ཟབ་ཁྲིད་གནད་བསྡུས་སྐོར་བདུད་རྩིའི་ཡང་ཞུན།
ཟབ་ཁྲིད་གནད་བསྡུས་སྐོར་བདུད་རྩིའི་ཡང་ཞུན་ཞེས་བྱ་བ་བཞུགས་སོ། །
སྔོན་འགྲོའི་ངག་འདོན་ཐར་ལམ་རབ་གསལ་བཞུགས་སོ། །བླ་མ་མཁྱེན། ལན་གསུམ། དལ་འབྱོར་རྙེད་དཀའ་ཨུ་དུམྺ་ར་འདྲ། །རྙེད་ན་དོན་ཆེ་ཡིད་བཞིན་ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ལ། །དོན་ཆེན་གཏན་གྱི་འདུན་མ་མི་སྒྲུབ་པར། །དོན་མེད་ཆུད་ཟར་གྱུར་པ་བདག་ཅག་ལ། །དཀོན་མཆོག་ཀུན་འདུས་བླ་མའི་ཐུགས་རྗེས་གཟིགས། །དལ་འབྱོར་དོན་ཡོད་བྱེད་པར་བྱིན་གྱིས་རློབས། དམིགས་རྐང་དང་པོའོ། །འདུས་བྱས་ཐམས་ཅད་མི་རྟག་གློག་བཞིན་གཡོ། །སྣོད་བཅུད་གང་ལ་བསམ་ཀྱང་འཇིག་པའི་ཆོས། །འཆི་བར་ངེས་ཤིང་ནམ་འཆི་ཆ་མེད་ཀྱང་། །རྟག་འཛིན་སེམས་ཀྱིས་རང་མགོ་བསྐོར་ནས་སུ། །བག་མེད་ངང་དུ་གནས་པ་བདག་ཅག་ལ། །དཀོན་མཆོག་ཀུན་འདུས་
བླ་མའི་ཐུགས་རྗེས་གཟིགས། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །དམིགས་རྐང་གཉིས་པའོ། །དཀར་ནག་ལས་འབྲས་ནམ་ཡང་ཆུད་མི་ཟ། །རྒྱུ་འབྲས་བསླུ་བ་མེད་པའི་ལམ་འདི་ལས། །འཁོར་དང་མྱ་ངན་འདས་པའི་ཆོས་སུ་སྣང་། །རང་བྱས་རང་ལ་སྨིན་པར་ངེས་ན་ཡང་། །ཚུལ་བཞིན་འཇུག་ལྡོག་མི་ནུས་བདག་ཅག་ལ། །དཀོན་མཆོག་ཀུན་འདུས་བླ་མའི་ཐུགས་རྗེས་གཟིགས། །དགེ་སྡིག་བླང་དོར་བགྱིད་པར་བྱིན་གྱིས་རློབས། །དམིགས་རྐང་གསུམ་པའོ། །བཟོད་པར་དཀའ་བའི་སྡུག་བསྔལ་མང་དང་ལྡན། །བདེ་བར་སྣང་བས་ཡིད་བསླུས་འགྱུར་བ་ཅན། །ཟག་བཅས་ཕུང་པོ་མཐའ་དག་སྡུག་བསྔལ་རྒྱུ། །ཁམས་གསུམ་འཁོར་བ་མེ་ཡི་འོབས་འདྲ་
ཡང་། །དེ་ལྟར་མི་ཤེས་ཆགས་ལྡན་བདག་ཅག་ལ། །དཀོན་མཆོག་ཀུན་འདུས་བླ་མའི་ཐུགས་རྗེས་གཟིགས། །ངེས་འབྱུང་བསམ་པ་སྐྱེ་བར་བྱིན་གྱིས་རློབས། །དམིགས་རྐང་བཞི་པའོ། །དེ་ནས་ཐུན་མིན་སྔོན་འགྲོའི་སྐྱབས་འགྲོ་ནི། མདུན་དུ་དཔག་བསམ་ཤིང་ཆེན་ཡལ་ག་ལྔའི། །དབུས་སུ་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་། །བརྒྱུད་པའི་བླ་མ་ཡི་དམ་མཁའ་འགྲོས་བསྐོར། །མདུན་དུ་སྟོན་མཆོག་དུས་གསུམ་སངས་རྒྱས་རྣམས། །གཡས་སུ་ཉེ་སྲས་ཐེག་ཆེན་འཕགས་པའི་ཚོགས། །རྒྱབ་ཏུ་གསུང་རབ་གླེ་གས་བམ་རྣམ་པ་ཅན། །གཡོན་དུ་མཆོག་བརྒྱད་ཉན་རང་དགེ་འདུན་དང་། །མཐའ་སྐོར་ཡེ་ཤེས་ཆོས་སྐྱོང་ཚོགས་རྣམས་ཏེ། །ཕྱོགས་བཅུ་དུས་གསུམ་སྐྱབས་ཡུལ་ཐམས་ཅད་ཀུན། །མ་ཚངས་མེད་པ་ཏིལ་གོང་ལྟར་གསལ་བའི། །མདུན་དུ་རང་དང་མ་སོགས་ལྟོས་བཅས་དང་། །མཁའ་ཁྱབ་སེམས་ཅན་ཀུན་གྱིས་གུས་བཏུད་དེ། །དུས་འདི་ནས་བཟུད་བྱང་ཆུབ་སྙིད་པོའི་བར། །ཡིད་ཆེད་མཆོག་གིས་སྐྱབས་སུ་འགྲོ་བར་བསམ། །ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་དྲུག་གུས་པས་སྐྱབས་སུ་མཆི། །སྐྱབས་ཡུལ་དེ་ལྟ་བུའི་མདུན་དུ་སེམས་སྐྱེད་པ་ལ། ཐོག་མར་ཚད་མེད་བཞི་ལ་བློ་སྦྱང་ནས་སེམས་ཅན་ཐམས་ཅད་བདེ་བ་དང་སོགས་
ཅི་རིགས་བསགས། དངོས་གཞི་སེམས་སྐྱེད་པ་ནི། ཧོ། ཇི་ལྟར་དུས་གསུམ་རྒྱལ་བ་སྲས་བཅས་ཀྱིས། །བྱང་ཆུབ་མཆོག་ཏུ་ཐུགས་ནི་བསྐྱེད་པ་ལྟར། །བདག་ཀྱང་མཁའ་ཁྱབ་འགྲོ་ཀུན་བསྒྲལ་བྱའི་ཕྱིར། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །འདི་འབུམ་བསགས། རྗེས་སུ་འབྲས་བུ་སྔགས་ཀྱི་སེམས་སྐྱེད་ཚུལ་ཁྱད་པར་གྱི་ཚུལ་དུ། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་པའང་ཅི་རིགས་བརྗོད་དོ། །མཎྜལ་ལ་ཚོམ་བུ་བཀོད་ལ། ཨོཾ་ཨཿཧཱུྃ། ཆོས་དབྱིངས་མཉམ་ཉིད་ཆོས་སྐུའི་ཞིང་ཁམས་སུ། །རང་སྣང་མ་འགགས་ལོངས་སྐུ་རིགས་ལྔའི་ཞིང་། །མཁའ་ཁྱབ་སྤྲུལ་སྐུའི་ཞིང་གི་བཀོད་པ་རྣམས། །ཀུན་བཟང་བདེ་ཆེན་མཆོད་པའི་སྤྲིན་དུ་འབུལ། །ཨོཾ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་འབུལ། རྡོར་སེམས་བསྒོམ་བཟླས་ནི། ཨཱ། བདག་གི་སྤྱི་གཙུག་པད་ཟླའི་གདན་སྟེང་དུ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཟླ་བའི་མདོག །རྡོ་རྗེ་དྲིལ་འཛིན་སྙམས་མ་ཡུམ་དང་འཁྱུད། །ལོངས་སྐུའི་ཆས་རྗོགས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་ཟླ་སྟེང་ཧཱུྃ་ལ་ཡིག་བརྒྱས་བསྐོར། །བདུད་རྩིའི་རྒྱུན་བབ་སྡིག་སྒྲིབ་དག་པར་གྱུར། །སྟོབས་བཞི་ཚང་པའི་སྒོ་ནས་
བདུན་རྩི་འབེབ་སྦྱོང་གི་དམིགས་པ་བཅས་ཡིག་བརྒྱ་བཟླ། ཐུན་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །བདག་དང་སེམས་ཅན་ཐམས་ཅད་ཀྱི་སྐུ་གསུངས་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་དག་པ་ཡིན་ནོ་ཞེས་གནང་བ་བྱིན་ནས་རང་ལ་ཐིམ་བས་རང་དང་སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུར་གྱུར་པར་བས་མས་ལ་ཡིག་དྲུག་བཟླ། མཐར། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་སོགས་དང་། བདག་དང་སེམས་ཅན་ཐམས་ཅད་ཀྱི། །དམ་ཚིག་ཉམས་ཆགས་ཀུན་དག་ཅིང་། །འདི་ནས་བྱང་ཆུབ་སྙིང་པོའི་བར། །དམ་ཚིག་རྣམ་པར་དག་པར་ཤོག །ཅེས་སོགས་སྨོན་ལམ་གདབ་བོ།། ༈ །།བླ་མའི་རྣལ་འབྱོར་ནི། ཨེ་མ་ཧོ། རང་སྣང་དག་པ་རབ་འབྱམས་ཞིང་ཁམས་སུ། །རང་ལུས་རྡོ་རྗེ་རྣལ་འབྱོར་མར་གསལ་བའི། །སྤྱི་བོར་ཆུ་
སྐྱེས་འདབ་སྟོང་ཉི་ཟླའི་སྟེང་། །སྐྱབས་གནས་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང་། །དཀར་དམར་ཞི་འཛུམ་རྡོ་རྗེ་ཐོད་བུམ་བསྣམས། །ལོངས་སྐུའི་ཆས་རྫོགས་མཚོ་རྒྱལ་ཡུམ་དང་འཁྲིལ། །སྐུ་ལ་རང་བྱུང་རྒྱུད་སྡེའི་དཀྱིལ་འཁོར་རྫོགས། །རྩ་བརྒྱུད་བླ་མ་མཁའ་འགྲོ་དམ་ཅན་བཅས། །ཏིལ་གྱི་གང་བུ་ཕྱེ་བ་བཞིན་དུ་བཞུགས། །རྔ་ཡབ་གླིང་ནས་དེ་འདྲའི་ཡེ་ཤེས་པ། །ཆར་ལྟར་བབ་པ་བསྒོམས་པའི་རྟེན་ལ་ཐིམ། །ཧཱུྃ། ཨོ་རྒྱན་ཡུལ་སོགས་ཚིག་བདུན་གསོལ་འདེབས་གསུམ་མམ་བདུན་བརྗོད་པས་སྤྱན་དྲངས་ལ་བསྟིམས་ནས་ཡན་ལག་བདུན་བ་བྱ་བ་ནི། ཧོཿ རྡུལ་སྙེད་ལུས་བཏུད་གུས་པས་ཕྱག་འཚལ་ལོ། །སྣང་སྲིད་གཞིར་བཞེངས་ཀུན་བཟང་མཆོད་པས་མཆོད། །ཚེ་རབས་ནས་བསགས་སྡིག་ལྟུང་ཅི་མཆིས་བཤགས། །འཁོར་འདས་དགེ་ཚོགས་ཀུན་ལ་རྗེས་ཡི་རངས། །འགྲོ་ཁམས་ཇི་སྲིད་རྡོ་རྗེའི་སྐུར་བཞུགས་ནས། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །དགེ་ཚོགས་མ་ལུས་སངས་རྒྱས་ཐོབ་ཕྱིར་བསྔོ། །གསོལ་བ་གདབ་པ་ནི། ནུབ་ཕྱོགས་ཨོ་རྒྱན་དབང་གི་ཕོ་བྲང་དུ། །བདེག་ཤེགས་སྐུ་གསུང་ཐུགས་ཀྱི་སྤྲུལ་བ་སྟེ། །འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་བྱོན། །རིག་འཛིན་མཁའ་འགྲོ་མང་པོའི་འཁོར་གྱིས་བསྐོར། །པདྨ་འབྱུང་གནས་ཀྱི་ལྷ་ཚོགས་ལ་
གསོལ་བ་འདེབས། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་ཅིང་འོད་ཟེར་བདུད་རྩིའི་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར་བྱིན་གྱིས་བརླབས་པར་བསན། གཞན་ཡང་ཨོ་རྒྱན་ཆེན་པོ་དང་ཡི་དམ་གང་ཡང་རུང་བ་དབྱེར་མེད་ཀྱི་བླ་མའི་རྣལ་འབྱོར་ལ་དཔེར་མཚོན་ན་རྟ་མགྲིན་ལྟ་བུ་ལ་ངོ་བོ་ཨོ་རྒྱན་ཆེན་པོ་ལ་རྣམ་པ་རྟ་མགྲིན་དུ་གསལ་བཏབ་ལ། དམར་ནག་གྲུ་གསུམ་དབང་གི་ཚིགས་རྐང་དྲུག་པོའི་རྗེས་སུ། བདག་ལ་དབང་བསྐུར་བྱེན་གྱིས་བརླབ་ཏུ་གསོལ། །ཞེས་སྦྱར་བའི་ཚིན་བདུན་པོས་གསོལ་བ་བཏབ། དེ་བཞིན་གཤིན་རྗེའི་གཤེད་ལ། མཐིང་ནག་ཨེ་ལས་སོགས་འགྲོའོ། །ཐུན་མཐར་དབང་བཞི་ལེན་པ་ནི། བླ་མའི་གནས་གསུམ་ཡི་གེ་འབྲུ་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་བྱུང་ནས་སུ། །རང་གི་གནས་གསུམ་ཐིམ་པས་བྱིན་གྱིས་བརླབས། །སླར་ཡང་བླ་མ་འཁོར་བཅས་འོད་དུ་ཞུ། །ཚངས་པའི་ལམ་ནས་སྙིང་གི་ཐིག་ལེར་ཐིམ། །བླ་མའི་ཐུགས་དང་རང་སེམས་དབྱེར་མེད་པ། །སེམས་ཉིད་གཉུག་མ་ཆོས་སྐུའི་ངང་བཞག་པས། །སྒྲིབ་པ་བཞི་དག་དབང་བཞིའི་ཡེ་ཤེས་ཐོབ། །ལམ་བཞི་འབྱོངས་ཤིང་སྐུ་བཞི་མངོན་གྱུར་པའི། །བྱིན་རླབས་དབང་བསྐུར་མ་ལུས་ཐོབ་པར་གྱུར། །ཅེས་བསམ་ལ་བཛྲ་གུ་རུ་ཅི་རིགས་བགྲང་མཐར། སྐྱེ་བ་ཀུན་ཏུ་
ཡང་དག་བླ་མ་སོགས་སྨོན་ལམ་གདབ་པར་བྱའོ། །སྔོན་འགྲོའི་ངག་འདོན་འདི་ནི་མི་ཕམ་འཇམ་དཔལ་དགྱེས་པས་བསྡེབས་པ་དགེ་ལེགས་འཕེལ།། ༈ །།ཚིགས་བདུན་གསོལ་འདེབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་བཞུགས་སོ། །ཨཱཿ རང་ལུས་ཐ་མལ་གནས་པའི་མདུན་མཁའ་རུ། །ཨོ་རྒྱན་དྲི་མེད་ངྷ་ན་ཀོ་ཤའི་མཚོ། །གཏིང་ཟབ་ཡན་ལག་བརྒྱད་ལྡན་ཆུས་གང་བའི། །དབུས་སུ་རིན་ཆེན་པད་སྡོང་འདབ་རྒྱས་སྟེང་། །སྐྱབས་གནས་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང་། །མཚན་དཔེའི་དཔལ་འབར་མཚོ་རྒྱལ་ཡུམ་དང་འཁྲིལ། །ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས། །དར་དང་རིན་ཆེན་རུས་པའི་རྒྱན་གྱིས་མཛེས། །འོད་ལྔའི་ཀློང་ན་བདེ་ཆེན་གཟི་བྱིན་འབར། །འཁོར་དུ་རྩ་གསུམ་རྒྱ་མཚོ་སྤྲིན་ལྟར་གཏིབས། །བྱིན་རླབས་ཐུགས་རྗེའི་ཆར་འབེབ་བདག་ལ་གཟིགས། །རྒྱལ་ཀུན་ངོ་བོ་འཆི་མེད་ཡེ་ཤེས་སྐུར། །གདུང་ཤུགས་དྲག་པོས་དད་ཕྱག་རྟག་ཏུ་འཚལ། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བའི་ཚོགས། །ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས་ནས་འབུལ། །ཐོགས་མེད་ནས་བསགས་སྡིག་ལྟུང་མ་ལུས་བཤགས། །སྲས་བཅས་རྒྱལ་བ་ཀུན་གྱི་ཡོན་ཏན་གྱི། །ཁྱབ་བདག་གཅིག་པུ་མགོན་པོའི་རྣམ་ཐར་ལ། །སྙིང་ནས་ཡི་རངས་དད་པས་
གསོལ་འདེབས་ཤིང་། །ཟབ་རྒྱས་ཆོས་ཀྱི་ཆར་ཆེན་འབེབ་པར་བསྐུལ། །རང་གཞན་དགེ་བའི་དངོས་པོ་ཀུན་བསྡོམ་ནས། །འགྲོ་ཁམས་རྒྱ་མཚོ་ཇི་སྲིད་གནས་ཀྱི་བར། །མགོན་པོ་ཁྱོད་ཀྱི་རྣམ་ཐར་རྗེས་བསྙེགས་ཏེ། །མཁའ་ཁྱབ་འགྲོ་བ་འདྲེན་པའི་དོན་དུ་བསྔོ། །སྐྱབས་གནས་ཀུན་འདུས་མཁྱེན་བརྩེའི་གཏེར་ཆེན་པོ། །དུས་ངན་སྙིགས་མའི་སྐྱབས་གཅིག་རིག་པོ་ཆེ། །ལྔ་བདོའི་རྒུད་པས་མནར་བཞིན་གདུང་ཤུགས་ཀྱིས། །གསོལ་འདེབས་བུ་ལ་བརྩེ་བས་མྱུར་དུ་གཟིགས། །དགོངས་པའི་ཀློང་ནས་ཐུགས་རྗེའི་རྩལ་ཕྱུངས་ལ། །མོས་ལྡན་བདག་གི་སྙིང་ལ་བྱིན་གྱིས་རློབས། །རྟགས་དང་མཚན་མ་མྱུར་དུ་བསྟན་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་བྱས་ལ་ཚིག་བདུན་གསོལ་འདེབས་ཅི་ནུས་སུ་འདོན། མོས་གུས་ཀྱིས་གསོལ་བ་བཏབ་པས་བླ་མ་ཡབ་ཡུམ་ཀྱི་སྦྱོར་མཚམས་དང་། ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་སྣ་ལྔ་པ་ཐག་ལྟར་བརྐྱང་བ་རང་གི་སྙིང་གར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ། བཛྲ་གུ་རུ་ཅི་རིགས་བཟླ་ཐུན་མཐར། བླ་མའི་གནས་གསུམ་ཡི་གེ་འབྲུ་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་བྱུང་ནས་སུ། །རང་གི་གནས་གསུམ་ཐིམ་པས་སྒོ་གསུམ་གྱི། །སྒྲིབ་བྱང་སྐུ་གསུང་ཐུགས་ཀྱི་རྡོ་རྗེར་གྱུར། །མཐར་ནི་བླ་མ་
འཁོར་བཅས་འོད་དུ་ཞུ། །དཀར་དམར་ཐིག་ལེ་ཧཱུྃ་གིས་མཚན་པ་རུ། །རང་གི་སྙིང་གར་ཐིམ་བས་བླ་མའི་ཐུགས། །རང་སེམས་དབྱེར་མེད་ལྷན་སྐྱེས་ཆོས་སྐུར་གནས། །ཨ་ཨཱཿཞེས་བརྗོད་ལ་ཡེ་ནས་བཅོས་བསྒྱུར་སྤང་བླང་ལས་འདས་པ་རང་གི་སེམས་ཉིད་གདོད་མའི་ཆོས་སྐུ་ཆེན་པོའི་རང་ཞལ་བལྟ། སླར་སྒྱུ་མ་ལྟ་བུའི་སྣང་བ་ཐམས་ཅད་བླ་མའི་རང་བཞིན་དུ་བལྟས་ལ་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །ཞེས་པ་འང་ཐམས་ཅད་འདུལ་ཅེས་པའི་གྲོ་བཞིན་ཟླ་བའི་ཡར་ཚེས་བརྒྱད་ལ་ཚེ་རབས་ཐམས་ཅད་དུ་གུ་རུ་པདྨའི་བྲན་དུ་སྨོན་ལམ་འདེབས་པ་མི་ཕམ་རྣམ་པར་རྒྱལ་བའི་ཡིད་ཀྱི་མཚོ་ལས་བྱུང་པ་དགེ་འོ། །མངྒ་ལཾ།། ༈ །།རྡོ་རྗེའི་ཚིག་བདུན་དང་འབྲེལ་བའི་ཚོགས་མཆོད་དཔལ་གྱི་བུམ་བཟང་བཞུགས་སོ། །ཤ་ཆང་སོགས་ཅི་འབྱོར་བའི་དམ་རྫས་བཤམས་ལ། ཧཱུྃ། ཨཱ་ལས་ཆོས་དབྱིངས་དང་མཉམ་ཀ་པཱ་ལར། །ཨོཾ་ལས་སྣང་སྲིད་འདོད་ཡོན་ཚོགས་སུ་བཤམས། །ཧཱུྃ་གིས་བདེ་ཆེན་ཡེ་ཤེས་རོལ་པར་བསྒྱུར། །ཧྲིཿཡིས་རྩ་གསུམ་ལྷ་ཚོགས་དགྱེས་པ་བསྐང་། །ཨོཾ་ཨཱཿཧཱུྃ་ཧྲིཿས་བྱིན་གྱིས་བརླབ། །ཚོས་ཞིང་སྤྱན་འདྲེན་ཞིང་མཆོད་པ་འབུལ་པ་ནི། ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔
འདོད་ཡོན་ཚོགས་ལ་སྤྱན་འདྲེན་ན༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ ཚོགས་མཆོད་ཡེ་ཤེས་བདུད་རྩིར་བསྒྱུར༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ་བླ་མ་རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས་པ་ཡི༔ རྩ་གསུམ་ཀུན་འདུས་རྒྱལ་བའི་དཀྱིལ་འཁོར་ལ༔ མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ བདག་གཞན་སྒོ་གསུམ་དགེ་ཚོགས་ལོངས་སྤྱོད་བཅས༔ སྣང་སྲིད་འདོད་ཡོན་དགྱེས་དགུ་མ་ཚང་མེད༔ ཀུན་བཟང་བདེ་ཆེན་ཚོགས་ཀྱི་འཁོར་ལོར་འབུལ༔ ཐུགས་བརྩེས་དགྱེས་བཞེས་ཐུགས་དམ་སྐོང་གྱུར་ཅིག༔ གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་རིག་འཛིན་མཁའ་འགྲོའི་ཚོགས༔ མོས་ལྡན་བུ་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ དམ་ཚིག་ཉམ་ཆགས་ཐམས་ཅད་སྦྱང་དུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སྒྲོལ། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་འཛིན་ཞིང་། །ཚེ་བསོད་ཉམས་རྟོགས་ཡང་ངོའི་ཟླ་བཞིན་འཕེལ། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པའང་
གསེར་འཕྱང་གི་ལོའི་དབོ་ཟླའི་ཚེས་བཅུ་ལ་འཇམ་དཔལ་དགྱེས་པའི་ཡིད་ཀྱི་མཚོ་ལས་བྱུང་བའི་ནོར་བུ་བསམ་འཕེལ་ཡང་དག་པ་མངྒ་ལཾཿ ༈ །།ན་མོ་གུ་རུ་པདྨ་མཉྫུ་ཤྲཱི་ཡེ། ཁྲིད་འདེབས་པ་ལ་ཐོག་མར་ཨོ་རྒྱན་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་སྟེང་ནས་གཞུང་ལྟར་དམིགས་ཁྲིད་ཀྱིས་ཚིག་བདུན་གསོལ་འདེབས་འབུམ་འདོན་དུ་གཞུག་པས་བྱིན་རླབས་ཀྱི་སྒོ་དབྱེ་དེ་ནས་ཐུན་མོང་བློ་ལྡོག་རྣམ་བཞི། ཐུན་མིན་སྐྱབས་འགྲོ་སོགས་ལྔ། དངོས་གཞི། རྫོགས་པ་ཆེན་པོའི་ཁྲིད་དང་གསུམ་ལས། དང་པོ་དལ་འབྱོར་རྙེད་དཀའ་ལ། དལ་འབྱོར་གྱི་ངོ་བོ་བསམ་པ། དེ་རྙེད་དཀའ་ཚུལ། རྙེད་ན་དོན་ཆེ་བ། དེ་ཆུད་མི་ཟ་བར་ནན་ཏན་བསམ་པ་བཞི། དང་པོ་དལ་བརྒྱད་ནི། དམྱལ་བ། ཡི་དྭགས། དུད་འགྲོ། ལྷ་ཚེ་རིང་པོ་སྟེ་མི་མ་ཡིན་པའི་མི་ཁོམ་པ་བཞི། མཐའ་ཁོབ་ཀླ་ཀློ། ལོག་ལྟ་ཅན། སངས་རྒྱས་མི་བྱོན་བའི་ཞིང་། དབང་པོ་ལྐུག་པ་སྟེ་མིའི་མི་ཁོམ་པ་བཞི་དང་བྲལ་ཏེ་ད་ལྟ་ཁོམ་ཚུལ་བརྒྱད་པོ་གོ་རིམ་ངེས་ཅན་དུ་རེ་རེ་ནས་ཐུན་རེར་བསམ། གཅིག་ལེགས་པར་བསམ་པ་རྫོགས་ནས་གཞན་ལ་སྤོ། དེ་བཞིན་འབྱོར་བ་བཅུ། མིར་གྱུར། དབང་བོ་ལྔ་ཚང་། ཡུལ་དབུས་སུ་སྐྱེས། ལས་མཐའ་མ་ལོག བསྟན་ལ་དད་པ་སྟེ་རང་འབྱོར་ལྔ། སངས་རྒྱས་བྱོན། ཆོས་
གསུང་། བསྟན་པ་གནས། དེ་ལ་འཇུག་སྲོལ་ཡོད། བཤེས་སོགས་མཐུན་རྐྱེན་ཚང་བ་སྟེ་གཞན་འབྱོར་ལྔའང་རེ་རེ་ནས། ཀྱེ་མ་མིར་བྱུང་པ་ཡང་ཤིན་ཏུ་དཀོན་ཏེ། ངན་སོང་གསུམ་སོགས་མང་ན་ང་ད་རེས་མི་ལུས་ཐོབ་པ་ཨེ་མ་སྙམ་པ་སོགས་གཞན་ཀུན་ལ་དེ་བཞིན་ལྡོག་ཕྱོགས་མང་བ་དང་། རང་ལ་ཡོན་ཏན་དེ་ད་ལྟ་ཚང་འདུ་ག་པས་ཆུད་ཟོས་གཏོང་མི་འོས་སྙམ་པའི་བློ་ཁུལ་ངེས་རེ་བསམས་ནས་ཐམས་ཅད་རྫོགས་པར་བསམ་མོ། །གཉིས་པ་དལ་འབྱོར་བཅོ་བརྒྱད་པོ་དེ་རེ་རེའང་ལྡན་དཀའ་ན་རང་ལ་ཐམས་ཅད་ཚང་འདུག་པ་འདི་ཤིན་ཏུ་རྙེད་དཀའ། ཆོས་ཀྱི་རྟེན་ཁྱད་པར་ཅན་འདི་ཤིན་ཏུ་རྙེད་དཀའ་འོ་ཞེས་སྤྱིར་བསམ། འདི་སྔར་ཡང་རྙེད་དཀའ། ཕྱིས་ཡང་ཡང་མི་རྙེད་པས་ད་ལྟ་དོན་ཞིག་བསྒྲུབ་པར་བྱ་བསམ། ཁྱད་པར་དུ་གྲངས་ཀྱི་སྒོ་ནས་དང་། རྒྱུའི་དང་། དཔེའི་སྒོ་ནས་ལུང་ལྟར་རྒྱས་པར་བསམ། གསུམ་པ་རྟེན་འདི་འདྲ་བ་རྙེད་པའི་དུས་འདིར་ཡུན་གྱི་དོན་ཆེན་པོ་འགྲུབ་པའི་ཐབས་འགྲིགས་པས་དོན་ཆུང་བ་དང་། སྡིག་པའི་ལས་བགྱིད་པར་མི་འོས། འདི་ནི་ནོར་བུ་བུམ་བཟང་སོགས་ཀྱིས་མི་མཚོན་པའི་རྒྱུ་མཚན་བསམ། བཞི་པ་དེ་ལྟར་དོན་ཆེན་པོ་རྙེད་པ་འདི་དེ་སྔ་སྔ་དྲོ་གཅིག་ཀྱང་དོན་མེད་འདུག་པ་རེ་སྐྱོ། ད་མྱུར་དུ་འཇིག་ཅིང་སྙིང་པོ་མེད་པའི་རྟེན་འདི་ལས་ཡུན་གྱི་དོན་ཞིག་སྒྲུབ་པ་ལས་
དོན་མེད་ཆུད་ཟར་མི་བྱ་ཞེས་ཡང་ཡང་བསམ་ལ་བློ་རྒྱུད་འགྱུར་པ་ཐོན་པའི་བར་དུ་ཅིས་ཀྱང་འབད། འདིའི་གྲུབ་འབྲས་བློ་ལ་སྔར་དང་མི་འདྲ་བའི་འགྱུར་པ་ཐོན་པ་དེ་ཡིན། དེ་ཆེ་ཆུང་གང་རུང་མ་བྱུང་བར་གསལ་པོར་བསམ་དགོས། གཉིས་པ་མི་རྟག་པ་ལ་དེ་ལྟར་རྙེད་དཀའི་རྟེན་ཐོབ་ཀྱང་རིང་དུ་མི་གནས་པར་གློག་བཞིན་འགྱུར་བར་བསམ་ཞིང་། དེ་ཡང་ཕྱི་སྣོད། ནང་བཅུད། འཆི་ངེས། ནམ་འཆི་ཆ་མེད་བསམ་པ་བཞི། དང་པོ་དུས་བཞིའི་འགྱུར་ལྡོག་དང་ཆགས་གནས་འཇིག་སྟོང་གི་སྲིད་པ་ཐམས་ཅད་སྔར་ཡང་ཞིག །ད་ཡང་རྡུལ་ཕྲན་མི་ལུས་པར་འཇིག ཕྱིས་ཀྱང་དེ་ལྟར་འགྱུར་ཏེ་འདུས་བྱས་ཀྱི་རང་བཞིན་འདི་འདྲ་བ་ཁོ་ནའོ་སྙམ་དུ་བསམ། དེ་རྫོགས་ནས་གཉིས་པ་ནང་བཅུད་ཀྱིས་བསྡུས་པ་ཐམས་ཅད་ཚེ་རིང་ངམ་ཐུང་ཡང་རུང་། ཐམས་ཅད་མཐར་མི་འཆི་བ་མེད། སྔར་ཡོད་དྲག་ཞན་ཐམས་ཅད་འདས། སངས་རྒྱས་དང་འཁོར་སྒྱུར་ཡང་འདས་ན་རང་ལྟ་བུ་ལྟ་ཅི། ཁྱད་པར་ད་དུས་ཚེ་ཐུང་འདི་ལ་ཡིད་བརྟན་མེད། ལོ་བརྒྱའི་ནང་དུ་ཐམས་ཅད་གཅིག་ཀྱང་ལུས་མེད་ཚུལ་བསམ། གསུམ་པ་རང་གཞན་ཐམས་ཅད་སྐྱེས་པའི་དུས་ནས་བརྩོམས་སྐད་ཅིག་རེར་གསོད་སར་ཁྲིད་པ་དང་། ཆུ་འབབ་པ་ལྟར་ཚེ་འཛད་པ་ལས་སྣོན་པ་མེད། སྙིགས་དུས་ཀྱི་ཚེ་ལོ་དྲུག་ཅུ་
བདུན་ཅུ་ཙམ་འདི་ལ་ཡུན་ཅི་ཡོད། ད་སྔ་སོང་བས་ཤེས་རྒྱུ་ལ་ཅིས་ཀྱང་ངེས་ཤིང་ཐག་ཆོད་པ་ནི་འཆི་བ་ཡིན། ཡིན་ཀྱང་བསམ་བློ་མ་ཐོང་བར་རེ་བསླུས་སྙམ་དུ་ངེས་པར་ཐག་ཆོད་པར་བསམ། བཞི་པ་ཚེ་མཐར་ཐུག་པར་ཨེ་འདུག་མི་ཤེས། ཐམས་ཅད་འདུག་ཤོམ་གྱི་ངང་ནས་འཆི་ཚུལ། རྒས་སམ་གཞོན་པའི་སྐབས་ནམ་འཆི་ཆ་མེད། འཆི་རྐྱེན་ནི་མང་། ཟས་ཟོས་པས་ནད་རེད་ནས་ཤི་པ་སོགས་དཔེ་ལས་ངེས་མེད་སྣ་ཚོགས་བསམས་ནས། ད་ལོ་ཡོད་ཀྱང་སང་ཕོད་གཤིན་གྲལ་དུ་ཡོད་ན་ཅི་ཆ། ལོ་སྟོད་གསོན་ཀྱང་ལོ་སྨད་འཆི་འམ། དེ་བཞིན་དུ་ཟླ་སྟོད་ཟླ་སྨད་ནས་སྔ་དྲོ་ཕྱི་འཕྲེད་ཀྱི་བར་དུ་ཇེ་ཐུང་ཇེ་ཐུང་བློ་སྣ་བསྟུངས་ལ་བསམ། དེ་ཙམ་ཨེ་འཆི་འམ་སྙམ་ན་མི་འཆི་བའི་གདིང་མེད་ཚུལ། འཆི་རྐྱེན་ངེས་པ་མེད་ལུགས། ཚེ་ཡི་འཕེན་པ་ཅི་ཡོད་ཆ་མེད་ཐམས་ཅད་གསོན་དུ་རེ་བ་དང་མི་ཤི་བའི་འདུན་པ་བྱེད་གྲབ་ཁོ་ནའི་ངང་དུ་འཆིབ་ལས་མེད་ན། རང་གིས་རང་བསླུས་ཏེ་མི་འཆི་སྙམས་པས་ཅི་བྱ། ད་དུང་མི་འཆི་སྙམ་ངང་གློ་བུར་མི་འདོད་བཞིན་འཆི་བ་ཐོག་ལྟར་འབབ་པ་ཡིན་སྙམ་དུ་ངེས་མེད་འདི་གཙོ་ཆེར་བསམས་ནས་མྱུར་དུ་ཆོས་ཤིག་བྱ། འཆི་ཁར་དབུགས་སྣེ་རིང་ཐུང་སར་སླེབ་དུས་ཆོས་དྲན་པས་མི་ཕན། ད་རེས་ནད་སོགས་རང་དབང་མེད་པ་ཅི་ཡང་མེད་སྐབས་འདིར་ཆོས་ལ་ཅིས་མི་འབད་
སྙམ་པའི་བློ་སྣ་ཐུང་ཧ་རེ་མ་སོང་བར་བསམ་མོ། །གསུམ་པ་ལས་རྒྱུ་འབྲས་ལ། སྦྱི་བྱེ་བྲག་བསླུ་མེད་བླང་དོར་འདོད་པ་བཞི། དང་པ་ནི་སྤྱིར་འཁོར་འདས་ཀྱི་སྣང་ཚུལ་ཐམས་ཅད་རྒྱུ་འབྲས་རྟེན་འབྲེལ་སླུ་མེད་ཀྱི་དབང་གིས་ཡིན་ཞིང་ཁྱད་པར་བདེ་བ་ཕྲ་རགས་ཐམས་ཅད་དགེ་འབྲས། མི་བདེ་བ་ཐམས་ཅད་མི་དགེ་བའི་འབྲས་བུ་ལ་རག་ལས་ཏེ་རང་དབང་མེད་ཚུལ་བསམ་མོ། །གཉིས་པ་བྱེ་བྲག་ཏུ་བསམས་པ་ནི། དགེ་མི་དགེ་བཅུའི་ལས་རེ་རེ་བཞིན་རྣམ་སྨིན། བྱེད་པ་དང་མྱོང་བ་རྒྱུ་མཐུན་བདག་འབྲས་རྣམས། སྐྱེས་བུ་བྱེད་འབྲས་གང་བྱས་དེ་འཕེལ་ཚེ་རབས་བརྒྱུད་མར་རྒྱས་ཞེས་གསུང་། འདི་བརྩིས་ན་ལྔ་འོང་ངོ་། །མྱོང་ཚུལ་ཞིབ་མོ་གོ་རིམ་བཞིན་མཐར་ཆགས་སུ་བསམ། གསུམ་པ་ནི་ལས་འབྲས་སླུ་བ་མེད་པས། སྲིད་པ་ཐ་མ་པ་རྣམས་ལ་འང་སྨིན་ཚུལ་དང་། ད་ལྟ་སེམས་ཅན་གྱི་བདེ་མི་བདེ་སྣ་ཚོགས། སངས་རྒྱས་ཀྱི་ཕྱག་གིས་ཀྱང་མི་ཁེགས་པ་འདི་བཞིན་ལས་འབྲས་ནི་ནམ་ཡང་མི་བསླུ་བར་ཡིད་ཆེས་བསྐྱེད་ལ་བསམ། བཞི་པ། དེས་ན་དགེ་སྡིག་གི་ལས་ཕྲ་མོ་ཡང་། རང་བྱས་རང་ལ་སྨིན་པ་ལས་འོས་མེད་པས་སྨན་དང་དུག་གི་ནུས་པ་ལྟར། རང་དོན་ཤེས་པས་བླང་དོར་འཆུག་མི་ཉན་ཚུལ་ནན་ཏན་བསམ་ཞིང་། རང་དོན་སྒྲུབ་པ་ལ་ལས་རྣམས་བླང་དོར་ཚུལ་
བཞིན་བྱ་བ་ལས་གཞན་མེད་པར་ཐག་ཆོད་པའི་བར་དུ་བསམ་མོ། །བཞི་པ་འཁོར་བའི་སྡུག་བསྔལ་བས་མ་པ་ལ། བྱེ་བྲག་ཏུ་བསམ་པ། སྤྱིར་བསམ་པ། དེ་ལ་ཞེན་པ་བཟློག་པ། ངེས་འབྱུང་གི་བསམ་པ་བསྐྱེད་པའོ། །དང་པོ་ངན་སོང་གསུམ་མཐོ་རིས་གསུམ་སྟེ་རིགས་དྲུག་སོ་སོ་ནས་སྡུག་བསྔལ་ཚུལ་ནན་ཏན་བསམ། གཉིས་པ། འཁོར་བ་མཐོ་དམན་གང་ཡིན་ཀྱང་། སྡུག་བསྔལ་གསུམ་གྱིས་བཅིངས་པ་དང་། ཁྱད་པར་མི་རྟག་པ་དང་འདུ་བྱེད་ཀྱིས་བཅིངས་པ་ལ་བསམ་ནས་ཡིད་རྟོན་མེད་ངེས་ཐག་ཆོད་བྱ། གསུམ་པ་དེ་འདྲའི་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ། བདེ་བར་སེམས་པའི་རང་སེམས་ཕྱིན་ཅི་ལོག་འདི། ཇི་ལྟར་སྐྱིད་ཀྱང་མི་ངོམས། ཇི་ལྟར་སྡུག་ཀྱང་མི་སྐྱོ་བས་འཁོར་བ་ལས་མ་ཐར་བར་སྡུག་བསྔལ་གྱི་འདམ་དུ་ཚད་པའི་རང་མཚངས་ནན་ཏན་བསམ་མོ། །བཞི་པ། འཁོར་བ་འདིར་སྐྱེ་ཤིའི་ཁ་བརྒྱུད་པས་སྡུག་བསྔལ་ཚད་མེད་མཐའ་མེད་མྱོང་བ་ལ་ཤིན་ཏུ་ཡིད་དབྱུང་ནས་ད་རེས་གཏན་དུ་བདེ་བའི་གོ་འཕང་བསྒྲུབ་པར་བྱའོ་སྙམ་དུ་བསམ་མོ། །འདི་ཀུན་སོ་སོར་བརྟག་པའི་དཔྱད་སྒོམ་ཡིན་པས། ཡང་ནས་ཡང་དུ་ཐབས་ཚུལ་སྣ་ཚོགས་ཀྱི་སྒོ་ནས་བསམ་དགོས་སོ། །གཉིས་པ་ཐུན་མིན་སྔོན་འགྲོ་ལྔ་ལས་དང་པོ། དེ་ལྟར་
འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྐྱོབ་པའི་སྐྱབས་དཀོན་མཆོགས་གསུམ་ཁོ་ནར་ངེས་ལ། དེ་ཡང་གསང་སྔགས་ནང་གི་སྐྱབས་ཡུལ་རྩ་གསུམ་སོགས་སྐྱབས་ཡུལ་ངོས་བཟུང་། རང་གཞན་ཐམས་ཅད་དུས་འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་ཡུལ་དེ་ལ་སྐྱབས་སུ་མཆིའོ་སྙམ་པས། མདུན་མཁར་དབུས་སུ་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་། དབུ་གཙུག་ཏུ་བརྒྱུད་པའི་བླ་མ། མདུན་དུ་ཤཱ་ཀྱའི་རྒྱལ་པོ་སོགས་སངས་རྒྱས། གཡས་སུ་ཉེ་སྲས་བརྒྱད་སོགས་ཐེག་ཆེན་བྱང་སེམས། རྒྱབ་ཏུ་ལུང་རྟོགས་ཀྱི་ཆོས་མཚོན་པ་གླེགས་བམ། གཡོན་དུ ་ཉན་ཐོས་མཆོག་བརྒྱད་སོགས་ཐེག་དམན་དགེ་འདུན། བར་གྱི་བར་སྣང་ལ་ཡི་དམ་རྒྱུད་སྡེའི་ལྷ་ཚོགས། མཐའ་སྐོར་དཔའ་བོ་མཁའ་འགྲོ། ཡེ་ཤེས་ཀྱི་ཆོས་སྐྱོང་སྲུང་མ་དང་བཅས་པའི་སྐྱབས་གནས་ཀུན་འདུས་སུ་དམིགས། དེའི་མདུན་དུ་རང་དང་ཕ་མས་ཐོག་དྲངས་པའི་སེམས་ཅན་མ་ལུས་པ་ཀུན་གྱིས། སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བར་བསྒོམས་ནས། སྙིང་ཁོང་རུས་པའི་གཏིང་ནས་ཡིད་འཁུལ་བའི་སྐྱབས་འགྲོའི་ཚིག་གསོག ཐུན་མཐར་སྐྱབས་ཡུལ་འོད་ཞུ་རང་སོགས་སེམས་ཅན་ཀུན་ལ་ཐིམ་པས་ཐམས་ཅད་སངས་རྒྱས་པར་བསམ་ཞིང་། དགེ་བ་བསྔོ་བར་བྱའོ། །གཉིས་པ་སེམས་
བསྐྱེད་པ་ལ། རྒྱས་པར་ཐེག་ཆེན་ལམ་གྱི་ཁྱད་པར་བྱེད་ཆོས་སེམས་བསྐྱེད་ཀྱི་ཕན་ཡོད། སྡོམ་པ་ལེན་ཚུལ། བསླབ་བྱ་སོགས་བཤད། བསམ་བྱའི་ངོ་བོ་ནི། སེམས་ཅན་ཐམས་ཅད་ཕ་མར་ཤེས་ཤིང་བྱམས་སོགས་ཚད་མེད་བཞི་ཡི་བློ་སྦྱངས་པའི་རྒྱུ་ལས། སེམས་ཅན་གྱི་དོན་དུ་བདག་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྲུབ་པ་ཞིག་བྱ་སྙན་དུ་སྙིང་ཐག་པ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ་ཚོགས་ཞིང་སྔར་ལྟར་གསལ་བའི་སྤྱན་སྔར་རང་གཞན་ཀུན་འཁོང་པར་དམིགས་ནས། སེམས་བསྐྱེད་ལེན་པའི་དམ་བཅའ་བརྟན་པོས་སེམས་བསྐྱེད་ཀྱི་ཚིག་གང་ཡིན་འབུམ་ཕྲག་གཅིག་བསགས། ཐུན་མཐའ་གོང་དང་འདྲ། གསུམ་པ་སྡིག་སྒྲིབ་སྦྱོང་བའི་ཐབས་ཀྱི་གཙོ་བོ་རྡོར་སེམས་སྒོམ་བཟླས་ཡིན་ཚུ་སོགས་སྤྲོ་བ་བསྐྱེད་ནས། སྤྱི་བོར་པདྨ་ཟླ་གདན་ལ་རྡོ་རྗེ་སེམས་དཔའ་གསལ་བཏབ། སྟོབས་བཞི་ཚད་པས་བཤགས་པ་དང་ལྡན་པའི་སྒོ་ནས་བདུད་རྩི་འབེབ་སྦྱོང་གི་དམིགས་པས་ཡིག་བརྒྱ་བཟླ། མཐར་སྤྱི་བོའི་ལྷ་འོད་དུ་ཞུ་ནས་རང་ལ་ཐིམ རང་དང་སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔར་གསལ་བའི་ཞལ་ནས་སྔགས་ཀྱི་སྒྲ་སྒྲོགས་པར་བསམ་ལ་ཡིག་དུག་བཟླ། ཐུན་བསྡུ་འོ། །བཞི་པ་ཚོགས་བསགས་ཀྱི་གཙོ་བོ་མཎྜལ་ཡིན་ཚུལ་དང་། རང་གི་ལུས་
ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་པོ་རྒྱུར་བྱས་པ་ལས་བྱུང་བའི་སྣང་སྲིད་སྣོད་བཅུད་ཀྱི་འཇིག་རྟེན་བཀོད་པས་བཀྲ་བའི་མཎྜལ་འབུལ་བའི་དམིགས་འདུན་དང་། དག་པ་སྐུ་གསུམ་གྱི་ཞིང་གིས་བསྡུས་པའི་དཔལ་འབྱོར་བཅས་ཚོགས་ཞིང་གོང་ལྟར་གསལ་བའི་མདུན་དུ་ཕུལ་བའི་ཡིད་ཀྱིས་མཎྜལ་གྲངས་བསག་གོ། ལྔ་པ་བྱིན་རླབས་འབེབ་ཅིང་རྟོགས་པ་སྐྱེ་བའི་སླད་དུ་ལམ་ཟབ་བླ་མའི་རྣལ་འབྱོར་ལ། བྱིན་རླབས་ཀྱི་རྩ་བ་ཡིན་ཚུལ་དང་། དམིགས་རིམ་ལེགས་པར་བཤད་ལ་ཡན་ལག་བདུན་པའམ། གསོལ་འདེབས་སོགས་འདོན་བཞིན་ཕྱག་འབུམ་ཕྲག་བསགས་པར་བྱ་ཞིང་། དེ་རྗེས་གསོལ་འདེབས་དང་སྦྲག་སྟེ་བླ་མའི་རྣལ་འབྱོར་དངོས་གཞི་དང་། ཐུན་ཀུན་གྱི་མཐར་དབང་བཞི་ལེན་ཞིང་། ཐུགས་ཡིད་བསྲེས་ལ་རང་བབ་གཉུག་མར་མཉམ་པར་བཞག་པར་བྱའོ། །དེ་ནས་དངོས་གཞིའི་ཁྲིད་ལ་སྤྱོད་པ་རྣམ་སྦྱོང་སོགས། ཚན་ལྔ་སྔ་མ་སྔ་མའི་མྱོང་བ་བརྟན་པར་བྱས་ནས་ཕྱི་མ་ཕྱི་མ་རིམ་བཞིན་ཁྲིད་དུ་བཏབ་པས་ཉམས་རྟོགས་ཀྱི་དྲོད་ཐོབ་པར་བྱའོ། །འདི་ནི་ཁྲིད་འདེབས་པའི་རྩ་ཐོ་ཙམ་དུ་མི་ཕམ་པས་བཀོད་པ་དགེ་ལེགས་སུ་གྱུར་ཅིག་མངྒ་ལཾ།། །།དགའ་རབ་རྡོ་རྗེའི་བླ་མའི་རྣལ་འབྱོར་ཡེ་ཤེས་ཆར་འབེབ་བཞུགས། ཨཱ། བདག་གི་སྤྱི་གཙུག་པད་ཟླའི་གདན་སྟེངས་སུ། །
དཔལ་ལྡན་རྡོ་རྗེ་སེམས་དཔའ་སྤྲུལ་པའི་སྐུ། །དགའ་རབ་རྡོ་རྗེ་དཀར་གསལ་སྤྲུལ་སྐུའི་ཆས། །མཚན་དཔེའི་དཔལ་འབར་ཆོས་འཆད་ཕྱག་རྒྱ་ཅན། །རབ་འབྱམས་སྐྱབས་ཀུན་འདུས་པའི་ངོ་བོར་དམིགས། །སྙིང་ནས་གདུང་ཤུགས་དྲག་པོས་གསོལ་བཏབ་པས། །ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོས་པར་བསམ། །ཡང་ཟབ་བླ་མའི་སྙིང་བོ་རྟག་ཏུ་བསྒྲང་། །ཨོཾ་ཨཱཿམ་ཧཱ་གུ་རུ་པྲ་ཧེ་བཛྲ་ཛྙཱ་ན་སིདྡྷི་ཧཱུྃ། བྱིན་རླབས་ཡེ་ཤེས་དངོས་གྲུབ་མྱུར་དུ་ཐོབ། །འཇམ་དཔལ་རྡོ་རྗེས་སྤེལ་བ་མངྒ་ལཾ། །མེ་བྱ་ཟླ་༡༠ཚེས་༡༦ལའོ། དགེཿ རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ནི། སྐྱབས་སེམས་ཚད་མེད་སྔོན་དུ་བཏང་། ཨ། མཁའ་དཀྱིལ་དང་བའི་དབྱིངས་ཉི་ཟླར། །རང་རིག་ཡེ་ཤེས་བདེ་བ་ཆེ། །རྡོ་རྗེ་སེམས་དཔའ་ཟླ་བའི་མདོག །ཞི་ཚུལ་མཚན་དང་དཔེ་བྱད་འབར། །ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད། །གཡོན་པས་དྲིལ་བུ་དཀུ་ལ་བརྟེན། །སྙེམ་མ་དཀར་མོ་གྲི་ཐོད་ཅན། །བདེ་སྟོང་མཉམ་པར་སྦྱོར་བས་འཁྱུད། །ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་བསྒོམ། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཀུན། །མ་ལུས་པར་ནི་འགྲུབ་པར་འགྱུར། །ཐུགས་དབུས་ཟླ་སྟེང་རྡོ་རྗེའི་དབུས། །ཧཱུྃ་ལ་ཡི་གེ་དྲུག་པས་བསྐོར། །སྣང་སྲིད་རྣམ་དག་བདེ་བ་ཆེ། །རྡོ་རྗེ་སམས་དཔའི་
ངང་དུ་སང་། །ཨོཾ་བཛྲ་ས་ཏྭ་ཧཱུྃཿ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་རྡོ་རྗེ་སེམས་དཔའི་སྙིང་པོ་ཡི་གེ་དྲུག་པ། མཚན་འདི་གང་གིས་ཐོས་པ་དེས་སྔོན་སངས་རྒྱས་མང་པོ་ལ་བྱ་བ་བྱས་པ་ཡིན་ཏེ། རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་ངེས་པར་འབྱུང་བ་དང་། རྒྱལ་བ་རྣམས་ཀྱི་བྱིན་གྱིས་རློབ་པ་དང་། ཐེག་པ་ཆེན་པོར་ངེས་པར་འབྱུང་བ་དང་། མངོན་ཤེས་དང་ལྡན་ཞིང་ལྷག་མཐོང་གི་མིག་དང་ལྡན་པ་དང་། རྒྱལ་བའི་སྲས་སུ་ངེས་པ་ཡིན་ནོ་ཞེས་སྤྱི་མདོ་དགོངས་པ་འདུས་པ་ལས་གསུངས་ཤིང་འདི་འབུམ་ཕྲག་གཅིག་བརྗོད་ན་རྩ་བའི་དམ་ཚིག་ཉམས་པ་ཡང་ཞི་བར་འགྱུར་པོ་ཞེས་ཕྱག་རྡོར་དྲག་པོ་གསུམ་འདུལ་གྱི་རྒྱུད་ལས་གསུངས་དེ་ཉིད་བསྡུས་པ་ལས། རྡོ་རྗེ་སེམས་དཔའི་མཚན་ཙམ་ཞིག །ལན་གཅིག་ཙམ་ཡང་བརྗོད་གྱུར་ན། །འདི་ནི་སྲུང་བ་རྟག་ཆེན་པོ། །སྐད་ཅིག་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས། ཡིད་མ་གྱི་ལྷ་བདེ་མཆོག་དང་དགྱེས་རྡོར་གསང་འདུས་དུས་ཀྱི་འཁོར་ལོ་དཔལ་ཡང་དག་ཧེ་རུ་ཀ་ཕུར་པ་རྡོ་རྗེ་གཞོན་ནུ་རྣམས་ཀྱང་རྡོ་རྗེ་སེམས་དཔའ་ཉིད་ཡིན་ལ་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་སྔོན་འདི་ལྟར་དམ་ཚིག་ཉམས་ཆག་ཅན་རྣམས་ཀྱི་མདུན་དུ་བདག་གནས་ནས་སྒྲིབ་པ་ཐམས་ཅད་སྦྱོང་བར་ཤོག་ཅེས་སྨོན་ལམ་བཏབ་བས། ད་ལྟ་འདི་ཉིད་ཀྱི་ལྷ་སྔགས་དྲན་པ་ཙམ་གྱིས་ཉམ་ཆགས་སྡིག་སྒྲིབ་སྦྱོང་བར་བྱེད་ཅིང་མདོར་ན་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དཔལ་ལྡན་རྡོ་རྗེ་སེམས་དཔར་འདུས་ཤིང་། གསང་སྔགས་དང་རིག་སྔགས་ཐམས་ཅད་སྙིང་པོ་ཡི་གེ་དྲུག་པ་འདི་ལ་འདུས་པས་ལྷ་སྔགས་འདི་དག་གི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་སོ། །ཐུན་མཐར་མཆོད་བསྟོད་ནི། ཧཱུྃ། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ། །ཀུན་ཏུ་
བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱམ་མཚོས་མཆོད། །ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཛཿཧཱུྃ་བཾ་ཧོ་སུ་ར་ཏ་སྟྭཾ། ཧཱུྃ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལ་འོ། །ཞེས་བྱས་ལྷར་སྣང་འོད་གསལ་ངང་དུ་བསྡུ། སླར་ཡང་ཟུང་འཇུག་སྒྱུ་མའི་སྐུར་ལང་ལ། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས་སོགས་ཚོགས་བཅད་དང་། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་རྒྱལ་པོ་བདེ་ཆེ། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པས། །དོན་གྲུབ་བསམ་པ་གྲུབ་པར་ཤོག །ཅེས་པ་འང་རབ་ཚེས་ལགས་བྱི་ཟླ་༦ཚེས་༦ལ་སྒྲུབ་བརྒྱུད་དགོན་གྱི་རི་ཁྲོད་དུ་མི་ཕམ་མི་བསྐྱོད་རྡོ་རྗེས་བྲིས་པ་འདིས་ལམ་འདི་ལས་འགྲོ་བ་ཐམས་ཅད་ཀྱིས་དབུགས་འབྱིན་ཆེན་པོ་མཆོག་གི་དངོས་གྲུབ་གྱི་དགའ་སྟོན་དམ་པ་ཐོབ་པར་གྱུར་ཅིག མངྒ་ལཾ།། །།དཔལ་རོང་ཟོམ་པཎྜི་ཏ་ཆེན་པོའི་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་བཞུགས། རང་ལུས་རྡོ་རྗེ་རྣལ་འབྱོར་མར་གསལ་བའི། །སྤྱི་བོར་འདབ་སྟོང་ཉི་ཟླའི་དཀྱིལ་འཁོར་དབུས། །རྒྱལ་ཀུན་མཁྱེན་རབ་ངོ་བོ་འཇམ་པའི་དབྱངས། །རྣམ་པ་སྐྱབས་གནས་ཀུན་འདུས་བླ་མའི་ཚུལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་པཎྜི་ཏ། །སྨྲ་བའི་སེང་གེ་རོང་ཟོམ་ཆོས་ཀྱི་
བཟང། །སྔགས་པའི་ཆ་ལུགས་གསང་གོས་བེར་བྱམས་ཅན། །མཐོན་མཐིང་རལ་པ་སིལ་བུ་སྐུ་རྒྱབ་གྲོལ། །དགྱེས་འཛུམ་མཚན་དཔེ་གཟི་བྱིན་ལམ་མེ་བ། །ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱས་ཨུཏྤལའི། །ལྟེ་བར་སྔོ་བསང་རལ་གྲིས་མཚན་པ་འཛིན། །ཕྱག་གཡོན་མཉམ་བཞག་རྒྱུད་ཀྱི་གླེགས་བམ་བསྣམས། །ཞབས་ཟུང་མི་ཕྱེད་རྡོ་རྗེའི་སྐྱིལ་ཀྲུང་གིས། །ཡེ་ཤེས་འོད་ལྔ་འབར་བའི་ཀློང་ན་བཞུགས། །གནས་གསུམ་རྡོ་རྗེ་གསུམ་གྱི་ས་བོན་ལས། །འོད་འཕྲོས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀུན། །རྗེ་བཙུན་བླ་ཡ་མཆོག་གི་རྣམ་པ་རུ། །སྤྱན་དྲངས་དམ་ཡེ་གཉིས་སུ་མེད་པར་གྱུར། །རིགས་རྣམས་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་། །དཔལ་མགོན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཐོག་མེད་ནས་བསགས་སྡིག་ལྟུང་ཉེས་ཀུན་བཤགས། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རངས། །འགྲོ་ཁམས་རྒྱ་མཚོར་རྡོ་རྗེ་ལྟ་བུའི་སྐུས། །ཟབ་དང་རྒྱ་ཆེའི་ཆོས་འཁོར་བསྐོར་བར་བསྐུལ། །བདག་གིས་དུས་གསུམ་དགེ་བ་ཅི་བསགས་པ། །མ་ལུས་གཅིག་ཏུ་བློ་ཡིས་ཡོངས་བསྡོམ་ནས། །མཁའ་ཁྱབ་འགྲོ་བའི་དོན་དུ་ཟུང་འཇུག་སྐུ། །དཔལ་ལྡན་བླ་མའི་གོ་འཕང་ཐོབ་ཕྱིར་བསྔོ། །
འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །དཔལ་མགོན་བླ་མ་ཁྱེད་དང་མི་འབྲལ་ཞིང་། །བྱང་ཆུབ་ཐོབ་ཀྱང་རིགས་ཀྱི་བདག་པོ་རུ། །བཞུགས་ནས་འབྲལ་བ་མེད་པར་བྱིན་གྱིས་རློབས། །འཇམ་དཔལ་མཁྱེན་པའི་ཉི་མ་སྙིང་ལ་ཤར། །སྙིང་རྗེའི་གཏེར་ཆེན་ཡིད་ཀྱི་མཚོ་འཕེལ་ཞིང་། །མཐུ་སྟོབས་རྡོ་རྗེ་འཛིན་པས་དབང་བསྒྱུར་ནས། །རིག་འཛིན་གོ་འཕང་གྲུབ་པར་བྱིན་གྱིས་རློབས། །མདོ་རྒྱུད་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །རྒྱུད་ལུང་མན་ངག་ཟབ་མོའི་དགོངས་པའི་དོན། །ཡིད་ལ་རྩོལ་མེད་ངང་གིས་འཆར་བ་ཡི། །བྱིན་རླབས་དབང་སྐུར་སྩོལ་ཅིག་པཎྜི་ཏ། །རིགས་གསུམ་དབྱེར་མེད་དཔལ་སྔན་ཆོས་ཀྱི་རྗེ། །ཁྱོད་ལ་གསོལ་བ་བཏབ་པ་ཙམ་གྱིས་ཀྱང་། །བྱིན་རླབས་སྣང་བ་མངོན་སུམ་མཐོན་ཞེས་གྲགས། །ཐུགས་དམ་དགོངས་པས་གཟིགས་ཤིག་རིན་པོ་ཆེ། །དེང་སང་སྙིགས་མ་ལྔ་བདོའི་མཐུས་མནར་བས། །བསྟན་པ་གནས་ཀྱང་རྟོན་པ་བཞི་དང་བྲལ། །བདེ་གཤེགས་དགོངས་པའི་ཟབ་དོན་རྙེད་དཀའ་བས། །དོན་བརྒྱུད་བྱིན་རླབས་བདག་ལ་འཕོ་བར་མཛོད། །བདག་ཀྱང་སྐྱེ་བ་ཀུན་དུ་མགོན་ཁྱོད་ཀྱི། །རླབས་ཆེན་ཕྲིན་ལས་སྤེལ་བའི་བྲན་གྱུར་ནས། །བསྟན་དང་བསྟན་པའི་སྙིང་པོ་ནང་རྒྱུད་གསུམ། །མཁའ་ཁྱབ་ཞིང་དུ་འཛིན་སྐྱོང་ས་
སྤེལ་གྱུར་ཅིག །ཅེས་གསོལ་བ་དྲག་ཏུ་བཏབ་ལ། བླ་མའི་ཐུགས་ཀར་ཟླ་སྟེང་ངྷཱིཿཡིག་མཐར། །གསང་སྔགས་སྙིང་པོས་བསྐོར་བའི་འོད་ཟེར་གྱིས། །རྩ་གསུམ་རྒྱལ་བ་ཀུན་གྱི་བྱིན་རླབས་བཅུད། །སྐུ་དང་སྔགས་ཕྲིང་ཕྱག་མཚན་རྣམ་པ་རུ། །ཆར་ལྟར་བབ་པ་བླ་མའི་སྐུ་ལ་ཐིམ། །དེ་ལས་ཡེ་ཤེས་བདུད་རྩིའི་རྒྱུན་བབ་པས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་གྱུར། །ཅེས་དམིགས་པ་དང་མོས་གུས་དྲག་པོས། ཨོཾ་ཨཱཿབཛྲ་མ་ཧཱ་གུ་རུ་དྷརྨཱ་བྷ་དྲ་སརྦ་སིདྡྷི་ཧཱུྃ༔ ཞེས་དང་བླ་མ་ཡི་དམ་སྦྲག་སྒྲུབ་ལ། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་དྷརྨཱ་བྷ་དྲ་ཨ་ར་པ་ཙ་ན་སརྦ་སིདྡྷི་ཧཱུྃ་ཧཱུྃ་ཨཱཿ རིག་འཛིན་ཡོངས་ཀྱི་སྲིག་སྔགས་ལ། །བླ་མའི་མཚན་སྔགས་བསྒྱུར་བ་འདི། །རྒྱུད་དང་སྒྲུབ་ཆེན་དགོངས་པ་ཡིན། །དངོས་གྲུབ་ཐོབ་ལ་སོམ་ཉི་མེད། །ཐུན་མཐར་དབང་བཞི་ལེན་ཞིང་ཐུགས་ཡིད་བསྲེས་པའི་ངང་རང་གི་སེམས་ཉིད་བཟོ་བཅོས་མེད་པ་གཉུག་མ་བྱང་ཆུབ་སེམས་ཀྱི་དོན་ལ་མཉམ་པར་བཞག་ཅིང་དེ་ལས་ལྡང་བ་དང་དགེ་བ་བསྔོ་སྟེ་བཀྲ་ཤིས་བརྗོད་ཅིང་། དུས་རྒྱུན་དུའང་བླ་མའི་སྣང་བ་དང་རང་སེམས་འདྲེས་པའི་ཉམས་མྱོང་ལ་ཉམས་ལེན་སྙིང་པོར་བྱའོ། །ཚུལ་འདི་ལ་མཆོག་ཏུ་མོས་པ་ལུང་དང་རིགས་པ་སྨྲ་ཞིང་སྒྲུབ་པ་ལ་བརྩོན་པ་མདོ་སྔགས་ཀྱིས་བསྐུལ་ངོར། མཚུངས་མེད་མ་ཧཱ་པཎྜི་ཏ་ཆེན་པོའི་རྗེས་སུ་འཇུག་པར་ཁས་འཆེ་བ་མི་ཕམ་རྣམ་པར་རྒྱལ་བས་ཟླ་ཚེས་བཟང་པོ་ལ་བྲིས་པ་དགེ་འོ། །མངྒ་ལཾ།། །།
༈ མཁན་ཆེན་ཡབ་སྲས་ཀྱི་བླ་མའི་རྣལ་འབྱོར་བྱིན་རླབས་གྲུ་ཆར་བཞུགས་སོ། །བློ་ལྡན་གང་ཞིག་ཟབ་མོ་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་གཉིས་བསྐྱེད་པ་སྔོན་དུ་བཏང་ནས། ཨ། རང་ལུས་ཐམས་གནས་པའི་སྤྱི་གཙུག་ཏུ། །རིན་ཆེན་སེང་ཁྲི་པདྨ་ཟླ་གདན་ལ། །སྐྱབས་གནས་ཀུན་འདུས་ཐུགས་རྗེའི་གཏེར་ཆེན་པོ། །ཤཱཀྱའི་སྲས་གཅིག་མཁན་ཆེན་ཞི་བ་འཚོ། །རབ་བྱུང་ཆ་ལུགས་ཆོས་གོས་པཎ་ཞུས་མཛེས། །ཕྱག་གཡས་ཆོས་འཆད་གཡོན་པར་གླེགས་བམ་བསྣམས། །ཐུགས་ཀྱི་སྲས་མཆོག་པདྨའི་ངང་ཚུལ་སོགས། །རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་རྣམ་ཐར་ཅན། །འཕགས་བོད་མཁས་ཤིང་གྲུབ་བརྙེས་པཎྜི་ཏ། །ཀུན་ཀྱང་ཏིལ་གྱི་གང་བུ་བཞིན་དུ་བཞུགས། །རབ་འབྱམས་ཕྱོགས་བཅུའི་ཞིང་ནས་ཡེ་ཤེས་པ། །ཀུན་ཀྱང་བླ་མའི་རྣམ་པར་སྤྱན་དྲངས་ཏེ། །དང་བའི་ཡིད་ཀྱིས་མཁའ་ལ་མངོན་གསལ་བའི། །བསྒོམ་པའི་རྟེན་དང་གཉིས་སུ་མེད་པར་གྱུར། །རྡུལ་སྙེད་ཕྱག་གིས་གུས་བར་བཏུང་བྱས་ཏེ། །རབ་འབྱམས་ནམ་མཁའ་གང་བའི་མཆོད་སྤྲིན་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་མཐོལ་ཞིང་བཤགས། །སྐྱེ་འཕགས་དགེ་བ་ཀུན་ལ་རྗེས་ཡི་རངས། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་འགྲོ་བའི་མ་གོན་དུ་བཞུགས། །དགེ་
ཚོགས་བྱང་ཆུབ་མཆོག་གི་རྒྱུར་བསྔོའོ། །མཁྱེན་རབ་དབང་ཕྱུག་འཇམ་དཔལ་གཞོན་ནུ་ཉིད། །བརྩེ་བའི་གཏེར་ཆེན་ཕྱག་ན་པདྨ་དངོས། །མཐུ་སྟོབས་ནུས་པའི་དབང་ཕྱུག་རྡོ་རྗེ་འཛིན། །རིགས་གསུམ་དབྱེར་མེད་བླ་མར་གསོལ་བ་འདེབས། །རྨད་བྱུང་ཤིང་རྟ་གཉིས་ཀྱི་གཞུང་བཟང་པོ། །དགོངས་པ་གཅིག་ཏུ་སྒྲུབ་པའི་སྲོལ་འབྱེད་པ། །འཕགས་ཡུལ་མཁས་རྣམས་གཙུག་གི་རྒྱན་གཅིག་པུར། །རྒྱལ་མཚན་ཏོག་ལྟར་འཕགས་ལ་གསོལ་བ་འདེབས། །གདུལ་དཀའ་བོད་ཡུལ་མུན་པའི་སྨག་རུམ་དུ། །སངས་རྒྱས་བསྟན་པའི་ཉིན་བྱེད་གསལ་མཛད་ཅིང་། །ཡང་ནས་ཡང་དུ་སྐྱོང་བར་ཞལ་བཞེས་པ། །བཀའ་དྲིན་འགྲན་ཟླ་བྲལ་ལ་གསོལ་བ་འདེབས། །བསིལ་ལྡན་ར་བས་མཛེས་པའི་ཡུལ་འདི་ན། །མགོན་པོ་གང་ལ་དད་ཅིང་དྲིན་བཟོའི་སེམས། །གནས་པ་སྲིད་དུ་རྒྱལ་བསྟན་མི་ཉམས་ཞེས། །ལུང་བསྟན་བདེན་ཚིག་བསྒྲགས་ལ་གསོལ་བ་འདེབས། །གང་གི་སྐུ་མཆོག་གཙུག་ཏུ་ལེགས་བསྒོམ་ན། །ཚུལ་ཁྲིམས་རྣམ་དག་དགེ་འདུན་འདུ་བ་འཕེལ། །སྙིང་གར་བསྒོམ་ན་ཤེས་རབ་མཆོག་ཐོབ་ཅེས། །བདེན་པའི་ཞལ་བཞེས་མངའ་ལ་གསོལ་བ་འདེབས། །སྙིགས་པའི་དུས་སུ་རྒྱལ་བསྟན་དམས་གྱུར་ནས། །དགེ་འདུན་སྡེ་རྣམས་ཤིན་ཏུ་ཉམ་ཐག་ཚེ། །
སྟོན་པ་མཆོག་དང་ང་ཉིད་དྲན་གྱིས་དང་། །སྐྱོབ་པར་འགྱུར་ཞེས་རྡོ་རྗེའི་ཚིག་ཏུ་གསུངས། །དེ་ཕྱིར་སླུ་མེད་མགོན་པོ་ཁྱོད་ཉིད་ལ། །གདུང་བའི་བུ་ཆུང་མ་ལ་རེ་བ་བཞིན། །སྙིགས་མས་གཙེས་ཤིང་བསྟན་ཞབས་སྐྱེས་པ་རྣམ་ས། །གུས་པའི་ཡུས་ཀྱིས་གསོལ་བ་འདེབས་ལགས་ན། །རབ་འབྱམས་རྒྱལ་བའི་ཞིང་ཀུན་ཁྱབ་པ་ཡི། །རྒྱལ་བའི་དམ་ཆོས་འཛིན་པའི་རྣམ་རོལ་ཅན། །མགོན་པོ་ཁྱོད་ཀྱི་བྱིན་རླབས་བདུད་རྩིའི་སྤྲིན། །མོས་པའི་ཡིད་ཀྱི་མཁའ་ལ་སྣང་བར་མཛོད། །ཟབ་དོན་དབུ་མར་ལྟ་བའི་མིག་བསྒྲད་ཅིང་། །རྣམ་དག་ཚུལ་ཁྲིམས་གོས་བཟང་གཙང་མས་མཛེས། །ཏིང་འཛིན་བཟང་པོའི་ལུས་སྟོབས་ཡོངས་རྫོགས་ཏེ། །རྒྱལ་བའི་བསྟན་ལ་བྱ་བ་བྱེད་པར་ཤོག །སྡེ་སྣོད་གསུམ་མཁས་བསླབ་པ་གསུམ་ལྡན་པའི། །དགེ་འདུན་འདུ་བ་ཡར་ངོའི་ཟླ་ལྟར་འཕེལ། །བཤད་དང་སྒྲུབ་པ་མཆོག་གི་བསྟན་པ་ནི། །དབྱར་གྱི་ཆུ་གཏེར་ལྟ་བུར་རྒྱས་གྱུར་ཅིག །རྒྱལ་སྲས་ཀུན་ཏུ་བཟང་དང་འཇམ་དབྱངས་བཞིན། །རྒྱལ་བའི་ཆོས་མཛོད་མ་ལུས་འཛིན་པ་དང་། །རྫོགས་སྨིན་སྦྱངས་པ་རྒྱ་མཚོའི་མཐར་ཕྱིན་ནས། །མྱུར་དུ་རྒྱལ་བའི་དབང་པོར་འགྲུབ་གྱུར་ཅིག །ཅེས་པའི་དོན་ལ་དམིགས་པའི་བློ་དང་མ་བྲལ་བར་སྤྱི་པོའི་བླ་མ་འཁོར་བཅས་ཀྱི་སྐུ་ལས་བྱུང་བའི་ཡེ་ཤེས་ཀྱི་འོད་ཟེར་རང་ལ་
ཐིམ་པས་སྒོ་གསུམ་བྱིན་གྱིས་བརླབས་པར་བསམ་ལ། ཨོཾ་མཱ་ཧཱ་གུ་རུ་བོ་དྷི་ས་ཏྭ་ཤིནྟིང་རཀྵི་ཏ་སརྦ་པྲ་ཛྙཱ་ཛྙཱ་ན་སིདྡྷི་ཧཱུྃ། ཞེས་ཅི་ནུས་བཟླས་མཐར། སྤྱི་བོའི་བླ་མ་འཁོར་བཅས་འོད་དུ་ཞུ། །རང་ལ་ཐིམ་པས་རང་སེམས་གདོད་མའི་གཤིས། །སྐྱེ་འགག་དང་བྲལ་འོད་གསལ་ལ་གཉུག་མ་ཆེ། །ཟུང་འཇུག་དབུ་མའི་དོན་ལ་མཉམ་པར་བཞག །ཨཱ་ཨཱཿ སླར་ཡང་སྣང་བ་ཐམས་ཅད་བླ་མའི་རང་བཞིན་སྒྱུ་མ་ལྟ་བུར་ཤེས་པའི་ངང་ནས་དགེ་བའི་རྩ་བ་བསྔོ་ཞིང་སྨོན་ལམ་གྱི་ཁྱད་པར་དུ་མས་རྒྱས་གདབ་པར་བྱའོ། །ཞེས་པའང་། བསླབ་གསུམ་རིན་པོ་ཆེས་ཐུགས་རྒྱུད་ལེགས་པར་མཛེས་པ་འཕེན་ཁང་ཞབས་དྲུང་རིན་པོ་ཆེས་བཀྲ་ཤིས་པའི་ལྷ་རེག་བཅས་བཀའ་ཡི་བསྐུལ་མ་གནང་བ་ལས། དཔལ་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོར་ཤིང་ལུག་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཅུ་གཅིག་པ་རྒྱལ་དང་ཕུར་བུའི་འགྲུབ་སྦྱོར་བཟང་པོའི་སྔ་ཆར་འཇམ་དཔལ་དགྱེས་པའི་རྡོ་རྗེས་སྤེལ་བ་འདིས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ནས་རྒྱལ་བར་གྱུར་ཅིག མངྒ་ལཾ།། །།པཎ་ཆེན་སྨྲྀ་ཏིའི་བླ་མའི་རྣལ་འབྱོར་དངོས་གྲུབ་གཏེར་ཆེན་ཞེས་བྱ་བ་བཞུགས། ཨཱཿ རང་ལུས་རྡོ་རྗེ་རྣལ་འབྱོར་མར་གསལ་བའི། །སྤྱི་བོར་ཆུ་སྐྱེས་ཉི་ཟླའི་གདན་གྱི་སྟེང་། །སྐྱབས་གནས་ཀུན་འདུས་པཎ་ཆེན་སྨྲྀ་ཏིའི་ཞབས། །རབ་བྱུང་ཆ་ལུགས་པཎ་ཞུ་མཉམ་བཞག་ཅན། །ཐུགས་ཀར་སྐྱེ་མེད་རྡོ་རྗེའི་ཡི་གེས་མཚན། །ཤངས་ནས་ཡེ་ཤེས་རླུང་
ལྔའི་འོད་ཟེར་ཅན། །བདེ་དྲོད་བྱིན་རླབས་གཟི་བྱིན་ལམ་མེར་གསལ། །མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། །སྐྱབས་མཆོག་ཁྱེད་ལ་གཏན་དུ་འབུལ་བགྱིད་ན། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་འཛིན་ཅིང་། །མཆོག་དང་ཐུན་མོངས་ད་ངོས་གྲུབ་ད་ལྟ་སྩོལ། །ཅེས་མོས་གུས་རྩེ་གཅིག་པས། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སྨྲྀ་ཏི་ཛྙཱ་ན་སརྦ་སིདྡྷི་ཧཱུྃ། རིག་འཛིན་བླ་མའི་སྲིག་སྙིང་ལ། །མཚན་གྱི་ཡི་གེས་བརྒྱན་པ་ཡིས། །རྡོ་རྗེའི་ཡི་གེ་དབུ་ཕྲག་གཉིས། །བཟླས་པས་དངོས་གྲུབ་མྱུར་དུ་ཐོབ། །མཐར་བླ་མ་དང་རང་སེམས་དབྱེར་མེད་ཀྱི་མཉམ་བཞག་ཇི་ནུས་སུ་བསྐྱང་ཞིང་། ཐུན་མཚམས་སུ། སྐྱེ་བ་ཀུན་དུ་ཡང་དག་བླ་མ་དང་སོགས་ཀྱི་བསྔོ་སྨོན་རྣམ་པར་དག་པས་རྒྱས་གདབ་པར་བྱའོ། །ཞེས་པའང་པཎ་ཆེན་སྨྲྀ་ཏིའི་སྐུ་གཟུགས་མཆོད་སྡོང་ཆེན་པོའི་ཉེ་ཆར་དད་ལྡན་ཀརྨ་དབང་རྒྱལ་ནས་བཀྲ་ཤིས་པའི་ལྷ་རྫས་བཅས་བསྐུལ་བའི་ངོར། འཇམ་དབྱངས་རྣམ་པར་རྒྱལ་བས་རིང་མོ་ནས་པཎ་ཆེན་འདི་ཉིད་ལ་མོས་པས། དྲན་ཐང་གི་ཆོས་སྡེ་དེ་ཉིད་དུ་བྲིས་པ་དགེ་ལེགས་འཕེལ།། །།འཕགས་ཡུལ་མཁས་དང་གྲུབ་པའི་ཁྱུ་མཆོག་ནི། །མཁྱེན་བརྩེ་ནུས་པ་མཚུངས་མེད་ཆོས་ཀྱི་རྗེ། །དྲན་པས་བྱིན་རླབས་བདུད་རྩིའི་ཆར་འབེབ་པ། །སྨྲྀ་ཏི་ཛྙཱ་ནའི་ཞབས་ལ་གསོལ་བ་འདེབས། །ཞེས་པའང་དད་ལྡན་དབང་རྒྱལ་གྱི་ངོར་མི་ཕམ་པས་སྤེལ་བ་
དགེའོ།། །།ཤིན་ཏུ་ཟབ་པ་ཡི་གེ་གཅིག་མའི་སྒྲུབ་སྐོར་བཞུགས། ཨཱ། རང་བཞིན་འོད་གསལ་དབྱིངས་ལས་སྐད་ཅིག་གིས། །རང་ཉིད་འཇམ་དཔལ་རྡོ་རྗེ་གུར་གུམ་མདོག །ཕྱག་གཡས་མཆོག་སྦྱིན་གཡོན་པས་་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་པད་ཟླའི་སྟེང་། །རྡོ་རྗེའི་སྐྱིལ་ཀྲུང་འོད་ཟེར་རབ་འཕྲོ་བའི། །ཐུགས་ཀར་ཟླ་སྟེང་ཡེ་ཤེས་སྙིང་པོ་གསལ། །མྃ། ཞེས་གསང་སྔགས་རྒྱལ་པོ་ནི། །ཅི་འགྲུབ་བར་ནི་བཟླ་བར་བྱ། །འཇིགས་པ་ཀུན་ཞི་ཚེ་བསོད་རྒྱས། །ཁྱད་པར་འགྲོ་ཀུན་དབང་དུ་བྱེད། །བདུད་དང་བར་ཆད་ཐམས་ཅད་སྒྲོལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །འདི་ཉིད་གཅིག་པུས་འགྲུབ་པར་བྱེད། །ཟབ་བོ་གསང་ངོ་སྙིང་ལ་འཆོངས། །ས་མ་ཡཱ༔ ཨ། རང་བཞིན་འོད་གསལ་དབྱིངས་ལས་སྐད་ཅིག་གིས། །རང་ཉིད་འཇམ་དཔལ་དཔའ་བོ་ཟླ་བའི་མདོག །ཕྱག་གཡས་མཆོག་སྦྱིན་གཡོན་པས་ཨུཏྤལ་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་པད་ཟླའི་སྟེང་། །རྡོ་རྗེའི་སྐྱིལ་ཀྲུང་འོད་ཟེར་རབ་འཕྲོ་བའི། །ཐུགས་ཀར་ཟླ་སྟེང་ཡེ་ཤེས་སྙིང་པོ་གསལ། །སྲིད་ཞིའི་གཟུངས་དང་བློ་གྲོས་སྤོབས་པ་བསྡུས། །རང་གི་སྙིང་གའི་ཨ་ལ་ཐིམ་པར་བསམ། །ཨ། ཞེས་གསང་སྔགས་ཐམས་ཅད་ཀྱི། །རྩ་བ་ཡི་གེའི་རྒྱལ་པོ་བཟླ། །འདི་གྲུབ་ན་ནི་སྔགས་ཀུན་གྲུབ། །གསང་སྔགས་བསྐྱར་ནས་བཟླས་པ་རྫོགས། །ཚེ་བསོད་གཟུངས་
སྤོབས་བློ་གྲོས་སོགས། །གང་འདོད་དངོས་གྲུབ་མཆོག་སྩོལ་ལོ། །ས་མ་ཡཱ༔ ཡང་ན་ཨཾ་ཞེས་ང་རོ་ཅན་དེ་ཀློ་ག མཆན། ཡང་ན། ཐུགས་ཀར་ཟླ་སྟེང་ཀུན་ཏུ་བཟང་མོ་ནི། །ཤེས་རབ་ཕར་ཕྱིན་དཀར་མོ་སྐྱིལ་ཀྲུང་བཞུགས། །རྒྱན་མེད་གཅེར་བུ་མཉམ་བཞག་རྡོ་རྗེ་འཛིན། །ཐུགས་ཀར་ཟླ་བར་ཡི་གེའི་རྒྱལ་པོ་བསམ། །ཐམས་ཅད་མཉམ་ཉིད་ངང་བཞག་ཨ་ཉིད་བཟླ། །ཟབ་མོ་དབུ་མ་ཤེས་རབ་ཕར་ཕྱིན་གྱི། །དགོངས་པ་སྙིང་ལ་འཆར་བའི་ཐབས་ཡིན་ནོ། །ཨ། རང་བཞིན་འོད་གསལ་དབྱིངས་ལས་སྐད་ཅིག་གིས། །རང་ཉིད་འཇམ་དཔལ་གཞོན་ནུ་འཆར་ཁའི་མདངས། །རལ་གྲི་དང་ནི་ཨུཏྤལ་པོ་ཏི་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་པད་ཟླའི་སྟེང་། །རྡོ་རྗེའི་སྐྱིལ་ཀྲུང་འོད་ཟེར་རབ་འཕྲོ་བའི། །ཐུགས་ཀར་ཟླ་སྟེང་ཡེ་ཤེས་སྙིང་པོ་གསལ། །འཁོར་འདས་ཀུན་བྱེ་ཤེས་རབ་དྭངས་བཅུད་བསྡུས། །རང་གི་ཐུགས་ཀའི་ས་བོན་དག་ལ་བསྟིམ། །ངྷཱི། ཞེས་གསང་སྔགས་སྙིང་པོ་ནི། །ཅི་མང་བཟླས་པས་དུས་མྱུར་དུ། །ཤེས་རབ་གཏེར་ཁ་བརྡོལ་བར་འགྱུར། །ས་མ་ཡཱ༔ ཡང་ན། ཨ། རང་བཞིན་འོད་གསལ་དབྱིངས་ལས་སྐད་གཅིག་གིས། །རང་ཉིད་འཇམ་དཔལ་གཞོག་ནུར་གསལ་བ་ཡི། །ཐུགས་དབུས་པད་ཟླའི་སྟེང་དུ་རིན་ཆེན་ཏོག །གསེར་མདོག་ལོངས་སྐུའི་ཆས་ཅན་མཆོག་སྦྱིན་དང་། །མཉམ་བཞག་ཕྱག་རྒྱ་
གསེར་གྱི་འཁོར་བསྣམས། །དེ་ཡི་ཐུགས་ཀར་གསེར་འཁོར་རྩིབས་བཞི་དབུས། །ཡེ་ཤེས་སྙིང་པོ་གསལ་ལ་བཟླས་པ་བྱ། །བྷྲཱུྃ། ཞེས་རིག་པའི་རྒྱལ་པོ་བཟླ། །སྲུང་དང་ཞི་རྒྱས་དབང་དྲག་ལས། །ཇི་ལྟར་འདོད་པ་བཟླས་པས་འགྲུབ། །ཡང་། ཨ། རང་བཞིན་འོད་གསལ་སོགས། འཇམ་དཔལ་དཀར་པོའམ་སེར་པོ་གང་རུང་གསལ། མངོན་རྟོགས་འདོན་ཆ་འདྲ། མུ། ཞེས་གསང་སྔགས་གསང་བ་ཆེ། །རིག་པའི་རྒྱལ་པོ་ཅི་འགྲུབ་བཟླ། །ཞི་སོགས་རབ་འབྱམས་ལས་རྣམས་དང་། །ཁྱད་པར་སྲུང་དང་ཞི་དང་དཀྲོལ། །གསོ་དང་ཚེ་བསོད་དབང་རྣམས་འགྲུབ། །དྲན་དང་བཀླག་པས་མྱུར་འགྲུབ་བྱེད། །ས་མ་ཡཱ༔ ཨ། རང་བཞིན་འོད་གསལ་དབྱིངས་ལས་སྐད་གཅིག་གིས། །རང་ཉིད་འཇམ་དཔལ་དཀར་པོ་ཟླ་བའི་མདོག །སོགས་འདྲ་ལ། ཐུགས་ཀར་ཟླ་སྟེང་ཡེ་ཤེས་སེམས་དཔལ་ནི། །རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་རྒྱ་ཅན། །དེ་ཡི་ཐུགས་ཀར་ཟླ་བར་ཡི་གེ་ཨོཾ། །རབ་དཀར་བདུད་རྩིའི་འོད་ཟེར་འབར་བར་བསམ། །ཨོཾ། ཞེས་གསང་སྔགས་ཀུན་གྱི་སྲོག །རིག་པའི་སྙིང་པོ་ཅི་མང་བཟླ། །འདིས་ནི་ཞི་དང་བཀྲ་ཤིས་པའི། །མཆོག་སྦྱིན་དངོས་གྲུབ་ཐམས་ཅད་ཐོབ། །ས་མ་ཡཱ༔ ཨཱ། རང་བཞིན་འོད་གསལ་དབྱིངས་ལས་སྐད་གཅིག་གིས། །རང་ཉིད་འཇིག་རྟེན་དབང་ཕྱུག་རཱ་གའི་མདོག །ཡིད་འཕྲོག་ལང་ཚོ་དར་དང་རིན་ཆེན་བརྒྱན། །མཆོག་སྦྱིན་དང་ནི་པདྨ་དམར་པོ་
བསྣམས། །པད་ཟླའི་གདན་ལ་ཕྱེད་སྐྱིལ་ཚུལ་གྱིས་བཞུགས། །ཐུགས་ཀར་པདྨ་དམར་པོའི་ཟེའུ་འབྲུའི་དབུས། །ཡེ་ཤེས་སྙིང་པོ་ཨཾ་ཡིག་དམར་པོ་ལས། །མཁའ་ཁྱབ་འོད་འཕྲོས་བྱིན་རླབས་དངོས་གྲུབ་བསྡུས། །ཨཾ་ཞེས་རིག་པའི་རྒྱལ་པོ་བཟླ། །བྱིན་རླབས་དངོས་གྲུབ་སྤྲིན་བཞིན་འདུ། །ས་གསུམ་ཐམས་ཅད་དབང་དུ་བྱེད། །ཇི་ལྟར་འདོད་པའི་མཆོག་ཐོབ་བོ། །ཨ། རང་བཞིན་འོད་གསལ་དབྱིངས་ལས་སྐད་གཅིག་གིས། །རང་ཉིད་སྤྱན་རས་གཟིགས་དབང་ཟླ་བའི་མདོག །ཕྱག་གཡས་མཆོག་སྦྱིན་གཡོན་པས་པད་དཀར་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་པད་ཟླའི་སྟེང་། །ཕྱེད་སྐྱིལ་ཚུལ་བཞུགས་ཐུགས་ཀར་ཟླ་བ་ལ། །ཡེ་ཤེས་སྙིང་པོའི་འོད་དཀར་མཁའ་ཁྱབ་འཕྲོས། །སྣང་སྲིད་ཀུན་སྦྱངས་ལྷ་ཡི་ངོ་བོར་གསལ། །ཧྲིཿཡིག་གསང་སྔགས་རྒྱལ་པོ་ནི། །འཁོར་བ་དོང་སྤྲུགས་སྙིང་པོ་བཟླ། །མཐོང་ཐོས་དྲན་རེག་གྲོལ་བྱེད་ཅིང་། །རང་གཞན་དོན་གཉིས་ལྷུན་གྲུབ་འགྱུར། །ཡང་ན་ཆོ་ག་དེ་བཞིན་ལ། ཐུགས་ཀར་ཟླ་བ་ལ། ཅེས་པའི་རྗེས་སུ། ཚེ་དཔག་མེད་པ་དམར་གསལ་ལོངས་སྐུའི་ཆས། །མཉམ་བཞག་ཕྱག་རྒྱས་བདུད་རྩིའི་བུམ་པ་བསྣམས། །ཐུགས་ཀར་ཟླ་སྟེང་ཚེ་ཡི་སྙིང་པོ་ཧྲཱིཿ །འོད་དམར་འབར་བས་འཁོར་འདས་ཚེ་བཅུད་བསྡུས། །གཞལ་མེད་བདུད་རྩིས་ལུས་ནང་གང་བར་བསམ། །ཧྲཱིཿ ཞེས་ཅི་མང་བཟླ་པས་ཡིས། །རྡོ་རྗེའི་ཚེ་དང་ལང་ཚོ་ནི། །རིང་པོར་མི་ཐོགས་འགྲུབ་པར་བྱེད། །ཚེ་སྒྲུབ་ཀུན་གྱི་ཟབ་པ་སྟེ། །རང་
གི་སྙིང་ལ་འཆར་བར་བྱ། །ས་མ་ཡཱ༔ ཨ། རང་བཞིན་འོད་གསལ་དབྱིངས་ལས་སྐད་ཅིག་གིས། །རང་ཉིད་རྡོ་རྗེ་འཛིན་པ་ནམ་མཁའི་མདོག །གཡས་པས་རྡོ་རྗེ་གཡོན་པས་སྡིག་འཛུབ་མཛད། །དར་དང་རིན་ཆེན་རྒྱན་རྫོགས་ཕྱེད་སྐྱིལ་གྱིས། །པད་ཟླའི་སྟེང་བཞུགས་ཡེ་ཤེས་འོད་ཟེར་འབར། །ཐུགས་དབུས་ཉི་མར་ཐུགས་སྲོག་ཧཱུྃ་མཐིང་གི། །འོད་ཀྱིས་ཐམས་ཅད་ལྷར་གསལ་བྱིན་རླབས་བསྡུ། །ཧཱུྃ་ཞེས་སྔགས་ཀྱི་རྒྱལ་པོ་ནི། །ཅི་འགྲུབ་པར་ནི་བཟླས་པ་ཡིས། །རྟགས་དང་མཚན་མ་མངོན་དུ་འབྱུང་། །གང་དང་ཅི་ལ་དམིགས་པ་ཡི། །དངོས་གྲུབ་དེ་དང་དེ་བཞིན་ཏུ། །ཐོགས་མེད་འགྲུབ་བོ་ས་མ་ཡཱ༔ ཨཱ། རང་བཞིན་འོད་གསལ་དབྱིངས་ལས་སྐད་ཅིག་གིས། །རང་ཉིད་ནམ་མཁའི་སྙིང་པོ་སྔོ་བསང་མདོག །གཡས་པས་རལ་གྲི་གཡོན་པས་ནོར་བུ་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་ཕྱེད་སྐྱིལ་གྱིས། །པད་ཟླའི་སྟེང་བཞུགས་ཕྱོགས་ཀུན་དྲི་ཞིམ་ཁྱབ། །ཐུགས་ཀར་ཟླ་སྟེང་རིན་འབྱུང་ལོངས་སྐུའི་ཆས། །མཆོག་སྦྱིན་མཉམ་བཞག་དབང་གི་རྒྱལ་པོ་བསྣམས། །དེ་ཡི་ཐུགས་དབུས་ཟླ་སྟེང་རིན་པོ་ཆེར། །གསང་སྔགས་རྒྱལ་པོ་གསེར་གྱི་མདོག་ཅན་ལས། །འོད་འཕྲོས་སྣང་སྲིད་རྣམ་དག་དཔལ་གྱི་བཅུད། །རང་གི་སྙིང་ཁར་ཐིམ་པས་མཆོག་གྲུབ་གྱུར། །ཏྲཱྃ་ཞེས་ཡིད་བཞིན་ནོར་བུ་ཡི། །སྙིང་རྗེ་ཆེན་པོ་འདི་བཟླས་པས། །
ཡིད་ལ་རེ་པའི་དཔལ་ཐམས་ཅད། །ལག་པའི་མཐིལ་ན་གནས་དང་མཚུངས། །དཔག་བསམ་ཤིང་དང་བུམ་བཟང་དང་། །ནོར་བུ་བཞིན་ཏུ་འདོད་རྒུ་འགྲུབ། །ས་མ་ཡཱ༔ ཡང་ན་གོང་བཞིན་རང་ཉིད་ཐུགས་ཀ་རུ། །སྟོང་པའི་ཐིག་ལེ་སྔོན་པོ་ཚ་གོང་དབུས། །ཁྃ། ཡིག་ཡེ་ཤེས་ནམ་མཁའི་སྙིང་པོ་བསམ། །ཁྃ་ནི་འབུམ་བཟླ་དེ་ཡང་བརྟེན་པའི་ལས། །ནམ་མཁའི་བྱེད་པ་ཐ་དག་ཀུན་ནས་སྤྱད། །ས་མ་ཡཱ༔ ཨ། རང་བཞིན་འོད་གསལ་དབྱིངས་ལས་སྐད་ཅིག་གིས། །རང་ཉིད་ས་ཡི་སྙིང་པོ་གསེར་གྱི་མདོག །ཡིད་བཞིན་ནོར་བུ་རིན་ཆེན་བུམ་པ་འཛིན། །དར་དང་རིན་ཆེན་རྒྱན་རྫོགས་པད་ཟླའི་སྟེང་། །དཔག་བསམ་ཤིང་ལ་སྐུ་རྒྱབ་བརྟེན་ནས་བཞུགས། །སྣང་སྲིད་འདོད་ཡོན་རོལ་མོའི་སྤྲིན་ཕུང་འཁྲིགས། །ཐུགས་ཀར་ཟླ་སྟེང་ཡིད་བཞིན་ནོར་བུའི་དབུས། །དྭངས་གསལ་སྙིང་པོ་གསེར་མདོག་ས་བོན་ལས། །ཅི་འདོད་དངོས་གྲུབ་ཆར་དུ་འབབ་པར་བསམ། །སྭཱྃ་ཞེས་གསང་སྔགས་རྒྱལ་པོ་བཟླ། །ཅི་ལ་རེ་ཡང་དེ་དག་ཆོས། །བསོད་ནམས་དཔལ་འབྱོར་རྒྱ་ཆེ་བར། །ནམ་མཁའ་མཛོད་དང་མཉམ་པ་ཐོབ། །ས་མ་ཡཱ༔ ཨ། རང་བཞིན་འོད་གསལ་དབྱིངས་ལས་སྐད་ཅིག་གིས། །རང་ཉིད་རྡོ་རྗེ་ཁུ་ཚུར་མརྒད་མདོག །ཁྲོ་འཛུམ་དར་དང་རིན་ཆེན་རྒྱན་གྱིས་སྤྲས། །ཕྱག་གཉིས་རལ་གྲི་དང་ནི་རྒྱ་གྲམ་བསྣམས། །ཐུགས་ཀར་ཟླ་སྟེང་རྡོ་རྗེ་རྒྱ་གྲམ་དབུས། །ཡེ་ཤེས་སྙིང་པོ་སྔགས་ཀྱི་རྒྱལ་པོ་གསལ། །
ཧཱ་ཞེས་གསང་སྔགས་རྒྱལ་པོ་ནི། །ཅི་ཙམ་ནུས་པར་བཟླས་པ་ཡིས། །འཕར་དང་རྒོད་དང་བདེ་བ་འབར། །བགད་པ་ཙམ་གྱིས་ལས་ཀུན་བྱེད། །གང་དང་ཅི་ཡི་ལས་རྣམས་ཀྱང་། །ཐོགས་པ་མེད་དོ་ས་མ་ཡཱ༔ ཡང་ན་ཧཾ་ཞེས་བཟླ་བ་དང་། །རླུང་དཀྱིལ་ལྗང་གུའི་རང་བཞིན་དམིགས། །བསྐྱོད་དང་ཡང་དང་འཕྲོ་བ་སོགས། །རླུང་གི་བྱེད་ལས་ཐམས་ཅད་འགྲུབ། །ས་མ་ཡཱ༔ ཡང་ན། ཐུགས་ཀར་ཟླ་སྟེང་དོན་ཡོད་གྲུབ་པ་ནི། །ལྗང་གུ་སྐྱབས་སྦྱིན་མཉམ་བཞག་རྒྱ་གྲམ་བསྣམས། །དེ་ཡི་ཐུགས་ཀར་ཟླ་སྟེང་རྒྱ་གྲམ་ལ། །ཡེ་ཤེས་སྙིང་པོ་སྔགས་ཀྱི་རྒྱལ་པོ་གསལ། །ཞེས་གསལ་ཧཱ་ཡིག་བཟླ་བར་བྱ། །ཨཱ། རང་བཞིན་འོད་གསལ་དབྱིངས་ལས་སྐད་ཅིག་གིས། །རང་ཉིད་རིག་བྱེད་ལྷ་མོ་སྐུ་མདོག་དམར། །གཞོན་མཛེས་ཡིད་འཕྲོག་དར་དང་རིན་ཆེན་བརྒྱན། །ཕྱག་གཉིས་ཨུཏྤལ་དམར་པོའི་མདའ་གཞུ་འགེང་། །ཞབས་གཉིས་བརྐྱང་བསྐུམ་པད་ཉིའི་སྟེང་དུ་འགྱིང་། །ཐུགས་དབུས་ཉི་མར་ཡེ་ཤེས་སྙིང་པོ་གསལ། །འོད་དམར་ཀུན་ཁྱབ་སྲིད་ཞིའི་དྭངས་བཅུད་བསྡུས། །ཧྲཱིཿཞེས་ཡི་གེ་འབྲུ་གཅིག་པ། །བརྒྱ་སྟོང་ཁྲི་འབུམ་བཟླས་པ་ཡིས། །འཇིག་རྟེན་མཐའ་དག་དབང་དུ་བྱེད། །མེ་ཏོག་དམར་པོར་བསྔགས་པ་དག །གང་ལ་བྱིན་པ་དེ་དབང་འགྱུར། །དེ་བཞིན་གང་འདོད་དམིགས་ལས་འགྲུབ། །ས་མ་ཡཱ༔ ཡང་ན། གཱི་ཞེས་འབྲུ་གཅིག་བཟླ། །འོད་དམར་ལྕགས་ཀྱུས་དམིགས་བྱ་ཀུན། །རང་དབང་
མེད་པར་གདུང་ཞིང་འདུ། །ཤིན་ཏུ་གསང་ངོ་ས་མ་ཡཱ༔ ཨ། རང་བཞིན་འོད་གསལ་དབྱིངས་ལས་སྐད་ཅིག་གིས། །རང་ཉིད་རྡོ་རྗེ་དབྱངས་ཅན་ཟླ་བའི་མདོག །ཕྱག་གཉིས་ཐུགས་ཀར་རིན་ཆེན་པི་ཝཾ་བསྒྲགས། །དར་དང་རིན་ཆེན་རྒྱན་རྫོགས་པད་ཟླའི་སྟེང་། །ཙོག་པུའི་ཚུལ་བཞུགས་ཡིད་འོང་འོད་ཟེར་འཁྱུགས། །ཐུགས་དབུས་ཟླ་བ་ལ་གནས་འབྲུ་གཅིག་གསལ། །འཁོར་འདས་དྭངས་བཅུད་རང་གི་སྙིང་གར་བསྟིམས། །ཧྲཱིཾ་ཞེས་རིག་རྒྱལ་འབྲུ་གཅིག་པ། །བཟླས་པས་བློ་གྲོས་མཚུངས་མེད་ངང་། །ངག་གི་དབང་ཕྱུག་མྱུར་ཐོབ་ལ། །གཞན་ཡང་ཚེ་དང་སྤོབས་པ་སོགས། །སྲིད་ཞིའི་ཡོན་ཏན་ཇི་སྙེད་འགྲུབ། །ས་མ་ཡཱ༔ སྐད་ཅིག་རང་ཉིད་ཕོ་རྒྱུད་ཀྱི། །རྗེ་བཙུན་དབང་ཕྱུག་དམར་པོ་ནི། །རྩེ་གསུམ་ཐོད་ཁྲག་ཕྱག་ན་བསྣམས། །དུར་ཁྲོད་རྒྱན་ཆས་ཡོངས་སུ་རྫོགས། །སྙིང་གར་འོད་དམར་ཀློང་དཀྱིལ་ན། །སྲོག་གི་སྙིང་པོ་ཏྲི་དམར་པོ། །ཕོ་རྒྱུད་ཡོངས་ཀྱི་སྲོག་ཏུ་དམིགས། །ཏྲི་ཞེས་ཅི་མང་བཟླ་ས་པ་ཡིས། །ཕོ་རྒྱུད་འདུ་ཞིང་བྱིན་ཆེ་འབེབ། །དངོས་གྲུབ་ཅི་ཡང་རུང་སྟེ་སྒྲུབ། །རྟགས་མ་བྱུང་ན་ཏྲི་ཛཿཞེས། །བཟླས་པ་ཁོ་ནས་ལས་ཀུན་བྱེད། །སྐད་ཅིག་རང་ཉིད་མོ་རྒྱུད་ཀྱི། །རྗེ་བཙུན་རལ་གཅིག་སྐུ་མདོག་སྨུག །རལ་པ་གཡེང་ཞིང་གཅེར་མོའི་ཚུལ། །མི་ལྤགས་གཡང་གཞི་ལྡེང་ཐབས་གྱོན། །ཕྱག་ན་ཞིང་དབྱུག་ཙིཏྟ་བསྣམས། །དེ་ཡི་སྙིང་ཁར་འོད་ལྔའི་ཀློང་། །
དྭངས་མའི་ཡི་གེ་ཏྲག་སྨུག་ནག །འཁོར་འདས་ཡོངས་ཀྱི་དབྱིག་ཏུ་བསམ། །མ་ཏྲག་ཛཿཞེས་བཟླས་པ་ཡིས། །མ་མོ་འདུ་ཞིང་དངོས་གྲུབ་སྟེར། །ཐོགས་པ་མེད་པར་ལས་རྣམས་སྒྲུབས། །ཤིན་ཏུ་གསང་ལ་བསྒྲུབ་པར་བྱ། །ལས་ལ་བསྐུལ་ཞིང་བྷྱོ་དང་བཅས། །འབྲུ་བཞི་སྙིང་གར་བསམ་ལ་བཟླ། །འདི་འདྲའི་མན་ངག་ཁྱད་པར་ཅན། །གཞན་ན་མེད་དོ་ཤིན་ཏུ་གསང་། །ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་སྨྱོན་དཔའ་བོ་དཔའ་ཆེན་པང་བཞད་པའི་རྡོ་རྗེས་ལྕགས་གླང་ཟླ་༧ཚེས་༣༠ལ་ཕྲལ་བབ་བཀྲ་ཤིས་སོ། །འོད་གསལ་ངང་ལས་སྐད་ཅིག་ནོར་རྒྱུན་མ། །དཀར་མོ་རྒྱན་རྫོགས་བཞེང་ཐབས་བུམ་པ་བསྣམས། །སྟེ་བར་འདོད་འབྱུང་བདུད་རྩི་བུམ་པའི་དབུས། །བྃ་ཡིག་དཀར་པོ་བདུད་རྩིའི་འོད་ཟེར་འཕྲོ། །བྃ་ཞེས་ཅི་མང་བཟླ་བར་བྱ། །ཟས་སྐོམ་འཕེལ་དང་ལུས་སྐོམ་གསོ། །བསིལ་དང་འཇམ་དང་ཞི་བའི་ལས། །ཆུ་ཡི་བྱེད་ལས་ཀུན་ཀྱང་བྱ། །ས་མ་ཡཱ༔ འོད་གསལ་ངང་ལས་སྐད་ཅིག་གོས་དཀར་མོ། །དམར་པོ་རྒྱན་རྫོགས་པདྨ་དམར་པོ་བསྣམས། །ཕྱེད་སྐྱིལ་རབ་བཞུགས་ཐུགས་ཀར་ཉི་མའི་དབུས། །བྲྃ་ཡིག་དམར་པོ་ཡེ་ཤེས་འོད་ཟེར་འབར། །བྲྃ་ཞེས་འབུམ་དུ་བཟླས་བྱས་ན། །བཙོ་བསྲེག་མེ་སོགས་ལས་ཀུན་བསྲེག །དབང་དང་བསྐམ་དང་གསད་བསྲེག་སོགས། །མེ་ཡི་ལས་ཀུན་དེ་ཡིས་བྱ། །ས་མ་ཡཱ༔ ཨ་སེར་ས་སོགས་ཨ་ལྔས་བྱ་བ། ཨཾ་ཁ་བིར་ཧཱུྃ་སྔས་སོ། །དགེ། དུས་འཁོར་གྱི་འཁོར་ལོ་དྲུག་གི་ནང་དུ་ཡུམ་དྲུག་སོགས་བསྐྱེད་པའི་སྒྲུབ་ཐབས་སླར་འཛུད། དགེ་འོ།། །།