དུས་རྩིས་ངོ་མཚར་ཉི་མ།
དུས་རྩིས་ངོ་མཚར་ཉི་མ་ཞེས་བྱ་བ་བཞུགས་སོ། །
མཁྱེན་པའི་དཀྱིལ་འཁོར་བྲི་གང་མི་མངའ་ཞིང་། །བརྩེ་བའི་འོད་ཟེར་ཀུན་ལ་སྙོམས་པར་བརྡལ། །ནུས་པའི་དྲོད་ཀྱིས་འཁོར་བའི་འདམ་སྐེམ་པ། །འཇམ་དབྱངས་སྨྲ་བའི་ཉི་མས་ཤིས་པ་སྩོལ། །རྟེན་འབྲེལ་རླུང་གི་བགྲོད་པ་ལ་བརྟེན་པ། །བཅུ་གཉིས་དུས་ཀྱི་ཆ་ལྡན་རྩིས་ཀྱི་ཚུལ། །གང་གིས་བླང་དོར་བལྟ་ལ་སྒྲིབ་པ་ཡི། །མུན་པ་ཀུན་འཇོམས་ངོ་མཚར་ཉི་མ་ཤར། །གནས་སྐབས་བླང་དོར་མཐའ་དག་ལ། །བསླུ་བ་མེད་པར་འཇུག་པའི་ཐབས། །དུས་ཀྱི་རྩིས་འདི་རྣོ་ཞིང་ཟབ། །དེ་ཕྱིར་སྙིང་གི་ནོར་བུར་མཛོད། །༧ འདི་ལ་སྦྱོར་བ་དངོས་གཞི་གཉིས། །དང་པོ་རང་ཉིད་འཇམ་དཔལ་གསལ། །ཐུགས་ཀར་ཡེ་ཤེས་འོད་ལྔ་ལས། །མ་ཧཱ་གསེར་གྱི་རུས་སྦལ་སྦྲུལ། །དེ་ཡི་ལུས་ལ་སྣང་སྲིད་ཀུན། །མེ་ལོང་གཟུགས་བཞིན་གསལ་བསམ་ལ། །ཨོཾ་ནི་ཐོག་མར་བཞག་པ་ཡི། །ཨ་ར་པ་ཙ་ན་དྷཱི་ཞེས། །གསང་སྔགས་རྒྱལ་པོ་རྟག་ཏུ་བཟླ། །མཚན་ནས་བརྗོད་ཅིང་མཆོད་པ་འབུལ། །ཆོས་དབྱིངས་འགྱུར་མེད་ཐིག་ལེ་ལས། །སྒྱུ་མ་ལྟར་སྣང་ཆོས་ཀུན་གྱི། །རང་བཞིན་ཤེས་ཤིང་མ་རྟོགས་འགྲོར། །སྙིང་རྗེ་ཆེན་པོ་མཁའ་མཉམ་བསྒོམ། །དུས་སུ་བླང་དོར་སྟོན་པའི་ཕྱིར། །མཆོད་པ་དང་བཅས་བདར་ཡང་བྱ། །ཧོ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཆེ། །ཚངས་པ་ལ་སོགས་གཙུག་ལག་གི། བརྒྱུད་འཛིན་དམ་པ་ཇི་སྙེད་དང་། །དམ་ཅན་ཆོས་སྐྱོང་སྲུང་མར་བཅས། །ཕྱོགས་སྐྱོང་འབྱུང་བ་བཞི་ཡི་ལྷ། །དྲང་མཁན་མངོན་ཤེས་
སྟོན་པའི་བདག །སྤར་སྨེ་གཟའ་སྐར་ལོ་སོགས་ལ། །དབང་ཀུན་སྤྱན་འདྲེན་ཕྱག་འཚལ་ཞིང་། །མི་ཟད་ཀུན་བཟང་མཆོད་པས་མཆོད། །མི་དགེ་ཀུན་བཤགས་དགེ་བ་ལ། །ཡི་རངས་ཆོས་འཁོར་བསྐོར་དུ་གསོལ། །བདག་གི་ཤེས་རྒྱུད་བྱིན་རླབས་ནས། །སྐོར་མགོ་རྩིས་རྒྱུད་དགོངས་ལམ་ལས། །མི་འཛོལ་བཟང་ངན་ཇི་བཞིན་པར། །མ་སྒྲིབ་གསལ་པོར་བསྟན་དུ་གསོལ། །ཞེས་དང་སླར་ཡང་བདར་བ་དངོས། །བླ་མེད་དཀོན་མཆོག་གསུམ་ པོ་དང་། །ཐུབ་དབང་བྱང་སེམས་དགྲ་བཅོམ་འཁོར། །རིགས་གསུམ་མགོན ་དང་ཚངས་པ་ཆེ། །ཀོང་ཚེ་ལ་སོགས་ཞུ་འཕྲུལ་ལེན། །འཆང་དང་གཙུག་ལག་བརྒྱུད་འཛིན་བདར། །མ་ཧཱ་གསེར་གྱི་རུས་སྦལ་དང་། །དེ་ཡི་ལུས་ལ་གནས་པའི་ལྷ། །འབྱུང་ལྔའི་ལྷ་དང་སྤར་སྨེ་དང་། །གཟའ་སྐར་ལོ་ཟླ་ཞག་དུས་ལ། །གནས་རྒྱུའི་སྣང་སྲིད་མཐུ་ལྡན་རྣམས། །མ་ལུས་ལུས་པ་མེད་པ་བདར། །དེ་རིང་རྣོ་གསལ་རྩིས་བྱེད་པའི། །འཛིན་པའི་ཆ་འདེབས་ལྷ་ཀླུ་མིའི། །གཙུག་ལག་ཀུན་གྱི་སྟོན་པ་མཛོད། །མ་ཤེས་སློབ་ལ་མ་དྲན་སྐུལ། །མ་མཐོང་སྟོན་ལ་ཐེ་ཚོམ་སོལ། །མངོན་ཤེས་རྫུ་འཕྲུལ་བསྟན་དུ་གསོལ། །གཞན་ཡང་གང་མོས་ལྷ་སྲུང་ལ། །གསོལ་བཏབ་བདར་ཡང་བྱས་ཀྱང་རུང་། །དེ་ལྟར་མཆོད་དང་མ་བདར་ན། །དུས་ཚོད་ལྷ་ཡིས་བློ་ཕྲོག་ནས། །རྩིས་ཀྱི་ཁ་དམར་མི་ཐིག་ལ། །བདར་ན་རྣོ་ཐིག་བཀྲ་ཤིས་གསུངས། ༈ །དེ་ནས་གཉིས་པ་དངོས་གཞི་ལ། །སྤྱི་དང་བྱེ་བྲག་དམིགས་བསལ་གསུམ། །དང་པོ་
ཕྱི་ནང་སྣོད་བཅུད་ཀུན། །འབྱུང་བ་ལྔ་ཡི་རང་བཞིན་ལས། །སྣ་ཚོགས་རྟེན་འབྲེལ་འཆར་ཤེས་ནས། །གང་སྣང་རྟེན་འབྲེལ་ལམ་དུ་ཁྱེར། །ངོ་བོ་བརྟག་ན་དབེན་གྱུར་ཀྱང་། །རྣམ་པ་ཤིང་མེ་ས་ལྕག་ཆུ། །གཡོ་དང་དྲོ་སྲ་གཙང་རླན་གྱི། །མཚན་ཉིད་ལྡན་པ་འདི་དག་གིས། །ཐམས་ཅད་སྐྱེད་སྡུག་གནས་པར་བྱེད། །ཀུན་ཀྱང་འབྱུང་ལྔའི་ཆོ་འཕྲུལ་ཏེ། །ཁ་དོག་ལྟར་ན་ཤིང་ལྗང་གུ། །མེ་ནི་དམར་ལ་ས་སེར་པོ། །ལྕགས་དཀར་ཆུ་ནི་ནག་པོར་བཞེད། །གྲངས་ནི་རིམ་བཞིན་གཅིག་ལ་སོགས། །དབྱིབས་ནི་འཇོང་མོ་གྲུ་གསུམ་དང་། །གྲུ་བཞི་ཟླ་གམ་ཟླུམ་རིམ་བཞིན། །རིགས་ནི་བྲམ་ཟེ་དང་རྗེ་རིགས། །རྒྱལ་རིགས་གདོལ་པ་དམངས་ལྔ་དང་། །རྒྱལ་པོ་བུད་མེད་བཙུན་པ་དང་། །བྱིས་པ་བོན་པོ་ལྔ་པོ་དང་། །ཤིང་ལ་སོགས་པ་རིམ་བཞིན་སྦྱར། །གནས་ལུགས་འབྱུང་བ་ཀེར་ལོང་ཤིང་། །འུབ་འུབ་འབར་བ་མེ་ཡིན་ལ། །ཅེ་རེ་སྡོད་པ་ས་ཡིན་ཏེ། །རྣོ་ཟུར་རོག་པ་ལྕགས་ཀྱི་ཁམས། །ཞོང་ངེ་འགྲོ་བ་ཆུ་རུ་ཤེས། །ལས་ནི་ཤིང་ང་ཡང་ཞིང་གཡོ། །མེ་ནི་ཚ་བསྲེགས་ས་ལྕི་འཐིབ། །ལྕགས་ནི་རྣོ་ཟུར་ཆུ་རླན་གཤེར། །ཡུལ་གཞི་ལྟར་ན་ཤིང་ཕ་ཁུ། །བུ་ཚ་མ་སྨད་མེ་ཡིན་ལ། །ས་ནི་མ་ཕྱི་ཡུལ་མཁར་ཏེ། །ལྕགས་ནི་ནོར་གྲོགས་ལྷ་སྲུང་ངོ་། །ཆུ་ནི་བུ་སྲིད་གཉེན་ལམ་ཉིད། །མགོ་དབྱིབ་མགོ་སྤྲུལ་ཤིང་ཡིན་ལ། །རལ་པ་མེ་ལ་རྦད་མགོ་ས། །ཅོ་བྲེག་ལྕགས་ལ་ལྟག་སྐྲ་ཆུ། །བརྗོད་པ་སྐད་འགག་གྲེ་འདར་ཤིང་། །སོ་བར་སྒྲ་འདོན་མེ་ཡིན་ལ། །སྣ་སྐད་འདོན་པ་ས་ཡིན་སྟེ། །ཁ་གདངས་སྨྲ་བ་ལྕགས་
ཡིན་ནོ། །མཆུ་སྡུད་ཆུ་ཡི་ཁམས་སུ་འདོད། །འབྱུང་བ་མཚན་མར་ཤེས་པ་ནི། །ཤིང་ལ་ཝ་བ་མེ་རྨེན་པ། །ས་ལ་སྒུར་པོ་ལྕགས་སྨེ་བ། །ཆུ་ལ་ཤོ་རེ་བ་ཡིན་ནོ། །འབྱུང་བ་འདྲེ་རུ་ཤེས་པ་ནི། །ཤིང་ལ་གཉན་དང་ཐེའུ་རང་སྟེ། །མེ་ནི་བཙན་དང་གྲི་བོའོ། །ས་ནི་ས་བདག་ཡུལ་གྱི་འདྲེ། །ལྕགས་ནི་རྒྱལ་པོ་དང་དཀོར་བདག །ཆུ་ནི་ཀླུ་དང་མ་མོའོ། །ནད་ནི་རྩ་རྒྱུས་རླུང་ནད་ཤིང་། །ཚ་བ་ཁྲག་དང་མགོ་ནད་མེ། །རོ་རྒྱབ་བད་ཀན་ཤ་ནད་ས། །གཟེར་ཟུག་རུས་པ་ན་བ་ལྕགས། །གྲང་བ་རོ་སྨད་ཆུ་ནད་ཆུ། །འབྱུང་ལྔ་ཟས་སུ་ཤེས་པ་ནི། །ཤིང་ནི་ཤིང་ཐོག་སྔོ་ཚོད་དེ། །བསྲེག་ཤམ་མགོ་ཤ་བསྲེག་ཚོད་མེ། །རྐང་ལག་ཤ་དང་ཟན་སྦྲུས་ས། །དཀར་གསུམ་རྩིབ་ཤ་ལྕགས་ཀྱི་ཟས། །སྨད་ཤ་ཆང་ཆུ་དར་སོགས་ཆུ། །ཕུང་པོའི་དོན་སྣོད་ཁམས་དག་ཀྱང་། །ཤིང་ཁམས་མཆིན་པ་དེར་འབྲེལ་མཁྲིས། །མེ་ཁམས་སྙིང་དང་རྒྱུ་མ་འབྲེལ། །ས་ཁམས་མཚེར་པ་ཕོ་བ་འབྲེལ། །ལྕགས་ཁམས་གློ་བ་ལོང་ཁ་འབྲེལ། །མཁལ་སྒོང་འབྲེལ་བ་ཆུ་ཡིན་ནོ། །འབྱུང་བ་ནམ་མཁའི་དངས་མ་སེམས། །རྣམ་ཤེས་རླུང་གི་རྟར་ཞོན་ནས། །མ་ཡི་མངལ་དུ་འཇུག་པར་བྱེད། །རྩ་དང་རྒྱུས་པ་ཤིང་གི་ཁམས། །ཤ་ནི་ས་ལ་དྲོད་ཁམས་མེ། །རུས་པ་ལྕགས་ལ་ཁྲག་ཁམས་ཆུ། །ཕྱོགས་ནི་ཤར་ཤིང་ལྷོ་མེ་ཁམས། །ནུབ་ལྕགས་བྱང་ཆུ་མཚམས་དབུས་སོ། །ལོངས་སྤྱོད་ཤིང་ལ་སྐམ་ནོར་དང་། །བང་བཟེད་ཤིང་སྤྱད་རིགས་དང་ནི། །བོང་བུ་ར་ལུག་ཁྱི་སོགས་སྔོ། །
མེ་ལ་སྐམ་ནོར་ཟངས་སྤྱད་དང་། །དམར་ཆག་དུད་འགྲོ་རྨིག་ཁ་བྲག །ཡོད་ལ་རྟ་ཡོད་དམར་ཞུར་ཡིན། །ས་ལ་སྐམ་ནོར་སེར་པོ་དང་། །ཞིང་བཟང་ཁྱི་དྲེལ་སེར་རྐྱ་ཡོད། །ལྕགས་ལ་ལྕགས་སྤྱད་དངུལ་སྤྱད་དང་། །སྐོམ་ནོར་དཀར་ཆགས་ཕྱུགས་ལུག་ཁྱི། །གོས་སོགས་དཀར་པོའི་ཁ་དོག་ཅན། །ཆུ་ལ་སླེའུ་ཕྱར་བའམ། །རྟ་སོགས་ཆུ་རིགས་ནག་པོའི་རིགས། །དེ་སོགས་འཁོར་འདས་ཐམས་ཅད་ཀྱང་། །འབྱུང་བའི་ཁམས་ཀྱི་ཡོན་ཏན་དུ། །ཤེས་བྱས་གནས་སྐབས་ཐམས་ཅད་དུ། །འདི་ལས་འཕྲུལ་ཏེ་རྒྱ་ཆེར་དཔྱད། ༈ །བྱེ་བྲག་ཡན་ལག་རྩ་བ་གཉིས། །དང་པོ་རྩི་དུས་ལ་ཉེ་བརྟག །མཐོང་དང་ཐོས་པར་གཟུགས་བཟང་དང་། །སྒྲ་སྙན་ལ་སོགས་ཡིད་དགའ་བ། །སྲོག་ཐར་ནད་སོས་དགའ་སྟོན་བྱེད། །རྩེ་དགོད་གླུ་དང་ཤིས་པའི་ཚིག །དགེ་སྦྱོང་བླ་མ་ལྷ་བྲམ་ཟེ། །ལྷ་མཆོད་ནོར་རྙེད་གོས་རྒྱན་མཛེས། །བཙོན་ཐར་སྐྱེ་འཕེལ་འདུ་བའི་རིགས། །ཉི་གསལ་མེ་ཏོག་འབྲས་བུ་རྒྱས། །བཀྲ་ཤིས་ཟབ་རྒྱན་རོལ་མོ་དང་། །རང་ལ་བྱིས་པའི་ཚོགས་དགའ་ཞིང་། །སེམས་དགེ་ཚིག་འབྲུ་དགེ་བ་སྒྲོགས། །སྣོད་གང་ནད་འཇུག་དགེ་ལས་བྱེད། །རང་ཉིད་སེམས་གསལ་ཡིད་དགེ་བ། །ཉེ་འཁོར་ཤིས་པའི་བྱ་བ་བྱེད། །འདྲི་བྱེད་སྔོན་བལྟས་གཡས་ཆ་གཡོ། །མ་རྟབས་བཞིན་གསལ་ཡིད་ཕེབ་པ། །དེ་སོགས་དགེ་ལྟས་གང་ཡོད་བཟང་། །དེ་ལས་ལྡོག་ན་ངན་པ་སྟེ། །དངོས་ལྟས་རང་བཞིན་ལྷུན་འགྲིགས་པའི། །རྟེན་འབྲེལ་འདི་ལ་སླུ་བ་མེད། །ཁྱད་པར་འདྲི་
བྱེད་སྐྱེ་བོ་ནི། །སྤྱོད་ལམ་སྐྱིལ་ཀྲུང་བཅས་འདུག་ན། །ཆེ་གཉན་བཙུན་གསུམ་རིགས་ཡིན་ཞིང་། །མི་ལ་རྒྱབ་བརྟེན་བྱས་འདུག་གོ། སྙེས་འདུག་དཔོན་པོ་ལ་སོགས་ཡོད། །འགྱེལ་འདུག་ནང་དམེ་ཡོད་རྒྱུ་ཡིན། །ས་ལ་ཤིང་རྩིས་འདྲད་ཀྱིན་འདུག །རང་ཕུང་ཁྱིམ་དུ་ཆུང་རོ་ཡོད། །ཤིང་རྩེ་གཞོག་ན་ཁོང་འབྲས་མེད། །ནལ་སེད་མནའ་མ་གྱོལ་པོ་ཡོད། །བརྩིག་ཆུང་བརྩིག་ན་མཁར་ལས་དང་། །ཞིང་ལས་འཕྲོ་ཡོད་ཁ་བུབས་འདུག །ཁྱོད་ལ་བློ་མི་བདེ་བ་ཡོད། །ས་རིས་འདྲི་ན་ཁ་སྨྲས་ངོ་། །ལངས་ཤིང་ཕར་ཚུར་འགྲོ་སྟེ་ལངས། །ཡོན་ཏན་མཁན་ཞེས་དེ་ལ་སོགས། །རིགས་པས་དཔྱད་ལ་འབྲས་བུ་སྨྲ། །མཆོད་རྫས་དག་ལ་དངོས་བཟང་ལ། །དེ་རིམ་བཞིན་བཟང་ལྡོག་ན་ངན། །རྒྱ་ཆེར་དཔྱད་པ་གཞན་ན་གསལ། ༈ །གཉིས་པ་ཞག་གཅིག་དུས་ཀྱི་ཆ། །ཉིན་དྲུག་མཚན་དྲུག་དུས་གཉིས་ཏེ། །ནམ་ལངས་ཡོས་ལ་སོགས་པ་དང་། །དེ་ཡི་དབང་ཐང་གང་ཡིན་པ། །ངོས་བཟུང་དེ་དུས་འདྲི་བྱེད་ལ། །དུས་ཀྱི་མེ་ལོང་ལས་བྱུང་བའི། །འབྲས་བུ་མ་ནོར་བརྗོད་པར་བྱ། །ནམ་ལངས་དུས་འདྲི་ཁྱོད་ཉིད་ལ། །ཡུལ་ལྷ་འགོ་ཞིང་ཐེའུ་རང་གནོད། །ཡུལ་ཁ་གཉིས་ཡོད་གཅིག་ནི་སྟོང་། །བཟའ་མི་བྱེ་ཞིག་ཁ་སྨྲས་འོང་། །མོ་ནི་ཁ་མང་ཕོ་འཁྱམས་འདོད། །མགྲོན་ལ་སྟེར་ཕུལ་ཆུང་བ་དང་། །མཁོན་དང་མི་ཁ་ཕྱུགས་གོད་འོང་། །༧ ཉི་ཤར་བཙན་འགོ་ཟ་འདྲེ་གནོད། །མི་བརྒྱུད་དག་ལ་གྲིར་ཤི་ཡོད། །ཡུལ་ཁ་མང་ལ་ཟིན་པ་ཉུང་། །བཟའ་མི་འཐབ་མོད་
ཕ་མེས་ལ། །མི་སྟོང་རྟ་སྟོང་འབབ་དོགས་ཡོད། །བུད་མེད་སྤ་ལོ་མཁས་པ་དང་། །གྲོ་ཕོར་ཁ་ཆག་བུད་མེད་ནི། །བྱི་དོར་དག་ལ་རེམ་པ་ཡོད། །སྐྱེས་པ་གཤིས་ངན་ཁོང་ཆུང་ཞིང་། །ཚན་ཁུང་དེ་ལ་རབས་ཆད་ཡོད། །ཕྱུགས་གོད་བྱ་སྣ་གཞོག་རལ་ཡོད། །གྲོགས་པོའི་འདྲེ་ངན་གནོད་པ་ཡིན། ༠ །ཉི་དྲོས་ལྷ་རུ་ནོར་བདག་འགོ། འདྲེ་རུ་རྒྱལ་པོ་མི་བརྒྱུད་ལ། །གཅོང་ཅན་ཡུལ་ཁང་གཉིས་གསུམ་མམ། །བཟའ་མི་རྒན་གཞོན་ཐུག་པའང་ཡོད། །ཡང་ན་བྱེ་ཞིག་བྱས་པ་ཡོད། །ཕ་མེས་ལ་ནི་ས་བདག་གནོད། །བུ་སྲིང་དག་ལ་ཁ་སྨྲས་འབྱུང་། །མགྲོན་དུ་ནན་འདུ་ཁ་སྨྲས་འབྱུང་། །ཟས་ནི་གསང་པོར་ཟ་བ་དང་། །དམར་དད་བྱ་སྣ་ཉུང་ལ་ཆུང་། །ཉིན་ཕྱེད་ལྷ་རུ་ཀླུ་བཙན་འགོ། འདྲེ་རུ་མཛེ་འགོང་ས་བདག་གནོད། །ཡུལ་ཁ་ཕུ་མདའ་གཉིས་སུ་འཛིན། །བཟའ་མི་ནད་མེད་ཕན་ཚུན་ཁེངས། །ཕྱི་མི་བྱམས་ལ་ནང་མི་སྡང་། །ཟས་ནོར་གཡང་ཉམས་ནོར་ཕྱིར་འགྲོ། །བུད་མེད་ཁ་མང་བུ་གསོ་དགའ། །བརྒྱགས་དང་སྒོ་ཁྱིར་གཟེན་པ་འབྱུང་། །མི་བརྒྱུད་དེ་ལ་གསོན་འཁྱམས་ཡོད། །སྤྱི་ཚན་གཅིག་ལ་སྒོས་ཚན་གཉིས། །མི་ནི་འཁྱམས་འདོད་གོད་ཟག་མང་། །མི་ཁ་ཉེ་སར་ཤི་ཆད་མོད། །ཕྱུགས་ནི་ཁ་རྗེ་ཆུང་བ་དང་། །བྱ་སྣ་ས་སྟག་ཆེ་བའོ། ༠ །ཕྱེད་ཡོལ་ལྷ་བཙན་འདྲེ་རྒྱལ་འགོང་། །མི་བརྒྱུད་ཆུ་གྲི་དུག་གྲི་ཡོད། །ཡུལ་ཁ་གཉིས་ཡོད་མཐོ་ཚེ་ཁེངས། །དམའ་སར་འབབ་ཅིང་བན་མང་ཡོད། །སྡོམ་པ་སྲུང་བ་ཉུང་བ་ཡིན། །ཁྱོ་ག་རྒན་ལ་བུད་མེད་གཞོན། །ཚེ་སྟོད་ནོར་འཕེལ་
སྨད་གོད་ཟགས། །གལ་ཆེན་བཞག་ལ་གལ་ཆུང་བྱེད། །ནོར་ཕྱེད་མཚན་ཟོང་དག་ལ་ཟད། །གཞན་གྱི་བུད་མེད་དག་ལ་བརྩེ། །ནང་མི་མགུ་དཀའ་བྱ་སྣ་ཟད། །རྒས་ཁར་ཆོས་མེད་དོན་མང་ལ། །བུ་ཚ་གླེན་ལྐུགས་ཁ་འཛིན་བྱེད། ༠ །ཉི་མྱུར་ལྷ་ནི་རི་ཟུར་ཀླུ། །འདྲེ་རུ་དགོན་པའི་རྒྱལ་ལྟོགས་གནོད། །མི་འགྱུར་བན་བོན་ཕུར་ཁ་འཆེ། །བན་བོན་ཡོད་དེ་གཏོར་ཁུང་སྟོངས། །དར་འཆི་ཁྱིམ་མཚེས་དུར་ཁ་རལ། །དམེ་ལྐུགས་རྩོག་མནོལ་བྱས་ཚེ་ཐུང་། །ཟས་ཟ་མང་ཡང་ལས་བྱེད་དཀོན། །ཀུན་གྱིས་འཕྱས་ཀྱང་འཚེར་བ་མེད། །སྐྱེས་པ་དོན་མེད་བྱ་བ་གཉེར། །བུད་མེད་རང་མདོ་ཤོར་ནས་རྒྱུ། །བུ་ཚ་ཤི་དང་རྐུན་མས་འཚེ། །རང་ལ་རང་རྐུ་ཕྱུང་ཉུང་ལ། །བུ་ཚ་བྱར་མི་གཏུབ་པ་བཤད། ༠ །ཉི་ནུབ་ལྷ་རུ་བྲག་བཙན་འདྲེར། །གྲེ་མོ་མོ་རྒྱུད་གྲིར་ཤི་ཡོད། །བུད་མེད་ལ་ནི་ལྕེབ་འདྲེ་གནོད། །ཕ་ཚན་དམེ་འཁྲུགས་རབས་ཆད་དང་། །ཡུལ་ཞིང་འཕོ་སྐྱས་གོས་མེ་ཤོག །ཕ་ཞིང་མི་ལག་འགྲིམ་པ་ཡོད། །རང་དཔོན་བཞག་ནས་གཞན་དཔོན་བསྙེགས། །བུ་ཚ་མང་ལ་ཟ་རྒྱུ་ཉུང་། །ཁ་ཟས་དམར་དམར་དག་ལ་དགའ། །ཐབ་ཤུ་སྐྲངས་ལོ་རྒྱུན་དུ་ཡོང་། །ཕྱི་ནང་མཁོན་ཡང་འབྱུང་བ་ཡིན། །དུས་ཚོད་དེ་ཡི་དབང་ཁམས་འབྲས། ༧ །ཤིང་གི་དུས་སུ་འདྲི་བ་ནི། །ཕ་ཁུ་བཟང་པོའི་རིགས་ཡིན་ཞིང་། །མི་བརྒྱུད་རབས་ཆད་འགའ་རེ་ཡོད། །གཉེན་ཤར་དགྲ་ནུབ་ཡོད་པ་ཡིན། །འོག་མར་ཡང་འདི་ཡི་འགྲེས་ཀྱང་། །གང་སྟོང་ཆ་ལ་ཁྱིམ་མཚེས་ནི། །སྙོམ་ཆུང་སྐད་འགག་དགྲ་ཁམས་
མདོག་སོགས་ཡིན། །མདོག་དཀར་བས། ནམ་ཕུག་ཁྱོད་ལ་ངན་སེམས་བྱེད། །བཟའ་མི་རྩོད་ཅིང་དོན་ལས་ཉམས། །བནྡེས་མཆོད་པའི་སྲུང་མ་རྣམས། །འགྲོ་འདུག་གསོལ་མཆོད་མ་ཆག་དགོས། །སྒོ་ནི་ཤར་རམ་ནུབ་ཏུ་བསྟན། །སྒོ་རྩིག་ནེའུ་གསེང་སྔོ་ལམ་མཐོང་། །དེ་བཞིན་ཞིང་དུར་ནད་ཉེས་ཟས། །གོང་འོག་བཤད་པ་བཞིན་ལུང་སྟོན། །མདངས་ཞག་བློ་མི་བདེ་བའམ། །ལྟས་ངན་བྱུང་ན་བཟློག་པ་གྱིས། །ནོར་ཕྱུགས་གོད་ཡོད་གླུད་བསྔོ་བྱ། །གཡང་འགུག་ལྷ་གསོལ་རྣམ་འཇོམས་འདོན། །མེ་ཡི་དུས་འདྲེ་མི་རིགས་བཙུན། །དར་གུད་ཆེ་ལ་སྤུན་ཁ་མཉམ། །མི་ཁྱོད་འཁྱམས་དགའ་རླུང་གིས་བཏེགས། །དོན་གྲུབ་ཚོང་ལ་ཁ་མཆུ་ཡོད། །ཁྱིམ་ན་ཤ་དམར་གཅོད་འཕྲོ་འདུག །བྱན་མོའི་ཕ་མིང་ནང་མི་འཆམ། །ཁྱིམ་མཚེས་མདོག་ནག་ཤོ་རེ་བས། །ངན་སེམས་ཞིང་དུར་ཟས་ལ་སོགས། །མེ་ཡི་ཁམས་དང་སྦྱར་ལ་བཤད། །ལྷ་མཆོད་བཙན་བསྐང་སྨན་བླ་འདོན། །ས་དུས་སྔགས་བཙུན་བུད་མེད་ནམ། །རྨེའམ་དབང་པོ་སྐྱོན་ཅན་ཡིན། །བུད་མེད་བྱེས་ཤི་གང་སྟོངས་འབྱུང་། །བུ་ཚ་དྲིན་ཆུང་ཡུལ་མཁར་བརྟེན། །དོན་གྲུབ་ཚོང་འབྲེད་སྲོག་ཆ་བཟང་། །དགྲ་མེད་ས་བདག་རྒྱལ་པོས་འཚེ། །ས་བདག་བཅོས་ཤིང་སྒྲོལ་མ་འདོན། །ལྕགས་དུས་གྲོང་ནག་དམེ་ཅན་རྒྱུད། །བུ་གསོ་དཀའ་ལ་བུ་མོ་སླ། །དོན་འགྱང་བྲེད་སྡངས་རྨི་ལམ་འཚུབ། །ཀླུ་གཉེན་ས་བདག་དག་དང་འགྲས། །ཕ་དམེ་ཕོ་ཡི་སྲུ་མོ་ཡོད། །སྣང་བརྒྱད་ཧ་ཡ་གྲཱི་བ་འདོན། །ཇོ་དར་མང་དུ་བཙུགས་ན་བཟང་། །
ཆུ་དུས་བོན་གྲུབ་གྲོང་ནག་རིགས། །ཐག་རིང་འགྲོ་འདུག་བློ་སྣ་མང་། །བུ་ཚ་རབ་འབར་ཐུམ་ཤི་འདྲ། །གཉེན་ཉེ་བ་ལས་རིང་བ་བྱམས། །བྱེ་བྲལ་ལ་སོགས་བྱས་པ་ཡོད། །བྱེས་དོན་མི་འགྲུབ་དགྲ་དང་ནི། །ཁ་མཆུ་རྐུན་མ་འོང་བའི་དུས། །ཀླུ་བཅོས་མཚན་བརྗོད་ལ་སོགས་འདོན། ༈ །དུས་ལོ་བརྩི་བྱའི་ལོ་སྦྱར་འབྲས། །རང་ལོ་ཁྱིམ་སར་ཨན་ཙམ་རྩུབ། །ནད་ཕྱར་དྲི་ཟ་གསུར་འཛབ་ངོ་། །ཅུང་ཟད་འགྱང་ན་སྐྱོན་མེད་དོ། །མགྲོན་ཇག་ཕར་ལ་ཤོར་ངོ་དང་། །ཚུར་ལ་རང་སར་སླེབས་པའམ། །དེ་མིན་གཞི་ནས་མ་བཀྱག་ངོ་། །དོན་འབྲིང་མར་མེ་ལོ་གྲངས་ཀྱིས། །མྱ་ངན་ནད་པའི་སྔས་མི་འགྲོ། །མཁར་ལས་སྤང་ཞིང་བརྒྱ་བཞི་དང་། །ཚེ་འགུག་གཡང་ལོན་བྱས་ན་བཟང་། །དེ་མིན་འུར་གཟེང་བློ་སེམས་འཁྲུགས། །བཞི་གཤེད་བདུན་ཟུར་དུས་སྟེང་སླེབས། །ནད་ཕྱ་ཁྱིམ་ཕྱ་ལ་སོགས་རྩུབ། །རྟ་ནོར་མགྲོན་ཕྱ་རྐུན་མའི་ངོ་། །དར་ཚན་སྟོང་འདྲེ་ཕུར་ཁ་གནོད། །ཚ་གྲང་ཟུག་ཟེར་དགྲ་སྣ་འོང་། །གཟུངས་ཆོག་དགྲ་བྲུབས་གཏོར་བཟློག་བྱ། །དྲུག་འགྲམ་མི་ཁ་བྲ་མཆུ་ཕོག །ཕུ་ནུ་ནང་མི་གཅིག་གི་སར། །དགྲ་སྣ་གྱོད་སྣའི་གཏམ་བརྗོད་འོང་། །ནད་ཕྱར་གོས་གྲིབ་ཟས་གྲིབ་གནོད། །རྣམ་འཇོམས་གྲིབ་སེལ་སྨེ་བརྩེགས་བྱ། །ནོར་རྟ་བཟང་ཞིང་ལུག་ཕྱར་ངན། །ལུག་གཟུངས་བརྒྱ་བཞི་ཆུ་གཏོར་བསྔོ། །མགྲིན་པོ་དགྲ་མེད་དོན་ཆུང་ལ། །དུས་ནི་མྱུར་དུ་སླེབ་པ་ཡིན། །མཐུན་གསུམ་སྟེང་སླེབ་ནད་པར་རྩུབ། །
ཚ་བའི་ནད་དང་རྒྱལ་བསེན་གནོད། །ཁྲོ་ཟངས་གའུ་གཡུ་ཕྲེང་གདོན། །སྲིད་ཆགས་མི་རྨེ་ཟས་བཅུད་འཆོར། །མ་རབས་ཁ་མཆུ་ནད་གྱོད་དང་། །ཁང་ནག་མི་བཤུ་ལམ་རིང་སྤང་། །རྒན་རྒོན་ན་ན་དུར་ངོར་རིགས། །མགྲོན་ཕྱ་དགྲ་མེད་ད་ལྟ་སླེབས། །དོན་ཆུང་གཞི་ཕྱ་ཆུང་སྲི་གནོད། །རྟ་ནོར་སྤུ་རྟགས་ཅན་ལ་ངན། །དམར་དང་རོ་བག་སྲུང་བ་དང། །དགྲ་བླ་མཆོད་ཅིང་བརྒྱ་བཞི་བྱ། །ལྷག་མ་བཞི་ཡི་དུས་ཡིན་ན། །ནད་པར་མི་རྩུབ་ནད་མེད་རྩུབ། །གཞི་ཕྱ་བསང་སོགས་བྱས་ན་བཟང་། །རྟ་ནོར་ལུག་རྩིས་དག་ལ་བཟང་། །གདོན་བྱ་མོ་རྫས་མོ་མགྲོན་གནོད། །མགྲོན་པོ་དགྲ་མེད་ཕྱི་ཐལ་ཆེ། །དེ་ནས་དུས་ཀྱི་ལོ་དེ་ཡི། །སྲོག་སོགས་བཞི་ལ་བརྩི་བྱའི་བཞིས། །འཐབ་དང་བརྩི་བྱའི་སྲོག་སོགས་བཞི། །དར་གུད་དུས་སྟེང་ཁྱེར་བ་ཡིན། །རྡེའུ་བརྒྱད་ཀྱིས་གཏན་ལ་ཕབ། །མ་ཕྲད་དཀར་གཉིས་གྲོགས་ལ་གཅིག །དགྲ་ཕྲད་ནག་གཉིས་བུ་ལ་གཅིག །ནང་ཕྲད་ཁྲ་བོ་རེ་རེ་བོར། །དར་གུད་དར་བ་གོས་གྱོན་དང་། ལུས་བྱེད་གསུམ་ལ་དཀར་པོ་གཉིས། །བཙས་ཁྲུས་ལུས་གསུམ་དཀར་པོ་གཅིག །དབུགས་རྒྱུ་མངལ་གནས་དུར་ཞུགས་ལ། །ནག་གཅིག་ན་ཤི་གུད་ནག་གཉིས། །དེ་ལྟར་བོར་ལ་བརྟག་པའི་ཚེ། །སྐྱེས་དར་འཚོ་འཆི་རྟ་རྣམས་དང་། །གཞི་ཆ་བྱི་འབྲུག་སྤྲེལ་ལོ་བ། །སྤུན་རབས་རྒན་པ་ཕ་ཚན་ལ། །སྲོག་གཙོ་སྤྱིར་ནི་ཀུན་གཙོ་སྲོག །ཚེ་སྲོག་གཞི་ཡི་བརྟེན་བརླིང་ཚུལ། །རྡོ་རྗེ་རྒྱ་གྲམ་སྲོག་ལ་བལྟ། །རྒན་བྱིས་ནད་པ་ལུག་དང་ནི། །
སྒོ་ཐེམ་བྱ་གླང་སྦྲུལ་ལོ་པ། །ཆུང་གསུམ་བུ་མོ་བྲན་རྣམས་ལ། །ལུས་གཙོ་སྤྱིར་ནི་གཅེས་པ་ལུས། །ནད་མེད་བདེ་ཞིང་མཛེས་ཚུལ་སོགས། །འཁོར་ལོ་རྩིབ་བརྒྱད་ལུས་ལ་བལྟ། །ལོངས་སྤྱོད་ནོར་ཞིང་ཁྱིམ་ས་དང་། །དོན་གྲོགས་ཁྱི་རྟ་སྟག་ལོ་པ། །བུད་མེད་མནའ་མ་སྲིང་མོ་སོགས། །དབང་གཙོ་དབང་ཐང་བང་མཛོད་དེ། །འབྱོར་དང་ཟ་ཐང་ཆེ་ཆུང་ཚུལ། །དབང་ཐང་གཡུང་དྲུང་ར་བར་བརྟག །བླ་མ་བན་བོན་མི་ཆེན་དང་། །དགྲ་རྐུན་རྙེད་ཚོལ་གྲགས་པ་ཅན། །ཞང་པོ་ལེའུ་ལྷ་ཡི་ས། །ཕག་ལུག་ཡོས་ཀྱི་ལོ་པ་དང་། །རྒྱལ་ཁ་ཐོབ་དང་མི་ཐོབ་ལ། །ཀླུང་གཙོ་བྱ་བ་ཕྲིན་ལས་ཤུགས། །གང་བརྩམ་གནས་སུ་འདི་ཡིས་ཕྱིན། །བསྟོད་དང་རྒྱལ་དང་གྲུབ་པའི་ཚུལ། །ངོ་མཚར་པདྨ་འདབ་བརྒྱད་ཀླུང་། །ཀླུང་རྟ་སྙན་པའི་བ་དན་དཔྱད། །དེ་ལྟར་ཤེས་ནས་དཔྱད་དོན་ལ། ༈ །སྲོག་ལ་རྡེས་དཀར་གཉིས་བབ་ན། །གསེར་གྱི་རྡོ་རྗེ་འོད་འབར་གྱིས། །སྲིད་གསུམ་ཟིལ་གྱིས་མནན་པ་ཡིན། །འབྱུང་བ་སྲོག་གི་འཛིན་ཤིང་སྐྱེས། །རིན་ཆེན་གསེར་གྱི་འགྱིང་ཤིང་ཚུགས། །ཕོ་ལྷ་དགྲ་བླས་རྒྱབ་ནས་སྐྱོབ། །དཔལ་གྱི་ཉི་མ་མདུན་ནས་འཆར། །སྲོག་གི་རྒྱ་གྲམ་འོག་ཏུ་བྲིས། །ལྕགས་ཀྱི་འཁོར་ལོས་སྟེང་ནས་བཀབ། །དགྲ་རྒྱལ་མང་སར་གཏམ་སྙན་སྒྲོགས། །ཟངས་སྐམ་ནང་དུ་འོ་མ་འཁྱིལ། །གཞི་ཕྱ་ཡིན་ན་ཕུགས་སུ་བཟང་། །དོན་ཕྱ་ཡིན་ན་ཇི་བསམ་འགྲུབ། །གྲོགས་ཕྱ་གྲོགས་བཅས་སླེབས་ངོ་སྟེ། །བྲོས་པ་ཟིན་ལ་སྟོར་བ་རྙེད། །དེ་སོགས་གང་ལ་
བཏབ་ཀྱང་ལེགས། །ཚེ་ལ་བར་ཆད་མི་འབྱུང་བཟང་། །ནད་པ་འཚོ་ཞིང་སྲོག་ཆ་བརྟན། །མར་མེ་ལན་ཆགས་ལྷ་གསོལ་བྱ། །ཁྱད་པར་ཤིང་མ་ཆུ་འཕྲད་ན། །རྒན་དང་ཕ་ཁུའི་ལྗོན་ཤིང་དེ། །རླན་དང་ཕྲད་པས་ཡལ་འདབ་རྒྱས། །མེ་ལ་ཤིང་དུ་ཕྲད་གྱུར་ན། །མ་བུའི་སྲོག་ལ་བར་ཆད་མེད། །ས་མ་མེ་རུ་འཕྲད་པ་ན། །མ་ཕྱི་ཡུལ་མཁར་གཏན་སྲིད་ཟིན། །ལྕགས་ནི་མ་དང་ཕྲད་པ་ན། །ནོར་གྲོགས་ལྷ་སྲུང་ངོ་སོ་མཐོ། །ཆུ་ནི་མ་དང་ཕྲད་པ་ན། །བུ་སྲིང་གཉེན་འདུན་དག་ལ་བཟང་། །དེ་བཞིན་བུ་གྲོགས་དགྲ་སོགས་ལ། །སྲོག་ལུས་དབང་ཀླུང་སྐབས་སོ་སོར། །གང་ཕྲད་འདི་དང་མཚུངས་པར་ནི། །དཔྱད་ཅིང་འབྱུང་ལྔའི་རྣམ་དབྱེ་རུ། །བཤད་པའི་དོན་རྣམས་དྲན་པར་བྱ། །ཞི་བསང་བྱ་ཞིང་ལེགས་ཚོགས་བསགས། །སྲོག་ལ་རྡེལ་དཀར་གཅིག་བྱུང་ན། །ཐལ་ཕུང་ནང་ནས་གཡུ་རྙེད་ཡིན། །སྨན་རུལ་པང་ན་བུ་གསུམ་ཡོད། །མོ་བཙུན་དར་མའི་དཔྱད་ལ་བཟང་། །སྲོག་གི་འབྱུང་བ་གྲོགས་དང་ཕྲད། །ཚེ་ཡི་འཁོར་ལོ་མ་ཞིག་པས། །ཤི་ཤིང་ཆད་པའི་སེམས་ཁྲལ་མེད། །འགོ་བའི་ལྷ་དང་སྲུང་མས་སྐྱོང་། །མྱ་ངན་བྱུར་གྱི་ཐག་པ་མེད། །སྲོག་འདོན་ཆོ་ག་བླ་བླུ་གྱིས། །དུར་མཚུན་གསོལ་ལ་དུར་སྲི་མནན། །གཞི་མོ་ལ་ནི་བཟང་བ་སྟེ། །དོན་བྱ་རབ་བཟང་གྲོགས་ཀྱི་ངོ་། །མགྲོན་པོ་དོན་གྲུབ་མྱུར་བར་སླེབ། །ནད་པ་འཚོ་ཞིང་སྲོག་མི་ཉེས། །བྱ་དང་ཉ་ལ་སྟོན་མོ་བྱ། །གཞི་སོགས་གང་ལ་བབ་ཀྱང་བཟང་། །གཞི་སྲུང་ཐོས་གྲོལ་ཀུན་རིག་འདོན། །སྲོག་ལ་རྡེལ་ནག་གཅིག་
བྱུང་ན། །མི་བདེ་བ་དང་སྔངས་སྐྲག་འབྱུང་། །སྲོག་གི་སྐྱེས་པའི་འཛིན་ཤིང་ཆག །མོ་དཔྱད་རྩིས་ཀྱི་འཕྲང་ཡང་དོག །ཁྱོད་ལ་གློ་བུར་ཡེ་འདྲོག་འོང་། །བླ་ལ་བདུད་ཀྱི་ཞགས་པས་འདེབས། །ལྷ་འདྲེ་ཐབས་རྩོད་བྱས་པ་ཡིན། །གློ་གྲི་ལྷུང་བ་རང་ལ་ཟུག །དྲག་སྔགས་གནོད་དང་གློ་བུར་ནད། །གཞི་ཕྱ་ངན་ཞིང་དུར་སྲི་ལངས། །དོན་ཕྱ་བློ་སྟོང་དོན་མི་འགྲུབ། །མགྲོན་ཕྱ་ཁ་འགྱོད་ད་ལྟ་སླེབས། །མ་སླེབ་གཞིར་བསྡད་དགྲ་ཡང་མེད། །ནད་པ་ཡུན་རིང་ཕུགས་སུ་འཇམ། །འཕྲལ་ནད་རིམ་གྲོ་བརྟེན་ན་འཚོ། །རྨི་ལམ་ཟང་ཟིང་རྨི་བ་ཡིན། །ཕུང་སྲི་མནན་ཅིང་མལ་ས་སྤོ། །ཚེ་གཟུངས་འདོན་ཅིང་བསྐོར་བ་བྱ། །ཅི་ལའང་ངན་པས་གཏོར་རྒྱག་བྱ། །སྲོག་ལ་རྡེལ་ནག་གཉིས་བྱུང་ན། །འབྱུང་བ་སྲོག་གི་འཛིན་ཤིང་ཆག །གནམ་ལོ་རྒྱལ་པོའི་བཀའ་ཆད་བྱུང་། །ལོག་མིན་བདུད་ཀྱི་ཁ་རུ་ཚུད། །སྤར་ཁ་རུས་པ་གཏིང་ནས་ཆག །སྨེ་བ་ཤ་ཡི་རྒྱ་ཡང་རལ། །ཟླ་བ་བློན་པོས་ངན་གྲོས་ཤོམས། །ཞག་གི་དམག་མིས་དམག་ལ་གཏུག །དུས་ཚོད་མཚོན་ཆ་རྣོན་པོས་གཅོད། །སྟེང་ནས་བདུད་ཀྱི་བྱ་ནག་ལྡིང་། །འོག་ནས་འཕུང་སྲི་རྔ་མོ་མཁུན། །བླ་ལ་བཙན་གྱི་ཇག་པ་འཇབ། །ཐང་སྙེལ་རྨིས་ཤིང་སྙིང་མི་དགའ། །གློ་བུར་ཤི་ཆད་བཙན་ངོ་ཡིན། །ཚེ་ཆོག་སཱཙྪ་སྲོག་གླུད་བཏང་། །གཞི་ཕྱ་དེ་ཉིད་ལད་པ་སྟེ། །མགོན་པོའི་སྐོང་གསོལ་དྲག་ཏུ་བྱེད། །དོན་ནི་མི་འགྲུབ་དགྲ་གྱོད་ཆེ། །མགྲོན་ཕྱ་ལ་ནི་ངན་ཞིང་འཚུབ། །ནད་པ་ལ་ནི་རབ་ཏུ་ངན། །ཁྱད་པར་སྐྱེས་
པ་དར་མར་རྩུབ། །ཏིང་ལོ་ཚེ་བདུད་བཟློག་མདོས་བྱ། །ཇི་ལ་ཡང་ནི་ངན་པས་ན། །སྨན་བླ་གུར་དྲག་སེང་གདོང་དང་། །སྲོག་བླུ་གྲི་འདུལ་བྱད་བཟློག་འབད། །སྲོག་སར་ནང་ཕྲད་རྡེལ་ཁྲ་བབ། །མཁོན་འཛིན་ཁྲག་ངོ་དཀའ་ཚེགས་མོ། །སྲོག་གི་འབྱུང་བ་མ་མཉམ་ནས། །ལྷ་དང་དམུ་ཡི་བུ་འཐབ་པས། །འགོ་བའི་ལྷ་དང་གནོད་པའི་བདུད། །ཚེ་དང་སྲོག་ལ་ཆོ་ལོ་འགྱེད། །བྱེ་བྲག་ཤིང་ནང་ཕྲད་པ་ན། །རྒན་ལ་ངན་ཞིང་དེ་བཞིན་ཏུ། །མེ་ཕྲད་ཕྱུགས་དང་བུད་མེད་འཛེར། །ས་ཕྲད་རང་བཟང་སྡེ་ཡུལ་ངན། །ལྕགས་ཕྲད་མཁོན་འཛིང་ཆུ་འཕྲད་ན། །ནོར་གོད་དང་ནི་བུ་སྲིང་རྩུབ། །གནོད་བཅོས་རང་ཁམས་མཐུན་པར་བྱ། །གཞི་ཕྱ་འབྲིང་ཡིན་དོན་ཕྱེད་མ། །མགྲོན་ཀྱང་བྱེ་བྲག་འབྱུང་བས་ཤེས། །ནད་པ་ན་སྟེ་འཆི་ཉེན་མེད། །མཁའ་འགྲོའི་ཆོ་ག་བྱས་ན་བཟང་། །མ་གཤིན་ཕུར་གསུམ་གདུགས་རྣམ་འདོན། །ཇི་ལ་བཏབ་ཀྱང་འུར་ཟིང་འབྲིང་། །ཡུམ་དང་ཉི་ཤུ་ལྔ་པ་འདོན། ༈ །ལུས་རྡེལ་མ་ཕྲད་དཀར་གཉིས་བབ། །འབྱུང་བ་ལུས་ཀྱི་རྟེན་ཕུར་ཚུགས། །ལུས་ལ་འབྱུང་བའི་ནང་མི་འཁྲུགས། །སེམས་ལ་དྲན་པའི་སྡུག་བསྔལ་མེད། །ཁ་རྗེ་འགོ་བའི་ལྷས་མི་གཏོང་། །ལུས་ཀྱི་སྟོབས་བསྐྱེད་རྗེ་མང་བྱམས། །གཅོང་དང་ནད་གཉིས་མི་ལྡང་སྟེ། །བཀྲ་ཤིས་བརྩེགས་མདོ་བྲིས་ན་བཟང་། །སྐྱིད་ཀྱི་དཔག་བསམ་ལྗོན་ཤིང་དེ། །ཡལ་ག་བརྒྱ་ལ་ལོ་མ་སྟོང་། །དོན་ཞིག་ཡོད་པའི་ངོ་ཡང་ཡིན། །ཁྱད་པར་ཆུང་གསུམ་དག་ལ་བཟང་། །མེ་རི་
བརྒྱ་འགྲོལ་སཱཙྪ་གདབ། །གཡང་གི་ར་བ་གང་བ་ཡིན། །གཞི་ཕྱ་སྲོག་ཕྱ་མགྲོན་ཕྱ་སོགས། །ཅི་ལ་བརྩིས་ཀྱང་བཟང་བ་སྟེ། །ནད་པ་ཟུག་རྡུ་བྲལ་བ་ཉིད། །ན་ཚ་མི་འབྱུང་ཉེ་འབྲེལ་བདེ། །ལྷ་མཆོད་ཆོས་སྐྱོང་མོ་རྒྱུད་གསོལ། །མི་གཙང་བ་དང་མཁོན་ལ་གཟབ། །ཡིག་བརྒྱ་ཕྱག་འཚལ་བྱས་ན་བཟང་། །ལུས་རྡེལ་གྲོགས་ཕྲད་དཀར་གཅིག་བབ། །ལྷ་སྲུང་དགའ་བའི་ཇི་བསམ་འགྲུབ། །ལུས་ནད་སེམས་ལ་སྡུག་བསྔལ་མེད། །མྱ་ངན་ལྟས་ངན་ཕྱིར་ལ་བོར། །གང་ལ་བབ་པ་ལས་སུ་རུང་། །དགྲ་མཁོན་ལག་པར་ནོར་མི་ཤོར། །སྨན་དང་གཏར་དཔྱད་ལག་མི་འགྲིམ། །ལུས་ཀྱི་རྟེན་བཟང་རང་ཟས་ཟ། །ཁྱད་པར་བུད་མེད་དག་ལ་བཟང་། །མ་སྒྱེད་རྩ་ནས་གསེར་རྙེད་ཡིན། །གཞི་མགྲོན་སྲོག་ཕྱ་དོན་ཕྱ་བཟང་། །ནད་པར་ནད་ཡུན་ཐུང་དུས་གྲོལ། །ཡིག་དྲུག་དང་ནི་སཱཙྪ་དགོས། །ཇི་ལ་ཡང་ནི་བཟང་བ་སྟེ། །གནམ་སྨན་ལྷ་མཆོད་ཡུག་ས་འཛེམ། །ལུས་རྡེལ་བུ་ཕྲད་ནག་གཅིག་བབ། །སྲོག་གི་འབྱུང་བ་ཉེས་པ་སྟེ། །གྲྭ་ཉམས་ན་ཚ་སྡུག་བསྔལ་འབྱུང་། །སྲིས་ཕྱེད་མགྲོན་ལ་ཟད་པ་དང་། །སྲིད་ཕྱེད་འདྲེ་ལ་ཟད་པ་ཡིན། །འགྲོ་ན་བསྡད་འདོད་འདུག་ན་འགྲོ། །སྙིང་མི་དགའ་ཞིང་སྡུག་བསྔལ་འབྱུང་། །གཞི་མགྲོན་དོན་ཕྱ་ངན་ཙམ་སྟེ། །མདུན་ངོ་དང་ནི་མྱ་ངན་ངོ་། །ནད་པར་འུར་ཟིང་མདུན་ངོ་སྟེ། །བསྐོར་བ་དང་ནི་ཀུན་རིག་བྱ། །ཀུན་ངན་བསྐང་བཤགས་ལན་བདུན་བྱ། །ལུས་ལ་དགྲ་ཕྲད་ནག་གཉིས་བབ། །
འབྱུང་བ་ལུས་ཀྱི་རྟེན་ཕུར་བུད། །ནད་འཁོར་སེམས་ལ་སྡུག་བསྔལ་འཆར། །ལག་ངར་སྔས་འཇོག་བྱིན་པ་གདན། །ཡུན་རིང་དཔྱི་རྡོལ་ནད་དྲག་འོང་། །ཁྱད་པར་བྱིས་པ་ཆུང་ངུར་ངན། །མགྲོན་དུ་སྨན་བོན་མཁན་གསུམ་བོས། །ལས་སུ་བདུད་དང་འདྲེ་སྲིན་བཅོས། །རོ་འཛིན་མྱ་ངན་བབ་པའི་དུས། །ལུས་བསྒྱུར་སྐྱབས་འགྲོ་དབང་བསྐུར་ཞུ། །ལམ་བཅོས་མཆོད་རྟེན་ན་བཟའ་གསོ། །ཚ་ཚ་བཏབ་ཅིང་བཞི་སྡེ་མཆོད། །གཞི་མགྲོན་དོན་ཕྱ་ངན་པའི་མོ། །ནད་པ་སྦྲུམ་མ་མ་གཏོགས་ངན། །བཀའ་བརྒྱད་གྲི་འདུལ་སྨན་བླ་ཡི། །དབང་ཞུ་ཅི་ལའང་ངན་པས་ན། །རྡོར་གཅོད་ས་བཅུ་བཀླག་དྲག་པོའི། །སྦྱིན་སྲེག་བྱས་ན་བཟང་པའོ། །ལུས་རྡེལ་ནང་ཕྲད་ཁྲ་བོ་བྱུང་། །སྙིང་སྲོག་གཟེར་ཞིང་ནད་ངོ་ཙམ། །ལུས་ཀྱི་འབྱུང་བ་མ་མཉམ་ནས། །ལྷ་དང་དམུ་ཡི་བུ་འཐབ་པའི། །དཀར་ནག་རྒྱན་འགྲེམས་ཆོ་ལོ་འགྱེད། །བྲེད་སྡངས་གཏམ་བསྣོལ་འོང་བའི་རྒྱུ། །བཟང་ངན་ལེགས་ཉེས་ཤན་མི་ཕྱེད། །ལུས་བསྒྱུར་སྲུང་འཁོར་བཏགས་ན་བཟང་། །གཞི་སོགས་མོ་ལ་འབྲིང་ཙམ་སྟེ། །ནད་པ་རིམ་གྲོ་བརྟེན་ན་གྲོལ། །འདི་སོགས་ཀུན་ལ་འབྱུང་བ་གང་། །ནང་ཕྲད་འབྱུང་བའི་འདྲེ་དེ་ཡིས། །འཚེ་བས་དེ་ག་བཅོས་པར་བྱ། །སྤྱི་ལ་ཡུམ་དང་རྣམ་འཇོམས་འདོན། ༈ །།དབང་ཐང་མར་ཕྲད་དཀར་གཉིས་བབ། །གཡུང་དྲུང་སྐྱིད་ཀྱི་ར་བ་གང་། །འདོད་ཡོན་ལོངས་སྤྱོད་རྩི་ཐོག་རྒྱས། །ལོ་ལེགས་ཕྱུགས་འཕེལ་བསམ་པ་འགྲུབ། །ལུས་གང་གོས་
གྱོན་ཚོང་བྱས་རྒྱལ། །ཁ་གང་ཟས་ཟ་མིག་གང་བལྟ། །གསེར་གྱི་ས་གཞི་མཛེས་པ་ལ། །སྔོན་པོ་གཡུ་ཡི་མྱུར་གུ་འཁྲུངས། །གཏེར་རྡོལ་ལྷ་འདྲེ་དམུ་གཡང་འབེབ། །ཕུགས་ལྷ་སྒོ་ན་ནོར་གཡང་ཆགས། །ལྷག་པར་བུད་མེད་དར་མར་བཟང་། །གཞི་མགྲོན་དོན་རྣམས་ཕུན་སུམ་ཚོགས། །ནད་པ་འཚོ་དཔྱད་སྦྱིན་གཏོང་བྱ། །བསང་བརྔན་ལ་བཙས་ཁ་བརྒྱན་ནི། །བཅུ་གསུམ་བྱས་ན་ཤིན་ཏུ་བཟང་། །དབང་རྡེག་གྲོགས་ཕྲད་དཀར་གཅིག་བབ། །བསམ་པ་འགྲུབ་ཅིང་གྲོགས་དང་འཕྲད། །མཐའ་ཡི་རྒྱ་མཚོ་ཆེན་པོའི་ནང་། །ཉ་མོ་གསེར་མིག་ཆུ་དང་འཕྲད། །བྱ་རྒྱལ་ཁྱུང་གི་ཚང་ནང་དུ། །ཀླུ་ཡི་རྒྱལ་པོས་ནོར་བུ་རྙེད། །མ་རྨོས་ལོ་ཐོག་འཕེལ་བའི་ངོ་། །ལོ་ལེགས་ཕྱུགས་འཕེལ་ཤིན་ཏུ་བཟང་། །རྟ་ལུག་འཕེལ་ཞིང་ཟས་ནོར་སྡུད། །གནམ་གྲོགས་ལྷས་འབེབ་བཙལ་ན་རྙེད། །འབྱོར་པ་ཕུན་སུམ་ཚོགས་པས་བཟང་། །ཕུ་ཡི་གླག་མོ་གཟན་འཚོལ་དེ། །རི་ཞོལ་བསྐོར་བས་ཤ་དང་འཕྲད། །ཚོང་བྱེད་མགྲོན་པོ་ཁེ་དང་འཕྲད། །གཞི་ཕྱ་ལ་སོགས་ཀུན་ལ་བཟང་། །ནད་པར་དགེ་སློང་བཞི་སྡེ་མཆོད། །སྤྱིར་ནི་གསུང་རབས་བྲིས་ན་བཟང་། །དབང་རྡེལ་བུ་ཕྲད་ནག་གཅིག་བྱུང་། །དབང་ཐང་ནུ་མ་ལྟོགས་འདྲེས་འཇིབ། །ཕྱུགས་འཆི་ཕྱུགས་ལ་རྒྱལ་བསེན་རྐུ། །ཞིང་ལ་བཙའ་སད་སེར་བ་འོང་། །བཙལ་བས་མི་རྙེད་ཟས་ནོར་ཤོར། །རྟ་འཆི་གླང་ཤོར་བ་བཞོན་སྐམ། །ཚོང་ཉེས་དགྲས་བཅོམ་རྐུན་མ་འོང་། །
དགེ་འདུན་སྡེ་མཆོད་མདོ་སྣ་སྒྲོགས། །སྔགས་སྡེར་སྟོན་མོ་ཚེ་དབང་ཞུ། །ལམ་འཕྲང་བཅོས་ལ་ཟམ་པ་བཙུགས། །གཞི་མགྲོན་ལ་སོགས་ངན་པའི་མོ། །ནད་པ་ནད་ཆེ་ནད་ཡུན་རིང་། །ཐོས་གྲོལ་ཀུན་རིག་སྦྱིན་སྲེག་བྱ། །སྤྱིར་ནི་ལྷ་ལ་མར་མེ་ཕུལ། །དབང་རྡེལ་དགྲ་འཕྲད་ནག་གཉིས་བབ། །མི་དེའི་དཔལ་གྱི་ཟོ་བ་སྟོངས། །དངོས་གྲུབ་གཡང་གི་ར་བ་རལ། །འདོད་ཡོན་ལོངས་སྤྱོད་སྲིད་སྒོ་འགག །ཟས་ནོར་སྲིད་སྟོར་འགོང་པོ་མང་། །ནོར་ཕྱུགས་གོད་འོང་ཚོང་ཉེས་ཤིང་། །སྟོར་བརླག་རྐུན་ཇག་འོང་བའི་མོ། །བསམ་པ་མི་འགྲུབ་ལོག་པར་འགྲོ། །ཉོ་ཚོང་ཁམས་ཆེན་བྱས་པ་ཡོད། །གཡང་ནི་ཉམས་པའི་མོ་བབ་ཡིན། །གཡང་བླན་བརྒྱ་བཞི་བྱིས་པ་ལ། །སྟོན་མོ་བྱ་བ་འདི་ལ་བསྔགས། །གཞི་མགྲོན་ནོར་གོད་འབྱུང་སོགས་ངན། །གསེར་འོད་ནོར་གཟུངས་ས་སྙིང་འདོན། །མཆོད་དང་སྦྱིན་པ་རྒྱ་ཆེར་བྱ། །ནད་པ་ཡུན་རིང་རབ་ཏུ་ན། །སྤྱིར་ནི་གང་ལའང་ངན་པས་ན། །ཚ་ཚ་མར་མེ་རིགས་གསུམ་བསྙེན། །མདོས་འཕེན་དབང་ཐང་རྒྱ་མ་བྲི། །དབང་རྡེལ་ཁྲ་བོ་བྱུང་བ་ན། །ཟས་ནོར་བོ་རལ་འོང་བའི་དུས། །ལོངས་སྤྱོད་རེས་ཡོད་རེས་མེད་ལ། །མི་རྟག་སྨིག་རྒྱུ་མཐོང་བ་འདྲ། །གང་སྟོང་རྨི་ལམ་ནོར་དང་འདྲ། །བུད་མེད་དང་ནི་ནོར་ལ་རྩུབ། །དཀར་ནག་རྒྱན་འགྲེམས་ཆོ་ལོ་འགྱེད། །སྲིན་དང་དཔལ་གཉིས་འཐབ་པར་བྱེད། །གཞི་སོགས་མོ་དཔྱད་ཐེ་ཚོམ་ཅན། །ནད་པ་བཅོས་ན་སོས་པའི་མོ། །ཚེ་དབང་དང་ནི་བརྒྱ་
བཞི་བྱ། །སྤྱི་ལ་ཆུ་སྦྱིན་བརྒྱ་རྩ་བསྔོ། །ཀླུང་རྟ་མ་ཕྲད་དཀར་གཉིས་བབ། །ཀླུང་རྟ་སྙན་པའི་བ་དན་དེ། །ཕྱོགས་བཅུར་གྲགས་པའི་ཀླུང་གིས་བསྐྱོད། །ཡ་རབས་གྲགས་སྙན་ཡིག་ཚད་ཐོབ། །གཙོ་བོའི་འདུན་ལེགས་བསམ་པ་འགྲུབ། །དཔའ་བོ་དགེ་དང་གཏམ་སྙན་ཐོས། །བན་བོན་མཐུ་དང་གྲགས་པ་རྒྱས། །ཁ་སྨྲ་མི་ཁ་གླེང་བརྗོད་མེད། །ཚུར་ལ་བཙན་བཙུགས་ཕར་ལ་བཟློག །སེང་གེས་གངས་རི་སྲུང་བ་དང་། །གསེར་ཉས་རྒྱ་མཚོ་སྲུང་བ་ཡིན། །གཞི་ཕྱ་དག་ལ་བཟང་བར་བཤད། །དགྲ་བྲུབ་བསང་ཁྲུས་བྱས་པ་ན། །དགྲ་མེད་ལྷ་སྲུང་བཟང་པོས་སྐྱོབས། །མགྲོན་དང་དོན་ཕྱ་ལ་སོགས་བཟང་། །ནད་པ་འཚོ་ཞིང་བདེ་བ་སྟེ། །མར་མེ་ལན་ཆགས་འདོད་ཡོན་བསྔོ། །ལོ་དུས་གཞི་སྲུང་ཆོས་སྐྱོང་རྣམས། །སྐོང་གསོལ་བྱས་ན་རབ་ཏུ་ཤིས། །ཀླུང་རྟ་གྲོགས་ཕྲད་དཀར་གཅིག་ཤར། །ཡིད་ལ་ཇི་བསམ་འགྲུབ་པ་ཡིན། །འགྲོ་བ་མི་ཡིས་མ་བཙལ་བར། །དར་བའི་དུས་སུ་དགུང་དང་མཉམ། །སྐྱེས་པ་མང་སྔོན་གཏམ་སྙན་ཐོབ། །བུད་མེད་སྔོན་དུ་གཟུགས་མཛེས་སྙན། །བཙལ་ན་རྙེད་ལ་བསགས་ན་སོག །རྦད་ན་དགྲ་བོ་འཆི་བ་ཡིན། །བཅུད་དང་སེམས་སྐྱིད་དཔལ་དང་ལྡན། །ར་གཅིག་བཏང་བས་འབྲི་བརྒྱ་ལོན། །དགྲ་བོ་ཕོ་བརྒྱ་དོང་དུ་བཙུད། །མོ་བརྒྱ་དམ་སྲི་ཐབས་ཀྱིས་མནན། །མཉམ་གཉིས་འགྲན་ལས་རང་ཉིད་རྒྱལ། །བཞི་མགྲོན་ལ་སོགས་ཀུན་ལ་བཟང་། །དོན་འགྲུབ་ཀླུང་རྟའི་རྒྱལ་མཚན་ཚུགས། །ནད་པ་
འཚོ་ཞིང་བསང་ཀླུང་རྟ། །ཡུལ་ལྷ་མཆོད་པས་ཕན་པ་འབྱུང་། །སྤྱི་ལ་ལྷ་གསོལ་ཚོགས་བསགས་བཟང་། །ཀླུང་རྟར་བུ་འཕྲད་ནག་གཅིག་ཤར། །སྙིང་སྟོང་དགྲ་ལྡང་བསམ་འགྲུབ་དཀའ། །ཁ་སྨྲ་གླེང་གཞི་འོང་བའི་དུས། །རྟག་ཏུ་ཉེས་པས་གཉེན་སྐྱོང་མེད། །གཉེན་ཕྱེད་སྡང་བའི་དགྲ་རུ་སོང་། །ལས་སུ་གོང་མའི་རྗེ་འཁུར་ཡང་། །དྲིན་དུ་མ་སོང་ཀུན་དང་འགལ། །ཁྱིམ་དུ་ཟས་ཟོས་སྐོམ་འཐུང་ནས། །ཕྱི་རུ་དྲིན་བསད་འཕྱར་ཁ་གཏོང་། །མར་གྱི་ནང་ནས་རུས་འཛེར་བྱུང་། །དེ་ལ་མགོན་པོའི་གཏོར་བཟློག་བྱ། །ཀིང་ཀང་འདོན་ཅིང་མི་ཁ་བྲུབ། །རི་གསུམ་རྩེ་ལ་སྙིང་གཏེར་སྦ། །གཞི་མགྲོན་ཚོང་དོན་ལ་སོགས་ངན། །ནད་པ་ནད་ཆེ་མ་ཉེས་པའི། །ཁ་ཡོག་ཕོབ་པས་ཆོས་སྲུང་བསྐང་། །ལེའུ་བདུན་འདོན་ཅིང་སྔོན་བརྟེན་མཆོད། །སྤྱི་ལ་བསམ་ལྷུན་དགྲ་བྲུབས་དང་། །ཀླུང་རྟ་གསོ་བའི་ཆོ་ག་བྱ། །ཀླུང་རྟ་དགྲ་ཕྲད་ནག་གཉིས་ཤར། །ཀླུང་རྟ་སྙན་པའི་བ་དན་ཆད། །གྲགས་པ་འབྲུག་གི་འུར་རྒྱུན་ཡལ། །མངའ་ཐང་དཔལ་གྱི་ཉི་མ་ནུབ། །མི་ཁ་བྲ་མཆུ་གླེང་བརྗོད་བྱེད། །དགྲ་དང་བྱུར་གྱི་མགྲོན་སྣ་ཟུག །སྙིང་དུ་བསམ་པ་གློ་བར་སོང་། །གྲོགས་སུ་བསམ་པ་ཁ་ནས་ཤོར། །མི་བྱུར་རང་གི་བྱུར་དུ་བབ། །ལེགས་པར་བྱས་ཀྱང་ཉེས་པར་འགྱུར། །གཞི་མགྲོན་སོགས་ལ་དགྲ་རྐུན་དག །འབྱུང་ཞིང་མི་བདེ་བར་ཆད་ཆེ། །ནད་པ་བུད་མེད་ཡིན་ན་འཇམ། །སྐྱེས་པ་དང་ནི་བནྡེར་ངན། །ནད་ཡུན་དྲག་འཐུང་སྲུང་རིམ་འབད། །བྱད་དང་དགྲ་ངོ་ཡོད་པས་ན། །བྱད་བཟློག་དགྲ་མནན་བྱ་བ་དང་། །
སེང་གདོང་མེ་དབལ་གདུགས་དཀར་རེམ། །སྤྱི་ལ་གཙུག་གཏོར་བཀའ་ཐང་དང་། །ལམ་བཅོས་དགྲ་བྲུབ་ཚོགས་བསྐང་བྱ། །ཀླུང་རྡེལ་ཁྲ་བོར་བྱུང་བ་ན། །བསོད་ནམས་རྙེད་དང་གྲགས་པ་ལ། །དཔལ་མྱུར་གཉིས་པོ་མ་འཆམ་པས། །དཀར་ནག་རྒྱན་འགྲེམས་ཆོ་ལོ་འགྱེད། །གོང་མ་བྱམས་ཤིང་འོག་མ་སྡང་། །ཕོ་སྐྱེས་གླེང་ནས་ཁ་འཛིན་སྡིག །ལྡང་བའི་ནང་ནས་ཉེས་ཤིག་འོང་། །ཕ་བློ་བུས་ཕྲོག་ལྟ་བུར་བསླུ། །ཐག་རིང་འགྲོ་ན་དོན་ཡང་སྟོར། །ཕ་མེས་དུར་ས་ལད་པ་ཡིས། །གང་སྟོང་སོགས་འབྱུང་བློ་མི་བདེ། །སྤྱིར་ནི་གང་ལའང་ཞན་ཙམ་སྟེ། །སྙིང་གཏེར་སྙིང་བཅོས་ཚེ་གཟུངས་དང་། །སིདྡྷིའི་དར་ལྕོགས་བཙུགས་ན་བཟང་། ༈ །།དེ་ནས་དར་གུད་འབྲས་བུ་ལ། །སྲོག་དར་རྡེའུ་དཀར་བ་ན། །ཚེ་ལ་བར་ཆད་མེད་པ་ཡིན། །ལྗོན་ཤིང་ལོ་མ་རྒྱས་པ་འདྲ། །མི་ཚེ་ཆུ་བོའི་གཞུང་ལས་རིང་། །སྲོག་གུད་རྡེའུ་ནག་བྱུང་བ་ན། །ལྗོན་པ་སྐེད་ནས་ཆག་དང་འདྲ། །སྲོག་ལ་བར་ཆད་འོང་བ་དེ། །ལུག་ཁྱུ་སྤྱང་ཀིས་གཏོར་བ་འདྲ། །ཚེ་སྒྲུབ་ཚེ་མདོ་ཚེ་དབང་ཞུ། །ལུས་ལ་དར་དྲུག་རྡེའུ་དཀར་ཤར། །ལུས་ལ་ན་ཚ་མེད་པ་སྟེ། །ཤ་ཁྱུ་ལ་ཁར་ཕྱིན་པ་འདྲ། །འབྲིང་རྒྱུད་དང་ནི་འོག་རྟར་བཟང་། །ལུས་ལ་གུད་དྲུག་རྡེལ་ནག་ཤར། །ན་ཚ་མོད་ཅིང་སྲིན་བུས་ཟོས། །མཛེས་པའི་མེ་ཏོག་མདངས་ཡལ་ཡིན། །གཏད་ཁྲོལ་མཆོད་རྟེན་སྐུ་དཀར་གསོལ། །དབང་ཐང་དར་དྲུག་རྡེའུ་དཀར་བབ། །ཟས་ནོར་གཏེར་གྱི་བདག་པོར་དབང་། །བཙན་ཕྱུག་འབྱོར་བ་དབྱར་མཚོ་འདྲ། །
ཆུང་རྒྱུད་དང་ནི་ཚ་བོར་བཟང་། །དབང་ཐང་གུད་དྲུག་རྡེལ་ནག་ཤར། །ཕ་མེས་ཕོག་ནོར་ཕན་མི་ཐོགས། །ནོར་གོད་སྙིང་སྟོང་གཡང་ཁར་རལ། །ཚོགས་བསགས་ཆུ་སྦྱིན་གཡང་སྐྱབས་དང་། །དགྲ་བྲུབ་གོད་བྲུབ་ལ་སོགས་བྱ། །ཀླུང་རྟ་དར་བས་རྡེའུ་དཀར་བབ། །གསེར་མིག་གཡུ་ཡིས་སྤྲས་པ་འདྲ། །ཡིག་ཚང་སྔགས་ནུས་མཐུ་རྩལ་ཆེ། །ནོར་དང་ལུག་ལ་འཕེལ་ཁ་འོང་། །ཡིད་འོང་དོན་གྲུབ་ཕུན་སུམ་ཚོགས། །ཀླུང་རྟ་གུད་དྲུག་རྡེལ་ནག་ཤར། །དགྲ་ལྡང་བྱས་པ་ཆུད་གསོན་མང་། །ནང་མི་དགྲར་སྡང་དོན་མི་འགྲུབ། །མི་ཁ་དགྲ་བྲུབ་མཆོད་རྟེན་བརྩེགས། །དར་གཞི་གཏེར་ཆེན་རྙེད་པ་སྟེ། །ལས་བྱེད་རྒྱུན་རིང་ཡིན་པར་བཤད། །གོས་གྱོན་གསོ་བ་ཐུབ་པ་སྟེ། །འདི་གསུམ་བཟང་རབ་དཀར་གཉིས་ཐོབ། །སྲོག་སོགས་དེར་གྱུར་དཔལ་ཆེན་རྒྱས། །ཁྲུས་བྱེད་བསམ་པ་འགྲུབ་པ་སྟེ། །ལུས་རྫོགས་བདེ་བ་ལྡན་པ་ཡིན། །བཙས་པ་ལོངས་སྤྱོད་ཆེ་བ་ཞེས། །འདི་གསུམ་ཀྱང་བཟང་དཀར་གཅིག་ཐོབ། །དེ་ལ་བབ་ན་བསམ་པ་འགྲུབ། །འདི་དྲུག་བཟང་པོ་རྣམ་དྲུག་སྟེ། །གདགས་ཀྱི་ཉི་མ་སྤུན་དྲུག་ཡིན། །དབུགས་ལེན་སྐལ་པ་ཟད་པ་ཡིན། །མངལ་གནས་བྱུར་ངན་ལྷུང་བའོ། །དུར་ཞུགས་རྒྱུན་ཆད་ཅེས་བྱ་སྟེ། །འདི་གསུམ་ངན་པས་ནག་གཅིག་ཐོབ། །སྲོག་སོགས་དེར་གྱུར་མི་དགེའོ། །གུད་པ་བྱེ་བྲལ་ན་འཕུང་གྱོད། །ཤི་བ་གཡང་ཉམས་ཞེས་བྱ་གསུམ། །ཤིན་ཏུ་ངན་པས་ནག་གཉིས་ཐོབ། །འདི་ལ་གང་བབ་རབ་ཏུ་རྒུད། །འདི་དྲུག་ངན་པ་ཡིན་པས་ན། །སྲིབས་ཀྱི་དྭའུ་སྦུན་
དྲུག་ཟེར། །དར་གུད་ཡུན་གྱི་བསོད་ནམས་ཏེ། །འཐབ་དགྲ་ཕྲལ་གྱི་རྐྱེན་བཟང་ངན། །འདི་གཉིས་ཕན་ཚུན་བསྟུན་ནས་སུ། །སྲོག་སོགས་བཞི་ལ་ཁ་དམར་གདགས། །བཟང་ངན་དམིགས་བསལ་ཆ་ཕྱེ་ན། །བུ་ཕྲད་མདངས་ཤོག་མི་བཟང་ཡང་། །བུ་དང་སྦྲུམ་མའི་ཕྱ་ལ་བཟང་། །དེ་མིན་ཅི་ལ་ངན་པ་ཡིན། །ས་ཆུ་ནང་ཕྲད་ཅུང་ཟད་བཟང་། །གཞན་གསུམ་ནང་ཕྲད་བྲེད་སྡངས་ངན། །སྲོག་ལ་དུར་ཞུགས་མི་རུང་ཞིང་། །དབང་ཐང་དུར་ཞུགས་བཏུབ་ཙམ་ཡིན། །རང་མ་བུ་གྲོགས་དར་ན་བཟང་། །དེ་ཡི་དགྲ་ཀུན་རྒུད་ན་ལེགས། །འོན་ཀྱང་ལུས་དགྲ་དར་བ་ནི། །ངན་པར་མི་འགྱུར་བ་ཡང་ཡོད། །ན་བ་རང་ལ་ངན་པ་དང་། །དར་བ་གྲོགས་ལ་ངན་པ་དང་། །ཧ་ཅང་བཟང་ན་ཆེས་ཐལ་སོགས། །གནས་སྐབས་དམིགས་གསལ་ཀུན་ཤེས་བྱ། ༈ །།ན་ནི་དམིགས་བསལ་བརྟག་བྱ་བ། །ནད་སེལ་སོ་སོར་བསྟན་པ་ནི། ༈ །དང་པོ་གཞི་ཕྱར་སྲོག་གི་ཚེ། །ལུས་ནད་དབང་ཐང་ནོར་རྫས་དང་། །ཀླུང་རྟ་ལྷ་ས་ལས་ཤུགས་གནས། །བརྟག་ལ་ཁ་དམར་གོང་ལྟར་སྨྲ། ༈ །།གཉིས་པ་མགྲོན་ཕྱ་བརྩི་བ་ན། །ཤིང་དུས་དགྲ་མེད་དོན་མི་འགྲུབ། །མྱུར་པོར་འདྲི་ཚད་དུས་མི་སླེབ། །མེ་དུས་དོན་ཆུང་ཁ་མཆུ་མང་། །དོན་གྲུབ་མགྱོགས་པར་འཁོར་བ་ཡིན། །ས་དུས་དོན་གྲུབ་དགྲ་ཡང་མེད། །མགྲོན་པོ་མི་འོང་ལྕགས་ཀྱི་དུས། །དོན་འགྱངས་བྲེད་སྔངས་མགྲོན་མི་འོང་། །ཆུ་དུས་མྱུར་འོང་དོན་ཕྱ་འབྲིང་། །སྲོག་ནི་དགྲ་དར་བྱེས་
འཆི་དོགས། །ད་ལྟ་མི་སླེབ་འགྱོད་པ་ཆེ། །དགྲ་དང་བསད་བཅད་ངོ་ཡང་ཡོད། །ཤིང་མེ་དགྲ་ཕྲད་དོན་མི་འགྲུབ། །ཕར་འགྲོ་དགྲ་ཕྲད་ཚུར་འོང་ལ། །སྐྱོན་མེད་མགྲོན་པོ་མི་སླེབས་སོ། །ཆུ་ས་དགྲ་ཕྲད་འབྲིང་ཙམ་ལ། །ཕར་འགྲོ་སྐྱོན་མེད་ཚུར་འོང་ངན། །མགྲོན་པོ་མི་ཐོན་ཕྱི་ཐལ་ཆེ། །ལྕགས་དགྲ་དོན་མེད་མགྲོན་མི་འོང་། །ཁ་གང་གཏམ་ངན་ཁྱེར་ནས་ཡོང་། །འདི་བཞིན་ལུས་དབང་ཀླུང་ལའང་སྦྱར། །ལུས་བཅད་བཙོན་ནམ་ནད་ཀྱི་ངོ་། །དབང་བཅད་ཟས་ནོར་དགྲ་ཇག་ཡོད། །ཀླུང་བཅད་སྙིང་གཏད་བསླུ་ཉེན་ཡོད། །སྲོག་གིས་ཕར་གཅོད་ཤི་ཆད་མེད། །ཕྱིར་ལ་མགྱོགས་པར་འཁོར་བ་འོང་། །ལུས་གྲོགས་ཚོད་ལེགས་ལུས་སྟོབས་བཟང་། །དབང་གྲོགས་བཟའ་བཏུང་མོད་པ་ཡིན། །ཀླུང་གྲོགས་མེས་བྱམས་ཟླ་བོས་རྩི། །མ་ཕྲད་མྱུར་འོང་དོན་བཟང་ལ། །སྲོག་ལ་བསམ་རྒུ་འགྲུབ་པ་ཡིན། །ལུས་ལ་ནད་དཀོན་དབང་ཚོང་བཟང་། །ཀླུང་མ་ཕྲད་ན་ནོར་སྟོར་མེད། །བུ་འཕྲད་དོན་ནི་བསེ་རུ་འདྲ། །ད་ལྟ་མ་སླེབ་གཞི་མ་ཁྱོགས། །སྲོག་སྟོང་བླ་འཁྱམ་ཤི་ཆད་འོང་། །ལུས་སྟོང་ཚོང་ཉེས་བླ་བོས་བྱས། །དབང་ཐང་སྟོང་ན་ཟ་ཐང་ཆུང་། །ཀླུང་སྟོང་བོར་སྟོར་མི་ཁ་སྡང་། །གཞན་ཡང་སྲོག་སར་མེ་ནང་འཕྲད། །ཕར་འགྲོ་བག་དྲོ་བསྡད་པ་ལ། །ཤི་ཆད་མེད་པར་ཚུར་ལ་ནི། །ད་ཙམ་འོང་སེམས་ཡོད་པ་ཡིན། །ལུས་མེ་ཕར་འགྲོ་ནད་དགྲ་མེད། །བསྡད་སར་གྲོགས་ཆེ་ཚུར་གདའ་སྐད། །དབང་ཐང་མེ་ནང་ཕར་ཟོང་ཆེ། །བསྡད་སར་སྐྱིད་ལ་
ཚུལ་ལམ་ཞུགས། །ཀླུང་རྟ་མེ་ནང་ཕྲད་པ་ན། །ཕར་ལ་ཟླ་བོ་བཟང་པོ་འགྲོགས། །སྡོད་སར་སྟོར་བརླག་མ་བྱུང་བར། །ཚུལ་ལ་དེ་རིང་སོང་འོང་ཡིན། །སྲོག་སར་ས་ནང་ཕྲད་པ་ན། །ཕར་ལ་སླེབ་པའི་དུས་མེད་ཅིང་། །བསྡད་སར་དོན་ཆུང་བག་གཞི་བརྐྱོང་། །ལུས་ལ་ས་ནང་འགོ་བའི་ནད། །འབྱུང་ཉེན་ཚོང་གྲོགས་རྒྱལ་པོས་བྱེད། །ཕྱི་ཐལ་ཡོད་པའི་ངོ་ཞིང་ཡིན། །དབང་ས་གྲོགས་ཆུང་མགྲོན་མི་འོང་། །ཀླུང་ས་འགྲོ་ན་མི་ཚུགས་ཤིང་། །སྡོད་སར་དོན་མེད་ཕྱི་ཐལ་ཆེ། །ཚོང་གྲོགས་ཐེའུ་རང་བྱེད་པ་ཡིན། །སྲོག་ལུས་དབང་ཀླུང་བཞི་ཀ་ཡང་། །ཆུ་ནང་ཕྲད་ན་གྲོགས་ཆུང་སྟེ། །དོན་ནི་མི་འགྲུབ་འཁོར་བ་མགྱོགས། །ཤིང་ནང་ཕྲད་ལ་འཁོར་མགྱོགས་ཤིང་། །ལྕགས་ནང་ཕྲད་ཀྱང་འཁོར་བ་འགྱང་། །གྲོགས་ཀྱང་ཆེ་ལ་དགྲ་ཉེན་ཡོད། །བརྩི་བྱའི་སྲོག་སོགས་གཅོད་འདྲལ་དང་། །ཁྱད་པར་དབང་ཀླུང་དར་གུད་གཉིས། །རྡེའུ་དཀར་བྱུང་ན་ཚོང་དང་ནི། །ཁ་སྨྲས་དག་ལས་རྒྱལ་བར་འགྱུར། །ནག་ན་ཚོང་དང་ཁ་སྨྲས་ཕམ། ༧ །གསུམ་པ་སྲོག་ཕྱྭ་བརྟག་པ་ལ། །སྲོག་ལུས་གཉིས་ལ་གཙོ་ཆེར་བརྟག །ཕོ་ལ་སྲོག་དང་ཀླུང་རྟ་དང་། །མོ་ལ་ལུས་དབང་གཙོ་བ་དང་། །ལོ་མལ་ས་མལ་བཅས་བསྟུན་ཏེ། །ཁ་དམར་ཚུལ་བཞིན་སྨྲ་བར་བྱ། ༧ །བཞི་པ་ནད་པའི་རྩིས་བྱེད་ན། །ཐོག་མར་གང་ན་བརྟག་པ་ལ། །གོང་འོག་འབྱུང་ལྔའི་མཐའ་དཔྱོད་ལྟར། །ནད་དང་ཉེན་དང་འདྲེ་བཅས་བལྟ། །དུས་ཚོད་སྟེང་དུ་བརྩི་བྱ་ཡི། །དོན་སྣོད་ལ་སོགས་
དར་གུད་སྒྱུར། །གང་གུད་པ་དེ་ན་བར་བཤད། །འཚོ་འཆི་སྲོག་ལ་བརྟག་བྱ་སྟེ། །དར་ན་མི་འཆི་གུད་ན་རྩུབ། །དབུགས་ལེན་ལ་སོགས་འབྲིང་པོ་ལ། །འཚོ་དཀའ་ནད་ཡུན་རིང་བ་འོང་། །ལུས་རྫོགས་སོགས་ཀྱང་བཟང་བ་ཡིན། །ན་ཚ་ཆེ་ཆུང་ལུས་ལ་བལྟ། །རྟེན་འབྲེལ་བཅོས་གཏོ་བྱ་བ་ན། །མ་གོས་བུ་སྡས་དགྲ་སྟན་དང་། །གྲོགས་ནི་ཟས་སུ་ཟོས་ན་ཤིས། །དཔེར་ན་ཤིང་དུས་ནད་པ་དེས། །སྔས་དམར་སྟན་དཀར་ཟས་འཁུར་རམ། །གཞོག་ཤ་གཟུགས་ཟོས་གོས་སྔོ་ནག །ཤར་རམ་བྱང་དུ་སྔས་གཏད་དོ། །འབྱུང་བའི་ནད་དང་འདྲེ་བཅས་ལ། །གཉེན་པོ་རྟེན་འབྲེལ་མཁྱུད་སྤྱད་བྱ། །མྱུར་དུ་ནད་ལས་གྲོལ་བར་འགྱུར། ༧ །ལྔ་པ་དཀོར་ནོར་ལོངས་སྤྱོད་བྱ། །སྔར་བཤད་འབྱུང་ཁམས་ལོངས་སྤྱོད་རྫས། །ཕྱོགས་དང་གྲངས་སོགས་སྔར་བཤད་གྱུར། །ལུས་དབང་དར་ཡོད་གུད་ན་མེད། །དུས་ཚོད་ཁམས་ཀྱིས་ལུས་དབང་ལ། །གཅོད་ཀྱང་མེད་པར་ལུང་དུ་སྟོན། །བྱེ་བྲག་རང་རང་ས་མལ་དང་། །ཁྱད་པར་དབང་ཐང་ནོར་མཛོད་དུ། །འཐབ་དགྲ་དར་གུད་གཉིས་པོས་བརྟག །ལུས་དང་བསྟུན་ལ་ཁ་དམར་གདགས། །སྲོག་གིས་གཞི་དང་ཀླུང་གིས་དགྲ། །ཡོད་མེད་དེ་ཡང་གོ་བསྟུན་དཔྱད། ༈ །དྲུག་པ་དོན་གང་གྲུ་མི་གྲུ། །འབྱུང་ཁམས་མེ་ཤིང་ཆུ་གསུམ་བྲེལ། །ས་ལྕགས་དལ་བའི་རིགས་པ་དང་། །ས་མལ་ལོ་མལ་འགྲོས་སྦྱར་ཏེ། །བཟང་ངན་སྟོབས་དང་འཕྲད་ཚུལ་དཔྱད། ༧ །བདུན་པ་ལམ་དུ་འགྲོ་བ་ལ། །སྲོག་ལས་སྡོད་
གནས་ལུས་དཀའ་ཚེགས། །དབང་ཐང་བདོག་པ་ཀླུང་ནོར་གྱི། །གནས་སུ་བཟུང་ལ་བདེ་དོགས་དཔྱད། ༧ །བརྒྱད་པ་དོན་དང་གྲོགས་འཚོལ་ལ། །བྱ་བ་ལམ་འགྲོས་ཀླུང་རྟས་བརྟག །ཟས་ནོར་ལག་བབ་དབང་ལ་བལྟ། །ནམ་ཕུག་ཕན་མིན་ལུས་སྲོག་གི། འཐབ་དགྲ་དར་གུད་བཅས་པས་བརྟག །བློ་ཕྱའང་འདི་དང་ཉེ་བར་མཚུངས། ༧ ། དགུ་པ་གཞན་དང་རྩོད་འགྲན་ལ། །སྲོག་གིས་གཞི་བརླིང་མི་བརླིང་དང་། །དབང་ཐང་འཇལ་ལོན་ཇི་ལྟར་འབྱུང་། །ཀླུང་རྟ་རྒྱལ་ཕམ་ངོ་བོ་སྟེ། །མས་སྐྱོབ་གྲོགས་ཟིན་ཕས་རྒོལ་ཐུལ། །བུ་ཡིས་དོན་འཆོར་དགྲས་རང་འཕམ། །ནང་ཕྲད་བཤད་གཏམ་འགྱེད་ངོ་ཆེ། །ཐ་མ་གད་རྒྱལ་སྟོབས་ལ་དྲིས། །དར་གུད་དང་བཅས་གཏན་ལ་ཕབ། །དགྲ་ཕྱའང་འདི་དང་མཚུངས་པར་བརྟག ༧ །བཅུ་པ་སྲིད་ཀྱི་ཕྱ་ལ་ནི། །ལུས་དབང་གསོ་བསྐྱེད་དར་གུད་བརྟག །དཀར་ན་བཟང་ཞིང་ནག་ན་ངན། །དུས་དབང་ཤིང་མེ་ཆུར་བུ་མོ། །ལྕགས་ས་ལ་ནི་བུ་ཕོ་སྐྱེ། །བརྩི་བྱའི་ལུས་དབང་དར་ན་ཡོད། །མེད་ན་མེད་པར་ལུང་བསྟན་བྱ། ༧ །བཅུ་གཅིག་ཆོས་ཕྱ་བརྟག་པ་ལ། །སྲོག་དང་ཀླུང་རྟ་གཙོར་བཟུང་བས། །དཀར་ན་ལེགས་ལ་ནག་ན་ཉེས། །ཁྱད་པར་ལྷ་ངོ་མཐོ་དམན་ནི། །སྤྱི་ཁྱབ་ཀླུང་རྟ་ལྷ་ས་དང་། །ལུས་ནི་སྤྱི་སར་བཤད་པའམ། །ཡུལ་ལྷ་ཕུག་ལྷ་ཕོ་ལྷ་དང་། །ཚེ་ལྷ་ཚེ་འཛིན་སྲོ༷ག་ལྷ་དང་། །ཕ་མེས་ཕ་རྒྱུད་སྲུང་སྲོག་གིས། །གནམ་སྨན་མ་ལྷ་མོ་རྒྱུད་དང་། །འཕྲག་ལྷ་ལུས་ལྷ་ལུས་སུ་བརྩི། །ཕྱུགས་གཡང་ཟས་ནོར་གྲོགས་ཀྱི་ལྷ། །
ཚོང་ལྷ་ལ་སོགས་དབང་ཐང་ཡིན། །དགྲ་བླ་ཆོས་སྐྱོང་ཝེར་མ་དང་། །ཞང་ལྷ་ཁ་འཛིན་འགོ་བའི་ལྷ། །ཀླུང་རྟར་བརྩིས་ལ་དེ་དག་ཏུ། །མ་ཕྲད་དེ་ཡིས་བསྲུང་བ་དང་། །དགྲ་ཕྲད་ལྷ་ཤུལ་འདྲེ་ཡིས་བཟུང་། །བུ་ཕྲད་མི་བྱེས་སྲུང་མ་གཡེལ། །གྲོགས་ཕྲད་ལྷ་སྲུང་དྲག་རྩལ་ཆེ། །ནང་ཕྲད་འཁྲུགས་པས་བསྐང་བཤགས་དགོས། །དེ་ཡང་དར་གུད་དག་དང་བསྟུན། །ཀླུད་ནས་ཡས་རིམ་ཆོས་ནོར་འདོད། །ཐར་བའི་དངོས་གྲུབ་དུ་བརྩིས་ལ། །ཡང་དག་དཀར་ན་དངོས་གྲུབ་ཐོབ། །འདི་ནི་བློ་གྲོས་ལས་བྱུང་གཏམ། ༧ །བཅུ་གཉིས་བོར་སྟོར་བརྟག་པ་ལ། །སྤྱི་དང་བྱེ་བྲག་ས་མལ་ནི། །སྟོངས་སམ་མ་སྟོངས་ལྟ་བ་དང་། །མ་ཕྲད་མང་ན་བཙལ་མི་དགོས། །གྲོགས་ཕྲད་མྱུར་དུ་རྙེད་པ་དང་། །བུ་ཕྲད་རྙེད་དཀའ་འབད་ན་རྙེད། །དགྲ་ཕྲད་མི་རྙེད་གཞན་གྱིས་ཁྱེར། །ནང་ཕྲད་དཀའ་ཚེགས་རྙེད་སྲིད་ཙམ། །ཤིང་ལ་ཤར་ལྷོ༷་ནུབ་དུ་ཚོལ། །མེ་ལ་ལྷོ༷འམ་ནུབ་ནས་རྙེད། །ས་ལ་བྱང་ངམ་ལྷོར་བཙལ་རྙེད། །ལྕགས་ལ་ནུབ་བམ་ཤར་ན་ཡོད། །ཆུ་ལ་བྱང་ངམ་ལྷོ༷་ནས་རྙེད། །ལྕགས་དུས་ཡིན་ན་རྙེད་དཀའ་ཙམ། །ནང་ཕྲད་རྐུན་མ་ནང་རྐུན་ཡིན། །དགྲ་འཕྲད་དགྲས་ཁྱེར་ཕྱི་རོལ་ཡིན། །བུ་འཕྲད་བུ་ཚ་ཞང་པོས་རྙེད། །མ་ཕྲད་ཕ་ཁུ་མ་ཕྱིས་རྙེད། །གྲོགས་ཕྲད་གཉེན་འདུན་མཛའ་བས་རྙེད། །ས་མལ་དར་ཞིང་འཐབ་དགྲ་བཟང་། །གནས་མལ་མ་སྟོང་ནམ་ཕུག་བཟང་། ༧ །བཅུ་གསུམ་གདོན་ཕྱ་བརྟག་པ་ལ། །ཤིང་དུས་ཐེའུ་རང་དམ་སྲི་རྣམས། །ཤར་ནས་ཤིང་སྤྱད་ཕྱི་ལ་འབྲངས། །
མེ་ལ་བཙན་དམུ་བྲག་བསེན་མོ། །ཟངས་རྟ་དམར་ཆགས་ཕྱི་ལ་འབྲངས། །དེ་ལ་བཙན་མདོས་བྱས་ན་ཕན། །ས་ལ་ས་བདག་དགེ་བསྙེན་ནམ། །དམ་འགོང་ལྷོ་ནུབ་ཤར་ཕྱོགས་ནས། །དུད་འགྲོ་སེར་དང་སེར་ཆགས་ཕྱིར། །འབྲངས་གནོད་ས་བདག་བཅོས་པར་བྱ། །ལྕགས་དུས་བདུད་དམ་རྒྱལ་པོ་གནོད། །དངུལ་གོས་ལ་སོགས་དཀར་ཆགས་ཕྱིར། །བདུད་དང་རྒྱལ་མདོས་བཏང་བར་བྱ། །ཆུ་ལ་མ་བདུད་དམ་སྲིའམ། །བྱུར་འདྲེ་བྱེད་ཕྱོགས་ཕྱར་སླེ་སྦྲ། །ཡུག་མོའི་ཟས་ནོར་ཕྱི་ལ་འབྲངས། །མཚོ་སྨན་མདོས་ཀྱིས་བཅོས་པར་བྱ། །བརྩི་བྱའི་ལུས་ལ་དུས་དབང་གིས། །གཅོད་ན་གནོད་འདྲེ་ཕར་གཅོད་ན། །མི་གནོད་ཚུར་བསྐྱེད་འགོ་བའི་ལྷ། །ཕར་བསྐྱེད་གནོད་ལ་ནང་ཕྲད་ན། །གང་ཡིན་འབྱུང་བའི་འདྲེ་དེས་འཚེ། །ཞིབ་པར་འབྱུང་ལྔའི་མཐའ་དཔྱད་ལྟར། །བརྟག་ལ་གནོད་འདྲེ་རྫས་བཅས་སྨྲ། །འཐབ་དགྲ་རྣམས་ཀྱི་གདོན་འཛིན་ནི། །སྲོག་ལུས་དབང་ཀླུང་གང་སྐབས་ལ། །ཤིང་དགྲ་ཤར་ཕྱོགས་གྲེ་བོའི་སར། །ལྗང་སེར་རམ་མཆན་ཤིང་ལྕགས་སྤྲང་མས་གདོན། །མེ་ལ་དགྲ་བོ་ཆུ་ཤར་ན། །ལྷོ་ཡི་ཕྱོགས་སུ་མོ་འདྲེའི་སར། །སྔོ་དམར་མདངས་ཆགས་རྫས་ཤིག་གདོན། །ས་དགྲ་ཤིང་ཆའམ་ལྗང་སེར་དང་། །བ་ལུག་ཁྱི་ཟོག་གྲི་རྫས་བླངས། །ལྕགས་དགྲ་ནུབ་ཕྱོགས་རྫས་དམར་དང་། །འོད་ཅན་ལྕགས་སྤྱད་གྲི་བཙན་འཁྲི། །ཆུ་དགྲ་བྱང་ཕྱོགས་རྒྱལ་བསེན་དག །གནས་མར་རྫས་ནི་སེར་ཆགས་བླང་། །ཤིང་ཕྲད་ཤིང་དུས་ལྷད་ཟས་ཤིང་། །མེ་ཕྲད་མེ་དུས་དམར་
ཆགས་ཤ །ས་ཕྲད་ས་དུས་བན་ཆས་སེར། །ལྕགས་ཕྲད་ལྕགས་དུས་དཀར་ཆགས་ལྕགས། །ཆུ་ཕྲད་ཆུ་དུས་རྫས་སྔོ་ནག །གདོན་ཅིང་ཞིབ་མོར་འཕྲུལ་ཏེ་དཔྱད། །གཞན་ཡང་དུས་བརྟེན་གདོན་འཛིན་ནི། །བགེགས་ཀྱི་སྤུ་གྲི་སོགས་སུ་ལྟོས། ༧ །བཅུ་བཞི་མཚེར་ཕྱའི་ལེགས་ཉེས་ལ། །སྲོག་གིས་ཡུན་དུ་ཚུགས་མི་ཚུགས། །ལུས་ཀྱི་ཐབ་ཁ་འགྲུལ་ལམ་དང་། །དབང་ཐང་ཕྱུགས་ལྷས་ཀླུང་རྟ་ནི། །གཟས་རི་ལྷ་ས་རྩེ་འཛིན་དེ། །དེ་དག་རྣམས་ཀྱི་བཟང་ངན་བརྟག །ཁང་པ་ལ་སོགས་ས་རྩིས་ཀྱང་། །འདི་དང་ཕྱོགས་མཚུངས་འབྲས་བུར་འགྱུར། ༧ །བཅོ་ལྔ་དངོས་པོ་གང་དང་གང་། །བསྲེལ་བས་རང་ཕན་འབྱུང་མིན་ལ། །ཁང་ཞིང་ཡུལ་ལ་སྲོག་ཁམས་དང་། །བྲན་དང་ཁྱི་སོགས་ལུས་དང་ནི། །སྐམ་ནོར་ཕྱུགས་སོགས་ལོངས་སྤྱོད་དབང་། །ལྷ་དང་བླ་མ་ཡར་གནས་ཀླུང་། །གནས་ངེར་མ་ཕྲད་དཔལ་བབ་བཟང་། །གྲོགས་སོང་རང་ཕན་གཞན་ལ་གཟེན། །བུ་ཕྲད་རང་ཉམས་ཕར་ལ་ཕན། །ནང་ཕྲད་མི་བདེ་འཁྲུགས་གམ་གཡེལ། །ནམ་ཕུག་དར་གུད་བཅས་པས་བརྟག ༈ །གཞན་ཡང་བཤད་པར་བྱ་བ་ནི། །རྩིས་ལ་དད་གུས་སྐྱེ་བའི་ཕྱིར། །སྔ་རྟགས་ཕྱི་རྟགས་བཤད་པར་བྱ། །བརྩི་བྱའི་སྲོག་ལ་ཁང་པ་བརྩི། །དུས་ཀྱིས་སྲོག་བཅད་ཁང་པ་གས། །ཡང་ན་ས་བདག་མི་ནོར་གནོད། །གནས་ཁང་དེ་བཟུང་ཕན་ཆད་ནས། །མི་བདེ་མང་མྱོང་སྤོས་ན་བཟང་། །སྲོག་ནི་གྲོགས་དང་ཕྲད་པ་ན། །ཁང་པ་ཆེས་ནས་ཕྲི་བའམ། །ཆུང་ནས་བསྣན་ནམ་
སྒོ་གསར་སྤོས། །ཕར་ཤོར་ཚུར་ཤོར་ས་སྤོས་མང་། །ད་རུང་ཁང་པ་སྤོས་ས་ཆེ། །བུ་ཕྲད་ཁད་པ་ཞིག་གམ་གསོས། །གསར་ལ་ཡོད་ཅིང་དེ་བཟུང་ནས། །གཏམ་སྣོལ་སྟོང་འཇལ་བྱུང་བ་དང་། །ཁང་པ་དེ་ཡང་འཇིག་ཉེན་ཆེ། །མ་ཕྲད་ཁང་བཟང་མི་ནོར་བཏུབ། །བཟུང་ནས་ལེགས་འཕེལ་ཉེས་པ་འགྲིབ། །ཤིང་ནང་ཕྲད་ན་ཁང་པ་དེར། །རོ་ཡོད་མ་བཏོན་རྐུན་གོད་འོང་། །མེ་གྲི་ཆུང་སྲིས་བུ་རོ་མང་། །བསྲིས་ཕྱེད་མགྲོན་དང་བོན་གྱིས་ཟོས། །དགྲ་དང་རྐུན་མ་འབྱུང་ཞེས་བྱ། །མེ་ཕྲད་ཆ་མཉམ་འབྱུང་བར་བཤད། །ས་ཕྲད་ས་བདག་དམ་སྲི་གནས། །སྨེ་ཤ་ཕོལ་མིག་རྨ་ཤུས་མནར། །དེ་དོན་ཇི་ཡོད་བཏང་བས་ཟད། །ཆབ་གཏོར་ཐོངས་ལ་ཁང་པ་སྤོས། །ལྕགས་ཕྲད་ཁང་པ་རང་ཤུལ་འདྲ། །སྤོས་ན་བཟང་ཞིང་བུ་ནོར་ལ། །དགྲ་ལྡང་ས་བདག་རྒྱུ་སྲང་ཡོད། །གང་སྟོངས་ཕུ་ཆུ་འགྲུབ་སྐམ་འདྲ། །ནད་མང་ཤིང་ཁར་སྤྲེའུ་ཆགས་འདྲ། །ལུས་ཟུང་ངན་པ་རྒན་མོ་འདྲ། །ཆུ་ནང་བྱེས་ཕྱིན་ཟས་ནོར་རྙེད། །སྟོབས་ཆེ་ཁང་པ་འདི་བཟུང་ཕྱིན། །ཕུ་རུ་ཕྱུགས་དར་མདར་ལོ་ལེགས། །བར་དུ་སྡོད་པའི་བུ་ཚ་ལེགས། །གཞན་ཡང་ཁང་པ་གཡས་ཕྱོགས་དགྲ། །གཡོན་གྲོགས་རྒྱབ་མ་མདུན་ན་བུ། །དབུས་ན་རང་གི་མཚན་མ་ཡོད། །དཔེར་ན་ཤིང་ལ་དབུས་ནར་མོ། །སྒོ་ཕྱོགས་ཤར་རམ་ནུབ་ཏུ་བསྟན། །གཡས་ན་ཁང་པ་དཀར་པོ་ཅན། །སྒོ་ནི་ནུབ་བམ་ལྷོར་བསྟན་པ། །ཟླ་གམ་འདྲ་ཡོད་རྒྱབ་ན་སྔོ། །སྒོ་ནི་བྱང་ངམ་ལྷོ་ནུབ་བསྟན། །དབྱིབས་ཟླུམ་མདུན་ན་
ཁང་པ་དམར། །སྒོ་ནི་ལྷོ་འམ་བྱང་བསྟན་བརྗོད། ༧ །དེ་ནས་ཞིང་ས་བརྩི་བ་ལ། །དུས་ཀྱིས་བརྩི་བྱའི་དབང་ཐང་བཅད། །ཞིང་དེ་སྐེད་པ་ཆད་འདྲ་ཡོད། །བྲག་སྣ་རི་སྣ་ཟུག་པའམ། །ཕ་བོང་ལ་སོགས་ཟུག་པ་སྟེ། །དེ་ནས་ཀླུས་གནོད་ས་བདག་གི། སྙིང་བཟླུམ་མ་བྱས་འཐེང་པོར་འགྲོ། །ཕར་བཅད་ཞིང་དེ་གཡང་ཅན་ཡིན། །ཁྱོད་ཀྱི་ཟས་སྐལ་དེ་ལ་ཡོད། །དུས་ཚོད་དབང་ཐང་ཕར་བསྐྱེད་ན། །རི་ཧྲུལ་མཆོད་རྟེན་ཅན་དུ་ཡོད། །ཡང་ན་ས་ཕུག་ཀོ་མོ་ཡོད། །ས་བདག་ཀླུ་བཅོས་མ་བྱས་ན། །ནད་ནི་འབྲས་དང་ཕོལ་མིག་འོང་། །དབང་ཐང་ཚུར་བསྐྱེད་ཞིང་སའི་མཆོག །ཁྱོད་ཀྱི་ཕ་མ་ལྟ་བུ་ཡིན། །བཙོང་ན་ཡོ་བྱད་བརླག་པར་འགྱུར། །བཞག་ན་ནོར་དང་སྤྲད་པའི་ཞིང་། །ཤིང་ནང་ཞིང་ས་ནར་མོ་སྟེ། །རྩི་ཤིང་བན་བུན་དེ་ལ་ཡོད། །ས་བདག་ཀླུ་གཉན་གནས་པའི་ས། །རློག་ན་རྩ་རྒྱུས་ཞ་རེངས་འོང་། །ཀླུ་གཏོར་བཏང་ན་ཕན་པ་ཡིན། །མེ་ཕྲད་དགོས་འདོད་འགྲུབ་པའི་ཞིང་། །བཙོང་ཞིང་མ་བྱེད་ཅོག་གེ་ཞོག །ས་འཕྲད་གྲོད་པ་འདྲ་བ་སྟེ། །དེ་ནི་ས་བདག་གཞན་གྱི་གནས། །ཡུན་རིང་ནད་དང་མཛེ་ཡང་གཏོང་། །ཕྱག་རྡོར་སྙིང་པོ་ལ་སོགས་བཟླ། །ལྕགས་ཕྲད་ཟླ་གམ་དབྱིབས་འདྲ་ཡོད། །ཀླུ་བདུད་དང་ནི་ཀླུ་གཉེན་གནས། །བར་དུ་དྲེག་ནད་རུས་ནད་གཏོང་། །རུ་སྡུམ་སྙིང་བསྡུམ་བྱས་ན་ཕན། །ཆུ་ནང་བྲུབ་ཁུང་གྲུ་བཞིར་ཡོད། །ཆུ་མིག་འཇག་འཇོག་ཀོ་མོག་ཡོད། །ཀླུ་སྲིན་མཚོ་སྨན་
བསྡོད་པས་གནོད། །ནད་ནི་དམུ་ཆུ་མཁལ་སྐེད་ན། །གཟུངས་འདུས་ཀླུ་འབུམ་མང་དུ་བྱ། །མཚོ་སྨན་གུར་མདོས་བཏང་ན་བཟང་། །ཞིང་ས་ཡོད་མེད་བརྟག་པ་ནི། །བརྩི་བྱའི་དབང་ཐང་དུས་སྟེང་ཁྱེར། །དར་ཡོད་གུད་ན་མེད་པའོ། ༧ །དེ་ནས་ཀླུང་རྟས་དུར་ས་བརྟག །དུས་ཚོད་དང་ནི་ཀླུང་རྟ་འཐབ། །ཤིང་ཕྲད་དུར་ས་རི་ཐང་མཚམས། །མགོ་རུས་མ་ཚང་དེ་རུ་ཤོར། །ཉེ་བ་དགྲར་ལྡང་ཕ་མས་ནས། །སེང་གེ་གངས་བྲལ་ཁྱི་རུ་སོང་། །རོ་སྟོད་མགོ་བྲལ་སོ་མ་ཟིན། །ཁྱོད་སྐྱིད་ང་སྡུག་མགོ་འཆལ་སྐད། །དེ་ལྟར་མ་བྱས་མི་ཤིས་སོ། །མེ་ནང་ལུང་པ་དམར་པོ་ཡོད། །དེ་ཡི་ནང་ན་ས་ནག་པོ། །གྲོག་པོ་ན་ཤིང་བན་བུན་ཡོད། །དེ་ན་ནལ་མི་དུར་དུ་སོང་། །དེའི་རྐྱེན་ཕ་ཚན་མི་མཐུན་ཞིང་། །ཕ་མེས་ན་རེ་གནམ་ས་འཁྲུགས། །འབྱུང་བའི་བཅུད་ཤོར་རི་ཁོང་སྟོང་། །གསོན་པོ་ཡུལ་བཟང་ཨ་རེ་སྐྱིད། །ངེད་ཅག་ཡུལ་ངན་ཨེ་སྡུག་ཟེར། །ལྕགས་ཕྲད་ས་མདོག་དཀར་པོ་དང་། །སྲིན་རྡོ་དཀར་གོང་ཐོ་རེ་བ། །གྲི་བོ་དམེ་ཅན་དུར་དུ་སོང་། །ཕ་མས་ན་རེ་རྟ་བོང་གཉིས། །བྲེས་དང་ཉ་སྤལ་སྒ་མི་གཅིག །དམེ་ཅན་འདི་དང་དུར་མི་གཅིག །ཟེར་བའི་དུར་ས་ཁྱོད་ལ་ཡོད། །ཆུ་ནང་རྫིང་དང་ཆུ་ཉེན་ཡོད། །དམུ་ཆུས་ཟིན་པ་དུར་དུ་སོང་། །ཕ་མེས་ན་རེ་ལྕགས་བྱས་པའི། །སྟ་རེ་འདི་ནི་ལྕགས་ཀྱི་བདུད། །ར་ལས་རྒྱུ་བྱས་འུར་རྡོ་འདི། །ཐ་མ་ར་ཡི་བདུད་དུ་བབ། །གྲུངས་པོར་བྱས་པའི་གཅོང་ཅན་འདི། །ཐ་མ་དུར་གྱི་བདུད་བྱུང་ཟེར། །
མེ་ཆུ་ཕྲད་ན་རི་ཐང་མཚམས། །ཐང་ལ་ཉེ་ཡོད་དུར་ཉེས་སེལ། །ཡོད་པས་ནང་མི་འཚམ་པ་དང་། །ཕུ་གངས་བཟང་སྟེ་མདའ་ཆབ་ཆུང་། །བྲག་རི་བཟང་སྟེ་འུག་སྐད་ངན། །ཕན་རེའི་སྨན་དུག་ལེགས་རེའི་དུར། །ཉེས་པས་གསོན་པོ་འཐབ་སྟེ་སྡུག །ལྕགས་ཤིང་གསར་རྙིང་ཆུང་དུར་ཡོད། །སྟེང་དུ་བང་རིམ་ཅན་དུ་ཡོད། །རོ་དུར་མ་སླེབ་ས་བདག་གི། སྙེད་ཅན་དུར་དུ་སོང་བ་ཡོད། །ཤི་མིག་གསོན་བལྟ་ཉལ་ལངས་སྡུག །མི་ཐུབ་དུར་བཅུག་དུར་སྐད་བཅད། །དེ་ཡི་རྐྱེན་སོང་གྱུར་པ་ཡོད། །ལྕགས་མེ་དུར་ས་ཁང་པར་ཡོད། །གྲིབ་བམ་འགོང་པོའི་ས་ན་སྟེ། །ཕ་མེས་ན་རེ་སླང་ཁྲོག་དང་། །རང་ཐང་འུར་ཟས་ཟན་དྲི་མནམ། །གཡོས་པ་མང་དུ་མི་སྟེར་ན། །དུར་དུ་ཟླ་བོ་སྐྱོར་ཟེར་རོ། །མ་བུ་ཀེག་དང་རོ་འདོད་མེད། །གནམ་སྐྱོར་ལེགས་པས་ས་ལམ་ལེགས། །ཤར་རི་ལེགས་པས་གཞས་གླུ་སྟེར། །གཤིན་དུར་ལེགས་པས་གསོན་པོ་བདེ། །ཕ་མེས་ལོ་ཡིས་དུར་བཅད་ན། །དུར་ལ་སྐྱོན་མེད་ཚུར་བཅད་སྐྱོན། །ཀླུང་རྟའི་དར་གུད་དུས་སྟེང་ཁྱེར། །གུད་ན་ལམ་གྲོག་ས་དགྲ་ཡོད། །དུས་ཚོད་དབང་ཁམས་ཤིང་ཡིན་ན། །དུར་དེའི་རྒྱབ་ནི་ཤར་དུ་བསྟན། །དེས་འགྲེ་གཡས་གཡོན་ཤེས་པར་འགྱུར། །རང་ས་དུས་ཚོད་དབང་འབྱུང་དངོས། །ཕ་ཆེན་སྲོག་ལ་ཞང་པོ་ལུས། །བྱན་མོ་གྲོགས་ལ་རྗེ་དཔོན་ཀླུང་། །གང་ཤར་གང་ལ་དགྲ་དེ་དགྲ། །འཁྲུགས་པ་སྡེབས་ལ་ཤིང་མེ་ས། །ལྕགས་ཆུའི་འབྲས་བུ་གོང་ལྟར་བཤད། །
འདི་ལ་དུས་ཤིང་དཔེར་བཟུང་ན། །བརྩི་བྱ་ཤ་སྔོ་མགོ་སྤྲུག་པ། །སྐད་འགག་གྲེ་བ་འདར་བ་སོགས། །ཤིང་གི་མཚན་མ་ཅི་རིགས་ཡོད། །རང་ཕྱོགས་གཉེན་དང་དགྲ་ཕྱོགས་དགྲ། །ཤིང་ལ་གཉེན་ཤར་དགྲ་ནུབ་བཞིན། །དགྲ་ནི་མདོག་དཀར་ཁ་གདང་སྨྲ། །དམེ་ཅན་སོགས་ཡིན་དེ་འདྲ་བའི། །ཁྱིམ་མཚེས་ཡོད་ཀྱང་དགྲ་བྱེད་དོ། །དེ་བཞིན་སྲོག་གི་ཕ་སོགས་བརྩི། །དེ་དག་སོ་སོའི་འབྱུང་ཁམས་ཀྱི། །དགྲ་ནི་སོ་སོ་དག་ལ་བརྩི། །གཉེན་དང་དགྲ་དེ་ཡོད་མེད་ནི། །དུས་ཚོད་སྟེང་དུ་རང་རང་གི། སོ་སོའི་འབྱུང་ཁམས་དར་གུད་བཏུག །བཟང་དྲུག་ལ་ཡོད་ངན་དྲུག་མེད། ༧ །ཡང་ནི་སྐྲ་ཚད་བཤད་པ་ནི། །སྔར་ལྟར་ཤིང་ལ་སྐྲ་ཕྲུག་ཅན། །མེ་ལ་རལ་ཅན་སར་བནྡེ། །ལྕགས་ལ་མགོ་རེག་ཆུ་སྐྲ་བསིག །ཤ་མཚན་ཤིང་ལ་ལྦ་བ་དང་། །ལྕགས་ལ་མཆན་ཁུང་སྨེ་བ་སོགས། །སྔར་བཤད་ཇི་བཞིན་ངེས་པར་བྱ། ༧ །གང་ཟོས་བརྟག་པར་བྱ་བ་ན། །ཤིང་གི་དུས་སུ་དྲི་བ་ན། །གཡོས་མ་སྔོ་ཚོད་ཤ་མང་ནི། །ཤིང་གི་སྣོད་དུ་བཅུག་པ་དང་། །རྩིབ་ཤ་མཆིན་པ་ཤ་ལྷུ་ཟོས། །མེ་ལ་ཟན་དྲོན་བག་ཚའམ། །སྟོད་ཤ་རྒྱུ་མ་སྣོད་ཟངས་སམ། །སྡེར་སོགས་སྣོད་དམར་ཆང་ཚའམ། །སྐྱུར་པོ་འཐུངས་སམ་ད་ནས་ཡང་། །ས་ལ་ཟན་སྦྲུས་སྤག་སྒོག་ཆུ། །འཁུར་བ་གཟུགས་ཤ་བསྲེག་ཤ་དང་། །སྐམ་ཤ་སྐེ་ཟོས་སྣོད་རག་གམ། །སེར་པོ་རྫ་སྣོད་ཟོས་པའོ། །ལྕགས་ལ་དཀར་གསུམ་ཕྲུམ་མ་དང་། །མཁར་ལྡེར་མཁར་སྣོད་དངུལ་སྣོད་
སོགས། །དཀར་པོའི་སྣོད་དུ་དར་ཞོ་ཟོས། །ཆུ་ལ་ལྷད་ཅན་སྨད་ཤ་དང་། །མོ་ཤ་མཁལ་མ་སྣོད་ནག་ཅན། །ཆང་བསིང་གྲོ་མེད་འཐུངས་མ་འཐུང་། །ཟོས་སམ་མ་ཟོས་བརྟག་པ་ནི། །དུས་ཚོད་དབང་ཁམས་བརྩི་བྱའི་ལོར། །དར་གུད་སྦྱར་བ་དར་ན་ཟོས། །གུད་ན་མ་ཟོས་གཉིས་ཀ་ཡང་། །ཕར་སྦྱར་ཚུར་སྦྱར་བྱས་པ་ཡིས། །གཉིས་ཀ་དར་ན་ལན་གཉིས་ཟོས། །བརྩི་བྱ་དར་ན་ལན་གཅིག་ཟོས། །གཉིས་ཀ་གུད་ན་མ་ཟོས་སམ། །མ་འགྲང་ཡོད་ཅེས་སྨྲ་བར་བྱ། ༧ །ཅི་ན་བརྟག་པ་ཤིང་གི་དུས། །རླུང་གི་ནད་དང་རྩ་རྒྱུས་དང་། །ཕོ་མཆིན་མིག་དང་རྩིབ་གཡས་ན། །མེ་ལ་སྙིང་རྒྱུ་ཁྲག་འཁྲུགས་ལྕེ། །རོ་སྟོད་སྐེ་མཇིངས་ཚ་རིམས་ནད། །ས་ལ་ཕོ་འཚེར་ལྕི་འཐེབ་དང་། །ཤ་ནད་རྨ་ཤུ་ཕོལ་འབྲས་དང་། །སྣ་འགག་མཆུ་ནད་ཆམ་པ་འོང་། །ལག་གཡོན་ཟུག་གཟེར་ནད་ཀྱང་བཤད། །ལྕགས་ལ་གློ་ལོང་སྐྲན་རུས་ནད། །སྣ་དང་སོ་ནད་གློ་ཚད་ཡོད། །ཆུ་ལ་ཆུ་ནད་རྡེའུ་རིགས། །མཁལ་སྐེད་གྲང་བ་པུས་མོ་རྐང་། །ཆུ་སོ་རྣ་བ་སོགས་ནའོ། །ནད་དེའི་ཉེན་ནི་ཤིང་གི་དུས། །ཤར་ནུབ་ཕྱོགས་ནས་གཉེན་མགར་བ། །ཞང་པོ་ཤིང་བཟོའི་ལག་དག་ནས། །གོང་བཤད་ཤིང་ཟས་རིགས་ཟོས་སམ། །ལོངས་སྤྱོད་དེ་འདྲས་གནོད་པར་བརྟག །མེ་དུས་ལྷོ་བྱང་གཉེན་སྲིང་མོ། །ཡུག་ས་མ་ཚའམ་བུའི་ལག་ནས། །གཉའ་བ་ར་ཤ་ཆང་བསིང་སོགས། །མེ་ཟས་མེ་ཡི་བདོག་པས་གནོད། །ས་ལ་ཤར་རམ་ལྷོ་ནུབ་ནས། །གཉེན་ནམ་རྒན་མོ་
བུ་ཚ་དང་། །བནྡེ་མགྲོན་ལག་ཡ་ཟས་སོགས། །མཁར་ལས་རྒན་མོ་བརྟེན་པས་ཉེན། །ལྕགས་ལ་ལྷོ་ནུབ་གཉེན་ཞང་པོ། །བུ་ཚ་བུ་སྲིང་རྫ་མཁན་དང་། །མགར་དང་དམེ་ཕོའི་ལག་ནས་ནི། །སྐྱོ་མ་མགོ་ཤ་སྟོད་ཤ་དང་། །དཀར་སོགས་ལྕགས་ཟས་ལྕགས་རྫས་ཉེན། །ཡང་ན་མགར་བའི་སོལ་མལ་ཕྱིན། །ཆུ་ལ་བྱང་ཕྱོགས་ཡུག་སའམ། །བུ་མེད་ནག་མོའི་ཕ་ཁྱིམ་ནས། །ཟས་ཟོས་སོགས་ཀྱིས་ལེན་པར་བལྟ། །འབྱུང་བ་གང་ཤར་དེ་དག་གི། དགྲའམ་བུ་ཕྱོགས་གཡང་ཉམས་གོད། །མ་གྲོགས་དར་ན་དེ་ཕྱོགས་ནས། །དཔལ་འབྱུང་ལ་སོགས་མཐའ་དཔྱད་ལས། །རྒྱས་སྤྲོས་འཕྲུལ་ཞིང་རྒྱ་ཆེར་དཔྱད། ༧ །ཆང་ནི་ཡོད་མེད་སྟེར་མི་སྟེར། །བསིངས་པ་ཚར་དང་མ་ཚར་ནི། །བརྩི་བྱའི་ལུས་དབང་དར་གུད་གཉིས། །དུས་ཚོད་སྟེང་སྦྱར་དར་ན་ཡོད། །རྒུད་མེད་དབུགས་མངལ་ལུས་ཁྲུས་བཞི། །གླུམ་མནན་ཐག་ཏུ་ལང་བ་ཡོད། །དུས་ཚོད་བརྩི་བྱ་ཕོ་ལོ་འཕྲད། །བསིངས་འཐུང་ཚར་ཞིང་མོ་ཕྲད་ན། །བསིངས་པ་མ་ཚར་གཅིག་ཕོ་ལོ། །གཅིག་ནི་མོ་ལོ་ཕྱེད་བསིང་ཙམ། །རང་གི་ལུས་དབང་དུས་ཚོད་ཀྱིས། །ལུས་དབང་གིས་བཅད་མི་སྟེར་ལ། །ཚུར་བསྐྱེད་སྟེར་ཞིང་ཕར་བསྐྱེད་ནམ། །གཅོད་ན་ཕྱེད་ཉེན་ཆང་གི་ཁ། །དུས་ཚོད་རང་ངམ་མ་གྲོགས་ན། །ཕལ་ཆེར་རང་གི་ཕྱོགས་ལ་ཡོད། །བདུན་པ་དགྲ་གཤེད་ཆང་གོད་འོང་། །བྲོ་བ་ཤིང་ལ་རེངས་
པ་དང་། །མེ་སྐྱུར་ས་བསྐ་ལྕགས་ཞིམ་མངར། །ཆུ་ལ་སླ་ལ་བསིངས་པ་ཡོད། ༧ །མོ་ནས་ལ་ནི་བརྟག་བྱ་བ། །དུས་ཚོད་སྲོག་དང་དེའི་དབང་སྤྲད། །སྲོག་དར་སྣོད་ཁེངས་ཕྱིར་མི་དམའ། །འབྲིང་ན་སྣོད་དེའི་ཕྱེད་མི་དམའ། །གུད་ན་མེད་དམ་མང་པོ་མེད། །ཕྱོགས་ནི་དུས་ཚོད་ཤིང་ཡིན་ན། །ཤར་རམ་ནུབ་ནས་ཁྱེར་འོང་ཞེས། །རང་ངམ་དགྲ་ལ་སྦྱར་བས་ཤེས། །སྣོད་ནི་དུས་ཚོད་ཁ་དོག་གམ། །ཁམས་སམ་ཐ་ན་ཉེ་འཁོར་དུ། །དེ་ཡི་རིགས་ཅན་ཡོད་པར་སྨྲ། །ཞིབ་པར་འབྱུང་ལྔའི་ཁམས་དབྱེ་མི། །མཐའ་དཔྱད་རྒྱས་སྤྲོས་སྦྱར་ཤེས་ན། །ལྡོག་གྱུར་ཀུན་མཐོང་ངོ་མཚར་ཆེ། །གཞན་ཡང་དུས་རྩིས་སྒོས་ཆོས་དང་། །ཚངས་པ་སྤྱི་རྒྱུད་ཞེས་བྱ་ནས། །བཤད་པའི་རྩིས་སྒོ་བཅུ་གསུམ་སོགས། །དུས་ལ་བརྟེན་པའི་རྩིས་མང་པོ། །གཞུང་གཞན་དག་ལས་འབྱུང་ལྟར་བྱ། ༧ །ད་ནི་སྤྱི༷་ཡི་ཁ་དམར་ལས། །ངོ་ལོན་ཆོ་ག་བསྟན་པ་ཡིས། །གནོད་སེལ་ཕན་པ་སྒྲུབ་པ་ལ། །རྡེའུ་ཐམས་ཅད་དཀར་ཆེས་ན། །ཟླ་བ་ཉ་བ་འགྲིབ་འདོད་དང་། །ཟངས་དཀར་འོ་མས་འཕྱུར་འདོད་ཅེས། །བཀྲ་རྒན་དང་ནི་སྐྱིད་བོར་ངན། །ལྷ་གྲིབ་འཁོན་རྩོག་ལྷ་ནད་ངོ་། །རྣམ་འཇོམས་སྨེ་བརྩེགས་གཟུངས་ཁྲུས་བྱ། །གཟའ་སྐར་དུས་ཚེས་དགེ་བའི་ཉིན། །ལྷ་བསང་བཅུ་གསུམ་མཉམ་དུ་གཏོང་། །ལྷ་གསོལ་དུང་གྲགས་མང་ཇ་འགྱེད། །གཏོ་སྐུ་བཙུགས་ཤིང་རྩེ་རུ་བཀྱག །བདུད་བཟློག་ཁྱིམ་དུ་དགེ་འདུན་སྡེ། །
སྤྱན་དྲངས་ཆོས་སྟོན་སྟོན་མོ་བྱ། །བཛྲ་གུ་རུའི་དར་ལྕོགས་ནི། །ལུས་ཚད་བདུན་བྱས་ཤིན་ཏུ་བཟང་། །ནག་འབྱམས་བདུད་ཀྱི་རེ་བ་དང་། །ངན་པ་མང་དུ་འདོམས་པ་ན། །ཉི་ཟླ་སྐར་གསུམ་ཐང་ལ་ལྷུང་། །རབ་ཏུ་འཚུབ་ཅིང་མི་ཤེས་པས། །བདུད་བཟློག་མགོ་གསུམ་དུར་ལོས་དང་། །མགོན་པོའི་མདོས་ཆེན་བཏང་བར་བྱ། །ཤེར་ཕྱིན་འབུམ་དང་ཟབ་མདོ་སྒྲོགས། །བཀའ་བརྒྱད་དང་ནི་གུར་དྲག་དང་། །འཇིགས་བྱེད་བསྙེན་པ་ཇི་མང་དང་། །སིདྡྷིའི་དར་ལྕོགས་སྦྲ་ཁྱིམ་བསྐོར། །བན་སྔགས་བོན་པོ་མགྲོན་དུ་བོས། །ཆོས་སྔགས་གཏོ་ཡིས་མྱུར་བར་བཅོས། །ཁྲ་བོ་ཤིན་ཏུ་མང་བ་ན། །མི་དེ་ལྷ་འདྲེའི་རྒྱན་ལ་བབ། །མི་བདེ་སྣ་ཚོགས་རེས་མོས་འོང་། །སྐྱིད་སྡུག་སོས་ཁའི་ནམ་མཁའ་འདྲ། །བདེ་ཀྱེ་དུས་འཁོར་བསྙེན་པ་དང་། །དགོན་ཆེན་མང་ཇ་དུང་གྲགས་བྱ། །མདོས་ཆེན་འཕང་དང་མ་ཎི་དང་། །སིདྡྷིའི་དར་ལྕོགས་ལུས་ཚད་བྱ། །ཕུར་པའི་དབང་ཞུ་བརྒྱ་བཞི་བོར། །དུས་ཀྱི་འབྱུང་བའི་ཁམས་བརྟག་སྟེ། །ཤིང་ལ་ཕུར་སྒྲུབ་ལྷ་གསོལ་བྱ། །མེ་ལ་བཙན་བཅོས་གཤེད་དམར་དབང་། །ས་ལ་ས་བདག་ལྷ་མོ་མཆོད། །ལྕགས་ལ་དྲག་པོའི་གཞི་སྲུང་བྱ། །ཆུ་ལ་མཁའ་འགྲོའི་སྒྲུབ་པ་བྱ། །ཤིང་བུར་བཙན་མཆོད་རྟ་མགྲིན་འདོན། །མེ་བུར་རྒྱལ་མཆོད་བཀའ་ཐང་སྒྲོགས། །ས་བུར་ཕོ་ལྷ་སྲུང་མ་མཆོད། །ལྕགས་བུར་ཀླུ་སྨན་བཤགས་འབུམ་འདོན། །ཆུ་བུར་ཞི་བ་དཀར་པོ་བྱ། །ཤིང་དགྲར་གླུད་བསྔོ་གྲི་འདུལ་བྱ། །མེ་དགྲར་
འཁྲུགས་བཅོས་འབུམ་ཟློག་བྱ། །ས་དགྲར་གསེར་འོད་ཀུན་རིག་འདོན། །ལྕགས་དགྲར་ཀུན་རིག་གུར་དྲག་འདོན། །ཆུ་དགྲར་ཇོ་དར་ས་སྙིང་འདོན། །ཤིང་ནང་ལོ་གླུད་བརྒྱ་བཞི་བྱ། །མེ་ནང་གཡང་སྒྲུབ་མར་མེ་བྱ། །ས་ལ་སྨན་བླ་བསང་ཀླུང་རྟ། །ལྕགས་ལ་ཚ་ཚ་སྦྱིན་སྲེག་བྱ། །ཆུ་ལ་དགྲ་མནན་ཆུ་གཏོར་བསྔོ། །གཞན་ཡང་འབྱུང་བའི་ཚུལ་བརྟག་སྟེ། །རང་ཁམས་དང་ནི་གཉེན་པོ་ཡིས། །ཞི་དང་གནོན་པར་བྱ་བ་ཤིས། །སྲོག་ནི་བཅད་དམ་གུད་པ་ཡིས། །སྲོག་ངན་ཚེ་ཐར་ཚེ་གཟུངས་དང་། །ཐོས་གྲོལ་ལམ་འཕྲང་ཟམ་པ་བཅོས། །རྣམ་རྒྱལ་སྟོང་མཆོད་ཚེ་ལྷའི་སྐུ། །བཞེངས་དང་ཉེའུ་འདོན་པ་དང་། །སཱཙྪ་བརྒྱ་བཞི་མར་མེ་བྱ། །སྲོག་གི་གླུད་བོར་བརྒྱུད་སྲུང་མཆོད། །ས་བདག་བཅོས་ཤིང་ཕུར་པ་དང་། །སིདྡྷི་སྣང་བརྒྱད་ཚེ་སྒྲུབ་འདོན། །ས་མིག་ལེགས་པར་མཆོད་རྟེན་བརྩིགས། །ལུས་ངན་སྨན་བླའི་དབང་ཞུ་ཞིང་། །ལུས་བསྒྱུར་མིང་བརྗེ་སྡོམ་པ་སྲུང་། །ཀློགས་འདོན་དགེ་རྩ་གང་འགྲུབ་དང་། །སྒྲོལ་མའི་མཎྡལ་བཞི་ཆོག་བྱ། །བསྐོར་བ་མཆོད་རྟེན་སྐུ་དཀར་གསོལ། །སྨན་བླའི་མདོ་ཆོག་བྱ་བ་དང་། །གཟུངས་སྔགས་སྲུང་འཁོར་གདགས་པ་དང་། །ཆབ་གཏོར་ཛམ་ལྷའི་ཆུ་སྦྱིན་བྱ། །དབང་ངན་སྦྱིན་མཆོད་རྒྱ་ཆེ་དང་། །བྱ་དང་ཉ་སོགས་སྟོན་མོ་འགྱེད། །དགེ་སློང་སྔགས་བོན་བྱིས་བ་མཆོད། །གོད་མནན་གཡང་འགུག་ཆུ་གཏོར་དང་། །སྡུད་པ་གསེར་འོད་གཡང་སྐྱབས་འདོན། །མར་མེ་ལ་སོགས་རྟེན་ལ་འབུལ། །ཀླུང་ངན་ལེའུ་བདུན་སིདྡྷི་དང་། །བསམ་ལྷུན་རྒྱལ་མཚན་རྩེ་མོ་
དང་། །བཀྲ་བརྩེགས་གཙུག་ཏོར་ལོ་གྲངས་འདོན། །ལམ་བཅོས་བྱ་ཞིང་སྙན་དར་འཕུལ། །མཚན་བརྗོད་ཕྱོགས་བཅུ་མུན་སེལ་འདོན། །སངས་རྒྱས་བྱང་སེམས་བསྟོད་པ་བཀླག །ལྷ་གསོལ་དགྲ་མནན་མི་ཁ་དཀར། །མཆོད་རྟེན་ལ་སོགས་ཞིག་གསོ་བྱ། །གཞན་ཡང་དཀར་ཆོས་མདོ་སྔགས་གཏོ། །གང་ལ་གང་འཚོམས་རིམ་གྲོའི་ལུང་། །འབོག་བྱ་དེས་ནི་བདེ་ལེགས་གྱུར། །རྟེན་འབྲེལ་མི་སླུར་ཡིད་ཆེས་ཤིང་། །དད་དང་སྙིང་རྗེས་འཇུག་པ་པོ། །ཡེ་མཁྱེན་བློ་ལྡན་འཇམ་དཔལ་སྲས། །བདེ་ནས་བདེ་བར་སངས་རྒྱས་འཐོབ། །འདིར་སྨྲས་པ། ལག་པའི་མཐིལ་ན་ནོར་བུའི་མེ་ལོང་ལས། །གང་འདོད་དོན་མཐོང་ནོར་དུ་མི་ཆེའམ། །མེ་ཏོག་ཐོད་ཀྱི་གསུང་བཟང་སྤོར་ཐང་གི། ངོ་མཚར་ལྟོས་ཤིག་བློ་དང་ལྡན་པ་རྣམས། །འདི་ནི་གཞོན་ནུ་བདག་གི་རྩེ་མོ་ཡི། །དགའ་སྟོན་ཉམས་སུ་མྱོང་བའི་ལག་ཆ་ཡིན། །བློ་གསལ་གཞན་ལའང་བརྩེ་བས་འགྱེད་བགྱིད་ན། །དགེ་བས་འགྲོ་ཀུན་ཡེ་ཤེས་མིག་ཐོབ་ཤོག །ཅེས་པ་འདི་ནི་ཨ་ཛི་ཏར་འབོད་པས་གཞན་ལ་ཕན་པའི་བསམ་པས་རྩིས་གཞུང་རྣམས་ལས་ཕྱོགས་གཅིག་ཏུ་བསྡུས་ཏེ་རང་ལོ་ཉེར་གཅིག་པ་རབ་ཚེས་མེ་སྟག་དབོ་ཟླའི་དཀར་ཕྱོགས་བཟང་པོ་གསུམ་པར་གྲུབ་པར་བགྱིས་པ་ལ། །སླར་ཡང་རྩོམ་པ་པོ་རང་ཉིད་ཀྱིས་རྒྱས་སྤྲོས་དོར་ནས་ཚིག་སྣ་ཅུང་ཟད་བསྡུས་ཏེ་བཀོད་པ་མངྒ་ལཾ། །མགོ་ཟླ་ལོ་མགོར་བྱས་པ་དང་། རྒྱལ་ཟླ་ལོ་མགོར་བྱས་པ་གཉིས་ཟླ་ཁམས་ལ། བཅུ་གཅིག་པ་མ་གཏོགས་པའི་ཡ་ལྔ་མི་འདྲ་ཆ་དྲུག་དང་བཅུ་གཅིག་པ་སྟེ་ཟླ་བ་བདུན་ཟླ་བའི་དབང་ཐང་གཅིག་ཏུ་བབས་པས་དུས་ཁམས་ལ་ཁྱད་མི་འདུག །ཡ་ཆ་ནི་ཆོ་འཕྲུལ་ལ་ཟླ་བ་དང་པོ་བྱས་ནས་བརྩིས་པའོ། །མངྒ་ལཾ།། །།