ཁྱིམ་བཅུ་གཉིས་ཀྱི་ཐིག་གི་དཔེའུ་རིས་ཞིབ་པར་བཀོད་པའི་དོན་གསལ་བར་བརྗོད་པ་བློ་གསལ་དགའ་བསྐྱེད།
ཁྱིམ་བཅུ་གཉིས་ཀྱི་ཐིག་གི་དཔེའུ་རིས་ཞིབ་པར་བཀོད་པའི་དོན་གསལ་བར་བརྗོད་པ་བློ་གསལ་དགའ་བསྐྱེད་བཞུགས་སོ། །
ན་མོ་མཉྫུ་ཤྲཱི་ཝཱ་གཱི་ཤྭ་རཱ་ཡ། འདིར་གོ་ལ་དྲུ་འཛིངས་མའི་ཁྱིམ་བཅུ་གཉིས་ཀྱི་ཐིག་ནི་རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། གླིང་རྣམས་ཀུན་གྱི་ནང་མཐའ་ཡི། །ཟླུམ་ཐིག་སོ་སོའི་དབུས་དྲང་སྟེང་། །བཟུང་སྟེ་སོ་སོའི་མདུན་ཐད་དུམ་བུ་བདུན་པ་ཡི། །ཕྱེད་མཚམས་ནས་བསྐོར་རང་རང་གི། ལྷོ་བགྲོད་གཞན་ཕྱོགས་ཐད་ཀའི་གླིང་གི་བྱང་བགྲོད་དང་། །གཡས་གཡོན་ཕན་ཚུན་དཔྱིད་སྟོན་མཉམ་པ་སྟེ། །དེ་བཞིན་བསྐོར་ཐེང་བཅུ་གཉིས་ཀྱིས། །ཁྱིམ་ཟླ་བཅུ་གཉིས་འཁོར་ཚུལ་སྟོན། །ཞེས་གསུངས་པ་འདི་ཁྱིམ་བཅུ་གཉིས་པོའི་ནང་ཐིག་ཡིན། འདི་ཁོ་ནས་ཀྱང་ཁྱིམ་བཅུ་གཉིས་པོས་དུམ་བུ་བཅུ་གཉིས་ཀྱི་སྟེང་དུ་འཁོར་ཚུལ་ཙམ་རྟོགས་མོད། གཟའ་རྣམས་ཁྱིམ་ནས་ཁྱིམ་དུ་འཕོ་ཚུལ་དང་། གླིང་འདིའི་དབུས་ཀྱི་ཚངས་ཐིག་སྟེང་སོགས་སུ་རྒྱུ་སྐར་གང་དུ་གང་ཡོད་ཚེ། རྒྱུ་སྐར་གཞན་རྣམས་གླིང་གཞན་གྱི་སྟེང་ན་ཇི་ལྟར་ཡོད་ཚུལ་སོགས་ཞིབ་ཆ་མི་རྟོགས་པས། ཐིག་ཕྱི་ནང་གཉིས་ཀ་བཏབ་ན་རྒྱུ་སྐར་རྐང་པ་དགུ་རེ་གནས་པའི་ཁྱིམ་གྱི་ཆ་བཅད་དགོས་སོ། །ཁྱིམ་བཅུ་གཉིས་པོའི་ནང་ཐིག་ཙམ་བཏབ་ན་ལན་ཚྭའི་རྒྱ་མཚོའི་བཞི་ཆ་གཅིག་ཕྱིར་ལུས་པའི་མཚམས་སུ་སླེབས་འོང་། །ནང་ཐིག་བསྐོར་ཚད་དེའི་སྟེང་དུ་རྒྱ་མཚོའི་བཞི་ཆའི་ཚད་དེ་བསྣན་ན་བསིལ་རི་ནས་མེ་རིའི་བར་གྱི་ཚད་ཟླུམ་པོར་བསྐོར་བར་འགྱུར་ལ། དེས་ནང་ཐིག་གི་ཕྱི་རོལ་ཟླུམ་སྐོར་བྱས་པ་ཁྱིམ་གྱི་ཕྱི་ཐིག་ཡིན་ཏེ། དེའི་ཤེས་བྱེད་བསྡུས་རྒྱུད་ལས། ལན་ཚྭའི་རྒྱ་མཚོ་འགོངས་ནས་ཉིན་མོར་བྱེད་པ་དག་ནི་ལྷོ་རུ་མེ་ཡི་
བར་དུ་འགྲོ་བར་བྱེད། ཅེས་གསུངས་པས་སོ། །དེའི་ཕྱིར་ན་ཁྱིམ་རེ་རེའི་ཟླུམ་ལེབ་ཀྱི་ཁ་ཞེང་ནི་རྒྱ་མཚོའི་བཞི་ཆའི་ཚད་དོ། །དེ་འདྲའི་ཟླུམ་ལེབ་ཀྱི་ཐིག་བཅུ་གཉིས་གདུ་བུ་བཞིན་དུ་རི་རབ་ཀྱི་མགུལ་བར་བསྐོན་ནས་ལྷོ་རུ་མེ་རིའི་ཕྱོགས་སུ་དཔྱངས་པ་བཅུ་གཉིས་པོ་རྟག་པར་རྒྱུན་དུ་འགྲོས་མཉམ་པར་གཡས་སུ་འཁོར་བ་ཡིན་ལ། ཟླུམ་ལེབ་བཅུ་གཉིས་པོའི་རེ་རེ་ཡང་ཁྱུད་སྐོར་དུ་དུམ་བུ་བཅུ་གཉིས་སུ་དགོས་པའི་ཆ་གཅིག་ལ་གཟའ་དགུ་པོའི་རྒྱུ་ལམ་རྒྱུ་སྐར་ཉེར་བདུན་གྱིས་ཚད་ཀྱི་རྐང་པ་ཡོད་ཅིང་། ཆ་གཞན་བཅུ་གཅིག་པོ་སྐར་མ་ཕལ་པ་མང་པོས་གང་བའི་གནས་ཡིན་ནོ། །དེ་ལྟར་ཁྱིམ་ཟླུམ་སྐོར་བཅུ་གཉིས་པོ་སོ་སོ་ནས་དྲུ་གུ་འཛིངས་པ་ལྟར་གནས་ཤིང་རྟག་པ་གཡས་སུ་འཁོར་བ་ཡིན་ཡང་། དེ་ཐམས་ཅད་ཀྱི་རླུང་འགྲོས་ལ་མགྱོགས་བུལ་གྱི་ཁྱད་ཅུང་ཟད་མེད་པར་རྟག་ཏུ་མཉམ་པས་རྒྱུ་སྐར་རྐང་པ་ཡོད་པ་གཟའ་ཡི་རྒྱུ་ལམ་གྱི་ཆ་དེ་རྣམས་རྟག་ཏུ་གཅིག་རྗེས་གཅིག་འཐུད་ལུ་གུ་རྒྱུད་དུ་མི་འབྲལ་བར་འཁོར་བ་དེ་ཁོ་ནར་གཟའ་བཅུ་པོ་དལ་མྱུར་གྱི་རྐང་པའི་རང་འགྲོས་ཀྱིས་རྒྱུ་སྐར་ནས་རྒྱུ་སྐར་དང་ཁྱིམ་ནས་ཁྱིམ་དུ་འཕོ་ཞིང་རྒྱུ་བར་དེས་གནས་གཞན་དུ་མི་འགྲོ་བ་ཆོས་ཉིད་དོ། །དེ་ཡང་ཟླུམ་སྐོར་རེ་རེ་ཁྱིམ་རེ་རེ་ཡིན་ཡང་ཉི་མ་སོགས་གཟའ་རྣམས་ཁྱིམ་ནས་ཁྱིམ་གཞན་དུ་འཕོ་ཞིང་བགྲོད་པ་འདི་ནི་ཁྱིམ་དེའི་རྒྱུ་སྐར་རྐང་པ་གནས་པའི་ཆ་གཅིག་པོ་དེ་ལ་སྤྱི་མིང་བྱེ་བྲག་ལ་ཐོགས་པའི་ཁྱིམ་དེ་ལ་འཛིན་དགོས་སོ། །དེ་འདྲའི་རྒྱུ་སྐར་རྐང་པ་གནས་པའི་
ཁྱིམ་གྱི་ཆ་དེ་དམིགས་བསལ་ཏེ་རྟོགས་ཕྱིར་ཤར་ལྷོ་ནུབ་བྱང་གི་གླིང་དབུས་མ་བཞིའི་ལྷོ་བགྲོད་མཐར་ཐུག་གི་ཁྱིམ་བཞིའི་ཐིག་ཕྱི་ནང་གཉིས་ལྡན་བཏབ་ནས་ཁྱིམ་རེའི་ཆ་བཅུ་གཉིས་སུ་བགོས་པའི་ཆ་གཅིག་གི་ཤོག་ཚད་དེའི་དབུས་དྲང་པོ་གླིང་རང་རང་གི་ལྷོ་དབུས་ཚངས་ཐིག་སྟེང་དུ་བཀོད་པས་སོ་སོའི་ལྷོ་བགྲོད་མཐར་ཐུག་གི་དུས་ཉི་མ་དེར་ཡོད་པ་ཤེས་ལ། ཤོག་ཚད་དེ་སོ་སོའི་ཐིག་རྒྱུད་བཞིན་དུ་གཡས་སྐོར་དུ་དེད་པས་གླིང་གཞན་སོ་སོའི་སྟེང་དུ་འགྲོ་ཚུལ་ཤེས་པས་ཁྱིམ་གཞན་ཀྱང་དེས་མཚོན་ནུས་སོ། །རྒྱས་པར་ཁྱིམ་བཅུ་གཉིས་པོའི་ཐིག་ཕྱི་ནང་གཉིས་ཀ་བཏབ་ནས། ལྷོ་གླིང་དབུས་མའི་དུམ་བུ་འཛམ་གླིང་ཆུང་ངུར་གྲགས་པ་འདིའི་ལྷོ་བགྲོད་མཐར་ཐུག་པའི་དུས་སུ་མི་རེའི་ཕྱོགས་ཀྱི་དབུས་ཀྱི་ཚངས་ཐིག་གི་སྟེང་དུ་ཆུ་སྲིན་ཁྱིམ་གྱི་དབུས་སུ་ཡོད་པའི་སྐར་མ་གྲོ་བཞིན་འཆར་བཞིན་པའི་གནས་སྐབས་དེར་གཟའི་རྒྱུ་ལམ་ཁྱིམ་གྱི་ཆ་བཅུ་གཉིས་པོ་རྣམས་གཞུ་ཁ་སྦྱོར་གྱི་རྣམ་པས་གླིང་དུམ་བུ་བཅུ་གཉིས་པོའི་སྟེང་ན་འདི་ལྟར་གནས་པའི་འདི་ཁྱིམ་བཅུ་གཉིས་གླིང་སོ་སོར་འཆར་ཚུལ་རགས་པ་ཙམ་ཡིན། ཞིབ་ཏུ་སྨད་ཀྱི་རྐང་བ་དང་པོ་བཀོད་དོ། །དཔེའུ་རིས་འདི་སྔར་སུས་ཀྱང་བཀོད་པ་མེད་ན་ཡང་། གསར་དུ་བདག་མི་ཕམ་པས་བསམ་པ་བཟང་པོས་བཀོད་པ་ཡིན་ལ། འདི་ལའང་ཞིབ་ཏུ་ན་གླིང་བཅུ་གཉིས་པོའི་དབུས་ཀྱི་ཚངས་ཐིག་གི་སྟེང་དུ་ཁྱིམ་དེའི་ཐོག་མ་ཡི་སྐར་མ་དང་ཆུ་ཚོད་ཀྱིས་ཚད་འཕོར་པར་བྱ་བ་ཡིན་ནོ། །མཆན། འདི་བཀོད་པའི་དགོས་པ་ནི་འདི་ལྟར་མ་ཤེས་ན་ཁྱིམ་གྱི་འཁོར་ལོ་ལ་གཟའ་བགྲོད་ཚུལ་སོགས་ཇི་བཞིན་རྟོགས་མི་ནུས་ཤིང་།
གནད་འདི་ཤེས་ན་རྒྱུད་ཀྱི་དགོངས་དོན་ཁྱིམ་གྱི་གོ་ལ་གཟའི་རྒྱུ་ལམ་དང་། གཟའ་རྣམས་ཁྱིམ་ནས་ཁྱིམ་དུ་འཕོ་ཚུལ་དང་། ཉི་མའི་དབང་གིས་ས་ལ་དུས་བཞི་འཁོར་ཚུལ་སོགས་གོ་ལ་དྲུ་འཛིང་མའི་བཀའ་གནད་དུ་མ་ཞིག་དཔྱིས་ཕྱིན་པར་བདེ་བླག་ཏུ་རྟོགས་ནས་གོ་ལའི་གནས་ཚུལ་དང་དུས་བཞི་འཁོར་ཚུལ་སོགས་ལ་ལོག་པར་རྟོག་པ་དུ་མ་ལྡོག་ནུས་པའི་ཕྱིར་དུས་འཁོར་རྒྱུད་ཀྱི་འཇིག་རྟེན་ཁམས་ལེའི་དཀའ་གནད་གལ་པོ་ཆེ་གཅིག་ཡིན་པའི་ཕྱིར་རོ། །འདི་ལྟར་ཁྱིམ་བཅུ་གཉིས་ཀྱི་ཐིག་ཕྱི་ནང་རིམ་པ་གཉིས་ལྡན་དུ་བཏབ་ནས་ཟླུམ་ལེབ་གཅིག་གི་བཅུ་གཉིས་ཆའི་ཤོག་ཚད་གཅིག་བྱས་ལ། ལྷོ་གླིང་དབུས་མར་ལྷོ་བགྲོད་མཐར་ཐུག་གི་ཁྱིམ་ཆུ་སྲིན་དང་དེར་གནས་རྒྱུ་སྐར་གྱི་རྐང་པ་དགུ་བཅས་ཀྱི་རི་མོ་བཀོད་ནས། དེ་ནས་ཤོག་ཚད་གཅིག་པོ་དེས་གཡོན་སྐོར་གྱི་བུམ་པ་ཉ་ལུག་གླང་འཁྲིག་པ་ཀརྚ་སེང་གེ་བུ་མོ་སྲང་སྡིག་གཞུའི་བར་དུ་ཁྱིམ་སོ་སོའི་ཕྱི་ནང་གི་ཐིག་རྒྱུད་མ་ནོར་བར་ཁྱིམ་སོ་སོའི་ཁ་དོག་དང་མིང་གཞུང་ལས་ཇི་སྐད་བཤད་པ་དང་རྒྱུ་སྐར་གྱི་རྐང་པ་འགོད་ལུགས། ཐ་སྐར་གྱི་རྐང་པ་བཞི། བྲ་ཉེའི་རྐང་པ་བཞི། སྨིན་དྲུག་གི་རྐང་པ་གཅིག་སྟེ་དགུ་པོ་དེ་ལུག་གི་ཁྱིམ་དང་། སྨིན་དྲུག་གི་རྐང་པ་གསུམ། སྣར་མའི་བཞི། མགོ་ཡི་གཉིས་ཏེ་དགུ་པོ་གླང་ཁྱིམ་ཡིན་པ་སོགས་གཞུང་ལས་གསུངས་པ་ལྟར་བར་མ་ཆད་དུ་འགོད་པ་དཔེའུ་རིས་ལ་བལྟས་པས་གསལ་ལོ། །དཔེའུ་རིས་འདིས་མཚོན་ནས་ཆུ་སྲིན་ཁྱིམ་ལས་ཁྱིམ་གཞན་བཅུ་གཅིག་པོ་
གླིང་གང་ཡིན་དེ་དང་དེའི་དབུས་ཀྱི་ཚངས་ཐིག་གི་སྟེང་དུ་ཡོད་ཚེ་ཁྱིམ་གཞན་རྣམས་གཞུ་ཁ་སྦྱོར་གྱིས་རྣམ་པས་གླིང་སོ་སོར་བགྲོད་གཉིས་དང་མཉམ་གཉིས་སོགས་ཀྱི་རྒྱུ་ལམ་ཀྱང་གསལ་བོར་ཤེས་པར་བྱའོ། །ཞེས་པ་འདི་ཚུལ་བཞིན་ཤེས་པ་དཀོན་པར་མཐོང་ནས་རང་གཞོན་པའི་དུས་སྔ་མོ་ཞིག་ཏུ་དྲུ་འཛིང་མའི་ཐིག་རིས་ཕྱི་ནང་བཏབ་སྟེ་ཆ་བཅད་ཚུལ་དང་རྒྱུ་སྐར་ཡུལ་གྱི་ཆུ་ཚོད་ཀྱི་རྐང་པ་བཀོད་ཚུལ་གྱི་དཔེའུ་རིས་བཀོད་ཟིན་ན་ཡང་། སླར་རང་ལོ་རེ་ལྔ་པ་རབ་ཚེས་ལྕགས་ཁྱི་ལོའི་ནག་པ་དང་ས་གའི་ཟླ་བར་རྒྱུད་འགྲེལ་བཤད་པའི་རྗེས་སུ། ལོ་དེའི་དབྱུག་ཟླ་བཤོལ་བའི་རྗེས་མའི་ཚེས་བརྒྱད་ལ་དཔེའུ་རིས་ཀྱི་དོན་ག སལ་བར་བརྗོད་པ་འདི་ཡང་ཚུལ་འདི་དོན་གཉེར་རྣམས་ལ་ཕན་དུ་རེ་བའི་བསམ་པས་མི་ཕམ་པ་འགྱུར་མེད་མི་བསྐྱོད་རྡོ་རྗེས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ། ༈ །རྒྱུ་སྐར་ཁྱིམ་གྱི་གོ་ལའི་ཐིག་རིས་འདི་བཞིན་གླིང་འདི་དང་གཞན་གྱི་སྟེང་དུ་འཁོར་ཚུལ་ལ་རྗེས་དཔག་གིས་ངེས་པ་འདྲོང་དུ་ཡོད་དེ།གླིང་འདིར་ཉི་མ་ཇི་ཙམ་རིང་བ་དེ་ཙམ་མདུན་ཐད་ཀྱི་གླིང་སྒྲ་མི་སྙན་ལ་མཚན་མོར་གྱུར་ནས་མཚན་མོ་རིང་། འདིར་ཉིན་མོ་ཐུང་བའི་ཚད་དེས་མདུན་གླིང་ལ་མཚན་མོ་ཐུང་། དེ་བཞིན་འདིར་མཚན་རིང་བ་དེ་ཙམ་འདི་ནས་བརྩིས་པའི་མདུན་ཐད་ཀའི་གླིང་ལ་ཉིན་མོ་རིང་། འདིར་མཚན་ཚད་ཐུང་བ་དེ་ཙམ་མདུན་གླིང་ལ་ཉིན་མོ་ཐུང་དགོས་པས། དཔེར་མཚོན་ན། ལྷོ་གླིང་དབུས་མའི་དབུས་སུ་དབྱར་འབྲིང་སྣྲོན་ཟླའི་ཚེས་བཅོ་ལྔ་སྐར་མ་ཆུ་སྨད་ཀྱིས་ཉ་བའི་དུས་
དེར་ཉིན་མོ་རིང་བ་མཐར་ཐུག་བབ་ན། ཚེས་བཅོ་ལྔ་དེའི་ཉིན་གུང་གི་དུས་སུ་ཟླ་བ་ཡོད་པ་ཆུ་སྨད་ནས་སྐར་མ་བཅུ་བཞི་པ་ནབས་སོའི་སྟེང་དུ་ཉི་མ་ཡོད་པ་དེ་གླིང་དེའི་ཚངས་ཐིག་གི་སྟེང་དུ་བསིལ་རི་དང་ཉེ་བའི་མཐར་ཐུག་ཏུ་ཡོད་པའི་དུས་དེར། སྒྲ་མི་སྙན་ན་ཟླ་བ་ཆུ་སྨད་དང་ཉེ་བར་ཡོད་པ་དེ་གླིང་དེའི་དབུས་ཐིག་ཏུ་བསིལ་རི་ལ་ཉེ་བར་ཡོད་པ་མཚན་མོའི་རིང་བ་མཐར་ཐུག་གི་ཉིན་དེའི་མཚན་གུང་གི་ཆ་ལ་བབ་པ་དུས་མཉམ་པ་དང་། ཚེས་བཅོ་ལྔ་དེའི་ནུབ་མོ་མཚན་ཕྱེད་ཀྱི་དུས་སུ་སྐར་མ་ཆུ་སྨད་ཟླ་བ་འགྲོས་མྱུར་བས་རྒྱུ་སྐར་རྐང་པའི་ས་ཚད་གཅིག་ཏུ་ཉིན་ཞག་གཅིག་ལ་གནས་པར་མ་ངེས་ཀྱང་སྤྱི་ཙམ་དུ་དཔྱད་པ་འདིས་འགྲིག་གོ། མཆན། ཀྱི་སྟེང་ན་ཟླ་བ་ཡོད་པ་དེ། ལྷོ་གླིང་དབུས་མ་དེ་མེ་ཡི་ཕྱོགས་ཀྱི་དབུས་ཐིག་སྟེང་དུ་བབ་པ་མཚན་མོ་ཐུབ་བའི་མཐར་ཐུག་གི་མཚན་ཕྱེད་ཀྱི་དུས་དེར་ཉི་མ་ནབས་སོའི་སྟེང་ན་ཡོད་པ་དེ་སྒྲ་མི་སྙན་གྱི་མེ་རིའི་ཕྱོགས་སུ་དབུས་ཐིག་གི་སྟེང་དུ་སླེབས་པ་ཉིན་མོ་ཐུང་བའི་མཐར་ཐུག་གི་ཉིན་ཕྱེད་ཡིན་པ་དུས་མཉམ་ཡིན་དགོས་པས་ཐིག་རིས་གཞུ་ཁ་སྦྱོར་གྱི་རྣམ་པ་ཅན་འདི་དང་འགྲིག །མདོར་ན་ཐིག་གསར་པ་འདི་ལྟར་ན། ཆུ་སྲིན་གྱི་ཁྱིམ་ལྷོ་གླིང་འདིའི་དབུས་མའི་ལྷོ་བགྲོད་མཐར་ཐུག་མེ་རེའི་ཕྱོགས་སུ་ཡོད་པ་ན། དེ་ནས་བརྩིས་པའི་ཁྱིམ་བདུན་པ་ཀརྐ་ཊ་སྒྲ་མི་སྙན་གྱི་ལྷོ་བགྲོད་མཐར་ཐུག་མེ་རིའི་ཕྱོགས་སུ་ཡོད་པ་དང་། ལྷོ་གླིང་དབུས་མ་དེའི་བྱང་བགྲོད་མཐར་ཐུག་ཀརྐ་ཊ་བསིལ་རིལ་ཉེ་བར་ཡོད་ཚེ། དེ་ནས་བརྩིས་པའི་ཁྱིམ་བདུན་པ་ཆུ་སྲིན་གྱི་ཁྱིམ་དེ་སྒྲ་མི་སྙན་གྱི་བྱང་བགྲོད་མཐར་
ཐུག་བསིལ་རི་ལ་ཉེ་བར་ཡོད་པའི་ཐིག་འདིས་མཚོན་ནས། གླིང་ཐད་ཀ་བ་ཕན་ཚུན་གྱི་མཉམ་གཉིས་དང་། ཁྱིམ་ཟླ་བཅུ་གཉིས་སོ་སོའི་འཁོར་ཚུལ་ཐམས་ཅད་གོ་ལའི་ཐིག་རིས་འདིས་གསལ་བར་ཤེས་པ་ཡིན་པས། རྒྱུ་སྐར་རྐང་བའི་གོ་ལའི་ཆ་བཅད་པའི་ཐིག་རིས་འདི་ཤིན་ཏུ་གལ་ཆེ་སྟེ་འདིའི་གནད་མ་ངེས་ན། བསམ་ལོག་གཞན་གྱིས་གླིང་འདིའི་མཐའ་ན་གནས་པའི་སྐར་མ་དེ་གླིང་ཀུན་གྱི་མཐའ་ན་ཡོད་དགོས་སྙམ་པ་སོགས་གླིང་འདིར་རྒྱུ་སྐར་ཉེར་བདུན་པོའི་ཕྱེད་ཙམ་མཐོང་བ་ལ་དཔགས་ནས་གླིང་ཀུན་གྱི་སྟེང་ན་རྒྱུ་སྐར་རྐང་པའི་རྒྱུ་ལམ་གྱི་ཁྱིམ་ཇི་ལྟར་གནས་ཚུལ་ཁོང་དུ་ཆུད་མ་ནུས་ནས་མུན་སྤྲུལ་དུ་མའི་སྨྲ་བ་བྱུང་བ་ཐམས་ཅད་འདི་ཤེས་པའི་ལོག་རྟོག་དེ་ཐམས་ཅད་ཅིག་ཆར་ལྡོག་པར་འགྱུར་རོ། །རང་ཅག་གི་ས་འདི་འཛམ་གླིང་ལ་གཏོགས་དགོས་ཀྱང་། འདིའི་མཐའ་ན་སྣྲོན་དང་སྣུབ་ཡོད་ཀྱི་ཆུ་སྨད་མེད་པ་དང་ས་མཐོ་བའི་ཕྱོགས་སུ་མགོ་དང་ལག་ཡོད་ཀྱི་ནབས་སོ་མེད་པ་ཅི་ཡིན་སྙམ་ན་དེ་ནི་ལོགས་སུ་ཉི་ལྡོག་ལ་དཔྱད་པའི་སྐབས་སུ་བཤད་པ་བཞིན་རང་ཅག་གིས་འདི་དང་ལྷོ་གླིང་དབུས་མའི་ཚངས་ཀྱི་བར་ན་ཁྱིམ་ཞིག་གི་ས་ཚིགས་ཕྱེད་ཉེར་གསུམ་ཡོད་པས་ཡིན་ནོ། །འདི་ཡང་གོ་ལའི་ཐིག་སྤྱི་ལས་བྱེ་བྲག་རྒྱུ་སྐར་རྐང་པ་གནས་པའི་ཁྱིམ་བཅུ་གཉིས་ཀྱི་ཐིག་རིས་བཀོད་པ་ལ་ངེས་པ་འདྲེན་བྱེད་དུ་མི་ཕམ་པས་བྲིས་པ་དགེའོ། ༈ །གླིང་བཅུ་གཉིས་ཀྱི་དུས་བཅུ་གཉིས་འཁོར་ཚུལ་ལ་དཔྱད་པ། ན་མོ་མཉྫུ་ཤྲཱི་ཡེ། འདིར་ཤར་གླིང་ཤར་མ་དབུས་མ་ནུབ་མ་སོགས་གླིང་བཅུ་གཉིས་
ཀྱི་འདབ་མ་བཅད་པ་དེ་ལ། དུས་གང་ཡིན་པ་དེའི་ཚེ་ཅིག་ཆར་དུ། ནམ་མཁའ་ལ་ལུག་སོགས་ཁྱིམ་བཅུ་གཉིས་དང་། ས་ལ་དཔྱིད་སོགས་དུས་བཞི་དང་། དཔྱིད་ར་བ་སོགས་ཟླ་བ་བཅུ་གཉིས་ཀྱི་དུས་དང་།ཉིན་ཞག་རེ་རེའི་ཡང་། ནམ་ལངས། ཉིན་ཕྱེད། ཉི་ནུབ། ནམ་ཕྱེད་ཀྱི་དུས་མཚམས་བཞིའམ། ནམ་ལངས་ཡོས། ཉི་ཤར་འབྲུག་སོགས་ཞག་གཅིག་གི་ཆ་ཤས་དུས་ཚོད་བཅུ་གཉིས་རྣམས། གླིང་གང་ལ་གང་ཡོད་པ་དེ་ནས་བརྩམས་ཏེ་གཡོན་བསྐོར་དུ་བཀོད་པ་འདི་ལྟར་གླིང་གང་དང་གང་གི་སྟེང་དུ་ཁྱིམ་དེ་དང་། གླིང་རང་རང་ལ་གླིང་གསུམ་རེར་དཔྱིད་སོགས་དུས་བཞི་དང་། དུས་རེ་རེ་ལ་རབ་འབྲིང་ཐ་གསུམ་ཕྱེ་བའི་ཟླ་བ་བཅུ་གཉིས་ཀྱི་དུས་དང་དེའི་ཞག་སོ་སོའི་ཐ་སྙད་དང་། ཞག་གཅིག་གི་དུས་ཚོད་ཀྱི་ཆ་རྣམས་སྐབས་དེར་གླིང་སོ་སོ་ན་དེ་ལྟར་འཆར་བ་ཤེས་པར་བྱ་སྟེ། བསྡུས་རྒྱུད་ལས། ཁྱིམ་གཅིག་ལ་ནི་ཉི་མ་གནས་པས་མཐའ་དག་དུས་ཀྱི་ཚོགས་དང་ཟླ་བ་དང་ནི་ཕྱོགས་རྣམས་བྱེད་ཅེས་དང་། ཚད་གང་དུམ་བུ་གང་དུ་ཉིན་མོའི་དབང་གིས་ཡིན་པ་དེ་ནི་བདུན་པ་དག་རྒྱུ་མཚན་མོ་ལའོ། །ཞེས་གསུངས་པ་ལྟར་ཤེས་པར་བྱ་ལ། དེ་ལྟར་ཁྱིམ་དང་དུས་དེ་དག་ཐམས་ཅད་ལས་ས་དུམ་བུ་བཅུ་གཉིས་པོ་དེར་འཁོར་ལོ་བཞིན་དུ་གཡས་སུ་བསྐོར་ཏེ་རིམ་པར་འཁོར་བ་ཁོ་ན་ཡིན་པ་ནི། གོ་ལ་རྟག་པར་གཡས་སུ་འཁོར་བའི་རླུང་འགྲོས་ཀྱི་དབང་གིས་ཡིན་ནོ། །དེ་དཔེར་ན་ལྷོ་གླིང་དབུས་མའི་སྟེང་དུ་ལུག་ཁྱིམ་ཡོད་ཚེ། ཤར་མར་གླང་།
ཤར་གླིང་ནུབ་མ་འཁྲིག་པ་སོགས་ནས། ལྷོ་གླིང་ནུབ་མར་ཉ་ཡི་བར་དུ་རིམ་པར་གཡོན་དུ་བཀོད་པ་ལྟར་གནས་ཤིང་། ས་ལ་དུས་བཞིའི་དབང་དུ་བྱས་ན། གླིང་གསུམ་དུ་དཔྱིད་དུས་ཡོད་ན། དེའི་སྔ་མའི་གླིང་གསུམ་དུ་དབྱར་སོགས་གཡོན་སྐོར་དང་། ལྷོ་གླིང་དབུས་མར་དཔྱིད་ར་བ་ཡོད་ན། ཤར་མར་དཔྱིད་འབྲིང་སོགས་གཡོན་བསྐོར་དང་། ལྷོ་གླིང་དབུས་མར་ནམ་ལང་ཚེ། ཤར་གླིང་དབུས་མར་ཉིན་ཕྱེད། བྱང་དབུས་ཉི་ནུབ། ནུབ་དབུས་ནམ་ཕྱེད་དུ་འགྱུར་ལ།ལྷོ་གླིང་དབུས་མར་ནམ་ལངས་ཡོས་འཆར་ཚེ། ལྷོ་གླིང་ཤར་མར་ཉི་ཤར་འབྲུག་སོགས་གཡོན་བསྐོར་གྱིས། ལྷོ་གླིང་ནུབ་མར་ཐོ་རིངས་སྟག་གི་བར་དུའོ། །དེ་ལྟར་ན་གླིང་རང་རང་གི་ནམ་ལངས་པའི་དུས་གང་ཡིན་པ་དེའི་དུས་དེ་ཉིད་ལ། གླིང་གཞན་ན་ཉི་ཤར་ལ་སོགས་པའི་དུས་གཞན་དང་གཞན་དུ་འགྱུར་ལ། གླིང་གི་དུམ་བུ་དེའི་ནང་གསེས་ཀྱིས་ཚིགས་སུམ་ཅུར་སོ་སོའི་ས་ཡི་ཆ་སྔ་ཕྱིའི་དབང་གིས་ནམ་ལངས་པ་སོགས་ཀྱི་དུས་ལ་སྔ་ཕྱིའི་ཁྱད་པར་དབུགས་དང་ཆ་ཡི་བར་དུ་དབྱེ་བ་ཡོད་དོ། །དེ་ལྟར་བཀོད་པ་དེ་དག་དུས་སྐད་ཅིག་ལ་སོགས་པར་རིམ་པར་འཁོར་བའི་དབང་གིས་དུམ་བུ་སོ་སོར་གཡས་བསྐོར་དུ་འཁོར་ལོ་བཞིན་དུ་འཁོར་བ་ཁོ་ནར་ངེས་ཏེ། ལྷོ་གླིང་དབུས་མའི་སྟེང་དུ་ཡོད་པའི་ལུག་ཁྱིམ་རྫོགས་ནས་ལུག་ཁྱིམ་དེ་ནུབ་མར་འཕོ་ཞིང་། ཤར་མའི་གླང་ཁྱིམ་དེ་དབུས་མ་དེར་འཕོ་བ་དེ་བཞིན། དཔྱིད་སོགས་དུས་བཞི་དང་། དཔྱིད་ར་སོགས་ཟླ་བ་བཅུ་གཉིས། ནམ་ལངས་སོགས་ཐུན་
མཚམས་བཞི། ཡོས་སོགས་དུས་ཚོད་བཅུ་གཉིས་ཀུན་ཀྱང་དེ་ལྟར་གཡས་སུ་བསྐོར་བས་རིམ་པར་འཕོ་ཞིང་འཁོར་བ་ཡིན་ཏེ། ཉི་མ་ཁྱིམ་སོ་སོར་འཕོ་བ་ནི་ཁྱིམ་ཞག་སུམ་ཅུ་རེས་འཕོ་བ་ཡིན་མོད་ཀྱི། ཞག་གཅིག་ལ་དུམ་བུ་བཅུ་གཉིས་སུ་འཁོར་བ་ནི་གོ་ལའི་རླུང་འགྲོས་ཀྱི་དབང་གིས་ཡིན་པས་གཟའ་རྒྱུ་སྐར་ཐམས་ཅད་ཀྱང་དེ་ལྟར་འཁོར་རོ། །དེ་ཡང་ཁྱིམ་བཅུ་གཉིས་པོ་དུམ་བུ་སོ་སོར་དང་པོ་ནམ་མཁའ་ལས་མཐོང་ནས་ཁྱིམ་གཞན་མ་ཤར་བར་དུ་དེ་དང་དེའི་ཏརྐཱ་ལ་སྟེ། དུས་སྦྱོར་འཆར་བའི་དུས་ཞེས་བྱ་ལ། ཁྱིམ་རྣམས་ཚད་མཉམ་ཡང་ས་སོ་སོར་མཐོ་དམན་གྱི་འཆར་ཚུལ་གྱི་དབང་ལས་འཆར་ཚད་ལ་རིང་ཐུང་ཡོད་པ་དུས་སྦྱོར་གྱི་སྐབས་སུ་བཤད་པ་ལྟར་རོ། །དུས་བཞི་ནི་གླིང་གསུམ་རེར་རབ་འབྲིང་ཐ་མའི་ཟླ་བའི་ཐ་སྙད་ཀྱིས་གནས་པས། གླིང་གང་ལའང་དཔྱིད་ཀྱི་ཟླ་བ་གསུམ་རྫོགས་པའི་རྗེས་སུ་དབྱར་ཟླ་གསུམ་འཆར་བ་དང་། དཔྱིད་ར་བ་རྫོགས་རྗེས་དཔྱིད་འབྲིང་འཆར་བ་སོགས་ཟླ་བའི་གྲངས་ཀྱིས་གཡོན་བསྐོར་དུ་འཆར་བ་དང་། ཉིན་ཞག་གཅིག་གི་དུས་ཚོད་ནི་ནམ་ལངས་ཀྱི་དུས་ཚོད་རྫོགས་རྗེས་ཉིན་ཕྱེད་སོགས་དུས་བཅུ་གཉིས་ཀྱི་གསུམ་རེར་དུས་གཅིག་ཏུ་བྱས་པའི། ཐུན་མཚམས་བཞིའི་ཐ་སྙད་ཀྱིས་གཡོན་བསྐོར་དུ་འཕོ་བ་དང་། དུས་ཚོད་བཅུ་གཉིས་ཀྱི་རེ་རེ་ནི་ཆུ་ཚོད་ལྔ་རེའི་ཡུན་དུ་ངེས་པ་ཡིན་པས། ལྔ་རེ་རྫོགས་ནས་སྔ་མ་སྔ་མ་རྫོགས་དེ་ཕྱི་མ་ཕྱི་མ་རིམ་བཞིན་འཆར་བ། ནམ་ལངས་ཡོས་རྫོགས་ནས།
ཉི་ཤར་འབྲུག་འཆར་བ་སོགས་རགས་པར་དུམ་བུ་བཅུ་གཉིས་སུ་ནམ་ལངས་སོགས་བཅུ་གཉིས་རིམ་པར་གཡོན་དུ་འཁོར་བ་དང་། དུམ་བུ་རེ་རེ་ས་ཚིགས་སུམ་ཅུར་ཕྱེ་བ་ལ་ནི་ཆུ་སྲང་བཅུ་རེ་བཅུ་རེས་ནམ་ལངས་སྔ་ཕྱི་ཡོད་པར་ཤེས་པར་བྱ་སྟེ། ཉིན་ཞག་གཅིག་གི་ཆུ་ཚོད་དྲུག་ཅུ་སྲང་དུ་ཕབ་པ་སུམ་སྟོང་དྲུག་བརྒྱ་ལ་ས་ཚིགས་ཀྱི་གྲངས་སུམ་བརྒྱ་དྲུག་ཅུས་བགོས་ཀྱང་བཅུ་ཐོབ་པ་དེ་ཙམ་གྱིས་ནམ་ལངས་སྔ་ཕྱི་ཡོད་དོ། །དེ་ལྟར་ནམ་ལངས་ཡོས་སོགས་ཀྱི་ཐ་སྙད་བྱེད་ཚུལ་འདི་ཉིན་ཞག་མཉམ་པའི་དུས་ཀྱི་དབང་བྱས་པ་གཙོ་ཆེར་ཡིན་ལ། ཉིན་གུང་དབུས་ཀྱི་ཆ་རྟ་ཡི་དུས་ཀྱི་དབུས་དང་། མཚན་ཕྱེད་བྱི་བའི་དུས་ཀྱི་དབུས་སུ་བྱེད་པ་རྣམ་ཀུན་ངེས་བར་བྱ་ཞིང་། ཉིན་མཚན་རིང་ཐུང་གིས་དབང་གིས་ཉིན་མོ་རིང་དུས་དུས་ཚོད་བདུན། མཉམ་དུས་དྲུག །ཐུང་དུས་ལྔ་ཙམ་བྱེད་པ་རྒྱ་ནག་པའི་རྩིས་ལས་འབྱུང་བ་ལྟར་ཞིབ་ཆ་བྱ་ཞིང་དུས་ཚོད་བཅུ་གཉིས་པོ་ཀུན་ཀྱང་ཆུ་ཚོད་ལྔ་རེར་ངེས་པ་ཅན་དུ་བྱ་བ་འདི་དུས་ཚོད་ཀྱི་གནད་མི་འཆུག་པའི་གཟེར་ཀ་ལྟ་བུ་ཡིན་པས་གལ་ཆེ་བར་མཐོང་། ཐུན་ཕྱེད་སྒྲ་གཅན་སོགས་ལ་ནི། ཉིན་མཚན་རིང་ཐུང་གང་ཡིན་ཡང་ཉིན་ཚད་མཚན་ཚད་དེ་ཉིད་ཆ་བརྒྱད་དུ་བྱས་པའི་རེ་རེ་ལ་བཤད་པའང་ཡོད། དེ་ལྟར་ས་དུམ་བུ་སོ་སོར་ནམ་ལངས་སྔ་ཕྱི་ཡོད་པ་དེའི་དབང་གིས་ཚེས་གཅིག་ལ་སོགས་པའི་ཐ་སྙད་འདོགས་ཚུལ་ཀྱང་རང་གླིང་དེར་ནམ་ལངས་པ་ནམ་མགོ་འཛིན་དགོས་པས། སྔོན་དང་པོར་ཤར་གླིང་དབུས་མའི་ཚངས་ཐིག་ཏུ་
སྐར་དྲུག་དབྱུག་གུ་ཞེ་ལྔའི་ས་ཚད་དེར་ཉི་མ་དང་པོར་སྐྱེས་པ་དེ་ནས་ཉིན་གྱི་ཐ་སྙད་ཐོག་མར་ཆགས་ནས་ཉིན་མཚན་དུ་དབྱེ་བ་བྱུང་ཞིང་། དེའི་རྗེས་སུ་ཟླ་བ་ཐ་སྐར་གྱི་ཐོག་མར་སྐྱེས་པ་ནས་བརྩམས་ཚེས་ཞག་གི་ཚེས་དཀར་ཕྱོགས་དང་ནག་ཕྱོགས་སུ་གྱུར་པ་ལ་བརྟེན་ནས་ཚེས་གཅིག་ལ་སོགས་ཐ་སྙད་གདགས་པ་མངོན་དུ་བྱུང་ཞིང་། གླིང་དེའི་ཉིན་ཕྱེད་ཀྱི་ཚད་ཡིན་དགོས་འདྲ། དེའི་ཚེ་འཛམ་གླིང་དབུས་མར་ནམ་ལངས་པའི་དང་པོར་བརྩིས་ནས་དེ་ནས་རིམ་པར་འཁོར་དགོས་འདྲ་དཔྱོད། ཉི་མས་ཁྱིམ་ཞག་བགྲོད་པའི་དབང་གིས་དཔྱིད་སོགས་དུས་བཞི་དང་། དེ་ཡང་ཚེས་ཟླ་དང་བསྟུན་ཏེ་དཔྱིད་ར་འབྲིང་ལ་སོགས་པའི་ཟླ་བ་བཅུ་གཉིས་དང་། ཉི་མ་གོ་ལའི་རླུང་འགྲོས་ཀྱིས་སྤྱོད་པའི་དབང་གིས་ནམ་ལངས་ལ་སོགས་པའི་དུས་ཀྱི་ཐ་སྙད་མངོན་དུ་བྱུང་བ་ཡིན་ཅིང་། དེ་ལྟར་ན་གླིང་གང་དུ་ཚེས་བཅོ་ལྔའི་ཉིན་མོ་ནམ་ལངས་པ་དེ་དུས། ཐད་ཀའི་གླིང་བདུན་པར་མཚན་གྱི་དང་པོ་ཡིན་པ་སོགས་དུས་ཚོད་བཅུ་གཉིས་ཀྱི་འཆར་ཆ་མི་འདྲ་ཞིང་། གླིང་གང་དུ་ཉིན་མོར་གྱུར་པ་དེའི་ཚེ། ཐད་ཀའི་གླིང་བདུན་པར་མཚན་མོར་གྱུར་པར་ངེས་ཀྱང་། ཐད་ཀ་པའི་མཚན་མོ་དེ། གླིང་དེ་གས་ཁོ་རང་གི་བཅུ་བཞིའི་མཚན་མོའམ་བཅོ་ལྔའི་མཚན་མོ་གང་དུ་བརྩི་དགོས་པ་ལ་དཔྱད་ན། འདི་ནས་བཅོ་ལྔའི་ཉིན་མོ་ཤར་བ་ནས་རིམ་པར་བསྐོར་ན་དེ་བཅུ་བཞི་པའི་མཚན་མོར་འགྱུར་དགོས་ཀྱང་། འདི་ན་བཅོ་ལྔའི་ཉིན་ལ་ཟླ་འཛིན་བྱུང་ཚེ་སྒྲ་མི་སྙན་གྱིས་བཅུ་བཞིའི་མཚན་ཟླ་འཛིན་བྱུང་བར་འདོད་དམ་ཞེ་ན་དེ་འདོད་ཐབས་མེད་དོ། །དེ་བཞིན་ལྷོ་གླིང་དབུས་མར་བཅོ་ལྔའི་ནམ་ལངས་དུས་ལྷོ་གླིང་ཤར་མར་ཉི་ཤར་དེ་ཚེས་གང་གི་ཉི་ཤར་ཡིན་ཀྱང་
དཔྱད་བྱའོ། །གླིང་གང་དུའང་ཟླ་བ་ཉ་གང་བའི་ཉིན་ཞག་ཕྲུག་གཅིག་པོ་དེའི་ནམ་ལངས་པའི་དུས་ནས་དེ་རིང་ཚེས་བཅོ་ལྔ་ཡིན་ནོ་ཞེས་ཐ་སྙད་བྱེད་དགོས་ལ། ལྷོ་གླིང་དབུས་མའི་ཉི་ཤར་གྱི་དུས་ལ་ལྷོ་གླིང་ནུབ་མར་ཚེས་བཅོ་ལྔའི་ནམ་ལངས་ཀྱི་དུས་སུ་འཛིན་པ་སོགས་རིམ་པར་བསྐོར་ནས། གླིང་འདིའི་ཉི་མ་ནུབ་པའི་དུས་སུ་ཐད་ཀའི་སྒྲ་མི་སྙན་གྱི་ནམ་ལངས་སུ་བརྩི་བ་ཡིན་དགོས་ཤིང་། ཉི་མ་ཤར་བ་དང་ནུབ་ཅེས་པ་ལའང་ཉི་མའི་དཀྱིལ་འཁོར་དངོས་ཤར་བ་དང་ནུབ་པ་དང་། ཉི་མའི་འོད་ཤར་ནུབ་ལའང་སྒྲ་དེ་འཇུག་མོད། སྐབས་འདིར་ཉི་འོད་ཤར་ནུབ་ལ་བསམ་པ་ཡིན་ནོ། །གླིང་འདིའི་ཚེས་བཅོ་ལྔའི་མཚན་མོའི་ཐུན་ཐ་མ་ཐོ་རེངས་ཀྱི་དུས་སུ་ལྷོ་གླིང་ཤར་མའི་ནམ་ལངས་སུ་བརྩི་བའི་བར་དུའོ། །དེ་བས་གླིང་འདིར་ནམ་ལངས་པ་དེ་གླིང་འདིའི་དབང་དུ་བྱས་པའི་ཚེས་བཅུ་དྲུག་གི་ནམ་ལངས་ཡིན་པར་གླིང་འདི་པས་ངེས་པར་འཛིན་ཀྱང་། ལྷོ་གླིང་ཤར་མའི་ཉི་ཤར་དུ་འཛིན་པ་སོགས་དེ་ཚེས་གང་གི་ཉི་ཤར་ཡིན་པ་སོགས་ཀྱང་དེ་ལྟར་དཔྱད་བྱའོ། །དེ་ལྟར་ཚེས་རེ་རེའི་དུས་ཀྱི་ཆ་དེ་ལྟར་ཆ་བཅུ་གཉིས་སུ་བགོས་ནས་སོ་སོའི་ཚེས་ཀྱི་མགོ་འཛིན་ཚུལ་མི་འདྲ་བ་འོང་བས། གླིང་གཅིག་གི་ཚེས་བཅོ་ལྔའི་ཉིན་ཞག་ཕྲུག་གཅིག་གི་ནམ་ལངས་དེ་གླིང་ཀུན་གྱི་ཚེས་བཅོ་ལྔའི་ནམ་ལངས་མ་ཡིན་ཡང་། ཟླ་བ་དང་ཉི་མ་རྒྱུ་སྐར་འཁོར་ཕྱེད་ཀྱི་ཚད་དུ་ཐད་ཀར་གནས་དུས་ཀྱི་སྐད་ཅིག་མ་དེ་ལ་ཉི་ཟླ་གཉིས་གླིང་གང་རུང་གཉིས་ཀྱི་སྟེང་དུ་ཡོད་ཀྱི། ཐམས་ཅད་ལ་འདྲ་བ་མ་ཡིན་ཀྱང་དེ་འདྲའི་ཉི་ཟླ་ཐད་ཀར་འཁོར་ཕྱེད་
ལ་གནས་པ་དེ་ཟླ་བ་གཅིག་གི་ནང་ནས་ཉིན་ཞག་ཕྲུག་གཅིག་གི་ཆ་ལ་འོང་གི་ཞག་གཞན་ལ་མི་འབྱུང་བས། ཞག་དེ་ལ་བཅོ་ལྔའི་ཐ་སྙད་གླིང་ཀུན་གྱིས་བྱེད་པ་ཡིན་དགོས་ཀྱང་། བཅོ་ལྔའི་མགོ་འཛིན་ལུགས་མི་འདྲ་བ་གོང་བཤད་བཞིན་ནོ། །དེ་བཞིན་གནམ་སྟོང་དང་ཚེས་གཞན་ཡང་དེ་དང་འདྲ་བར། ཚེས་ཞག་རེའི་ཁོངས་སུ་གླིང་སོ་སོར་ཞག་དེའི་ཐ་སྙད་ཐོབ་ཚུལ་དང་། ཚེས་ཞག་གི་མགོ་ནམ་ལངས་ནས་བརྩམས་ནས་ཐ་སྙད་བྱེད་པས་ཉིན་མཚན་སྔ་ཕྱིར་གྱུར་ཀྱང་ཆད་ལྷག་གིས་བསབ་ནས་ཚེས་ཟླ་རྫོགས་པའི་དུས་མཉམ་ཇི་ལྟར་ཡིན་པ་དང་། ཉི་འཛིན་དང་ཟླ་འཛིན་ཀྱང་གླིང་བཅུ་གཉིས་པོ་ཐམས་ཅད་དུ་རང་རང་གི་བཅོ་ལྔ་དང་གནམ་སྟོང་གི་ཚེས་ལོངས་རྫོགས་ཚེ་འཛིན་པར་འདོད་དགོས་མོད། གཟའ་འཛིན་དེ་གླིང་ལ་ལས་མཐོང་ལ་ལས་མི་མཐོང་། ཁ་ཅིག་གིས་ཉིན་དང་ཁ་ཅིག་གིས་མཚན་མོའི་ཆ་སོ་སོར་འཛིན་པར་སྣང་སྟེ། གཟའ་འཛིན་དངོས་ཀྱི་དུས་དེ་ཉིད་གླིང་ཐམས་ཅད་ན་དུས་དེ་གཅིག་པུ་ལས་མེད་ཀྱང་། རང་རང་སོ་སོའི་ཉིན་ཞག་དེའི་དུས་སུ་སྣང་ཚུལ་མི་འདྲ་བས་སོ་སོར་འདོགས་སོ། །དེའི་ཕྱིར་གླིང་སོ་སོའི་ཚེས་ཀྱི་ཐ་སྙད་འདོགས་པའི་ཉིན་ཞག་ཕྲུག་གཅིག་དེ་ཉིན། ཚེས་ཞག་གི་ལོངས་སྤྱོད་དཀར་ནག་གི་ཕྱོགས་བཅོ་ལྔ་པོའི་ཆ་ཤས་དང་འགྲིག་ན་ཆད་ལྷག་མེད། མ་འགྲིག་ན་ཉིན་ཞག་རིམ་བཅས་ཀྱི་བཅོ་ལྔ་ཡིན་ཀྱང་། ཚེས་ཞག་ཉུང་བས་དེ་ཉིན་ཚེས་དེའི་ཐ་སྙད་མི་ཐོབ་ན་ཚེས་དེ་གླིང་དེར་ཆད་ནས་བཅུ་དྲུག་པའི་ཐ་སྙད་འདོགས། ཚེས་ཞག་
འཕེལ་ཏེ་མང་བས་བཅོ་ལྔའི་ཉིན་ཞག་དེར་མ་ཟད། ཕྱི་ཉིན་ཡང་ཆ་ཤས་ཡོད་ན་བཅོ་ལྔ་ལྷག་པའི་ཐ་སྙད་བྱེད་པས་ན། གླིང་རྣམས་ཀྱི་ཚེས་ཞག་གི་ཐ་སྙད་རྣམས་ཟླ་བ་གཅིག་ན་ཁད་འགྲིག་སྟེ་ཟླ་བ་རྫོགས་པར་འདྲ་བར་འགྱུར་གྱི། ཉིན་མཚན་འདོད་ཚུལ་མི་འདྲ་བས་ཟླ་བ་མི་རྫོགས་པར་མི་འོང་ཚུལ་ཀྱང་དཔྱད་པར་བྱའོ། །དེའི་ཕྱིར་མཐའ་གཅིག་ཏུ་གླིང་འདིའི་ཚེས་ཀྱི་ཐ་སྙད་བཞིན་གླིང་ཐམས་ཅད་ན་བྱེད་པར་ངེས་པ་མེད་པས་རེས་སྔ་རེས་ཕྱི་འོང་ཚུལ་ཡོད་པ་འདྲ་ཞིང་།གླིང་སོ་སོར་ཆད་ལྷག་ཀྱང་གཅིག་ཡིན་མི་དགོས་འདྲ་སྟེ་ཡིན་ན་མི་འགྲིགས་པ་འགའ་སྣང་ངོ་། །འདི་འདྲ་བའི་གནས་འདི་རྣམས་ཀུན་གྱིས་རྟོགས་སླ་སླར་བཞག་ནས། རགས་པ་ཙམ་སྨྲ་བས་ཚིམ་འདུག་ཀྱང་ཞིབ་ཏུ་དཔྱད་རྒྱུ་དུ་མ་སྣང་མོད།འདི་ཡི་གེ་མང་བར་འགྱུར་བས་མ་སྤྲོས་ལ། བློ་ལྡན་རྩིས་རིགས་སྨྲ་བ་རྣམས་ལ་དཔྱད་པའི་སྒོ་ཙམ་དུ་སྨྲས་པའོ། །འདི་ཙམ་རགས་པ་ཡིན་ནོ་སྙམ་དུ་དཔྱད་པ་མ་ཞུགས་པར། གླིང་འདིའི་ཚེས་གང་ཡིན་པའི་ནམ་ལངས་སོགས་གླིང་ཐམས་ཅད་ན་འདྲ་བས་ཐམས་ཅད་ལ་ཚེས་ཞག་ལ་ཁྱད་ཅི་ཡོད་སྙམ་པ་དང་། ལྡོག་གཉིས་སོགས་དུས་གཟེར་ལའང་ཁྱད་མེད་པར་གླིང་ཐམས་ཅད་ན་དེ་རིང་གི་དུས་འདི་གླིང་ཀུན་ན་དེ་ལྟར་ཡིན་སྙམ་པ་སོགས་ལ་བརྟག་ཚེ་གླིང་སོ་སོ་རང་རང་གི་ཚེས་ཀྱི་ཐ་སྙད་ནམ་ལངས་པའི་དུས་དེ་ནས་མགོ་འཛིན་དགོས་ན་སོ་སོའི་ནམ་ལངས་དུས་གཅིག་མ་ཡིན་པས་དེ་ལྟར་འདོད་པ་དེ་དག་བློ་རགས་པ་ཤིན་ཏུ་རགས་པ་ཡིན་པར་མཐོང་བས་འདི་ལྟར་རྩ་བའི་གནད་ཙམ་ཞིབ་ཏུ་ཚིག་
གིས་རྒྱས་པར་སྤྲོས་པ་ཡིན་ལ། འདི་འཆར་བདེ་ཕྱིར་སྒྲ་གཅན་འཁོར་ལོ་ལྟ་བུའི་ཕྱི་ནང་རིམ་པ་གཉིས་ལྡན་ལ། ནང་དུ་ཁྱིམ་མམ། དུས་བཅུ་གཉིས་སུ་ཆ་མཉམ་པར་བགོས་པའི་འཁོར་ལོ་དང་། ཕྱི་རོལ་དུ་གླིང་དུམ་བུ་བཅུ་གཉིས་ཀྱི་ཆ་ལ་མིང་བྲིས་ཏེ། ཁྱིམ་མམ་དུས་གང་ཡིན་གླིང་འདི་པའི་སྟེང་དུ་བཞག་པས་གཞན་ཀུན་ཇི་ལྟར་གནས་པ་ཤེས་ཤིང་། དུས་ཀྱི་འཁོར་ལོ་གཡས་སུ་རིམ་པར་བསྐོར་བས་འཁོར་ཚུལ་ཤེས་པར་འགྱུར་རོ། །དེ་རིང་གི་བཅོ་ལྔའི་ཉིན་མོ་འདིས་དུམ་བུ་ཐམས་ཅད་ཀྱི་བཅོ་ལྔའི་ཉིན་མོ་ཡིན་ན། མདུན་ཐད་སྒྲ་མི་སྙན་པའི་ཡང་བཅོ་ལྔའི་ཉིན་མོ་ཡིན་དགོས་ཀྱང་། དེ་མི་སྲིད་དེ་ཉི་མ་འདི་ན་སྣང་བའི་ཉིན་མོར་གྱུར་ཚེ། སྒྲ་མི་སྙན་ལ་ཉི་མ་མེད་པས་མཚན་མོ་ཡིན་པ་སོགས་རྟོགས་སླའོ། །དེས་ན་ཉི་ཟླ་གཉིས་ཀ་ཡང་གླིང་ཐམས་ཅད་ཀྱི་སྟེང་ན་དུས་གཅིག་ཏུ་ཡོད་པ་མི་སྲིད་ལ། རིམ་པར་སོ་སོའི་སྟེང་དུ་འཁོར་བ་ཡིན་པས། འདི་ལྟར་ཞིབ་ཏུ་དཔྱད་ནས་དུམ་བུ་སོ་སོར་ཚེས་ཀྱི་ཆད་ལྷག་འབྱུང་ཚུལ།གང་གི་ཉིན་མོ་གང་གི་མཚན་མོར་འགྱུར་ཚུལ་སོགས་དཔྱད་ནས། ཐམས་ཅད་དུ་མི་འགྲིག་པ་མེད་པ་ཞིག་དགོས་ཤིང་། ད་དུང་དཔྱད་བྱ་མང་པོ་ཞིག་སྣང་ཡང་རྩ་བའི་གནད་ཙམ་ལྕགས་ཕག་ཟླ་བ་གསུམ་པའི་ཚེས་བཅུ་ལ་མི་ཕམ་པས་འཕྲལ་བཀོད་དགེ །༈ གཞན་ཡང་། ཐུན་ཕྱེད་སྒྲ་ཅན་སོགས་ཀྱི་གནད་ཀྱང་། གླིང་དུམ་བུ་སོ་སོར་རང་རང་གི་ཕྱོགས་ཀྱི་འཇོག་ཚུལ་མི་འདྲ་བས་དེ་དེར་ཇི་ལྟར་བརྩི་བ་སོགས་དུ་མ་དཔྱད་བྱར་སྣང་ཡང་དོན་ཆུང་ལ་བཤད་
རྒྱུ་མང་བར་འགྱུར་བས་མ་བྲིས་ཀྱང་བློ་ལྡན་རྣམས་ཀྱིས་རང་གི་བློས་བརྟགས་པར་གྱིས་ཤིག །འདི་ལྟར་དུས་གཡོན་བསྐོར་དུ་འཁོར་ནས་ས་དུམ་བཅུ་གཉིས་ལ་མི་འབྲལ་བར་འབྱུང་བ་ནི་གོ་ལའི་ཁྱིམ་གྱི་ཐིག་དྲུ་འཛིང་མའི་གནས་ཚུལ་ལས་འབྱུང་ཞིང་། ཁྱིམ་སོ་སོར་ཉི་མ་བགྲོད་པས་དུམ་བུ་སོ་སོར་ལྡོག་གཉིས་མཉམ་གཉིས་སོགས་ཀྱིས་མཚན་པའི་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་རིམ་པར་འཁོར་བ་དང་། གཟའ་རྣམས་དལ་མྱུར་གྱི་རྐང་པའི་འགྲོས་ཀྱི་དབང་ལས་རྒྱུ་བ་འཕེལ་འགྲིབ་བྱེད་ཚུལ་དང་། གོ་ལའི་རླུང་འགྲོས་ཀྱི་དབང་གིས་གླིང་དུམ་བུ་བཅུ་གཉིས་སོ་སོར་ནམ་ལངས་སོགས་ཀྱི་དུས་མི་འདྲ་བ་འབྱུང་བ་དང་། ཉི་མ་གང་ནས་འཆར་ནུབ་དང་ལྷོ་བྱང་དུ་བགྲོད་ཚུལ་གྱི་ཕྱོགས་ཀྱང་ས་དུམ་བུ་རྣམས་ལ་ཐ་དད་དུ་གྱུར་པ་དང་། ཚེས་ཞག་གི་དུས་མགོ་འཛིན་ཚུལ་སོགས་འདི་དང་འདི་འདྲའི་ཕྱི་འཇིག་རྟེན་གྱི་ལེའུ་ལས་གསུངས་པ་རྟོགས་པར་སླ་བ་རགས་པའི་རྣམ་བཞག་ཏུ་གཏོགས་པ་འདྲ་བ་དུ་མ་ལའང་མཁས་པ་དག་ཀྱང་ཞེ་འདོད་མི་འདྲ་བ་དང་། ཤམྦྷ་ལའི་རྒྱལ་རབས་དང་། རིགས་ལྡན་གྱི་སྐུ་ཚེའི་ཚད། ཡུལ་དེའི་རྒྱ་ཚད་སོགས་ལའང་འདོད་པ་མི་མཐུན་པ་འགྲིག་མི་འགྲིག་ཅི་རིགས་བྱུང་ཤིང་། ལོ་དག་དང་རྩིས་འཕྲོ་ལའང་སོ་སོའི་ལུགས་ཐ་དད་དུ་མ་བོད་ན་བྱུང་བ་དེ་རྣམས་ཤེས་པར་བྱས་ནས་ཤིན་ཏུ་རིགས་ཤིང་འབྲེལ་བའི་སྒོ་ནས་འཆད་པ་བྱུང་ན། དེ་ཉིད་དུས་ཀྱི་འཁོར་ལོའི་ཕྱི་འཇིག་རྟེན་གྱི་ལེའུའི་དགོངས་དོན་ལ་མཁས་སོ་ཞེས་གདགས་རིགས་ཀྱིས་ཕྱོགས་ཞེན་གྱིས་རང་ལུགས་བསྔགས་
པ་ཙམ་གྱིས་ཞེན་ལྟ་མི་བྱ་བར་དཔྱད་པ་བྱ་དགོས་སོ་ཞེས་མི་ཕམ་མིང་ཅན་བདག་དེ་སྐད་སྨྲའོ།། །། ༈ །།གླིང་དུམ་བུ་བཅུ་གཉིས་ཕྱི་ཉི་ལྡོག་ལ་དཔྱད་པ་ཐེ་ཚོམ་སྦུབ་འབྱེད་བཞུགས་སོ། །༄༅། །ན་མོ་མཉྫུ་ཤྲཱི་ཡེ། གངས་ཅན་རྩིས་རིག་སྨྲ་བ་རྣམས་ལ་གསོལ་བ། ཉི་མ་སྐར་ཐིག་དབྱུག་ཐིག་ལ་སླེབས་ཚེ་ལུག་ཁྱིམ་ལ་སླེབས་པ་སོགས་སོ་སོའི་ཚད་འདི་ཁྱིམ་གྱི་གནས་ཚུལ་ལྟར་ཡིན་ལ། ཁྱིམ་སླེབས་བཅུ་གཉིས་ཀྱི་ཚད་འདིས་གླིང་དུམ་བུ་བཅུ་གཉིས་སུ་ཁྱིམ་བཅུ་གཉིས་པོ་ལ་ཉི་མ་གནས་པས་ལྡོག་ཚིགས་བཅུ་གཉིས་ཡོད་པ་སྤྱིར་བསྟན། བྱེ་བྲག་ཏུ་བསིལ་རིའི་ཕྱི་མཐའ་ནས་རྒྱ་མཚོའི་ནང་མཐའི་བར་གྱི་ལས་ཀྱིས་དེ་ཆ་མཉམ་དུམ་བུ་བཅུ་གཉིས་སུ་བགོས་པ་ལ་ཕྱོགས་བཞིར་ཤར་ལ་སོགས་པའི་གླིང་ཤར་མ་དབུས་མ་ནུབ་མ་ཞེས་ཐ་སྙད་བཏགས་ཤིང་དེ་རེ་རེའང་ནང་གསེས་སུ་ས་ཚིགས་སུམ་ཅུར་ཕྱེ་བས། གླིང་བཅུ་གཉིས་པོ་ཀུན་གྱི་ས་ཚིགས་བསྡོམས་པས་སུམ་བརྒྱ་དྲུག་ཅུ་ལ་ཉི་ལྡོག་ཀྱང་སུམ་བརྒྱ་དྲུག་ཅུ་ཡོད་པར་དོན་གྱིས་གྲུབ་ཅིང་། དེ་མེད་ན་ལྡོག་ཚིགས་བཅུ་གཉིས་ཀྱང་མི་འགྲུབ་ལ། མཐར་གླིང་ཀུན་ལ་དུས་བཞི་ཅིག་ཆར་འདོད་དགོས་ཤིང་། དེ་ལྟར་ན་རྒྱུད་རྩ་འགྲེལ་དང་འགལ་ཞིང་རིགས་པས་གནོད་པ་ཡང་ཆེས་མང་འབབ་ཀྱང་དེ་ཡི་སྤྲོས་པ་སྐབས་འདིར་མི་བྱ་སྟེ། གླིང་འདིའི་ཉི་ལྡོག་གི་ཚད་དང་ལྷོ་གླིང་དབུས་མའི་ལྡོག་ཚད་འགྲིག་ལུགས་ཇི་ལྟར་ཡིན་སྐབས་འདིར་དཔྱད་པར་བྱས་ན། སྐར་མཚོ་དབྱུག་གུ་མཁའ་མེར་ལྷོ་གླིང་ཤར་མར་དཔྱིད་ཀྱི་ཉི་ལྡོག་དོན་གྱིས་
ཐོབ་པ་དང་སྐར་དྲུག་ཆུ་ཚོད་ཞེ་ལྔ་ལྷོ་གླིང་དབུས་མའི་ཚངས་ཐིག་ཏུ་དབྱར་ཉི་ལྡོག་པར་དངོས་སུ་གསུངས་པའི་ལུང་འདིས། མཁས་དབང་ཕུག་པ་བརྗེས་འབྲང་དང་བཅས་པས། ཚད་འདི་ཉིད་ལྷོ་གླིང་ཤར་མ་དང་དབུས་མའི་ས་ཚིགས་སུམ་ཅུའི་ཤར་མཐའི་ཚད་དུ་དགོངས་ནས། སྐར་མཚོ་དབྱུག་གུ་མཁའ་མེར་ཉི་མ་སླེབས་རྗེས་ཀྱི་ཞག་བདུན་པ་ལས་འདིའི་ཐུར་གྲིབ་ལྡོག་པས་ན། རང་ཅག་གི་ས་འདི་ལྷོ་གླིང་ཤར་མའི་ས་ཚིགས་བདུན་འདས་པ་ན་ཡོད་ཅེས་བཞེད། ས་འདིའི་དབྱར་ལྡོག་གི་རྗེས་སུ་ཁྱིམ་ཞག་ཉེར་གསུམ་རྫོགས་ནས་ལྷོ་གླིང་དབུས་མའི་ས་ཚིགས་དང་པོའི་ལྡོག་ཚད་སྐར་དྲུག་ཞེ་ལྔ་འཆར་གསུངས། ཕུག་ལུགས་ལས་གཞན་རྣམས་ཀྱང་དེ་དང་ཆ་འདྲ་བ་འདོད་པ་ལས་གསལ་ཁ་མི་སྣང་ངོ་། །ལུགས་འདི་ལྟར་ན་རང་རེ་བོད་རྣམས་སངས་རྒྱས་བྱོན་པའི་ལྷོ་གླིང་དབུས་མ་འཛམ་གླིང་ཆུང་ངུར་མི་གཏོགས་པར་གླིང་ཕྲན་དུ་གཏོགས་པ་དང་། རྔ་ཡབ་དང་རྔ་ཡབ་གཞན་གང་ན་ཡོད་ཀྱང་བཤད་དུ་མེད་པ་དང་། ལྷོ་གླིང་དབུས་མའི་ཚངས་ཐིག་ཏུ་ལྡོག་ཚད་སྐར་དྲུག་ཞེ་ལྔར་གསུངས་ཀྱི། དེ་ལྷོ་གླིང་དབུས་མའི་ས་ཚིགས་དང་པོའི་ལྡོག་ཚད་དུ་མ་གསུངས་ཏེ། ས་ཚིགས་དང་པོ་དེ་ལྷོ་གླིང་དབུས་ཀྱི་ཚངས་ཐིག་ཏུ་གནས་པ་མིན་པས། འདི་ལ་དོགས་པ་ཞིག་སྐྱེས་སོ། །དེས་ན་རྒྱུད་ཀྱི་དགོངས་དོན་རང་གི་ཡིད་ལ་ཤར་ཚད་བརྗོད་ན། ལྷོ་གླིང་ཤར་མའི་ཚངས་ཐིག་དང་། ལྷོ་གླིང་དབུས་མའི་ཚངས་ཐིག་གི་བར་ནས་ཚིགས་སུམ་ཅུ་ཡོད་པས། དེ་ལ་ཁྱིམ་ཞག་སུམ་ཅུས་ཉི་མ་འཕོ་བས། སྔ་མའི་༡༤ ༣༠ ལྡོག་ཚད་འདི་
རྗེས་ཁྱིམ་གཅིག་རྫོགས་ནས་༦༤༥འདི་ལ་ལྷོ་གླིང་དབུས་མའི་ཚངས་ཐིག་ཏུ་དབྱར་ཉི་ལྡོག་ཅེས་གསུངས་པས། འཁྲིག་པར་སླེབས་ཚེ་ལྷོ་གླིང་ཤར་མའི་དབུས་དང་། ཀརྐར་སླེབས་ཚེ་ལྷོ་གླིང་དབུས་མའི་དབུས་སུ་དབྱར་ལྡོག་གསུངས་པ་འདི་བཞིན་ཁྱིམ་སོ་སོར་སླེབས་ཚད་དེ་གླིང་དུམ་བུ་བཅུ་གཉིས་ཀྱི་དབུས་ཀྱི་ཚངས་ཐིག་གི་སྟེང་དུ་ལྡོག་ཚད་ཡིན་གྱི། ས་ཚིགས་སུམ་ཅུའི་ཐོག་མ་དང་མཐའ་དང་། བར་གྱི་ཆ་གང་རུང་གི་དབང་དུ་བྱས་པ་མིན་ཞིང་།སུམ་ཅུ་པོ་ཐུན་མོང་གི་ལྡོག་ཚད་ཀྱང་མིན་པར་ཤེས་པར་བྱའོ། །སྤྱིར་ཁྱིམ་གཅིག་ན་རྒྱུ་སྐར་གྱི་ཆུ་ཚོད་མདའ་ཡོན་༡༣༥ཟླ་བ་ཡོད། དེ་སྐར་གནས་སུ་དྲིལ་ན་སྐར་མིག་དབྱུག་ཚེས། ༡༢༥ ཡིན་པས། ཁྱིམ་སྔ་མ་སྔ་མའི་སླེབས་ཚད་ལ་འདི་བྱིན་ན་ཁྱིམ་ཕྱི་མའི་ཚད་འཆར། སྐར་མིག་དབྱུག་ཚེས་དེ་ཕྱེད་དུ་བྱས་ན་སྐར་གཟུགས་དབྱུག་རི་སྲང་མཁའ་མེ་༢༢༠ ཡིན་ཏེ། མདའ་ཡོན་ཟླ་བ་ཕྱེད་དུ་བྱས་ནས་སྐར་གནས་སུ་དྲིལ་ཀྱང་གོང་ལྟར་འཆར་བ་ཁྱིམ་ཞག་བཅོ་ལྔའི་ལོངས་སྤྱོད་དོ། །དེ་ཉིད་སླར་ཡང་ཕྱེད་དུ་བྱས་ན་སྐར་ཐིག་དབྱུག་སོ་གསུམ་སྲང་ཞེ་ལྔ་ཡིན་ཏེ། ༠༣༤ ༢༥འདི་ཁྱིམ་ཞག་བཅོ་ལྔའི་ཕྱེད་དེ། ཞག་བདུན་དང་ཞག་གི་ཕྱེད་བཅས་བརྒྱད་ཀྱི་ལོངས་སྤྱོད་དོ། །དེ་ཡང་འདི་སྐབས་གནད་འདི་གོ་དགོས་པར་མཐོང་སྟེ། རང་ཅག་གནས་པའི་ས་འདིར་ཉི་མ་གཞུ་ཁྱིམ་ལ་ཡོད་སྐབས་སུ་དབྱར་ཉི་ལྡོག་པར་ཐུར་གྲིབ་སོགས་ཀྱིས་མངོན་སུམ་གྲུབ་པ་འདིས་གཞལ་ན། གླིང་དང་གླིང་ཕྲན་ལ་མཐའ་རྒྱ་ཆེ་ཆུང་ཡོད་རུང་། སྤྱིར་ལས་ས་དུམ་བུ་
བཅུ་གཉིས་སུ་བགོས་ཤིང་། དེ་རེ་རེར་ཆ་སུམ་ཅུར་ཕྱེ་བའི་ས་ཚིགས་ཀྱི་དབང་དུ་བྱས་ན། རང་ཅག་གི་ས་འདི་ལྷོ་གླིང་ཤར་མའི་ཆར་གཏོགས་པ་ལྟར་འགྱུར་ཏེ། འདི་ལྟར་གླིང་གཙོ་བོ་རྣམས་ས་ཚིགས་བཞི་བཅུ་ཞེ་བཞི་དང་། ཤར་གྱི་མཐར་ཆ་ཕྱེད་དང་། ནུབ་ཀྱི་ཆ་ཕྱེད་རེ་ཡོད་པ་བསྡོམ་ན་ཆ་གཅིག་སྟེ་ཁྱོན་ས་ཚིགས་བཞི་བཅུ་རྩ་ལྔའོ། །ཤར་གྱི་གླིང་ཕྲན་ས་ཚིགས་ཉེར་གཉིས་དང་། མཐའ་ན་ཆ་ཕྱེད་བཅས་ཕྱེད་ཉེར་གསུམ། ནུབ་ཀྱི་གླིང་ཕྲན་གྱི་ཐོག་མར་ཆ་ཕྱེད་དང་དེ་རྗེས་ས་ཚིགས་ཉེར་གཉིས་བཅས་ཕྱེད་ཉེར་གསུམ་རེ་ཡོད་པས། གླིང་ཕྲན་གཉིས་ཀྱི་ས་ཚིགས་བསྡོམ་ན་བཞི་བཅུ་རྩ་ལྔ་ཡིན། དེ་ལྟ་ན་གླིང་གཙོ་བོའི་ཕྱེད་ལ་ཕྱེད་ཉེར་གསུམ་ཡོད་པ་བཞིན། གླིང་ཕྲན་རེའི་ཚད་ཀྱང་དེ་ཡིན་པས། མངོན་པ་ལས་གླིང་ཕྲན་རྣམས་གླིང་གི་ཕྱེད་དུ་གསུངས་པ་དང་མཐུན། ཤར་ནུབ་ཀྱི་གླིང་ཕྲན་རྣམས་ཀྱི་མཐའ་དང་ཐོག་མའི་ཆ་ཕྱེད་བརྒྱད་ནི་གླིང་གཙོ་བོར་གཏོགས་སོ། །གླིང་དང་གླིང་གཡོག་གཉིས་བཅས་གསུམ་པོའི་ས་ཚིགས་བསྡོམས་ན་དགུ་བཅུ་ཐམ་པར་མཉམ་ཕྱི་དུམ་བུ་བཅུ་གཉིས་ཆ་མཉམ་དུ་དགོས་པའི་སྐབས་སུ་ས་ཚིགས་སུམ་ཅུ་རེ་ས་འདབ་མ་རེ་བྱེད་པ་ཡིན་པ་དེའི་ཕྱིར་ན། རང་ཅག་བོད་གངས་ཅན་ཤར་མ་པའི་ས་ཚིགས་འདི། གླིང་དང་གླིང་ཕྲན་དུ་ཕྱེ་བའི་བཅུ་གཉིས་ཀྱི་ནང་ཚན་ལྷོ་གླིང་དབུས་མ་འཛམ་བུ་གླིང་པ་ཁོ་ན་ཡིན་པར་འགྱུར་ལ་གླིང་དང་གླིང་ཕྲན་ལ་མཐའ་རྒྱ་ཆེ་ཆུང་ཡོད་པ་ཆ་མཉམ་ཕྱིར་ལས་ས་དུམ་བུ་བཅུ་གཉིས་སུ་ཕྱེ་བའི་ནང་ཚན། ལྷོ་གླིང་ཤར་མ་རྔ་ཡབ་གཞན་གྱི་རྗེས་སུ་ཡོད་པས་ལྷོ་གླིང་ཤར་མའི་
ཐ་སྙད་ཐོབ་ཀྱང་། གླིང་ཕྲན་མ་ཡིན་པར་འཛམ་གླིང་དབུས་ལ་གཏོགས་པ་ཡིན་ནོ། ༣༤༠ །སྐར་མཚོ་དབྱུག་གུ་མཁའ་མེའི་སྟེང་དུ་ཉི་མ་སླེབས་ཚེ། ལྷོ་གླིང་ཤར་མའི་རྔ་ཡབ་གཞན་གྱི་ས་ཚིགས་བཅོ་ལྔ་འདས་པ་དང་བཅུ་དྲུག་པ་ཡི་བར་ལྷོ་གླིང་ཤར་མའི་ཚངས་ཐིག་གི་གནས་སུ་ཡོད་པའི་ས་དེར་དབྱར་ཉི་ལྡོག་གོ། དེའི་རྗེས་སུ་ད་དུང་རྔ་ཡབ་གཞན་གྱི་ས་ཚིགས་ཕྱེད་བརྒྱད་ཡོད་ཅིང་། དེ་ལྟར་རྔ་ཡབ་གཞན་གྱི་ས་ཚིགས་ཕྱེད་ཉེར་གསུམ་པོ་རྫོགས་པའི་མཐར། རང་ཅག་གི་ས་ཚིགས་འཛམ་བུ་གླིང་བའི་ཤར་མཐའ་དང་པོ་འདི་གནས་སོ། །དེའི་ཕྱིར་ལྷོ་གླིང་ཤར་མའི་དབུས་ཐིག་གི་ལྡོག་ཚད། ༣༤༠འདི་ལ་ཞག་བཅོ་ལྔའི་ཕྱེད་དམ་ཞག་ཕྱེད་བརྒྱད་ཀྱི་ཚད་༣༤ ༣༥འདི་བསྣན་པས་སྐར་དབང་དབྱུག་མེ་སྲང་ཞེ་ལྔ་ཤར་བ་འདི་རང་ཅག་གི་ས་འདིའི་དབྱར་གྱི་ཉི་ལྡོག་གི་ཚད་དེ་༣༤༢ཉི་སྐར་རྣམ་དག་གི་ལོངས་སྤྱོད་ལ་འདི་ལྟར་ཤར་ཚེ་དབྱར་ཉི་ལྡོག་པར་ངེས་ཤིང་། ཐུར་གྲིབ་ལྡོག་པ་སོགས་ཀྱང་དེ་དང་མཐུན་ནོ། །ཚད་དེ་ཉིད་ཀྱི་སྟེང་དུ་ཞག་བཅོ་ལྔའི་ཕྱེད་ཀྱི་ཚད་གོང་དུ་བཤད་པ་དེ་བསྣན་ན་སྐར་དབང་དབྱུག་གུ་སོ་བདུན་ཆུ་སྲང་སུམ་ཅུ་ནི། ༣༤༢ ལས་ཀྱི་ས་ཆ་མཉམ་དུམ་བུ་བཅུ་གཉིས་སུ་ཕྱེ་བའི་ལྷོ་གླིང་དབུས་མའི་ཤར་མཐའི་ས་ཚིགས་དང་པོའི་དབྱར་ཉི་ལྡོག་ཚད་དོ། །༣༣ ༥ ༠ དེའི་སྟེང་དུ་ད་དུང་ལྷོ་གླིང་དབུས་མའི་ཚངས་ཐིག་ཡོད་པའི་བར་དུ། ས་ཚིགས་བཅོ་ལྔ་ཡོད་པས་ཉི་མའི་ཁྱིམ་ཞག་བཅོ་ལྔའི་ལོངས་སྤྱོད་༣༠འདི་བསྣན་པས། ལྷོ་གླིང་དབུས་མའི་ཚངས་ཐིག་གི་སྟེང་དུ་དབྱར་ཉི་ལྡོག་ཚད་
སྐར་དྲུག་ཆུ་ཚོད་ཞེ་ལྔ་འདི་འཆར་བ་ཡིན་ནོ། །༤༦༥ འདི་ལྟར་བཤད་པའི་འགྲོས་ཀྱིས་དགུན་ལྡོག་དང་། མཉམ་གཉིས་སོགས་ཀྱི་དུས་ཀྱི་གནད་རྣམས་རྟོགས་ཤིང་། གླིང་དུམ་བུ་བཅུ་གཉིས་ཀུན་གྱི་དུས་འཁོར་ཚུལ་ཉི་མ་ཁྱིམ་དང་དེའི་ཆ་ཤས་རྒྱུ་སྐར་གྱི་རྐང་པ་ལ་གནས་པས་བྱེད་པ་ཡིན་པར་བདེ་བླག་ཏུ་ཤེས་ནུས་སོ། །དེ་ལྟར་མ་གོ་ན་རང་ཅག་གི་ས་འདི་འཛམ་བུ་གླིང་ལ་ཡུལ་དྲུག་ཏུ་ཕྱེ་བའི་ནང་ཚན་གྱི་བོད་ཡིན་པར་མི་འགྱུར་ཞིང་གླིང་ཕྲན་ཡིན་པར་འདོད་དགོས་པ་དང་། སྟོན་པ་ཤཱཀྱའི་རྒྱལ་པོ་སངས་རྒྱས་པའི་རྡོ་རྗེ་གདན་དང་བྱང་ཆུབ་ཀྱི་ཤིང་སོགས་ཡོད་པའི་གླིང་དེ་ལས། རང་ཅག་གི་ས་འདི་བར་དུ་མཚོས་ཆོད་པའི་གླིང་གཞན་དུ་ཁས་ལེན་དགོས་པ་དང་། རྔ་ཡབ་དང་རྔ་ཡབ་གཞན་སོགས་གླིང་ཕྲན་རྣམས་གང་ན་ཡོད་བཤད་དུ་མེད་པར་འགྱུར་བ་དང་། ལྷོ་གླིང་ཤར་མའི་ལྡོག་ཚད་དམ་ས་འདིའི་ཉི་ལྡོག་གི་ཚད་ལས་ལྷོ་གླིང་དབུས་མའི་ཚངས་ཐིག་ཏུ་ལྡོག་ཚད་འཆར་ཚུལ་ཇི་ལྟར་ཡིན་པའང་འགལ་མེད་དུ་འཆད་དཀའ་བ་སོགས་མངོན་སུམ་གྱིས་གནོད་པ་དུ་མ་བསལ་མི་ནུས་པའི་བློ་ཐེ་ཚོམ་གྱི་སྦུབས་སུ་འཐུམ་པར་འགྱུར་ལ། ལྷོ་གླིང་དབུས་མའི་ལྡོག་ཚད་དེ་རང་ཅག་གི་ས་འདིར་ཡང་མཚུངས་པར་ནི་ཁས་ལེན་མི་ནུས་ཏེ། ཉི་མའི་འགྲོས་དང་ཐུར་གྲིབ་ལྡོག་པ་སོགས་མངོན་སུམ་གྱི་ཚད་མས་འཁྲེག་གཞུའི་ཁྱིམ་ལ་ཉི་མ་ལྡོག་པར་གྲུབ་པའི་ཕྱིར་རོ། །དེས་ན་ཤན་འབྱེད་ཚུལ་འདི་ལྟར་གོ་ན་དུས་འཁོར་གྱི་རྒྱུད་དང་འགྲེལ་བའི་དགོངས་དོན་རྙེད་ཅིང་བློ་ཐེ་ཚོམ་གྱི་སྦུབས་ལས་གྲོལ་བར་འགྱུར་འདྲ་སྙམ་དུ་བདག་ སེམས་སོ། །
དེ་ལྟར་ཉི་ལྡོག་འཆར ་ཚད་འདི་དེང་སང་ཡོངས་གྲགས་ཕུག་མཚུར་གྲུབ་པའི་ཉི་དག་སོགས་ལ་ཐུར་གྲིབ་ལྡོག་པ་དང་མཐུན་པར་ཚད་འདིར་བཤད་པ་ལྟར་མི་འཆར་བ་ཅི་ཡིན་སྙམ་ན། ཕུག་གྲུབ་ཉི་དག་གི་ལོངས་སྤྱོད་འདི་ཆུ་ཚོད་སོ་གཅིག་རྗེས་འབྲངས་བཅས་པའམ། སོ་གཉིས་ཙམ་ཉུང་བའི་སྐྱོན་གྱིས་ཡིན་པས་བསྣན་ཆ་དེ་ལྟར་བྱས་ན། ཟླ་སྐར་ཀྱང་མིག་སྐར་དང་མཐུན་ལ། དུས་གཟེར་རྣམས་རི་མོ་གཞན་གྱིས་མ་བརྟག་ཀྱང་ཉི་དག་ལ་བརྟེན་ནས་ཉིན་ཞག་གང་ལ་འབྱུང་བ་ཤེས་པ་འདི་རྩིས་ཀྱི་གནད་ཆེ་བ་ཞིག་ཏུ་སྣང་ངོ་། །རྒྱུ་སྐར་བྱིན་པས་ཅུང་མི་འཆར་ཆུ་ཚོད་བརྒྱད་དམ་དགུ་ཙམ་སྣོན་དགོས་འདྲ་སྟེ་སླར་ཞིབ་ཏུ་དཔྱོད། ཉི་སྣང་ཉི་ལྡོག་ལ་ཞག་བདུན་གྱིས་སྔ་ན་ཁྲིག་ཆ་རེད་འདུག །ཕྱེད་བརྒྱད་སྔ་ནའང་ཉི་ལྡོག་དུ་ཆ་སྔ་ཕྱི་འགྲིག་འདུག །གཞན་ཡང་བོད་ན་རྩི་འཕྲོ་མང་ཉུང་སྣ་ཚོགས་སྣང་མོད། རྩ་རྒྱུད་དངོས་བསྟན་གྱི་གྲུབ་པའི་རྩིས་འབྲོ་རྣལ་མ་རྙེད་པའི་ལུགས་ཞིག་བོད་ན་དཀའ་བར་སྣང་ཡང་། ཕུག་གྲུབ་ཉི་སྐར་ལ་ཆུ་ཚོད་དུ་སོ་གཉིས་ཙམ་བསྣན་ན་སྤྱིར་དེས་འགྲིགས་པར་མཐོང་ངོ་། །གླིང་དང་གླིང་ཕྲན་གྱི་ཆ་བགོ་ཚུལ་དེ་ལྟར་གོ་ན་ལུང་དང་རིགས་འགལ་གྱི་སྐྱོན་མི་སྣང་ལ། འཛམ་གླིང་ཆུང་ངུའི་མཐའ་ཡི་ཤར་ནུབ་ཀྱི་རྒྱ་ཚད་བཤད་པའི་སྐབས་སུ། གླིང་གཙོ་བོ་རྒྱ་ཆེ་བའི་ས་ཚིགས་བཞི་བཅུ་རྩ་ལྔའི་དབང་དུ་བྱས་པ་ན་ཡང་དེ་ལྟར་ཚད་གཞལ་སླ་ལ། ལས་ས་ཆ་མཉམ་དུམ་བུ་བཅུ་གཉིས་སུ་བགོས་པ་ལྟར་ན་ནི་གླིང་བཅུ་གཉིས་པོ་ཀུན་ཀྱང་རྒྱ་ཚད་འདྲ་བར་འགྱུར་ལ། དེར་ཡང་གླིང་གི་བར་གྱི་མཚོ་སོགས་ས་ཁྱོན་ཐམས་ཅད་
དེ་ལྟར་ཆ་བཅུ་གཉིས་སུ་བགོས་པ་ཡིན་གྱི། ཐམས་ཅད་དུ་གླིང་གི་ཁྱབ་པ་མིན་ཀྱང་ཆ་དེ་ལྟར་མཉམ་པར་བགོས་ནས་གཞལ་ཚུལ་ཤེས་ན། སྐར་རྩིས་ཀྱི་སྐབས་སུ་དུས་བཞིའམ་བཅུ་གཉིས་ས་དུམ་བུ་རྣམས་སུ་འཁོར་ཚུལ། ཉི་མ་སོགས་གཟའ་རྣམས་ཁྱིམ་དུ་བགྲོད་ཚུལ་དང་གྲུབ་པའི་ཉི་དག་གི་རྩིས་འཕྲོ་འཆར་ཚུལ་སོགས་དུས་ཀྱི་འཁོར་ལོའི་རྒྱུད་དང་འགྲེལ་བའི་དགོངས་དོན་གསལ་བའི་གནད་དུ་མ་ཞིག་འདི་ལས་ཁྲོལ་བ་འདྲ་སྙམ་ཡང་། སྔར་གྱི་མཁས་གྲུབ་མང་པོས་དཔྱད་པས་མ་ཁྱབ་པ་གསར་དུ་དཔྱད་འོས་ཞིག་དུས་མཐའི་གང་ཟག་དམན་པ་བདག་གིས་དཔྱད་པས་དྲངས་ག་ལ་ནུས་ཏེ། དེའི་ཕྱིར་འདི་བཞིན་སླར་ཡང་གངས་ཅན་པའི་རྩིས་རིགས་མཁས་པ་རྣམས་ཀྱིས་དཔྱད་པར་རིག་ཏེ། ཇི་སྐད་དུ།དོན་དཀའ་བ་ལ་བདག་འདྲའི་བློ། །འཁྲུལ་མི་སྲིད་པ་མ་ཡིན་པས། ཅི་སྟེ་མིན་ན་གཞན་དུ་བྱོས། །ཞེས་གསུངས་པ་ལྟར། རྒྱུད་དང་འགྲེལ་བའི་དགོངས་དོན་དང་མི་འགལ་བར་རིགས་པས་གྲུབ་པ་གང་ཡིན་པ་དེ་ནི་དེ་ལྟར་གཟུང་བར་རིགས་སོ་ཞེས་འདི་ལྟར་གཞན་རྣམས་ལ་དཔྱད་པའི་སྒོ་ཙམ་དུ་བརྗོད་པ་ཡིན་གྱི། རི་མོའི་ལམ་ནས་དྲངས་ཏེ་འདི་སྐོར་ལ་ཞིབ་དཔྱད་མ་གྲུབ་ཀྱང་། དོགས་གནད་ཆེན་པོ་འདི་དག་ལ་དཔྱད་པའི་སྒོ་འདི་ཙམ་རབ་ཚེས་ལྕགས་ཕག་ཟླ་༢ཚེས་༡༤ལ་ཐུན་གསེང་ཞིག་ཏུ་མི་ཕམ་པས་འཕྲལ་དྲན་མགྱོགས་པར་ཡི་གེར་བྲིས་པ་དགེའོ། ༈ །གཞན་ཡང་ཁྱིམ་གཅིག་གི་ཡུལ་གྱི་ཆུ་ཚོད་མདའ་ཡོན་ཟླ་བ་སུམ་ཅུས་བགོས་ཐོབ་བམ། རྒྱུ་སྐར་ཡུལ་གྱི་ཆུ་ཚོད་སུམ་
བརྒྱ་དྲུག་ཅུས་བགོས་ཐོབ་དབྱུག་བཞི་སྲང་སུམ་ཅུ་འདི་༣༠༤༠ཉི་མས་ཁྱིམ་ཞག་གཅིག་རྒྱུ་སྐར་ཆུ་ཚོད་ཅི་ཙམ་ཆོད་པའི་ཚད་དེ། ཁྱིམ་ཞག་གི་རྟག་ལོངས་སོ། །དེ་ནས་ས་ཚིགས་སྔ་མ་སྔ་མའི་ལྡོག་གཉིས་མཉམ་གཉིས་ལ། འདི་བྱིན་པས་ཕྱི་མ་ཕྱི་མའི་དེ་དང་འཆར་ཞིང་། དེ་ལྟར་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུས་ལོ་གཅིག་གི་དུས་འཁོར་བ་ཡིན་ཏེ། རྟག་ལོངས་དེའི་གནས་སྟེང་འོག་གཉིས་ཀ་སུམ་བརྒྱ་དྲུག་ཅུས་བསྒྱུར་ནས་དྲིལ་བས་རྒྱུ་སྐར་ཡུལ་གྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་འཆར་ཏེ་ལོ་གཅིག་རྫོགས་པ་ཡིན། རྟག་ལོངས་དེ་བཅོ་ལྔས་བསྒྱུར་བས་ཁྱིམ་ཞག་བཅོ་ལྔའི་ལོངས་སྤྱོད་༡༣ ༠༢ ༡༣༠ འདི་འཆར། རྟག་ལོངས་དེའི་ཕྱེད་ནི་༡༠༢༥ འདི་ཡིན་ཏེ། དབྱུག་ཟུང་སྲང་བཅོ་ལྔ་འདི་ཁྱིམ་ཞག་གཅིག་གི་ཕྱེད་ཀྱི་ལོངས་སྤྱོད་དོ། །འདི་དང་གོང་བཤད་རི་མོ་གནད་གཅིག་ཏུ་འཆར་རོ། །འདི་ཡང་ཞར་བྱུང་དུ་མི་ཕམ་པས་སྨྲས་པ་དགེའོ། ༈ །རྒྱུད་འགྲེལ་ལས། ལྷོ་གླིང་དབུས་མའི་ཚངས་ཐིག་ཏུ་དབྱར་དགུན་གྱི་ཉི་ལྡོག་གི་ཚད་དངོས་སུ་གསུངས་ཀྱི། དུམ་བུ་གཞན་གྱི་ལྡོག་ཚད་གསུངས་པ་མེད་ཀྱང་། ལྷོ་གླིང་དབུས་མར་ལྡོག་ཚད་དེ་ལ་ཉི་མ་སླེབས་ཚེ། ས་དུམ་བུ་བཅུ་གཉིས་སུ་སོ་སོར་དཔྱིད་ར་བ་སོགས་དུས་བཅུ་གཉིས་ཐ་དད་དུ་བྱེད་པར་གསུངས་པས། ཚད་འདིས་དུམ་བུ་གཞན་གྱི་ཉི་ལྡོག་ཀྱང་ཤེས་སླ་བས་སོ་སོའི་ལྡོག་ཚད་མ་གསུངས་པ་ཡིན་གྱི་དུམ་བུ་སོ་སོར་ཉི་ལྡོག་གི་ཚད་སོ་སོར་མེད་པ་མ་ཡིན་ན་ཡང་། སོ་སོའི་ལྡོག་ཚད་མ་གསུངས་པས་གླིང་ཐམས་ཅད་ཉི་
མ་ལྡོག་ཉིན་གཅིག་ཡིན་ཅེས་འདོད་པ་ནི་ཤིན་ཏུ་བརྩིངས་ཏེ། ཉི་མ་སྐར་དྲུག་དབྱུ ག་ཞེ་ལྔ་སླེབས་པའི་དུས་དེ་ཙམ་ལ་གླིང་ཐམས་ཅད་ལ་ཁྱད་མེད་མོད། དེའི་ཚེ་ཉི་མ་ཁྱིམ་དེའི་རྒྱུ་སྐར་གྱི་རྐང་པ་དེ་ལ་གནས་པས་གླིང་སོ་སོ་ལ་ཟླ་བ་བཅུ་གཉིས་ཀྱི་ཐ་སྙད་སོ་སོར་བྱེད་ཅིང་། ཁྱིམ་ཞག་གི་དབང་དུ་བྱས་པའི་ལྡོག་གཉིས་མཉམ་གཉིས་སོགས་ཀྱི་དུས་མི་འདྲ་བ་བྱེད་དེ། ཉི་མ་སྐར་དྲུག་ཆུ་ཚོད་ཞེ་ལྔ་སླེབས་པའི་དུས་ཀྱི་ཉིན་ཞག་དེ་ལ་ལྷོ་གླིང་དབུས་མའི་ཚངས་ཐིག་གི་དབྱར་ཉི་ལྡོག་ཚད་དང་། ཤར་གླིང་དབུས་མའི་ཚངས་ཐིག་ཏུ་སྟོན་མཉམ་གྱི་ཚད་དང་། ནུབ་གླིང་དབུས་མའི་ཚངས་ཐིག་ཏུ་དཔྱིད་མཉམ་གྱི་ཚད་དང་། བྱང་གླིང་དབུས་མའི་ཚངས་ཐིག་ཏུ་དགུན་ཉི་ལྡོག་ཚད་འཁྲུལ་མེད་ཡིན་པ། དེས་མཚོན་ནས་རགས་པར་དུམ་བུ་བཅུ་གཉིས་སུ་ཟླ་བ་བཅུ་གཉིས་དང་། ཞིབ་པར་ཁྱིམ་ཞག་གི་དབང་དུ་བྱས་ཏེ་ས་ཚིགས་སུམ་བརྒྱ་དྲུག་ཅུར་ལོ་གཅིག་གི་ཞག་སུམ་བརྒྱ་དྲུག་ཅུ་འཁོར་ཚུལ་ཤེས་ཏེ། ཞག་གཅིག་པོ་དེ་ལ་ཡང་ས་ཚིགས་རེ་རེའི་ཆ་སྔ་ཕྱིའི་དབང་གིས་དབྱུག་སྲང་དབུགས་དང་ཆ་ཤས་ཀྱི་བར་གྱི་ཁྱད་ཡོད་པའི་ལོ་གཅིག་གི་དུས་འཁོར་ལོ་བཞིན་དུ་འཁོར་བ་རྟོགས་ནུས་སོ། །དེ་ལྟར་མིན་ན་ཉི་མ་ཀརྚའི་ཁྱིམ་ལ་སླེབས་ཚེ་གླིང་དུམ་བུ་བཅུ་གཉིས་པོ་ཐམས་ཅད་ན་དབྱར་འབྲིང་པོ་འབའ་ཞིག་གནས་པར་ཁས་ལེན་དགོས་པར་འགྱུར་རོ། །གཞན་ཡང་ཉི་ལྡོག་སུམ་བརྒྱ་དྲུག་ཅུ་ཡོད་པ་དང་། ཉིན་ཞག་གཅིག་གི་ཆ་སྔ་ཕྱིར་ལྡོག་པར་འདོད་པ་ཉི་ལྡོག་ལ་གོ་བ་མ་ཆགས་པ་ཡིན་ཞེས་མཁས་པ་དག་གིས་གསུངས་
ན་ཡང་གླིང་བཅུ་གཉིས་སུ་དཔྱིད་ར་བ་སོགས་དུས་བཅུ་གཉིས་སོ་སོར་གནས་པ་རྒྱུད་དང་འགྲེལ་བའི་ལུགས་དེ་ཁས་བླངས་ཀྱིས་ལྡོག་ཚིགས་མི་འདྲ་བ་ཡོད་པར་ཁས་མ་བླང་ན་དེ་ལྟར་མི་འགྲུབ་པའི་ཕྱིར་ས་ཐམས་ཅད་ལ་ཉི་ལྡོག་གཅིག་ཡིན་ཟེར་བ་དག་གི་གོ་བ་ཆགས་ཚུལ་དཔྱད་བྱར་སྣང་ངོ་། །གཞན་དག་རྒྱུད་རྩ་འགྲེལ་གྱི་དགོངས་པ་དྲང་དོན་དུ་བཟུང་ནས། གླིང་ཐམས་ཅད་དུ་དུས་བཅུ་གཉིས་འདྲ་ཞིང་ཁྱད་མེད་པར་འདོད་པའི་ལུགས་ལ། ཉི་མ་རིང་ངམ་ཐུང་ངུས་གང་ཡིན་ཀྱང་ཉི་ཟླ་ཐད་ཀར་རྒྱུ་སྐར་འཁོར་བྱེད་ལ་བབ་པའི་ཚེ་ཟླ་བ་ཉ་གང་བ་ཡིན་ལ། དེ་དུས་ཀྱི་ཉིན་མོ་རྫོགས་པ་དང་མཚན་མོའི་ཟླ་བ་ཤར་ནས་ནུབ་པའི་དུས་སུ་མཚན་རྫོགས་པ་ནི་སྤྱི་ཙམ་དུ་གླིང་གང་ལའང་ངེས་པ་ཡིན་ན། གླིང་གང་དང་གང་གི་ཡང་ཉིན་མོ་རིང་བ་མཐར་ཐུག་དུས་ཆུ་ཚོད་སོ་དྲུག་ཡིན་པ་ལྟ་བུ་མཚོན་ན། གླིང་དེའི་ཉིན་མོའི་ཆ་ཇི་ཙམ་པ་དེ་ཡི་ཡུན་མདུན་གྱི་གླིང་བདུན་པར་མཚན་མོ་རིང་བ་ཡིན་དགོས་ཏེ། གླིང་གང་ལ་ཉི་འོད་སྣང་ནས་ཉིན་མོར་གྱུར་པ་དེ་སྲིད་མདུན་གླིང་ལ་ཉི་འོད་མི་ཕོག །གླིང་གང་ལ་ཉི་མ་ཐུང་བ་མཐར་ཐུག་དུས། མདུན་གླིང་ལ་མཚན་མོ་དེ་ཙམ་ཐུང་ཤིང་ཉིན་མཚན་གྱི་ཆ་དེ་བསྡོམས་ན་ཉིན་ཞག་གཅིག་གི་ཚུ་ཚོད་དྲུག་ཅུ་ལྷག་ཆད་མེད་པར་འབྱུང་དགོས་མོད། གླིང་འདིར་ཉི་མ་རིང་ཚེ་མདུན་གླིང་ལ་ཡང་ཉི་མ་དེ་ཙམ་རིང་བ་ཡིན་ན་གཉིས་ཀའི་ཚད་བསྡོམ་པས་ཆུ་ཚོད་བདུན་ཅུ་དོན་གཉིས་འོང་བས་ཉིན་ཞག་གཅིག་གི་ཚད་ལས་ཆུ་ཚོད་
བཅུ་གཉིས་ལྷག་པར་འགྱུར་བའི་རྒྱུ་མཚན་ཅི་ཡིན་སྨྲོས་ཤིག །དེ་བཞིན་གླིང་འདིར་ཉི་མ་ཐུང་དུས་ཆུ་ཚོད་ཉེར་བཞི་ཡིན་པ་ལྟར་ན། མདུན་གླིང་ལ་ཡང་དེ་དང་འདྲ་བའི་ཉིན་ཞག་ཕྲུག་གཅིག་ལ་ཆུ་ཚོད་ཞེ་བརྒྱད་ལས་མེད་པས་ཆུ་ཚོད་བཅུ་གཉིས་ཅི་ལ་འཆད། གོ་ལའི་རླུང་འགྲོས་ལ་བརྟེན་ནས་ཉི་མས་གླིང་བཞི་འཁོར་བའི་ཡུན་ནི་ཉིན་ཞག་གཅིག་སྟེ་ཆུ་ཚོད་དྲུག་ཅུར་ངེས་ལ་དེ་ནི་ཁྱེད་ཅག་གིས་ཀྱང་ཁས་མ་བླངས་སམ། གཞན་ཡང་རྔ་བན་ཀུན་དགའི་རྩིས་གསར་གྱི་ལུགས་ལ་གླིང་ཐམས་ཅད་དུས་བཞི་གཅིག་པར་ཁས་བླངས། དེའི་རང་ལུགས་ལ་ཉིན་རིང་དུས་ཆུ་ཚོད་བཞི་བཅུ། མཚན་ཉི་ཤུར་འདོད་པ་དེ་ལྟར་ན། གླིང་འདི་དང་མདུན་གླིང་གཉིས་ཀར་ཉི་མ་རིང་དུས་ཉིན་མཚན་ཕྲུགས་གཅིག་ལ་ཆུ་ཚོད་བརྒྱད་ཅུ་དང་། ཐུང་དུས་ཆུ་ཚོད་བཞི་བཅུར་འགྱུར་བ་ཡིན་ལ། ལུགས་དེས་ཀྱང་ཉིན་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུར་ངེས་པ་དང་། དུས་སྦྱོར་བཅུ་གཉིས་ཀྱི་རེ་རེ་ཡང་ཆུ་ཚོད་ལྔ་རེ་ལྔ་རེའི་འཆར་ཚད་ཅན་དུ་ཁས་བླངས་ནས་རྒྱུད་འགྲེལ་གྱི་ལུགས་དེ་མུ་སྟེགས་ཀྱི་ལུགས་དྲང་དོན་ཡིན་ཅེས་ཤིན་ཏུ་མི་རིགས་པར་སྨྲ་བ་ཡང་བྱུང་ངོ་། །ལུགས་དེའི་ལྟར་ན་ལོ་གཅིག་ལ་སྟོན་དཔྱིད་མཉམ་གཉིས་ཀྱི་དུས་སུ་གྱུར་པའི་ཟླ་བ་གཉིས་ཙམ་མ་གཏོགས་ཟླ་བ་ཉ་གང་བའི་དུས་གཞན་རྣམ་པ་ཀུན་ཏུ་མེད་པར་འགྱུར་ཏེ། གང་དུ་ཉི་མ་གནས་པའི་རྒྱུ་སྐར་ཆུ་ཚོད་དེ་ནས་རྩིས་པའི་འཁོར་ཕྱེད་ཀྱི་སར་ཟླ་
བ་ཡོད་ཚེ་ཉ་གང་བ་ཡིན་པ་ལ། ལུགས་འདིས་ཁྱིམ་ཐམས་ཅད་ཆུ་ཚོད་ལྔ་རེར་མཉམ་པར་ཁས་བླངས་པས། ཉི་མ་གནས་པའི་ཁྱིམ་ནས་བརྩིས་པའི་ཁྱིམ་དྲུག་གི་ཆུ་ཚོད་སུམ་ཅུ་རྫོགས་པའི་ཁྱིམ་བདུན་པ་ལ་ཟླ་བ་གནས་ཚེ་ཉ་གང་རྩི་བར་རུང་ཡང་། དེ་ལས་ཉི་མ་དང་བར་ཐག་ཐུང་ངམ་རིང་ཡང་ཟླ་བ་ཉ་གང་བའི་ཐབས་མེད་པའི་ཕྱིར། རྟག་ཏུ་ཉི་མ་གནས་པའི་ཁྱིམ་གྱི་ཆུ་ཚོད་དེ་ནས་ཆུ་ཚོད་སུམ་ཅུ་རྫོགས་པའི་ཁྱིམ་དྲུག་སོང་མཚམས་བཅོ་ལྔའི་ཟླ་བ་ཡོད་དགོས་ཀྱང་། མཉམ་གཉིས་ཀྱི་དུས་མིན་པའི་ཟླ་བ་བཅུ་ལ་ཉི་མ་རིང་བའམ་ཐུང་བའི་དུས་སུ་དེ་ལྟར་མི་འོང་བར་མངོན་སུམ་གྱི་གྲུབ་ཅིང་། དེ་ཡི་རྒྱུ་མཚན་ཁྱིམ་འཆར་ཚད་ལ་རིང་ཐུང་ཡོད་པས་རིང་བ་རྣམས་ཉིན་མོར་གྱུར་ཚེ་ཉིན་རིང་། མཚན་མོར་གྱུར་ཚེ་མཚན་རིང་བར་གྱུར་ཀྱང་ཟླ་བ་ཉ་བའི་ཚེ་ཉི་ཟླ་གཉིས་འཁོར་ཕྱེད་ཀྱི་ཚད་དུ་ཐད་ཀར་གནས་པ་ནི་ནམ་ཡང་ངེས་པ་དེའི་རྒྱུ་མཚན་ལས་ཡིན་ནོ། །དེར་མ་ཟད་ལུགས་དེའི་རྩིས་འཕྲོ་རྣམས་ཀྱང་། སྐར་དྲུག་ཞེ་ལྔར་དབྱར་ཉི་ལྡོག་པར་གསུངས་པ་དེ་ས་ཐམས་ཅད་ཀྱི་ཉི་ལྡོག་གི་ཚད་ཡིན་པར་བཟུང་ནས། རང་ཅག་གི་ས་འདིའི་ཉི་མ་ལྡོག་ཉིན་ཀྱང་ཉི་དག་ལ་སྐར་དྲུག་ཞེ་ལྔ་འཆར་བའི་ཕྱིར་རྩིས་འཕྲོ་མང་དུ་བཏང་། དེ་མིག་སྐར་དང་མི་འགྲིགས་པས་གཅིག་ཐ་སྐར་ནས་བརྩི་བ་སོགས་ཀྱིས་མངོན་སུམ་གྱིས་བརྟག་བྱ་གཟའ་སྐར་ལྷོ་བྱང་དུ་བགྲོད་པའི་འགྲོས་དང་རྗེས་དཔག་དང་རྒྱུད་རྩ་འགྲེལ་གྱི་ལུང་དང་འགལ་ཚབས་ཆེར་སྣང་མོད་
དེའི་ལུགས་ལ་སྔར་དཔྱད་པ་ཞིག་པ་གྱིས་ཟིན་ལས་འདིར་མ་སྤྲོས་སོ། །འདི་དག་གཞན་དགག་འདོད་ཀྱིས་སུན་འབྱིན་སྨྲ་བ་གཙོ་ཆེར་བྱས་པ་མིན་ཏེ། གཞན་པ་དེ་དག་གིས་ཀྱང་རྒྱུད་རྩ་འགྲེལ་གྱི་དགོངས་དོན་ལ་རང་བློ་གང་ལྕོགས་རེའི་འདོད་པ་རྣམ་པར་བཞག་པ་ཡིན་ལ། ཁོ་བོས་ཀྱང་རང་བློས་གང་དཔོག་རེའི་རྒྱུད་དོན་ལ་བྱི་དོར་བྱར་བའི་བསམ་པས་ཡིན་ཀྱང་། སུ་ལའང་རང་འདོད་དེར་རང་ངོར་གྲུབ་པ་ལྟར་རེ་ཞིག་སྣང་མོད། དཔྱད་པའི་སྒོ་འདི་དག་ལ་བརྟེན་ནས་གངས་ཅན་རྩིས་རིག་སྨྲ་བ་རྣམས་ཀྱིས་རྒྱུད་དོན་དྲི་མེད་ལ་ངེས་པ་རེ་རྙེད་ན་ཐེ་ཚོམ་མེད་པའི་ཡིད་བདེ་བར་འགྱུར་ཕྱིར། ངའི་འདི་ནི་ཡིན་ལ་གཞན་གྱིས་མ་ཤེས་སོ་ཞེས་རློམས་པ་མེད་པར་དཔྱད་པའི་སྒོ་ཙམ་དུ་མི་ཕམ་པས་སྨྲས་པ་འདི་ལ་མཁས་པ་དག་གིས་ཐུགས་གཞིག་མཛད་ན་ལེགས་སོ་ཞེས་ལྕགས་ཕག་ཟླ་བ་གསུམ་པའི་ཚེས་བཅུ་ཐུན་གསེང་ལའོ། །མངྒ་ལཾ། །