གདམས་ངག་སངས་རྒྱས་ལག་བཅང་མ།
གདམས་ངག་སངས་རྒྱས་ལག་བཅང་མ་ཞེས་བྱ་བ་བཞུགས་སོ།།
རྒྱལ་ཀུན་མཁྱེན་རབ་ངོ་བོ་འཇམ་པའི་དབྱངས། །དྲན་པ་ལས་འཁྲུལ་སྣང་མུན་པ་ཀུན་སེལ་བ། །ཡིད་ཀྱི་དཔལ་གྱུར་ལྷག་པའི་ལྷ་མཆོག་ལ། །དོན་དམ་རང་ངོ་ཤེས་པས་ཕྱག་བགྱིའོ། །སྲིད་པའི་སྡུག་བསྔལ་རྒྱ་མཚོ་མི་བཟད་པ། །བརྒལ་བར་འདོད་པས་ལེགས་པར་བཙད་བཅད་ནས། འཁྲུལ་པའི་སེམས་ཀྱི་སྤྲུལ་པར་ལེགས་རྟོགས་ནས། །དེ་ཡི་རྫུན་ཕུག་ཆོས་ཀྱི་དབྱིངས་སུ་གཅོད། །འདི་ལྟར་ནམ་མཁས་ཁྱབ་པའི་འགྲོ་དྲུག་གི། སྣང་བ་དཔག་ཏུ་མེད་པ་སྣང་བ་ཡང་། །ལས་ཀྱི་མཐུ་སྟེ་སྣ་ཚོགས་སོ་སོར་སྣང་། །ལས་
༄༅། །ནི་ཉོན་མོངས་དབང་གིས་འབྱུང་བ་སྟེ། ཇི་ལྟར་ས་བོན་ལ་བརྟེན་མྱུ་གུ་བཞིན། །དེ་ཡི་དབང་གིས་དེ་འབྱུང་རྟེན་འབྲེལ་མཐུ། །ཉོན་མོངས་རྣམས་ནི་བདག་ཏུ་འཛིན་པ་ཡིས། །ཡུལ་ལ་དམིགས་ནས་བླང་དོར་ཞེན་པས་འབྱུང་། །ལས་དང་ཉོན་མོངས་རྒྱུ་ལས་བྱུང་བ་ཡི། །སྣང་བ་རྣམས་ནི་དེ་ལྟར་ཞེན་རྣམས་ལ། །བདེན་བདེན་ཡོད་ཡོད་ངེས་ངེས་ལྟར་སྣང་བས། །ཇི་ལྟར་སྣང་བ་དེ་ལྟར་བདེན་པར་འཛིན། །འཛིན་པའི་དབང་གིས་ཡུལ་ལ་བརྟེན་ནས་སུ། །བདེ་སྡུག་སྣ་ཚོགས་མྱོང་བ་མངོན་སུམ་སྣང་། །སྣང་
དུས་ཉིས་ནས་ཡུལ་དང་ཡུལ་ཅན་དུ། །མ་གྲུབ་གང་གིས་མྱོང་དང་གང་ཞིག་མྱོང་། །བརྟགས་ན་དབེན་པ་སྟོང་པའི་རང་བཞིན་ཀྱང་། །དེ་ལྟར་མ་ཤེས་མ་གོམ་མ་འཁྲུལ་པ་རྣམས། །གཉིས་འཛིན་དམ་པོས་མེད་ཀྱང་ཡོད་ལྟ་བུ། །ཚོར་བའི་དབང་གིས་སྲིད་པར་ལྡོག་མེད་སྐྱེ། །ཇི་ལྟར་རྨི་ལམ་དག་ན་གང་སྣང་བ། །རང་སྣང་ཙམ་སྟེ་གཉིས་སུ་མ་གྲུབ་ཀྱང་། །གཉིས་སུ་སྣང་ཞིང་གཉིས་ལྟར་ཞེན་པར་སྐྱེ། །དེ་ཡི་དབང་གི་བདེ་སྡུག་མྱོང་བ་འདྲ། །བདེ་བའི་ཕན་དང་སྡུག་བསྔལ་གྱིས་གནོད་པ། །སེམས་ལ་མ་བྱས་བར་དུ་ཕན་གནོད་བྲལ། །སེམས་མེད་རྣམས་ལ་ཅི་ཞིག་ལྟ་བུར་ཡང་། །བདེ་བས་ཕན་དང་སྡུག་བསྔལ་གནོད་པར་བྱེད། །སེམས་ལས་གཞན་པའི་བདེ་དང་སྡུག་བསྔལ་ནི། །སེམས་དང་ནམ་ཡང་ཕྲད་པར་མི་རིགས་ཏེ། །ཆ་མེད་སེམས་ནི་གཞན་དང་འདྲ་བ་མེད། །རང་སེམས་རྣམ་པ་གང་དུ་གསལ་ཙམ་ལ། །བདེའོ་སྡུག་གོ་སྙམ་དུ་ངོ་བོས་འཁྲུལ། །གང་ལ་མྱང་བྱ་
མྱོང་བྱེད་གཉིས་མེད་ན། །གང་གི་གང་ལ་ཕན་གནོད་ཇི་ལྟར་བྱེད། །གསལ་བ་ཙམ་ནི་མེ་ལོང་གཟུགས་བརྙན་འདྲ། །ཇི་ལྟར་སྣང་ཡང་སྣང་ཙམ་ཕན་གནོད་བྲལ། །དཀར་དང་སྔོན་པོའི་གཟུགས་བརྙན་མི་འདྲ་ཡང་། །གཉིས་ཀ་བརྙན་ཙམ་གཅིག་བདེ་གཅིག་མི་སྡུག །དེ་བཞིན་བདེ་དང་སྡུག་བསྔལ་མི་འདྲ་ཡང་། །གསལ་ཆ་ཙམ་སྟེ་གཅིག་ཕན་གཅིག་མི་གནོད། །བྱ་བྱེད་གཉིས་མེད་ཆ་དང་བྲལ་བ་ཡི། །རང་གིས་རང་ལ་ཕན་གནོད་བརྟག་ཀྱང་རྫུན། །སེམས་ཀྱི་ངོ་ངོ་སྟེང་ན་དེ་ལྟ་བུའི། །ཡུལ་དང་ཡུལ་ཅན་གཉིས་སུ་མ་གྲུབ་པས། །གང་ཤར་འདྲ་བ་ཉིད་དེ་གསལ་ཙམ་ལས། །ཕན་གནོད་གང་ཡིན་བརྟགས་ན་ཤིན་ཏུ་དབེན། །འོན་ཀྱང་ངར་མེད་པ་ལ་ངར་གཟུང་ནས། །ཡུལ་གྱིས་ང་ལ་ཕན་དང་གནོད་སྙམ་དུ། །གཉིས་སུ་མེད་བཞིན་གཉིས་སུ་ནན་བརྟགས་པས། །བདེ་དང་སྡུག་བསྔལ་བདག་གིས་མྱོང་ལྟར་སྣང་། །རང་ངོའི་སྣང་བ་བསླུ་མེད་སྣང་དེ་ལ། །ཞེན་པའི་དབང་གིས་སྲེད་པ་མི་
སྤོངས་ཏེ། །རྟག་ཏུ་འདོད་ལེན་འདུ་ཤེས་སྣ་ཚོགས་ཀྱི། །འཁོར་ལོ་ཁོར་མོ་ཡུག་ཏུ་བསྐོར་བར་བྱེད། །ཐོག་མེད་གོམས་པའི་རང་གཟུགས་བདེན་སྣང་འདི། །འཐས་པར་སྣང་བས་ཞེན་པ་གསོས་བཏབ་ནས། །མེད་པར་ཤེས་ཀྱང་འཕྲལ་ཕན་མི་འབྱུང་བས། །གོམ་པར་སྔ་མའི་གཤིས་ངན་འདོར་བར་དཀའ། །དེ་ལྟར་ན་ཡང་སྲིད་པའི་བདེ་སྡུག་མཐའ། །སེམས་ལ་ཐུག་པར་བློ་ཡིས་ཐག་ཆོད་ནས། །སེམས་ཀྱི་རང་བཞིན་སེམས་ཀྱིས་ཡོངས་བཙལ་ཚེ། །གལ་ཏེ་སེམས་ལ་བདེ་སྡུག་མྱོང་བ་པོའི། །བདག་དང་མྱང་བྱའི་ཚོར་བ་གཉིས་ཡོད་ན། །དེ་ནི་བདག་གིས་བཟློག་པར་མི་ནུས་མོད། །གསལ་ཙམ་རིག་ཙམ་རང་གིས་མྱོང་བ་འདི། །སེམས་ཡིན་འདི་ལས་གཞན་པའི་སེམས་མི་སྲིད། །འདི་ལས་མྱང་པོ་མྱང་བྱ་གཉིས་མེད་ཅིང་། །གསལ་ཙམ་མ་འགག་ཆུ་ནང་ཟླ་བ་འདྲ། །གསལ་བ་ཙམ་དེའི་ངོ་བོའང་ལེགས་བརྟགས་ན། །ཕྱི་ནང་གང་དུ་མི་དམིགས་ཆ་དང་བྲལ། །སྟོང་བཞིན་སྣང་བ་སྨིག་རྒྱུ་ལྟ་བུ་ནི། །རང་གིས་རང་མྱོང་
རྫུན་ཕུག་བརྡིབ་པའི་ཚེ། །བཞེས་གདགས་པའི་གཞི་དང་ཆོས་ཞེས་སུ། །འདོགས་པའི་ཡུལ་བྲལ་ཟང་མ་ཐལ་འབྱུང་ལ། །འཁོར་བ་ཅིག་བདེ་དར་སྡུག་བསྔལ་ཅི། །བདག་དང་གཞན་དང་བཟང་ངན་གང་ཞིག་ཡིན། །འདི་ནི་སུས་ཀྱང་མ་བཅོས་རང་ངོ་བོས། །གཞི་མེད་ཙ་བྲལ་ཡིན་ལུགས་འདི་དག་ལ། །གློ་བུར་རྟོག་པས་ང་བདག་ཡུལ་རྣམས་སུ། །བཏགས་པའི་དབང་གིས་འཁོར་བའི་སྡུག་བསྔལ་བྱུང་། །བྱུང་ཡང་རང་སེམས་འཁྲུལ་བ་འདི་ལས་བྱུང་། །ཐིམ་ཡང་རང་སེམས་གཉིས་མེད་འདི་རུ་ཐིམ། །ཡིན་ལུགས་འདི་འདྲ་མ་ཤེས་འཁོར་བའི་མཚོ། །སྐོམས་པའི་ཐབས་གཞན་རྒྱལ་བས་གསུངས་པ་མེད། །འདི་ལྟར་གཤིས་ཀྱི་དོན་ལ་ལེགས་གཞལ་ན། །དམིགས་པའི་སྤྲོས་པ་ཀུན་གྱིས་དབེན་པའི་ཕྱིར། །ཡེ་སྟོང་ཆེན་པོ་ནམ་མཁའི་དང་ཚུལ་འདྲ། །ཅི་མེད་སྟོང་པ་མཁའ་ལྟར་ཆད་པ། །འཁོར་འདས་སྣང་བ་འབྱུང་བར་མི་འཐད་པས། །གསལ་མདངས་ལྷུན་གྲུབ་
འཁའ་ལ་ཉི་ཤར་འདྲ། །དམིགས་གཏད་ཅན་གྱི་གསལ་བ་མ་དམིགས་ཤིང་། །མ་དམིགས་དེ་ལས་སྟོང་པ་གཞན་མེད་པས། །གསལ་དང་སྟོང་པ་འདི་ན་ཐ་སྙད་ཀྱིས། མདུང་ཁྱིམས་བཞིན་དུ་ཕན་ཚུན་བརྟེན་ཏེ་བརྟགས། །བརྟགས་ཀྱང་ཐ་སྙད་དོན་མཐུན་ཡིན་ཕྱིར། །འདི་ལ་བརྟེན་ནས་དོན་ལ་འཇུག་མོད་ཀྱི། །དོན་གྱི་ངོ་བོ་སོ་སོ་རང་གིས་ནི། །རིག་པར་བྱ་ལ་ཕྱོགས་ཆ་གཉིས་མེད་པས། དབྱེར་མེད་བརྗོད་བྲལ་མཉམ་པ་ཉིད་ཀྱི་གཤིས། །མ་སྐྱེས་མི་འགགས་རྒྱ་ཆད་ཕྱོགས་ལྷུང་བྲལ། །ཐམས་ཅད་དེ་ཡི་ངང་སྟེ་དེ་ལ་ནི། །ཕྱོགས་དང་དུས་ཀྱི་དབྱེ་བ་འགའ་ཡང་མེད། །ཐིག་ལེ་ཉག་གཅིག་ཀུན་ཁྱབ་ཆོས་ཀྱི་དབྱིངས། །ཡང་དག་མཐའ་སྟེ་རྫོགས་པ་ཆེན་པོའི་ཚུལ། །ཆོས་ཉིད་འགྱུར་མེད་དོན་གྱི་བཞུགས་ཚུལ་འདི། །བྱར་མེད་གཤིས་ཡིན་བཅོས་མེད་བབས་ཀྱིས་བལྟ། །ཡིད་དཔྱོད་དྲྭ་བས་བསྒྲིབས་ན་མཐོང་མི་འགྱུར། །འདུས་མ་བྱས་པའི་འོད་གསལ་ཡེ་ཤེས་དང་། །འདུས་བྱས་
སེམས་ཀྱི་སྒོམ་པ་ནོར་ར་རེ། །མ་བཅོས་ལྷན་ཅིག་སྐྱེས་པའི་དེ་ཁོ་ན། །རང་སེམས་འོད་གསལ་ཤིན་ཏུ་དྲི་མེད་གནས། །རང་ལ་ཡེ་ནས་གནས་པ་ཉིད་ཀྱི་ཕྱིར། །བླ་མའི་མན་ངག་རྩོལ་མེད་ལམ་གྱི་ནི། །རང་བྱུང་ཡེ་ཤེས་རང་འོད་གསལ་བར་འགྱུར། །དེ་ཚེ་གདོད་མའི་གཞི་དབྱིངས་ཆེན་པོ་ལས། །ལས་རླུང་གཡོས་པའི་བཞོན་པ་ལ་བརྟེན་ནས། །ཀུན་རྟོག་འཁྲུལ་པའི་རང་གཟུགས་སྲིད་པའི་རྒྱ། །རང་གྲོལ་གཤིས་སུ་གཞི་རྩ་བྲལ་བར་ཡལ། །རགས་དང་ཕྲ་བའི་ལས་ཀྱི་རླུང་རྣམས་ཀུན། །ཐབས་ཀྱི་དབུ་མའི་ལམ་དུ་ཞུགས་པ་ཡང་། །རྡོ་རྗེ་ལུས་ཀྱི་གནས་ལས་འབྱུང་མོད་ཀྱི། །ཀུན་གྱི་མཐའ་ནི་འདི་ལ་ཐུག་པ་ཡིན། །དབུ་མ་རྟག་ཆད་བྲལ་བའི་དོན་ཉིད་དེ། །གང་དུ་མི་གནས་སྙིང་པོའི་བཞུགས་ཚུལ་ཉིད། །དེ་ཉིད་མཐོང་བ་གཉིས་མེད་ཡེ་ཤེས་ཡིན། །དེ་ཡི་གདངས་འབྱེད་ཡེ་ཤེས་རླུང་ཞེས་བྱ། །དེ་ཕྱིར་ཡེ་ཤེས་དབུ་མའི་གྲོང་ཁྱེར་དུ། །
ལས་རླུང་ཡན་པོར་ཞོན་པའི་རྣམ་ཤེས་ཀྱི། །སྒྱུ་འཕྲུལ་སྲེད་པའི་གྲོང་ཁྱེར་ཞིག་པ་ལ། །ལས་རླུང་དབུ་མར་ཐིམ་པའི་ཐ་སྙད་བཏགས། །གནད་དེ་བོར་ནས་ཐབས་མཁས་ལམ་གྱི་ནི། །དམིགས་པ་ཙམ་ལ་མཐར་ཐུག་དོན་བཟུང་སྟེ། །ལུས་དབུས་རྒྱུ་སྟོང་ལྟ་བུར་ཁ་སྣའི་དབུགས། །བསྡུས་པས་སངས་རྒྱས་ཐོབ་ཅེས་ཞེ་འདོད་ཀྱི། །མཐིལ་དུ་བཟུང་ནས་རླུང་སྡུད་སྦྱོར་བ་ཡི། །ཐབས་དེར་མ་བརྟེན་གྲོལ་ལམ་ཐེ་ག་རྩིའི་གནད།རྡོ་རྗེ་ཐེག་པའི་མྱུར་ལམ་མ་ཡིན་ཞེས། །བརྙས་པར་བྱེད་རྣམས་ཀྱེ་མའོ་ཤིན་ཏུ་འཁྲུལ། །བརྩོན་འགྲུས་ཆེན་པོའི་རྡོ་རྗེའི་ལུས་གནད་ལ། །བརྟེན་དེ་རིམ་གྱུས་ལས་རླུང་དགག་པ་ཉིད། །རྡོ་རྗེ་ཐེག་པའི་མྱུར་ལམ་ཡིན་མོད་ཀྱི། །ཐེག་རྩེ་ཤིན་ཏུ་རྣལ་འབྱོར་དགོངས་པའི་དོན། །ཤེས་རབ་ཆེན་པོས་རང་གནས་ཡེ་ཤེས་ལ། །བརྟེན་ནས་ལས་རླུང་རང་གྲོལ་ལམ་མཆོད་འདིར། །ལྟོས་ན་ཚེགས་ཆེ་བུལ་ཞིང་གེགས་མང་བས། །བདེ་
ཞིང་མྱུར་ལམ་འདི་ལས་མཆོག་གཞན་མེད། །དེ་ལྟར་གདོད་མའི་གཞི་དབྱིངས་ཆེན་པོའི་དོན། །རང་སེམས་འོད་གསལ་སྔགས་ཀྱི་དེ་ཁོ་ན། །བླ་མའི་མན་ངག་ལམ་ལ་བརྟེན་ནས་སུ། །དགོངས་བརྒྱུད་བྱིན་རླབས་ཐོབ་པའི་རྟེན་འབྲེལ་ལས། །ལྷན་སྐྱེས་ཡེ་ཤེས་གསལ་བའི་མཐུས་མྱོང་ཚེ། །འཁྲུལ་པའི་རྫུན་ཕུག་གཞི་ལ་བརྡིབ་པའི་གདེང་། །རྣལ་འབྱོར་མཆོག་དེའི་ཡིད་ལ་ཐོབ་གྱུར་ནས། །ཕྱོགས་དང་དུས་ཀྱི་མུ་མེད་སྲིད་པའི་ཁམས། །འདི་ན་ཀུན་རྟོག་རྫུན་པས་སྤྲུལ་པའི་ཕྱིར། །ཇི་ལྟར་རྨི་ལམ་རང་ངོ་སྣང་བ་ལ། །དུས་ཀྱི་མཐའ་དང་ཕྱོགས་ཀྱི་མུ་མེད་ཀྱང་། །གང་ནས་མ་འོང་གང་དུ་མི་འགྲོ་ལ། །གཉིད་ཀྱི་རིང་ལ་བདེན་པར་སྣང་བ་ལྟར། །ཤེས་ནས་སྲིད་པས་འཇིགས་པར་མི་བགྱིད་ལ། །གཅིག་པུར་ཞི་བའི་གོ་འཕང་མི་འཚོལ་ཏེ། །སྲིད་ཞི་མཉམ་ཉིད་རྟོགས་པའི་ཤེས་རབ་ཀྱིས། །གོལ་འཆུགས་མེད་པར་སངས་རྒྱས་ས་ལ་འགྲོ། །ཨེ་མ་ཧོ། རང་
བྱུང་རིག་པ་བདེ་གཤེགས་སྙིང་པོ་ནི། །ངོ་བོ་ཉིད་ཀྱི་སྲིད་ཞིའི་མཐར་མི་གནས། །དེ་དོན་རྟོགས་ན་སྲིད་དང་ཞི་བ་ཡང་། །འཁྲུལ་པའི་རྫུན་ཕུག་བརྡིབ་དང་མཉམ་དུ་ཟད། །བློ་བྲལ་རྫོགས་པ་ཆེན་པོའི་རྣལ་འབྱོར་རྣམས། །གཉུག་མའི་ཡེ་ཤེས་མཁའ་དང་མཉམ་པར་བརྡལ། །ཐམས་ཅད་དེ་ཡི་རབ་སྟེ་སྣང་སྲིད་ཀུན། །གདོད་ནས་རྣམ་པར་དག་པའི་རང་བཞིན་ཉིད། །སྡུག་བསྔལ་ཀུན་འབྱུང་འཁོར་བའི་དྲི་མ་དང་། །འགྱུར་བའི་ཟུག་རྔུ་ཡོང་ཡེ་མི་མངའ་བའི། །མཁའ་མཉམ་བདེ་བ་ཆེན་པོའི་བདག་ཉིད་དུ། །ཡེ་སངས་རྒྱས་པ་ཆོས་སྐུའི་དགོངས་པ་ལ། །བཅས་བཅོས་མེད་པའི་རང་ས་ཟིན་པའི་གདེང་། །རྟོགས་པའི་དབང་གིས་ཐོབ་པར་གྱུར་པའི་ཚེ། །ཡེ་སངས་རྒྱས་པའི་རྣལ་འབྱོར་ལམ་མཆོག་སྟེ། །བྱ་རྩོལ་མེད་པར་འབྲས་ཆོས་མཐའ་དག་རྫོགས། །འདི་འདྲའི་ཐེག་པ་མཆོག་གི་དགོངས་དོན་ལ། །མོས་པ་ཙམ་ཡང་སངས་རྒྱས་དཔག་མེད་དྲུང་། །དགེ་བའི་རྩ་བ་བསྐྱེད་པའི་མཐུས་
ཡིན་ན། །ཚུལ་བཞིན་ཉམས་སུ་ལེན་རྣམས་སྐལ་བ་བཟང་། །བཟང་པོའི་བཟང་པོ་ཐེག་པ་དམ་པའི་མཆོག །ངོ་མཚར་འོད་ཟེར་བརྒྱ་ཡིས་མངོན་མཛེས་ཀྱང་། །དམུས་ལོང་ལྟ་བུའི་བློ་དམན་སྐལ་ངན་རྣམས། །མོས་པར་མི་འགྱུར་ཀྱེ་མའོ་ལས་ཀྱི་མཐུ། །རང་བྱུང་རིག་པ་འཇམ་དཔལ་གཞོན་ནུའི་དབྱིངས། །ཀུན་ལ་ཁྱབ་པར་བཞུགས་པའི་ཆོས་ཉིད་ཀྱི། །བདེན་པའི་མཐུ་དང་བདག་གི་ལྷག་བསམ་གྱིས། །དེང་ནས་འགྲོ་ཀུན་ལམ་མཆོག་འདིར་འཇུག་ཤོག །ཁྱད་པར་དུས་ཀྱི་སྙིགས་མ་བདོ་བའི་སྐབས། །ཐེག་པ་གཞན་གྱིས་གདུལ་བར་དཀའ་བའི་ཚེ། །ཐེག་མཆོག་རྒྱལ་པོའི་བསྟན་པ་དར་གྱུར་ནས། །འགྲོ་ཀུན་རྒྱལ་བའི་གྲོང་ཁྱེར་ཕྱིན་པར་ཤོག །འཇམ་པའི་རྡོ་རྗེ་ཞབས་ཀྱི་ཆུ་སྐྱེས་ལ། །གུས་པའི་ཡིད་ཀྱིས་མངོན་པར་ཕྱོགས་བྱས་ནས། །ལེགས་བཤད་མི་ཟད་སྨྲ་བའི་སྤོབས་པ་ཅན། །མི་ཕམ་རྣམ་པར་རྒྱལ་བས་སྤེལ་བ་འདི། །ལེགས་པར་བསམ་
ན་ཐེག་པའི་གནད་ཀུན་དང་། །སྙིང་པོའི་དོན་ཀུན་སྙིང་ལ་འཆར་བར་བྱེད། །དེ་ཕྱིར་དུས་ཀྱི་ཐ་མར་རབ་རྒྱས་ནས། །རྡོ་རྗེ་སྙིང་པོའི་བསྟན་ལ་ཕན་པར་ཤོག །ཅེས་པ་འདི་ནི་ཚིག་གི་སྡེབ་སྦྱོར་མཛེས་ཆོས་སྤངས་ཏེ། དོན་གྱི་ལུས་བཟང་རྫོགས་པར་ལོན་པ་རྡོ་རྗེ་བཙུན་མོའི་རྗེས་ཆགས་ཀྱི་དགའ་བ་ཡིན་པས་སྐལ་བཟང་རྣམས་ཀྱིས་འདོད་རྒུར་རྩེན་པར་གྱིས་ཤིག་ཅེས་རབ་ཚེས་ལྕགས་ཡོས་ས་ག་ཟླ་བའི་ཚེས་གསུམ་ལ་སྒྲུབ་ཁང་བདུད་ལས་རྣམ་རྒྱལ་དུ་མི་ཕམ་འོད་གསལ་རྡོ་རྗེས་ཤར་མར་སྤེལ་བ་དགེའོ། །མངྒ་ལཾ། སྣོད་མིན་ལ་གསང་ཞིང་སྣོད་ལྡན་ལ་བསྟན་པར་བྱའོ། །ཨྠྀི། ས་མ་ཡ། རྒྱ་རྒྱ་རྒྱ།། ༈ གདམས་ངག་སངས་རྒྱས་ལག་བཅངས་མའི། །སྐྱོང་ཐབས་གནད་ཀྱི་མན་ངག་བཞུགས། །འཁོར་འདས་ཀུན་ཁྱབ་དོན་དམ་དབྱིངས་ཀྱི་གཤིས། །རང་བྱུང་ཡེ་ཤེས་འཇམ་དཔལ་དཔའ་བོའི་གདངས། །རྩོལ་མེད་འོད་དུ་གསལ་བས་འགྲོ་ཀུན་གྱི། །སྒྲིབ་གཉིས་སྙིང་གི་མུན་པ་འཇོམས་གྱུར་ཅིག །ཀྱེ་
ཧོ། དལ་བའི་རྟེན་ལྡན་བློ་བཟང་རྣམས། །མི་རྟག་གློག་འདྲའི་ཚེ་འདི་མྱུར་འཇིག་ཅིང་། །ལས་འབྲས་བསླུ་བ་མེད་པའི་རྗེས་འབྲངས་ནས། །འཁོར་བའི་རྒྱ་མཚོར་ཐར་མེད་ཆུད་དེ་རིང་། །ད་རེས་མནོ་བསམ་ཤེས་ཤིང་ཆོས་དང་མཇལ། །མྱུར་ལམ་སྙིང་པོའི་གདམས་པ་ཐོབ་ནས་སུ། །རྩེ་གཅིག་ཉམས་སུ་ལེན་པར་མ་བྱས་ན། །དེ་བས་རྨོངས་ཤིང་བསླུས་པ་གཞན་ཅི་ཞིག །འཁོར་བ་འདི་ནི་འདི་ལྟར་སྡུག་བསྔལ་ཆེ། །མི་བརྟན་གཡོ་བ་གློག་གི་ཟློས་གར་འདྲ། །ཇི་ཙམ་སྤྱད་ཀྱང་ངོམ་པ་ཅུང་ཟད་མེད། །ཡིད་བརྟན་མི་རུང་སྲིན་མོའི་འཛུམ་དཀར་མཚུངས། །སྐྱེས་མཐར་འཆི་ཞིང་འདུས་མཐར་འབྲལ་བ་སོགས། །རྒུད་པས་མ་བཟུང་བདེ་བ་ཅུང་ཟད་མེད། །རང་དབང་མེད་པར་ན་རྒ་འཆི་དང་དབུལ། །དགྲ་འཕྲད་གཉེན་བྲལ་འདོད་པས་ཕོངས་པ་དང་། །མི་འདོད་ཐོག་བབས་སྡུག་བསྔལ་སྣ་ཚོགས་ཀྱིས། །མེ་ཡི་བས་ལྟར་བར་མཚམས་མེད་པར་མནར། །གང་དུ་
སྐྱེས་ཀྱང་ཟག་བཅས་ལས་ཉོན་གྱི། །དབང་ཕྱིར་སྡུག་བསྔལ་གཞི་རུ་ངོ་བོས་གནས། །ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་བླག་མེད། །ཁྱད་པར་རང་སེམས་གླང་ཆེན་སྨྱོ་འདྲ་ལ། །རང་དབང་མེད་པའི་ཉོན་མོངས་ནད་ཆེན་གྱིས། །ཉིན་དང་མཚན་མོ་བར་མེད་གདུང་ཞིང་གཟིར། །དེ་ཡི་དབང་གིས་དཔལ་དང་གྲགས་པ་དང་། །བདེ་བའི་དངོས་པོ་ཤིན་ཏུ་རླག་པར་བྱེད། །འདི་ལ་དམ་ཆོས་བདུད་རྩི་མ་གཏོགས་པ། །གསོ་བའི་སྨན་གཞན་སྲིད་ན་ཡོངས་མི་རྙེད། །དེ་ལྟར་བསམ་ན་འཁྲུལ་པའི་དབང་གིས་ནི། །བྱུང་བའི་སྲིད་ལ་བདེ་བ་མ་མཆིས་ཏེ། །མི་གཙང་འདམ་དང་སྲིན་གླིང་མེ་འོབས་ལྟར། །ངོ་བོ་ཉིད་ཀྱིས་སྡུག་བསྔལ་ཆེ་ཞིང་འཇིགས། །དེ་འདྲའི་འཁོར་བ་སྡུག་བསྔལ་རྒྱ་མཚོ་ལ། །འཁྲུལ་པའི་དབང་གིས་འཕྱན་པ་རང་དང་གཞན། །སྒྲོལ་འདོད་སྙིང་རྗེའི་བསམ་པ་སྐྱེས་ནས་སུ། །ལམ་མཆོག་ཉམས་སུ་ལེན་པའི་སྐལ་བཟང་དེས། །ཐོག་མར་མཚན་ལྡན་
དགེ་བའི་བཤེས་གཉེན་ལས། །ཐེག་མཆོག་ལམ་དང་མན་ངག་སྙིང་པོའི་དོན། །སས་རྒྱས་ལག་བཅངས་གདམས་པའི་གནད་མནོས་ནས། །འཁྲུལ་པའི་རང་མཚང་རྗེན་པར་ཕུད་བྱས་ལ། །སེམས་ཀྱི་གཟེབས་བཤིག་ཡེ་ཤེས་དོན་མཐོང་ཚེ། །སྐྱོན་དང་ཡོན་ཏན་རང་གིས་མངོན་སུམ་དུ། །ཤེས་རབ་སྟོབས་ཀྱིས་མྱོང་བར་མྱུར་བའི་ཕྱིར། །འཁྲུལ་མེད་གནས་ལུགས་སྒོམ་པར་སུ་མི་སྤྲོ། །འདི་ན་ཉིན་དང་མཚན་མོ་ཁྱད་པར་ནི། །མ་ཡེངས་དྲན་པའི་རྒྱུད་ལ་ལེགས་གནས་ཏེ། །ཆེད་འཛིན་མེད་པར་བྱར་མེད་གཉུག་མའི་དོན། །བརྩོན་པ་དྲག་པོས་བསྒོམ་པར་མ་བྱས་ནས། །ཐོག་མེད་གོམས་པས་འཁྲུལ་སྣང་འཐས་ཆེས་པས། །སྡུག་བསྔལ་ཉོན་མོངས་གཅོང་ནད་ལྟ་བུའི་དབལ། །ཅུང་ཟད་ཞི་བར་འགྱུར་བའི་སྐབས་མེད་ཕྱིར། །བདག་དོན་ཤེས་པ་སུ་ཞིག་སོས་དལ་འདུག །གློག་འདྲ་ཚེ་འདིའི་སོ་མཚམས་ཅི་སྨོས་ཀྱི། །སྲིད་བདེའི་རྒྱུ་བྱེད་སྨོན་པ་ཀུན་
བཏང་ཞིང་། །འཁྲུལ་སེམས་བདག་ཏུ་འཛིན་པ་གསོས་འདེབས་པའི། །ཀློག་དང་བཟླས་སྒོམ་མཆོད་སོགས་ཀུན་ཀྱང་ཞོག །མ་འཁྲུལ་ཡིན་ལུགས་སྟོང་དང་བདག་མེད་དོན། །བདེན་གཉིས་དབྱེར་མེད་སེམས་ཀྱི་ཆོས་ཉིད་ལ། །རང་ངོ་ཤེས་པའི་རྣལ་འབྱོར་ལམ་མཆོག་དེར། །རྩེ་གཅིག་ནན་ཏན་སྙིང་པོ་བྱེད་པར་རིགས། །ལམ་མཆོག་འདི་ནི་ཀུན་གྱི་བླར་གྱུར་ཕྱིར། །ཐུན་རེ་གོམས་པ་ན་ཡང་ལམ་ཀུན་གྱི། །ས་དང་འབྲས་བུའི་ཡོན་ཏན་སྡུད་བྱེད་ཅིང་། །འཁྲུལ་སྣང་མུན་པ་དབྱིངས་སུ་འགོག་པར་བྱེད། །ཆོས་ཉིད་རང་ངོ་ཤེས་པའི་ངང་བསྐྱངས་ཏེ། །ལུས་གནད་གཡོ་མེད་རྩོལ་བ་ལྷོད་པའི་ངང་། །ཟིམ་མེར་མེ་རེ་སང་ངེ་ཧ་རེ་པའི། །ངང་དུ་ཀུན་རྟོག་བྱ་ལམ་རྗེས་མེད་ཚུལ། །སྔོན་བསུ་རྗེས་དཔྱོད་དགག་སྒྲུབ་མེད་པར་བོར། །འདི་ལ་གནས་དང་མི་གནས་ཆེད་འཛིན་གྱི། །འཇུར་མདུད་མེད་པར་སྒྲིམ་པོའི་སེམས་ཀྱིས་ནི། །རྩེ་གཅིག་བཅུར་དང་བཀག་པའི་ཞི་གནས་སེམས། །
བསྒྲུབ་པའི་ཚུལ་དང་འདྲ་བ་མ་ཡིན་ཀྱང་། །མཉམ་པའི་ངང་དེར་རང་སོ་ཟིན་པའི་གདེང་། །རྙེད་ནས་འདུ་ཤེས་འགྲིམ་པོ་རླུང་འདྲ་བའི། །གློ་བུར་ཟུག་རྔུ་སློང་བ་གཏན་ཆད་དེ། །ཅི་ཙམ་བཞག་ཀྱང་འབོལ་ལེ་ལྷོད་དེ་བ། །ཇི་ལྟར་བྱས་ཀྱང་གསལ་ལེ་སང་ངེ་བ། །ཅི་ལ་བལྟས་ཀྱང་སྟོང་ངེ་ཧ་རེ་བ། །ཅི་གནས་མི་བདེ་མེད་པའི་རང་བཞིན་ཏེ། །མཁའ་མཉམ་བདེ་བ་ཡེ་ཤེས་འོད་གསལ་ཀློང་། །དམིགས་གཏད་མཐའ་ཞི་མཉམ་པ་ཉིད་དབྱིངས་སུ། །འགྱུ་བའི་རླུང་རྟོག་འཆིང་ཞིང་ཐེ་ཚོམ་གྱི། །དྲྭ་བ་ཀུན་བྲལ་གཡོ་མེད་མཉམ་བཞག་ལ། །གོམས་པ་ཆགས་ཤིང་བརྟན་པར་མ་གྱུར་པར། །ལྟ་བ་གོ་ཡུལ་ཙམ་ལ་བཞག་ནས་སུ། །འ་འོར་ཡད་ཡུད་ཤར་བས་མི་ཕན་པས། །བྱ་བ་ཀུན་སྤངས་རྩེ་གཅིག་གོམས་པ་གལ། །ཀུན་རྟོག་འཁྲུལ་པའི་རླུང་དང་ཡེ་ཤེས་གདངས། །གང་གོམས་སྲང་མདའ་བཞིན་དུ་མཐོ་དམའ་བྱེད། །ཡེ་ཤེས་མེ་ཡིས་འཁྲུལ་པའི་སྦུགས་བསྲེགས་
ཏེ། །ཉིན་མཚན་བར་མེད་འོད་གསལ་བར་དུ་འབད། །དེ་ལྟར་བསྒོམས་ནས་གོམས་པའི་འབྲས་བུ་ལ། །ལམ་མཆོག་འདི་ཡི་རང་ལུགས་ཞི་གནས་དང་། །ལྷག་མཐོང་ཟུང་དུ་འབྲེལ་བའི་ཚུལ་འབྱུང་སྟེ། །ཆེད་འཛིན་ཞི་གནས་ལྷག་མཐོང་ཡིད་དཔྱོད་མིན། །མ་བཅོས་བབས་ཀྱིས་གནས་པའི་བསམ་གཏན་དང་། །རང་བྱུང་འོད་གསལ་ལྷག་མཐོང་དབྱེར་མེད་པའི། །རྣལ་འབྱོར་ལམ་གྱི་ཉི་མ་སྙིང་དབུས་སུ། །ཤར་བའི་ལག་རྗེས་བསླུ་བ་མེད་པ་ལས། །འཁྲུལ་རྟོག་མུན་པ་དབྱིངས་སུ་འགགས་འགྱུར་པས། །འཁྲུལ་པ་ལས་བྱུང་བདག་འཛིན་ཆགས་སྡང་སོགས། །གནས་པའི་གོ་སྐབས་ཡོང་ཡེ་མེད་པས་ན། །ཅི་ཙམ་གོམས་པ་དེ་བཞིན་ཉོན་མོངས་ཆུང་། །དེ་ཚེ་རྩལ་ལས་གང་ཤར་ཡེ་ཤེས་ལྔའི། །རོལ་པ་འགག་མེད་ཐ་མལ་ཆགས་སེམས་སོགས། །གོ་བས་ལམ་དུ་ཁྱེར་དང་མི་འདྲ་བ། །མྱོང་བས་རང་བྱན་ཚུད་པ་ཤིན་ཏུ་བདེ། །འཇིག་རྟེན་ལམ་གྱི་བསམ་གཏན་བསྒོམ་པ་
རྣམས། །ཞི་བའི་སེམས་ཀྱིས་ཞེ་སྡང་མགོ་མནན་ཀྱང་། །བདག་འཛིན་སེམས་ལ་གནོད་པར་མི་ནུས་པས། །ཕྱིར་ཞིང་རོ་མྱོང་སེམས་ཀྱིས་ང་ཞེས་སྙམ། །མཉམ་ཉིད་ཆེན་པོར་བདག་མེད་དོན་མཐོང་ཚེ། །བདག་དང་གཞན་ཞེས་འཁྲུལ་པའི་ཕུག་བརྡིབས་པས། །རྟོགས་པའི་ཡོན་ཏན་མཁའ་མཉམ་འཕེལ་ན་ཡང་། །ང་རྒྱལ་མེད་པར་ལམ་འདིའི་ཁྱད་པར་རྟག །ཆེད་དུ་མ་བསྒོམ་ན་ཡང་སྙིང་རྗེའི་ཤུགས། །རྩོལ་བ་མེད་པར་ངམ་ངམ་ཤུགས་ཀྱིས་འདྲེན། །གོ་ཡུལ་ཚིག་གིས་སྡུག་འབད་མ་བྱས་པར། །མདོ་རྒྱུད་རྒྱ་མཚོར་ཤེས་རབ་རང་བྱན་ཚུད། །དེ་འདྲར་བྱུང་ན་ལམ་མཆོག་རྫོགས་པ་ཆེར། །གནད་དུ་བསྣུན་པའི་རང་རྟགས་བསླུ་མེད་ལ། །གཞན་དུ་བདེ་གསལ་མི་རྟོག་ཉམས་བན་བུན། །ཤར་བ་ཙམ་ནས་ཐོས་རྒྱ་ཆུང་རྣམས་ཀྱིས། །མཐོན་པོའི་སར་རློམ་ཁེངས་པས་བསྒྱིངས་ནས་སུ། །གཞན་གྱི་ཚད་འཛིན་བདག་ཚུལ་མི་སེམས་རྣམས། །རྩུབ་མོའི་ཚིག་གིས་ཚ་དབལ་མི་ལྕོགས་ན། །
མནར་མེད་མེ་ལྕེ་བཟོད་པར་ནུས་རེ་ཀན། །འཁོར་རྒྱུ་རང་ལ་ཡོད་པར་མ་ཤེས་པར། །འཁོར་བར་ལྟུང་བའི་དོགས་པ་མེད་དོ་ཞེས། །མཐོ་སྐད་བྱུང་རྒྱལ་འདོན་བཞིན་གཞན་དག་གིས། །གནོད་པ་ཕྲ་མོར་དོགས་པ་བྱེད་པ་མཚར། །དེ་ཕྱིར་རང་བློ་རང་ལ་མངོན་སུམ་ཕྱིར། །བདེན་ཞེན་གཡོ་སྒྱུ་ཚུལ་འཆོས་བདག་བསྟོད་ཀྱི། །འཆིང་བ་དམ་པོར་ལྷོད་པར་གྱུར་པའི་གདེང་། །མ་མཐོང་བར་དུ་སྒོམ་སྐད་མ་འདོན་ཅིག །སེམས་འདི་ཕྲ་ཞིང་ཟབ་སྟེ་བརྟག་དཀའ་ལ། །སྣ་ཚོགས་ཚུལ་མང་དབྱེ་གསལ་མི་ཤེས་ཤིང་། །མི་བརྟན་བསླུ་བྱེད་མགོ་བོ་རྨོངས་པར་བྱེད། །དེ་ཕྱིར་རང་སེམས་ཡིན་ཡང་ཚད་ཟིན་དཀའ། །ཁྱད་པར་སྒོམ་པའི་དུས་ན་ཉམས་མང་ཞིང་། །ཉམས་དང་རྟོགས་པའི་ཁྱད་པར་དབྱེ་གསལ་དང་། དེར་ཡང་ཕྱི་ན་ཤུན་པ་མང་པོའི་ཚུལ། །ཤེས་རབ་མན་ངག་ཅན་མིན་འབྱེད་མི་ནུས། །ནམ་མཁའ་ལྟ་བུ་འགྱུར་མེད་ཡེ་ཤེས་གདེང་། །ཐོབ་ལ་ནོར་བ་མེད་ཅིང་ཡོན་ཏན་ཆེ། །འདྲ་བ་འདྲ་བའི་ས་ཚད་མང་པོ་ཡང་། །འདོར་
ཞིང་འདོར་ཞིང་ཡེ་ཤེས་གནས་སུ་འགྲོ། །དེ་ཕྱིར་ཐེག་པ་ཆེན་པོའི་གཞུང་ལུགས་མཆོག །མདོ་དང་རྒྱུད་ཀྱི་ལམ་གནད་མཁས་པའམ། །རང་ལ་དེ་འདྲ་ཤེས་པའི་མཐུ་མེད་ན། །བླ་མའི་མན་ངག་ལམ་གྱིས་ཟིན་པ་གཅེས། །མ་ནོར་ལམ་ལ་དྲང་པོར་འགྲོ་བ་དང་། །དད་བརྩོན་དྲག་པོས་འཇུག་པ་ལྷུར་བླངས་ན། །ཚེ་འདིར་རྒྱལ་བའི་གོ་འཕང་བསྙེགས་པའམ། །རྒྱལ་བའི་སྲས་ཀྱི་རྣམ་ཐར་ཐོབ་པ་ཡིན། །གཞན་དོན་མི་བྱེད་ཐེག་ཆེན་ལམ་མེད་པས། །བདག་ཉིད་ཞི་བ་ཙམ་ཞིག་ངོ་མཚར་ཅི། །མཁའ་ཁྱབ་འགྲོ་བའི་སྡུག་བསྔལ་འདི་དག་ལ། །ཕན་བྱེད་ནུས་པ་ཅི་ཡོད་རང་ལ་སོམས། །འཇམ་དཔལ་ཀུན་ཏུ་བཟང་པོའི་རྣམ་ཐར་ལ། །རྗེས་སུ་སྙེག་པའི་ཡོན་ཏན་གདེང་ཐོབ་ན། །ཕྱིར་མི་ལྡོག་པར་སངས་རྒྱས་སར་འགྲོ་བའི། །གདེང་ཆེན་དེ་ནི་ད་ལྟ་ཐོབ་པ་ཡིན། །གལ་ཏེ་ད་ལྟ་ནུས་པ་མེད་ན་ཡང་། །དེ་རྗེས་འཇུག་པར་འདོད་པའི་དམ་བཅའ་ནི། །བསྐལ་པའི་མཐར་ཡང་གཏོང་
བར་མི་འདོད་པའི། །སེམས་མཆོག་བསྟེན་ན་མོས་སྤྱོད་སེམས་དཔའ་ཡིན། །དེ་འདྲ་གང་ཡང་མེད་པར་སངས་རྒྱས་ཀྱི། །ས་ལ་བྱ་འཕུར་བཞིན་དུ་འགྲོའོ་ཞེས། །ཐེག་ཆེན་ལམ་གནད་ཅི་ཡང་མི་ཤེས་པའི། །ངོ་ཚའི་ཚིག་སྟེ་སྨྲ་བ་བསྐྱུངས་ན་ལེགས། །ལམ་མཆོག་རྫོགས་པ་ཆེ་ལ་ཡོན་ཏན་ཆེ། །ཇི་བཞིན་འབྱོར་ན་གྲངས་མེད་གསུམ་གྱི་ལམ། །ཚེ་འདིར་རྫོགས་ནས་མངོན་སངས་རྒྱས་བྱེད་ཀྱང་། །མྱུར་བུལ་ལམ་གྱི་ཁྱད་དེ་དོན་དུ་གཅིག །གལ་ཏེ་མདོ་ནས་བཤད་པ་ཇི་ལྟ་བུའི། །ཡོན་ཏན་མེད་ཀྱང་ས་ལམ་བགྲོད་གྱུར་ན། །ལམ་དེ་བགྲོད་པ་གཅིག་པུས་སངས་རྒྱས་སར། །འགྲོ་བའི་ལམ་མིན་ཐེག་ཆེན་གཞུང་དང་འགལ། །ལམ་གྱི་དུས་སུ་ཡོན་ཏན་མེད་གྱུར་ན། །འབྲས་བུའི་ཡོན་ཏན་དེ་ཡང་མི་སྣང་བའི། །སངས་རྒྱས་གཉིས་པ་ཞིག་ཀྱང་བྱེད་པའི་ཕྱིར། །རང་རྒྱུད་མཆོག་བསུ་ལམ་ལ་མ་སྨད་ཅིག །ལམ་ནི་དུས་གསུམ་རྒྱལ་བའི་ལམ་ཡིན་ཏེ། །འདི་ལ་ཡོན་ཏན་མེད་ན་ཐམས་ཅད་འཆུགས། །བདག་ལ་
ཡོན་ཏན་མེད་ན་ལས་དེའི་ཚད། །མ་སླེབས་ཤེས་བྱོས་ལམ་དེར་མ་རློམས་ཤིག །སེམས་ཉིད་ཡེ་ཤེས་གནས་ལ་དབང་འབྱོར་ན། །རྩལ་སྣང་སེམས་ཀྱང་ཡེ་ཤེས་རོལ་པར་འཆར། །རིག་རྩལ་དབང་ཐོབ་དེ་ལ་རྫུ་འཕྲུལ་སོགས། །ཡོན་ཏན་རྣམས་ཀྱང་འདུན་པ་ཙམ་གྱིས་རྫོགས། །དེ་ཕྱིར་རྟོགས་པ་དོན་གྱི་འོད་གསལ་དབྱིངས། །མངོན་སུམ་བྱས་ནས་གནས་གྱུར་ཐོབ་པ་ན། །ཡོན་ཏན་བརྒྱ་ཕྲག་དཀའ་བ་མེད་པར་ནི། །ཉི་དང་འོད་ཟེར་བཞིན་དུ་ལྷུན་གྱིས་གྲུབ། །འོན་ཀྱང་མོས་པ་སྤྱོད་པའི་ས་འདི་ན། །ཐོག་མེད་བསགས་པའི་ལས་ཤུགས་སྟོབས་ལྡན་པས། །མྱུར་ལམ་སྙིང་པོའི་ཉམས་ལེན་ལེགས་བརྩོན་ཀྱང་། །གཞུང་ནས་བཤད་པ་ཇི་བཞིན་འབྱོར་བར་དཀའ། །རིན་ཆེན་ལྟ་བུའི་གང་ཟག་རེ་ཟུང་གིས། །ཉམས་ལེན་ཇི་བཞིན་འབྱོར་པའི་ས་ཚད་དང་། །བསྟུན་ཏེ་ཟླ་བ་དྲུག་ཙམ་བསྒོམས་པས་ཀྱང་། །རིག་འཛིན་ས་ལ་འགྲོ་ཞེས་གསུངས་ཐོས་ནས། །སེམས་གནད་གོམས་པའི་སྟོབས་སམ་
དམིགས་རྩོལ་གྱིས། །དྲངས་པའི་བདེ་གསལ་མི་རྟོག་ཉམས་ཙམ་ལ། །སྔགས་ལམ་བདེ་བ་ཆེན་པོའི་ཡེ་ཤེས་དང་། །དཔེ་ཡི་འོད་གསལ་དག་ཏུ་རློམས་པ་དང་། །སྒོམ་པ་ཕལ་ཆེ་དཔེ་ཡི་འོད་གསལ་ལ། །རྟོགས་པས་བཟུང་ནས་རང་ཉམས་བལྟས་ན་ཡང་། །མངོན་སུམ་ཡིན་ཕྱིར་རྗེས་དཔག་མི་དགོས་པས། །འདི་ཉིད་མཐོང་ལམ་ཡིན་ཞེས་སྨྲ་བ་འཁྲུལ། །དོན་གྱི་འོད་གསལ་མངོན་དུ་བྱེད་པ་ལ། །བརྒྱ་ཕྲག་བཅུ་གཉིས་ལ་སོགས་ཡོན་ཏན་འབྱུང་། །ཚོགས་ལམ་ཆེན་པོ་ཆོས་རྒྱུན་ཏིང་ངེ་འཛིན། །ཐོབ་པའི་ཡོན་ཏན་དེ་ཡང་ཡོད་དེ་སེམས། །དེ་ལྟར་ཤེས་ནས་རང་གི་ཁམས་དབང་པོ། །སྐལ་བའི་ཁྱད་ཀྱིས་ཚེ་འདིར་ཆེར་བསྒོམས་ཀྱང་། །གདོད་མའི་གྲུབ་མཐའ་སྙེགས་དང་མི་སྙེགས་པ། །སྣ་ཚོགས་ཡོད་ཀྱང་ལམ་མཆོག་ཉམས་ལེན་ལ། །མོས་པ་ཙམ་གྱིས་རིམ་བཞིན་སངས་རྒྱས་ས། །ཐོབ་ཅེས་གསུངས་ཤིང་ཉམས་སུ་ལེན་པ་རྣམས། །འདིའམ་བར་དོ་སྐྱེ་བ་གཞན་རྣམས་སུ། །རིང་
པོར་མི་ཐོགས་མཐར་ཐུག་འབྲས་ཐོབ་ཕྱིར། །ཤིན་ཏུ་གུས་པར་བྱས་ཏེ་ཇི་ནུས་སུ། །བསྒོམ་པར་བྱའོ་སྐལ་བཟང་གྲོགས་པོ་དག །དད་བརྩོན་བློ་ཡི་སྟོབས་བཞིན་ཡོན་ཏན་རྣམས། །ལམ་གཞན་གང་ལས་མྱུར་བར་མངོན་དུ་འབྱུང་། །མདོ་དང་རྒྱུད་སྡེའི་ངེས་གསང་ལམ་རྣམས་ལ། །ཡོན་ཏན་ཆེ་བ་དཔག་ཏུ་མེད་མོད་ཀྱི། །དེ་ཀུན་རྫོགས་པའི་བདེ་མྱུར་ལམ་མཐར་ཐུག །འོད་གསལ་རྡོ་རྗེ་རྩེ་མོ་ཁོ་ན་ཡིན། །འདི་ཉིད་ཟབ་མོའི་མཐར་ཐུག་ཡིན་མོད་ཀྱང་། །སྙིང་པོའི་ཡེ་ཤེས་རང་ལ་གནས་པའི་ཕྱིར། །མཚན་ལྡན་བླ་མའི་མན་ངག་གནད་བརྟེན་ན། །ཡུད་ཙམ་གྱིས་ཀྱང་ཡིད་ཆེས་ལྡོག་མེད་སྐྱེས། །འདི་ཡི་མན་ངག་ཐོབ་པའི་སྐལ་བཟང་རྣམས། །འབད་པ་ཆུང་ངུས་རང་རྒྱུད་མྱུར་གྲོལ་བ། །དེ་འདྲ་ལམ་གཞན་གང་ལའང་མ་དམིགས་ན། །རང་བློ་ཡིད་ཆེས་སྐྱེ་བའི་དཔང་པོར་བྱེད། །དགེ་བའི་སེམས་སྦྱངས་བསོད་ནམས་བསགས་པ་དང་། །སེམས་ཀྱི་འདུ་ཤེས་
དམིགས་པའི་སྒྱུར་སོ་རྣམས། །གནད་དུ་སོང་ན་མཐར་ཐུག་སངས་རྒྱས་ཀྱི། །གོ་འཕང་སྒྲུབ་ལ་བསླུ་བ་མེད་མོད་ཀྱི། །ཉོན་མོངས་ཟུག་རྔུ་འཆི་བའི་འཇིགས་སོགས་ལས། །དེ་མ་ཐག་པར་དབུགས་འབྱིན་ཤིན་ཏུ་དཀའ། །ཐབས་ལས་དཔེ་དོན་ཡེ་ཤེས་འདྲེན་པ་སོགས། །ལམ་དུ་ཚུད་དང་མཐར་ཕྱིན་དེང་སང་དཀོན། །སེམས་ཉིད་གནད་ལ་ཅུང་ཟད་གོམས་པས་ཀྱང་། །དུག་གསུམ་གདུང་བ་ལྷོད་པོར་བྱེད་པ་དང་། །འཆི་བའི་འཇིགས་པ་དག་ཀྱང་ཞི་བགྱིད་ན། །གནོད་པ་གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས། །ཁྱད་པར་སྙིགས་དུས་ཉོན་མོངས་ཤུགས་དྲགས་པས། །སེམས་ཀྱི་འདུ་བྱེད་ཇི་ལྟར་གོམས་ན་ཡང་། །ཕན་བསྐྱེད་མེད་པར་ཡིད་ཆད་གདུང་རྣམས་ཀྱང་། །འདི་དང་འཕྲད་ན་དབུགས་འབྱིན་ངེས་པར་ཐོབ། །རི་དབང་རྩེ་ནས་རི་ཕྲན་ལྟ་བ་ལྟར། །ལམ་འདི་རྙེད་པས་ལམ་གཞན་ཞོར་ལ་ཤེས། །དེ་སོགས་ཡོན་ཏན་རྒྱ་མཚོ་འབད་མེད་དུ། །སྡུད་པར་མཐོང་བས་ཡིད་ཆེས་རང་
རྒྱུད་ལ། །མངོན་སུམ་བསྐྱེད་ཕྱིར་འདི་ཟབ་འདི་མཆོག་ཅེས། །ཟབ་ཟབ་མཐོའི་མཐོའི་སྟོང་སྐད་མ་ཡིན་པས། །ཉམས་སུ་ལོངས་དང་སྐལ་བ་བཟང་པོ་རྣམས། །མི་འཕྲོག་ཤེས་རབ་ཡོངས་སུ་སྨིན་པར་འགྱུར། །མཆོག་གི་མཆོག་འགྱུར་ཐེག་པ་དམ་པའི་ལུགས། །ཆེན་པོའི་ཆེ་བ་ཨ་ཏི་ཡོ་གའི་ལམ། །བླ་མའི་མན་ངག་གནད་ལ་བརྟེན་ནས་སུ། །ཀུན་གྱིས་ནོར་འཁྲུལ་མེད་པ་རྟོགས་པར་ཤོག །སྙིགས་མའི་སྙིགས་མ་དུས་ཀྱི་ཐ་མར་ཡང་། །སྙིང་པོའི་སྙིང་པོ་ཐེག་མཆོག་རྫོགས་ཆེན་གྱི། །བསྟན་པའི་ཉི་མ་འགོག་མེད་ཤར་ནས་ཀྱང་། །བསྟན་འགྲོའི་རྒུད་མུན་རྩད་ནས་ཞི་བར་ཤོག །ཅེས་པའང་མི་ཕམ་པས་རབ་ཚེས་ལྕགས་ཡོས་ས་ག་ཟླ་བའི་ཚེས་༦ལ་བྲིས་པས་ཀུན་ལ་ཕན་པ་རྒྱ་ཆེན་འབྱུང་བར་གྱུར་ཅིག །། །།༈ རང་གནས་ཡེ་ཤེས་འཁོར་ལོའི་མན་ངག་བཞུགས་སོ། །ན་མོ་གུ་རུ་མཉྫུ་ཤྲཱི་ཀུ་མཱ་ར་བྷཱུ་ཏ་ཡེ། ཀྱེ་ཧོ། རང་རིག་གཉུག་མ་མཇལ་འདོད་ན། །ཨ་འཐས་
སྒོམ་པའི་སྡུག་ཙིར་སྐྱུར་ལ་ཐོངས། །འདི་ནི་རྩིས་མེད་ཡན་ལ་མ་བོར་ན། །རྣམ་རྟོག་སྦྲུལ་ནག་གཙེས་པའི་ཁ་རླངས་ཀྱིས། །སྙིང་རླུང་དཀྲུགས་པས་ཡིད་ཀྱི་རྙོག་མ་བསླངས། །ད་ལྟའི་ཤེས་རིག་འདི་ལ་བཟོ་བཅོས་དང་། །དགག་སྒྲུབ་དཔྱད་ར་མེད་པར་ཆམ་གྱིས་ཞོག །དེ་ལྟར་བཞག་ནས་རང་གདངས་གནས་པའི་དུས། །འདི་ཞེས་ངོས་བཟུང་གང་ཡང་མེད་པ་ལ། །གསལ་རིག་འགག་མེད་ཡེ་རེ་མེ་རེ་བ། །མཐའ་དབུས་ཕྱོགས་ཆ་མེད་པ་ཟང་ཐལ་ལེ། །གང་ཡང་མ་གྲུབ་ཧ་རེ་སང་ངེ་བ། །ཆུ་རྙོག་དྭངས་མ་བཞིན་དུ་ངང་གིས་མངོན། །ལྷོད་པར་བསྐྱངས་ན་ཇེ་བས་ཇེ་གསལ་ལ། །ཐེ་ཚོམ་དཔྱད་ཐག་ཆད་པའི་ཉམས་མྱོང་སྐྱེ། །མ་བཅོས་ངང་དེར་མ་ཡེངས་དྲན་ཙམ་གྱིས། །ཆོག་པར་བྱས་ནས་དེ་ངང་ལྷོད་པ་གལ། །བཞག་པའི་ཐབས་དེས་ཆོས་ཉིད་གཉུག་མ་ནི། །སུས་ཀྱང་སྒྲུབ་མེད་རང་གི་ངོ་བོས་མཐོང་། །ཡོད་མེད་རྟག་ཆད་མཐའ་ལས་ཡེ་ནས་འདས། །བརྗོད་བྲལ་གཤིས་ཀྱི་གནས་ལུགས་དེ་ཀར་ཟད། །མི་ཤེས་སྐྱེ་བོའི་དཔྱད་
ར་སྒྲིན་པོ་ལས། །སྣང་དང་སྟོང་པ་ལ་སོགས་སྤྲོས་པ་ཡི། །ཡིད་དཔྱོད་དྲ་བ་སྤྲིན་ལྟར་བཀྲམ་ནས་སུ། །རྣལ་མའི་རང་བཞིན་ནམ་མཁའི་དབྱིངས་བསྒྲིབས་ནས། །བློས་བྱས་སྒོམ་གྱིས་ཆོས་ཉིད་མཐོང་འདོད་པ། །སྨིག་རྒྱུའི་ཆུ་ལ་སྙེག་པ་འདྲ་བའི་ཕྱིར། །རང་གནད་ཐད་ཀར་སྐྱོང་བ་མན་ངག་གཅེས། །ཐད་ཀར་བསྐྱངས་ཚེ་དབྱིངས་དང་རིག་པའི་གདངས། །ཡེ་ནས་དབྱེར་མེད་རང་གནད་རང་གིས་མྱོང་། །ཆོས་ཉིད་ངང་གི་གནད་ཀྱིས་མ་ཤར་ན། །བློས་བཏགས་སྒོམ་བློས་ཆོས་ཉིད་དོན་མི་མཐོང་། །རང་གཤིས་རྗེན་པར་ཤར་ཚེ་ཟུང་འཇུག་དོན། །རྟག་ཆད་མཐའ་བྲལ་གཉིས་མེད་མཉམ་པའི་གནད། །མཐར་ཐུག་འདི་ཞེས་རྗེས་ཀྱི་ངེས་པས་ཀྱང་། །ཐེ་ཚོམ་བྲལ་བའི་ཡིད་ཆེས་ཉི་མ་ཤར། །ཀྱེ་མ་འོ་ཡེ་ནས་ལྷན་ཅིག་སྐྱེས་པའི་དོན། །རང་བྱུང་ཡེ་ཤེས་འདུས་མ་བྱས་པའི་དབྱིངས། །རྟོག་གེའི་སྤྱོད་ཡུལ་དག་ལས་རིང་འདས་པ། །བསམ་གྱིས་མི་ཁྱབ་འོད་གསལ་བདེ་བ་ཆེ། །ཡུན་རིང་དཀའ་བས་འབད་ཅིང་ལམ་མཆོག་ལ། །ཚུལ་བཞིན་བརྩོན་
པ་ན་ཡང་རྟོགས་དཀའ་བ། །ཚེགས་མེད་རང་སར་རྙེད་པའི་མན་ངག་འདི། །རྡོ་རྗེ་སྙིང་པོ་མཁའ་མཉམ་ཐེག་པའི་ལུགས། །ཤིན་ཏུ་སླ་ཡང་ཕལ་པས་ལྟ་ཅི་སྨོས། །བློ་ཆེན་རྣམས་ཀྱི་བློ་ལའང་ཚུད་དཀའ་བ། །འདི་ནི་འདི་ཡི་ངོ་མཚར་རྨད་བྱུང་སྟེ། །སླད་ནས་ཡོན་ཏན་མཐོང་ཚེ་ངོ་མཚར་མིན། །ཅི་ག་དབང་པོ་དམན་དང་སྔོན་སྦྱངས་ཆུང་། །ལོག་པའི་བཤེས་ཀྱིས་ཟིན་རྣམས་མོས་མི་འགྱུར། །དེ་ཡིས་བསྐལ་པ་བརྒྱ་ཕྲག་དག་ཏུ་ཡང་། །རང་གནས་གཉུག་མ་མཐོང་བའི་སྐལ་བ་བྲལ། །བླ་མའི་མན་ངག་སྙིང་པོ་བྱས་ནས་སུ། །དང་པོ་ཙབ་ཙུབ་མང་བར་མི་བྱེད་པར། །མྱུར་ལམ་ཆོས་སྐུའི་ལམ་དུ་ཞུགས་ཤིག་དང་། །རང་ལ་ཡེ་གནས་བདེ་བ་ཆེན་པོའི་དོན། །རིང་མིན་མངོན་སུམ་རྙེད་པར་འགྱུར་བས་ན། །ཐེག་ཆེན་ལམ་དང་འབྲས་བུའི་ཡོན་ཏན་ཀུན། །འདི་ལས་འབད་མེད་འབྱུང་བའི་གདེང་རྙེད་ནས། །ལམ་ཀུན་བླ་མར་གྱུར་པ་རང་གིས་མཐོང་། །རྩོལ་བ་ཇི་ལྟར་བཟང་ཡང་རིང་པོའི་ལམ། །རྩོལ་མེད་འདི་ནི་འབྲས་བུའི་ཐུས་ཀ་སྟེ། །གང་ལྟར་
འབད་ཀྱང་འདི་ལ་ཐུག་པའི་ཕྱིར། །འདིར་འཇུག་རྣམས་ནི་སྐལ་བ་མཆོག་ཏུ་བཟང་། །ཨེ་མ་ཧོ། ཀ་དག་སྤྲོས་དང་བྲལ་བ་འཇམ་པའི་ངང་། །ལྷུན་གྲུབ་རང་འོད་གསལ་བའི་དཔལ་འབར་བ། །ཡེ་ཤེས་སྐུ་མཆོག་བགྲེས་རྒུད་བྲལ་བ་ཡི། །གཞོན་ནུ་བུམ་པ་སྐུ་ཡི་གྲོང་ཁྱེར་དུ། །རིག་པའི་རྒྱལ་པོ་བླ་མའི་མན་ངག་གི། ལམ་ནས་དྲངས་ཏེ་བདེ་བར་ཕྱིན་གྱུར་ནས། །མཁའ་ཁྱབ་འགྲོ་བའི་མི་ཤེས་མུན་པ་ཀུན། །འཇོམས་མཛད་ཡེ་ཤེས་སྒྲོན་མེར་གྱུར་ཅིག་གུ། །ཅེས་རབ་ཚེས་དབོ་ཟླའི་ཚེས་དྲག་པོའི་གྲངས་ལ་འཇམ་དཔལ་རྡོ་རྗེས་ཤར་མར་བྲིས་པ་སྟེ། སྣོད་མིན་ལ་གསང་བར་བྱ་བ་ཤིན་ཏུ་ཟབ་མོའོ། །མངྒ་ལཾ། །༈ སེམས་གནད་གདམས་པ་སངས་རྒྱས་ལག་སྟེར་བཞུགས་སོ། །ན་མོ་པདྨ་ཀཱ་ར་ཡེ། སྲས་བཅས་རྒྱལ་ཀུན་ཡེ་ཤེས་འཇམ་དཔལ་དབྱངས། །དཔལ་ལྡན་བླ་མའི་ཚུལ་བསྟན་དེར་བཏུད་ནས། །སེམས་དོན་ཟབ་མོ་ཤེས་ཤིང་སྒོམ་འདོད་ལ། །གནད་ཀྱི་མན་ངག་མདོར་བསྡུས་བརྗོད་པར་བྱ། །བརྒྱད་ཁྲི་བཞི་སྟོང་ཆོས་
ཀྱི་སྙིང་པོའི་གནད། །ཕུ་ཐག་གཅོད་པ་རང་གི་སེམས་ལ་ཐུག །སེམས་ཀྱི་གནད་གསང་མཐོང་བ་ཆོས་ཀུན་རྩེ། །དེ་ཕྱིར་སེམས་ཀྱི་ངོ་བོར་རྟོགས་པར་གྱིས། །འདི་ལ་ཐོག་མའི་དུས་སུ་གལ་ཆེ་བ། །རྟོགས་པའི་ཉམས་ལྡན་བླ་མའི་མན་ངག་གཅེས། །བླ་མའི་མན་ངག་གནད་དུ་མ་ཚུད་ན། །བཙལ་སྒྲུབ་གོམས་པ་མུན་པར་མདའ་འཕེན་འདྲ། །མ་བཅོས་རང་བབས་འཇོག་པའི་མན་ངག་གནད། །སེམས་ཀྱི་སྦུབས་བྲལ་ཡེ་ཤེས་རྗེན་པའི་ཞལ། །མཐོང་བའི་གདམས་པ་གནད་དུ་ཐེབ་པར་བྱ། །མ་བཅོས་རང་བབས་ཡེ་ནས་གནས་པའི་དོན། །ཆོས་ཉིད་གནད་ཀྱིས་ཤར་བའི་ཟབ་དོན་ལ། །ཁོ་ཐག་ནང་ནས་ཆོད་པ་མ་བྱུང་ན། །བཤད་བཤད་བསམ་བསམ་བྱིས་པས་འཇའ་སྙེགས་མཚུངས། །མ་བཅོས་རྒྱ་ཡོན་ཆེན་པོའི་རིག་པ་ལ། །ཉམས་མྱོང་ནམ་སྐྱེས་དེ་ནས་བྱར་མེད་ཀྱི། །སྐྱོང་ཚུལ་གནད་ལ་གཞན་དྲིང་མི་འཇོག་པའི། །ངེས་ཤེས་རང་གིས་རྙེད་པ་ངོ་མཚར་ཆེ། །བར་གྱི་དུས་སུ་དེ་ལ་གལ་ཆེ་བ། །མ་ཡེངས་རྒྱུན་ཆགས་སྐྱོང་བ་ཁོ་ན་ཡིན། །
སྐྱོང་ཚུལ་སེམས་ཉིད་རང་བབས་ནམ་དྲན་ཚེ། །དེ་ངང་ཅོག་གེ་འཇོག་པ་གཅིག་པུས་ཆོག །བཟོ་མེད་སེམས་ཀྱི་རང་གཤིས་དེ་མིན་པ། །བསྒོམ་བྱ་སྒོམ་བྱེད་ཡིད་དཔྱོད་སྤྲིན་ལྡང་ན། །ཡེ་ནས་བཟོ་མེད་སེམས་ཉིད་ནམ་མཁའི་ཀློང་། །ལྷོད་ཀྱིས་ཀློད་ལ་ལྟ་སྒོམ་ཆེད་འཛིན་ཐོངས། །རང་བབས་ཤེས་པ་རྒྱ་ཆད་ཕྱོགས་ལྷུང་མེད། །གསལ་ལ་དྭངས་པ་སྟོང་ལ་ངོས་བཟུང་བྲལ། །དཔེ་ཡིས་མི་མཚོན་ཚིག་གིས་བརྗོད་མེད་ཀྱང་། །སོ་སོ་རང་གིས་རིག་པ་མངོན་སུམ་མཐོང་། །གདོད་ནས་རིག་སྟོང་མཉམ་པ་ཆེན་པོའི་ངང་། །མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ནའང་། །གློ་བུར་ཀུན་རྟོག་དྲི་མས་རང་ཞལ་བསྒྲིབ། །སྣ་ཚོགས་འཁྲུལ་པར་འཕྱན་པ་ཀྱེ་མའོ། །སྨིག་རྒྱུའི་ཆུ་ཡི་རྗེས་སུ་བསྙེགས་པས་ཅི། །རྨི་ལམ་སྣ་ཚོགས་འགྲིམ་པའི་དགོས་པ་གང་། །ནམ་མཁའ་སྤར་གྱིས་བཏབ་པས་ཅི་ཞིག་ཟིན། །རང་མགོ་རང་བསྐོར་ཀུན་རྟོག་སྣ་ཚོགས་ཀྱིས། །དོན་མེད་ཤ་ཐང་ཆད་པ་འདི་བོར་ལ། །
ད་ནི་གདོད་མའི་དབྱིངས་སུ་ངལ་བསོས་ཏེ། །ནམ་མཁའི་ངོས་ན་འཁོར་འདས་ལྟད་མོ་ཀུན། །དུ་མ་རོ་གཅིག་མཉམ་པ་ཉིད་དུ་ལྟོས། །གོམས་པ་ཆགས་ན་ནམ་དྲན་དེ་མ་ཐག །ཧར་རེ་སང་ངེ་རང་བབ་རྗེན་ནེ་བ། །ཤེས་དང་མི་ཤེས་བཞག་བདེ་མི་བདེ་མེད། །གུ་ཡངས་རང་སེམས་བདེ་བ་ཁོང་ནས་འཆར། །དེ་ཚེ་རྒྱུན་ཆགས་པར་ནི་དེ་ཡི་ངང་། །འགྲོ་འདུག་ཟ་ཉལ་སྤྱོད་ལམ་ཐམས་ཅད་དུ། །རིག་པ་ནམ་མཁའ་ལྟ་བུའི་དོན་དྲན་ན། །བརྗེད་པའི་གོ་སྐབས་ཤིན་ཏུ་ཉུང་བར་འགྱུར། །འདི་ལ་ཐ་མའི་དུས་སུ་གལ་ཆེ་བ། །གནས་སྐབས་བཞི་ཡི་བག་ཆགས་ཀྱིས་བསྐྱེད་པའི། །ཀུན་རྟོག་ལས་རླུང་འཕོ་བའི་སེམས་མཐའ་དག །འཕོ་མེད་གཉུག་མ་ཡེ་ཤེས་གྲོང་ཁྱེར་དུ། །སྡོམ་པར་བྱེད་པའི་རྩལ་དང་ལྡན་པ་གཅེས། །འཁོར་བ་ཞེས་བྱ་རྣམ་པར་རྟོག་པ་ཙམ། །རྣམ་རྟོག་དང་བྲལ་ཡེ་ཤེས་ཆེན་པོའི་དོན། །གང་ལ་ཤར་བ་ཚེ་འདིར་མངོན་འཚང་རྒྱ། །ནམ་ཞིག་དྲན་པའི་བྱ་ར་རང་སར་སྟོང་། །དྲན་
དང་མ་དྲན་ཞེས་པའི་ས་མཚམས་བྲལ། །ཉིན་མཚན་ཁོར་ཡུག་འོད་གསལ་ཆེན་པོའི་ངང་། །རྩོལ་བྲལ་གཡོ་མེད་ནམ་མཁའ་ལྟ་བུར་གནས། །དེ་ཚེ་གང་སྣང་གང་སྤྱོད་ཐམས་ཅད་ཀུན། །ཆོས་ཉིད་རོལ་པ་མཁའ་ལ་སེར་བུ་བཞིན། །ཕན་གནོད་བླང་དོར་མཐའ་ལས་འདས་པ་ཡི། །རྫོགས་ཆེན་ནམ་མཁའི་རྣལ་འབྱོར་ཨེ་མ་ཧོ། འདི་དུས་ཆེད་དུ་རྩོལ་བས་མ་བསྒྲུབས་ཀྱང་། །ཤུགས་འབྱུང་དད་དང་སྙིང་རྗེ་མངོན་ཤེས་སོགས། །ས་དང་ལམ་གྱི་ཡོན་ཏན་མ་ལུས་པ། །དབྱར་ཁའི་རྩི་ཤིང་ལྟ་བུར་ངང་གིས་རྒྱས། །རེ་དོགས་སྦྲུབས་སྒྲིབ་གྲོལ་རློམ་སེམས་འཇིགས་སྐྲག་བྲལ། །སྐྱེ་འགག་མེད་པའི་བདེ་ཆེན་མཁའ་ལྟར་གདལ། །མཉམ་ཉིད་རྫོགས་པ་ཆེན་པོའི་ནམ་མཁའ་ལ། །རྣལ་འབྱོར་ཆེན་པོ་ཁྱུང་ཆེན་བཞིན་དུ་རོལ། །ཨེ་མ་ཧོ། ཚོགས་གཉིས་རྒྱ་མཚོ་ལྟ་བུའི་ལག་རྗེས་ལས། །མཐར་ཐུག་སྙིང་པོའི་ཡེ་ཤེས་མངོན་དུ་གྱུར། །ཚུལ་དེ་བླ་མའི་མན་ངག་ལ་བརྟེན་ནས། །ཚེགས་
མེད་ལག་ཏུ་གཏད་པ་ངོ་མཚར་ཆེ། །འདི་ལྟར་བརྗོད་པས་དགེ་བས་འགྲོ་བ་ཀུན། །བླ་མའི་མཆོག་དང་རྡོ་རྗེ་སྙིང་པོ་ཡི། །དྲིན་ལས་རང་རིག་འཇམ་དཔལ་གཞོན་ནུའི་ཞལ། །མཐོང་ནས་ཚེ་འདིར་རྫོགས་སངས་རྒྱས་གྱུར་ཅིག །རབ་ཚེས་མེ་སྤྲེལ་ཟླ་བ་གསུམ་པའི་ཚེས་ཉེར་གཅིག་ལ་མི་ཕམ་འཇམ་དཔལ་རྡོ་རྗེས་གང་ཤར་བྲིས་པ་མངྒ་ལཾ།། ༈ སེམས་དོན་ཆེ་བ་བཞུགས་སོ། །གདོད་མའི་ཤེས་པ་རིག་སྟོང་དབྱེར་མེད་པ། །བཟོ་བཅོས་གསལ་བཞག་མེད་པ་འདི་ཉིད་ནི། །འགྲོ་བ་ཀུན་གྱི་སེམས་ཀྱི་ཆོས་ཉིད་དེ། །སུས་ཀྱང་མ་བྱས་མཁའ་འདྲ་རང་གི་བབ། །འོན་ཀྱང་ནམ་མཁའ་ཁམས་ནས་སྤྲིན་བཞིན་དུ། །ཐོགས་མེད་གོམས་པ་རྟོག་པའི་རབ་རིབ་ཀྱིས། །ཡེ་ཤེས་ཉི་མའི་རང་ཞལ་བསྒྲིབས་བྱས་ནས། །སྣ་ཚོགས་འཁྲུལ་པའི་ཡོ་ལངས་རྟག་ཏུ་འཁྲུག །གཉུག་མའི་ཆོས་ཉིད་ཤེས་པར་འདོད་རྣམས་ཀྱང་། །བཞག་ཐབས་མན་ངག་གནད་དང་མི་ལྡན་པར། །ཡིད་དཔྱོད་ཚིག་གི་རྗེས་འབྲངས་ངོ་བོ་འཚོལ། །བཙལ་བས་མི་རྙེད་
ནམ་མཁའ་སྤར་བཟུང་འདྲ། །དུས་གསུམ་རྗེས་འབྲངས་རྟོག་པས་མ་བསླད་པར། །བཟོ་མེད་ཞོག་ཅིང་བླ་མས་བརྡའ་སྤྲད་ཀྱང་། །ཐོམ་མེ་ཡེ་རེའི་ངང་ནས་ཀུན་རྟོག་གིས། །རང་མིག་རང་གིས་བསྒྲིབས་ཏེ་མུན་པར་འཁྱམས། །ད་ནི་བླ་མའི་མན་ངག་ཁོ་ན་ལ། །ཡིད་བརྟན་སྙིང་པོར་བྱས་ཏེ་རང་སེམས་ཀྱི། །གཤིས་ལུགས་བློ་ཡི་བསླད་པ་དང་བྲལ་བ། །གཉུག་མ་རྒྱ་ཡན་ཆེན་པོའི་བབ་ལ་ལྟོས། །དོན་རྒྱུད་མན་ངག་གནད་དུ་ཕེབས་གྱུར་ན། །ཚིག་གིས་ཅི་བྱ་རྩོལ་བས་ཅི་ཞིག་སྒྲུབ། །རྣམ་པར་ཤེས་པས་སྒོམ་དུ་ཅི་ཞིག་ཡོད། །ནམ་མཁའ་ལྟ་བུ་མཐའ་དབུས་མེད་པ་ལ། །དྭངས་གསལ་རྙོག་པ་མེད་པའི་རང་མདངས་ཅན། །འོད་གསལ་འདུས་མ་བྱས་པའི་རིག་པ་ནི། །དོན་བརྒྱུད་བྱིན་རླབས་འཕོ་ཚེ་དུས་འདིར་མཐོང་། །སེམས་ཉིད་བཟོ་མེད་རང་གི་རང་གཤིས་ལ། །ཐེ་ཚོམ་བྲལ་བའི་ཁོ་ཐག་ཆོད་པ་ན། །བརྗོད་པའི་ལམ་གྱིས་ཇི་བཞིན་མཚོན་དུ་
མེད། །ཆོས་ཉིད་རང་གི་གནད་ལས་རང་ཤར་ཡིན། །འོད་གསལ་འགག་པ་མེད་པའི་རང་མདངས་ནི། །འདི་ཞེས་རིས་སུ་མ་ཆད་ཕྱ་ལེ་བ། །ཡེ་ནས་ལྷུན་གྲུབ་འཕོ་འགྱུར་མཚན་མ་སྤངས། །ང་བདག་རིས་མེད་མཉམ་པ་ཉིད་དུ་གནས། །དུས་གསུམ་རྒྱུན་ཆད་མེད་པའི་འོད་གསལ་དོན། །ཡེ་ནས་བབ་ཀྱིས་གནས་པ་འདི་ཉིད་ལ། །གསར་དུ་རྩོལ་བས་སྒྲུབ་ཏུ་མ་མཆིས་ཤིང་། །སྒོམ་པའི་ཚེ་ན་གསལ་མདངས་འདོན་ཅི་དགོས། །འདི་ལ་ང་དང་བདག་ཏུ་དམིགས་པའི་ཆ། །ཕྲ་རབ་རྡུལ་གྱི་ཆ་ཙམ་ཡོང་ཡེ་མེད། །མཁའ་ལྟར་རྣམ་དག་ཡེ་སྟོང་ཆེན་པོའི་ཕྱིར། །གསལ་ཞིང་འགག་པར་བྱ་བ་མ་མཆིས་ལ། །སྟོང་ངོ་སྙམ་དུ་རྟོག་པས་ཆེད་འཛིན་གྱིས། །དཔྱད་དང་བཅོས་པའི་སྒོམ་པ་མ་ལུས་པ། །མཁའ་ལ་རི་མོ་བྲིས་པ་བཞིན་དུ་ཡལ། །དེ་སླད་མུ་བཞིའི་འཛིན་སྟངས་གང་ཡང་མེད། །སྟོང་དང་རིག་པ་ཟུང་དུ་འཇུག་པ་ཞེས། །ཐ་སྙད་དོན་དང་མི་མཐུན་མེད་མོད་ཀྱི། །ཟུང་འཇུག་རྗེན་
པར་མྱོང་ཚེ་བློ་ལས་འདས། །སོ་སོ་རང་གི་རིག་བྱ་ཙམ་དུ་ཟད། །རང་རིག་གཉུག་མ་བབ་ཀྱི་དོན་མཐོང་ན། །གནས་དང་མི་གནས་མེད་པར་མཁའ་ལྟར་བརྡལ། །འབྱུང་བ་དངོས་མེད་བར་སྣང་བྱ་རྗེས་མཚུངས། །ཡིན་མིན་སྒྲོ་འདོགས་ཐེ་ཚོམ་གང་ཡང་མེད། །ཡེ་ནས་འདི་ལྟར་གནས་ཀྱང་ཕལ་པ་དག །སྨོས་ཅི་དགོས་ཏེ་ཐེག་ཆེན་སྨྲ་བས་ཀྱང་། །དབུལ་པོའི་ཁྱིམ་འོག་གཏེར་ལྟར་མཐོང་དཀའ་བ། །བླ་མའི་མན་ངག་ལམ་གྱིས་རང་ལས་རྙེད། །ཨེ་མ་ཧོ། དུས་རིང་བསྐལ་པར་ཚོགས་གཉིས་རྒྱ་མཚོའི་འཇིངས། །བརྒལ་ནས་འབད་བྱས་དོན་མེད་ཡིད་བཞིན་ནོར། །ཚེགས་མེད་ལག་ཏུ་སྟེར་བའི་ངེས་དོན་གྱི། །མན་ངག་ཟབ་མོར་དེང་སང་འཁུ་བ་མང་། །སྐལ་པ་ཆེ་ལྡན་མཆོག་གི་གོ་འཕང་ལ། །བདེ་བླག་འཇུག་པར་འདོད་པའི་བློ་ལྡན་རྣམས། །ཆོས་ཀྱི་སྙིང་པོ་རང་གི་སེམས་ཀྱི་གསང་། །ཟབ་མོའི་དོན་འདི་ཕུ་ཐག་ཆོད་པར་མཛོད། །བརྒྱད་ཁྲི་
བཞི་སྟོང་ཆོས་ཕུང་མཁས་བྱས་ཀྱང་། །རྟོགས་པར་བྱ་བའི་མཐར་ཐུག་འདི་ཙམ་ལ། །འཁོར་འདས་སྲོག་ལ་དབང་བསྒྱུར་དཔལ་ཆེན་པོའི། །དགོངས་པའི་གཏན་སྲིད་ཟིན་པ་འདི་ཀ་ལགས། །དེ་སྐད་རྒྱུད་གཞན་གཉིས་སྣང་ཅན་གྱི་ཞལ། །མ་མཐོང་ཚིག་གི་གདམས་པ་མ་ཕོག་ཀྱང་། །རང་རིག་འཇམ་དཔལ་གཞོན་ནུའི་རང་ཞལ་ནས། །གཟུང་འཛིན་མེད་པའི་ངང་དུ་ཤར་བའོ། །མེ་སྤྲེལ་ཟླ་བ་གཉིས་པའི་ཚེས་སུམ་ཅུ་ལ་འཆི་མེད་མཆོག་གྲུབ་གླིང་དུ་མཚམས་ཀྱི་ཐུན་གསེང་དུ་འཇམ་དཔལ་དགྱེས་པའི་ཡིད་མཁའ་ལས་རང་སྣང་བ་མངྒ་ལཾ།། །། ༈ སེམས་དོན་འབྲིང་པོ་བཞུགས་སོ། །གཉུག་མའི་ཐེག་པ་བཟོ་མེད་རྒྱ་ཡན་གདངས། །བླ་མའི་མན་ངག་ལམ་གྱིས་ནམ་མཐོང་ཚེ། །ཚིག་གིས་མི་མཚོན་སོ་སོ་རང་གིས་རིག །རྩོལ་སྒྲུབ་མི་དགོས་རྟོག་པའི་འཛིན་སྟངས་ཡལ། །ཡེ་ནས་ལྷུན་གྲུབ་འོད་གསལ་རྒྱུན་ཆད་མེད། །སྒོམ་པའི་ཚེ་ན་གསལ་མདངས་འདོན་ཅི་དགོས། །ཡེ་སྟོང་ནམ་མཁའ་ལྟ་བུ་རང་བབ་ལ། །སྟོང་ངོ་སྙམ་པའི་བཟོ་བཅོས་ཅི་ལ་དགོས། །
མི་བསམ་དགུ་བསམ་སེམས་ཀྱི་རྟོག་དཔྱོད་ཀྱིས། །མི་བཟོ་དགུ་བཟོ་བཅོས་མའི་ལྟ་སྒོམ་བརྒྱ། །རང་བྱུང་རིག་པ་ནམ་མཁའ་ལྟ་བུ་ལ། །ཚོན་རྩིའི་རི་མོ་བཞིན་དུ་མ་ཆགས་སོ། །ཨེ་མ་ཧོ། ཆོས་ཉིད་བསམ་དུ་མེད་པའི་དོན་དེ་ཉིད། །ལམ་གྱིས་མ་བསྒྲུབས་ལུང་གིས་མ་མཚོན་ལ། །རྣམ་པར་ཤེས་པ་བཟོ་བཅོས་མ་ཕོག་པར། །ཆོས་ཉིད་གནད་ལས་ཤར་བ་ངོ་མཚར་ཆེ། །ཉི་མའི་སྣང་བས་ཁྱབ་པའི་ནམ་མཁའ་བཞིན། །སྟོང་གསལ་འདུས་མ་བྱས་པའི་རིག་པ་འདི། །ཆོས་ལ་ཆོས་ཀྱི་སྙིང་པོར་གྱུར་པ་ཡི། །འཇམ་དཔལ་གཞོན་ནུའི་སྙིང་པོ་ཡིན་ཞེས་གསུངས། །དམར་སེར་རལ་གྲི་ཅན་ཞིག་འཇམ་དཔལ་དུ། །འཛིན་པ་བྱིས་པས་འཇམ་དཔལ་ཆོ་འཕྲུལ་མཐོང་། །བློ་ལྡན་མཆོག་གིས་སྲིད་ཞིའི་ཆོ་འཕྲུལ་བརྒྱ། །སྟོན་པ་འཇམ་དཔལ་ཉིད་ཀྱི་ངོ་བོར་རྟོགས། །སྐུ་དང་གསུང་གི་མཚན་མར་མི་བརྟེན་པར། །ཐུགས་ཀྱི་བྱིན་རླབས་སྙིང་ལ་ཞུགས་གྱུར་ནས། །བྱིན་རླབས་དངོས་གྲུབ་
ཀུན་གྱི་བླ་ན་འཕགས། །འཇམ་དཔལ་ཉིད་དང་ཡེ་ནས་གཉིས་མེད་ཡིན། །མེ་སྤྲེལ་ཟླ་བ་གཉིས་པའི་ཚེས་སུམ་ཅུ་ལ་འཇམ་དཔལ་རྡོ་རྗེས་བཀོད་པ་མངྒ་ལཾ།།༈ སེམས་དོན་བསྡུས་པ་བཞུགས། རིག་སྟོང་གཉུག་མ་ཕྱག་རྒྱ་ཆེན་པོའི་དོན། །བླ་མའི་མན་ངག་ལམ་གྱིས་ནམ་མཐོང་ཚེ། །འོད་གསལ་ལྷུན་གྲུབ་གསལ་མདངས་འདོན་ཅི་དགོས། །ཡེ་སྟོང་བབ་ལ་སྟོང་འཛིན་ཉེར་མཁོ་མེད། །ཆོས་ཉིད་བཟོ་མེད་རང་ལ་རང་ཤར་ཚེ། །རྩོལ་མེད་འཛིན་མེད་ནམ་མཁའི་ངང་དུ་གནས། །བཅོས་པའི་ལྟ་སྒོམ་ཞེན་པ་རང་སར་ཡལ། །འཇམ་དཔལ་འདི་ཡིན་གཞན་དུ་མ་ཚོལ་ཅིག །མེ་སྤྲེལ་ཟླ་བ་གཉིས་པའི་ཚེས་སུམ་ཅུ་ལའོ། །སེམས་དོན་ཆེ་འབྲིང་ཆུང་གསུམ་འདི། །རིག་གསང་ཚོལ་བའི་སྐལ་ལྡན་ལ། །རྡོ་ལ་གསེར་བཞིན་ལམ་གནད་ཀྱི། །མན་ངག་ཡིན་ནོ་སྙིང་ལ་ཆོངས། །འཇམ་དཔལ་རྡོ་རྗེས་སོ། །མངྒ་ལཾ།། །།
༈ སེམས་དོན་བཞུགས། ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། གཉུག་མའི་ཤེས་པ་རྒྱ་ཡན་བཟོ་མེད་འདི། །ཚིག་གིས་མི་མཚོན་སོ་སོ་རང་གིས་རིག །བླ་མའི་བྱིན་རླབས་ཞུགས་ཚེ་འབད་མེད་རྟོགས། །འདི་དོན་ནམ་མཐོང་མ་བཅོས་སྐྱོང་ཚུལ་ཤེས། །རང་སེམས་བསྐྱང་ངམ་སྙམ་དུ་བསྐྱང་མི་བྱ། །མི་བསྐྱང་སྙམ་དུ་སེམས་པར་མི་བྱ་སྟེ། །རང་སར་ཅོག་གེར་ཞོག་དང་ངང་གིས་གསལ། །རང་བབ་རང་གནས་རྣལ་འབྱོར་བསྒོམ་པའི་མཆོག །དེ་ལ་བསྒོམས་ནས་བྱར་མེད་གཉུག་མའི་ངང་། །སྣ་ཚོགས་རྟོག་པ་ཕན་གནོད་མེད་པ་ནི། །ནམ་མཁའི་ངང་ལ་སྤྲིན་བཞིན་རྒྱུ་བའི་ཚེ། །བག་ཡངས་བདེ་བའི་རྣལ་འབྱོར་ཨ་ལ་ལ། །གནད་ཀྱི་མན་ངག་སྙིང་གི་བུ་ལ་གདམས། །མེ་སྤྲེལ་ཟླ་བ་གཉིས་པའི་ཚེས་བཅུ་དགུ་ལ་སྒྲུབ་པའི་ཐུན་མཚམས་སུ་འཇམ་དཔལ་རྡོ་རྗེས་བྲིས་པ་མངྒ་ལཾ།།༈ ཚིག་གསུམ་གནད་ཀྱི་མན་ངག་བཞུགས། ན་མོ་མཉྫུ་ཤྲཱི་ཡེ། ཐ་མལ་ཤེས་པ་རྒྱ་ཡན་ལ། །ཚིག་གིས་མི་མཚོན་རང་གིས་རིག །བཟོ་བཅོས་འཛིན་ཞེ་ན་
རང་ལོག་ན། །སེམས་ཀྱི་ངོ་བོ་རིག་ཅེས་བྱ། །རྣམ་རྟོག་འཇུར་བུས་མ་བཅིངས་པར། །གཉུག་མའི་ངང་ཚུག་མ་ཤོར་བཞིན། །བྱ་རྩོལ་ཆེད་འཛིན་མེད་པ་ན། །སྒོམ་པ་སྐྱོང་ཞེས་དེ་ལ་བྱ། །ནམ་མཁའི་ངང་ནས་སྤྲིན་བཞིན་དུ། །སྣ་ཚོགས་རྣམ་རྟོག་རྦ་རླབས་ཀུན། །ཕན་གནོད་མེད་པར་བློ་བདེ་ན། །རང་སར་གྲོལ་ཞེས་དེ་ལ་བྱ། །ཚིག་གསུམ་གནད་ཀྱི་མན་ངག་འདི། །ནང་གི་མྱོང་བ་ཅན་གྱིས་རྟོགས། །ཁ་འབྱམས་རྟོག་གེས་ཕྱོགས་མི་ཤེས། །མི་ཕམ་རྣམ་པར་རྒྱལ་བས་བྲིས། །མེ་སྤྲེལ་ཟླ་བའི་ཚེ་བཅུ་ཐམ་པ་ལའོ། ༈ །སེམས་ཀྱི་བདར་ཤ་གཅོད་པའི་གདམས་པ་ནམ་མཁའི་གྲོང་ཁྱེར་ཡངས་པའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། །བདེ་སྡུག་གང་བྱུང་སེམས་ལ་རག་ལས་ཏེ། །གང་ཞིག་བུ་རུ་བཟུང་ན་དེ་ཤི་འགྱོད། །གང་ཞིག་དགྲ་རུ་བཟུང་ན་དེ་ཤི་དགའ། །དངོས་པོའི་སྟེང་ན་བདེ་སྡུག་ཡེ་གྲུབ་མེད། །ལུས་ལ་ཆགས་པ་རྣམས་ཀྱིས་ལུས་སྲུང་ཞིང་། །དེ་ལ་མ་ཆགས་པ་རྣམས་ལུས་ཀྱང་གཏོང་། །བདག་གཞན་བཟོད་སྲན་ཆུང་
རྣམས་ཚེར་མས་འཇིགས། །ཞེན་མེད་མཁས་རྣམས་མནར་མེད་མེས་མི་འཇིགས། །དེ་བས་ཐམས་ཅད་སེམས་ལ་རག་ལས་ཤིང་། །སེམས་ནི་གང་གོམས་རྟོག་པའི་འདུ་བྱེད་ཀྱི། །རྗེས་སུ་འབྲངས་ནས་འདུ་ཤེས་སྣ་ཚོགས་དང་། །བདེ་སྡུག་སྣ་ཚོགས་རྦ་རླབས་རྟག་ཏུ་གཡོ། །ང་ཞེས་སྙེམས་ཤིང་ངའི་ཞེས་དངོས་ལ་ཆགས། །བདག་མེད་འདོད་པས་སྣ་ཚོགས་ལས་ལ་འཇུག །ལ་ལ་མཆོད་དང་བཟླས་སྒོམ་ཀློག་སོགས་བརྩོན། །ཐམས་ཅད་བདེ་བ་ཐོབ་ཕྱིར་བརྩོན་པ་ཡིན། །བདེ་བ་དེ་ཡང་ཚེ་འདིར་མྱོང་བ་ཡི། །ཐབས་དང་འདུན་པ་ཤིན་ཏུ་གཙོ་ཆེ་བས། །ཕྱི་མའི་དོན་དང་ཐར་པའི་བདེ་བ་ལ། །གཅིག་ཏུ་འདུན་པ་ཙམ་ཡང་དཀོན་པ་ཡིན། །ཚེ་འདིའི་བདེ་བ་ཇི་སྙེད་མྱོང་བའི་སྒོ། །ལུས་ཡིན་ལུས་འདི་མི་གཙང་འཁྲུལ་འཁོར་ཏེ། །རྣག་ཅན་ནད་ཀྱི་གྲོང་ཁྱེར་རྒ་བས་འཇོམས། །རྩྭ་རྩེའི་ཟིལ་པ་བཞིན་དུ་མྱུར་དུ་འཇིག །ལང་ཚོའི་སྣང་བ་ཡུད་ཙམ་འགྱུར་བའི་རྗེས། །རྒ་བས་ཆད་པས་ཉིན་བཞིན་ཇེ་མནར་
དང་། །དབང་པོའི་སྟོབས་ཤོར་སྐྲ་དཀར་སོ་ཡང་འདོན། །ངན་སྐྱུགས་འདྲ་ལ་འདོད་ཡོན་གྱིས་ཅི་བྱ། །སྙིགས་དུས་ཚེ་ཐུང་རྐྱེན་མང་མི་འདོད་འཚུབ། །འཆི་བ་དེ་ཡང་ནམ་འབྱུང་ཆ་མེད་ལ། །ཚེ་ཡི་མཐར་ཐུག་འཚོ་ཡང་ཡུན་ཐུང་བས། །ཚེ་འདི་གཙོ་བོར་བྱས་པས་ཅི་ཞིག་འགྲུབ། །ཀྱེ་མ་འཆི་བའི་ཚེ་ན་ལུས་འདི་ཡང་། །འདོར་ཏེ་གར་འགྲོ་ཆ་མེད་གནས་སུ་འཁྱམས། །སླར་ནི་ཅུང་ཟད་ལྡོག་པ་མ་མཐོང་ན། །ཚེ་འདིའི་གཉེན་གྲོགས་འབྱོར་བས་ཅི་ཞིག་ཕན། །ཚེ་འདི་གཙོ་བྱས་བདེ་བ་སྒྲུབ་པ་རྣམས། །རྒ་དང་འཆི་ཚེ་འགྱོད་པ་དྲག་པོས་གདུང་། །བྱས་བྱས་འབྲས་བུ་མེད་ཅིང་སྡིག་སྡུག་གི། ཁུར་ཆེན་འཁུར་ཏེ་ངན་སོང་གནས་སུ་འགྲོ། །ཚེ་འདི་རྟག་བཟུང་བདག་བདེ་འདོད་པའི་ཕྱིར། །ནོར་གསོག་གཉེན་སྡུད་དགྲ་འདུལ་སྔགས་བཟླ་སོགས། །བརྩོན་ཆེན་ལས་ལ་འཇུག་པ་དེ་དག་རྣམས། །འཁྲུལ་བའི་ནང་ན་འཁྲུལ་བ་ཚབས་ཆེན་ཡིན། །གང་ཞིག་སྐྱེས་པར་གྱུར་པ་དེ་ནས་བཟུང་། །རྒ་དང་འཆི་བ་གཟུར་མེད་ཆོས་ཡིན་པས། །དགྲ་ཆེན་འདི་གས་བཟུང་བཞིན་
བག་བརྐྱང་ནས། །ཚེ་འདིའི་བདེ་བ་ཆེད་ཆེར་འཛིན་རྣམས་འཁྲུལ། །འདི་ལྟར་ལན་གཅིག་འཆི་བའི་སྡུག་བསྔལ་ཀྱང་། །བདག་ཞེན་ཅན་གྱིས་བཟོད་དུ་མ་མཆིས་ན། །ངན་སོང་གསུམ་སོགས་སྐྱེ་འཆིའི་ཁ་འགྲིམ་ཞིང་། །མུ་མེད་སྡུག་བསྔལ་མྱོང་བ་སུ་ཡིས་བཟོད། །འཁྲུལ་སེམས་འདི་ལས་གྲོལ་བར་མ་གྱུར་ན། །གང་སྐྱེས་ཇི་ལྟར་བྱས་ཀྱང་སྡུག་བསྔལ་མང་། །རྣམ་རྟོག་རྦ་ལ་འཕྱོ་བའི་སྐྱེ་བོ་རྣམས། །རང་དབང་བདེ་བའི་གོ་སྐབས་ཤིན་ཏུ་ཉུང་། །འཇིག་རྟེན་ཁམས་མང་ཡང་ཆགས་ཡང་ཡང་ཞིག །སྐྱེ་འགྲོ་ཐམས་ཅད་ཡང་སྐྱེ་ཡང་ཡང་འཆི། །བདག་ཉིད་གཅིག་པུས་ཚེ་འདི་ཁོ་ནར་ཡང་། །བདེ་སྡུག་སྣ་ཚོགས་མྱོང་བ་བརྗོད་ལས་འདས། །ཇི་ལྟར་བདེའམ་ཇི་ལྟར་སྡུག་ཀྱང་རུང་། །འདུས་བྱས་སྣང་བ་མི་རྟག་གཡོ་ཞིང་འགག །ཅི་ཙམ་སྡུག་ཀྱང་སྲིད་ལ་ཡིད་འབྱུང་མེད། །སྡུག་བསྔལ་མཐའ་དག་ཉེ་བར་ལེན་པ་ཡི། །ཀྱེ་མ་འཁྲུལ་པའི་སེམས་འདིའི་ངང་ཚུལ་ལྟོས། །སྐྱིད་ན་
དྲེགས་པ་འཕེལ་ཞིང་ཆགས་པ་རྒྱས། །སྡུག་ན་ཞུམ་པ་སྐྱེ་ཞིང་བདེ་བ་འཚོལ། །ཇི་ལྟར་གྱུར་ཀྱང་གཏན་བདེའི་ལམ་མི་འཇུག །ཀྱེ་མ་སྡུག་བསྔལ་ལུ་གུ་རྒྱུད་དུ་འཁྱམས། །ཉི་མ་གཅིག་ལ་རྣམ་རྟོག་འབྱུང་བའི་གྲངས། །འདི་ཞེས་བགྲང་བར་དཀའ་བ་ཆུ་རླབས་མཚུངས། །དོན་མེད་འདོར་ལེན་རེ་དོགས་འདུ་ཤེས་དེས། །ཤ་ཐང་ཆད་ཆད་རང་སྡུག་རང་གིས་ཉོ། །མི་འགྱུར་དབང་མེད་རྣམ་པར་རྟོག་པ་འདི། །འཁོར་ལོ་བཞིན་དུ་རྒྱུན་པར་འཁོར་བ་ཡི། །རྩ་བ་གཉིས་སུ་འཛིན་པའི་སེམས་ལ་ཐུག །གཉིས་འཛིན་མེད་ན་སྤྲོས་པ་ཡོད་མི་འགྱུར། །སྤྲོས་པས་བཟུང་ནས་ཚུལ་མིན་ཡིད་ལ་བྱེད། །ང་ཞེས་སྙེམས་ཤིང་བདེ་སྡུག་འདོར་ལེན་གྱི། །རྣམ་རྟོག་དྲ་བ་བར་མ་ཆད་པ་འདི། །རྨི་ལམ་དུ་ཡང་རྒྱུན་ཆད་མེད་པ་ལ། །ལེགས་པར་གཞིགས་ན་འདི་འདྲའི་དཀའ་བའི་ཁུར། །དོན་མེད་སྡུག་བསྔལ་རང་གིས་རང་ཁུར་ལས། །དབང་མེད་བྱེད་པོ་སུ་ཡང་མ་མཆིས་པས། །དཀའ་བའི་ཁུར་འདི་ཕོག་ན་མི་ལེགས་སམ། །བདེ་སྡུག་རྐྱེན་གྱིས་བྱས་
སོ་སྙམ་སེམས་ཀྱང་། །ལེགས་པར་དཔྱད་ན་རང་གི་སེམས་ཀྱིས་བྱས། །སེམས་ཀྱིས་གང་བརྟག་དེ་བཞིན་འགྱུར་པ་ལས། །ཕྱི་རོལ་དངོས་པོའི་སྟེང་ན་བདེ་སྡུག་དབེན། །མཐའ་མེད་ཐོག་མའི་དུས་ནས་ད་ལྟའི་བར། །སྣ་ཚོགས་བདེ་སྡུག་མུ་མེད་མྱོང་བ་ལ། །དོན་འབྲས་མེད་ཅིང་མྱོང་བའི་རྗེས་ཤུལ་མེད། །རྨི་ལམ་བདེ་སྡུག་མྱོང་བ་ཇི་བཞིན་ནོ། །རྟོག་པའི་རྗེས་འབྲངས་དོན་སྤྱི་ཡུལ་དུ་སྣང་། །རྨི་ལམ་དག་ན་དེ་ག་གསལ་བར་སྣང་། །ཉིན་སྣང་དག་ན་དངོས་སུ་འགྲུབ་པར་སྣང་། །ཐམས་ཅད་སེམས་ཀྱི་སྣང་བ་དབྱེ་བསལ་མེད། །འཇིག་རྟེན་དག་ན་གང་ཞིག་སྣང་བ་ཀུན། །མི་ཤེས་སྐྱེ་བོས་ཚོགས་རྒྱུན་གཅིག་ཏུ་འཛིན། །རྣམ་དཔྱོད་ཅན་གྱིས་མི་རྟག་དུ་མར་མཐོང་། །ཐམས་ཅད་གློག་བཞིན་གཡོ་ལ་རྒྱུན་མཐར་འགག །རྒྱུ་རྐྱེན་ཚོགས་པ་རྟེན་འབྲེལ་སྣང་བ་འདི། །སྣང་ཙམ་བསླུ་མེད་ཉམས་སུ་མྱོང་ན་ཡང་། །དེ་ཉིད་དོན་ལ་མཁས་པས་ལེགས་དཔྱད་ན། །སྐད་ཅིག་དུ་ཡང་སྐྱེ་དང་འགག་པ་མེད། །རང་
སེམས་བག་ཆགས་གོམས་པའི་རྟེན་འབྱུང་ལས། །སྣང་ཙམ་ཉམས་སུ་མྱོང་བ་འགོག་མེད་ཀྱང་། །འགྲོ་འོང་དང་བྲལ་རྨི་ལམ་སྣང་བ་བཞིན། །སྣ་ཚོགས་འདུ་ཤེས་ཅན་ལ་དེ་ལྟར་སྣང་། །སྣང་བ་དེར་ཞེན་དེ་ལ་འཇུག་ལྡོག་གི༑ འདུ་ཤེས་ཡང་དང་ཡང་གོམས་འགྲོ་བ་རྣམས། །རང་སེམས་འཁྲུལ་པའི་ཆོ་འཕྲུལ་མ་ཤེས་ན། །འདོར་ལེན་རེ་དོགས་ཆུ་བོའི་གཉེར་བཞིན་འབྱུང་། །སེམས་ཀྱི་དབང་གིས་འབྱུང་ཞིང་སེམས་ལ་སྣང་། །སེམས་ཀྱིས་རྣམ་པར་བཏགས་ཤིང་ཀུན་ཏུ་ཞེན། །སླར་ཡང་སེམས་དེ་ཁམས་གསུམ་སྲིད་པ་ཡི། །སྣང་བ་མུ་མཐའ་མེད་པར་འཁྲུལ་ཞིང་འཕྱན། །ལེགས་པར་བརྟགས་ན་དུ་མའི་ཆོས་ཙམ་ལ། །ང་ཞེས་བྱ་བ་ཡོང་ཡེ་མ་དམིགས་ཤིང་། །ཆོས་སུ་གདགས་པ་རྣམས་ཀྱང་རྡུལ་ཕྲན་ཙམ། །གྲུབ་པ་མེད་ན་སུ་ཞིག་གང་དུ་འཁོར། །འདི་ལ་གང་ཟག་མེད་ཅིང་ཆོས་ཀྱང་མེད། །བདེ་དང་སྡུག་བསྔལ་འཁོར་དང་མྱ་ངན་འདས། །བཅིང་དང་གྲོལ་བ་གང་ཡང་མ་མཆིས་བཞིན། །རང་སེམས་རྣམ་པར་རྟོག་པས་འཆིང་
ཞིང་མནར། །ཆོས་རྣམས་མ་སྐྱེས་ཆུ་ཟླ་ལྟ་བུ་ལ། །ངོ་བོ་ཉིད་མེད་གཟུགས་མེད་དམིགས་མེད་པས། །སྟོང་པ་ཉིད་ཀྱིས་ཆོས་ཚུལ་ལེགས་བསླབས་ན། །འཁྲུལ་སེམས་ཀྱིས་བྱས་འཁོར་བའི་མུན་པ་སངས། །དེས་ན་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ལ། །གྲོལ་ན་སེམས་གྲོལ་འཆིང་ན་སེམས་འཆིང་སྟེ། །སེམས་སྤངས་ནས་ནི་འཆིང་གྲོལ་བདེ་སྡུག་དང་། །སངས་རྒྱས་སེམས་ཅན་གཞན་དུ་གྲུབ་པ་མེད། །ཀུན་བྱེད་རྒྱལ་པོ་སེམས་ཀྱི་ཕུག་བཅད་ནས། །ཡིན་པ་ཅིར་ཡང་གྲུབ་པ་མེད་པ་ལ། །རྣམ་པ་སྣ་ཚོགས་འཆར་ཚུལ་མ་འགག་པ། །སྒྱུ་མའི་སྤྲུལ་པ་ཇི་བཞིན་བརྟགས་ན་དབེན། །དེ་ཕྱིར་རྟོག་པའི་རྗེས་སུ་མ་འབྲངས་པར། །ཀུན་ཏུ་རྟོག་བྱེད་སེམས་ཀྱི་ངོ་བོ་ཚོལ། །བཙལ་བས་མ་རྙེད་སྟོང་པར་ཕུགས་ཆོད་ཚེ། །སྣང་སྟོང་སྒྱུ་མའི་སེམས་ཀྱི་ཚུལ་མཐོང་ཡིན། །ལས་རླུང་གིས་བསྐྱོད་སེམས་ཀྱི་ཆོ་འཕྲུལ་རྣམས། །མི་སྒྲུབ་མི་དགག་དེ་གར་བཞག་ནས་སུ། །དང་པོ་གང་ལས་འབྱུང་བའི་གཞི་
བཙལ་ན། །ཡེ་སྟོང་འོད་གསལ་ཆེན་པོའི་ངང་ལས་འཕྱོ། །སུས་ཀྱང་མ་བཅོས་རྒྱུ་རྐྱེན་དང་བྲལ་བ། །ལྷུན་གྲུབ་འདུས་མ་བྱས་པའི་རང་བབ་དེ། །ཐེག་མཆོག་སྙིང་པོའི་མན་ངག་གིས་མཐོང་ན། །རང་བྱུང་ཡེ་ཤེས་རྫོགས་པ་ཆེན་པོ་ཡིན། །གཞི་དབྱིངས་གཡོ་བ་མེད་པའི་ངང་ཉིད་ལས། །རྩལ་སྣང་ཚོགས་བརྒྱད་སེམས་ཀྱི་འདུ་འཕྲོ་རྣམས། །མཁའ་ལ་སྨིག་རྒྱུ་བཞིན་དུན་རང་ཤར་ནས། །སྣ་ཚོགས་རོལ་པ་ཆེན་པོའི་ཆོ་འཕྲུལ་སྟོན། །ངོ་བོ་མ་མཐོང་རྩལ་ལ་བདག་ཏུ་ཞེན། །རྟོགས་པས་འདོར་ལེན་བརྒྱུད་མས་འཁོར་བར་འཁྱམས། །ཆོས་ཉིད་དོན་གྱི་འོད་གསལ་དེ་མཐོང་ནས། །རྩལ་སྣང་རང་སར་གྲོལ་ན་སངས་རྒྱས་འགྲུབ། །དེ་བས་མེད་སྣང་སྟོང་པའི་གཟུགས་བརྙན་ཅན། །སེམས་ཀྱི་ཀུན་རྟོག་རྗེས་སུ་མ་འབྲངས་པར། །དགག་སྒྲུབ་མེད་པར་བྱ་ལམ་རྗེས་མེད་བོར། །རང་གནས་གཉུག་མ་ཆོས་སྐུའི་རྒྱལ་སྲིད་བཟུང་། །དོན་མེད་སྲིད་པར་འཆིང་བའི་རྣམ་རྟོག་གདོན། །ལྷ་རུ་མ་བཟུང་འདྲེ་རུ་
མ་བཀར་ལ། །ཕྱི་ནང་བོར་བས་ཕན་གནོད་དང་བྲལ་ཏེ། །གཉུག་མའི་རྒྱལ་ཐབས་ཟིན་པའི་སྐྱེས་བུ་བདེ། །ཀུན་བྱེད་སེམས་ཀྱི་རྩད་བདར་མ་ཆོད་ན། །གང་ཙམ་ཅི་ཞིག་འགྲུབ་ཀྱང་འཆིང་བའི་རྒྱུ། །སེམས་ཉིད་རྩད་ཆོད་སེམས་ལ་དབང་ཐོབ་ན། །སྲིད་ཞིའི་དངོས་གྲུབ་ཀུན་གྱི་རྒྱལ་པོ་ཡིན། །གཉུག་མ་ནམ་མཁའི་རྒྱལ་སྲིད་མ་གཡོ་ལ། །མུ་མེད་རོལ་པའི་ཚོགས་ཀྱང་རྒྱན་དུ་ཤར། །གཏད་མེད་བློ་ལ་དགག་སྒྲུབ་ཆེད་འཛིན་ཞིག །འཆིང་དང་མནར་བའི་འདུ་ཤེས་རྩད་ནས་འགག །ཀྱེ་མ་འདི་འདྲའི་བདེ་ཆེན་མ་ཐོབ་བར། །ཚེ་འདིའི་ཕུན་སུམ་ཚོགས་ཀུན་ཅི་སྨོས་ཀྱི། །སྲིད་ཞིའི་བདེ་འབྱོར་ཡོད་དོ་ཅོག་ཐོབ་ཀྱང་། །ཡང་དག་དོན་ལ་འཁྲུལ་སྣང་ཟུག་རྔུའི་གཞི། །རྣམ་རྟོག་བདར་ཤ་གཞི་ལ་མ་ཆོད་ན། །འཆི་བའི་འཇིགས་སོགས་སུ་ཡིས་གཞོམ་པར་ནུས། །གང་དུ་འཇིགས་པ་མེད་པ་རྡོ་རྗེ་སེམས། །ཐོབ་པ་དེ་དག་མི་ཡི་སེང་གེར་གྱུར། །རྡུལ་བྲལ་ཟག་མེད་བདེ་བ་ཆེན་པོ་ནི། །ནམ་མཁའི་
མུ་ཁྱུད་ཡངས་པོར་མཉམ་པར་བརྡལ། །ཐམས་ཅད་ཀུན་ལ་དེ་ཡི་མངའ་དབང་བསྒྱུར། །དེ་ནི་འཕོ་མེད་པདྨ་རྒྱལ་པོ་ཡིན། །ཅེས་རབ་ཚེས་མེ་སྤྲེལ་མགོ་ཟླའི་ཚེས་གཅིག་ལ་འཇམ་དཔལ་དགྱེས་པའི་རྡོ་རྗེས་ཡིད་ལས་རྡོལ་བ་དགེའོ། ༈ །རྫོགས་པ་ཆེན་པོའི་གནད་མདོར་བསྡུས་ཡེ་ཤེས་སྙིང་པོ་བཞུགས། ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། ཡུལ་དང་སྣང་དང་སེམས་སུ་སྣང་བ་འདི། །རིག་པའི་རྩལ་ལས་མེད་བཞིན་མངོན་དུ་སྣང་། །གཉིས་སུ་བཟུང་ནས་དེ་ལ་ལམ་འབྲས་བུ། །ཚོལ་བ་བྱ་རྩོལ་བློ་ཡི་ཆོས་སུ་ཟད། །ཐ་སྙད་དག་ཏུ་ཕྱི་དོན་སེམས་མིན་ལ། །ཇི་ལྟར་སྣང་ཙམ་བཞིན་དུ་ཐ་དད་འདོད། །དོན་ལ་གཅིག་དང་ཐ་དད་བྲལ་བ་ཡི། །མེད་པ་གསལ་སྣང་སྒྱུ་མའི་རོལ་པ་ཙམ། །གཉིས་སུ་སྣང་བ་སྲིད་ཞིའི་ཆོས་སོ་ཅོག །ཅིར་ཡང་མ་གྲུབ་སྣང་བཞིན་རང་ངོ་སྟོང་། །གཉིས་མེད་རིག་པའི་མཁའ་ལ་སྤྲིན་ལྟར་གནས། །རྐྱེན་ལས་བྱུང་ཞིང་འཕོ་འགྱུར་རིས་སུ་ཆད། །ཀུན་ཁྱབ་རིག་པ་གསལ་སྟོང་མཐའ་དབུས་བྲལ། །གདོད་ནས་
མ་སྐྱེས་དེ་བཞིན་ཉིད་ཀྱི་ངང་། །ལྷུན་གྲུབ་འོད་གསལ་རིས་མེད་མཉམ་པ་ཆེ། །ཐུགས་རྗེའི་རྩལ་སྣང་སྲིད་ཞིའི་ཆོས་ཀུན་ཁྱབ། །རང་རིག་ངོ་བོ་འཕོ་འགྱུར་ཡེ་ནས་མེད། །བསལ་དང་བཞག་མེད་བྲི་གང་འགྲོ་འོང་བྲལ། །ཡུལ་དང་ཡུལ་ཅན་གཉིས་སུ་བྱར་མེད་དེ། །གཉིས་མེད་ཆོས་ཟད་ཐིག་ལེ་ཉག་གཅིག་ཀློང་། །འཁོར་དང་འདས་པ་ལམ་དང་འབྲས་བུ་དང་། །ཕྱོགས་དང་དུས་མཐའ་སྣང་ཞིང་སྲིད་པའི་ཆོས། །གང་གི་ངང་དུ་རྫོགས་པ་འུབ་ཆུབ་པའི། །གདེང་ཆེན་རྙེད་དེས་དེ་ལས་མ་གཏོགས་པར། །རྡུལ་ཕྲན་ཙམ་ཡང་ཆོས་ཀྱང་ཡོད་མེད་ཕྱིར། །ལྟ་སྒོམ་འབྲས་བུའི་ལ་ཆེན་དེར་བཟླས་ལ། །གང་སྣང་དགག་སྒྲུབ་བྲལ་བའི་ཆོས་ཉིད་དུ། །རྟོགས་པའི་གདེང་གིས་ཟིན་པའི་བློ་རྩོལ་ཆོས། །མཁའ་ལ་བྱ་ལམ་ལྟ་བུར་རྗེས་མེད་བོར། །ཡེ་ནས་ཡིན་པའི་ངང་དུ་མ་བཅོས་པར། །བཞག་པའི་འཁྲུལ་སྣང་མུ་མཐའ་མེད་པ་དང་། །དེ་ལ་ཞེན་པ་ཀུན་རྟོག་འཁྲུལ་
པ་ཆེ། །དེ་ཡི་སློང་བྱེད་ལས་རླུང་དཀར་ནག་བཅས། །མཁའ་ལ་མུན་པར་སངས་པའི་དཔེ་བཞིན་དུ། །སྟོབས་དང་ཟུག་རྔུའི་གཡོ་འཕྲུལ་ཕྲ་མོ་ཡང་། །བགྱིད་དུ་མེད་པར་དྲུངས་ནས་འབྱིན་བྱེད་ཅིང་། །ཇི་ལྟ་ཇི་ལྟར་དེ་ཡི་སྟོབས་ཉམས་པ། །དེ་ལྟ་དེ་ལྟར་ཡེ་ཤེས་ཉི་མ་གསལ། །དེ་ལ་རྩོལ་མེད་མཁྱེན་བརྩེ་ནུས་པའི་འོད། །ནམ་མཁའི་མཐར་ཐུག་ཁྱབ་པར་ཡོངས་ཀྱིས་སྣང་། །འདི་ནི་ཀ་དག་དགོངས་པའི་རང་གནད་དེ། །འཁྲུལ་སྣང་དབྱིངས་སུ་རང་འགག་བྱེད་པའི་ལམ། །རྩོལ་བས་ལས་རླུང་དབུ་མར་བསྟིམ་པ་སོགས། །གནད་དུ་སྨིན་མཐར་འབྲས་བུ་འདི་ཐོབ་ཀྱང་། །འདི་ན་ལྟོས་ན་ཤིན་ཏུ་དཀའ་བའི་ལམ། །ལས་རླུང་གཅུན་པ་སྦྲུལ་གདུག་གཙེས་པ་འདྲ། །གཡོ་ཞིང་འཕྱར་ལ་ཤིན་ཏུ་མི་སྲུན་འགྱུར། །དེ་ཕྱིར་གོལ་མེད་འཕྱུག་མེད་ལམ་འདི་ཟབ། །ཁྱད་པར་རིག་པའི་དབྱིངས་དང་དབྱེར་མེད་པའི། །རང་གདངས་ལྷུན་གྲུབ་འོད་གསལ་སྣང་བ་ནི། །མངོན་གྱུར་སྒྲོན་མའི་ལམ་ལ་བརྟེན་བྱས་ན། །
གནད་ཀྱིས་ཟིན་པས་ངེས་གསང་གྲུབ་མཐར་འཁྱོལ། །འདི་ནི་རྒྱལ་བ་རིག་འཛིན་བརྒྱུད་པ་ཡི། །དགོངས་པའི་ཆུ་བོ་དྲི་མེད་འོད་ཟེར་གྱི། །ཐུགས་མཚོར་འཁྱིལ་བའི་གདམས་ཟབ་རིན་པོ་ཆེ། །སྔ་འགྱུར་རྫོགས་ཆེན་རིང་ལུགས་རྨ་མེད་པའོ། །དེ་ལྟར་ཤེས་ན་དེ་དང་ལམ་གཞན་དག །འདྲ་འདྲེ་བསྲ་བསྲེའི་རྙོག་མ་མི་བསླང་བར། །ཐེག་པ་ཀུན་གྱི་འབྲས་བུ་མཐར་ཐུག་པ། །འདི་ཉིད་ཁོ་ན་ངེས་པ་ཤེས་པར་མཛོད། །དེ་ལྟར་ལེགས་པར་བརྗོད་པའི་དགེ་བ་དེས། །གདོད་མའི་རང་རིག་ངང་དུ་འཁྲུལ་པ་ཡི། །འགྲོ་བ་མཐའ་དག་རྡོ་རྗེ་སྙིང་པོ་འདིའི། །དྲིན་ལས་ཀུན་བཟང་བདེ་ཆེན་ལྷུན་གྲུབ་ཤོག །ཅེས་པའང་ས་གླང་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་གཉིས་ལ་འཇམ་དཔལ་དགྱེས་པའི་རྡོ་རྗེས་བྲིས་པ་དགེའོ། །མངྒ་ལཾ།། ༈ འཇམ་པའི་དཔལ་ལ་གཉིས་མེད་ངང་དུ་འདུད། །རྣལ་འབྱོར་འདོད་ལ་ཉམས་ལེན་གནད་གཅིག་བརྗོད། །རང་སེམས་རང་བཞིན་རང་གིས་མཐོང་བའི་ཚེ། །གང་
སྐྱེས་འབྱུང་བ་མཁའ་ལ་སྨིག་རྒྱུ་བཞིན། །དགག་སྒྲུབ་མེད་པ་སྟོང་པར་ཐག་ཆོད་པས། །ཆེད་འཛིན་བཅོས་མའི་གཟེབ་དེ་རང་ཞིག་ནས། །གཟའ་གཏད་མེད་པར་གང་དགར་བོར་བའི་སེམས། །མཁའ་ལ་མཁའ་ཡི་ཚུལ་དུ་ཅི་དགར་རྩེན། །བླང་དོར་ལ་ཞེན་བདེ་དང་སྡུག་བསྔལ་གྱི། །རྟོག་པའི་ཟུག་རྔུ་ཞི་བའི་ངང་ཉིད་དུ། །འཁོར་འདས་དབྱིངས་ཀྱི་རོལ་པ་རྩོལ་མེད་བཀྲ། །ལྷུན་གྱིས་གྲུབ་པའི་ཡེ་ཤེས་རང་འོད་གསལ། །ཨེ་མ་ངེས་པ་དོན་གྱི་འཇམ་པའི་དཔལ། །ཡེ་ནས་རང་ལ་བཞུགས་པ་རྟོག་པས་བསྒྲིབས། །མཐོང་འདོད་གཞན་དག་བཅོས་མའི་གཟེབ་ཀྱིས་བཅིངས། །འཛིན་པའི་འཆིང་རྒྱ་ལྷོད་ཚེ་རང་ཞལ་མཐོང་། །ས་གླང་ཟླ་བ་དྲུག་པའི་ཚེས་སུམ་ཅུ་ལའོ། །སརྦ་མངྒ་ལཾ།། ༈ ཉམས་ལེན་གནད་ཀྱི་ཆིངས་གསུམ་གྱི་གདམས་པ་དགའ་རབ་ཞལ་ལུང་བཞུགས་སོ། །ན་མོ་མཉྫུ་ཤྲཱི་ཛྙཱ་ན་ས་ཏྭ་ཡ། ཡིན་པར་གྲུབ་པ་མེད་པའི་རིག་པ་འདི། །རང་སྣང་འཆར་ཚུལ་ཅིར་ཡང་མ་འགག་པས། །སྣང་སྲིད་ཐམས་ཅད་རང་
གི་སེམས་སུ་ཤར། །ཡིན་ལུགས་ཤེས་ན་ཕན་གནོད་བླང་དོར་མེད། །མ་ཤེས་གཉིས་སུ་འཛིན་པའི་རང་སྣང་ལ། །བརྟེན་ནས་བདེ་སྡུག་ཕན་གནོད་སྣ་ཚོགས་མྱོང་། །དེ་ཕྱིར་དེ་དོན་ཇི་བཞིན་གཏན་འབེབ་པའི། །བླ་མའི་མན་ངག་རང་གི་ཉམས་མྱོང་བསྟུན། །རང་སེམས་རང་ངོ་ཤེས་པ་ཐོག་མར་གཅེས། །ཡིན་ལུགས་ཤེས་ཀྱང་ཐོག་མེད་གོམས་པའི་བློ། །ཨ་འཐས་ཤུགས་ཀྱི་དེ་ཡི་དབང་སོང་ན། །འཁྲུལ་པའི་སེམས་ཀྱི་གཤིས་ངན་ཉོན་མོངས་དང་། །འཇིགས་དང་སྡུག་བསྔལ་ཅུང་ཟད་མི་ཞི་བས། །ཅི་ནས་རང་སེམས་གཤིས་ཀྱི་གནས་ལུགས་ལ། །ཡང་ཡང་གོམས་བྱས་རྩལ་སྣང་རོལ་པ་ཀུན། །རིག་པའི་དབང་དུ་འདུ་བའི་རྩལ་རྫོགས་པ། །འདི་ལ་ཉམས་ལེན་སྙིང་པོར་བྱེད་པ་ནི། །བར་གྱི་དུས་སུ་མེད་མི་རུང་བའི་གནད། །དེ་ཕྱིར་ཉིན་དང་མཚན་མོ་དུས་རྟག་ཏུ། །རང་སེམས་རང་ངོ་སྐྱོང་བའི་དྲན་པ་དང་། །འབྲལ་མེད་རྩེ་གཅིག་གནད་དུ་མ་བསྣུན་
ན། །རྟོག་པའི་རྦ་རླབས་དོན་མེད་རང་སྡུག་གི། སྣང་བ་འདི་ལས་ཅུང་ཟད་མི་འདའ་བས། །རང་སེམས་དཔང་ཚུགས་ནན་ཏན་གྱིས་ཤིག་ཨང་། །དེ་ལྟར་ཡང་ཡང་གོམས་པའི་ལག་རྗེས་ལ། །རང་སྣང་དབང་འདུས་རིག་པའི་གདེང་ཟིན་ཚེ། །སྣང་སྲིད་དབང་དུ་མ་འདུས་གང་ཡང་མེད། །འཇིགས་མེད་སེང་གེས་གངས་རྩེ་ཟིན་དང་མཚུངས། །སྣང་སྲིད་ཐམས་ཅད་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །བརྟན་པ་ཐོབ་པའི་རྣལ་འབྱོར་བློ་རེ་བདེ། །ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་པ་གསུམ། །རྣལ་འབྱོར་ཉམས་ལེན་གནད་ཀྱི་ཆིངས་གསུམ་སྟེ། །འདི་བཞིན་ཉམས་སུ་ལེན་པའི་མི་དེ་སྐྱིད། །དེ་སྐད་འཇམ་དཔལ་རྡོ་རྗེས་གདམས་པ་དགེ ། མེ་བྱ་ཟླ་བ་བཅུ་པའི་ཚེས་བཅུ་དྲུག་ལའོ། །མངྒ་ལཾ།། །། ༈ བཅིངས་གྲོལ་མེད་པ་གཤིས་ཀྱི་གནད་བརྟག་པ་སེམས་ཉིད་ནམ་མཁའི་མེ་ལོང་བལྟ་བ་ཞེས་བྱ་བ་བཞུགས་སོ། །རང་རིག་ཀུན་བཟང་འཇམ་པའི་དཔལ་ལ་འདུད། །ཡིན་པར་གྲུབ་པ་མེད་པའི་རིག་
པ་འདི། །རང་བྱུང་ཡེ་ཤེས་མཐའ་དབུས་བྲལ་བ་ཉིད། །བླ་མའི་མན་ངག་ལམ་གྱིས་མཐོང་གྱུར་ན། །མཚོན་བྱ་དོན་གྱི་ལྷན་སྐྱེས་ཡེ་ཤེས་ཡིན། །འདི་ནི་མཚོན་བྱ་དོན་གྱི་གནས་ལུགས་ཏེ། །གནས་ལུགས་འདི་ལ་བློ་ཡིས་བཅོས་སུ་མེད། །འདི་ནི་ཆོས་རྣམས་ཀུན་གྱི་ཆོས་ཉིད་དེ། །རྒྱུ་རྐྱེན་ལས་འདས་དུས་གསུམ་འཕོ་འགྱུར་བྲལ། །སེམས་ཀྱིས་མི་མཚོན་གཉུག་མ་རང་གི་གཤིས། །སྣ་ཚོགས་ཆོས་ཀུན་དེ་ལ་མཉམ་པར་རྫོགས། །འདི་ཡི་རྩལ་སྣང་ཚོགས་བརྒྱད་སེམས་སུ་སྣང་། །སེམས་ལ་འཁོར་འདས་སྣང་བ་སྣ་ཚོགས་ཤར། །ཤར་ཚད་ངོ་བོའི་གཞི་རུ་རང་གྲོལ་ཏེ། །ངོ་བོ་ལ་ནི་ཕན་གནོད་བླང་དོར་བྲལ། །དེ་ལྟར་ངོ་བོའི་བཞུགས་ཚུལ་མ་ཤེས་པར། །རྩལ་ལ་བདག་ཏུ་ཞེན་ཅིང་གཟུང་འཛིན་བརྟས། །དེའི་ངོར་བདེ་སྡུག་ཕན་གནོད་སྣ་ཚོགས་མྱོང་། །སྣང་ཡང་དེ་ལྟར་གྲུབ་པ་མེད་མོད་ཀྱི། །རང་གིས་རྟོག་པའི་དབང་གིས་ཕན་གནོད་བྱེད། །ཐོག་མེད་དུས་
ནས་ད་ལྟ་ཡན་ཆོད་དུ། །འཁོར་བ་འདི་ན་བདེ་སྡུག་ཅི་མྱོང་ཡང་། །དེ་དེར་མ་གྲུབ་རང་སེམས་སྟོང་པའི་འཕྲུལ། །རང་སྣང་མ་འགག་ཆོ་འཕྲུལ་ཙམ་དུ་ཟད། །སེམས་ཀྱི་ངོ་བོ་གསལ་སྟོང་དབྱེར་མེད་ལ། །འཁོར་འདས་སྐྱོན་ཡོན་ཅིས་ཀྱང་མ་གོས་པས། །མནར་མེད་དམྱལ་བའི་སྡུག་བསྔལ་མྱོང་གྱུར་ཀྱང་། །དེ་ཡིས་དམས་པར་གྱུར་པ་ཅུང་ཟད་མེད། །སྲིད་པའི་བདེ་བ་ཇི་སྙེད་མྱོང་གྱུར་ཀྱང་། །དེ་ཡིས་འདི་གཤིས་འགྱུར་བ་ཅང་མེད་ལ། །བདེ་སྡུག་མྱོང་བའི་སྐྱོན་དང་ཡོན་ཏན་ཆ། །མཁའ་ལ་ཚོན་རྩི་བཞིན་དུ་མ་ཆགས་སོ། །ཇི་ལྟར་ནོར་བུ་ཚོན་གྱིས་བསྒྱུར་བ་ལྟར། །གནས་སྐབས་དེ་ན་དེར་སྣང་དེ་ལྟར་ཞེན། །རྟོག་པའི་དབང་གི་རྣམ་གཞག་སྣ་ཚོགས་དང་། །གྲུབ་མཐའི་རྣམ་གྲངས་རྣམ་པ་སྣ་ཚོགས་བརྗོད། །སེམས་ཀྱིས་བཞག་པ་བློ་ཡི་ཆོས་ཐམས་ཅད། །རང་ངོར་ཡིན་ཡིན་འདྲ་ཡང་ཡིན་པ་མེད། །དོན་ལ་མ་གྲུབ་གཤིས་ཀྱི་རང་སར་ཡལ། །བྱར་མེད་འཛིན་མེད་གཤིས་ཀྱི་དོན་རིག་ན། །རང་ངོ་ཤེས་པས་ཆོས་ཀུན་རང་སར་
གྲོལ། །མཐར་འཛིན་གྲུབ་མཐའི་གཟེབ་ཀྱང་རང་སར་ཞིག །སྣང་སྲིད་མ་ལུས་ཆོས་སྐུའི་ཞིང་དུ་ཤར། །ཡེ་གྲོལ་རང་གྲོལ་ཤར་གྲོལ་མཉམ་པར་གྲོལ། །ཆེད་འཛིན་དགག་སྒྲུབ་བླང་དོར་ཆོས་ལས་འདས། །ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་ཀྱིས། །འཁོར་འདས་ཆོས་ཀུན་མཉམ་པར་རྫོགས་པའི་ཀློང་། །ཐིག་ལེ་ཉག་གཅིག་རང་བྱུང་ཡེ་ཤེས་དོན། །གང་གིས་རྟོགས་ལ་རྫོགས་པ་ཆེན་པོར་བརྗོད། །འདི་ནི་འབྲས་བུའི་ཐེག་གཅིག་ཐེག་ཀུན་རྩེ། །འདི་ལས་གཞན་པ་བླང་དོར་དགག་སྒྲུབ་ཅན། །བློས་བྱས་ལམ་གྱི་ཐེག་པ་ཞེས་བྱ་སྟེ། །དེ་ཀུན་འདི་ལ་འཇུག་པའི་ལམ་སྟེགས་ཡིན། །གྲུབ་མཐའི་ཁྱད་པར་ཐེག་པའི་རིམ་པ་དང་། །ས་དང་ལམ་གྱི་རྣམ་བཞག་ཇི་སྙེད་པ། །དགོངས་པའི་གདེང་ཆེན་འདི་ཡི་ལ་བཟླས་ནས། །རྩོལ་མེད་མཉམ་པ་ཉིད་དུ་མཐར་ཕྱིན་འགྱུར། །རང་སེམས་རྟོག་པའི་རྗེས་སུ་འབྲངས་བ་ལ། །རྟོག་པའི་དབང་གིས་དེ་ལྟར་བཅིང་གྲོལ་བྱེད། །རྟོག་མེད་མཉམ་པ་གཤིས་ཀྱི་དོན་རིག་ན། །
ཡེ་ནས་བཅིང་དང་གྲོལ་བ་དམིགས་སུ་མེད། །རྨི་ལམ་ལྟ་བུར་རང་གི་སེམས་ཉིད་ཀྱིས། །རང་བསླུས་འཁོར་བ་འདི་ན་བདེ་བའི་ཆ། །ཇི་ཙམ་མྱོང་ཡང་སུ་ཡང་མི་ཚིམ་ལ། །སྡུག་བསྔལ་བརྒྱ་ཕྲག་མྱོང་ཡང་སྐྱོ་མི་ཤེས། །དེ་ལྟ་དེ་ལྟར་མུ་མེད་སྣང་བ་ཡི། །རང་སེམས་རང་བཅིངས་ལུ་གུ་རྒྱུད་དུ་འཁོར། །བཅིངས་གྲོལ་མེད་པ་གཤིས་ཀྱི་དོན་རྟོགས་ན། །འགྱུར་མེད་བདེ་བ་ཆེན་པོ་འཐོབ་པར་འགྱུར། །ཨ་ལ་ལ་ཧོ། །ཅེས་པའང་མེ་བྱ་ཁྲུམས་ཟླའི་ཚེས་བརྒྱད་ལ་འཇམ་དཔལ་རྡོ་རྗེས་བྲིས་པ་མངྒ་ལཾ།།༈ ལྷན་སྐྱེས་བདེ་བའི་སྒྲོན་མེ་བཞུགས། ན་མོ་ཨཱཪྱ་མཉྫུ་ཤྲཱི་ཡེ། ཕྱོགས་བཅུ་དུས་གསུམ་དག་གིས་བསྡུས་པའི་ཆོས། །ཡེ་ནས་སྣང་སྟོང་དབྱེར་མེད་མཉམ་པའི་ཞིང་། །འདི་ནི་གནས་ལུགས་ཆོས་ཀྱི་དབྱིངས་ཡིན་ཏེ། །ཐིག་ལེ་ཉག་གཅིག་གདོད་མའི་ཆོས་དབྱིངས་སོ། །དེ་ཡི་ངང་ན་འཁོར་འདས་ཐ་དད་མེད། །བདག་དང་གཞན་མེད་གཉིས་ཆོས་ཐམས་ཅད་བྲལ། །ཡུལ་དང་ཡུལ་ཅན་སྣང་སྟོང་ཐ་དད་མེད། །དེ་ཉིད་ཇི་བཞིན་རྟོགས་པའི་ཡེ་ཤེས་ནི། །འདུས་མ་བྱས་ཏེ་རང་
བྱུང་ཡེ་ཤེས་ཡིན། །དབྱིངས་གཅིག་རང་འོད་གསལ་ལས་གཞན་གང་མིན། །གཞི་དབྱིངས་རྒྱ་མཚོའི་ངང་ལས་མ་གཡོས་བཞིན། །འཛིན་པའི་དབང་གིས་སེམས་ཅན་སོ་སོའི་རྒྱུད། །ཆུ་རླབས་ལྟ་བུར་བྱུང་བའི་རང་སྣང་ལ། །བདག་གཞན་གཟུང་འཛིན་མི་མཉམ་སྣ་ཚོགས་སྣང་། །སྣང་ལ་དེར་ཞེན་དེ་ལ་དེར་བཏགས་ནས། །འཁོར་འདས་སྣ་ཚོགས་རྨི་ལམ་སྒྱུ་འདྲར་མཐོང་། །ཟབ་མོའི་གནས་ལུགས་རྟོགས་པའི་གདམས་པ་ཡིས། །ཆོས་ཉིད་གཞི་ཡི་གནས་ཚུལ་རྒྱ་མཚོའི་ངང་། །འཛིན་སེམས་རྦ་རླབས་རང་སར་གྲོལ་ནས་སུ། །མ་ལ་བུ་ཐིམ་སྤྲོས་པ་ཉེར་ཞིའི་ཚེ། །ཐམས་ཅད་དབྱིངས་གཅིག་མཉམ་པའི་དོན་ལ་གནས། །དེར་ནི་ཐོག་མ་དབུས་མཐའ་མི་དམིགས་ཤིང་། །བདག་མེད་གཞན་མེད་སྲིད་དང་ཞི་བ་མེད། །སྐྱེ་མེད་འགག་མེད་འགྲོ་འོང་བྲི་གང་མེད། །མ་ལུས་མཉམ་པ་ཉིད་དུ་ཟླུམ་པ་གང་། །མཆོག་ཏུ་བདེ་བ་ཆེན་པོའི་ངོ་བོ་ཉིད། །འདི་འདྲའི་རྣལ་འབྱོར་
ཟབ་མོའི་དོན་དེ་ནི། །བླ་མའི་མན་ངག་ལམ་གྱིས་ངོ་སྤྲད་ནས། །མ་ཡེངས་དྲན་པ་རྒྱུན་ཆགས་གོམས་གྱུར་ན། །ཀུན་ཏུ་བཟང་པོ་དབྱེ་བ་མེད་པ་ཡི། །བདེ་ཆེན་རྡོ་རྗེ་ལྟ་བུའི་ས་མཆོག་ལ། །ཚེ་འདི་ཉིད་ཀྱིས་ཡོངས་སུ་གནས་པར་འགྱུར། །ཤེས་རབ་ཕ་རོལ་ཕྱིན་པའི་ཉམས་ལེན་གྱི། །མཐར་ཐུག་སྔགས་ལམ་ལྷན་སྐྱེས་བདེ་བ་ཆེ། །རྫོགས་པ་ཆེན་པོའི་རང་བྱུང་ཡེ་ཤེས་ཉིད། །འདི་ནི་ཀུན་རྫོགས་ལམ་གྱི་རྩེ་མོར་ཕྱིན། །འདི་བཞིན་རྟོགས་པར་བྱ་ཞིང་བསྒོམ་པར་བྱ། །རྣལ་འབྱོར་ལམ་རྣམས་ཀུན་གྱི་རྒྱལ་པོ་སྟེ། །འདི་ལ་གང་གནས་བདེ་ཆེན་མཁའ་མཉམ་འཐོབ། །སེམས་ཅན་ཀུན་གྱིས་འདི་དོན་རྟོགས་པར་ཤོག །ཟབ་མོའི་དོན་དང་ལྡན་པ་འདི་ནི་ས་ཕག་ཟླ་༤ཚེས་༢༡ལ་རྫ་རྒྱལ་དགོན་དུ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་ཡིད་མཚོ་ལས་འཕྲལ་དུ་བྱུང་བ་ཡི་གེ་སྤེལ་བ་དགེ་ལེགས་འཕེལ། ༈ སེམས་དོན་ཉམས་ལེན་ནམ་མཁའ་ཀློང་ཡངས་བཞུགས། ཨོཾ། སྣང་སྲིད་གདོད་ནས་བདེ་བ་ཆེ། །རིག་སྟོང་ཟུང་འཇུག་ཡེ་ཤེས་སྐུ། །འཇམ་དཔལ་རང་བྱུང་སྒྲོན་མེ་ལ། །བཏུད་ནས་གསང་བའི་མན་ངག་བསྟན། །ཡིད་དཔྱོད་སེམས་ཀྱི་ཁང་བུ་བཤིག །
བློ་བྲལ་གཉུག་མའི་རང་ཞལ་བལྟ། །དང་པོ་འགྱུ་དྲན་ཝ་ལེ་བའི། །རང་སེམས་ཕྱི་ནང་གང་དུ་གནས། །དབྱིབས་དང་ཁ་དོག་མཚན་ཉིད་ཅི། །གང་ལས་བྱུང་ཞིང་གང་དུ་འགག །ལེགས་བརྟགས་གཞི་རྩ་ཆོད་པ་ན། །མ་འགག་གསལ་ཡང་ངོ་བོ་སྟོང་། །གསལ་སྟོང་ཐ་དད་དུ་མེད་ཅིང་། །བརྗོད་བྲལ་ཉིད་དུ་ཉམས་མྱོང་བའི། །ངེས་ཤེས་མྱོང་བས་གཏན་ལ་ཕབ། །དེ་ཡང་འཛིན་ཞེན་མྱོང་བ་དང་། །འདྲིས་ཕྱིར་དགག་སྒྲུབ་མི་བྱ་བར། །རང་སོར་ལྷོད་ལ་རང་བབ་བལྟ། །ཡུལ་དང་ཡུལ་ཅན་གཉིས་མེད་ལ། །སྟོང་སྣང་ལ་སོགས་སྒྲ་རྟོག་གི། ཡུལ་མེད་ཟང་ཐལ་ལྷུན་འབྱམས་ངང་། །འདི་ཞེས་གང་ཡང་མ་མཐོང་ཡང་། །མ་མཐོང་ལུས་པ་གང་མེད་པར། །རང་གི་ཆོས་ཉིད་རང་རིག་ལ། །མངོན་གྲུབ་བསལ་བཞག་མེད་པར་འཆར། །རྟོག་པའི་དྲི་དང་ཐེ་ཚོམ་གྱི། །ཟུག་རྔུ་ཆད་པ་ནམ་མཁའ་ལ། །ཉི་མ་ཤར་བ་བཞིན་དུ་འབྱུང་། །དེ་ཚེ་འོག་རླུང་ཅུང་ཟད་བསྐུམ། །
སྲིན་ཞལ་འཛུམ་པ་ཙམ་གྱི་ཚད། །དེ་ནི་བདེ་བ་གནད་ཀྱི་བརྡ། །རོ་འཛིན་གང་ལའང་མ་རེག་པར། །ཁ་ནི་ཅུང་ཟད་ཕྱེ་བཞིན་པ། །དབྱེར་མེད་གནད་ཀྱི་བརྡ་ཞེས་གསུངས། །འདྲེན་བྱེད་ཧ་རེར་ནམ་མཁར་གཏད། །དབང་པོ་རྣམས་ཀྱང་མ་བཀག་པར། །དེ་ནི་གསལ་བ་གནད་ཀྱི་བརྡ། །མིག་འབྲས་མི་གཡོ་ཙེན་ནེར་བཞག །དབང་པོ་རྣམས་ཀྱང་མ་གཡོས་པ། །དེ་ནི་མི་རྟོག་གནད་ཀྱི་བརྡ། །བརྡ་བཞི་ཀློང་སྡེའི་མན་ངག་སྟེ། །འདི་དང་ལྡན་ན་རང་ཤུགས་ཀྱིས། །སེམས་དང་ཆོས་ཉིད་འདྲེས་པར་གསུངས། །བྱེད་པ་དེ་རྣམས་རྩོལ་བ་ཡི། །གཡོ་བས་མ་གོས་རང་བབས་སུ། །རང་གནས་མི་བསྒུལ་བསམ་བྲལ་བར། །ཡིད་དཔྱོད་ཀུན་སྤངས་གནས་པར་བྱ། །ཇི་ལྟར་རྙོག་མ་ཅན་གྱི་ཆུ། །མ་བསྒུལ་ངང་གིས་དྭངས་པ་བཞིན། །རྟོག་པ་གཤིས་སུ་ཉལ་བ་ན། །ཆོས་ཉིད་རང་མདངས་ངང་གིས་འཆར། །ཧར་རེ་ཙེན་ནེ་མི་གཡོ་བ། །གོམས་པ་ཆགས་ཤིང་བརྟན་པ་གཅེས། །མཚན་མེད་རྫོགས་པའི་
རིམ་པ་སྟེ། །མན་ངག་ཀུན་གྱི་རྒྱལ་པོ་ཡིན། །དུ་བ་ལ་སོགས་རྟགས་རྣམས་ནི། །འདི་ཡི་ངང་དུ་རྫོགས་པར་འགྱུར། །བདེ་གསལ་མི་རྟོག་ཉམས་ཀྱི་སྤྲིན། །རང་སེམས་མཁའ་ལ་གང་སྣང་བར། །དགག་སྒྲུབ་རེ་དོགས་མེད་པར་ནི། །ཆོས་ཉིད་ངང་དུ་རང་བབ་ལ། །འཇོག་པ་ཁོ་ན་ཡུན་དུ་བསྲིངས། །སད་རྨི་གཉིད་འཐུག་སྙོམས་འཇུག་བཞིར། །ཁྱད་མེད་འོད་གསལ་ཁོར་ཡུག་གི༑ གོམས་པ་ཀློང་དུ་མ་གྱུར་བར། །དེ་དང་གནད་དུ་བསྣུན་པ་གཅེས། །ཆོས་ཉིད་རང་གདངས་དབྱིངས་རིག་གི། སྣང་ཆ་མ་འགག་བཀོད་པའི་སྤྲིན། །གཉིས་མེད་རང་ཤར་གནད་ཀྱིས་ཀྱང་། །ཡེ་ཤེས་སྐུ་ཡི་མངོན་རྟགས་འཛིན། །སྒྲིབ་པའི་བུམ་པ་རིམ་བྲལ་ལས། །སྒྲོན་མེའི་འོད་ནི་ཇི་བཞིན་ནོ། །ཐོག་མེད་གཤིས་ལ་བཞུགས་པ་ཡི། །ཀུན་རྟོག་གཉིས་སྣང་ཟད་པ་ན། །ཆོས་ཀུན་མི་གཉིས་ཐིག་ལེ་ཆེ། །འབྲས་བུ་རང་བྱུང་ཡེ་ཤེས་ནི། །རྒྱལ་བ་ཀུན་གྱི་རང་བཞིན་ཏེ། །
ལམ་གྱིས་བགྲོད་བྱ་མཐར་ཐུག་གོ། ཨེ་མ་རང་རིག་འཇམ་དབྱངས་ཀྱིས། །ཨ་ཧོ་གཉིས་མེད་ཚུལ་དུ་གསུངས། །ཨ་ཏིའི་ལམ་གྱི་སྐལ་ལྡན་ལ། །ཨཀྵ་ར་འདི་སྙིང་ལ་བྲིས། །སྟག་ཚང་རི་ཁྲོད་དུ་སྡོད་སྐོར་ཞིག་ལ་བྲིས།། ༈ །། སེམས་དོན་གདམས་ངག་བཞུགས། མགོན་མཚུངས་མེད་འཇམ་དབྱངས་བླ་མར་འདུད། །གྲོགས་ཟོལ་མེད་འདུན་རྣམས་ཚུར་ཉོན་དང་། །ལམ་འགྲན་མེད་གནད་ཀྱི་ཚིག་གསུམ་བཤད། །སེམས་བཅོས་མེད་ངང་ལ་ལྷན་ནེར་ཞོག །དེར་ཡེངས་མེད་དྲན་པ་ཙམ་ཞིག་བརྟེན། །ཕ་འགྲན་མེད་རིག་འཛིན་བརྒྱུད་པ་ལ། །བུ་རྙོགས་མེད་དད་པས་གསོལ་བཏབ་ན། །དབྱིངས་སྐྱེ་མེད་རྟོགས་པའི་དོན་བརྒྱུད་ཀྱི། །བྱིན་ཟླ་མེད་སྙིང་ལ་ཞུགས་པ་ལས། །གཤིས་བརྗོད་མེད་ཉམས་སུ་མྱོང་བའི་དུས། །བློ་བཟོ་མེད་འདི་ག་རྗེན་ནེ་བར། །ཐེ་ཚོམ་མེད་སྒོམ་དུ་ཤར་བའི་ཚེ། །དོན་སྒྲིབ་མེད་རིག་པའི་རང་སོ་ཟིན། །རྩལ་མུ་མེད་རྣམ་རྟོག་གང་ཤར་ཡང་། །དགག་སྒྲུབ་མེད་རིག་པ་རང་གི་ངང་། །ཆེད་གཏད་མེད་གང་
ཤར་རོལ་པའི་རྒྱན། །རྩོལ་སྒྲུབ་མེད་ཅི་བྱས་སྒོམ་གྱི་དོན། །དེ་བར་མེད་ཉམས་སུ་ལེན་པ་ན། །ཉིན་མཚན་མེད་འོད་གསལ་ཁོར་ཡུག་ངང་། །སོ་ཟིན་མེད་འཁོར་བའི་འཁྲུལ་སྣང་ཡལ། །ཡིད་གཏད་མེད་སྨྱོན་པ་ཨ་ལ་ལ། །དོན་ནོར་མེད་མཐོང་བས་མུན་པ་སངས། །མུ་ཐུག་མེད་ཡེ་ཤེས་སྣང་བ་རྒྱས། །བདེ་འགྱུར་མེད་ཐོབ་པས་རྟག་ཏུ་སྐྱིད། །སྡུག་དོན་མེད་མྱོང་བའི་སེམས་ཅན་ལ། །མཐའ་ཚད་མེད་རང་མདངས་སྙིང་རྗེས་ཁྱབ། །དཔལ་འཛད་མེད་རྒྱལ་བའི་འབྱོར་བ་ཀུན། །འདིར་འབད་མེད་ལག་པའི་མཐིལ་དུ་འབྱུང་། །སེམས་བཟློག་མེད་རྒྱ་མཚོའི་རླབས་ལྟ་བུ། །ཆེད་བཀག་མེད་ཡེ་ཤེས་ཉིད་ཤར་བ། །ལམ་རྩོལ་མེད་འདི་ཡི་ཁྱད་ཆོས་ཡིན། །རྗེ་འཆི་མེད་པདྨ་བརྒྱུད་བཅས་ཀྱི། །བྱམས་ཟླ་མེད་ཕ་ཕོག་ཆོས་སྐལ་འདིའི། །དྲིན་འཁོར་མེད་ཐོབ་པའི་སྐལ་བཟང་རྣམས། །ལམ་རྩོལ་མེད་རིན་ཆེན་ཐེམ་སྐས་ལས། །དཀའ་ཚེགས་མེད་བདེ་ཞིང་ཆེས་མྱུར་བར། །གནས་བླ་མེད་གོ་འཕང་མཆོག་ལ་འཛེགས། །ཨ་
ལ་ལ་ཧོ། རབ་ཚེས་ལྕགས་བྱ་ཟླ་༢ཚེས་༢ལ་འཇམ་དཔལ་རྡོ་རྗེས་བྲིས་པའོ། ༈ །རྫོགས་ཆེན་གདམས་པ། རང་བྱུང་རིག་པ་དོན་གྱི་ལྷན་སྐྱེས་ནི། །ཡེ་ནས་ཆོས་རྣམས་ཀུན་གྱི་གཤིས་ལུགས་ཡིན། །རང་ཐོག་རང་བབ་རྩོལ་སྒྲུབ་བྲལ་བའི་ཚེ། །རང་གནས་དོན་ལ་ཡ་མཚན་ལྟད་མོ་མཐོང་། །རིག་པ་ཉག་གཅིག་གཟའ་གཏད་མེད་པ་ལ། །བྱར་མེད་རང་བཞག་ནམ་མཁའི་དཀྱིལ་ལྟ་བུ། །མ་བཅོས་ངང་དེར་བསྒོམ་དུ་མེད་པར་གནས། །སྣ་ཚོགས་སྣང་བ་རང་བཞག་ཕན་གནོད་བྲལ། །ཆོས་རྣམས་ཐམས་ཅད་གཞི་ལ་ལྷུན་གྱིས་རྫོགས། །རྣལ་མ་དལ་བ་བག་ཡངས་ཟང་ཀ་མ། །ཅོག་གཞག་བཞི་ཡི་དགོངས་པས་ཆོས་ཐམས་ཅད། །མ་བཙལ་གཞིར་རྫོགས་ལྟ་སྒོམ་ཆོས་ལས་འདས། །བློ་འདས་གདོད་མ་ཆོས་སྐུ་རང་ཤར་ལ། །ཐེ་ཚོམ་རྣམ་རྟོག་དྲྭ་བས་སྒྲིབ་ཏུ་མེད། །ཆོས་ཀུན་མཉམ་པ་ཉིད་དུ་རྫོགས་གྱུར་པ། །རང་བྱུང་ཡེ་ཤེས་ཐིག་ལེ་ཉག་གཅིག་ངང་། །རང་ས་ཟིན་པ་རྣལ་འབྱོར་ལམ་གྱི་མཆོག །ལམ་དེར་ཉམས་ལེན་བྱེད་པའི་སྐལ་བཟང་ལ། །རིག་འཛིན་བླ་མའི་
ཚོགས་ཀྱིས་བྱིན་གྱིས་རློབས། །ཡི་དམ་ཞི་ཁྲོའི་ལྷ་ཡིས་མགོན་མཛོད་ཅིག །གནས་གསུམ་མཁའ་འགྲོ་སྲུང་མས་བར་ཆད་སོལ། །ལམ་མཆོག་མཐར་ཕྱིན་དོན་གཉིས་ལྷུན་གྲུབ་ཤོག །མེ་བྱ་ཟླ་བཅུ་གཅིག་ཚེས་བཅོ་བརྒྱད་ལའོ། །མངྒ་ལཾ།། །། ༈ རྫོགས་ཆེན་གདམས་པ་བཞུགས། སྣང་སྲིད་མ་ལུས་ཀུན་ཏུ་བཟང་པོའི་ཞིང་། །གདོད་ནས་ཡེ་སངས་རྒྱས་པ་འཇམ་པའི་དཔལ། །ཉིད་ལས་གཞན་དུ་གྱུར་པའི་ཆོས་མེད་པས། །མཉམ་ཉིད་ངང་དུ་གཉིས་སུ་མེད་པར་འདུད། །ཐ་མལ་ཤེས་པ་བཟོ་བཅོས་བྲལ་བར་ཞོག །གསལ་རིག་རྒྱུན་ཆད་མེད་པ་འདི་ཀ་ལ། །བསྒོམས་ནས་གསལ་བ་གསར་དུ་འཚོལ་མི་དགོས། །གསལ་ལེ་ཡེ་རེ་བ་འདི་རང་གི་བབ། །གསལ་བའི་ངོ་བོ་ཕྱི་ནང་གང་དུའང་། །མ་གྲུབ་ནམ་མཁའི་དབྱིངས་བཞིན་མཐའ་དབུས་བྲལ། །གསལ་ཙམ་དེ་ཉིད་སྟོང་པར་རང་གིས་གནས། །བློ་བྱས་སྟོང་པས་རང་མགོ་མ་སྐོར་ཅིག །རང་སེམས་གསལ་བ་རང་གི་ཉམས་མྱོང་ལ། །
གསལ་བཞིན་མ་སྐྱེས་སྟོང་པ་རང་གིས་མྱོང་། །གསལ་སྟོང་དབྱེར་མེད་བརྗོད་བྲལ་མཉམ་པ་ཉིད། །གཞན་གྱིས་བསྟན་མི་ནུས་ཏེ་རང་གིས་རྟོགས། །བརྟག་ཅིང་བཅོས་པའི་ཡིད་དཔྱོད་རྟོག་པའི་དྲིས། །མ་བཅོས་རྣལ་མར་བཞག་ནས་སོ་ཟིན་ཚེ། །གཉུག་མ་རྒྱལ་པོའི་རང་ཞལ་རང་ལ་མངོན། །ཐེ་ཚོམ་དྲྭ་བ་ཤིན་ཏུ་ཆོད་པར་འགྱུར། །ཡེ་ནས་འདི་ལྟར་ཡིན་མོད་ཐོག་མེད་ནས། །གོམས་པ་རྟོག་པ་རྙོག་མ་བསླང་བའི་ཕྱིར། །བཞག་ཀྱང་འདི་ཞེས་ངེས་པ་མི་རྙེད་ལ། །དཔྱད་ཀྱང་རྣལ་མ་མཐོང་བ་དཀའ་བས་ན། །དང་པོ་རྟོག་པའི་རྦ་རླབས་ཞི་བའི་ཕྱིར། །མ་བསྒུལ་རྙོག་མ་དྭངས་པའི་ཆུ་ལྟོས་ལ། །དཔེ་དེས་རང་སེམས་རང་བབས་ལྷོད་མཁས་པའི། །བཞག་ཐབས་མན་ངག་གོམས་པ་གནད་དུ་ཆེ། །མ་བཅོས་བཞག་པས་བཅོས་མེད་གཤིས་ཀྱི་དོན། །རང་གིས་གསལ་ན་དེ་ཉིད་རྫོགས་པ་ཆེ། །སྣང་སྲིད་གདར་ཤ་དེ་ཉིད་གཅིག་པུས་ཆོད། །བྱ་སླ་དོན་ཆེ་ཐེག་པའི་རྩེ་མོར་བགྲོད། །བརྗོད་མེད་
རིག་པ་མངོན་དུ་གྱུར་པའི་ཚེ། །གསལ་འཛིན་སྟོང་འཛིན་འཛིན་སྟངས་དབྱིངས་སུ་ཡལ། །ཇི་ལྟར་སྣང་ཡང་གཉུག་མའི་ངང་དུ་གནས། །དེ་འདྲ་རྫོགས་པ་ཆེན་པོའི་རྣལ་འབྱོར་ལགས། །ས་གླང་ཟླ་བ་བཅུ་གཅིག་ཚེས་བརྒྱད་ལ་འཇམ་དཔལ་དགྱེས་པའི་རྡོ་རྗེས་གང་ཤར་བྲིས་པ་དགེ་ཞིང་བཀྲ་ཤིས། ༈ ཡ་མནྟ་ཀའི་ངེས་དོན་ཚིགས་བཅད་བཅུ་གཅིག་པ་བཞུགས་སོ། །ཨེ་མ་ཧོ། ངོ་བོ་ཀ་དག་སྤྲོས་དང་བྲལ། །རང་བཞིན་ལྷུན་གྲུབ་འགྱུར་བ་མེད། །ཐུགས་རྗེ་ཀུན་ཁྱབ་ཆོ་འཕྲུལ་ཆེ། །སྐུ་གསུམ་དབྱེར་མེད་རིག་པ་ལས། །ཆོས་ཞེས་བྱ་བ་གཞན་ན་མེད། །ཐམས་ཅད་ཐིག་ལེ་ཉག་གཅིག་ལས། །མ་གཡོས་མི་གཡོ་གཡོ་མི་འགྱུར། །སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་ལ། །སྲིད་དང་ཞི་བར་ཤར་བའི་ཚེ། །ངོ་བོ་མ་རིག་རྩལ་སྣང་ལ། །བདག་ཏུ་ཞེན་པས་འཁྲུལ་པ་བརྟས། །གཟུང་འཛིན་ལུ་གུ་རྒྱུད་དུ་འཁོར། །བདེ་དང་སྡུག་བསྔལ་བསམ་མི་ཁྱབ། །སེམས་ཅན་ཁམས་ཀྱི་སྣང་བ་དང་། །རྒྱལ་བའི་བྱིན་རླབས་མུ་མཐའ་མེད། །
འདི་ཀུན་དབྱིངས་ཀྱི་ཆོ་འཕྲུལ་ཆེ། །ཡངས་སོ་ཆེའི་མུ་མཐའ་མེད། །མ་བྱས་ལྷུན་རྫོགས་ངོ་མཚར་ཆེ། །སྤྲོས་ན་ཕྱོགས་དང་དུས་མཐར་ཁྱབ། །རང་བཞིན་གཡོ་མེད་མཉམ་པ་ཉིད། །བྱས་དང་བྱེད་པོ་རྒྱུ་རྐྱེན་ལ། །བཏགས་ནས་བླང་དོར་སྣ་ཚོགས་སྤྱོད། །མཉམ་པ་ཉིད་ཀྱི་དོན་རིག་ན། །རྒྱུ་འབྲས་བླང་དོར་ཆོས་ལས་འདས། །གཟུང་འཛིན་ཞེན་ཆགས་བརྟས་པ་ལས། །ང་རྒྱལ་དབང་གིས་དྲེགས་པ་ནི། །གཤིན་རྗེ་བདུད་སོགས་མཐུ་བོ་ཆེ། །ཀུན་ཀྱང་འཇོམས་པ་འཇམ་པའི་དཔལ། །རང་བྱུང་རིག་པའི་ཡེ་ཤེས་ཡིན། །དེ་ལ་ཐམས་ཅད་མཉམ་ཉིད་ཀྱང་། །རྨི་ལམ་སྒྱུ་མའི་རྣམ་རོལ་དུ། །འཇོམས་བྱ་འཇོམས་བྱེད་ཚུལ་དུའང་སྣང་། །བྲི་གང་བྲལ་བའི་ཡེ་ཤེས་སྐུ། །རྟོག་མེད་ནོར་བུའི་ཚུལ་བཞིན་དུ། །སྣ་ཚོགས་སྒྱུ་འཕྲུལ་དྲྭ་བའི་གར། །མཐའ་ཡས་གདུལ་བྱར་འབད་མེད་འཆར། །ཡང་དག་དོན་ལ་གཉིས་མེད་ཀྱང་། །གཟུང་འཛིན་ཅན་ལ་གཉིས་སུ་སྟོན། །གཉིས་སུ་མེད་པར་
ནམ་རྟོགས་ན། །བྱིན་རླབས་ཆོ་འཕྲུལ་དེ་རུ་སྣང་། །འདི་དོན་གང་གིས་རིག་པ་ངེས། །སྲིད་གསུམ་ཟ་བ་གཤིན་རྗེའི་ཚོགས། །མ་ལུས་དབྱིངས་སུ་ཟ་བ་ཡི། །ཡ་མནྟ་ཀའི་དོན་མཐོང་ཡིན། །ཤིང་ལུག་ཟླ་བཅུ་ཐམ་པའི་ཚེས་བཅུ་ལ་ཡང་བཟློག་གི་བསྙེན་མཚམས་ལ་གནས་པའི་ཐུན་གསེང་དུ་འཇམ་དཔལ་དགྱེས་པའི་བློ་མཚོ་ལས་འཕྲལ་དུ་རླབས་ཀྱི་ཚུལ་དུ་བྱུང་བ་མངྒ་ལཾ།། །། ༈ དཔལ་ཡང་དག་གི་ངེས་དོན་རུ་ལུའི་དགོངས་པ་བཞུགས་སོ། །གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་ནི། །སྲིད་ཞི་ཀུན་ཁྱབ་རྟག་པར་བཞུགས་ཉིད་ལ། །ཡང་དག་དོན་གྱི་དེ་ཁོ་ན་ཉིད་ཅེས། །དུས་གསུམ་རྒྱལ་བས་བསྔགས་པ་གང་དེས་སྐྱོངས། །ཆོས་ཀྱི་དབྱིངས་དང་རང་བྱུང་ཡེ་ཤེས་ཞེས། །བཏགས་པས་ཐ་དད་དོན་ལ་གཉིས་སུ་མེད། །ཐམས་ཅད་མཉམ་པའི་བདག་ཉིད་དེ་གཅིག་པུར། །གཉིས་ཆོས་དབྱེ་བ་ནམ་ཡང་མི་དམིགས་སོ། །དུས་གསུམ་སངས་རྒྱས་བདེ་ཆེན་ཀློང་འདིར་འདུས། །རྣལ་འབྱོར་ཟབ་མོ་སེམས་ཉིད་དབྱིངས་སུ་རྫོགས། །འདིར་ནི་སྐུ་
གསུམ་གདོད་ནས་ལྷུན་གྱིས་གྲུབ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་ཅེས་སུ་བཤད། །ཆོས་ཉིད་བྱང་ཆུབ་སེམས་ལ་སྐྱེ་འཆི་བྲལ། །དུས་གསུམ་འཕོ་འགྱུར་མཚན་མའི་ཆོས་ལས་འདས། །ཚིག་གིས་མི་མཚོན་རང་བཞིན་བབ་ཀྱིས་གསལ། །ཐིག་ལེ་ཉག་གཅིག་གྲྭ་ཟུར་མེད་པར་ཟླུམ། །འདི་ནི་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་ཏེ། །འདི་ལས་ནམ་ཡང་གཡོ་བ་མེད་བཞིན་དུ། །མུ་མེད་ཕྱོགས་དང་དུས་ཀྱི་སྣང་བའི་ཆ། །མ་འདྲེས་རྣམ་པར་བཀྲ་བ་སྒྱུ་འཕྲུལ་ཆེ། །མ་རྟོགས་སྲིད་འགྲོ་ཉམས་ངའི་སྣང་བ་ལ། །དབུགས་འབྱིན་དག་པའི་ཡེ་ཤེས་དཀྱིལ་འཁོར་ཤར། །བྱང་ཆུབ་སེམས་ཉིད་ཐབས་དང་ཤེས་རབ་ཚུལ། །སྐུ་གསུང་ཐུགས་ལྡན་ཕྱག་རྒྱ་བཞིར་ཡང་སྟོན། །ཡེ་ཤེས་ལྔ་ལྡན་ཕ་རོལ་ཕྱིན་པ་དྲུག །ཁ་སྦྱོར་བདུན་ལྡན་འཕགས་ལམ་ཡན་ལག་བརྒྱད། །ཐེག་དགུ་དབང་བཅུ་སྟོབས་བཅུ་ས་བཅུ་གཅིག །ལ་སོགས་སྒྱུ་འཕྲུལ་དྲྭ་བའི་རོལ་པར་སྣང་། །ཀུན་གྱི་འཕྲོ་གཞི་རང་བྱུང་བྱང་ཆུབ་སེམས། །རྩལ་སྣང་བཀོད་པའི་བྱེད་
པོ་སྲོག་གི་རླུང་། །ལྔ་ལྡན་ཧཱུྃ་ཡིག་བདེ་བ་ཆེན་པོ་ལས། །རྡོ་རྗེ་གསང་བར་འབྲུ་བརྒྱད་བཀོད་པ་ཤར། །འདི་ནི་ལྷ་དང་སྔགས་དང་རྡོ་རྗེའི་ཐུགས། །ཕྲིན་ལས་ཀུན་གྱི་རོལ་སྟོན་འཕྲུལ་པོ་ཆེ། །གང་གིས་བཟླས་པ་ཙམ་ནས་སྒྲིབ་པའི་ཤིང་། །ལྷག་མེད་ཟ་བྱེད་ཡེ་ཤེས་མེ་འོད་འཕྲོ། །ཨེ་མ་ཧོ། ལྟོས་ཤིག་རུ་ལུ་གསང་བ་ཆོས་ཉིད་སྒྲ། །བདེ་གཤེགས་སྙིང་པོ་ལྷན་སྐྱེས་སྔགས་ཀྱི་གཏེར། །འཕྲུལ་ཆེན་ཡི་གེ་བྱིན་རླབས་དམ་པའི་མཛོད། །འདི་ལ་བརྟེན་ནས་མཆོག་ཐུན་དེང་སྒྲུབས་འཚལ། །ཞེས་པའང་མི་ཕམ་པ་འགྱུར་མེད་མི་བསྐྱོད་རྡོ་རྗེས་རུ་ལུ་བཟླས་སྐབས་ཡིད་ལ་རང་ཤར་བ་ལྟར་ཤིང་སྤྲུལ་ཟླ་བཅུ་པའི་ཚེས་ཉེར་གཅིག་ལ་དེ་འཕྲལ་ཡི་གེའི་རིས་སུ་བཀོད་པ་དགེ། །༈ པདྨ་དབང་ཆེན་གྱི་ངེས་དོན་བཞུགས་སོ། །སྣང་སྟོང་དབྱེར་མེད་ཐིག་ལེ་ཉག་གཅིག་དོན། །གདོད་ནས་འགྱུར་མེད་གཤིས་སུ་ཆོས་ཀུན་མཉམ། །མཉམ་པའི་དོན་ཉིད་རྫོགས་པ་ཆེན་པོ་སྟེ། །འདི་ལས་ནམ་ཡང་གཡོ་བ་ག་ལ་སྲིད། །འདི་དོན་མ་རྟོགས་མི་མཉམ་སྣང་བ་ལ། །གཟུང་འཛིན་སྣང་ཆར་འཛིན་པའི་
སེམས་ཞེན་ཏེ། །སྣང་སེམས་རང་དབང་མ་འདུས་འགྲོ་བ་རྣམས། །སྒྲོལ་ཕྱིར་ཐེག་པའི་རྣམ་གྲངས་བསམ་ཡས་ཀྱང་། །ཀུན་ལས་ཕུལ་བྱུང་ཐབས་ཆེན་གསང་བའི་སྔགས། །ལམ་མཆོག་རྟ་ཡི་རྒྱལ་པོའི་མྱུར་འགྲོས་ཀྱིས། །ཐེག་པའི་རྩེར་ཆིབས་རྟ་སྐད་ཐེང་གཅིག་གིས། །མཉམ་ཉིད་རྫོགས་པ་ཆེན་པོར་ལ་ཟློས་ན། །སྣང་ཞིང་སྲིད་པའི་ཆོས་རྣམས་ཐམས་ཅད་ལ། །རང་དབང་མ་གྱུར་ཅུང་ཟད་ཡོད་མིན་ཏེ། །ཐམས་ཅད་རང་བྱུང་རིག་པའི་ངང་དུ་རྫོགས། །དེ་ཉིད་པདྨ་དབང་གི་རྒྱལ་པོར་བརྗོད། །འདོད་པའི་ཡོན་ཏན་ཀུན་ལ་རོལ་བཞིན་དུ། །གདོད་ནས་རྣམ་དག་སྐྱོན་བྲལ་པདྨའི་རིགས། །རྟ་ཡི་མགྲིན་གླུས་མ་ཚོགས་དབང་དུ་སྡུད། །དངོས་གྲུབ་རྣམ་གཉིས་ཐོགས་མེད་འགུགས་པར་བྱེད། །སྙིང་རྗེ་ཆེན་པོས་རྒྱལ་རྣམས་གཞན་དོན་བསྐུལ། །ཐུགས་རྗེ་ཆགས་པས་འགྲོ་རྣམས་དབྱིངས་སུ་སྡུད། །སྲིད་ཞིའི་སྤྱི་དཔལ་འཁོར་འདས་ཀུན་གྱི་རྗེ། །བདེ་ཆེན་པདྨ་དབང་གི་རྒྱལ་པོ་ཉིད། །འདི་ཡི་ལྷ་སྔགས་དམིགས་པའི་ཐབས་བརྟེན་ན། །ཡེ་ཤེས་ཐུགས་རྗེ་སྨོན་ལམ་ཆེན་
པོའི་མཐུས། །ས་ལམ་མྱུར་བགྲོད་དངོས་གྲུབ་ཐོགས་མེད་སྩོལ། །སྣང་སྲིད་དྲེགས་པ་རང་དབང་མེད་པར་འདུ། །རྟ་འདྲའི་ལས་རླུང་སེམས་ཀྱི་དབང་དུ་འདུས། །སེམས་ནི་རང་བྱུང་རིག་པའི་ངང་དུ་ཐིམ། །སྣང་གསུམ་འཕོ་བ་འགྱུར་མེད་ཆོས་སྐུར་འགགས། །བདེ་ཆེན་རྡོ་རྗེའི་སྐུ་མཆོག་ཚེ་འདིར་འགྲུབ། །ཨ་ལ་ལ་ཧོ། ཞེས་པའང་རབ་ཚེས་ས་སྤྲེལ་དབོ་ཟླའི་ཚེས་ཉེར་གསུམ་ལ་དགའ་ལུང་བདེ་མཆོག་ཕོ་བྲང་དུ་མི་ཕམ་པདྨ་དབང་ཆེན་རྡོ་རྗེས་བྲིས་པ་དགེའོ། ༈ །ཡོན་ཏན་རྡོ་རྗེ་བདུད་རྩིའི་ངེས་དོན་གྱི་དགོངས་པ་བཞུགས། མཉམ་པ་ཉིད་ཀྱི་དོན་རྟོགས་ན། །ཐམས་ཅད་བདུད་རྩི་བདེ་བ་ཆེ། །གདོད་ནས་ཡེ་སངས་རྒྱས་པ་ལ། །སྡུག་བསྔལ་རྒུད་པའི་མིང་ཡང་མེད། །དོན་ལ་དེ་ལྟར་གནས་མོད་ཀྱི། །རང་སྣང་འཁྲུལ་པའི་དབང་སོང་བས། །འགྲོ་ཀུན་སྡུག་བསྔལ་རྒྱ་མཚོར་འཁྱམས། །ཐུགས་རྗེས་འབྲེལ་བའི་རྒྱལ་རྣམས་ཀྱིས། །རྣམ་རྟོག་ནད་ཀྱིས་མནར་བ་ལ། །དམ་ཆོས་བདུད་རྩིའི་འོད་ཟེར་འགྱེད། །ཆོས་ཀྱི་སྒོ་མོ་མཐའ་ཡས་པ། །ཀུན་ཀྱང་ཕན་བདེའི་
གསོས་འགྱུར་མེད། །ཡང་དག་དོན་གྱི་བདུད་རྩི་ནི། །མཉམ་ཉིད་རྫོགས་པ་ཆེན་པོ་ཡིན། །དེ་ཡི་ངང་དུ་ཆོས་ཀུན་རྫོགས། །བཟང་ངན་བླང་དོར་མེད་པར་མཉམ། །དོན་གྱི་བདུད་རྩི་འདི་རྟོགས་ན། །བདུད་རྩིར་མ་གྱུར་ཆོས་མེད་པས། །སྣང་སྲིད་བདུད་རྩི་རྣམ་དག་གི། ཆེ་མཆོག་དགོངས་པ་མངོན་དུ་གྱུར། །དེ་ཚེ་དུག་ལྔ་འབྱུང་ལྔ་དང་། །ཕུང་ལྔ་དབང་ལྔ་སྨན་ལྔ་སོགས། །ཐམས་ཅད་ཡེ་ཤེས་ལྔ་ལྡན་གྱི། །བདུད་རྩི་ཉིད་དུ་གྱུར་པ་ཡིན། །ཨེ་མ་བདུད་རྩི་བདེ་བ་ཆེ། །རང་བྱུང་བྱང་ཆུབ་སེམས་ཀྱི་ལྷ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །ཀུན་གྱི་དཔལ་ལ་ཕྱག་འཚལ་ལོ། །ཞེས་པའང་ས་སྤྲེལ་ཟླ་གཉིས་ཚེས་ཉེར་གསུམ་ལ་མི་ཕམ་པ་ཆེ་མཆོག་དགྱེས་པ་རྩལ་གྱིས་བྲིས་པ་དགེ །། ༈ རྡོ་རྗེ་ཕུར་པའི་ངེས་དོན་གྱི་དགོངས་པ་བཞུགས། ཆོས་རྣམས་ཀུན་གྱི་གནས་ལུགས་དེ་ཁོ་ན། །གཉིས་ཆོས་ཀུན་བྲལ་མཉམ་ཉིད་རྫོགས་པ་ཆེ། །སོ་སོ་རང་གི་རིག་པས་མངོན་བྱས་པ། །རིག་པ་ཡེ་ཤེས་དོན་གྱི་ཕུར་པ་ཡིན། །གཉིས་མེད་ཡེ་ཤེས་མི་ཕྱེད་རྡོ་རྗེ་སྟེ། །དུས་གསུམ་འགྱུར་མེད་རྒུད་བྲལ་གཞོན་ནུ་ཉིད། །
ཡེ་ནས་ཀུན་ཁྱབ་བདེ་གཤེགས་སྙིང་པོ་དེ། །འགྲོ་ཀུན་སེམས་ལ་ཆོས་ཉིད་ཚུལ་དུ་བཞུགས། །ཐབས་ཀྱི་གདམས་པ་བླ་མའི་མན་ངག་གིས། །སེམས་ཉིད་རང་སར་རྟོགས་པའི་རྣལ་འབྱོར་པས། །རིག་པས་ཕུར་བུས་འཁོར་འདས་ཆོས་རྣམས་ཀུན། །རང་རྩལ་རང་དབང་ཉིད་དུ་རྒྱ་ཡིས་ཐེབས། །དེ་ཕྱིར་ཕུར་པ་སྣང་སྲིད་ཐལ་འབྱིན་གྱི། །དགོངས་པའི་གདེང་གིས་གདུལ་དཀའི་སྲོག་འཕྲོག་ཅིང་། །བདེ་བའི་མཁའ་དབྱིངས་བྱང་ཆུབ་སེམས་སྤྲིན་སྤྲོ། །སྣང་སྲིད་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས། །ཨེ་མ་རྒྱལ་ཀུན་ཕྲིན་ལས་ལྷག་པའི་ལྷ། །སྲས་མཆོག་ཁྲོ་བོ་ཕུར་པའི་རྣལ་འབྱོར་གྱིས། །འཁོར་འདས་སྟོང་སྲོག་དབང་བསྒྱུར་དཔལ་ཆེན་པོའི། །གོ་འཕང་ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ས་སྤྲེལ་ཟླ་གཉིས་ཚེས་ཉེར་གསུམ་ལ་དྷཱི་མིང་པས་པ་བྲིས་དགེ །། ༈ མ་མོའི་ངེས་དོན་གྱི་དགོངས་པ་བཞུགས།རང་བྱུང་བྱང་ཆུབ་སེམས་ལས་མ་གཡོས་ཀྱང་། །གཡོ་བ་ལྟར་སྣང་ལས་རླུང་ཀུན་རྟོག་གིས། །བཀོད་པ་ཕྱི་སྣང་འཇིག་རྟེན་སྲིད་པ་དང་། །ནང་ལུས་རྩ་རླུང་ཐིག་
ལེའི་འདུ་འཕྲོ་ལས། །འཁོར་འདས་ལམ་གྱི་སྣང་བ་སྣ་ཚོགས་པ། །ཀུན་ཀྱང་སྐྱེ་མེད་ཡུམ་གྱི་མཁའ་ལས་ཤར། །ཡང་དག་དོན་ལ་བྱེད་པོ་འགའ་མེད་ཀྱང་། །སྲིད་པའི་འགྲོ་ལ་བྱེད་པོ་དབང་ཆེན་གྱི། །ཚུལ་དུ་སྣང་བ་སྲིད་པ་མ་མོ་ཡིན། །དེ་ཕྱིར་དེ་ལ་བརྟེན་པའི་རྣལ་འབྱོར་པས། །ལས་དང་ཡེ་ཤེས་དངོས་གྲུབ་རབ་འབྱམས་རྣམས། །ཚེགས་མེད་མྱུར་དུ་འགྲུབ་པ་ཐབས་ཀྱི་མཐུ། །རགས་པ་ཕྱི་རོལ་སྣང་བའི་དབང་ཆེན་རྣམས། །ནང་གི་རྩ་ང་ཐིག་ལེའི་ཆོ་འཕྲུལ་ཏེ། །རླུང་སེམས་རང་དབང་བསྡུ་བའི་ཐབས་དེ་ཡིས། །མ་མོ་མཁའ་འགྲོ་རང་དབང་ཉིད་དུ་འགྱུར། །མ་ནི་སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས། །མོ་ནི་འགག་མེད་རང་གསལ་རིག་པ་ཉིད། །ཟུང་འཇུག་བྱང་ཆུབ་སེམས་ཀྱི་དོན་རྟོགས་ན། །མ་མོའི་དགོངས་པ་མངོན་དུ་གྱུར་པ་ཡིན། །དབུ་མའི་དབྱིངས་སུ་ལས་རླུང་འདུས་པ་ན། །འཇིག་རྟེན་དྲེགས་པའི་མ་མོ་ལས་ལ་འཁོལ། །བྱང་ཆུབ་སེམས་སུ་རྣམ་རྟོག་དབང་འདུས་ཚེ། །སྣང་སྲིད་མ་མོའི་སྲོག་ལ་རང་དབང་ཐོབ། །བསྐྱེད་དང་འཇིག་
པ་གསོ་དང་གསོད་པ་སོགས། །རབ་འབྱམས་ལས་ཀྱི་ཚོགས་ལ་དབང་འབྱོར་ཞིང་། །རང་རིག་གདོད་མའི་དབྱིངས་སུ་ཆོས་ཐམས་ཅད། །ཆོས་སྐུར་མངོན་རྫོགས་རྒྱལ་བའི་གོ་འཕང་འགྲུབ། །ས་སྤྲེལ་ཟླ་གཉིས་ཚེས་ཉེར་གསུམ་ལ་མི་ཕམ་པས་བཀོད་པ་དགེ །། ༈ རིག་འཛིན་བླ་མའི་ངེས་དོན་དགོངས་པ་བཞུགས། དུས་གསུམ་བྱོན་པའི་རྒྱལ་བ་རིག་འཛིན་གྱི། །དགོངས་པའི་ཆུ་བོ་ཡེ་ཤེས་རྒྱ་མཚོར་འདྲེས། །མཉམ་ཉིད་བྱང་ཆུབ་སེམས་སུ་འདུ་འབྲལ་མེད། །དེ་དོན་གང་རྟོགས་བླ་མའི་ཐུགས་གསང་ཟིན། །རྒྱུ་འབྲས་ཐེག་པ་རྒྱ་མཚོའི་རྒྱུད་སྦྱངས་ཀྱང་། །མཐར་ཐུག་ལྷན་ཅིག་སྐྱེས་པའི་དེ་ཁོ་ན། །ཐབས་ཀྱི་གདམས་པ་བླ་མའི་མན་ངག་གིས། །རྟོགས་པར་ནུས་ཀྱི་གཞན་དུ་ནམ་ཡང་མིན། །རིག་འཛིན་བླ་མ་ཐུགས་གསང་རྣམ་དག་གི། དགོངས་པ་འཚོལ་ན་བརྒྱུད་ལྡན་བླ་མ་བསྟེན། །བླ་མའི་བྱིན་རླབས་སེམས་ལ་ནམ་ཞུགས་ན། །རིག་འཛིན་ཀུན་གྱི་དགོངས་པའི་དབང་བསྐུར་རྫོགས། །དུས་གསུམ་འབྱོན་པའི་བླ་མ་རིག་
འཛིན་ཚོགས། །རྣམ་འགྱུར་ཆ་ལུགས་འདུལ་ཐབས་དཔག་མེད་ཀྱང་། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ། །དབྱེར་མེད་འགྲོ་བའི་སྣང་ངོར་ཐ་དད་ཚུལ། །དེ་ཕྱིར་ལྷ་དང་བླ་མ་རང་སེམས་གསུམ། །དབྱེར་མེད་རྫོགས་པ་ཆེན་པོའི་དོན་རྟོགས་ན། །ཞིང་གི་བཀོད་པ་ཡོན་ཏན་ཕྲིན་ལས་རྣམས། །རིག་པའི་ངང་དུ་ཆོས་དབྱིངས་མཉམ་པར་རྫོགས། །ཞེས་པའང་ས་སྤྲེལ་ཟླ་གཉིས་ཚེས་བཅུ་གསུམ་ལ་མི་ཕམ་བློ་གྲོས་པདྨ་བཞད་པས་སྤེལ་བ་དགེ །། ༈ མཆོད་བསྟོད་དྲེགས་པའི་ངེས་དོན་གྱི་དགོངས་པ་བཞུགས། ཆོས་ཀྱི་དབྱིངས་སུ་ཆོས་ཀུན་རོ་མཉམ་ཡང་། །ཆོས་ཅན་རྟེན་ཅིང་འབྲེལ་འབྱུང་སྣང་བ་ལས། །སྲིད་ན་དབང་ལྡན་དྲེགས་པའི་སྡེ་དཔོན་རྣམས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་བྱེད། །རྒྱལ་བའི་བཀའ་བཞིན་དམ་ལྡན་རྣལ་འབྱོར་པས། །མཆོད་ན་འགོ་ཞིང་བསྒྲུབ་ན་སྡོང་གྲོགས་བྱེད། །རྦད་ན་འགྲོ་བ་བསླུ་བ་མེད་མོད་ཀྱི། །ལས་དང་ཡེ་ཤེས་དྲེགས་པར་སྣང་བ་ཀུན། །ཡང་དག་དོན་ལ་རང་སེམས་ཆོ་
འཕྲུལ་ལས། །སྲིད་པའི་བྱེད་པོ་དབང་ཆེན་གཞན་འགའ་བྱེད། །སེམས་ཉིད་དག་ན་དེ་ཀུན་རང་དབང་འགྱུར། །མ་དག་སེམས་ཀྱི་སྣང་བ་མི་མཉམ་པར། །ལྷ་ཡང་བྱེད་ལ་འདྲེ་ཡང་བྱེད་པས་ན། །ལྷ་མ་སྲིན་ཞེས་ཡ་མ་ཟུང་གི་ཚིག །རྟེན་འབྲེལ་སྒྱུ་མའི་སྣང་བ་འདི་དག་རྣམས། །ཨ་འཐས་ཞེན་རློམས་དམ་དུ་བཟུང་བས་ཅི། །སྒྱུ་མ་ལྟ་བུར་སྣང་བའི་རྩལ་འབྱུང་ཀུན། །སེམས་ཉིད་རིག་པའི་རྒྱལ་པོའི་རོལ་པར་བཀོད། །རིག་པ་བྱང་ཆུབ་སེམས་ཀྱི་དོན་རྟོགས་ན། །དྲེགས་པ་ཀུན་འདུལ་དགོངས་པ་མངོན་དུ་འགྱུར། །མཆོད་ཀྱང་རང་སྣང་སྒྱུ་མའི་རོལ་པར་མཆོད། །ལས་ལ་བཀོལ་ཀྱང་རང་སེམས་སྒྱུ་མར་བཀོལ། །བདེན་མིན་རྫུན་མིན་ཆུ་ཡི་ཟླ་བ་འདྲ། །རིག་དབྱིངས་མཉམ་པའི་ནམ་མཁའ་གཡོ་བ་མེད། །དེ་ལྟར་དེ་དོན་རྟོགས་པས་རྣལ་འབྱོར་པས། །ལྟར་སྣང་ཞི་དྲག་མཛད་སྤྱོད་ཅི་སྤྱད་ཀྱང་། །གཞན་ཕན་ཕྲིན་ལས་ཉིད་འགྱུར་དྲེགས་པའི་ཚོགས། །རང་དབང་རང་འདུས་རང་
གྲོལ་ཆོས་སྐུར་རྫོགས། །ཁུ་རྡུལ་ལས་རླུང་འཕོ་བའི་གཡོ་བ་ཀུན། །གཡོ་མེད་མི་ཤིགས་ཐིག་ལེར་ཐིམ་པ་ལས། །གཟུང་འཛིན་ཀུན་ཏུ་རྟོག་པ་གཉིས་སྣང་སེམས། །གཉིས་མེད་མཉམ་ཉིད་ཡེ་ཤེས་ཀློང་དུ་གྲོལ། །དེ་ཚེ་མི་ཤིགས་རྡོ་རྗེའི་སྐུ་གཅིག་པུ། །སངས་རྒྱས་ཀུན་གྱི་ཐུགས་ཀྱི་གསང་བ་མཆོག །སྣང་སྲིད་དྲེགས་པའི་རྒྱལ་པོ་རྡོ་རྗེ་འཛིན། །ཚེ་འདི་ཉིད་ལ་ཉེ་བར་འགྲུབ་པ་ཡིན། །ཞེས་པ་ལྕགས་ཁྱི་ཟླ་བརྒྱད་ཚེས་བཞི་ལ་མི་ཕམ་པས་བྲིས་པ་དགེ །། ༈ དམོད་པ་དྲག་སྔགས་ཀྱི་ངེས་དོན་དགོངས་པ་བཞུགས་སོ། །ལྷ་དང་དྲང་སྲོང་དྲེགས་པའི་རིག་སྔགས་མེས། །ཕས་རྒོལ་བུད་ཤིང་བསྲེགས་པ་ཆོས་ཉིད་ཀྱང་། །མཉམ་ཉིད་རྟོགས་པའི་གདེང་དང་མི་ལྡན་ཞིང་། །སྙིང་རྗེའི་ཐབས་བྲལ་ངན་སོང་འཁོར་བའི་རྒྱུ། །སྲིད་འགྲོར་ཉམས་ངར་ཉེས་པ་སྣ་ཚོགས་པ། །ཀུན་རྟོག་སེམས་དང་འཕོ་བའི་དབང་གིས་བྱས། །དེ་ཕྱིར་རང་རྒྱུད་དགྲ་འདི་བསད་བྱས་ན། །སྲིད་པའི་དགྲ་སྡེ་མཐའ་དག་དུས་གཅིག་ཆོམས། །རྣམ་རྟོག་འཁྲུལ་པའི་དགྲ་དང་ལས་ཀྱི་རླུང་། །མཉམ་ཉིད་དབུ་
མའི་དབྱིངས་སུ་གསོད་པ་ཡི། །སྒྱུ་རྩལ་མཐུ་གསང་དམོད་པའི་དྲག་སྔགས་ཀྱིས། །སྟོབས་ལྡན་ནག་པོའི་དགོངས་པ་མངོན་དུ་གྱུར། །ཇི་ལྟར་སྣང་བ་ཀུན་བཟང་བདེ་ཆེན་གནས། །གདོད་ནས་ཡོངས་གྲོལ་མཉམ་ཉིད་རྫོགས་པ་ཆེ། །ཐེག་པའི་རྒྱལ་པོ་དགོངས་སྤྱོད་གདེང་ལྡན་ན། །ཁམས་གསུམ་ཡེ་གྲོལ་སྲིད་གསུམ་གཏིང་སྤྲུགས་པས། །ནམ་ཡང་འཕོ་འགྱུར་མེད་པའི་བདེ་ཆེན་ངང་། །རྣལ་འབྱོར་རྒྱལ་པོ་གཏན་སྲིད་ཟིན་པ་དེས། །རྩོལ་བ་མེད་པའི་སྙིང་རྗེ་ཆེན་པོ་ཡིས། །སྲིད་པར་ཤུགས་དྲག་སྡུག་བསྔལ་བརྒྱས་མནར་ཞིང་། །དབང་མེད་བརྒྱུད་མར་འཁྱམས་པའི་འགྲོ་ཀུན་ལ། །ཐབས་ལ་མཁས་པས་སྒྱུ་མ་ལྟ་བུའི་ཚུལ། །མཆོག་ཏུ་བདེ་བ་སྒྲོལ་བའི་འཕྲིན་ལས་འཇུག །ཨ་ལ་ལ་ཧོ་ངོ་མཚར་རྨད་དུ་བྱུང་། །ཞེས་པའང་ལྕགས་ཁྱི་ཁྲུམས་ཟླའི་ཚེས་བཞི་ལ་མི་ཕམ་པས་སྤེལ་བ་དགེའོ། ༈ །ཟབ་དོན་ཉམས་ལེན་གནད་གསང་བདེ་ལམ་ཡངས་པ་བཞུགས། ཀུན་གྱི་རང་བཞིན་གདོད་ནས་མྱ་ངན་འདས། །རྣམ་དག་བདེ་ཆེན་ཡེ་
ནས་འགྱུར་བ་མེད། །རང་བྱུང་ཡེ་ཤེས་འཇམ་དཔལ་གཞོན་ནུ་ལ། །དོན་དམ་རང་ངོ་ཤེས་པས་ཕྱག་བགྱིའོ། །སྲིད་པ་འདི་ན་སྣ་ཚོགས་སྣང་བ་བརྒྱ། །མི་བརྟན་འབྱུང་བ་སེམས་ཀྱི་ཆོ་འཕྲུལ་ཏེ། །ཐ་མལ་རྣམ་རྟོག་རྒྱུན་ལས་མ་གཏོགས་པའི། །འཁོར་བའི་སྡུག་བསྔལ་ཅི་ཡང་ཡོད་མ་ཡིན། །བདེ་ཡང་སེམས་ལ་སྡུག་ཀྱང་སེམས་ཡིན་ཏེ། །མཐོ་རིས་ངན་སོང་ལྷ་འདྲེ་བཟང་ངན་ཀུན། །སེམས་ཀྱི་ཆོ་འཕྲུལ་མ་གཏོགས་གཞན་མེད་པས། །བྱེད་ལོ་སྒྲུབ་ལོ་མང་པོའི་བློ་བོར་ཏེ། །ཀུན་གྱི་རྩ་བ་རང་སེམས་གཞི་རྩ་ཆོད། །སེམས་ཉིད་གཉུག་མའི་རང་བབ་ངོ་ཤེས་ན། །དེ་དང་དྲན་པའི་རྒྱུན་ལ་གནས་གྱིས་དང་། །གདམས་པ་ཀུན་གྱི་མཐིལ་དུ་ཕེབ་པ་ཡིན། །དང་པོར་རྣམ་རྟོག་དགྲ་རུ་ལང་བའི་དུས། །མི་བསམ་དགུ་བསམ་རྟོག་མང་མཚོ་རླབས་འཁྲུགས། །རང་དབང་མི་ཐོབ་ཤོག་སྐྱ་རླུང་ཁྱེར་འདྲ། །འཇིགས་དང་སྡུག་བསྔལ་དོགས་པ་བརྒྱ་ཡིས་གཙེ། །བདུད་བཞིའི་གཡུལ་ཆེན་བྱས་ཀྱང་འདི་ག་རང་། །ལྷ་འདྲེའི་སློང་ཚད་བྱས་ཀྱང་དོན་
ལ་འདི། །ཁམས་འདུས་ལས་སློང་བྱས་ཀྱང་ས་ཚད་གཅིག །རྣམ་རྟོག་མགོ་ཤོར་དུས་ན་རྣལ་འབྱོར་སྡུག །རང་སྣང་ཆོ་འཕྲུལ་ཡིན་ཀྱང་ཤེས་པར་དཀའ། །སྒོམ་གྱི་མགོ་ཟིན་ཡིན་ཡང་བཟོད་པར་དཀའ། །ཐ་མ་རང་ཡལ་འགྲོ་ཡང་བློ་སུན་ལང་། །དགྲ་བརྒྱ་དུས་གཅིག་སློང་དུས་སྲན་ཚུགས་ཨང་། །གཉིས་པ་རྣམ་རྟོག་ཁོང་ཤེད་ཆག་པའི་དུས། །འགྱུ་འགྱུ་འཚུབ་འཚུབ་འདྲ་ཡང་བཟོད་པར་ནུས། །དགུན་གྱི་རླུང་ལྷག་ལག་ཆ་མེད་པ་ལྟར། །སྔར་བས་ཤུགས་ཆུང་རྣམ་རྟོག་ཉམས་རྒྱུས་ལོན། །བསྒོམ་འདོད་བྲོད་པ་ཅུང་ཟད་སྐྱེ་བ་འདི། །ཧཱུཾ་ཕཊ་རྔམ་སྒྲས་འདྲེ་བརྒྱ་འདུལ་བ་དང་། །རྦད་སོད་སྔགས་ཀྱི་དགྲ་བརྒྱ་བསད་པ་ལས། །དོན་ཆེ་ཡུན་གྱི་གཏན་སྲིད་འཕྲོག་པའི་དགྲ། །རང་སེམས་རྣམ་རྟོག་འདི་ལས་གཞན་མེད་པས། །དགྲ་འདུལ་བགེགས་འཇོམས་བྱ་བྱེད་མ་བརྩོན་པར། །དགྲ་ཡི་རྩ་བ་བགེགས་ཀྱི་རྒྱལ་པོ་ནི། །རྣམ་རྟོག་དགྲ་རུ་མ་ལྟ་རང་སར་ཞོག །བྱུང་ཡང་རང་བྱུང་ཐིམ་ཡང་རང་ཐིམ་འདིའི། །རྒྱུས་མཚང་ཤེས་
ནས་རང་བབ་བཞག་པ་ན། །རང་ཞི་རང་ཡལ་འགྲོ་བའི་གནད་ཤེས་པའི། །རྣལ་འབྱོར་སེམས་ཀྱི་ངལ་བསོ་ཅུང་ཞིག་ཐོབ། །བསམ་བསམ་འགྱུ་འགྱུ་བདེན་བདེན་འཐས་འཐས་པོའི། །ཀུན་རྟོག་ཐོག་མེད་དུས་ནས་གོམས་པའི་ཤུགས། །དགག་དཀའི་རྦ་རླབས་གཡོ་ཡང་སྒྱུ་མའི་དམག །ཐ་མར་སྟོབས་མེད་ནམ་མཁའི་སྨིག་རྒྱུར་མཚུངས། །གསུམ་པ་རྣམ་རྟོག་གཉེན་དུ་ཤར་བའི་དུས། །གང་ཤར་ཅི་ཤར་ཕན་གནོད་བླང་དོར་ཆུང་། །རྣམ་རྟོག་ཁོང་དུ་འདུས་པའི་རང་སེམས་དལ། །བཏང་འགྲོ་བཞག་སྡོད་བྲན་འཁོར་བཟང་པོ་འདྲ། །སེམས་ཀྱི་རྒྱལ་པོས་རང་ས་ནོན་པས་ན། །རྣམ་རྟོག་ལས་བྱུང་སྡུག་བསྔལ་ཟུག་རྔུའི་དཔལ། །བར་སྣང་དབྱིངས་སུ་བསེར་བུས་གནོད་མེད་མཚུངས། །དེ་ལ་ཡངས་པ་རིམས་ནད་བྱང་བའི་ཚུལ། །ཆོས་ཉིད་སེམས་ཀྱི་གནས་ལུགས་ཤེས་ན་ཡང་། །དཔོན་མགོ་བས་ཀྱང་གཡོག་མགོ་མཐོ་བ་ཡི། །རྣམ་རྟོག་ལངས་ཤོར་སྔར་གྱི་ཚུལ་བསམས་ན། །རྣལ་འབྱོར་སྙིང་ལ་བདེ་བའི་ཉི་མ་འཆར། །ཀུན་རྟོག་དགྲ་བོ་རང་དབང་གྱུར་
པའི་དུས། །སྲིད་པ་གསུམ་ན་དབང་དུ་མ་གྱུར་པའི། །དགྲ་མེད་འདྲེ་མེད་འཇིགས་པ་ཆེན་པོ་མེད། །རྣལ་འབྱོར་གཡུལ་ལས་རྒྱལ་བ་རྙེད་པའི་མཆོག །སེམས་ཀྱི་གནད་ཕིགས་ཆོས་ཀྱི་ཉམས་རྙེད་ན། །བསམ་བསམ་བསྒྲུབ་བསྒྲུབ་མང་པོ་ངལ་བའི་རྒྱུ། །ཇི་ལྟར་བསྒྲུབས་ཀྱང་བསྒྲུབས་པའི་འབྲས་བུ་ནི། །སེམས་ཉིད་རང་ས་ཟིན་པའི་གནད་ལ་འདུས། །བཞི་པ་རྣམ་རྟོག་རང་སར་གྲོལ་བའི་དུས། །གང་ཤར་རང་གྲོལ་མཉམ་ཉིད་བདེ་ཆེན་ཀློང་། །རྣལ་འབྱོར་རྒྱལ་པོ་མཁའ་ལ་ཁྱུང་ལྡིང་མཚུངས། །ཡེ་ནས་ཡོངས་གྲོལ་དོན་གྱི་དེ་ཉིད་རིག །འཁོར་བ་མིང་མེད་གདོད་ནས་མྱ་ངན་འདས། །རང་བྱུང་རིག་པས་འཁོར་འདས་མངའ་དབང་བསྒྱུར། །ཀུན་བྱེད་རྒྱལ་པོ་གདོད་མའི་རྒྱལ་ས་རུ། །འཁོར་ཚེ་ལམ་འབྲས་ཆོས་ཀུན་འབད་མེད་རྫོགས། །ཡེ་ནས་ལྷན་ཅིག་སྐྱེས་པའི་དེ་ཁོ་ན། །ཆོས་ཀྱི་དབྱིངས་དང་དོན་དམ་བདེན་པ་དང་། །བདེ་བ་ཆེན་པོ་ལ་སོགས་མཚན་གྱི་སྒྲས། །ཇི་ལྟར་བརྗོད་ཀྱང་འདི་ལས་གཞན་དུ་མེད། །རླུང་སེམས་
རྣམ་དག་ལྷ་ཡི་འཁོར་ལོར་སད། །ཡེ་ཤེས་སྒྱུ་མ་ལྷ་སྐུའི་རྣལ་འབྱོར་རམ། །སྣང་སྲིད་དག་མཉམ་རྡོ་རྗེའི་དཀྱིལ་འཁོར་ཆེ། །མ་བསྒྲུབས་རང་རྫོགས་ང་སེམས་གཅུན་མི་དགོས། །ཡེ་སྟོང་འོད་གསལ་འདུས་མ་བྱས་པའི་དབྱིངས། །མངོན་སུམ་རང་རིག་གཉུག་མའི་རྣལ་འབྱོར་པ། །གནས་སྐབས་རྣམ་བཞིར་མཁའ་འདྲ་འཕོ་འགྱུར་མེད། །དོན་གྱི་འོད་གསལ་ཟེར་ཀྱང་དེ་ག་རང་། །སྣང་སེམས་སྒྱུ་འོད་གསལ་སྟོང་ང་རིག་དང་། །འཁོར་འདས་དབྱེར་མེད་ཟུང་འཇུག་མཉམ་པའི་དབྱིངས། །ཐིག་ལེ་ཉག་གཅིག་གཉུག་མའི་དོན་མཐོང་བས། །མཐར་ཐུག་འབྲས་བུ་རྩོལ་མེད་རིམ་གྱིས་བགྲོད། །ནམ་མཁའ་ལྟ་བུར་འགྱུར་མེད་ཡེ་ཤེས་སྐུ། །སྒྲིབ་བྲལ་མཁྱེན་གཉིས་ཡོན་ཏན་ཡོངས་རྫོགས་པ། །གདོད་མའི་སངས་རྒྱས་རིགས་རྣམས་ཀུན་བདག་མཆོག །མངོན་འགྱུར་རྟག་ཁྱབ་འཕྲིན་ལས་ལྷུན་གྲུབ་འགྱུར། །དེ་ལྟར་མདོ་དང་རྒྱུད་སྡེའི་ངེས་གསང་གི། ལམ་གྱི་བཀོད་པ་རྒྱ་ཆེ་རབ་ཟབ་ཀུན། །རྩོལ་མེད་ངང་དུ་ལྷུན་གྱིས་གྲུབ་པ་ཡི། །དེ་
ལ་མྱུར་བའི་ལམ་མཆོག་རྫོགས་པ་ཆེའི། །མན་ངག་རིན་ཆེན་དབང་གི་རྒྱལ་པོའི་མཛོད། །བརྒྱུད་ལྡན་བླ་མའི་དྲིན་ལས་ལེགས་ཐོབ་ན། །བྱ་རྩོལ་ལམ་གྱི་ཐེག་པ་ཟབ་ཤོས་རྣམས། །ཇི་ལྟར་བཟང་ཡང་འདི་ལ་བསྒྲུན་མི་ནུས། །མཆིང་བུའི་ནོར་དང་ནོར་བུའི་རྒྱལ་པོ་བཞིན། །གང་ཞིག་རྩེ་མོའི་དམ་པར་ཤེས་པའི་བློས། །ཡང་རབ་སྐལ་ལྡན་རྣལ་འབྱོར་དམ་པའི་ཕུལ། །རྡོ་རྗེ་སྙིང་པོའི་མཁའ་ལམ་འདིར་ཞུགས་ཤིག །འདི་ལྟར་ལམ་གནད་ཅུང་ཞིག་ཐོལ་བྱུང་དུ། །བརྗོད་པའི་དགེ་བས་མཐའ་ཡས་འགྲོ་བ་ཀུན། །སེམས་ཉིད་འོད་གསལ་རིན་ཆེན་དམ་པའི་གླིང་། །རྡོ་རྗེ་སྙིང་པོའི་དྲིན་གྱིས་མཐོང་གྱུར་ཅིག །མི་ཤིགས་མཁའ་མཉམ་རྡོ་རྗེ་སྙིང་པོའི་ལུས། །སྐུ་དང་ཡེ་ཤེས་དབྱེར་མེད་མཉམ་པ་ཉིད། །རང་བཞིན་འོད་གསལ་མཆོག་ཏུ་མི་འགྱུར་བའི། །བདེ་བ་ཆེན་པོའི་བཀྲ་ཤིས་མཁའ་མཉམ་ཤོག །མུ་མེད་ནམ་མཁའི་ལྟོས་ཀུན་ཡོངས་ཁྱབ་པའི། །ཧེ་རུ་ཀ་དཔལ་དཔལ་ལྡན་མཁའ་འགྲོ་
མ། །བདེ་བའི་གར་བཅས་དགྱེས་པའི་གླུ་ལེན་པས། །ལམ་འདིས་ཕྱོགས་ཀུན་ཁྱབ་པའི་ཤིས་པ་སྩོལ། །ཅེས་པའང་རབ་ཚེས་ཤིང་འབྲུག་མགོ་ཟླའི་ཚེས་བཅུར་རྒྱ་ཕུ་བྲག་དཀར་བདེ་ཆེན་དབང་ཕུག་ཏུ་མི་ཕམ་འོད་གསལ་རྡོ་རྗེས་ཚིག་གི་སྡེབ་སྦྱོར་མ་དཔྱད་པར་དོན་གྱི་གནད་གསང་རྣམས་གང་ཤར་འཕྲལ་བྱུང་དུ་བྲིས་པ་མངྒ་ལཾ། ༈ ཞི་གནས་ལ་རབ་ཏུ་བསྐུལ་བའི་གཏམ་ལྷ་ཡི་རྔ་དབྱངས་ལྟ་བུ་བཞུགས་སོ། །རྣམ་རྟོག་རྦ་རླབས་ཞི་བ་འཇམ་པའི་ངང་། །མཁྱེན་གཉིས་རང་འོད་གསལ་བའི་དཔལ་ལྡན་པ། །གཞོན་ནུའི་ལུས་ཅན་དེ་ལ་གུས་བཏུད་ནས། །དོན་ཆེན་ལག་ཏུ་ལེན་པའི་གདམས་པ་བྲི། །རྣམ་རྟོག་ཆུ་འབྱམས་བར་མེད་རྒྱུན་འཁྲིགས་འདི། །ཐོག་མེད་དུས་ནས་ད་བར་བསགས་བསགས་ཀྱང་། །དོན་མེད་སྡུག་བསྔལ་རྦ་རླབས་འབའ་ཞིག་ལས། །མ་བསམ་ཐབས་མེད་མེད་ངེས་ཁོ་ཐག་ཆོད། །འདི་ངང་འབྱམས་ན་འཁྲུལ་སྣང་སྡུག་བསྔལ་དང་། །རང་སེམས་སོ་མི་བསོད་ཅིང་ཞི་ལྷག་གི། ཡོན་ཏན་ཅུང་ཟད་ཙམ་ཡང་མི་ཐོབ་པའི། །ཕུང་ཁྲོལ་རྩ་
བ་འདི་ཡིན་ཁོ་ཐག་ཆོད། །ཤོག་དྲིལ་བཞིན་དུ་ངན་གོམས་ལང་ཤོར་གྱི། །ཚུལ་འདི་ཤེས་ནས་ཡང་ཡང་དྲན་པའི་རྒྱུན། །བརྟེན་ནས་དམིགས་བྱའི་དོན་ལས་མི་ཡེངས་པའི། །བརྩོན་པ་འདི་ལ་བློ་རྩེ་གཅིག་ཏུ་དྲིལ། །ལྷ་མིའི་བདེ་འབྱོར་གང་དང་ཅི་ཡིས་ཀྱང་། །རང་སེམས་དབང་དུ་གྱུར་ལ་འགྲན་མི་ནུས། །འདོད་ཡོན་བརྟེན་པ་ཤུ་བ་ཕྲུག་དང་མཚུངས། །ཤུ་བ་ཞི་འདྲ་རང་སེམས་སོ་རེ་བསོད། །རིམས་ནད་བྱང་བ་ལྟ་བུའི་བདེ་བ་ནི། །སེམས་ཀྱི་རྒྱ་མཚོ་རྙོག་མེད་ཉིད་འདི་ཡིན། །འདི་འདྲའི་བདེ་བ་དྲི་མ་མེད་པའི་དཔལ། །དབང་པོས་ཀྱང་ནི་ཤིན་ཏུ་རྙེད་པར་དཀའ། །དབང་མེད་གཡོ་བས་གཞན་དབང་ཞགས་པ་ལས། །གྲོལ་བའི་སེམས་ཀྱི་བདེ་བ་སུས་མྱོང་བ། །དེ་དང་མཚུངས་པའི་མྱང་བྱ་གཞན་མེད་ཕྱིར། །ལྷར་བཅས་འཇིག་རྟེན་ནང་ན་ནོར་གྱི་མཆོག །དྭངས་པའི་མཚོ་ལ་ཟླ་སྐར་སྣང་བརྙན་བཞིན། །མངོན་ཤེས་ལ་སོགས་ཡོན་ཏན་རྣམ་མང་འཆར། །རང་
སེམས་འདུལ་བ་ཡོན་ཏན་ཀུན་གྱི་གཞི། །མ་དུལ་སེམས་ལ་ཡོན་ཏན་ཇི་ལྟར་བརྟེན། །དེ་བས་ལུས་སྲོག་དོར་ཀྱང་ཆེས་སླ་ཡི། །གཏན་སྲིད་སླད་དུ་སེམས་སྦྱོང་དྲན་པའི་རྒྱུན། །ཅི་ལ་བབ་ཀྱང་གཏོང་བར་མི་བྱ་བའི། །འདུན་དང་དམ་བཅའ་ལྷོད་པ་མེད་པར་གྱིས། །དང་པོ་སྒྲིམ་ལྷོད་རན་པོས་ཇི་བཞིན་དུ། །ཇེ་བས་ཇེ་བརྩོན་ཅུང་ཟད་གོམས་གྱུར་ནས། །དམིགས་པའི་དོན་ལ་རྩེ་གཅིག་སེམས་པ་ཡིས། །ཞི་གནས་རྙོགས་མེད་མ་ཐོབ་བར་དུ་འབད། །གོམས་ནས་ཇེ་བས་ཇེ་སླ་རང་སེམས་ཀྱི། །སྐྱོན་དང་ཡོན་ཏན་བླང་དོར་དཔྱོད་པའི་བློ། །རང་ཉམས་ལམ་རྒྱུས་ལོན་པའི་ས་ཚད་ལ། །ཟླ་གྲངས་འགའ་ཡིས་སླེབ་ཀྱང་བརྩོན་མཁན་ཉུང་། །འདུན་བརྩོན་སེམས་དང་དཔྱོད་པའི་རྐང་པ་བཞི། །སྙིང་པོ་དྲན་པའི་མུ་ཁྱུད་ལུ་གུ་རྒྱུད། །བརྟན་པའི་མཐུ་ལས་རང་སེམས་མེ་ལོང་ལ། །ནམ་མཁའི་ཁོར་ཡུག་བཀང་བའི་བདེ་བ་འཆར། །དམིགས་པའི་སྒོ་ནི་མཚན་མའི་རྟེན་དག་དང་། །ལུས་
ལ་བརྟེན་པའི་ང་ལ་དམིགས་པ་དང་། །ཕྲ་མོའི་ཕྱག་མཚན་ཡི་གེ་ལ་སོགས་པ། །གང་ལ་བརྟེན་ཀྱང་གོམས་ན་འགྲུབ་མོད་ཀྱི། །སྙིགས་དུས་ཉོན་མོངས་རགས་པའི་རླུང་སེམས་ནི། །མི་སྲུན་སྦྲུལ་འདྲ་འཚུབ་ཅིང་འཁྲུགས་པའི་ཕྱིར། །བཀག་ཅིང་བཟློག་པས་ཤིན་ཏུ་གཡོ་བར་འགྱུར། །དེ་ཕྱིར་བློ་སུན་འགྱུར་ནས་འདོར་བ་མང་། །མ་བཅོས་སེམས་ཀྱི་རང་བབ་ལྷོད་པ་ཡི། །རང་ངོ་དྲན་པ་ཙམ་ཞིག་རྒྱུན་བསྐྱངས་ནས། །རྣམ་རྟོག་ལས་རླུང་གཡོ་ཡང་དེའི་རྗེས་སུ། །མ་འབྲངས་རང་གར་འཇོག་པའི་ཐབས་ཤེས་ན། །སེམས་ཉིད་ནམ་མཁའ་ཇེ་བས་ཇེ་དྭངས་ལ། །རྣམ་རྟོག་གསེར་བུ་ཇེ་བས་ཇེ་ཞི་ནས། །དྭངས་གསལ་རྙོག་པ་མེད་པའི་ཡིད་ཀྱི་མཚོ། །ཞི་ལྷག་ཟུང་འཇུག་ཡོན་ཏན་རྟེན་དུ་གྱུར། །འདིར་ནི་ལྷག་མཐོང་རིག་པའི་ཀློང་ཆེན་དུ། །བརྟན་པ་རིམ་ཐོབ་ཞི་གནས་ཤུགས་ཀྱིས་འགྲུབ། །ཤིན་ཏུ་བདེ་ལམ་རྩོལ་བཅས་ལམ་ལས་འཕགས། །ཞི་ལྷག་ཟུང་འཇུག་ཡོན་ཏན་ངང་གིས་འགྲུབ། །
རིག་པའི་རང་བཞིན་ཀ་དག་འོད་གསལ་དོན། །ངོ་མ་འཕྲོད་ཀྱང་ནང་གི་རང་སེམས་ལ། །དམིགས་ནས་མ་བརྗེད་དྲན་པས་རྒྱུན་བསྐྱངས་ན། །ཞི་གནས་བསྒྲུབ་པའི་མན་ངག་ཀུན་གྱི་ཕུལ། །གོམས་ནས་བདེ་གསལ་མི་རྟོག་ཉམས་ཀྱི་རྩལ། །སྣ་ཚོགས་འཆར་ཞིང་རིག་པའི་གནས་ལུགས་ལ། །ཇེ་ཉེར་སོང་ནས་ངོ་འཕྲོད་ཤིན་ཏུ་སླ། །དེང་སང་སྒོམ་པ་ཕལ་ཆེར་འདི་ཙམ་ཉིད། །རིག་ངོ་འཕྲོད་ཀྱང་དེ་ངང་མ་གོམས་ན། །ཉམས་སྣང་མི་འཆར་ཐ་མལ་རྣམས་དང་མཚུངས། །ཡུལ་རྐྱེན་མི་འཁྱགས་སྒོམ་པའི་ལག་རྗེས་བྲལ། །མ་བསྒོམས་འཚང་རྒྱ་རྒྱལ་བས་མ་གསུངས་སོ། །རིག་ངོ་མ་འཕྲོད་ཞི་གནས་ཙམ་གོམས་ཀྱང་། །རྣམ་རྟོག་མགོ་ནོན་ཡོན་ཏན་འགའ་མངོན་ཀྱང་། །ཀུན་རྟོག་རང་སར་གྲོལ་བའི་གནད་མི་ཤེས། །འཛིན་པས་བཅིངས་པས་བླང་དོར་སྲིད་རྩ་བསྒྲུབས། །དེ་ཕྱིར་རང་ངོ་ཤེས་དང་གོམས་པ་བརྟན། །སེམས་ཕྱོགས་ཉམས་ལེན་རྐང་པ་ཟུང་འདི་ཡིན། །གནས་ལུགས་དོན་ལ་རང་བྱུང་འོད་གསལ་
དང་། །ཞི་ལྷག་ཟུང་འཇུག་ཡེ་ནས་ལྷུན་གྲུབ་ཡིན། །མདོ་རྒྱུད་བརྒྱ་ཕྲག་འཆད་པའི་སྟོན་ཆེན་དང་། །ཀུན་གྱིས་བླ་མར་བཀུར་བ་ཕལ་མོ་ཆེས། །རང་སེམས་ནང་དུ་བཀུག་ནས་མ་བསྒོམས་པས། །ཕལ་པ་ལས་ནི་ཅུང་ཟད་འཕགས་པ་མེད། །ཀུན་རྟོག་མགོ་རྒོད་འདི་ཡང་དབང་ཆེ་ལ། །མཁྱེན་དང་ནུས་པའི་ཡོན་ཏན་ཅང་མ་ཐོབ། །དོན་མེད་ཆུ་རླབས་འཁྲུགས་འདྲའི་རང་སེམས་ལ། །བལྟས་ཤིང་བལྟས་ནས་སྐྱོ་བ་ཆེར་བསྐྱེད་དེ། །དམ་པའི་མན་ངག་ཟབ་མོའི་རྗེས་ཞུགས་ནས། །རང་སེམས་ཁ་ལོ་དུལ་བའི་ཅང་ཤེས་ཀྱིས། །དོན་གཉིས་འབྲས་བུས་འབྱོར་ལྡན་ཡིད་འོང་གནས། །མྱུར་བ་ཉིད་དུ་མངོན་པར་ཐོབ་མཛོད་ཅིག །བརྩོན་པ་ཀུན་གྱི་ནང་ན་དོན་ཆེ་བ། །རང་སེམས་དུལ་བར་སྦྱོར་བ་འདི་ཁོ་ན། །བུམ་བཟང་དཔག་བསམ་ནོར་བུའི་གཏེར་གྱིས་ཀྱང་། །མཚོན་མིན་ཡོན་ཏན་ཆེན་པོའི་གནས་ཉིད་ཡིན། །དེ་ཕྱིར་འདི་དོན་ལེགས་རྟོགས་སྐལ་བཟང་གིས། །སེམས་
ཀྱི་རྣལ་འབྱོར་གནས་ལ་རབ་གུས་པས། །བྱ་བ་ཀུན་སྤངས་རྩེ་གཅིག་ཡིད་གྱུར་ཏེ། །དོན་བཟང་གཏན་གྱི་འདུན་མ་སྒྲུབས་འཚལ་ལོ། །ཞེས་པའང་ཤིང་འབྲུག་མགོ་ཟླའི་ཚེས་བཅུ་ལ་མི་ཕམ་པས་བྲིས་པ་དགེའོ། ༈ །རྫོགས་ཆེན་ལམ་ལ་བསྔགས་པའི་གདམས་པ་བཞུགས་སོ། །འཇམ་དཔལ་གཞོན་ནུའི་ཞབས་ལ་ཕྱག་བགྱིས་ནས། །གནད་ཀྱི་གལ་མདོ་ངེས་པའི་གཏམ་ཞིག་བརྗོད། །ཆོས་ལམ་ཞུགས་ནས་ཆོས་ཀྱི་བྱ་བ་ལ། །འབད་པ་བྱེད་པའི་རྣལ་འབྱོར་ཕོ་མོ་གསོན། །ལུས་སེམས་མི་རྟག་ལ་ཁའི་ན་བུན་འདྲ། །འཇིགས་ཆེན་འཆི་བ་ནམ་འབྱུང་ཆ་མེད་དེར། །ཕན་པའི་ཉེར་བསྡོགས་བྱ་བ་མང་མོད་ཀྱི། །རང་སེམས་འོད་གསལ་གོམས་ལས་མཆོག་གཞན་མེད། །སེམས་ཉིད་རིག་སྟོང་གཉུག་མ་རྒྱ་ཡན་བབ། །ཐག་ཆོད་གནད་འདི་གསང་སྔགས་ལམ་ཀུན་གྱི། །སྐྱེལ་སོ་མཐར་ཐུག་རྣལ་འབྱོར་དགོངས་པའི་མཐིལ། །ཡང་དག་ཉམས་ལེན་བྱས་ན་འདི་བཞིན་གྱིས། །རང་རིག་གཉུག་མའི་བབ་ལ་གནས་བཞིན་དུ། །
མངོན་སུམ་འོད་གསལ་རང་གནད་གོམས་བྱས་ན། །སྐྱེ་ཤི་བར་དོའི་འཕྲང་ཆེན་ཅིག་ཆར་ཆོད། །འཆི་བའི་གྲབ་མ་བྱས་ན་འདི་སྒོམས་ཤིག །ཞག་བདུན་བསྒོམས་ཀྱང་ལས་ང་འཁྲུལ་འཁོར་ལྷོད། །ལོ་ཟླར་མཐུད་ན་མི་འགྱུར་གཏན་སྲིད་ཟིན། །ལྷ་སྔགས་ཚོགས་གཉིས་ཀུན་ཀྱང་ངང་གིས་རྫོགས། །འདི་ཤེས་ལམ་གཞན་འབད་པ་དེས་ཅི་བྱ། །སྣང་སེམས་གཞི་ཡི་རྩལ་དུ་ལམ་སློང་ན། །སྲིད་གསུམ་འཇིགས་པ་མཐའ་དག་དེ་ཡིས་ཆོམས། །རྨི་ལམ་དགྲ་ལ་གཡུལ་འགྱེད་གྲབ་མས་ཅི། །རང་སྣང་འཇིགས་པ་སེལ་བའི་ཐབས་གཞན་དམན། །རྒྱུ་འབྲས་རྟེན་འབྲེལ་ཆོས་འདི་མི་བསླུ་ཡང་། །རྟེན་འབྱུང་སྣ་ཚོགས་བྱེད་པོ་སེམས་ཉིད་ཡིན། །སེམས་ཀྱི་རྒྱལ་པོ་རང་སར་རང་གྲོལ་ན། །བྱ་བྱེད་གཞན་ལ་རེ་ལྟོས་ཅི་ཞིག་དགོས། །གང་གི་ཡང་དག་ཆོས་ཀྱི་དོན་རྟོགས་ཚེ། །ཐེག་པའི་རྣམ་གྲངས་རྒྱ་མཚོའི་གྲུབ་མཐའ་ཀུན། །མཁྱེན་པའི་བློ་དང་གཞན་ཕན་བརྩེ་བའི་ཤུགས། །རྩོལ་
བ་མེད་པ་ལྷུན་གྱིས་གྲུབ་པར་གྱུར། །ལམ་འདིས་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཀུན། །འབད་མེད་འགྲུབ་པ་རྒྱལ་པོ་ཆེ་བཞིན་ཏེ། །འབད་པ་བརྒྱ་ཕྲག་བརྟེན་པའི་ལམ་གཞན་ཀུན། །དེ་དག་ལག་མཐུས་སྒྲུབ་པ་བཞིན་དུ་ཆུད། །དེ་བས་བདེ་ཞིང་མྱུར་ལ་ཆོད་ཆེ་བའི། །ལམ་གྱི་ནང་ན་རྨད་བྱུང་མཐར་ཐུག་པ། །རྒྱལ་བ་རིག་འཛིན་བརྒྱུད་པའི་བཀའ་དྲིན་ལས། །ཉིན་མོར་བྱེད་པ་བཞིན་དུ་གསལ་མོད་ཀྱི། །ཡང་དག་ཚོགས་བསགས་ཟབ་མོའི་བློ་གྲོས་ཅན། །མཆོག་གི་སྐལ་པ་ཆེ་དང་ལྡན་གྱུར་པ། །འགའ་དང་འགའ་ཡི་སྤྱོད་ཡུལ་ཙམ་ཞིག་ལས། །སྐལ་དམན་ཕལ་ཆེར་འདི་ལས་ཕྱིར་ཕྱོགས་འགྱུར། །དེ་ལྟ་བས་ན་ལམ་གྱི་སྙིང་པོ་ཡི། །ཁྱད་པར་ཤེས་ནས་ནན་ཏན་བསྒྲུབ་པའི་འབྲས། །རང་རྒྱུད་རྨད་བྱུང་ཆོས་ཀྱི་འབྱོར་པ་ཡིས། །འབྱོར་འགྱུར་སླད་དུ་མི་འབད་བློ་ལྡན་སུ། །འཁྲུལ་སྣང་འཁོར་བའི་སྡུག་བསྔལ་རྒྱ་མཚོའི་རླབས། །མཐོང་བས་སྐྱོ་ན་རང་སེམས་གཉུག་མ་རུ། །ངལ་བསོས་དོན་གྱི་དེ་ཉིད་མཐོང་བྱོས་དང་། །
བདེ་བ་ཆེན་པོས་དབུགས་ཆེན་ངེས་པར་འབྱིན། །སྣ་ཚོགས་ཕན་དང་བདེ་བའི་དངོས་གྲུབ་སྒོ། །ཇི་སྙེད་བསྒྲུབ་པར་འདོད་པའི་སེམས་སྐྱེས་ན། །འཕྲལ་དང་ཡུན་གྱི་བདེ་བའི་དངོས་གྲུབ་ཆར། །སེམས་ཉིད་དབྱིངས་སུ་རྩོལ་མེད་འབད་འདིར་ཞུགས། །འཁྲུལ་སྣང་ལུ་གུ་རྒྱུད་འདིས་འགྲོ་ཀུན་བསླུས། །མ་འཁྲུལ་རང་རིག་དབྱིངས་སུ་གང་གོམས་པ། །རྣམ་གྲོལ་མཐར་ཐུག་མཆོག་གི་གོ་འཕང་རྙེད། །དེ་བས་སེམས་ཉིད་དབྱིངས་སུ་གཏན་སྲིད་ཟུངས། །མ་ཡེངས་བྱར་མེད་རིག་པའི་རང་བབ་ལ། །དྲན་པ་རྒྱུན་ཆགས་འཇུག་པ་འདི་ཙམ་གྱིས། །དགྲ་གསུམ་གསོད་དང་བདུད་བཞི་འཇོམས་པ་དང་། །འགྲོ་དྲུག་འཁོར་བའི་གཡང་ས་ལེགས་ཆོད་ཀྱང་། །རྣམ་རྟོག་བར་སྣང་སེར་བུ་ལང་ལོང་པོ། །དོན་མེད་རྨི་ལམ་ཐང་དུ་ཁྲིད་པའི་འཕྲུལ། །ཤེས་ནས་རང་དབང་རང་སོ་མ་ཟིན་པར། །འབད་པ་ཁོ་ན་གདམས་པའི་དོན་པོ་ལེགས། །དེ་ལྟར་ཤེས་ནས་ལེགས་པར་སྐྱོང་
མཛོད་དང་། །ཞག་དང་ཟླ་བའི་ཆ་ཡི་ཁྱོད་འཕེལ་ལ། །ངེས་པ་དོན་གྱི་རྩ་གསུམ་དགྱེས་པའི་བྱིན། །སྙིང་ལ་ལེགས་ཞུགས་འཇིགས་མེད་བདེ་ཆེན་ཐོབ། །ཞེས་ཤིང་འབྲུག་ཟླ་བརྒྱད་ཚེས་གསུམ་ལ་མི་ཕམ་འཇམ་དཔལ་དགྱེས་པས་འཕྲལ་བྲིས་མངྒ་ལཾ། ༈ འཇམ་པའི་དཔལ་ལ་ཕྱག་འཚལ་ལོ། །ཏིང་འཛིན་སྐྱོན་ཡོད་བཞག་པའི་ཐབས། །ཐོས་པའི་སྟོབས་ཀྱིས་དད་འདུན་བསྐྱེད། །ཤིན་ཏུ་བསྒྲིམ་པའི་རྩོལ་བ་ཡིས། །ལེ་ལོ་ལ་སོགས་སྤངས་ནས་སུ། །དམིགས་པ་ལ་ནི་བཞག་པར་བྱ། །དེ་ཚེ་གློག་གི་ཟློས་གར་བཞིན། །སྐད་ཅིག་མི་སྡོད་གཡོ་ན་ཡང་། །སྤྲོ་རྩོལ་བསྐྱེད་དེ་ཡང་ཡང་སྦྱངས། །ཐོས་དོན་བསམ་པའི་སྟོབས་ཀྱིས་ནི། །སྔ་མའི་རྒྱུན་མཐུད་ཅི་ནུས་བྱ། །བསྒྲིམ་སྟེ་འཇུག་པའི་ཡིད་བྱེད་སྐབས། །འདི་དུས་རྒྱུན་ལ་གནས་དཀའ་ཡང་། །བསྒྲིམ་ཞིང་བསྒྲིམ་ཞིང་དེ་ལ་བཞག །སྐར་མདའ་བཞིན་དུ་གཡོ་བ་དེ། །གལ་ཏེ་རྒྱུན་ལས་གཞན་གཡེངས་ཚེ། །ཆུ་དྲག་སྲོལ་དུ་འཛུད་པ་ལྟར། །དྲན་པས་སླར་ཡང་བླན་ཏེ་བཞག །ཤོག་སྐྱ་ང་གིས་ཁྱེར་
བའམ། །རི་གཟར་ཆུ་བཞིན་གཡོ་བའི་ཉམས། །བཞག་ཐབས་དང་པོ་འདི་གསུམ་དུས། །ལེགས་པར་བསྒྲིམ་ཏེ་མ་འབད་ན། །རྣམ་རྟོག་ཤུགས་དྲག་གཡོ་བ་ཡིས། །གནས་པའི་གོ་སྐབས་རྙེད་དཀའ་བས། །ཆུ་ལོན་བརྩིགས་པ་བཞིན་དུ་འབད། །ཤིན་ཏུ་གདུལ་དཀའ་སེམས་ཀྱི་རྟ། །དྲན་པའི་ཐག་པས་དམ་བཟུང་ཞིང་། །ལྷོད་པའི་བཏང་སྙོམས་ར་བར་བཅུག །རྩོལ་བའི་སྲབ་ཀྱིས་བསྐུལ་བ་གཅེས། །དྲན་པ་ཅུང་ཟད་སྟོབས་གྱུར་ཚེ། །མི་གསལ་མོག་པོའི་ཚུལ་གྱིས་ནི། །བློ་ཡི་ཡུལ་ན་གནས་ཙམ་གྱི། །སེམས་ཀྱི་སྲ་བ་ཅུང་ཐོབ་ན། རྩེ་གཅིག་ནང་དུ་བསྡུས་ནས་སུ། །དམིགས་པ་ལ་ནི་ཉེ་བར་འཇོག །གཟན་ལ་འདབ་ཆགས་འཁོར་ལྡིང་དང་། །འདྲ་བ་འདི་དུས་དྲན་པའི་རྒྱུད། །བརྟན་པར་བྱ་བ་གནད་དུ་ཆེ། །དེ་ཚེ་ཏིང་འཛིན་དེ་ལ་ནི། །རང་གིས་ཅུང་ཟད་སྤྲོ་བ་ཡིས། །བུང་བ་རྩི་བཅུད་འཐུང་བ་ལྟར། །བཞག་པར་མོས་པ་རྙེད་པ་ན། །བཟོད་དཀའི་གཡོ་བ་ཅུང་དུལ་བ། །ཉིད་ནི་ངེས་པར་སྐྱེ་
བར་འགྱུར། །ཉེར་འཇོག་དུལ་བ་འདི་གཉིས་པོ། །སྔར་ལས་བཟང་བའི་འཇོག་ཐོབ་ཀྱང་། །རོང་ཁུང་དོག་མོའི་ཆུ་འདྲའི་ཉམས། །ཕྲ་བའི་རྣམ་རྟོག་བྲེལ་རྒྱུན་འཁྲིགས། །བུམ་པར་བུང་བ་འཁོར་བ་བཞིན། །ཟིན་ཀྱང་གཡོ་བ་མི་འདོར་བ། །ཉིད་ཡིན་དུལ་བ་ཞེས་བྱ་བ། །འདི་དུས་དམིགས་པ་དེའི་ངང་དུ། །མི་བསྒུལ་ཤེས་བཞིན་གནས་པ་གཅེས། །ཤེས་བཞིན་དུ་ནི་དེར་གནས་ཚེ། །བྱིང་རྒོད་བྱུང་ན་དེ་བསལ་ཕྱིར། །སེམས་པའི་འདུ་བྱེད་ཀྱི་སྒོ་ནས། །རྣམ་རྟོག་སྣ་ཚོགས་རང་འདུ་བ། །ཅི་ནུས་ཞི་བ་ཉིད་དུ་བྱ། །ཞི་ཚེ་དེ་དང་བཏང་སྙོམས་སུ། །སྐྱེས་བུ་དཀའ་བ་ངལ་གསོ་ལྟར། །ཤེས་བཞིན་སྟོབས་ཀྱིས་གནས་པར་བྱ། །རྣམ་རྟོག་ཅུང་ཟད་ཞི་བ་སྟེ། །འཕེལ་བས་རྣམ་རྟོག་རྒྱས་པའི་གནས། །ཉེ་ཉོན་རྣམས་ཀྱང་སྔར་བཞིན་དུ། །ཆུ་རྙོག་རིམ་གྱིས་དྭངས་པ་བཞིན། །ཉེ་བར་ཞི་ཞིང་གཡེངས་པ་སྤོང་། །གཡེང་བའི་སྐྱོན་རྣམས་ཐག་བསྲིངས་ནས། །ཞི་དང་ཉེར་ཞི་འདི་ཡི་ཚེ། །གོམས་པ་ཡི་ནི་ཉམས་སྐྱེ་
བ། །ཆུ་ཀླུང་དལ་གྱིས་འབབ་པ་བཞིན། །གཡོ་མེད་གནས་པ་ལྟར་སྣང་ཡང་། །ཞིབ་ཏུ་གཡོ་བ་ཕྲ་མོ་མང་། །དེ་ཚེ་བརྩོན་པས་གོང་དུ་སྤེལ། །བླན་འཇོག་གནས་བརྩམས་འདི་ཡི་བར། །བྱིང་དང་རྒོད་པས་བར་བཅད་ན། །སླར་ཡང་འཇུག་པའི་སྐབས་ཡིན་པས། །ཤེས་བཞིན་སེམས་པ་བཏང་སྙོམས་ཀྱིས། །ཅི་རིགས་གདུལ་བ་གནད་དུ་ཆེ། །བརྩོན་པའི་སྟོབས་ཀྱིས་དེའི་ཐ་མར། །རྟོག་པས་བར་མི་ཆོད་པ་ཡི། །བརྟན་པ་རྒྱ་མཚོ་དྭངས་བ་ནི། །རླབས་དང་བྲལ་བ་ལྟ་བུའི་ཉམས། །རྩོལ་བ་ཅན་གྱི་རྣམ་པར་སྐྱེ། །འདི་ཚེ་བཏང་སྙོམས་གནས་པར་བྱ། །ཡུན་རིང་དུ་ནི་རྩེ་གཅིག་ཏུ། །ཆད་པ་མེད་པར་འཇུག་ནུས་པའི། །འདུ་བྱེད་དང་བཅས་སྐབས་དེ་དག །འཕེལ་བས་རྩོལ་བ་མེད་པར་ཡང་། །འཇུག་པའི་སྐབས་ཀྱི་མཉམ་བཞག་ནི། །ཡོངས་སུ་འདྲིས་པའི་སྟོབས་ཀྱིས་ཐོབ། །འདི་ཚེ་ངང་གིས་གནས་པ་ཡིས། །འདོད་པའི་སེམས་ནི་རྩེ་གཅིག་པ། །
གྲུབ་པ་ཉིད་དུ་གྱུར་པ་སྟེ། །རི་དབང་བཞིན་དུ་མི་གཡོ་བ། །མཐར་ཕྱིན་ཉམས་ཀྱི་ཐོག་མའོ། །དེ་དང་གོམས་པས་ལུས་དང་སེམས། །ལས་སུ་རུང་བ་ཤིན་སྦྱངས་ཏེ། །དེ་ཡང་དང་པོ་རགས་པ་དང་། །དེ་ནས་དེ་ཟད་ཕྲ་བ་ཡི། །དྭངས་མའི་ཤིན་ཏུ་སྦྱང་བ་ཐོབ། །དེ་ལྟར་ཉེས་པ་ལྔ་སྤོང་བའི། །འདུ་བྱེད་བརྒྱད་པོ་བརྟེན་སྒོ་ནས། །སྟོབས་དྲུག་དག་གིས་ཡིད་བྱེད་བཞིའི། །གནས་སྐབས་ཅན་གྱི་སེམས་གནས་པའི། །ཐབས་དགུ་རིམ་བཞིན་གོམས་པ་ལས། །བསམ་གཏན་ཉམས་ལྔ་རིམ་སྐྱེས་ནས། །ཤིན་ཏུ་སྦྱང་བ་དང་ལྡན་པའི། །ཞི་གནས་ཉིད་ནི་འགྲུབ་པར་འགྱུར། །དེ་དག་རྒྱས་པའི་ཚུལ་ཉིད་དོ། །སྤྲོ་བས་བཞག་ཅིང་རྩོལ་བ་བསྐྱེད། །དྲན་བཞིན་གནས་ལ་གཡེང་བ་སྤང་། །ཞི་ཚེ་བཏང་སྙོམས་ངང་དུ་བསྡད། །ངང་གིས་གནས་ཚེ་གྲུབ་པ་སྟེ། །སྤྲོ་རྩོལ་དྲན་དང་ཤེས་བཞིན་དང་། །བཏང་སྙོམས་དང་ནི་ལེགས་པར་གནས། །འབྲིང་པོར་དྲུག་པོ་འདི་དག་གོ། སྤྲོ་བས་བཞག་
ལ་རྩོལ་བ་བསྐྱེད། །ཤེས་བཞིན་བཏང་སྙོམས་གནས་པར་བྱ། །ཡང་ན་བཞི་པོ་འདིས་ཀྱང་འགྲུབ། །སྤྲོ་བས་གནས་པ་གཉིས་པོའམ། །བསྡུ་ན་གནས་པ་ཁོ་ནར་སྦྱང་། །འདི་ནི་ཏིང་འཛིན་གདམས་ངག་སྟེ། །མི་ཕམ་རྣམ་པར་རྒྱལ་བས་བྲིས། །འགྲོ་ཀུན་ཏིང་འཛིན་མཆོག་ཐོབ་ཤོག །ཞེས་པའང་ཆུ་རྟ་ཟླ་བཅུ་གཅིག་ཚེས་བཅུ་གཉིས་ལ་ཕུར་པའི་བསྙེན་ཐུན་སྐབས་ཤིག་ཏུ་བྲིས་པ་དགེའོ། ༈ །རྣལ་འབྱོར་རྟོགས་པའི་དོ་ཧ་ཚིག་ལྔ་པ་བཞུགས། ན་མོ་མཉྫུ་ཤྲཱི་ཡེ། བླ་མའི་མན་ངག་བདུད་རྩི་བཅུད་འཐུང་ཞིང་། །བརྒྱུད་པའི་གདམས་པ་ཟབ་མོའི་ལམ་བརྟེན་པས། །སེམས་ཉིད་རྒྱལ་པོ་མ་བཅོས་རང་བཞག་གི། དགོངས་པའི་དོན་ལ་རྣལ་དུ་འབྱོར་བས་ན། །སེམས་ནི་ནམ་མཁའ་མཉམ་པར་དྭངས་ཤིང་དྭངས། །རྣམ་པར་རྟོག་པའི་རྦ་རླབས་ངང་གིས་མེད། །གཉུག་མ་ཆོས་སྐུ་ལྷན་སྐྱེས་བདེ་བ་ཆེ། །དངོས་ཀུན་རོ་མཉམ་དེ་ཉིད་མངོན་དུ་གྱུར། །ནམ་མཁའ་འདི་ལ་བདེ་སྡུག་
ཡེ་ནས་མེད། །དེ་བཞིན་རིག་པ་གདོད་ནས་སྐྱེ་མེད་ལ། །བདེ་སྡུག་འཕོ་འགྱུར་མཚན་མ་ཡོང་ཡེ་བྲལ། །རང་རིག་འོད་གསལ་དོན་མཐོང་རྣལ་འབྱོར་མཆོག །ནམ་མཁའི་ངང་ན་སྣང་བའི་ཆོས་ཀུན་བཀྲ། །རིག་པའི་ངང་ན་འཁོར་འདས་སྒྱུ་མར་སྣང་། །སྣང་ཡང་རང་གྲོལ་ཤོར་ཐོབ་སྤང་བླང་མེད། །དུ་མ་རོ་མཉམ་ནམ་མཁའི་རྣལ་འབྱོར་བདེ། །དམིགས་གཏད་མཚན་མ་གང་ཡང་མེད་མོད་ཀྱི། །སྙིང་རྗེ་ཆེན་པོས་ཕྱོགས་དུས་མུ་མཐར་ཁྱབ། །རྩོལ་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས། །མཐའ་ཡས་འགྲོ་ཁམས་རྒྱ་མཚོ་སྒྲོལ་གྱུར་ཅིག །ཅེས་རབ་ཚེས་ས་བྱ་ཟླ་བདུན་ཚེས་བཅུ་གསུམ་ལ་འཕྲལ་ཤར་དྷཱིས་བྲིས་དགེ །།༈ སེམས་རྡོ་རྗེའི་དོན་སྒོམ་ཚུལ་གནད་བཞུགས། གཉུག་མ་སེམས་ཀྱི་རྡོ་རྗེ་ནི། །འཇམ་དཔལ་ཡེ་ཤེས་སེམས་དཔར་འདུད། །སེམས་དོན་ཉམས་ལེན་འདོད་རྣམས་ཀྱིས། །རང་སེམས་གདོད་ནས་མ་སྐྱེས་པར། །ཐད་ཀར་ཁོ་ཐག་ཆོད་པའི་ཚེ། །རང་བྱུང་འོད་གསལ་ཡེ་ཤེས་ཀྱིས། །གནས་ལུགས་
ཐེ་ཚོམ་མེད་པར་ཤེས། །དེ་ཚེ་བཞག་ཐབས་མན་ངག་ནི། །མ་བཅོས་དེ་ངང་ཅོག་གེར་བཞག །མ་ཡེངས་དྲན་པའི་རྒྱུན་བསྐྱང་བྱ། །འོན་ཀྱང་རྣམ་རྟོག་དཔྱད་ར་དང་། །སྒོམ་དོན་གསལ་དང་མི་གསལ་དང་། །ཀུན་རྟོག་སྣ་ཚོགས་འགྱུར་བ་ན། །རང་གཤིས་མ་ཤོར་དེ་ངང་བཞག །རྣམ་རྟོག་དགག་སྒྲུབ་མེད་པར་བོར། །དེ་ཚེ་སྟོང་སངས་འདྲ་བ་ཡི། །ཕྱི་རོལ་འབེམ་ལ་གཏོད་འདྲ་ན། །གཏོད་མཁན་སྙིང་གི་ནང་ན་ནི། །སྒོམ་བྱེད་ཀེ་རེ་བ་དེ་ལ། །བལྟས་ནས་མ་བཅོས་རང་བབ་ཞོག །མཚན་བཅས་སེམས་འཛིན་མ་བྱེད་པར། །སེམས་དེའི་རང་བབ་བརྗོད་བྲལ་ལ། །མཉམ་པར་འཇོག་པ་གནད་དུ་ཆེ། །དེ་ལྟར་རྒྱུན་དུ་མ་ཡེངས་བསྐྱངས། །རླུང་སེམས་འཇུག་པ་གཅིག་པའི་ཕྱིར། །ལུས་གནད་ཆོས་བདུན་ལྡན་པའམ། །སྐྱིལ་ཀྲུང་བཅས་ལ་དྲང་པོར་བསྲང་། །རང་བབ་ལྷོད་ཆགས་དལ་བར་བྱ། །ནང་དུ་སེམས་ལ་སེམས་བཞག་པས། །སེམས་ཀྱི་ཆོས་ཉིད་མངོན་དུ་མཐོང་། །ལས་ང་དབུ་མའི་དབྱིངས་སུ་སྡུད། །
མཐར་འཛིན་ཀུན་རྟོག་རང་སར་གྲོལ། །ཆོས་ཉིད་ཕྱི་ནང་ཁྱད་མེད་ཀྱང་། །རླུང་སེམས་དབང་དུ་སྡུད་པའི་ཕྱིར། །བསྒོམ་བྱ་སྒོམ་བྱེད་ལྟ་བུ་ཡི། །ཏིང་ངེ་འཛིན་དུ་མི་བྱ་བར། །སྒོམ་བྱེད་སེམས་ལ་དམིགས་ནས་སུ། །མ་བཅོས་རང་བབ་འཇོག་པར་བྱ། །ཚུལ་འདིས་ཞི་གནས་སྒྲུབ་སླ་ཞིང་། །རླུང་སེམས་དབུ་མར་མྱུར་དུ་འཛུད། །རང་བྱུང་འོད་གསལ་ལྷག་མཐོང་འཆར། །ཉམས་མྱོང་གནད་ཀྱི་གདམས་པ་ཡིན། །གོམས་ནས་འཇུར་བུས་བཅིང་བའི་སེམས། །གཉུག་མའི་ངང་དུ་གྲོལ་བ་ན། །ཕྱི་ནང་གཏད་འཛིན་ཁྱད་པར་མེད། །འོད་གསལ་གཉུག་མའི་ནམ་མཁར་འཕྱོ། །འདི་ལྟར་མཛོད་དང་ཕྱིར་རབས་རྣམས། །སྒོམ་གྱི་ཡོན་ཏན་མྱུར་དུ་སྐྱེ། །འདི་བརྗོད་དགེ་བས་འགྲོ་ཀུན་གྱིས། །གཉུག་མའི་གཏན་སྲིད་ཟིན་པར་ཤོག །རབ་ཚེས་ལྕགས་ཕག་ཟླ་༡༠ཚེས་༡ ༤ལ། །འཇམ་པའི་རྡོ་རྗེའི་བྱིན་རླབས་ལས། །དྷཱིཿམིང་ཅན་གྱིས་ལེགས་པར་སྤེལ། །དུས་གསུམ་དགེ་ཞིང་ཤིས་གྱུར་ཅིག །འདི་སྒོམ་གནད་གལ་པོ་ཆེ་ཞིག་ཡིན་ནོ། ༈ །ཨེ་མ་ཧོ། ༡ གཉུག་མ་བདེ་བ་ཆེན་པོའི་མགོན་
པོ་ནི། །ཀུན་ལ་ཡེ་ནས་ཁྱབ་སྟེ་འཕོ་འགྱུར་མེད། །སྤྲོས་ཀུན་ཉེར་ཞི་འཇམ་པའི་ངང་ཉིད་ལས། །འགག་མེད་རོལ་པའི་དཔལ་དང་ལྡན་པར་བཞུགས། །གཉུག་མའི་གཤིས་འདི་བཟོ་བཅོས་ཡུལ་ལས་འདས། །སྟོང་གསལ་འཛིན་མེད་ཟང་ཀ་རྒྱ་ཡན་ཆེ། །ཐམས་ཅད་ཐམས་ཅད་དེ་ན་རོ་གཅིག་པ། །སྐྱེ་འགག་བྲལ་བས་དུས་གསུམ་གཟོད་ནས་དག །༢ མཐའ་དབུས་བྲལ་བས་ཕྱོགས་ཀྱི་ཆ་ཤས་སྤངས། །གཉིས་ཆོས་ཀུན་བྲལ་གཉིས་མེད་མཉམ་པ་ཉིད། །དུས་གསུམ་རྒྱལ་བའི་ཐུགས་སུ་ཆུད་པའི་ཆོས། །ཟབ་མོ་བློ་ལས་འདས་པ་རྫོགས་པ་ཆེ། །༣ ཚིག་དང་ཡིད་དཔྱོད་ལྟ་བས་མཚོན་དུ་མེད། །རང་བཞིན་འོད་གསལ་རང་མདངས་རང་ཤར་བ། །མ་བཅོས་འཛིན་མེད་བཞག་ན་འདི་ག་རང་། །རང་སེམས་དྭངས་སུ་ཆུག་ཅིག་རྣལ་འབྱོར་པ། །༤ བླ་མའི་མན་ངག་གནད་དང་མི་ལྡན་ན། །སྒོམ་དང་སྒྲུབ་ལོ་ཀུན་རྟོག་སྣོན་མར་ཟད། །རྟོག་པའི་འཆིང་བ་འཆད་པ་མི་གདའ་བས། །གནད་མེད་ཙབ་ཙུབ་ཅན་ཚོ་འོ་རེ་བརྒྱལ། །༥།
རང་བཞིན་མཐའ་བྲལ་གཉུག་མའི་ནམ་མཁའ་ལ། །བེམ་སྟོང་ནམ་མཁའ་དག་ཀྱང་ཐིམ་འགྱུར་བས། །དངོས་དང་དངོས་མེད་གང་གི་ངང་ཉིད་དུ། །འཇིག་པའི་དབྱིངས་དེ་རང་གི་སེམས་ལ་གནས། །༦ འཛིན་མེད་ལྷུག་པར་ཞོག་དང་འདི་ག་རང་། །ལྡོག་མེད་ངེས་ཤེས་ཇེ་བས་ཇེ་གསལ་འགྲོ། །ཆོས་ཉིད་བདེན་པའི་རླབས་ཀྱིས་དྲངས་པ་ལ། །ལྡོག་པའི་ས་གཅིག་ཡོང་ཡེ་ཡོད་མ་ཡིན། །༧ མ་བཅོས་དྲན་པའི་རྒྱུན་འདི་ཆུ་བོ་དང་། །མར་མེའི་རྩེ་མོ་བཞིན་དུ་མུ་མཐུད་ལ། །རྟག་ཏུ་བསྐྱངས་བས་ཤེས་བཞིན་ཆེན་པོ་ཡི། །ནམ་མཁའི་ཀློང་ན་སྣང་བའི་སྨིག་རྒྱུ་ཀུན། །༨ །འལ་འོལ་ཡད་ཡུད་རྗེས་མེད་སང་སེང་པོ། །ཕན་གནོད་དགག་སྒྲུབ་བྲལ་བའི་ཉམས་མྱོང་གིས། །རྟོག་པའི་འཆིང་བ་ལྷོད་པའི་བདེ་ཆེན་གཏེར། །རང་ལས་རང་གིས་རྙེད་པར་བྱོས་ཤིག་ཨང་། །༩ །སྡུག་ཙིར་སྒོམ་པ་སྙིང་རླུང་ལང་བའི་རྒྱུ། །ཡིད་དཔྱོད་ལྟ་བ་མཁའ་ལ་ཚོན་རིས་བྲིས། །ཐམས་ཅད་རང་སྡུག་རང་མགོ་བསྐོར་བའི་རྒྱུ། །ཤེས་ནས་ཡུག་ཅིག་སྤངས་ལ་བློ་བདེར་
མཛོད། །སྙིགས་མ་ཉོན་མོངས་རགས་པའི་དུས་འདི་ན། །རླུང་སེབ་མར་མེ་བཞིན་དུ་གཉེན་པོ་གཞན། །བསྐྱེད་ཀྱང་སྟོབས་དང་ལྡན་པར་འབྱངས་དཀའ་བས། །བླ་མའི་ཐུགས་རྗེ་རང་བྱུང་ཡེ་ཤེས་ཀྱི། ༡༡ །སྣང་བ་ཁོང་ནས་སད་པས་སྲིད་པ་ཡི། །ཚེར་མའི་ཚང་ཚིང་མུ་དང་བྲལ་བ་རྣམས། །ཡུག་ཅིག་རྡོ་རྗེ་རྣོན་པོའི་མེ་ལྕེ་ལ། །བསྲེགས་ནས་སུས་ཀྱང་བརྫི་བ་མེད་པའི་སྟོབས། །ནམ་མཁའ་རྡོ་རྗེ་སེང་གེའི་ངང་ཚུལ་གྱིས། །རྡོ་རྗེ་སྙིང་པོའི་རྒྱལ་ཐབས་ལེགས་ཟུང་ལ། །སྙིང་པོའི་དོན་ལ་མོས་པའི་སྐལ་ལྡན་རྣམས། །གདོད་མའི་རྒྱལ་ཐབས་ཆེན་པོར་འགོད་པར་མཛོད། ༡༣། ལྕགས་སྟག་ཟླ་༢ཚེས་༨ལའོ། །༈ རིག་པ་ཡེ་ནས་དུས་གསུམ་འཕོ་འགྱུར་མེད། །རང་བཞིན་གནས་པ་དྲན་ཚེ་དེ་ག་རང་། །རང་རྩལ་རྟོག་པའི་འགྱུ་བ་དངོས་མེད་ཀྱི། །རྗེས་སུ་འབྲངས་ན་དེ་ལ་འཁྲུལ་པའི་དངོས། །ལས་དང་པོ་ལ་རྟོག་པ་ལ་ལྟོས་པའི། །སེམས་ཉིད་བབ་ལ་དྲན་དང་མ་དྲན་ཡོད། །དངོས་པོའི་གཤིས་ལ་དྲན་དང་མ་དྲན་མེད། །
འགྱུར་མེད་འདུས་མ་བྱས་དེ་ཡེ་ནས་ནི། །དྲན་དང་མ་དྲན་འཁྲུལ་གྲོལ་ས་ལས་འདས། །གཞི་དབྱིངས་ཕན་གནོད་བྲལ་ལ་ཆེད་རྩོལ་མེད། །རྩལ་གྱི་རྟོག་པ་གང་ཤར་སྟོང་གཟུགས་ཏེ། །མཁའ་ལ་སྨིག་རྒྱུ་བཞིན་དུ་ཕན་གནོད་བྲལ། །དེ་ལྟར་ཤེས་བཞིན་གནས་ན་རྣལ་འབྱོར་ལས། །རྟོག་པའི་རྗེས་སུ་འབྲངས་ན་ཕན་གནོད་སྣང་། །སྣང་ཡང་རང་གི་རྟོག་པས་རང་བསླུས་ལས། །ཅི་ཡང་མེད་པའི་གཞི་རྩ་ཆོད་མཛོད་ལ། །བྱར་མེད་གཤིས་ལ་འཛིན་མེད་བཞག་པའི་ལམ། །ཁོ་ནས་དུས་ཀུན་འདའ་བར་གྱུར་པ་ན། །རྟོགས་མཚང་ཞིག་རྟོག་མེད་ཆོས་སྐུར་གྲོལ། །ལས་དང་ཉོན་མོངས་བདོ་ཡང་ཡ་མི་ང་། །ཞེས་དགའ་བ་ཟླ་༡ཚེས་༡༥ལ་རིན་པོ་ཆེ་དྲན་པའི་རྐྱེན་གྱིས་སོ། ༈ །རིག་པ་འཕོ་འགྱུར་མེད་པའི་ནམ་མཁའ་འདྲ། །དགེ་སྡིག་བདེ་སྡུག་ཅིས་ཀྱང་ཕན་གནོད་བྲལ། །དེ་ལ་གནས་ནས་རྟོག་པའི་རྦ་རླབས་འདྲ། །དགག་སྒྲུབ་མེད་པར་ཞིག་ན་རྣལ་འབྱོར་ལམ། །འགྱུ་བ་དངོས་
མེད་མཁའ་ལ་སྨིག་རྒྱུ་འདྲ། །ངོ་བོ་སྟོང་ཡང་བྱིས་པའི་སྐྱེ་བོ་བསླུ། །དེ་རྗེས་འབྲངས་ན་རང་གིས་རང་བཅིངས་ནས། །འཁྲུལ་སྣང་སྲིད་པའི་འཁོར་ལོ་རྒྱུན་མི་ཆད། །ཨ་ཧོ། རིག་པའི་དབང་དུ་འདུ་བྱོས་ལ། །རང་རྩལ་སེམས་ཀྱི་རྫུན་ཕུག་དབྱིངས་སུ་ཤིག །སེམས་ཉིད་གདོད་མའི་རྒྱལ་ས་ཟིན་པ་ན། །སངས་རྒྱས་བྱ་བ་དེ་ལས་གཞན་དུ་མེད། །གནད་ཀྱི་ཚིག་གསུམ་པ་ཆུ་འབྲུག་ཟླ་༡ཚེས་༢༥ལའོ། ༈ །རིགས་ཀུན་ཁྱབ་བདག་སེམས་ཀྱི་རྡོ་རྗེ་ལ། །དབྱེར་མེད་རང་ངོ་ཤེས་པའི་ཕྱག་གིས་འདུད། །འཁོར་འདས་ཆོས་ཀུན་སེམས་ཀྱི་ཆོ་འཕྲུལ་ཏེ། །གཞི་རྩ་དབྱིངས་སུ་གཅོད་ན་མཐར་ཐུག་དོན། །ངོ་བོ་ངོས་བཟུང་བྲལ་བ་སྟོང་སང་ངེ་། །རྗེས་མེད་རང་གི་རིག་པ་རྗེན་ནེ་བ། །མ་བཅོས་གཉུག་མར་གནས་པའི་ལྷན་ནེ་བ། །འདི་ག་མི་བརྗེད་དྲན་པས་བསྐྱང་བའི་ཚེ། །དྲན་ཤེས་རྒྱུན་ཆགས་ཧྲིག་གེ་བ་ཡི་ངང་། །སྣང་སེམས་དབྱེར་མེད་ཡེ་རེ་ཝ་ལེ་བ། །གཡོ་རླུང་འཆིང་བས་ཟིམ་མེ་ཡོམ་
མེ་བ། །དམིགས་གཏད་མེད་པར་ཧ་རེ་ཐ་ལེ་བ། །དེ་ངང་ལྷོད་ཅིང་ལྷོད་ཅིང་མཉམ་པར་བཞག །གོམས་པ་ཆགས་ནས་ཕྱི་ནང་སྣང་གྲགས་ཀུན། །སྒྱུ་མ་རྨི་འདྲ་སྟོང་གཟུགས་ཧྲལ་མ་ཧྲོལ། །ཞེན་ཆགས་འཛིན་ཕུར་ཞིག་པས་བན་མ་བུན། །གང་ཡང་གཟའ་གཏད་མེད་པས་འལ་མ་འོལ། །ཤུགས་འབྱུང་རང་གྲོལ་བདེ་ཆེན་རྒྱུན་ཆད་མེད། །མཁའ་ལ་བྱ་བཞིན་རྣལ་འབྱོར་གནས་པས་གནས། །གཡོ་བའི་ང་གིས་དཀྲུགས་ནས་འཛིན་པའི་སེམས། །གཅིག་པུའི་ཆོ་འཕྲུལ་ཁམས་གསུམ་སྣང་བ་ཀུན། །རྫུན་ཕུག་དབྱིངས་སུ་རྡིབ་ཚེ་སེམས་ཀྱི་གཤིས། །སྐྱེ་འགག་གནས་བྲལ་དམིགས་སུ་མེད་པ་ཡི། །རང་བྱུང་ཡེ་ཤེས་ཀུན་ཁྱབ་བྲི་གང་བྲལ། །འགྱུར་མེད་མཉམ་པ་ཆེན་པོ་རྩོལ་མེད་དོན། །ཆོས་སྐུའི་ཐིག་ལེ་ཉག་གཅིག་རྫོགས་པ་ཆེ། །ཐེག་པའི་སྐྱེལ་སོ་འབྲས་བུའི་མཐར་ཐུག་མཐོང་། །འདི་ནི་གཞི་ཡི་དཔལ་ལྡན་ཧེ་རུ་ཀ །མཁའ་ཁྱབ་སྒྱུ་འཕྲུལ་དྲྭ་བའི་རིགས་རྣམས་ཀུན། །སྤྲོ་དང་བསྡུ་བའི་བྱེད་པོ་གཅིག་པུ་སྟེ། །མ་བྱས་བཞིན་དུ་ཕྱོགས་དུས་ཀུན་ན་སྣང་། །རོལ་པ་འགག་
མེད་མཁའ་འགྲོ་རབ་འབྱམས་ཀྱི། །དྲྭ་བ་བདེ་ཆེན་དབྱིངས་སུ་སྡོམ་བྱེད་པ། །བདེ་མཆོག་སྒྱུ་མ་བདེ་བའི་རྣལ་འབྱོར་ནི། །བདེ་ཆེན་རྟག་པའི་འཁོར་ལོ་རྟག་ཏུ་བསྐོར། །ཨེ་མ་ཧོ། ཡེ་ནས་གསང་བ་བདེ་བ་ཆེན་པོའི་དོན། །སེམས་ཀྱི་གསང་ལས་ཚོལ་བར་མ་ཤེས་པར། །གསང་སྔགས་ལམ་གྱི་དེ་ཉིད་ཚོལ་བ་རྣམས། །རྣམ་རྟོག་སྲིད་པའི་མྱ་ངམ་ཐང་དུ་རྒྱུ། །འདི་ན་འཆི་མེད་བདུད་རྩི་མཚོ་ཡོད་ཀྱང་། །བྱིས་པའི་བློ་ཅན་འཇུག་པར་ཡོང་མ་ནུས། །ད་ནི་རིག་འཛིན་བརྒྱུད་པའི་མན་ངག་ལ། །རྟོན་རྣམས་མཆོག་གི་གོ་འཕང་འཛེགས་པར་གྱིས། །ལྕགས་ཡོས་ཟླ་༡༢ཚེས་༡༧ལའོ།། །། ༈ བདེ་དང་སྡུག་བསྔལ་རང་བཞིན་ཉིད་ཀྱིས་མཉམ། །ཆོས་དང་ཆོས་མིན་ངོ་བོ་ཉིད་ཀྱིས་སྟོང་། །རྣམ་པར་རྟོག་པའི་གཡོ་བ་མ་བསྐྱེད་ན། །ཐམས་ཅད་ནམ་མཁའ་འདྲ་སྟེ་ཕན་གནོད་བྲལ། །ཞེས་ཆུ་འབྲུག་ཟླ་༡ཚེས་༢༣ལ་སྤྲུལ་སྐུ་རིན་པོ་ཆེ་དྲིན་བཞིན་དེའི་རྐྱེན་གྱིས་ཡིད་ལ་ཤར་བའོ། ༈ །གདམས་ངག་ཡིད་བཞིན་རིན་པོ་ཆེའི་གཏེར་ཞེས་བྱ་བ། ཀ་དག་ཟང་ཐལ་དབྱིངས་ཀྱི་བཙུན་མོ་ལ། །
ལྷུན་གྲུབ་རིག་པའི་གཞོན་ནུས་རྟག་འཁྱུད་སྲས། །ཤིན་ཏུ་དྲི་མེད་སྙིང་དབུས་ཡེ་ཤེས་སྐུ། །འཇམ་དཔལ་པདྨ་སྐྱེས་དེར་གུས་བཏུད་ནས། །རྒྱལ་མཆོག་སྟོན་པ་དེ་ཡི་བསྟན་པའི་ལམ། །མ་ལུས་ཡོངས་སུ་རྫོགས་པའི་གངས་ཆེན་མཚོ། །སྙིང་དབུས་རིག་པའི་གསང་ནས་ལེགས་འདོམས་པའི། །རྨད་བྱུང་ཐུགས་ཀྱི་གཏེར་འདི་ཁྱོད་ལ་གདམས། །སྣང་འདིའི་རང་བཞིན་རྙེད་པ་མ་ཡིན་ན། །སྣང་དེ་ཡོད་པར་བློ་ལྡན་སུ་ཡིས་རྟོགས། །རང་བཞིན་རྙེད་པ་སྤངས་ཏེ་སྟོང་ཉིད་ཕྱིར། །འདི་ལས་སྟོང་པ་གཞན་དུ་ཡོད་པ་མིན། །སྟོང་དེ་མི་སྟོང་དངོས་པོ་གྱུར་མིན་ཡང་། །སྟོང་པའི་རང་བཞིན་གཅིག་ལས་མ་གཡོས་བཞིན། །སྣ་ཚོགས་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་འདི། །སྟོང་དེ་ཉིད་ནི་སྟོང་པའི་དགག་བྱ་རུ། །སྟོང་པ་དེ་འདི་སྣང་བ་འདི་ཡིན་ཞེས། །མ་འདྲེས་དབྱེ་བ་རྟག་ཏུ་ཡོད་མིན་ན། །ཡོད་དང་མེད་ཅེས་ཀུན་ཏུ་བཏགས་པའི་ཆོས། །གནས་ལུགས་དྲི་མ་མེད་པ་ཡོངས་སུ་ཟད། །དེ་ལྟའི་གཤིས་དེ་ཡོད་དང་མེད་པ་ཞེས། །ཐ་སྙད་གཉིས་ཀྱི་ཆ་ལས་ཡོངས་འདས་ཏེ། །
གང་ཕྱིར་དབྱེར་མེད་དེ་བཞིན་ཉིད་ཡིན་པས། །དེ་ལ་ཞེན་ཅིང་རྟོག་པ་སེམས་ཀྱི་ལམ། །གཉིས་ཆོས་སྤངས་པའི་ཡེ་ཤེས་དེ་ཁོ་ན། །ཡོད་དང་མེད་པའི་མཐར་འཛིན་རང་ཞིག་ནས། །སྲིད་ཞི་མཉམ་པར་བརྡལ་བའི་ཡེ་ཀློང་ནི། །འཁོར་དང་འདས་པའི་ཞེན་རྟོག་གདོད་ནས་དག །དེ་ཉིད་ཐབས་དང་ཤེས་རབ་བྲལ་བའི་ལམ། །བརྟེན་པའི་རྒྱུ་ཚོགས་ཉིད་ལས་ནམ་ཞིག་ཏུ། །སྙིང་ལ་གནས་པའི་ཡེ་ཤེས་དེ་མཐོང་ན། །ཐབས་ཤེས་འདུ་འབྲལ་མེད་པར་རང་བྱུང་ཉིད། །དེ་ནི་རྩོལ་བཅས་འཁྲུལ་པ་ཀུན་དག་ནས། །རྩོལ་མེད་དེ་བཞིན་ཉིད་ལ་ཉིད་གཤེགས་པའི། །རྒྱལ་བའི་བསྟན་པ་ལམ་ཀུན་རྫོགས་པའི་འབྲས། །གཉིས་མེད་ཨ་ཏི་ཞེས་པ་ཡོངས་སུ་གྲགས། །སེམས་ལས་འདས་པའི་ཡེ་ཤེས་དེ་ཐོབ་སླད། །སེམས་ཀྱི་སྤུན་སེལ་ཡེ་ཤེས་དྲི་མ་མེད། །ཐར་ལམ་སྣང་བྱེད་ཡིད་བཞིན་རིན་པོ་ཆེ། །ཐོས་བསམ་བསྒོམ་པས་འབད་དེ་སྙིང་ལ་བཅང་། །ཆོས་ཀུན་སྒྱུ་མའི་དཔེར་ནི་མཚུངས་ཤེས་ནས། །ཉེ་བར་གོམས་པས་དངོས་རྟོག་རིམ་སྦྱངས་ཏེ། །
སྒྱུ་སོགས་ཉིད་དང་མགོ་མཉམ་དུ་མཐོང་ན། །དངོས་མཚན་སྟོང་པར་ཟད་པའི་དེ་ཉིད་མཐོང་། །དེ་ཚེ་སྟོང་དང་སྣང་ཞེས་ཐ་དད་དུ། །ཞེན་པའི་དྲི་མ་སྟོབས་མེད་ཉིད་བྱས་ནས། །དབྱེར་མེད་དེ་བཞིན་ཉིད་ལ་གདེང་གྱུར་ཚེ། །ཨ་ཏི་ཡོ་གའི་རྒྱུད་དོན་ཡིད་ལ་འཆར། །ཡང་ན་ཉེ་བའི་ལམ་མཆོག་སེམས་ཀྱི་གསང་། །བརྟགས་པས་ཆོས་ཀྱི་དེ་ཉིད་ལྐོག་གྱུར་ལ། །དཔྱད་པས་རི་མོར་བགྱིས་པའི་བརྙན་སྤངས་ནས། །མྱོང་སྟོབས་ངོས་བཟུང་སྙིང་ལ་བདུད་རྩིར་བྱེད། །གཞན་ཡང་ཆོས་ཀྱི་དབྱིངས་ལ་སྒྲིབ་པའི་སྨག །སེལ་བའི་གཉེན་མཆོག་སྣང་བའི་ལམ་བཟང་དང་། །ཡེ་ཤེས་མེ་སྟོབས་འབར་བའི་གྲོགས་གྱུར་པའི། །ཐབས་མཆོག་ཅི་རིགས་ཉམས་དང་བསྟུན་ཏེ་བཟུང་། །དེས་ནི་འཇིགས་ཆེན་འཁོར་བའི་གཡང་ས་ལ། །ལུས་ངན་སྒོ་ངའི་སྦུབས་ནས་རིག་ཁམས་ཁྱུང་། །དོག་མེད་བག་བརྐྱང་ཚུལ་གྱིས་འཕྱོ་བ་ཡི། །ཐབས་ཤེས་གཤོག་དྲུག་རྫོགས་པར་འགྱུར་བ་ཡིན། །ཚུལ་དེ་གདམས་པའི་དོན་པོ་ཡེ་ཤེས་ལ། །དམིགས་པའི་གདམས་པ་དེ་དང་ལྡན་པས་
ནི། །ཡེ་ཤེས་ལག་བཅངས་ཚུལ་དུ་བྱེད་པས་ན། །བརྗོད་པ་དེ་ནི་དོན་རབ་ཉིད་དང་ལྡན། །དེ་ཕྱིར་དེ་ཡི་དགེ་བ་དྲི་མ་མེད། །རྟག་ཏུ་ཁྱབ་པར་བརྡལ་བའི་ཡེ་ཤེས་འོད། །གཅེས་རྒུའི་མ་རྣམས་སྙིང་ལ་རེག་པའི་མོད། །རང་བྱུང་རྒྱལ་བའི་ཞལ་བཟང་མཐོང་གྱུར་ཅིག །ཅེས་མང་དུ་ཐོས་པ་ལས་བྱུང་བའི་སྟོབས་ཀྱིས་གནད་གསང་ཅུང་ཟད་རང་ཉིད་ཀྱིས་རྟོགས་པ་བཞིན་དུ་མདོ་ཙམ་བཀོད་པ་ནི་བནྡེ་བློ་གྲོས་དྲི་མེད་ཅེས་བྱ་བས་བགྱིས་པ་མངྒ་ལཾ། ༈ ལས་ཀྱི་རྣམ་པར་སྨིན་པ་གདོན་མི་ཟ། །ངེས་པར་འབྱུང་དང་བྱང་ཆུབ་སེམས་བསྒོམ་སྟེ། །རང་བཞིན་ལྷུན་གྲུབ་རྡོ་རྗེའི་དཀྱིལ་འཁོར་ཆེ། །ཐེག་མཆོག་འོད་གསལ་རྫོགས་པ་ཆེན་པོར་བསྒོམ། །རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །དེ་མིན་དམིགས་པའི་དངོས་གཞན་ཡོད་མིན་ན། །གསལ་བཞག་མེད་པ་བྱར་མེད་ལྷུག་པའི་གཤིས། །རང་བྱུང་ཡེ་ཤེས་འཇམ་དཔལ་རྣོན་པོར་བསྒོམ། །སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་སྐུ་རྡོ་རྗེ། །གསལ་སྟོང་མ་ཆགས་རོལ་པ་གསུང་རྡོ་རྗེ། །རིག་སྟོང་
ཟང་ཐལ་ལུག་རྒྱུད་ཐུགས་རྡོ་རྗེ། །ཡེ་ནས་དབྱེར་མེད་རྡོ་རྗེའི་དཀྱིལ་འཁོར་ལས། །འཁོར་དང་མྱ་ངན་འདས་པའི་ཆོས་རྣམས་ཀུན། །མ་འདས་མི་འདའ་འདའ་བར་མི་འགྱུར་པའི། །དྲན་པའི་མེ་ཆེན་རྒྱུན་ཆད་མེད་པར་སྤོར། །ཡུལ་དྲུག་བུད་ཤིང་ངེས་པར་འཚིག་པར་འགྱུར། །རྡུལ་བྲལ་ཤིན་ཏུ་དྲི་མེད་རྒྱལ་བའི་ཐུགས། །སྐད་ཅིག་ཆོས་སྐུའི་རྒྱལ་སར་མངའ་གསོལ་བའི། །རྒྱལ་བའི་ལམ་མཆོག་འདི་ལ་བརྟེན་པ་རྣམས། །རིག་མཆོག་འཇམ་དཔལ་ཐུགས་ལས་འཁྲུངས་པའི་སྲས། །འདི་ནི་རྗེ་བཙུན་ཙོང་ཁ་ལ་འཇམ་པའི་དབྱངས་ཀྱིས་གདམས་པའི་རྫོགས་ཆེན་ཀ་དག་གི་དོན་དང་མཚུངས་པར་སྙིང་གི་ཐིག་ལེར་རྡོལ་བ་ཨྠིྀ། ༈ །ཚོགས་གཉིས་ཟུང་འཇུག་གི་ཉམས་ལེན་གནད་ཀྱི་མེ་ལོང་བཞུགས། དུས་གསུམ་རྒྱལ་བའི་ཐུགས་ལ་བཞུགས་པ་ཡི། །ཡེ་ཤེས་སེམས་དཔའ་ཀུན་བཟང་འཇམ་པའི་དབྱངས། །འཁོར་འདས་དབྱེར་མེད་མཉམ་པ་ཉིད་ཀྱི་སྐུ། །ཐིག་ལེ་ཉག་གཅིག་དེ་ལ་ཕྱག་འཚལ་ལོ། །འདི་ན་ཟབ་དོན་ཉམས་སུ་ལེན་རྣམས་ཀྱིས། །འདུས་མ་བྱས་དབྱིངས་འབའ་ཞིག་བསྒོམ་
བྱས་ནས། །འདུས་བྱས་དགེ་བ་ཁྱད་དུ་གསོད་པ་དང་། །དམིགས་བཅས་ཀུན་རྟོག་འཐས་པོའི་དགེ་རྩ་ལ། །ཞེན་པས་དམིགས་མེད་ཕྱལ་བའི་དོན་བོར་ཏེ། །དེ་གཉིས་ཟུང་འཇུག་ཉམས་ལེན་མི་ཤེས་པར། །མཐའ་གཅིག་ཞེན་པའི་འཆིང་བ་ཧྲལ་ཧྲལ་པོ། །རྫོགས་ཆེན་ཟབ་དོན་མ་རྟོགས་དབང་ལས་བྱུང་། །ཡང་དག་དོན་ལ་དམིགས་སུ་མེད་ན་ཡང་། །ཇི་ལྟར་སྣང་བ་རོལ་པའི་རྒྱན་ཡིན་པས། །གཅིག་གིས་གཅིག་ལ་སྒྲིབ་པར་མི་འགྱུར་བར། །རང་བཞིན་མཉམ་རྫོགས་ངང་ན་ཅི་ཡང་བདེ། །དེ་ལྟ་མོད་ཀྱི་དང་པོའི་ལས་ཅན་རྣམས། །མཆོད་བཟླས་ཀློག་སོགས་རྣམ་རྟོག་འཕེལ་བའི་རྒྱུན། །རེ་ཞིག་བཞག་ནས་གཉུག་མར་ངལ་བསོས་ཏེ། །རང་བབ་རང་དང་གོམས་པ་ཆགས་པར་འབད། །དེ་ཕྱིར་ཀློག་དང་མཆོད་སོགས་བཞག་ནས་སུ། །ཟབ་དོན་མན་ངག་བསྒོམ་པར་རྒྱུད་ལས་གསུངས། །གཉུག་མ་ཁད་ཡངས་རིག་པའི་མདངས་ཐོན་ཚེ། །ཆུ་ཟླ་བཞིན་དུ་སྣང་བས་དེ་མི་འགོག །དེ་ཚེ་གང་སྣང་རོལ་པའི་རྒྱན་ཉིད་དུ། །
དགེ་ཚོགས་རྒྱ་མཚོ་ཆེད་འབད་མེད་པར་རྫོགས། །དེ་ཕྱིར་མཆོད་ཀློག་ལ་སོགས་ཅི་བརྩོན་ཀྱང་། །ཟབ་དོན་བསྒོམ་པའི་གནད་ལ་ཇེ་ཕན་བྱུང་། །གང་སྣང་བཟང་ངན་བླང་དོར་མེད་པར་ནི། །ཆོས་ཉིད་རོལ་པའི་རྒྱན་ལ་ཁྱད་མེད་ཀྱང་། །མ་དག་འཁྲུལ་པ་ལས་བྱུང་སྡིག་སྡུག་གི། མུན་པ་ཞེས་བྱ་བཙལ་ཀྱང་རྙེད་པར་དཀའ། །མ་འཁྲུལ་རིག་པའི་ངང་ནས་འགག་མེད་རྒྱན། །གང་སྣང་ཅི་སྤྱོད་བདེ་དང་དགེ་བའི་ལམ། །འདི་ནི་འབད་པ་མེད་པར་ངང་གིས་འབྱུང་། །བརྩོན་པ་མེ་ལྟར་འབར་ཀྱང་བསྒོམ་པ་འཕེལ། །བསྒོམ་པ་རི་ལྟར་བརྟན་ཀྱང་བརྩོན་རྒྱུན་འཕེལ། །གཉིས་ཀ་དོན་གཅིག་གནད་ལ་མཐུན་འཇུག་པ། །འདི་འདྲ་རྫོགས་ཆེན་ལམ་གྱི་ལག་རྗེས་ཡིན། །ནམ་ཞིག་འཁོར་འདས་ཆོས་ཀུན་རང་རིག་གི། ངང་དུ་འུབ་ཆུབ་གདེང་ཆེན་ཐོབ་པ་ན། །ཕྱི་ཚུལ་མེ་ཏོག་གཅིག་ཀྱང་མ་བཤམས་མོད། །སྣང་སྲིད་ཡེ་རྫོགས་ཡོད་པ་ལྷུན་གྱིས་གྲུབ། །དེ་བཞིན་བསྐྱེད་བཟླས་ཕྱག་རྒྱ་ཕྲིན་ལས་སོགས། །མ་བཙལ་ཡེ་རྫོགས་མཉམ་པའི་
རྒྱལ་པོ་ཡི། །གདིང་ཆེན་ཐོབ་པའི་རྣལ་འབྱོར་དབང་ཕྱུག་རྣམས། །གང་ཟག་ཕལ་པའི་ལྟར་སྣང་ཡུལ་ལས་འདས། །གལ་ཏེ་དེ་འདྲའི་ཚད་དུ་མ་ཕྱིན་པའི། །རྣལ་འབྱོར་ལམ་ལ་སློབ་པའི་སྐྱེས་བུ་རྣམས། །སྤྲོས་བཅས་སྤྲོས་མེད་བསྐྱེད་རྫོགས་ཚོགས་གཉིས་ལམ། །རེས་འཇོག་ཚུལ་གྱིས་སྒོམ་པར་བྱེད་རྣམས་ཀྱིས། །དམིགས་བཅས་ལམ་ལ་འབད་པ་བརྟེན་ན་ཡང་། །གཤིས་ལ་བྱར་མེད་རང་གྲོལ་དོན་ཤེས་པའི། །ངེས་ཤེས་ངང་ནས་དགེ་བ་བརྩོན་པ་རྣམས། །མི་འདོར་རང་ནུས་བསྒྲིམ་ཏེ་འཇུག་པར་བྱ། །མཉམ་པའི་རྒྱལ་པོའི་དོན་ལ་རྩེ་གཅིག་ཏུ། །བསྒོམ་པའི་དུས་ན་གང་སྣང་ཅོག་བཞག་གིས། །དབྱིངས་ལ་མི་སྒྲིབ་རོལ་པའི་རྒྱན་ཤེས་ནས། །མི་དགག་མི་སྒྲུབ་རང་སར་རང་བཞག་བྱ། །དེ་ཕྱིར་བདེན་གཉིས་དབྱེར་མེད་གཞི་ཡི་དོན། །རིག་པའི་རྣལ་འབྱོར་འདི་ཡི་རང་ཉམས་དང་། །བསྟུན་ཏེ་རེས་འཇོག་ཚུལ་གྱིས་ཚོགས་གཉིས་ལ། །བསླབ་ཀྱང་འགལ་བ་མེད་པའི་གནད་
ཤེས་བྱ། །བདེན་པ་གཉིས་ཀྱིས་བསྡུས་པའི་ལམ་ཇི་སྙེད། །མི་འགལ་ཡོངས་རྫོགས་མཉམ་པར་འུབ་ཆུབ་པའི། །ཇི་ལྟར་བྱས་ཀྱང་གུ་ཡངས་བློ་བདེ་བའི། །རྫོགས་ཆེན་ནམ་མཁའི་ལམ་ཡངས་ཐེག་པའི་མཆོག །ཞེས་འདི་ལ་གཞི་བྱས། འདུས་བྱས་ཀྱི་དགེ་རྩ་ཁྱད་དུ་མི་གསོད་པ་དང་། །གཞི་བདེན་གཉིས། ལམ་ཚོགས་གཉིས། འབྲས་བུ་སྐུ་གཉིས་ཟུང་འཇུག་གི་ཚུལ་ལེགས་པར་བཤད་པ། རྫོགས་ཆེན་སྐོར་ཁ་སྐོང་དགོས་སོ། །མངྒ་ལཾ། །རབ་ཚེས་མེ་རྟ་ཟླ་༡ཚེས་༡༥སྲོད་སྒྲོན་འོད་ཞིག་ལ་བྲིས།། །། ༈ སེམས་ལ་ལྟ་བའི་མན་ངག་གསེར་ཞུན་ཞེས་བྱ་བ་བཞུགས་སོ། །སེམས་ཁྲིད་ཁྱི་ཁོག་ནས་བསྐྱུགས་པའི་གསེར་ཆུ་ཞེས་བྱ་བ། བླ་མ་དང་གཉིས་སུ་མེད་པ་རང་སེམས་དོན་གྱི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །འཁོར་འདས་གཉིས་ཀྱི་རྩ་བ་སེམས། །སེམས་ལས་མ་བྱུང་ཆོས་ཡོད་མིན། །སྣ་ཚོགས་སྒྱུ་མའི་རོལ་གར་རྣམས། །བྱེད་པོ་སྒྱུ་མཁན་བཏུལ་བས་འཇོམས། །མ་རྟོགས་རིགས་དྲུག་འཁྲུལ་པའི་སེམས། །སེམས་དེ་རྟོགས་ན་ཡེ་ཤེས་ཡིན། །ཡེ་ཤེས་དེ་ནི་སངས་རྒྱས་ཏེ། །
བདེ་གཤེགས་སྙིང་པོ་སྙིང་ལ་བཞུགས། །ཧཱུྃ། ཨོཾ་ཨཱཿཧཱུྃ། ཚུར་ལྟོས་རང་གི་སེམས་ལ་ལྟོས། །ཀུན་ལ་བལྟ་བའི་མིག་ཡངས་པོ། །ཡུན་རིང་འགྲོགས་པའི་གཅེས་ཕྲུག་པོ། །ང་ཡི་སེམས་ཞེས་ཅི་འདྲ་འདུག །དེ་རང་བལྟ་བའི་དུས་ལ་བབ། །ཕྱིར་བལྟས་རྒྱང་གི་ཆོས་བརྒྱ་ལས། །ཚུར་ལྟོས་ཟབ་མོའི་ཆོས་གཅིག་མཆོག །ཆོས་ཀུན་སྒྱུ་མ་བརྗོད་མེད་དུ། །ཤེས་ནས་རིག་པར་རོ་གཅིག་པའི། །གཉིས་མེད་ཡེ་ཤེས་ལ་འཇུག་ཀྱང་། །འདིས་ནི་སྐད་ཅིག་དྲག་བརྡལ་དུ། །སྣང་ཞེན་སེམས་ཀྱི་སྦུབ་ཕྲལ་ནས། །ཡེ་ཤེས་སྙིང་པོ་མཐོང་བར་བྱེད། །དེ་ཕྱིར་ཉེ་བའི་ལམ་ཞེས་བྱ། །དབྱིངས་རིག་ཐབས་ཤེས་སྦྱོར་མི་དགོས། །དབྱིངས་རིག་འདུ་འབྲལ་མེད་པའི་ཚུལ། །རྗེན་པར་སྟོན་ནོ་སྐལ་བ་ཅན། །ཨ་ཧོ། ཡུལ་སྣང་སེམས་ཀྱི་རོལ་པ་ཡིན། །སེམས་མེད་ཡུལ་དེ་སུ་ཡིས་ཤེས། །ཤེས་ཙམ་སེམས་དང་གཉིས་སུ་མེད། །མེད་སྣང་སྒྱུ་མའི་རང་སྤྲུལ་ལོ། །ཨ་ཧོ། སེམས་དེ་ངོས་བཟུང་གང་ཡང་མེད། །ཡོད་ན་ཡོད་པ་
དེ་བསྒོམས་ཏེ། །མེད་ན་མེད་པ་དེ་བསྒོམས་ཀྱང་། །དེ་གཉིས་གང་དུ་ཕྱོགས་མི་ཆོད། །ཨ་ཧོ། གཉིས་ཀ་མ་ཡིན་གཉིས་ཆོས་སྤངས། །གཅིག་ཏུ་མ་ཆོད་གཉིས་ཀར་སྣང་། །འདི་ཞེས་དམིགས་པ་མེད་པ་འདི། །སེམས་ཉིད་རྒྱལ་པོ་རང་གི་བབ། །ཨ་ཧོ། ཅི་ཡང་བསྒོམ་རྒྱུ་མ་ཤེས་ཀྱང་། །བོར་བ་སྟོང་ཚུལ་མ་ཡིན་པར། །ནམ་ཡང་རྙེད་པ་མི་སྲིད་པར། །མཐོང་དེ་སེམས་ཀྱི་གཤིས་རྙེད་ཡིན། །རྙེད་མེད་དེ་ཀའི་ངང་དུ་ཞོག །དེ་གའི་ངང་དུ་བཞག་ཙ་ན། །དངོས་ཆོས་རྡུལ་ཙམ་མེད་པར་ཡང་། །ཀུན་གསལ་ཤེས་པའི་རྩལ་དང་ལྡན། །གཉིས་མེད་དབྱིངས་རིག་འདུ་འབྲལ་མེད། །མེད་ཀྱང་ངོ་བོའི་གྲུབ་པ་མིན། །བརྟགས་ན་མེད་ལ་བཞག་ན་གསལ། །བཟུང་བས་མི་ཟིན་ཆུ་ཟླ་འདྲ། །རྒྱུ་འབྲས་གནས་འགྲོ་ངོ་བོས་སྟོང་། །སྟོང་པའི་རང་བཞིན་རང་འོད་གསལ། །གསལ་བའི་ཐུགས་རྗེ་འགག་པ་མེད། །མེད་ཡོད་འགལ་འདུས་ཇི་ལྟར་དགོས། །བརྟགས་ན་ཡེ་ཤེས་དཔེར་མཚོན་སེམས། །རྟོགས་ན་ཡེ་ཤེས་རང་ཤར་རིག །ངོ་མཚར་ཆེའོ་སེམས་
ཉིད་གདངས། །སྟོང་པས་ཅི་ཕན་སྣང་བས་ཅི། །གཉིས་མེད་སུ་ཡིན་བསྒོམ་རྒྱུ་ཅི། །རང་བབ་ཁོ་རང་ཡིན་ཚུལ་སྐྱོངས། །གང་ཟག་དབང་པོའི་བྱེ་བྲག་གིས། །རིམ་མམ་ཡང་ན་ཅིག་ཆར་དུ། །སེམས་འདས་ཡེ་ཤེས་རང་སོར་མཐོང་། །འདི་ལ་རྣལ་འབྱོར་བྱེད་རྣམས་ཀྱིས། །སྙིང་དབུས་ཡེ་ཤེས་རང་རྩལ་གྱི། །སྐུ་གསུང་ཐུགས་ལྡན་རྡོ་རྗེའི་མེས། །རིགས་དྲུག་ས་བོན་བག་ཆགས་བསྲེགས། །གཟུངས་སྤོབ་ཉི་མ་ཁོང་ནས་འབར། །ཡེ་ཤེས་ལག་བཅིང་ཚུལ་དུ་བྱེད། །ཚེ་གཅིག་ཡེ་སངས་རྒྱས་པ་གྲུབ། །ས་མ་ཡ། རབ་ཚེས་ལྕགས་རྟ་ཟླ་༡༡ཚེས་༡༥ལ་དཔལ་ཆེན་བསྙེན་མཚམས་སྐབས། ཁྱི་རྒན་བདག་གི་ཁ་ནས་རུས་པ་དང་། ཟ་བྱེད་སོ་གཉིས་གཅིག་རེད་སོང་སྣང་གི་མཐར་ཁ་ནས་འདི་འདྲ་ལྷུར་གྱིས་སྐྱུགས་སོ། །ཀུན་ལ་བལྟ་ཞིང་རོལ་པའི་གཞོན་ནུ་དེ། །ཀུན་ནས་བཀྲམ་ཞིང་སྣང་བའི་སྨིན་ལེགས་མར། །ཕྲད་ཚེ་གཅིག་ཏུ་ཞུ་བའི་ཉམས་ཀྱི་མཐར། །མ་བཅོས་ལྷུག་པའི་ཚིག་དེ་གྲུབ་ནས་མཆི། །ཧ།། །། ༈ ན་མོ་གུ་རུ་པདྨ་མཉྫུ་ཤྲཱི་བཛྲ་ཏཱིཀྵྞ་ཡ། འདིར་སེམས་དོན་གྱི་ཊཱི་ཀཱ་རྡོ་རྗེ་རྒྱལ་པོའི་
ཞལ་རྒྱུན་ཞེས་བྱ་བ། བླ་མ་དང་གཉིས་སུ་མེད་པའི་སྟོན་པ་ཤཱཀྱ་སེང་གེ་དེ་ལ་ཕྱག་འཚལ་ལོ། །རྒྱལ་ཀུན་མགུལ་གྱི་པད་ཚལ་རྒྱས་པའི་ཚལ། །དམ་ཆོས་སྒྲ་དབྱངས་འབུམ་གྱིས་མཛེས་བྱེད་པ། །དབྱངས་ཅན་ཟླ་བའི་མདངས་འཛིན་ངང་མོ་དེ། །དེ་རིང་བདག་གི་བློ་མཚོར་དགྱེས་རོལ་མཛོད། །རྒྱལ་བའི་ཡུམ་ཁྱོད་དགྱེས་པའི་ཞལ་བཟང་ནི། །ཟང་ཐལ་རྗེན་པར་བཞད་པའི་ཟོལ་གྱིས་འདིར། །རིག་ཁམས་འཇམ་དཔལ་རྡོ་རྗེ་མངོན་སུམ་ཁུག །ངོ་མཚར་འདུ་འབྲལ་མེད་དོ་སྙིང་གི་དཔལ། །དེ་ལ་འདིར་ས་བཅད་སོགས་སྤྲོས་མང་དོར་ནས་བླ་མའི་མན་ངག་ལག་བཅངས་ཀྱི་ཚུལ་དུ་ངོ་སྤྲད་པ། ཐོག་མར་འདི་ལྟ་བུའི་ལམ་འདི་ཡང་དག་ཞིག་ཡིན་ནམ་མིན་སྙམ་ནས་ཚུལ་འདི་ལྟ་བུའི་ཟབ་གནད་ལ་མི་འཇུག་པ་རྣམས་ལ། ཐོག་མར་ཁོ་ནར་དགོས་པར་སྨྲས་པ་ལ། འཁོར་འདས་ཞེས་ཤེས་བྱ་ལ་ཆོས་ཀྱི་རྣམ་གྲངས་གཉིས་པོ་དེར་མ་འདུས་པ་མེད་ལ། དེ་གཉིས་གང་ལས་འཕྲོ་བའི་གཞི་ནི་སེམས་ཡིན་ཏེ། དཔལ་ས་ར་ཧས། གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །
ཞེས་གསུངས་པ་ལྟར། འདི་ལྟར་ཅི་སྣང་གང་སྣང་བ་དེ་དག་ཐམས་ཅད་སྣང་བ་ལས་མི་འདའ་ཞིང་། སྣང་བ་དེ་སེམས་ལས་བྱུང་བས་ན་སེམས་ལས་མ་བྱུང་བའི་ཆོས་མེད་དོ། །ཞེས་སོ། །ཡང་ཁ་ཅིག་འདི་སྙམ་དུ། བདེན་གཉིས་ཆོས་ཀྱི་རྣམ་གྲངས་ཟབ་མོ་གཞན་དང་གཞན་མ་ཤེས་པར་ཐོག་མ་ནས་སེམས་ཁོ་ན་ཙམ་ལ་འཇུག་པ་འདིས་འཁོར་བའི་རྩ་བ་ཨེ་ཆོད་སྙམ་ན། འདི་ལྟར་གོང་བཤད་ལྟ་བུའི་འཁོར་བའི་ཆོས་ཐམས་ཅད་སྒྱུ་མ་ལྟར་སྣང་བའི་བྱེད་པོ་སྒྱུ་མཁན་ཉིད་སེམས་ཁོ་ན་ཡིན་ན། དེ་བཏུལ་བས་གཞན་སོ་སོ་ནས་འཇོམས་ཤིང་བཏུལ་ག་ལ་དགོས་ཏེ། བཅོམ་ལྡན་འདས་ཀྱིས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ་ཞེས་དང་། ཞི་བ་ལྷས། སེམས་འདི་གཅིག་པུ་ཐུལ་བས་ན། །དེ་དག་ཐམས་ཅད་ཐུལ་བར་འགྱུར། །ཞེས་གསུངས་པས། སེམས་ཀྱི་སྒྱུ་མ་མཁན་ཞིག་པས་འཁོར་ཆོས་སྒྱུ་མ་ཐམས་ཅད་ངང་གིས་ཞིའོ། །ཡང་ཁ་ཅིག་གཟུང་འཛིན་ཐམས་ཅད་བདེན་མེད་དུ་
མ་ཞིག་པར་སེམས་ཁོ་ན་བལྟ་བ་ཙམ་ལམ་ཡིན་མོད། ཉེ་ལམ་ཟབ་མོ་མིན་སྙམ་ན། །འདི་ལྟར་མ་རྟོགས་པའི་ཚེ་ན་རིགས་དྲུག་གི་མྱོང་སྣང་འཛིན་པ་འཁྲུལ་བའི་སེམས་ཞེས་བྱ་ལ། རྟོགས་པའི་དུས་ན་གཉིས་འཛིན་རང་སར་ཞིག་པའི་གཉིས་མེད་ཀྱི་ཡེ་ཤེས་ཡིན་ལ། ཡེ་ཤེས་དེ་ནི་སངས་རྒྱས་ཉིད་ཡིན་ཏེ། །སྐུ་གསུང་ཐུགས་ལ་སོགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཡེ་ཤེས་ཉག་གཅིག་ཙམ་ལས་ཕྱེ་བར་ཟད་དེ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །ཞེས་གསུངས་པས་སོ། །དེས་ན་སེམས་རྟོགས་པ་ཙམ་གྱིས་སངས་རྒྱས་སུ་འགྲུབ་པའི་ཉེ་ལམ་རྨད་དུ་བྱུང་བ་སྟེ། འཕགས་པ་འདའ་དཀའ་ཡེ་ཤེས་ལས། །སེམས་རྟོགས་ན་ཡེ་ཤེས་ཡིན་པས་ན་སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །དེ་ཕྱིར་སེམས་ཉིད་ལ་རང་ཆས་སུ་བཞུགས་པའི་ཡེ་ཤེས་དེ་ཉིད་གཞི་བདེ་གཤེགས་སྙིང་པོ་ཞེས་སེམས་ཅན་ཐམས་ཅད་ལ་ཁྱབ་ཅིང་བཟང་ངན་མེད་པར་བཞུགས་ཏེ༑ བདེ་གཤེགས་སྙིང་པོས་
འགྲོ་བ་ཡོངས་ལ་ཁྱབ། །ཅེས་པའི་དོན། མགོན་པོ་བྱམས་པས། རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར། རང་གི་སྙིང་ནང་ལ་གཞོན་ནུ་བུམ་སྐུར་བཞུགས་པའི་ཚུལ་དུ་བྱེད་པས་ན། ལམ་ཙམ་དུ་མ་ཟད་ལམ་ཐམས་ཅད་ཀྱི་བླ་མ་ཡིན་ནོ་ཞེས་སོ། །ཧཱུྃ། རང་བྱུང་ཡེ་ཤེས་ཟག་མེད་ཀྱི་གཟུགས་ཅན་མཚོན། འབྲུ་གསུམ་དེ་ནི་འཁོར་འདས་ཀྱི་གསང་གསུམ་ཡི་གེ་སྟེ། ཐབས་ལམ་གྱི་ཡེ་ཤེས་ཡང་གནད་འདི་རང་ལ་ཐུག་པ་དྲན་པའི་བརྡའོ། །རྒྱུ་མཚན་དེ་ལྟ་བུའི་དགོས་པ་ཤེས་ནས། ཤིན་ཏུ་སྤྲོ་བའི་སེམས་ཀྱིས་རང་གི་སེམས་ལ་བལྟ་ཚུལ་ནི། དེ་སྔ་ཕན་ཆད་ཁ་ཕར་འགྱུ་ནས་འཁྲུལ་སྣང་གི་ཆོས་ལ་སྤྱོད་པ་ཁོ་ནར་འདུག་པས། ད་ཁ་ནང་དུ་ཚུར་འགྱུ་ནས་ལྟོས། གང་ལ་བལྟ་ན་རང་གི་སེམས་ལ་ལྟོས། ཞེས་པའོ། །དེར་བལྟ་བ་ལ་ཤིན་ཏུ་འདུན་པ་འདི་ལྟར་བྱེད་དགོས་ཏེ། སྣང་སྲིད་ཀྱི་ཆོས་ཐམས་ཅད་ལ་བལྟ་བའི་མིག་རྒྱང་ཡངས་པོ་སྟེ།
མི་བལྟ་བའི་གནས་གཅིག་ཀྱང་མེད་པར་བལྟ་མཁན་དེས། ཚེ་ཐོག་མ་མེད་པ་ནས་བལྟ་རྒྱུ་འབའ་ཞིག་དང་དུ་བླངས་ཀྱང་། བལྟ་མ་མྱོང་བའི་ཡུལ་གཅིག་ཡོད་པ་དེ་ནི་སེམས་ཞེས་བྱ་བ་ཡིན་ཏེ། འདི་རང་ལ་བལྟ་བ་དེ་རིང་ཙམ་དུ་ཟད་པས་ངོ་མཚར་ཆེ་བས་ལྟ་བ་ལ་དུས་ཉེ་བསྟུང་བའོ། །དེ་ནས་ཡང་ཐོག་མེད་ཀྱི་དུས་ཡུན་རིང་པོ་ནས་འགྲོགས་ནས་འདོད་རྒུའི་ཞེ་འདོད་སྒྲུབ་པའི་ཤ་ཐང་ཆད་ཆད་ཀྱི་བར་དུ་བཀུར་ཞིང་ད་རུང་ཡང་བཀུར་བར་འགྱུར་བའི་གཅེས་ཕྲུག་དེ་ནི་སེམས་ལ་ང་ཞེས་བཏགས་པ་ཡིན་ཏེ། དེ་ད་སྔ་མཐོང་བ་ལྟ་ཅི། ལྟ་འདོད་ཙམ་ཡང་མ་བྱུང་བ་འདི། ཇི་ལྟར་བུ་མོ་གཉིད་དུ་སོང་བའི་ཁྱོ་ཕོ་དེ་མི་མཐོང་བར་ཡིབ་ནས། བུ་མོ་དེ་ལ་འདོད་རྒུ་སྤྲད་ནས་ངས་གཉེན་ཞེས་བརླབས་ན། གཉེན་ཅི་འདྲ་ཞིག་ཡིན་པ་མཐོང་བ་དང་བལྟ་བ་ཡང་མ་བྱས་པར་ལོ་མང་པོ་སོང་ནས། རེ་ཞིག་གཞན་གྱིས་ཁྱོད་ལ་གཉེན་སུ་འདྲ་ཡོད་ཅེས་བསྐུལ་བའི་རྐྱེན་ལས་ལྟ་འདོད་བྱུང་བ་ལྟ་བུ་ལས་ཀྱང་ཤིན་ཏུ་ལྷག་པའི་ཚུལ་དུ། དེ་རིང་ཞེས་ཉེ་ཚིག་གིས་
ཕྱི་བཤོལ་མེད་པར་ད་ལྟ་ཉིད་དུ་བལྟ་བར་འོས་སོ་ཞེས་བལྟ་བ་ལ་སྲེད་པ་ཆེར་འཕེལ་བ་སྟེ། ཨོ་རྒྱན་ཆེན་པོས། ཡུན་རིང་འགྲོགས་ཀྱང་ཤེས་མ་མྱོང་བ་མཚར། །ཞེས་གསུངས་པ་ལྟ་བུའོ། །དེ་ནས་ལམ་དེར་ཞུགས་པའི་སྐལ་ལྡན་ལ་སྤྲོ་བ་བསྐྱེད་པ་ནི། འོ་རིགས་ཀྱི་བུ་ཁ་ཕར་བལྟས་ནས་དཔྱད་པའི་ཆོས་ཐམས་ཅད་ཡེ་ཤེས་ལ་མི་ཉེ་བས་རྒྱང་ན་གནས་པ་ལྟ་བུའོ། །དེས་ན་དེ་ལྟ་བུའི་ཐོས་བསམ་བརྒྱ་ཕྲག་ལ་བརྩོན་པ་ལས། ཚུར་བལྟས་ནས་སེམས་ཀྱི་གདར་ཤ་གཅོད་པའི་ཆོས་ཟབ་མོ་འདི་གཅིག་པུ་མཆོག་ཏུ་གྱུར་ཏེ། ཁ་ཕར་གྱུ་ནས་དཔྱད་སྟོབས་ཀྱིས་གནས་ལུགས་གཞལ་བ་ཇི་ལྟར་བཟང་ཡང་། ཆོས་ཀྱི་གནས་ལུགས་ལ་སེམས་ཀྱིས་རི་མོར་བགྱིས་པའི་གཟུགས་བརྙན་ལྟ་བུའོ། །འདི་ནི་གནས་ལུགས་ཉིད་རྗེན་པར་མྱོང་སྟོབས་ཀྱིས་གཏན་ལ་ཕེབས་པ་དེས་ན་འདི་ལྟ་བུའི་རྒྱལ་བའི་བསྟན་པའི་ལམ་ཐམས་ཅད་ཀྱི་དགོངས་པ་གཏན་ལ་དབབ་ནུས་པས་ཟབ་ཅིང་རྒྱ་ཆེ་བ་ཡིན་ནོ། །དེའི་ཕྱིར་ན་ལམ་གཞན་ནི་འདི་རྟོགས་པའི་ཆ་ལག་
ཡིན་ཏེ། འདི་མ་རྟོགས་བཞིན་དུ་སངས་རྒྱས་པ་མེད་ལ་འདིས་གཞན་ལ་མི་ལྟོས་པར་རང་ལ་བསྟེན་ནས་ཡེ་ཤེས་བཅར་ཕོག་ཏུ་ངོ་འཕྲོད་པས་ན། ཨོ་རྒྱན་ཆེན་པོས། འདི་ཉིད་རྟོགས་ན་བ་ལང་རྫི་ཡང་གྲོལ། །ཐེག་དགུའི་བཤད་པ་ཀུན་ལ་མཁས་གྱུར་ཀྱང་། །འདི་ཉིད་མ་རྟོགས་པཎྜི་ཏ་ཡང་འཁྲུལ། །ཞེས་གསུངས་པ་ལྟ་བུའི་སེམས་ཀྱི་གནད་གསང་ཟབ་མོ་འདི་ནི༑ བསྐལ་པ་དུ་མར་ཤིན་ཏུ་སྦྱང་བའི་འབྲས་བུ་འདིར་ངོ་སྤྲད་རྒྱུ་བྱུང་བ་ཡིན་ནོ། །འབྲས་བུ་ཡིན་ཚུལ་ཡང་འདི་ལྟར་རྒྱལ་བ་རྡོ་རྗེ་འཆང་གིས་བསྟན་པའི་ལམ་བྱེ་མདོ་ནས་བཟུང་སྟེ་ཨ་ཏིའི་བར། བློ་རིམ་དང་སྦྱར་བའི་སྐས་གདང་ལྟར་ལས། དགོངས་པ་ནི་སེམས་གདུལ་བའི་ཐབས་སུ་འགྲོ་ཞིང་ཡེ་ཤེས་ཉག་གཅིག་ལ་མཐར་ཐུག་གོ། དེ་ལ་སྤྱིར་ཐབས་ཤེས་ཡ་བྲལ་བའི་ལམ་དེ་ལམ་ཡང་དག་མིན་ཏེ། འབྲས་བུ་ཡེ་ཤེས་སྐྱེ་བའི་རྒྱུ་མི་བྱེད་པས་སོ། །ཐབས་ཤེས་ཟུང་དུ་འཇུག་པའི་ལམ་གྱིས་ཐོབ་པའི། ཐབས་ཤེས་འདུ་འབྲལ་མེད་པའི་འབྲས་བུ་དེ་ནི་རྒྱལ་བའི་དགོངས་པ་མཐར་ཐུག་པ་ཡིན་ལ། ཇི་ལྟར་བྱེ་མདོས་གཟུང་
འཛིན་རགས་པའི་ཆ་གཞིག་ནས། རྡུལ་དང་སྐད་ཅིག་ཏུ་ཕབ་པ། རང་རྒྱལ་གྱིས་གཟུང་བའི་རྡུལ་འཛིན་ཀྱང་ཤིག །སེམས་ཙམ་པས་གཟུང་འཛིན་གཉིས་སྟོང་གི་རང་རིག་ཡེ་ཤེས་ཙམ་དུ་ཤིག །དབུ་མས་རང་རིག་བདེན་པར་འཛིན་པའང་ཤིག་སྟེ། ཤེས་བྱའི་ཁོང་ན་བདེན་པར་གྲུབ་པའི་ཆོས་རྡུལ་ཙམ་མེད་པར་རྟོགས་པས་ན། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ། དོན་དམ་པར་འདི་ཞེས་ཁས་ལེན་ཟད་པའི་བརྗོད་མེད་སྟོང་པ་ཉིད་ཀྱི་ངང་དུ་ཞིག་པར་ཤེས་ནས་འཛིན་གཏད་མེད་པར་དབྱིངས་རིག་ཟུང་དུ་ཞིག་པའི་ཚེ། བདེན་པ་གཉིས་སུ་དབྱེར་མི་ཕྱེད་པའི་ཆོས་ཐམས་ཅད་རོ་མཉམ་པའི་གཉིས་སུ་མེད་པའི་ཡེ་ཤེས་ལ་འཇུག་པར་གྱུར་ཏེ་སངས་རྒྱས་བསྒྲུབས་ན་ཡང་། འདི་ལྟ་བུའི་ལམ་གྱིས་ནི་དཀའ་བ་མང་པོ་མི་དགོས་པར་སྐད་ཅིག་གཅིག་ལ་དྲུག་རྡུལ་གྱི་ཚུལ་དུ་འཁོར་འདས་གཉིས་སུ་སྣང་ཞིང་ཞེན་པའི་སེམས་ཀྱི་སྦུབ་ཕྲལ་ནས། སྔར་བཤད་པའི་ཐབས་ཤེས་རོ་གཅིག་གི་ཡེ་ཤེས་རང་བྱུང་། རྒྱལ་བ་ཐམས་ཅད་ཀྱི་དགོངས་
པའི་སྙིང་པོ་མཐོང་བར་བྱེད་པ་དེའི་ཕྱིར་ན་ཉེ་བའི་ལམ་ཞེས་བྱ་སྟེ། ཐེག་པ་འོག་མ་པ་ནི་ཡེ་ཤེས་དེ་ལ་བགྲོད་ཅིང་སྦྱོར་བའི་རྒྱུ་ཚོགས་ཐབས་ཤེས་མཉམ་པར་སྦྱོར་བ་ཡུན་རིང་དུ་འབད་དགོས་ཀྱང་། འདིར་ནི་དབྱིངས་རིག་གཉིས་དཔྱད་ངོར་སོང་བའི་ཐབས་ཤེས་གསར་དུ་སྦྱོར་བའི་ལྟ་བ་ལ་སྡུག་བཙིར་མི་དགོས་ཏེ། ཡེ་ནས་དབྱིངས་རིག་གཉིས་འདུ་འབྲལ་མེད་པའི་ཚུལ་དེ་ཉིད་རང་རྗེན་པར་སྟོན་ནོ་ཞེས་བྱས་ནས། སྐལ་བ་ཅན་ཞེས་སྐལ་ལྡན་ལ་ཆེད་དུ་བོས་ནས་སྐལ་མེད་ནི་འདི་ལྟ་བུའི་ཆོས་ལ་མོས་ཤིང་སྤྱོད་པར་མི་འགྱུར་ཞེས་པའོ། །དེ་ནས་སེམས་རང་ཐོག་ཏུ་ངོ་སྤྲད་པ་ལ། ཨ་ཞེས་བརྗོད་མེད་སྟོང་པ་ཉིད་ཀྱི་དབྱིངས་དང་། ཧོཿཞེས་མི་འགྱུར་བའི་བདེ་བ་ཆེན་པོའོ། །དེ་གཉིས་ཟུང་དུ་ཞུགས་པའི་ངོ་མཚར་ལ་དམ་པ་རྨད་དུ་བྱུང་བའི་ཚིག་གོ། དེ་ལ་སེམས་ངོ་སྤྲད་ན་སེམས་ལས་ཕྱི་རོལ་གྱི་དོན་རྣམས་ཇི་ལྟར་ཡིན་སྙམ་ན། འོ་ཡུལ་དུ་སྣང་བའི་ཕྱིའི་སྐྱེ་མཆེད་ཐམས་ཅད་རང་གི་སེམས་ཁོ་ནས་རོལ་པ་ཡིན་ཏེ། སེམས་མེད་ན་ཡུལ་དེ་ཡོད་པ་དང་ཡིན་པར་
སུས་དམིགས་ཤིང་ཤེས་ཏེ་སེམས་ཀྱི་རྩལ་ལོ། །ཡུལ་དང་ཡུལ་ཅན་དུ་སྣང་ངམ་སྙམ་ན། ཡུལ་དང་ཡུལ་ཅན་དུ་སྣང་བའི་ཤེས་པ་དེ་ཐམས་ཅད་ནི་ཤེས་པ་ཡིན་ཕྱིན་ཆད་སེམས་ལས་ཐ་དད་དུ་གྱུར་པ་རྡུལ་ཙམ་མེད་དེ། སེམས་དང་གཉིས་སུ་མེད་པས་སོ། །འོ་ན་ཡུལ་ཡོད་པར་སྣང་བ་ཇི་ལྟར་སྙམ་ན། ཡུལ་དེ་དག་རྗེས་གཞིགས་ཀྱིས་བརྟགས་ན། རིམ་གྱིས་རྫུན་པར་ཡལ་ཞིང་དམིགས་སུ་མེད་ན། མེད་པ་ཉིད་ཡོད་པར་སྣང་མདོག་གི་གསོབ་སྟེ། མཁའ་ལ་སྐྲ་ཤད་ལྟ་བུ་སྒྱུ་མ་མཁན་རང་གི་སེམས་ཀྱི་བག་ཆགས་སྣ་ཚོགས་ལས་སྤྲུལ་པའོ། །ཞེས་དེས་སྣང་བ་སེམས་སུ་ཁོ་ཐག་བཅད་དེ་བསྟན་ཏོ། །འོ་ན་སེམས་ཙམ་ལ་འཇུག་པ་མ་ཡིན་ཏེ། ཕྱི་དོན་བདེན་མེད་དུ་གཞིག་པ་ལ་དབུ་མའི་རིག་པ་ལྟ་བུ་དགོས་པས་སོ་སྙམ་ན། གང་ཟག་གི་དབང་པོ་ལ་ལྟོས་ཏེ། ཐོག་མར་ཕྱི་དོན་གཏན་ལ་མ་ཕེབས་པར་ནང་ལ་མི་འཇུག་པའམ། སྔར་དགོས་པར་བཤད་པའི་
སེམས་ཀྱི་རྩལ་སྒྲུབ་པ་སོགས་དགོས་པ་འགའ་ལ་ལྟོས་ཏེ་ཐོག་མར་བཤད་པ་ལས། དེ་མ་ཤེས་པར་སེམས་ཅར་ཕོག་གི་གདམས་པ་འདེབས་མི་ཤེས་པ་ནི་མིན་ནོ། །ཚུལ་དེའང་མགོན་པོ་བྱམས་པས། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། ཞེས་པ་ལྟར་རོ། །དེ་ནས་ལྟ་བའི་དངོས་གཞི་བཤད་པ་ལ།སྤྱིར་ལྟ་བ་ལ་ཡང་དག་པའི་ལྟ་བ་དང་། དེ་དང་ཕྱོགས་མཐུན་པ་དང་། ལོག་པར་ལྟ་བ་རྣམས་ཀྱི་དང་པོ་ནི། བརྗོད་མེད་ཨ་ཏི་ཡོ་ག །གཉིས་པ་ནི་དེ་མ་ཐོབ་པའི་ལམ་གྱི་ལྟ་བ། གསུམ་པ་རྟག་ཆད་ཀྱི་ལྟ་བའོ། །དེ་ལ་ལྟ་བའི་གཞི་ཤེས་བྱ་ཙམ་ལ་དཔྱད་ཚེ། ཡོད་པར་རྟོག་པས་ནི་འཇིགས་ཚོགས་ལ་བལྟས་ནས། རྒྱུན་རྟག་པར་སེམས་པས་རྟག་པའི་མཐར་ལྷུང་བའོ། །ཡོད་ཀྱང་རྒྱུ་འབྲས་མི་འབྲེལ་བར་རྒྱུན་ཆད་དུ་ལྟ་བ་ནི་ཆད་པའི་མཐར་ལྷུང་ངོ་། །ཡེ་མེད་
རི་བོང་གི་རྭ་ལྟར་མཐོང་བ་ནི་ཤིན་ཏུ་བྱིས་པའི་འཁྲུལ་བ་རེ་ཞིག་པ་སྟེ། ས་ར་ཧས། ཡོད་པར་འཛིན་པ་འགྲོ་བ་འཁྲུལ་པ་སྟེ། །མེད་པར་འཛིན་པ་དེ་བས་ཀྱང་ནི་བླུན། །ཞེས་དང་། ཆད་པ་མེད་པ་རྟག་མེད་པ། །ཞེས་སོགས་ཀྱིས་ཤེས་པར་ནུས་ལ། ཡོད་མེད་དེ་གཉིས་ཀ་ཡིན་པ་གཅིག་ཏུ་མི་འགྲུབ་སྟེ། དེ་གཉིས་ཕན་ཚུན་སྤངས་ཏེ་འགལ་བ་ཡིན་ཏེ། གང་ཡོད་ན་མེད་པ་ལས་ལྡོག་མེད་ན་ཡོད་པ་ལས་ལྡོག་དགོས་པས་སོ། །དེ་གཉིས་ཀ་མིན་པའི་ཤེས་བྱ་ཕུང་གསུམ་པ་ཞིག་རང་བཞིན་གྱིས་གྲུབ་པ་མི་སྲིད་དེ། ཡོད་མེད་ལས་བརྒལ་ཏེ་དེ་གྲུབ་པ་རི་བོང་གི་རྭ་དང་འདྲའོ། །འོ་ན་ཡོད་མེད་གཉིས་མིན་མ་ནིང་གི་གོ་འཕང་ཞེས་པ་ཅི་སྙམ་ན། དེ་ནི་ཡོད་མེད་གཉིས་མིན་པ་ལ་བཏགས་ཙམ་དུ་ཟད་ཀྱི་དེ་ལྟར་གྲུབ་པ་མིན་ནོ། །དེ་ལྟར་རྟག་ཆད་ཀྱི་མུ་བཞི་ལ་བློ་རྩེ་གཏོད་པ་ཐམས་ཅད་གནས་ལུགས་དྲང་པོ་དྲི་མ་མེད་པའི་མ་བཅོས་པའི་གཤིས་ལ་མི་ཉེའོ། །དེས་ན་རྣམ་པར་དག་པའི་ལྟ་བ་ནི། ཅི་ལ་ཡང་མི་གནས་པའི་ཡེ་
ཤེས་ཏེ། དེ་ནི་ཡུལ་ཅན་སོགས་ཀྱི་ཐ་སྙད་མཐའ་དག་ཟད་པའི་རང་བབ་ཙམ་སྟེ། བཅོམ་ལྡན་འདས་ཀྱིས། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཉིད་ལྟ། །ཆོས་ཉིད་ཤེས་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་ཆོས་ཉིད་དམ་ཆོས་ཀྱི་ཡིན་ལུགས་མཐར་ཐུག་པའི་ཡེ་ཤེས་རང་བྱུང་ཡིན་གྱི། དཔྱད་ཅིང་བློ་ངོར་ལྟོས་པའི་སེམས་ལས་བྱུང་བའི་གྲུབ་མཐའ་ནི་མིན་ཏེ། དེ་ནི་བློས་གཏུགས་ཤིང་འཇོག་རྒྱུ་ཡོད་པས་སོ། །དེ་ལྟར་ན་དེ་ལྟ་བུའི་ཡེ་ཤེས་དེ་ཇི་ལྟར་ལམ་དུ་བྱ་སྙམ་ན། དེ་ཤེས་པར་བྱེད་པའི་སྣང་སྟོང་ཐབས་ཤེས་ཟུང་དུ་འབྲེལ་ན། སྲས་རང་བྱུང་གི་ཡེ་ཤེས་ཟག་པ་མེད་པའི་ཐིག་ལེ་སྙིང་ལ་སད་ནུས་པས། འདའ་ཡེ་ལས། ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་ཤིང་འོད་གསལ་བས་ན་དངོས་པོ་ཅི་ལའང་མི་གནས་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་པ་ལྟར། ཡེ་ཤེས་རང་གི་ངོ་བོ་ཡོད་མེད་ལ་སོགས་པའི་མཐའ་གང་ལའང་མི་གནས་པ་ལ་བཏགས་པ་ཙམ་སྟེ། བྱམས་པས།
དེ་ཕྱིར་ཐར་པ་ནོར་ཙམ་ཟད་པ་ཡིན། །ཞེས་གསུངས་པ་ལྟར་ཡིན་ལ། མཐའ་བཞི་པོ་གང་མ་ཆོད་ཀྱང་ལྟ་བ་རྣམ་པར་མི་དག །མཐའ་བཞི་གྲོལ་བའི་ཡེ་ཤེས་རང་ཤར་ནི་མི་གནས་པའི་ཡེ་ཤེས་ཞེས་བྱ་སྟེ། དཔལ་ལྡན་དྲི་མ་མེད་པའི་མོད་ལས། རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་བའི་ནམ་མཁའི་པདྨོ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་ཡིན་པའང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡི་རིགས། །ཅེས་དང་། རྫོགས་ཆེན་གྱི་རྒྱུད་སྡེ་དག་ལས་ཀྱང་། མཐའ་བཞིའི་དྲི་མ་རང་སངས་ཉིད། །ཅེས་དང་། བྱམས་པས། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །ཞེས་དང་། ཡོད་མིན་མེད་མིན་ཡོད་མེད་ལས་གཞན་དུ་ཡང་བརྟགས་པར་མི་ནུས། ཞེས་སོགས་རྒྱ་ཆེར་བསྟན། དོན་གྱི་ཡེ་ཤེས་དེ་ནི་གདམས་ངག་གི་བཙན་
ཐབས་སུ་སེམས་ལ་ངོ་སྤྲད་པའི་ཡེ་ཤེས་རང་ཞལ་མཇལ་བ་ལག་པའི་ནང་ནས་རིན་པོ་ཆེའི་གཏེར་མཐོང་བ་ལྟ་བུ་ཡིན་ནོ། །འོ་ན་ལྟ་བ་རྣམ་དག་དེ་ཅི་འདྲ་ཞིག་སྟེ། ཡིན་པ་མི་སྲིད་པའི་ཤེས་བྱ་ལྟ་བུ་ཞིག་གོ་སྙམ་ན། མཐར་འཛིན་ཐམས་ཅད་ཞིག་པའི་རང་བྱུང་གི་ཡེ་ཤེས་མངོན་སུམ་པའི་ཚུལ་དུ་རྟོགས་པ་ཡོད་པས་ཡིན་པ་མི་སྲིད་པར་མི་འགྱུར་ཏེ། འོག་ཏུ་བོར་བ་སྟོར་ཚུལ་སོགས་ལྟ་བུའོ། །དེས་ན་བཤད་མ་ཐག་པའི་སྐྱོན་ཐམས་ཅད་ལས་གྲོལ་བའི་ལྟ་བ་ངོ་སྤྲད་པ་ལ་གཞུང་མང་ཡང་།འདིར་ཨ་ཧོ༷་ཞེས་སྔར་ལྟར་རོ། །ཤེས་རབ་དྲི་མེད་ཀྱིས་དཔྱད་ན་སེམས་ནི་འདི་འདྲ་ཞེས་ངོ་བོ་ངོས་བཟུང་གི་ཆ་གང་ཡང་རྡུལ་ཙམ་མེད་དེ། འདི་ལྟར་གཉིས་སུ་མེད་པའི་ཡེ་ཤེས་མཐོང་ནས་བསྒོམ་ཞེས་པ་ནི་ཅི་ཡང་མི་བསྒོམ་པའི་དོན་ཏེ། བཅོམ་ལྡན་འདས་ཀྱིས། སྟོང་པ་ཉིད་ཅེས་བྱ་བ་ནི་ཅི་ཡང་མ་མཐོང་བའི་ཚིག་བླ་དྭག་སོ། །ཞེས་གསུངས་པ་དང་། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་
མཐོང་ཞེས་དོན་འདི་བརྟགས་པར་གྱིས། ཞེས་གསུངས་པ་ལྟ་བུའི་དཔེས། འདི་ལྟར་སེམས་ཀྱི་གནས་ལུགས་བསྒོམ་པའི་ཚེ། སེམས་ཡོད་པ་ཞིག་ན་ཡོད་པ་དེའི་ཚུལ་དང་མཐུན་པར་ཡིད་ལ་བྱེད་རིག་པ་ལས། སེམས་ཡོད་པའི་ཚུལ་འདི་འདྲ་ཞེས་རྡུལ་ཙམ་དམིགས་སུ་མེད་ན་ཡོད་པ་ཅི་ལྟར་བསྒོམས་ཏེ་བསྒོམ་མི་ཤེས་སོ། །ཡང་ན་སེམས་མེད་པ་ན་གཅིག་ཏུ་མེད་དེ་ཞེས་མེད་པ་དེ་བསྒོམ་མོད་ཀྱི། སེམས་མེད་དོ་ཞེས་མེད་པ་ཕྱོགས་གཅིག་ཏུ་ཐག་མི་ཆོད་པས་མེད་པར་ཇི་ལྟར་བསྒོམས་ཏེ་བསྒོམ་མི་ཤེས་སོ། །ཡང་ན་སེམས་མེད་པ་ན་གཅིག་ཏུ་མེད་དོ་ཞེས་མེད་པ་དེ་བསྒོམ་མོད་ཀྱི། སེམས་མེད་དོ་ཞེས་མེད་པ་ཕྱོགས་གཅིག་ཏུ་ཐག་མི་ཆོད་པས་མེད་པ་ཇི་ལྟར་བསྒོམས་ཏེ་བསྒོམ་མི་ཤེས་སོ། དེས་ན་ཡོད་མེད་ཕྱོགས་རེ་བ་མིན་ཏེ། གང་དུའང་ཕྱོགས་མི་ཆོད་ན་དེ་གཉིས་གང་རུང་དུ་བསྒོམ་མི་ཤེས་སོ། །ཨ་ཧོ༷་ཞེས་ངོ་མཚར། འོ་ན་གཉིས་ཀ་ཡིན་པ་གཅིག་ཏུ་འདུས་སམ་སྙམ་ན། མ་ཡིན་ཏེ་སེམས་ཞེས་བྱ་བ་ཆོས་གཅིག་ལས་གཉིས་སུ་ཕྱེ་བའི་ཆོས་སྤངས་ཏེ་མེད་པས་སོ། །གང་ཡོད་མེད་གཉིས་ཀ་ཡིན་ན་འདི་ལྟར་ཡོད་འདི་ལྟར་མེད་ཅེས་མ་
འདྲེས་སོ་སོར་དབྱེ་རུང་བ་ཞིག་ཡིན་དགོས་ལ། དབྱེ་བ་ཡོད་ཕྱིན་གཉིས་ཆོས་ལས་མི་འདའ་བས་སོ། །དེས་ན་སེམས་ལ་དེ་ལྟར་དབྱེ་རྒྱུ་མེད་པར་གཉིས་ཀར་བསྒོམ་མི་ཤེས་སོ། །འོ་ན་སེམས་ཞེས་བྱ་བ་ཆོས་གཅིག་ཡིན་པས། དེའི་རང་བཞིན་ཡོད་པ་མིན་མེད་པ་མིན་ཏེ་གཉིས་ལ་མ་ལྟོས་པར་རང་ཚུགས་གྲུབ་པའི་ཕུང་སུམ་པ་ཞིག་གམ། ཡོད་མེད་གང་རུང་ཞིག་ལས་གཞི་གཅིག་དབྱེ་མི་ཤེས་པས་འདི་ཡིན་ནོ་ཞེས་ཐག་གཅིག་ཏུ་མི་ཆོད་དེ། དང་པོ་ལྟར་ན་རང་གི་རང་བཞིན་གཅིག་པུ་དེ་ལས་གཉིས་ཀ་སྣང་དུ་མི་རུང་བས་ཡོད་མེད་ཀྱི་བརྟགས་ཆ་མི་དགོས་པར་ཤེས་རྒྱུ་ཞིག་དགོས་ལ། ཕྱི་མ་ལྟར་ལ་གང་རུང་ལས་མི་སྣང་བར་དགོས་པ་ལ། འདིས་ནི་ཡོད་མེད་གཉིས་ཀར་སྣང་བའི་ཆ་འཛིན་པས་གཅིག་ཡིན་ཞེས་བློ་ཡིས་འཇོག་མི་ཤེས་ཏེ། གཅིག་ཡིན་ན་གདོད་ནས་དབྱེ་མི་རིགས་ལ། འདིར་ནི་ཡོད་མེད་ཅེས་ཆོས་ཐ་དད་པ་གཉིས་སུ་འཇོག་
རིགས་པས་སོ། །དེས་ན་ཡོད་མེད་གཉིས་གཅིག་ཡིན་ཟེར་བ་སུ་ཡང་མི་སྲིད་དོ། །གཅིག་ཡིན་རྒྱུའི་ངོ་བོ་དམིགས་སུ་མེད་དོ། །ཡོད་ན་དེ་དག་ཏུ་གྲུབ་པས་སོ། །དེས་ན་དབྱེ་མེད་དང་གཅིག་མིན་པ་གཉིས་ཀ་མགོ་མཉམ་པས་གང་ཕྱོགས་སུ་མ་ལྷུང་བའོ། །དེ་གཉིས་ཀའང་མཐར་ཐུག་གི་དོན་དུ་མི་འགྱུར་རོ། །འོ་ན་ཡོད་མིན་མེད་མིན་ཞེས་པ་ཅི་ཟེར་ན། དེ་ནི་ཡོད་མེད་ཀྱི་ཕྱོགས་རེ་ནས་གཞལ་ན་གང་ཡང་མིན་པའི་དོན་ནས་ཕྱོགས་ལྷུང་བྲལ་བའི་དོན་ཡིན་གྱི། ཡོད་མེད་གཉིས་ཀ་མིན་པའི་གཞི་གྲུབ་ཞིག་ཡོད་ཟེར་བའི་དོན་མིན་ཏེ། ཡོད་ན་དེ་རྟག་པར་འགྱུར་རོ། །དེས་ན་གང་ཅི་ཡང་རུང་སྟེ་ཡོད་ཅེས་བྱ་བར་མི་སྒྲུབ་བོ། །དེ་བཞིན་དུ་མེད་པའང་མི་སྒྲུབ་བོ། །དེས་ན་རྫོགས་པ་ཆེན་པོ་ནི་ཤིན་ཏུ་ཟབ་པའི་སེམས་གནད་ཀྱི་མཚོན་དཔེ་དང་། བླ་མའི་མན་ངག །རིག་པ་དྲི་མེད་ཀྱི་སྟོབས་ལས་སྐལ་བ་ཅན་རེ་ཟུང་གི་སྤྱོད་ཡུལ་ཁོ་ན་ལས།
དེ་ནི་བརྗོད་མེད་ཡིན་པ་དོན་དུ་གནས་པའི་རྟོགས་ཤིན་ཏུ་དཀའོ། །དེས་ན་དེང་སང་གི་སྒོམ་པ་ཕལ་སེམས་ལ་དཔྱད་པས་བརྗོད་རྒྱུ་མ་རྙེད་པ་ཙམ་ལ་ཡོད་མིན་མེད་མིན་ཞེས་དེ་འདྲ་བའི་གཞི་ཞིག་གྲུབ་པར་དམིགས་པས་བདེན་གྲུབ་ཀྱི་ས་བོན་བཏབ། ཕྱོགས་རེ་རེ་ནས་དཔྱད་པའི་རིག་བཟོ་གསལ་སྟོང་གི་ཆུ་ལུད་སྐྱེལ་ནས་ཟུང་འཇུག་ཞེན་སྣང་གི་དུག་སྡོང་རྒྱ་ཆེན་པོ་བསྐྱེད་པ་ལ་ཡུན་རིང་དུ་འབད་པ་ནི་འོད་གསལ་རྫོགས་པ་ཆེན་པོའི་གོལ་སའོ། །དེས་ནི་འདི་ཞེས་ཐ་སྙད་ཀྱི་ཁས་ལེན་ཞིག་ཏུ་འཇོག་རྒྱུ་མེད་པ་དང་། བློས་དམིགས་ཤིང་བརྟགས་སུ་མེད་པར་གསལ་བ་འདི། སེམས་ཀྱི་ཆོས་ཉིད་འཁོར་འདས་ཀྱི་རྒྱལ་པོ་རང་གི་གཤིས་མ་བབ་མ་བཅོས་མ་འཁྲུལ་བའོ། །ཞེས་མཐར་འཛིན་གྱི་ལྟ་བའི་འཕྲང་བསལ་ནས། བརྗོད་མེད་ཀྱི་ཡེ་ཤེས་མཛུབ་ཚུགས་སུ་ངོ་སྤྲད་པ་ཡིན་ནོ། །ཨ་ཧོ༷། དེ་ལྟར་ཕྱོགས་ལྷུང་གི་ཆ་གང་ཡང་བསམ་བརྗོད་མེད་པས་ན། ཅི་ཡང་བསྒོམ་རྒྱུ་ཞིག་མ་རྙེད་དེ། འདི་བསྒོམས་ནས་འདུག་གོ་སྙམ་པ་སྣ་གཅིག་སྒོམ་མ་ཤེས་སོ། །
འོ་ན་བསྒོམ་དེ་ལྟ་བུ་སུས་ཀྱང་མི་ཤེས་པ་ཞིག་ན་རི་བོང་གི་རྭ་ལྟ་བུར་སུས་བློར་མི་འཆར་བ་ཞིག་ན་དེས་ཅི་ཕན་སྙམ་ན། དེ་དང་མི་མཚུངས་ཏེ། འདིར་རྫས་བོར་བ་ཞིག་མི་རྙེད་པར་སྟོར་ན་ནི། རྫས་དེ་མ་རྙེད་ཀྱི་བར་དུ་དོན་མི་གྲུབ་པ་ཞིག་ནའང་། འདི་ནི་དེའི་ཚུལ་ལྟ་བུ་མ་ཡིན་ཏེ། ནམ་ཡང་རྙེད་པ་མི་སྲིད་པའི་ཚུལ་ཅན་དུ་གྱུར་པར་མཐོང་བ་དེ་ཀ་སེམས་རང་གི་གཤིས་ཀྱི་ཡིན་ཚུལ་དྲང་པོར་མཐོང་བ་ཡིན་ན། མ་རྙེད་པ་ཅི་སྟེ། ཨོ་རྒྱན་ཆེན་པོས། སེམས་ཉིད་མ་རྙེད་བྱ་བ་ཅི་ལ་ཟེར། གསུངས་པ་ལྟ་བུ། ཐ་སྙད་ཀྱི་ཆ་ལས་ཤིན་ཏུ་འདས་པས་ཐ་སྙད་ཀྱིས་དབྱེ་ན་རྙེད་པའི་དངོས་པོ་ཐ་སྙད་དུ་རུང་བ་རྡུལ་ཙམ་རྙེད་པ་མེད་ཀྱང་། མ་རྙེད་པའི་ཤ་ཐང་ཆད་མི་དགོས་པར། མི་རྙེད་པའི་གཤིས་ཅན་གྱི་རང་ཚུལ་ཇི་ལྟ་བར་ཤེས་པའི་རྙེད་པ་རང་གི་ལག་ཏུ་མཆིས་པ་མངོན་སུམ་པ་ཡིན་པས། བརྗོད་མེད་རྙེད་རྒྱུ་མེད་པའི་གཤིས་ཅན་དེ་གའི་རང་གི་རང་བབས་སུ་ངང་བསྐྱངས་ལ་ཞོག། ཅེས་པ་སྟེ། ཅི་ཡང་མི་རྙེད་པས་འཇོག་
ས་མ་རྙེད་ནས་བཞག་མི་ཤེས་ཞེ་ན། གཏད་སོ་ཞིག་རྙེད་དུ་རློམས་མི་དགོས་ཏེ། གཏད་སོ་མེད་རུང་ཅི་གནོད། འཇོག་མཚམས་མ་ཤེས་ཀྱང་ཅི་གནོད། ཁོ་རང་གི་ཡིན་ཚུལ་གདོད་ནས་དེ་འདྲ་བ་རེད་པས། ཅི་འདྲ་བ་དེ་འདྲ་བ་ཙམ་ཁོ་ནར་སྐྱོངས་དགོས་སོ། །དེ་ནས་དེ་ཀའི་ངང་དུ་བཞག་ན་སེམས་ལས་འདས་པའི་འབྲས་བུ་ཡེ་ཤེས་རང་ཞལ་མཇལ་ཚུལ་ནི། དངོས་པོ་བདེན་འཛིན་གྱི་ཆ་རྡུལ་ཕྲ་རབ་མེད་དེ། ཡོད་ན་ཡོད་ལུགས་འདི་འདྲ་ཞེས་དམིགས་དངོས་ཀྱང་དམིགས་སུ་མེད་དེ། ཨོ་རྒྱན་ཆེན་པོས། བལྟས་པས་མཐོང་རྒྱུ་མེད་པ་ནམ་མཁའ་འདྲ། འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། ཞེས་གསུངས་པ་ལྟར་ཏེ། འདའ་དཀའ་ཡེ་ཤེས་ལས། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་ན། དངོས་པོ་མེད་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་གསུངས་པ་ལྟར། འདི་ལ་སྟོང་སང་ཟང་ཐལ་ཀ་ནས་དག་པའི་གོ་བ་ཕུ་ཐག་ཆོད་པ་མ་འཁྲུངས་ཀྱི་བར་དུ། དངོས་སྨྲ་བའམ། རབ་ནའང་སེམས་ཙམ་
རང་རིག་རང་གསལ་ཙམ་ལས་མ་འཕགས་པས། དམིགས་སུ་མེད་པར་ངེས་ཤེས་འབྲང་བར་བྱའོ། །འོ་ན་མེད་པ་ཙམ་དུ་ཟད་དོ་སྙམ་ན། བདེན་གྲུབ་ཀྱི་གཏད་སོ་མེད་དེ་མེད་པར་ཡང་། ཆོས་ཐམས་ཅད་ཀུན་གསལ་ཞིང་ཤེས་ནུས་པའི་རྩལ་དང་རང་བཞིན་གྱིས་ལྡན་ན། གསལ་བ་ནི་སེམས་ལས་གཞན་ནོ་སྙམ་པ་དང་། མེད་པ་ལས་གསར་དུ་སྐྱེ་བ་དང་། ཤེས་ཤིང་གསལ་བཞིན་ནའང་མི་སྟོང་པའི་ཡོད་པ་ཞིག་ཏུ་འགྱུར་བ་མེད་པས།སྟོང་པ་ཁོ་ནས་ཕྱོགས་སུ་མི་ཆོད་དེ། ཨོ་རྒྱན་ཆེན་པོས། རང་གིས་རང་གསལ་ཉི་མའི་སྙིང་པོ་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །ཞེས་གསུངས་ཏེ། དེ་ལྟ་བུའི་ཐབས་ཀྱིས་མ་ཟིན་པར་སྟོང་རྐྱང་ཙམ་དུ་བཟུང་ན། དཔྱད་སྟོབས་ཀྱིས་སྟོང་ཉིད་མེད་དགག་ཙམ་ལས་མི་འཕགས་པས་སྔགས་ཀྱི་ལྟ་བར་མི་འགྱུར་ལ། འདིར་ནི་སྣང་ཆ་སྒྱུ་མའི་ངོས་ནས་མ་རྟོགས་པའི་འགྲོ་ལ་སྙིང་རྗེ་དང་། ཡང་དག་པའི་ཡེ་ཤེས་ཀྱི་སྐུ་ནི་མཁའ་
ལྟར་རྟག་ཁྱབ་ཏུ་བཞུགས་པས་སྐྱེ་རྒུའི་རེ་བ་འབད་མེད་དུ་སྐོང་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཐུགས་རྗེ་མི་འགགས་བདེ་བ་ཆེན་པོའམ་སྙིང་རྗེ་ཆེན་པོ་མཐར་ཐུག་པ་ཡིན་པས་སྣང་ཆ་ཐབས་ཀྱིས་ཟིན་པར་བྱ་བ་ནི། འདའ་ཡེ་ལས། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པས་ན། སྙིང་རྗེ་ཆེན་པོའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་ལམ་དུས་སུ་བསྒྲུབ་པ་འབྲས་དུས་སུ་གྲུབ་པའི་སྐུ་གཉིས་ལ་སྦྱོར། དེས་ན་ཡོད་མེད་གང་གི་ཕྱོགས་སུ་མི་ཆོད་ཅིང་། ཡོད་མེད་རེས་མོས་སུ་སྣང་བ་ལྟ་བུ་སོགས་གཉིས་ཀྱི་རང་བཞིན་ཅན་མིན་ཏེ། སྟོང་པ་ཤེས་རབ་བརྗོད་དུ་མེད་པའི་དབྱིངས་དང་། སྣང་བ་ཐབས་རིག་པའི་ཡེ་ཤེས་གཉིས་གདོད་ནས་འདུ་བ་དང་འབྲལ་བ་མེད་པར་རོ་གཅིག་པའོ། །དེའི་ཕྱིར་དབྱིངས་སྟོང་པ་ཉིད་དང་རིག་པ་བདེ་བ་ཆེན་པོ་གཉིས་ཐབས་ཤེས་ཡ་མ་བྲལ་བར་རང་གི་ངང་གིས་ཟུང་དུ་འཇུག་པ་སྟེ། འདའ་དཀའ་ཡེ་ཤེས་ལས། ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་ཤིང་འོད་གསལ་བས་ན། དངོས་པོ་ཅི་ལ་ཡང་མི་གནས་པའི་
འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །འོ་ན་དེ་ལྟ་བུའི་དབྱིངས་རིག་གཅིག་པའི་གཞི་མཐུན་ཞིག་བདེན་པར་གྲུབ་བམ་སྙམ་ན། དེ་ལྟ་བུ་མ་ཡིན་ཏེ། གཉིས་སུ་མེད་ཀྱང་གཅིག་པུ་ཞིག་ངོ་བོས་གྲུབ་པར་མི་འདོད་པས་གཅིག་ཐ་དད་ཀྱི་སྒྲོ་འདོགས་མ་ཆོད་ན་རྫོགས་ཆེན་མཚན་ཉིད་པ་མིན་ཏེ། ངོ་བོས་གྲུབ་པར་འདོད་པའི་ལྟ་བ་ལས་མ་འཕགས་སོ། །དེས་ན་ཐབས་ཤེས་རོ་གཅིག་ཡིན་པའི་དོན་གྱིས་ཡོད་མེད་ཕྱོགས་རེ་བ་དང་གཅིག་ཐ་དད་ཀྱི་མཐའ་གཞི་ཆོད་པས་ན་ཡེ་ཤེས་རྫོགས་པ་ཆེན་པོ་ཡིན་ནོ། །དེ་ལྟ་བུའི་རིག་པ་དེ་ནི་བརྗོད་མི་ཤེས་པ་རི་བོང་གི་རྭ་ལྟ་བུ་མིན་པར་མངོན་སུམ་རང་གི་ཉམས་སུ་མྱོང་ཚུལ། བརྟགས་ན་ནི་འདི་ཞེས་དམིགས་པ་མེད་ལ། རང་བབས་སུ་བཞག་ན་རང་གི་གདངས་དེ་བཞིན་དུ་འགག་མེད་དེ་བཞིན་ཉིད་དུ་གསལ་བ་སྟེ། བློས་བརྟགས་ཤིང་བཟུང་དུ་མེད་ལ། གྲུབ་དོན་ལ་དམིགས་པས་ཅི་ཙམ་བརྟགས་དཔྱད་ཀྱིས་འཚོལ་བ་ངལ་བའི་རྒྱུ་སྟེ། ཆུ་ནང་གི་ཟླ་གཟུགས་
མཐོང་བ་ལ་རེག་པར་འདོད་ནས་ཅི་ལྟར་བཙལ་ཀྱང་མི་འཕྲད་པ་ལྟ་བུའོ། །དེས་ན་རང་བྱུང་གི་ཡེ་ཤེས་རང་བབ་གཏད་མེད་དུ་ཤར་བ་ཙམ་ལས། འདི་བསྒོམ་ཞེས་པའི་བསལ་བཞག་གཏད་སོ་རྡུལ་ཙམ་ཡོད་ན་ཡང་དག་པའི་ལྟ་བ་མིན་ཏེ། རྟོགས་པའི་ངོ་བོ་ཞེས་སོགས་འདོགས་པ་ནི་སྔར་བཤད་པ་ལྟར་ཅི་ཡང་མ་དམིགས་པའི་དོན་ཙམ་ལ་བཏགས་པར་ཟད་པ་ཁོ་ན་ལས་རྟོགས་པའི་ངོ་བོ་ཞེས་ལོགས་སུ་ཡོད་པ་མིན་པར་ཤེས་དགོས་སོ། །དེ་ལྟར་བསམ་གྱིས་མི་ཁྱབ་པའི་དབྱིངས་རིག་ཡུལ་མེད་རང་གསལ་རྗེན་པའི་སྤྱོད་ཡུལ་ལོ། །དེ་ལྟ་བུའི་རྟོགས་དོན་རང་གི་ངོ་བོ་ཁས་ལེན་ལས་འདས་ཚུལ་ནི། འདི་ལྟར་གང་ལས་བྱུང་བའི་རྒྱུ་ཡིས་སྟོང་སྟེ། ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་སུ་ཡང་རུང་བ་ལས་སྐྱེ་ཞིང་འགྱུང་ངོ་ཞེས་དམིགས་སུ་མེད་དོ། །སེམས་ཉིད་རང་གི་ངོ་བོ་དམིགས་སུ་མེད་ན་དེའི་རྒྱུ་བྱས་པའི་འབྲས་བུའམ་རྩལ་ཞེས་དམིགས་སུ་མེད་དོ། །རང་བཞིན་སོ་སོའི་སྐྱེ་བོས་བདག་ཏུ་ཞེན་པའི་རྐྱེན་ལས་ཚོར་
བསྡུས་ཀྱི་ལུས་ལ་གནས་པ་དང་། བྱེ་བྲག་སྙིང་ལ་གནས་པར་སེམས་ཀྱི། ཐ་སྙད་དུ་དེ་ལྟར་རུང་ཡང་དོན་དམ་པར་རང་གི་ངོ་བོ་མི་དམིགས་ན། གང་ལ་གནས་པར་སུས་ཤེས་ཏེ་མི་ཤེས་སོ། །ཡུལ་གང་ལ་གནས་པར་སེམས་ན་གནས་མཁན་དེ་མཐོང་དགོས་པས་སོ། །མེད་ན་རྟེན་ལ་རེག་པའམ་བརྟེན་པའང་དོན་མེད་དོ། །དེ་ཉིད་ཡུལ་ལ་འཕྱན་པའམ་ལུས་ཀྱི་ཆ་གང་དུ་རྒྱུ་བའམ་འགྲོ་བ་མེད་དེ། ཡོད་ན་གནས་ནས་གནས་སུ་འཕོ་བའི་གཞི་དེ་མཐོང་དགོས་པས་སོ། །ཡང་ན་སེམས་རྣམ་རྟོག་འགག་པ་འདིར་སོང་ཞེས་མེད་དེ། སྔར་ཡོད་ན་ད་ལྟ་མེད་པས་འདིར་སོང་ཞེས་ཡོད་དགོས་པས་སོ། །ཡུལ་ལྟ་བུ་ལའང་སེམས་ཇི་ལྟར་འཕྲད་དེ། འཕྲད་མཁན་གྱི་དངོས་པོ་སྤངས་བས་སོ། །ངོ་བོ་སྟོང་ཚུལ་ནི་སེམས་སེམས་ཞེས་གྲགས་པོ་ཆེ་དེ།འདས་པའི་ཕྱི་ནང་རྗེས་མི་གཅད། མ་འོངས་པའི་མདུན་མི་བསུ་བར། ད་ལྟའི་ཤེས་རིག་ལ་ཐད་ཀར་བལྟས་པས། དུས་གསུམ་གྱི་རྟོག་པའི་སྦུབ་ལས་ཐོན་
པའི་རིག་པ་ས་ལེ་སང་ངེ་བ་སྟོང་གསལ་ནམ་མཁའ་དྲི་མེད་ལྟ་བུ་དེ་ནི་བསམ་གྱིས་མི་ཁྱབ་པའི་དུས་ཏེ་བཞི་ཆ་གསུམ་བྲལ་གྱི་ཆོས་སྐུ་ཞེས་བྱ་ལ། དེ་ཡང་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་རྣམ་པར་དབྱེ་བའི་ཆོས་མེད་དོ། །ཤེས་ཙམ་དེའི་རང་བཞིན་དུ་དམིགས་ན་ཐ་སྙད་ཙམ་དུ་དེ་ཡིན་མོད། དོན་དམ་པར་ཤེས་ཞེས་བྱ་བ་ཆོས་དང་འབྲེལ་བ་ཞིག་ན། ཆོས་གང་དང་ཡང་མ་འབྲེལ་བའི་རང་གི་ངོ་བོ་དེ་ལ་ཤེས་པ་ཅི་འདྲ་ཞིག་འདུག་དམིགས་སུ་མེད་དོ། །དེ་ནི་གསལ་བ་ཙམ་མོ་ཞེས་སྨྲ་མི་ཤེས་ཏེ། གསལ་ཞེས་པ་མར་མེ་ལྟ་བུའི་འོད་གསལ་བ་དང་། ཆོས་སུ་ཤེས་པའི་གསལ་བ་གཉིས་ལས། སྔ་མ་ལྟར་ན་གཟུགས་སོ། །ཕྱི་མ་ལྟར་ན་ཆོས་གཞན་དང་འབྲེལ་བ་ལས་རང་གི་ངོ་བོ་མིན་ནོ། །དེས་ནི་ཐབས་སྣ་ཚོགས་པའི་ཚུལ་དུ་དཔྱད་པས་ཡོད་པའི་རྫུན་ཁུང་གཏིབ་པར་བྱ་སྟེ། འོན་ཀྱང་བླ་མའི་མན་ངག་ལས། ཤེས་པ་ཙམ་དུ་འདུག་གམ། གསལ་བ་དང་ཡུལ་འདི་ན་གནས་སོགས་ངེས་ཆ་ཅི་བྱུང་ཡང་།
དམིགས་རྒྱུ་དེ་ཀའི་སྟེང་དུ་ཅེར་གྱིས་བལྟ་བ་ཁོ་ནས་ཤིག་འགྲོ་སྟེ། རེ་ཞིག་མི་ཤིག་པར་སྣང་ཡང་ལྟ་མ་ཤེས་པའམ། ཡུན་ཐུང་བ་ཡིན་ཏེ། གནད་དང་ལྡན་ན་རང་བཞིན་གྱིས་ཞིག་མི་འགྲོ་མི་སྲིད་པ་ཡིན་པས་དེ་ཡི་མན་ངག་ལ་གོམས་པ་གལ་ཆེའོ། །དེ་ལྟར་ན་དངོས་པོའི་ཆོས་སུ་དམིགས་པ་ཐམས་ཅད་ཀྱིས་སྟོང་པའོ། །སྟོང་པའི་རང་བཞིན་ལས་གཡོས་ནས་ལོགས་སུ་སྣང་བར་གྱུར་པ་མིན་པར་རང་གི་ངང་གིས་འོད་གསལ་བའོ། །གསལ་དུས་ཀྱང་སྟོང་། སྟོང་བཞིན་དུ་གསལ། གསལ་མི་གསལ་རྣམ་རྟོག་ཤར་མ་ཤར་སོགས་ཀྱི་གནས་སྐབས་ན་ཡང་རང་བཞིན་ཅུང་ཟད་ཀྱང་མི་འགྱུར་བ། གསལ་ཞིང་ཟང་ཐལ་གྱི་རྩལ་དང་ཐུགས་རྗེ་འགག་པ་མེད་པར་འཁོར་འདས་ཀུན་ལ་ཁྱབ་པའི་ཆོས་སུ་སྣང་བའི་བདག་ཉིད་དེ་ལ་བསམས་ན། བརྗོད་བྱའི་ཡུལ་ལས་འདས་པའི་རང་བཞིན་དེ་འདྲ་བ་ལ་ཐ་སྙད་བློ་ཡིས་གཞལ་བས་མེད་དོ་ཞེའམ། ཡོད་དོ་ཞེའམ། སྣང་སྟོང་འགལ་འདུག་ཞེའམ། ཕྱོགས་གཉིས་ཆ་འདུའོ་ཞེས་པའི་སྐྱོན་
གྱིས་ཇི་ལྟར་གོས་ཏེ་མི་གོས་པ་ངོ་མཚར་རོ། །ཞེས་སོ། །དེ་ལྟ་བུའི་སེམས་དོན་ལ་བཞག་པའི་ཕན་ཡོན་ནི། བརྟགས་ན་ཡོད་མེད་ཕྱོགས་སུ་མི་ཆོད་པའི་དུས་ཙམ་ནའང་། ཡེ་ཤེས་ཡོད་མིན་མེད་མིན་ཞེས་པ་མི་སྲིད་སྙམ་པ་སེལ་བས་ཡེ་ཤེས་དང་རྗེས་སུ་མཐུན་པའི་དཔེར་མཚོན་པ་སེམས་ཀྱི་རང་བཞིན། དེ་ལྟར་བརྟགས་ཤིང་བཞག་པའི་རྒྱུ་ལས་ནམ་ཞིག་ཡིན་ཚུལ་རྟོགས་ན་དེ་ཉིད་དུ་ཡེ་ཤེས་ཉིད་རང་ཤར་བའི་རིག་པ་འདི་ལྟ་མཁན་རང་ལ་རང་ཆས་སུ་བཞུགས་པ་ལ། །ངོ་མཚར་ཆེའོ་སེམས་ཉིད་ཀྱི་གདངས་ཞེས་བསྔགས་པའོ། །གཉིས་པ་ལམ་གཞན་གྱིས་ཡེ་ཤེས་མཐོང་མི་ནུས་པའི་ཚུལ། ཁ་ཅིག་སྟོང་པ་ཉིད་བཟང་བར་བཟུང་། ཡོད་པ་ངན་པར་བཟུང་ནས་མེད་དགག་ལ་རྩིས་ཆེར་བྱེད་པ་ནི། བཅོམ་ལྡན་འདས་ཀྱིས། འཇིག་ཚོགས་ལ་ལྟ་བ་རི་ཙམ་ལ་གནས་པར་བླའི། མེད་པར་ལྟ་བ་ནི་དེ་ལྟར་མིན་ནོ་ཞེས་གསུངས་ལ། ཁ་ཅིག་སྔོན་ནས་རྟག་ཞེན་ལ་འདྲིས་པས། ཆོས་ཡོད་པ་རྟག་པ་ཞིག་
ལ་རྩིས་སུ་བྱེད་པ་ནི། བཅོམ་ལྡན་འདས་ཀྱིས། ཆོས་མཆོག་མྱ་ངན་ལས་འདས་པ་ལས་ལྷག་པའི་ཆོས་ཞིག་ཡོད་ན་དེ་ཡང་སྒྱུ་མ་རྨི་ལམ་ལྟ་བུར་བལྟ་བར་དོན་གྱིས་བཀའ་སྩལ་པས། བློས་བྱས་ཀྱིས་སྟོང་པས་ཅི་ཕན་སྣང་བས་ཀྱང་ཅི་ཞིག་བྱས་ཏེ། དེ་རྣམས་བློས་བྱས་སོ། །སྣང་སྟོང་གཉིས་སུ་མེད་པ་ཞེས་ཟེར་ཡང་། སྣང་སྟོང་གཉིས་གཅིག་ཏུ་བཟུང་བའི་བདག་ཉིད་གཅིག་པུ་དེ་སུ་ཡིན། དེས་ན་བསྒོམ་རྒྱུའམ་གཞི་ཅི་འདྲ་ཞིག་སྟེ། རང་བབ་སེམས་ཁོ་རང་གི་ཡིན་ཚུལ་སྐྱོངས་ཞེས་སོ། །འདི་ལྟ་བུའི་ཡེ་ཤེས་ཀྱི་སྐབས་སུ་སྟོང་པ་ཕྱོགས་རེ་བར་གྱུར་ན་འཁྲུལ་བ་ལས། སྤྱིར་བཏང་དངོས་ཞེན་གཞིག་པའི་སྟོང་པ་ནི་ཡེ་ཤེས་མཐོང་བའི་སྒོ་གཅིག་པུ་ཡིན་ན། དེ་སྤང་བྱ་ཞིག་ཏུ་སེམས་པ་ནི་བདུད་ཀྱིས་བསླུས་པའོ། །དེ་ལྟ་བུའི་སེམས་ཀྱི་གནས་ལུགས་ངོ་སྤྲོད་པའི་དུས་སུ་གདམས་པའི་སྣོད་དུ་གྱུར་པའི་གང་ཟག་དེ། རབ་འབྲིང་ཐ་མའི་དབང་པོའི་བྱེ་བྲག་
གིས་སམ་འབྲིང་ཐའི་རིམ་གྱིས་སམ། ཡང་ན་དབང་རྣོན་ཅིག་ཆར་ཞེས་ངོ་སྤྲད་པ་ཙམ་གྱིས། བསྒོམས་ཤིང་བགྲོད་པ་ལ་མི་ལྟོས་པར་གོ་རྟོགས་ཅིག་ཆར་དུ། སེམས་ལས་འདས་པའི་ཡེ་ཤེས་དེ་ཉིད་རང་གི་སེམས་ལས་གཞན་དུ་འཚོལ་མི་དགོས་པར་རང་གནས་རང་སོར་མཐོང་ཞེས་སོ། །དེས་ན་ཐོག་མར་ཡུལ་སྣང་བདེན་གྲུབ་འགོགས་ཟིན་ནས་སེམས་ལ་ཞུགས་ནའང་རླབས་ཆེའོ། །གཞན་ཅི་ཡང་མི་ཤེས་ཀྱང་སེམས་སྐྱོང་ཚུལ་མ་ནོར་བ་བླ་མའི་མན་ངག་གིས་ཟིན་ན་ལས་འཕྲོ་དང་དབང་པོའི་བྱེ་བྲག་གིས་ཡེ་ཤེས་མཐོང་སྔ་ཕྱི་ཡོད་ནའང་། ཐམས་ཅད་དུ་ཡེ་ཤེས་ལ་སྦྱོར་བར་ཁྱད་མེད་ཅིང་། ཡེ་ཤེས་མཐོང་བ་ལ་ཤིན་ཏུ་ཆེ་བའི་ལམ་ཡིན་པས། ཡེ་ཤེས་མཐོང་ན་ཡེ་ཤེས་ཀྱི་རང་རྩལ་ལས་ཕྱི་ནང་གི་དངོས་པོ་ཐམས་ཅད་དེ་བཞིན་ཉིད་དུ་སྡོམ་པར་འགྱུར་བས་ཧ་ཅང་ཐོས་མང་མིན་ཀྱང་འཇུག་པའི་ཐབས་མེད་པ་མིན་ནོ། །དེས་ན་སེམས་ཀྱི་གནས་ལུགས་ལ་བློ་སེམས་རྩེ་གཅིག་ཏུ་རྣལ་འབྱོར་བྱེད་པའི་ལམ་འདི།
ཕྱག་རྫོགས་ཀྱི་ཁྱད་ཆོས་ཟླ་མེད་པ་ཡིན་ལ། ལམ་དེ་ལ་ཞུགས་པའི་གང་ཟག་རྣམས་ཀྱི་སྙིང་དབུས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་རྩལ་འབར་ནས། སྐུ་གསུང་ཐུགས་དང་ལྡན་པའི་འབྲུ་གསུམ་ནུས་པ་བརྟས་ཏེ་ཡེ་ཤེས་ཀྱི་རང་རྡོ་རྗེའི་མེས། རིགས་དྲུག་ཏུ་འཁྱམས་པའི་ཉོན་མོངས་པ་དྲུག་གི་བག་ཆགས། ས་བོན་ཨ་ནྲྀ་སོགས་དྲུག་པོ་རྨང་མེད་དུ་བསྲེགས་ནས། མི་བརྗེད་པའི་གཟུངས་དང་མི་ཟད་པའི་ཆོས་ཀྱི་སྤོབས་པ་བས་པོ་ཆེའི་ཉི་མ་རང་གི་ཁོང་ནས་འབད་མེད་དུ་འོད་འབར་རོ། །ཐེག་པ་ཐམས་ཅད་ཀྱི་འབྲས་བུ་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་གདོད་གཞན་ཞིག་ནས། ཨེ་རྙེད་མི་རྙེད་ནམ་ཞིག་ཐོབ་མི་ཐོབ་སེམས་མི་དགོས་པར་རང་གི་ལག་པར་བཅིང་བའམ་བཟུང་བའི་ཚུལ་དུ་བྱེད་པ་སྟེ། འབྲས་བུ་ཡེ་ཤེས་ལ་སྦྱོར་མ་རག་པའི་ལམ་ཡིན་པས་སོ། །གཞན་དཔྱད་ཕྱོགས་ཀྱི་དཔྱད་བྱ་ཐམས་ཅད་ཡེ་ཤེས་ལ་ཉེ་བའི་སྒོར་གྱུར་ཡང་། དེ་དག་རང་
གི་སྐབས་ན་ཡེ་ཤེས་མི་མཐོང་སྟེ། ཅི་ཙམ་དཔྱད་པའི་བློས་བྱས་སེམས་ཀྱི་དྲྭ་བས་བློ་འདས་ཀྱི་ཡེ་ཤེས་སྒྲོག་ཏུ་བཅུག་ནས་བསྒྲིབས་པ་སྟེ། སྲིན་བུ་རང་ཉིད་ཀྱི་ཁ་ཆུས་ཕྱིར་ཞིང་འཆིང་བ་ལྟ་བུའོ། །འདིར་ངོ་སྤྲོད་གནད་ཀྱི་མན་ངག་གིས་རང་གནས་ཀྱི་ཡེ་ཤེས་རང་སོར་ཅར་ཕོག་ཏུ་བཅུན་པས་རང་ལ་རང་གསལ་དུ་འཆར་བས་རྟོག་པའི་གཟོ་རྒྱས་དྲྭ་བར་བཅུད་མི་དགོས་སོ། །དེས་ན་ཐམས་ཅད་ཀྱི་བགྲོད་འབྲས་རྙེད་ནས་སླར་ཐེག་པ་གཞན་ལ་རེ་དགོས་པ་མིན་ཏེ། ཇི་སྐད་དུ། གླང་པོ་རྙེད་ནས་གླང་རྗེས་འཚོལ་བ་ལྟར། །སེམས་རྟོགས་ནས་ནི་ཆོས་ཚོལ་དེ་བཞིན་ནོ། །ཞེས་གསུངས་པ་ལྟར་རོ། །དེས་ན་ལམ་གཞན་ལ་བརྟེན་རུང་འདྲ། ཡེ་ཤེས་བརྗོད་དུ་མེད་པའི་དོན་ནམ་རྟོགས་ན། དེའི་ཚེ་གང་ཟག་དེ་དག་རྫོགས་ཆེན་གྱི་རྣལ་འབྱོར་པར་དོན་གྱིས་འགྲོ་བ་ཡིན་ཏེ། དེའི་རྟོགས་དོན་གྱི་ཡེ་ཤེས་དེ་ལམ་སྟེགས་ཐེག་གཞན་གྱི་གྲུབ་མཐའ་ལས་མཐར་ཐུག་ཕྱིན་པའི་རེ་གདངས་མི་འཆའ་བར་ཨ་ཏིའི་གཞུང་དུ་བཤད་པ་དང་མཐུན་
པས་སོ། །དེས་ན་ཨ་ཏི་ཡོ་ག་ནི་དབང་བཞི་པའི་ཡེ་ཤེས་ཡིན་པས། རྒྱུད་སྡེ་བཞིར་འདོད་པ་ལྟར་ན་ཨ་ཏི་ཡེ་ཤེས་ཡིན་གྱི་ཐེག་པ་རང་སྐྱ་ཞིག་ཏུ་འཇོག་པ་མིན་ཏེ། བླ་མེད་ཀྱི་ལམ་གྱི་ཡེ་ཤེས་ཡིན་ནོ། །འོ་ན་སྔགས་རྙིང་མར་དེ་བརྗོད་བྱར་བྱས་པའི་གཞུང་དོན་མེད་དོ་ཞེ་ན། དེ་རྩལ་དུ་བཏོན་ནས་བཤད་པས་ཐེག་རྩེ་ཤིན་ཏུ་རྣལ་འབྱོར་གྱི་གདུལ་བྱ་ལ་ངེས་པ་ལྟར་ཏེ། སྔགས་བླ་མེད་ཀྱི་མཐར་ཐུག་གི་དོན་རྗེན་པར་སྟོན་པས། བརྗོད་མེད་ཀྱི་ཡེ་ཤེས་ནི་སེམས་ཀྱི་སྤྱོད་ཡུལ་དང་སྤྲོས་པ་ལས་འདས་པ་ཡིན་པ་ལ། དེ་བརྗོད་བྱའམ་སེམས་ཀྱི་སྤྱོད་ཡུལ་དུ་སྟོན་པ་ནི་འོན་ཀྱང་རིག་འཛིན་བརྒྱུད་པའི་དགོངས་པའི་ཨ་ཏི་དེ་ནི་མིན་པར་ཤེས་པར་བྱའོ། །འདི་ལྟར་མ་རྟོགས་པར་ཨ་ཏི་ཡེ་ཤེས་ཡིན་གྱི་ཐེག་པ་མིན་ཞེས་མི་སྨྲ་སྟེ། ཡེ་ཤེས་ཡིན་ན་སློབ་མི་སློབ་ཀྱི་ཡེ་ཤེས་གང་ཡིན་ཀྱང་རྒྱུ་དང་འབྲས་བུའི་ཐེག་པ་ཡིན་པས་ཚིག་དེ་རང་འགལ་བར་འགྲོའོ། །དེ་ལྟར་ཚིག་གི་ལམ་ལས་འདས་པ་ཡིན་ཅིང་བློ་འདས་
ཀྱི་ཡེ་ཤེས་མཐར་ཐུག་ཡིན་ནའང་། ད་ལྟ་ནས་ལམ་དུ་བྱེད་པའི་གཞུང་དང་ཡང་མི་འགལ་ཏེ། སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་མཚན་ཉིད་པ་འཕགས་པའི་རྒྱུད་ལ་ཡོད་པ་ཞིག་ནའང་། སོ་སྐྱེ་དེ་ལ་འཇུག་པའི་ཐབས་མེད་པ་ག་ལ་ཡིན། དེ་བཞིན་དུ་ཕར་ཕྱིན་ཐེག་པར་བཤད་པའི་མཐའ་བཞིའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་ཉིད་ཀྱི་ངོས་ནས་གཞལ་ན། དེས་མ་ཁྱབ་པའི་ཆོས་མེད་པས་དེ་ལས་ལྷག་པའི་ལྟ་བ་ཞིག་ཡོད་ན།ལྟ་དེ་སྤྲོས་པ་ཅན་དུ་འགྱུར་ངེས་པའི་གཏན་ཚིགས་དོན་དུ་གནས་མོད། དབྱིངས་ཏེ་རྟོགས་པའི་ཡུལ་ཅན་ནམ་ཐབས་བདེ་བ་ཆེན་པོའི་ངོས་ནས་གཞལ་ན་སྔགས་ཀྱི་ལྟ་བ་ཆེར་འཕགས་ཏེ། ཡུལ་གྱི་གནས་ལུགས་དང་ཤིན་ཏུ་ཉེ་བའི་བློ་ཡིན་པས་སོ། །དེས་ན་གནས་ལུགས་རྟོགས་པའི་བློ་ལྟ་བ་ཡིན་ན་ཐབས་ཀྱི་སྒོ་ནས་སྔགས་ཀྱི་ཡེ་ཤེས་གནས་ལུགས་ལ་ཤིན་ཏུ་ཉེ་བར་གྱུར་པའི་ཡེ་ཤེས་མིན་པར་སུས་ཁས་ལེན། དེས་ན་རང་གཞན་གྱི་མཁས་པའི་
ལེགས་བཤད་ལ་ངོ་མཚར་གྱི་ཀུནྡ་སྙིང་དབུས་ནས་འཛུམ་པའི་ངེས་ཤེས་སུ་ལ་སྐྱེ་བ་དེ་བློ་གྲོས་མིག་བཟང་ཕྱེ་བའི་རྟགས་ཡིན་ནོ། །དེས་ན་རང་ལུགས་སྣང་སྟོང་འདུ་འབྲལ་མེད་པའི་གནད་ལ་རེག་པ་ནི་རྡོ་རྗེ་ལྟ་བུའི་གྲུབ་མཐའ་འོ། །དེས་ན་ཡེ་ཤེས་ལག་བཅིང་དུ་བྱེད་པའི་ཚུལ་གྱི་ལམ་བརྟེན་ན། ཚེ་གཅིག་ལ་ཡེ་སངས་རྒྱས་པའི་འབྲས་བུ་འགྲུབ་པ་ཡིན་ནོ་ཞེས་བཤད་པའོ། །སྨྲས་པ། ཟབ། འདིའི་མཛད་ བྱང་དངོས་མ་རྙེད་ཀྱང་འཇམ་མགོན་མི་ཕམ་རིན་པོ ་ཆེའི་གསུང་འཁྲུལ་མེད་ལགས།། ༈ །། གནས་ལུགས་ཡངས་པ་ཆེན་པོའི་ཀློང་ལས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཆོས་སྐུ་ལས་བཞེངས་ཏེ་གཞོན་ནུའི་གཟུགས་ཀྱི་རང་རྩལ། ཕྱོགས་དུས་ཀྱི་འཁོར་ཐམས་ཅད་ལ་བོས་ཏེ། འདི་སྐད་ཅེས་གསུངས་སོ། །ཀྱཻ། རང་སྣང་རིག་པའི་རྡོ་རྗེ། འདི་ལྟར་སྣང་སྲིད་ཀྱིས་བསྡུས་པའི་ཆོས་སོ་ཅོག་མ་ལུས་པ། གང་གི་ཀློང་དུ་འདུས་ཤིང་དབྱེར་མེད་པའི་གཉུག་མ་
བདེ་བ་ཆེན་པོ་ནི། མ་སྐྱེས་པ། མ་འགག་པ། བྱར་མེད་པ། རྒྱུ་རྐྱེན་ལས་འདས་པ། དུས་གསུམ་མི་འགྱུར་བས་མ་བསླད་པ། འཁོར་འདས་ཀྱིས་མ་བཅོས་པ། གང་ལས་ཐ་དད་དུ་གྱུ་པའི་ཆོས་རྡུལ་ཙམ་མ་མཆིས་པ། གང་གི་རང་བཞིན་མཉམ་པ་ཉིད། སྒྱུ་འཕྲུལ་དྲྭ་བའི་རོལ་པ་ཚད་མེད་པར་སྣང་ཡང་རིས་སུ་མ་ཆད་པ། དུས་གསུམ་རྒྱུན་ཆད་མེད་ཀྱང་དུས་ཀྱི་འགྱུར་བས་གོས་པ་མེད་པ། དངོས་པོ་ཐམས་ཅད་ལ་ཁྱབ་ཀྱང་དངོས་པོའི་ཆོས་མི་གནས་པ། ང་བདག་མེད་པར་མཉམ་པ། ཕྱལ་པ། ཡངས་པ། ལས་དང་ཉོན་མོངས་སྡུག་བསྔལ་གྱི་རང་བཞིན་མ་དག་པའི་ཟུག་རྔུ་ཡེ་ནས་རྣམ་པར་དག་ཅིང་གཞར་ཡང་མི་རྙེད་པས་ཀུན་བཟང་བདེ་བ་ཆེན་པོ། །མཁའ་ལྟར་ཁྱབ་ཅིང་ལྷུན་གྱིས་གནས་པ་འདི་ནི། གཉུག་མ་བདེ་བ་ཆེན་པོའི་གནས་ཏེ་འཁོར་འདས་སོགས་སྣ་ཚོགས་སུ་ཕྱེ་ཞིང་སྣང་བ་དག་ནི་འདི་ཡི་རྩལ་ལས་ཤར་ལ། གློ་བུར་བས་ཀུན་ཏུ་བཏགས་པའོ། །འདི་
ནི་ཀུན་ཏུ་རྟོག་པའི་སྦུབས་སུ་མ་ཆུད་པའི་ཆོས་ཉིད་ཀྱི་དོན་ཏེ། རང་གི་རང་བཞིན་རང་ལས་གཞན་དུ་མེད་པས་རང་བྱུང་གི་ཡེ་ཤེས་འོད་གསལ་བ་ནི། འཁོར་འདས་མཉམ་པ་ཉིད། གདོད་ནས་གཞི་ཡི་དཀྱིལ་འཁོར། སངས་རྒྱས་ཐམས་ཅད་ཡེ་ཤེས་ཀྱི་སྐུ་གཅིག་པུ། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ངེས་པ་དོན་གྱི་འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བྱ་སྟེ། འདི་ལ་གཉུག་མ་སེམས་ཀྱི་རྡོ་རྗེ་ཞེས་ཀྱང་བྱ། རང་བྱུང་ཡེ་ཤེས་ཞེས་ཀྱང་བྱ། མ་བཅོས་པའི་ཐིག་ལེ་ཉག་གཅིག་ཅེས་ཀྱང་བྱ། ཀ་དག་ལྷུན་གྲུབ་ཀུན་ཏུ་བཟང་པོའི་ཀློང་ཞེས་ཀྱང་བྱ། ཆོས་ཀྱི་དབྱིངས་ཡང་དག་པའི་མཐའ་ཞེས་ཀྱང་བྱ། བདེ་བར་གཤེགས་པའི་སྙིང་པོ་ཞེས་ཀྱང་བྱ། ཆོས་ཉིད་དེ་བཞིན་ཉིད་ཅེས་ཀྱང་བྱ། བདེ་བ་ཆེན་པོ་ཞེས་ཞེས་ཀྱང་བྱ་སྟེ། མཐར་ཐུག་གི་གནས་ལུགས་འདི་སེམས་ཀྱིས་དཀྱིལ་འཁོར་རང་བཞིན་གྱིས་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཡིན་པས། འདིའི་གནད་ལ་འདྲིས་ཤིང་གོམས་པར་བྱས་ན། འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པར་གདོད་མའི་དབྱིངས་
སུ་འབྲས་བུས་གཏན་སྲིད་ཟིན་པར་འགྱུར་བས་ན་བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ་གང་ནས་བརྗོད་ཀྱང་། མཐར་ཐུག་བརྗོད་དུ་མེད་པར་ལ་བཟླ་བ། ཐེག་པ་དང་གྲུབ་མཐའ་རྒྱ་མཚོ་ལྟ་བུར་ཞུགས་ཀྱང་། མཐར་ཐུག་སྤང་བླང་མེད་པར་ཟད་པས། དངོས་གྲུབ་དང་འཕྲིན་ལས་བསྐལ་པ་རྒྱ་མཚོར་བསྒྲུབས་ཀྱང་།མཐར་ཐུག་གྲུབ་བསལ་མེད་པའི་ལྷན་སྐྱེས་ཆོས་སྐུ། ཐམས་ཅད་དེའི་རང་བཞིན་ཡེ་ནས་བབ་ཀྱིས་གནས་པ། ཤེས་པས་ཆོག་པ། ཤེས་ནས་སླར་མི་ལྡོག་པ། བྱ་བ་ཐམས་ཅད་གཞི་གཅིག་གིས་ཐོབ་པ། ཐམས་ཅད་ཡེ་ནས་རྫོགས་པའི་རྫོགས་པ་ཆེན་པོ། །རྒྱུད་དང་ལུང་དང་མན་ངག་ཐམས་ཅད་དུས་གཅིག་ཏུ་རིག་པ་རྩལ་གྱི་དབང་གིས་ཐོབ་པ་ཨེ་མ་ཧོ། །གང་གིས་ཚིག་འདི་ཐོས་པའང་རྡོ་རྗེ་བདེ་བ་ཆེན་པོའི་ས་ལ་གནས་པར་འགྱུར་རོ། །ཞེས་གསུངས་ནས་གདོད་མའི་དབྱིངས་སུ་བྲི་གང་བྲལ་བར་མཉམ་པ་ཉིད་དུ་བཞུགས་སོ། །ཞེས་རང་སྣང་རྩལ་གྱི་སེམས་དཔས་རྡོ་རྗེའི་གཟུངས་སུ་བཟུང་སྟེ་ཡི་གེར་སྤེལ་
བའོ། །རབ་ཚེས་ས་གླང་ཟླ་༢་ཚེས་༥ལ་འཇམ་དཔལ་དགྱེས་པའི་ཡིད་མཚོ་ལས་རླབས་ལྟར་རྩལ་དུ་ཤར་བ་རེ་དོགས་མེད་པར་བྲིས་པ་མངྒ་ལཾ།། །།༈ རྫོགས་པ་ཆེན་པོ་གཞི་ལམ་འབྲས་བུ་དབྱེར་མེད་པའི་དོན་ལ་སྨོན་པ་རིག་སྟོང་རྡོ་རྗེའི་རང་གདངས་ཞེས་བྱ་བ་བཞུགས་སོ། །ཕྱོགས་བཅུ་དུས་བཞི་བདེ་གཤེགས་སྲས་བཅས་ཀྱི། །ཡེ་ཤེས་སྐུར་གྱུར་གཉིས་མེད་ཚུལ་འཆང་བ། །འཇམ་དཔལ་གཞོན་ནུ་མཉམ་པ་ཉིད་ཀྱི་ངང་། །བྱར་མེད་དོན་ལ་ལྷུན་གྱིས་གྲུབ་གྱུར་ཅིག །གདོད་མའི་མགོན་པོ་དཔལ་ལྡན་བླ་མ་ལ། །མཉམ་ཉིད་ཆོས་སྐུར་ལྟ་བའི་མོས་གུས་ཀྱིས། །དོན་རྒྱུད་དགོངས་པའི་བྱིན་རླབས་སྙིང་ལ་འཕོས། །རིག་པ་རྩལ་གྱི་དབང་ཆེན་ཐོབ་པར་ཤོག །ཡེ་ནས་གནས་ཕྱིར་རྩོལ་བས་སྒྲུབ་པ་དང་། །དབང་པོའི་ཁྱད་པར་སོགས་ལ་མི་ལྟོས་ཀྱང་། །སླ་བས་ཡིད་མ་ཆེས་པ་སེམས་ཀྱི་གསང་། །བླ་མའི་མན་ངག་སྟོབས་ཀྱིས་མཐོང་གྱུར་ཅིག །སྤྲོས་ཤིང་དཔྱད་པ་ཀུན་རྟོག་བསྣོན་མ་སྟེ། །བཙལ་ཞིང་སྒྲུབ་པ་རང་ཉིད་ངལ་བའི་རྒྱུ། །དམིགས་
ཤིང་སྒོམ་པ་ཕྱིར་ཞིང་འཆིང་བའི་གཟེབ། །ཟུག་རྔུའི་སྤྲོས་པ་ནང་ནས་ཆོད་པར་ཤོག །བསམ་བརྗོད་བྲལ་ལ་མཐོང་བ་གང་མེད་ཀྱང་། །མ་མཐོང་ལྷག་མར་གྱུར་པ་གང་ཡང་མེད། །རང་སེམས་ཁོ་ཐག་ཆོད་པ་ཟབ་མོའི་དོན། །མཚོན་པར་དཀའ་བའི་དེ་ཉིད་རྟོགས་པར་ཤོག །སྤྲོས་ཀུན་ཀ་ནས་དག་ཕྱིར་ཡོད་མཐའ་སྤངས། །རིག་གདངས་ལྷུན་གྱིས་གྲུབ་པས་མེད་མཐའ་བྲལ། །གཉིས་སུ་བརྗོད་ཀྱང་རྟོག་པས་འཇུག་ཚུལ་ཙམ། །དབྱེར་མེད་བརྗོད་བྲལ་མཉམ་པའི་དོན་མཐོང་ཤོག །འདི་ན་འཛུབ་མོས་ཟླ་བ་ཇི་བཞིན་དུ། །དང་པོར་ཡིད་དཔྱོད་ཚིག་གིས་མཚོན་བྱས་ཀྱང་། །ཆོས་ཉིད་རང་བབ་ཡིད་དཔྱོད་ཡུལ་ལས་འདས། །རང་གིས་རང་ལ་བླན་ཏེ་མཐོང་བར་ཤོག །འདི་ལ་བསལ་བར་བྱ་བ་མ་མཐོང་ཞིང་། །བཞག་སྟེ་བསྒྲུབ་པར་བྱ་བ་མ་དམིགས་པས། །དགག་སྒྲུབ་རྩོལ་བས་མ་བསླད་ཆོས་ཉིད་ངང་། །ལྷུན་གྱིས་སྒྲུབ་པའི་དོན་ལ་འཇུག་པར་ཤོག །ཤེས་བྱའི་གཞི་དང་བགྲོད་པར་བྱེད་པའི་ལམ། །ཐོབ་བྱ་
འབྲས་བུའི་ཆོས་སུ་བཏགས་པ་ཡང་། །རང་བཞིན་གཤིས་ལ་ནམ་མཁའི་གོ་རིམ་འདྲ། །བྱར་མེད་དོན་ལ་ལྷུན་གྱིས་གནས་པར་ཤོག །འཁྲུལ་པས་སྒྲོ་བཏགས་མ་དག་འཁོར་བའི་ཆོས། །དེ་ལས་ལོག་པ་དག་པའི་སྣང་བ་ཡང་། །ལྟོས་ནས་བཏགས་པ་རྣམ་པར་སྤྲོས་པའི་ཆོས། །སྤྲོས་མེད་གཤིས་ལ་མི་གནས་མཐོང་གྱུར་ཅིག །བློ་བྲལ་ཆོས་ཉིད་གཤིས་ཀྱི་བཞུགས་ཚུལ་ལ། །ལྟ་དང་སྒོམ་པའི་བསླད་ཀྱིན་རྟོག་པས་བསྒྲིབས། །ཐ་མལ་གཤིས་སུ་སོན་ལ་ལྟ་སྒོམ་བྲལ། །རྣལ་མའི་དོན་ལ་བབ་ཀྱིས་གནས་གྱུར་ཅིག །གང་ལ་དམིགས་པར་བྱས་པ་ལྟ་བའི་དུག །གང་ཞིག་རྩོལ་བས་ཟིན་པ་སྒོམ་པའི་སྐྱོན། །གང་ལ་བླང་དོར་བྱ་བ་སྤྱོད་པའི་འཕྲང་། །ཟུག་རྔུ་ཀུན་བྲལ་ཆོས་ཉིད་མཐོང་བར་ཤོག །སྤྲོས་པའི་གཟེབ་ཏུ་མ་ཚུད་རིག་པའི་གདངས། །བློ་བྲལ་མངོན་སུམ་མཐོང་ལ་ཡིད་དཔྱོད་ཀྱི། །ཞགས་པས་མཁའ་ལ་མདུད་པ་མི་འདོར་བར། །རང་བཞག་རྣལ་མའི་དོན་ལ་
མཁས་གྱུར་ཅིག །དེ་ཚེ་རང་རིག་གཞོན་ནུ་བུམ་པ་སྐུའི། །མཁྱེན་ཆ་རང་འོད་གསལ་བ་འཇམ་པའི་དབྱངས། །ཤེས་རབ་རང་བྱུང་སྒྲོན་མའི་སྣང་བ་ཡིས། །སྒྲིབ་པའི་མུན་པ་འཐིབ་པོ་འཇོམས་གྱུར་ཅིག །མ་བཅོས་འདུས་མ་བྱས་པའི་ཆོས་ཉིད་ལ། །བཅོས་མའི་ལམ་གྱིས་གསར་དུ་སྒྲུབ་མེད་པས། །རྒྱུ་ལས་མ་བྱུང་མཐར་ཐུག་འབྲས་བུའི་དོན། །རང་ལ་ཡེ་ནས་གནས་པ་མཐོང་བར་ཤོག །ཡིད་དཔྱོད་ཚིག་གི་སྤུན་པ་འཁྲུལ་པའི་ལམ། །ཇི་ལྟར་བྱས་ཀྱང་རྟོག་པའི་དྲྭ་བ་སྟེ། །ལུང་ལས་མ་བྱུང་རང་གིས་རིག་བྱ་བའི། །མན་ངག་ཟབ་མོ་སྙིང་ལ་བསྒོམ་པར་ཤོག །གཟུང་འཛིན་སེམས་ནི་ངོ་བོ་ཉིད་ཀྱིས་འཁྲུལ། །གང་ལྟར་དམིགས་པ་དེ་བཞིན་ཉིད་དུ་མིན། །སེམས་ལས་མ་བྱུང་རང་བྱུང་ཡེ་ཤེས་སྐུ། །ངེས་པ་དོན་གྱི་སངས་རྒྱས་འགྲུབ་པར་ཤོག །རིག་སྟོང་རིག་པའི་དབྱིངས་སུ་ཆོས་ཐམས་ཅད། །མཉམ་པ་ཉིད་གྱུར་ཐིག་ལེ་ཉག་གཅིག་ལ། །འཁོར་འདས་རེ་དོག་
ཞིག་པའི་ངང་ཚུལ་དུ། །མི་གནས་ཆོས་སྐུའི་གཏན་སྲིད་ཟིན་པར་ཤོག །འདི་ལྟར་ལུས་དང་ཡུལ་དུ་སྣང་བ་ཡང་། །རབ་རིབ་བཞིན་དུ་རྟོག་པའི་དབང་གིས་སྣང་། །མི་རྟོག་ཡེ་ཤེས་ཆེན་པོའི་རང་གདངས་ཀྱིས། །ཆོས་ཟད་གདོད་མའི་དབྱིངས་སུ་སྦྱངས་གྱུར་ཅིག །དེ་ཚེ་མཁའ་དང་མཉམ་པའི་ཡེ་ཤེས་སྐུ། །ཕྱོགས་དུས་མུ་མཐའ་སྲིད་དུ་འགྲོ་ཀུན་གྱི། །ཕན་བདེའི་དོན་ཀུན་འཇོ་བའི་ཡིད་བཞིན་ནོར། །སྒྲིབ་བྲལ་འབྲས་བུའི་མཐར་ཐུག་ཐོབ་པར་ཤོག །ཅེས་པ་འདི་ནི་ཛྙཱ་ན་ཌཱ་ཀི་ནི་ཝཱ་ར་ཧིའི་རྣམ་པར་འཕྲུལ་པར་ཡོངས་སུ་གྲགས་པ་རྗེ་བཙུན་བདེ་སྐྱོང་ཡེ་ཤེས་དབང་མོས་རབ་ཚེས་མེ་ཁྱི་ཟླ་ཚེས་ཀྱི་དུས་དགེ་བར་བཀྲ་ཤིས་པའི་ལྷ་རེག་དང་། ཤེལ་དཀར་ཕྲེང་བ་རིན་པོ་ཆེའི་རྒྱན་ལྡན་བཅས་བཀའ་ཡིས་བསྐུལ་བའི་རྐྱེན་བྱས་ནས་ཚེས་དེ་ཉིད་ལ་མི་ཕམ་འཇམ་དཔལ་དགྱེས་པའམ་འོད་གསལ་རྡོ་རྗེ་ཞེས་བྱ་བའི་རྫོགས་པར་བྲིས་པ་སྟེ། རྫོགས་པ་ཆེན་པོའི་གྲུབ་མཐའི་རང་སྐད་ཐུན་མིན་རང་རྐང་ཚུགས་པར་གང་ཤར་སྨྲས་པའི་དགེ་བས་འགྲོ་ཀུན་གདོད་མའི་མགོན་པོ་འཇམ་དཔལ་གཞོན་ནུའི་གོ་འཕང་ཐོབ་
པར་གྱུར་ཅིག །། ༈ །། ཨེ་མ་ཧོ། ཐེག་མཆོག་འོད་གསལ་རྡོ་རྗེ་སྙིང་པོ་ཡི། །བརྒྱུད་གསུམ་བླ་མའི་ཚོགས་ལ་གསོལ་བ་འདེབས། །ཐུགས་བརྒྱུད་དགོངས་པའི་བྱིན་རླབས་སྙིང་ཞུགས་ནས། །ཚེ་འདིར་རྡོ་རྗེའི་གྲུབ་མཐའ་བསྙེགས་པར་ཤོག །མཐོང་བའི་ཆོས་ལ་དགོངས་པའི་རྩལ་རྫོགས་ཏེ། །འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེས་ནས། །ནམ་མཁའ་ཇི་སྲིད་རྡོ་རྗེ་རྩེ་མོའི་ལམ། །འགྲོ་ལ་སྟོན་ཅིང་ཐམས་ཅད་སྨིན་གྱུར་ཅིག །བདག་ལ་མཐོང་ཐོས་དྲན་རེག་འབྲེལ་ཐོབ་རྣམས། །ཐེག་མཆོག་རྫོགས་པ་ཆེ་ལ་དད་གྱུར་ནས། །ལམ་དེས་འབྲས་བུ་མངོན་དུ་བྱེད་པ་ཡི། །སྐལ་བཟང་གདུལ་བྱ་དག་ཏུ་འགྱུར་བར་ཤོག །བདག་གིས་འགྲོ་ཁམས་རྒྱ་མཚོ་གནས་ཀྱི་བར། །རྒྱལ་བ་རིན་འཛིན་བརྒྱུད་པའི་ཐུགས་ཀྱི་བཅུད། །འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་མཆོག །མཁའ་ཁྱབ་ཞིང་དུ་འཛིན་སྐྱོང་སྤེལ་གྱུར་ཅིག །གང་དུ་སྐྱེས་ཀྱང་མི་མཐུན་བར་ཆད་བྲལ། །མཐུན་
པའི་རྐྱེན་ཚང་བསམ་དོན་ཡིད་བཞིན་འགྲུབ། །བསྟན་འགྲོའི་དོན་ལ་མཐུ་དང་ལྡན་པ་ཡི། །སྤྲུལ་པའི་རྣམ་རོལ་གྲངས་མེད་འགྱེད་པར་ཤོག །མ་ལུས་འགྲོ་ཀུན་གདོད་མའི་གྲོང་ཁྱེར་དུ། །ཕྱམས་གཅིག་ཀུན་ཏུ་བཟང་པོའི་གོ་འཕང་ལ། །འགོད་པའི་རླབས་ཆེན་སྨོན་ལམ་མཐུ་གྲུབ་པ། །རྩ་གསུམ་རྒྱལ་བས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པའང་རང་གྲྭ་འོད་གསལ་གྱི་རེ་འདོད་བཞིན་འཇམ་དཔལ་དགྱེས་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།། །།