་མིག་གི་རྣམ་ཤེས་གཅིག་པུ་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་མིག་ནི་རྣམ་ཤེས་གཅིག་པུ་འབྱུང་ངོ་། །གལ་ཏེ་རྣམ་པར་ཤེས་པ་གཉིས་སམ། གསུམ་མམ་ལྔ་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་གཉིས་སམ་གསུམ་མམ་ལྔའི་བར་དུ་འབྱུང་བར་འགྱུར་རོ། །ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་གསུངས་སོ། །རྣམ་ཤེས་རྣམས་ཀྱི་དམིགས་རྐྱེན་སོ་སོར་ངེས་པ་ལྟར་དེ་མ་ཐག་པའི་རྐྱེན་ནི་མིན་ཏེ་རྣམ་ཤེས་ཐམས་ཅད་འབྱུང་བ་དེ་རྣམ་ཤེས་ཐམས་ཅད་ཀྱི་དེ་མ་ཐག་རྐྱེན་དུ་རུང་བའི་དམིགས་རྐྱེན་དང་ཕྲད་ན་དེ་མ་ཐག་རྐྱེན་གཅིག་ལས་རྣམ་ཤེས་
གཉིས་སམ་མང་པོ་འབྱུང་སྟེ་འགལ་བར་མི་འགྱུར་རོ། །ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། དུས་རྟག་ཏུའོ་མིག་ཤེས་དང་ལྷན་ཅིག་པའམ་དེ་མིན་ཡང་འབྱུང་ངོ་འདུ་ཤེས་མེད་པ་པ་དང་། འདུ་ཤེས་མེད་དང་འགོག་པའི་སྙོམས་པར་འཇུག་པ་རྣམ་པ་གཉིས་དང་། སེམས་མེད་པའི་གཉིད་འཐུག་པོ་དང་བརྒྱལ་བའི་སྐབས་ལྔ་པོ་དེ་མ་གཏོགས་པར་རྒྱུན་དུ་འབྱུང་ངོ་། །ཞེས་སོ། །སེམས་མེད་ལས་སེམས་འགགས་སླར་ཇི་ལྟར་སྐྱེན་ཀུན་གཞིའི་རྣམ་ཤེས་ལས་སྐྱེའོ། །རྣམ་པར་ཤེས་པར་གྱུར་པ་གསུམ་པོ་འདི་ནི། ཇི་སྐད་དུ། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་པ་བཞིན། རྣམ་རྟོག་མིན་ཏེ་སྒྲོ་བཏགས་པའི་རྣམ་པས་ཁམས་གསུམ་པའི་སེམས་དང་སེམས་བྱུང་ངོ་དེ་ཡིས་གང་ཞིག་སྣོད་དང་བདག་དང་ཕུང་ཁམས་སོགས་སུ་རྣམ་པར་བརྟགས་པ་དེ་དག་དེའི་ངོ་བོར་མེད་པ་དེས་ན་འདི། རྣམ་ཤེས་ནི་རྨི་ལམ་སྒྱུ་མ་དྲི་ཟའི་གྲོང་ཁྱེར་རབ་རིབ་ལ་སོགས་པ་བཞིན་དུ་དམིགས་པའི་དོན་ཐ་དད་དུ་མེད་པར་ཡང་འབྱུང་ངོ་། །དེས་ན་རྣམ་ཤེས་སྔ་མ་འགགས་པ་དེ་དང་རིགས་གཅིག་པའི་རྣམ་ཤེས་ལས་རྣམ་ཤེས་འབྱུང་ངོ་། །ཁམས་གསུམ་དང་འདུས་མ་བྱས་པའི་ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་དུ་གྲུབ་བོ། །རྣམ་ཤེས་གང་ཞིག་ཆོས་ཐམས་ཅད་བསྐྱེད་ནུས་པའི་ས་བོན་ཐམས་ཅད་པ་ཀུན་གཞིའི་རྣམ་ཤེས། མིག་སོགས་ཀྱིས་ཤེས་པའི་རང་ནུས་གསོ་ཕྱིར་འཇུག་པ་དེས་ཀུན་གཞིའི་ནུས་པ་ཁྱད་པར་ཅན་དུ་བྱེད། ཀུན་གཞིའི་རྣམ་ཤེས་ལས་མིག་ཤེས་འབྱུང་བས་ཕན་ཚུན་དག་གི་དབང་གིས་ན། རྣམ་རྟོག་དེ་ལྟ་བུ་དེའི་འོག་
མ་དེ་ལྟར་གནས་སྐབས་གཞན་དུ་འགྱུར་བ་འགྲོ། དེས་ན་གཟུགས་སོགས་ཀྱི་རྣམ་རྟོག་དེ་དང་དེ་སྐྱེའོ། །དགེ་མི་དགེ་མི་གཡོ་བའི་སེམས་པ་ལས་ཀྱི་མ་འོངས་པའི་ལུས་མངོན་པར་གྲུབ་པའི་བག་ཆགས་གཟུང་བ་དང་འཛིན་པར་འཛིན་པ་གཉིས་ཀྱི། བག་ཆགས་བཅས་པ་སྐྱེ་བ་སྔ་མ་ཡིས། ཚེ་འདིར་རྣམ་པར་སྨིན་པ་དེ་ཟད་ནས་གཞན། ཀུན་གཞིའི་རྣམ་སྨིན་ཕྱི་མ་བསྐྱེད་པ་དེ་ལྟར་ཡིན་ནོ། །དེ་ཡང་རྣམ་ཤེས་ལས་གཞན་པའི་གཟུང་བ་ཡོད་པར་ལྷག་པར་ཆགས་པ་ནི་གཟུང་བའི་འཛིན་པ། དེ་རྣམ་ཤེས་ཀྱིས་རྟོགས་ཤིང་འཛིན་པར་བྱེད་པ་འཛིན་པའི་འཛིན་པ། སྔོན་བྱུང་བའི་གཟུང་བ་དང་འཛིན་པའི་འཛིན་པས་བརྟགས་པའི་མ་འོངས་པའི་དེའི་རིགས་ཀྱི་གཟུང་བ་དང་འཛིན་པའི་འཛིན་པ་འབྱུང་བའི་ས་བོན་ནི་འཛིན་པ་གཉིས་ཀྱི་བག་ཆགས་སོ། །ལས་ཀྱི་བག་ཆགས་ཀྱིས་བྱེ་བྲག་གིས་འགྲོ་བ་སོ་སོའི་ལུས་མི་འདྲ་བར་སྦྱར་བ་ནི་ས་བོན་ཐ་དད་པ་ལས་མྱུ་གུ་བཞིན་ནོ། །འཛིན་པ་གཉིས་ཀྱི་བག་ཆགས་ལུས་བསྐྱེད་པ་རྣམས་ཀྱི་ལྷན་ཅིག་བྱེད་པར་འགྱུར་ཏེ་མྱུ་གུ་ལ་ཆུ་བཞིན་ནོ། །དེ་ལྟར་ན་ཀུན་གཞིའི་རྣམ་པར་ཤེས་པ་མ་གཏོགས་པར་རྣམ་པར་སྨིན་པ་གཞན་མེད་ལ། མིག་ཤེས་སོགས་ལས་གཞན་དུ་ཀུན་གཞིའི་རྣམ་ཤེས་ཡོད་ཅིང་དེ་ས་བོན་ཐམས་ཅད་པ་ཡིན་ནོ་ཞེས་པ་འདི་གང་གིས་འགྲུབ་ཅེ་ན། ལུང་ནི་སངས་རྒྱས་ཀྱི་བཀའ་ཆོས་མངོན་པ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་ཀྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པའང་ཐོབ་པ་འགྱུར། །ཞེས་གསུངས། རིགས་པ་ཡང་ཀུན་གཞིའི་རྣམ་ཤེས་མེད་ན་འཁོར་
བར་འཇུག་པ་དང་ལྡོག་པའང་མི་རུང་སྟེ། འཇུག་པ་ནི་རིས་མཐུན་པར་ཉིང་མཚམས་སྦྱོར་བ། ལྡོག་པ་ནི་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་སོ། །ཀུན་གཞིའི་རྣམ་ཤེས་ལས་གཞན་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་ཤེས་མི་རུང་སྟེ། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་ཤེས་མེད་ན་འཇུག་པར་མི་རུང་ངོ་། །ཀུན་གཞིའི་རྣམ་ཤེས་མེད་ན་ཉིང་མཚམས་སྦྱོར་བའི་རྣམ་ཤེས་སམ། འདུ་བྱེད་ཀྱིས་བསྒོས་པའི་རྣམ་ཤེས་ཚོགས་དྲུག་པོ་དེ་དག་འདུ་བྱེད་ཀྱི་རྐྱེན་ལས་འབྱུང་བར་བསྟན་གྲང་ན། དེར་འདུ་བྱེད་ཉིང་མཚམས་སྦྱོར་བའི་རྣམ་ཤེས་ཀྱི་རྐྱེན་དུ་མི་འདོད་དེ། དེ་འགགས་ནས་ཡུན་རིང་ལོན་པས་སོ། །དེ་བཞིན་དུ་སེམས་མེད་སྙོམས་འཇུག་གི་རྗེས་སུ་སེམས་འབྱུང་མི་སྲིད་དེ་དེའི་དུས་ན་འདུ་བྱེད་ཀྱིས་བགོས་པའི་སེམས་འབྱུང་མི་སྲིད་པའི་ཕྱིར།འཁོར་བར་ལྡོག་པ་ཡང་འཁོར་རྒྱུ་ལས་ཉོན་ཡིན་ཅིང་དེ་ལས་ཀྱང་ཉོན་མོངས་གཙོ་བོ་ཡིན་པས། དེ་སྤོང་ན་འཁོར་བ་ལྡོག་མོད། ཀུན་གཞིའི་ཤེས་པ་མེད་ན་དེ་སྤོང་མི་རུང་སྟེ། ཉོན་མོངས་པ་མངོན་གྱུར་སྤོང་བས་མི་གྲོལ་ལ་ས་བོན་སྤང་དགོས། ས་བོན་དེ་གང་ལ་ན་ཀུན་གཞིའི་རྣམ་ཤེས་ལ་ཡོད་པས་དེ་ཁས་ལེན་དགོས་པར་བློ་བསྟན་གྱིས་གསུངས་སོ། །རྣམ་རིག་ཙམ་ལ་ངོ་བོ་ཉིད་གསུམ་དུ་བཞག་པ། རྣམ་པར་རྟོག་པ་ཕྱི་ནང་གི་དངོས་པོ་མཐུན་པར་སྣང་བ་གང་དང་གང་གིས། བདག་དང་ཆོས་ཀྱི་དངོས་པོ་གང་གང་རྣམ་པར་བརྟགས་པ་དེ་ཉིད་ནི་ཀུན་ཏུ་བརྟགས་པ་ཡི་ངོ་བོ་ཉིད་དེ་དེ་མེད་དོ། །མདོ་ལས་ཀྱང་རབ་འབྱོར་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པ་དེ་བཞིན་དུ་ཆོས་རྣམས་མེད་དོ་ཞེས་གསུངས་སོ། །གཞན་གྱིས་དབང་གི་ངོ་བོ་ཉིད་ནི། སེམས་སེམས་བྱུང་ཁམས་
གསུམ་པའི་རྣམ་པར་རྟོག་པ་ཡིན་ཏེ་དེ་ནི་རྒྱུ་རྐྱེན་གཞན་གྱིས་རྐྱེན་ལས་བྱུང་བའི་གཞན་དབང་ངོ་། །མི་འགྱུར་བར་ཡོངས་སུ་གྲུབ་པ་ནི་གཞན་དབང་དེ་ལ་སྔ་མ་སོ་གཟུང་འཛིན་ཏུ་ཀུན་ཏུ་བརྟགས་པ་ལྟར་རྟག་ཏུ་མེད་པར་གྱུར་པ་གང་ཡིན་པའོ། །དེ་ཕྱིར་ཀུན་བརྟགས་དང་བྲལ་བའི་ཡོངས་གྲུབ་དེ་ཉིད་གཞན་དབང་ལས། གཞན་མིན་ཏེ་དེའི་ཆོས་ཉིད་ཡིན་པས་སོ་གཞན་མ་ཡིན་པའང་མིན་ཏེ་ཆོས་དང་ཆོས་ཅན་གྱི་ཁྱད་པར་ཡོད་པས་སོ། །དེ་ཡང་དཔེར་ན་མི་རྟག་པ་སོགས་ཀྱི་སྡུག་བསྔལ་བ་དང་བདག་མེད་པ་ཉིད་མི་རྟག་པ་སོགས་གཞན་དང་གཞན་མིན་མིན་པ་བཞིན་དུ་བརྗོད་དེ། འདུ་བྱེད་རྣམས་ལས་མི་རྟག་པ་གཞན་ན་འདུ་བྱེད་རྣམས་མི་རྟག་པར་མི་གྱུར་རོ། །གཞན་མིན་ན་འདུ་བྱེད་རྣམས་ཞིག་ནས་མེད་པ་ཉིད་དུ་འགྱུར་ཏེ་མི་རྟག་པ་བཞིན་ནོ། །གལ་ཏེ་གཞན་དབང་ལ་གཟུང་བ་དང་འཛིན་པ་མེད་ན་དེ་ཇི་ལྟར་འཛིན། མི་འཛིན་ན་ཡོད་པར་ཇི་ལྟར་ཤེས་ཤེ་ན། འཇིག་རྟེན་འདས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་གྲུབ་པའི་ངོ་བོ་དེ་ཉིད་མ་མཐོང་མ་རྟོགས་མངོན་དུ་བྱས་པར་དུ་དེའི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་གཞན་དབང་གི་གནས་ཚུལ་དེ་ཇི་བཞིན་མི་མཐོང་ངོ་། །མི་རྟོག་ཡེ་ཤེས་ཀྱིས་ཡོངས་གྲུབ་ནམ་མཁའ་ལྟ་བུ་མཐོང་བས་མཉམ་བཞག་ནམ་མཁའ་ལྟ་བུའོ། །རྗེས་ཐོབ་ཀྱི་ཡེ་ཤེས་ཀྱིས་ཆོས་ཀུན་སྒྱུ་མ་རྨི་ལམ་སྨིག་རྒྱུ་ལ་སོགས་ལྟ་བུར་མཐོང་ངོ་། །དེ་ལྟ་བུའི་ངོ་བོ་ཉིད་ནི་རྣམ་གསུམ་གྱི། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལ། དགོངས་ནས་ཆོས་རྣམས་ཐམས་ཅད་ཀྱི། ངོ་བོ་ཉིད་མེད་པ་དང་སྐྱེ་བ་དང་འགག་པ་མེད་པར་བསྟན་པ་ཡིན་ནོ། །གང་ཞེ་ན། དང་པོ་ཀུན་ཏུ་བརྟགས་པ་ནི་རང་གི་མཚན་ཉིད་ཀྱི། ངོ་བོ་ཉིད་མེད་པ་ཞེས་བྱ་སྟེ་དེའི་མཚན་ཉིད་རྟོག་པའི་ཀུན་ཏུ་བརྟགས་པ་ཙམ་ཡིན་པའི་ཕྱིར་དེས་ན་གཟུང་རུང་
གཟུགས་ཀྱི་མཚན་ཉིད་སོགས་སུ་གདགས་པ་དེ་དག་གི་ངོ་བོ་མེད་པས་ནམ་མཁའི་མེ་ཏོག་བཞིན་དུ་ངོ་བོ་མེད་པའོ་ཀུན་བརྟགས་དེ་ལས་གཞན་པ་གཞན་དབང་ཡང་། དེ་ནི་རྐྱེན་གཞན་ལས་འབྱུང་ཞིང་རང་ཉིད་ཀྱི་དབང་གིས་མི་འབྱུང་བས། སྐྱེ་བའི་ངོ་བོ་ཉིད་མེད་པ་ཞེས་བྱ་བ་སྔ་མ་ལས་རྣམ་གྲངས་གཞན་ཡིན་ནོ། །རྟོགས་བྱའི་ཆོས་ཀྱི་དོན་གྱི་དམ་པའང་ནམ་མཁའ་ལྟར་རོ་གཅིག་པ་དང་དྲི་མ་མེད་ཅིང་མི་འགྱུར་བས་ཡོངས་གྲུབ་དེ་དེའི་ཕྱིར་དོན་དམ་པའོ། །འདི་ལྟར་ཆོས་ཀུན་ཀྱི་དེ་བཞིན་ཉིད་ཡིན་ལ་དོན་དམ་ཡང་དེ་ཡིན་ལ་དེ་ནི་དོན་དམ་པར་ངོ་བོ་ཉིད་མེད་པའམ་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །སོ་སྐྱེ་དང་འཕགས་པ་སློབ་མི་སློབ་ཀྱི་དུས་རྣམས་ཀུན་ནའང་དེ་བཞིན་ཉིད་གཞན་དུ་མི་འགྱུར་བའི་ཕྱིར་རོ། །དེ་ཉིད་ཤིན་ཏུ་རྣམ་པར་དག་པ་ཁོང་དུ་ཆུད་པའི་རྣམ་པར་རིག་པ་ཙམ་ཡོད་དོ། །ཇི་སྲིད་དེ་ལྟ་བུའི་གཉིས་སུ་མེད་པའི་མཚན་ཉིད་རིག་པའི་རྣམ་རིག་ཙམ་ཉིད་ལ། རྣལ་འབྱོར་བའི་རྣམ་པར་ཤེས་པ་མི་གནས་པ་དེ་སྲིད་དུ། གཟུང་བ་འཛིན་པ་དང་འཛིན་པ་འཛིན་པའི་འཛིན་པ་གཉིས་ཀྱི་བག་ལ་ཉལ་ཀུན་གཞི་ལ་གནས་པ། དེ་ཉིད་རྣམ་པར་མི་ལྡོག་གོ། ཅི་དོན་དང་བྲལ་བའི་སེམས་ཙམ་དམིགས་པས་སེམས་ཀྱི་ཆོས་ཉིད་ལ་གནས་སམ་ཞེ་ན་མ་ཡིན་ཏེ་ཞེས་སམ་ཡང་ན་མངོན་པའི་ང་རྒྱལ་ཅན་ཐོས་པ་ཙམ་གྱིས་བདག་རྣམ་པར་རིག་པ་ཙམ་རྣམ་པར་དག་པ་ལ་གནས་སོ་སྙམ་དུ་སེམས་པ་བསལ་བའི་ཕྱིར། ཆོས་སུ་བཏགས་པ་གང་ཅི་ཡང་རུང་བ་འདི་དག་གཟུང་བྱའི་དོན་གཞན་མེད་པར་རྣམ་པར་རིག་པ་ཙམ་ཉིད་ཅེས། དེ་ལྟ་བུ་སྙམ་དུ་ནི་མངོན་རྟགས་སུ་དམིགས་ནས་སུ། དམིགས་པ་གང་ཅི་ཡང་རུང་སྟེ་ཀེང་རུས་དང་སྔོན་པོ་སོགས་བློ་ཡི་མདུན་དུ་འཇོག་ན། དེ་ནི་རྣམ་རིག་ཙམ་ལ་མི་གནས་ཏེ་གཟུང་བའམ་དམིགས་པ་མ་སྤངས་
པས་སོ། །ནམ་ཞིག་ཤེས་པའི་འཛིན་པ་སྤངས་ཤིང་རང་གི་སེམས་ཀྱི་ཆོས་ཉིད་ལ་གནས་པ་ཇི་ལྟ་བུ་ཞེ་ན་རྣམ་པར་ཤེས་པས་བསྟན་པའམ་གདམས་ངག་གམ་གཟུགས་སྒྲ་སོགས་ཐ་མལ་པ་རྣམས་དམིགས་ཀྱང་རུང་སྟེ་དམིགས་པ་རྣམས། ཕྱི་དོན་དུ་མི་དམིགས་མི་མཐོང་མི་འཛིན་པ་མངོན་ཞེན་མེད་པའི་དོན་ཇི་ལྟ་བ་མཐོང་བ་དེ་ཡི་ཚེ་ན་ནི། རྣམ་པར་རིག་པ་ཙམ་ལ་གནས་པ་ཡིན་ཏེ། དེ་ལ་གཟུང་བ་མེད་པས་དེ་འཛིན་བྱེད་ཀྱི་ཤེས་པའི་འཛིན་པའང་མེད་དོ། །དེ་ལྟ་བུར་དམིགས་བྱ་དམིགས་བྱེད་ལ་མི་རྟོག་པ་མཉམ་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་འབྱུང་སྟེ། གཟུང་བ་དང་འཛིན་པར་མངོན་ཞེན་གྱི་བག་ཉལ་སྤོང་ཞིང་རང་གི་སེམས་ཀྱི་ཆོས་ཉིད་ལ་ཡང་གནས་པར་འགྱུར་རོ། །དེ་ལྟ་བུ་ནི་གཟུང་བ་དང་འཛིན་པའི་སེམས་མེད་ལ་གཟུང་འཛིན་གཉིས་སུ་མི་དམིགས་པ་ཡིན་ཞིང་། འཇིག་རྟེན་རྣམས་འདི་ལ་འདྲིས་པ་མེད་པ་དང་ཀུན་ཏུ་འབྱུང་བ་མེད་པ་དང་འདི་རྣམ་པར་མི་རྟོག་པ་དང་འཇིག་རྟེན་ལས་བརྒལ་བའི་ཕྱིར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དེ་ཉིད་དོ། །ས་བོན་ཐམས་ཅད་པའི་ཀུན་གཞིའི་རྣམ་ཤེས་གནས་ཀྱང་གཞན་དུ་གྱུར་པ་སྟེ། གནས་ངན་ལེན་དང་རྣམ་པར་སྨིན་པ་དང་།གཉིས་ཀྱི་བག་ཆགས་ཀྱི་དངོས་པོ་ལོག་ནས་ལས་སུ་རུང་བ་ན་ཆོས་ཀྱི་སྐུ་དང་མི་གཉིས་པའི་ཡེ་ཤེས་ཀྱི་དངོས་པོར་གྱུར་པའོ། །དེ་གང་སྤངས་པས་ཐོབ་ན་གནས་ལས་སུ་མི་རུང་བ་ཉོན་སྒྲིབ་ཀྱི་གནས་ངན་ལེན་དང་ཤེས་སྒྲིབ་ཀྱི་གནས་ངན་ལེན་ཏེ་ཉོན་མོངས་ཤེས་ཀྱི་ས་བོན་གཉིས་སྤངས་པས་སོ། །དེ་ཉིད་ཟག་པ་ཀུན་དང་བྲལ་བས་མེད་པ་དང་འཕགས་པའི་ཆོས་ཀྱི་རྒྱུའི་ཕྱིར་དབྱིངས་ཞེས་བྱ་སྟེ། དེ་ནི་རྟོག་གེའི་ཡུལ་མིན་པར་སོ་སོ་རང་གིས་རིག་པ་དང་དཔེ་མེད་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་དང་། རྣམ་པར་དག་པའི་
ཆོས་ཀྱི་དམིགས་པའི་བདེ་བ་དང་ཟག་མེད་ཆོས་ཀྱི་རང་བཞིན་ཡིན་པའི་ཕྱིར་དགེ་བ་དང་རྟག་པ་དང་མི་ཟད་པས་བརྟན་པ་དང་། དེ་ནི་རྟག་པའི་གོ་འཕང་བདེ་བ་དང་ཉན་ཐོས་སོགས་ལ་ཡོད་པའི་གནས་ངན་ལེན་སྤངས་པའི་རྣམ་གྲོལ་གྱི་སྐུ་དང་། བྱང་ཆུབ་སེམས་དཔའ་ལ་ཡོད་པའི་གནས་ངན་ལེན་སྤངས་པས་ཐོབ་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཐུབ་པ་ཆེན་པོའི་ཆོས་ཉིད་དམ་ཆོས་སྐུ་ཞེས་བྱའོ། །མདོར་ན། ཉོན་སྒྲིབ་སྤངས་པས་ཉན་ཐོས་རྣམས་ཀྱི་རྣམ་གྲོལ་གྱི་སྐུའོ། །གནས་གྱུར་པའི་མཚན་ཉིད་དེ་ནི་ཐུབ་པ་ཆེན་པོའི་ཆོས་ཀྱི་སྐུ་ཞེས་བྱ་སྟེ། ས་དང་ཕ་རོལ་ཕྱིན་པ་བསྒོམས་ནས་སྒྲིབ་གཉིས་སྤངས་པའི་གནས་གྱུར་ཡང་དག་གྲུབ་པའི་ཕྱིར་རོ། །འཁོར་བ་མི་གཏོང་ཞིང་དེས་ཉོན་མོངས་མེད་པ་དང་ཆོས་ཐམས་ཅད་ལ་དབང་འབྱོར་བ་ཐོབ་པའི་ཕྱིར།བྱང་ཆུབ་སེམས་དཔའི་ཆོས་སྐུ་ཞེས་བྱའོ། །སུམ་ཅུ་པའི་ཚིག་ལེའུར་བྱས་པ་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །མཆན་འདི་ཐམས་ཅད་མཁྱེན་པ་མི་ཕམ་ཆོས་རྗེའི་ཕྱག་བྲིས་ལས་ལྕགས་སྤྲེལ་ལོར་ཞེ་ཆེན་རི་ཁྲོད་དུ་ཞལ་བཤུས་ཤིང་སློབ་དཔོན་བློ་བསྟན་གྱིས་མཛད་པའི་འགྲེལ་པ་དང་བསྟུན་ཏེ་གཏན་ལ་ཕབ་པའོ། །འདིས་ཀྱང་ཐུབ་པ་ཆེན་པོ་ཡི། །རང་ལུགས་རྣལ་འབྱོར་སྤྱོད་གཞུང་མཆོག །སྲིད་མཐའི་བར་དུ་མི་ཉམས་ཤིང་། །འགྲོ་ཀུན་བྱང་ཆེན་བགྲོད་གྱུར་ཅིག །མངྒ་ལཾ། །