སྡོམ་བཟུང་།
སྡོམ་བཟུང་ནི། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། །དུས་འདི་ནས་ནི་བཟུང་ནས་ནི། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་ མགོན་པོ་རྣམས། །བྱང ་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པར་བདག་གིས་བཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་བཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱིད། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་སོ་སོར་བཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །
མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་པ་རྣམས་བསྒྲལ་བ་དང་། །མ་གྲོལ་པ་རྣམས་དཀྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་སོ། །
འཚེ་སྐུ་རྫུན་སྨྲ་ལོགས་གཡེམ་ཆང་འཐུང་བ། །སྡིག་པའི་ལས་ལྔ་ཀུན་ནས་སྤང་པར་བགྱི། །ཆོ་ལོ་སྡིག་བཅས་་ཟས་དང་ཚིག་ངན་ཀློག །འབྱུང་པོ་ལྷ་མིན་དབང་པོའི་ཆོས་མི་འཛིན། །བ་ལང་བྱིས་པ་བུད་མེད་སྐྱེས་པ་དང་། །ལྷ་མིའི་བླ་མའི་རྟེན་ནི་གསོད་མི་བྱ་། །རྫོགས་སངས་རྒྱས་དང་དགེ་འདུན་བླ་མ་དང་། །དགེ་གྲོགས་རྗེ་བོ་རྣམས་ལ་འཁུ་མི་བྱ། །དབང་པོ་ལྔ་ནི་གཟུགས་སོགས་ཡུལ་ལྔ་ལ། །རྟག་ཏུ་བག་མེད་ཆགས་པར་མི་བྱའོ། །སྲིད་པའི་འཇིགས་འཇོམས་སྣ་ཚོགས་གཙོ་བོའི་བཀའ། །བརྟུལ་བཞུགས་ཉེར་ལྔ་བདག་གིས་བསྐྱང་བར་བགྱི། །རང་དོན་མ་ཆགས་བྱང་ཆུབ་མཆོག་སེམས་བསྐྱེད། །སྡང་མེད་བདག་གཞན་མཉམ་མརྗེའི་སྙིང་རྗེ་བསྒོམ། །རྨོངས་བྲལ་བདག་དང་བདག་གིས་འཛིན་པ་སྤངས། །དགེ་བའི་རྩ་བ་གསུམ་ལ་གནས་བགྱིས་ནས། །མི་དགེ་བཅུ་དང་སྒྲིབ་པ་ལྔ་རྣམས་དང་། །ཆགས་སྡང་རྨོངས་སྙེམས་འདོད་སྲེད་མ་རིག་པ། །ལྟ་བའི་ཟག་པ་ཀུན་ནས་སྤོངས་བགྱིད་ཅིང་། །བསོད་ནམས་ཚུལ་ཁྲིམས་ཡེ་ཤེས་ཚོགས་གསུམ་དང་། །ཕར་ཕྱིན་བཅུ་དང་ཚངས་པའི་གནས་པ་བཞི། །བསྡུ་དངོས་བཞི་ལྡན་རྣམ་ཐར་བཞི་བསྒོམ་ཏེ། །ཡང་དག་རྫོགས་པའི་བྱང་ཆུབ་འཐོབ་བྱེད་པའི། །ལམ་རྣམས་ཀུན་ནས་རྒྱུད་ལ་བསྟེན་པར་བགྱི། །ལམ་རྒྱུད་ལ་བསྟེན་པའི་དོན་འགྲེལ་ཆེན་ལས་གསུངས་པ་ལྟར་ཚིགས་བཅད་དུ་མི་ཕམ་པས་བསྡེབས་པའོ།། །།