ལོ་ཙཱ་བ་འཁོན་ཀླུ་ཡི་དབང་པོའི་ཞུས་ལན།
བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ལོ་ཙཱ་བ་འཁོན་ཀླུ་ཡི་དབང་པོའི་ཞུས་ལན་བཞུགས་སོ༔ གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ བདག་ལོ་ཙཱ་བ་འཁོན་ཀླུའི་དབང་པོས་ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ལ༔ རིན་པོ་ཆེའི་མཎྜལ་ཕུལ༔ ཕྱག་དང་སྐོར་བ་བྱས༔ མཆིམས་ཕུ་བྲེ་གུ་དགེའུའི་སྒྲུབ་ཕུག་ཏུ་འདི་སྐད་ཞུས་སོ༔ གུ་རུ་རིན་པོ་ཆེ་ལགས༔ བདག་ཅག་ཁམས་གསུམ་གྱི་སེམས་ཅན་འདི་རྣམས་གང་ནས་བྱུང་བ་ཡིན་ལགས་ཞུས་པས༔ བུ་ལོ་ཙཱ་བ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ནི་མ་རིག་པ་ལས་བྱུང་བ་ཡིན་གསུང་༔ སློབ་དཔོན་ལ་ལོ་ཙཱ་བས་ཞུས་པ༔ འོ་ན་ཁམས་གསུམ་གྱི་སེམས་ཅན་འདི་རྣམས་བྱུང་བའི་གཞི་མ་རིག་པ་དེ་ཅི་འདྲ་ཞིག་ཡོད་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་སེམས་ཅན་ཐམས་ཅད་འབྱུང་བའི་གཞི་མ་རིག་པ་ཞེས་བྱ་བ་དེ་སྣ་ཚོགས་ཤིག་གདའ་ཡང་རྩ་བ་རང་གིས་རང་མ་རིག་པ་འདི་ཡིན་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ རང་གིས་རང་མ་རིག་པ་དེ་གང་ཡིན་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རང་གིས་རང་མ་རིག་པ་ནི༔ རང་བྱུང་གི་རིག་པ་དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་འདི་རང་ངོ་མ་ཤེས་པར་ལས་ཉོན་གྱི་འཁྲུལ་བ་ཁོ་ནར་སྤྱོད་པ་འདི་ཡིན་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ རང་བྱུང་གི་རིག་པ་ཟེར་བ་དེ་རང་གི་སེམས་འདི་ལགས་སམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་རང་བྱུང་ཞེས་པ་ནི་རང་གི་སེམས་ཡིན་གྱི༔ རིག་པ་ཞེས་བྱ་བ་ནི་དེའི་ངོ་བོ་མཐོང་བ་ལ་ཟེར་གསུང་༔ སློབ་དཔོན་ལ་ལོ་ཙཱ་བས་ཞུས་པ༔ སེམས་ཀྱི་ངོ་བོ་ལ་རང་བྱུང་ཟེར་ན་དེ་ཅི་འདྲ་ཞིག་ཡོད་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་རང་སེམས་སྐྱེ་བ་མེད་པ༔ འགག་པ་མེད་པ༔ གནས་པ་མེད་པ་ཡིན་པས་རང་བྱུང་ཟེར་བ་ཡིན་གསུང་༔ སློབ་དཔོན་ལ་ལོ་ཙཱ་བས་ཞུས་པ༔ རང་སེམས་འདི་སྐྱེ་འགག་གནས་གསུམ་དང་བྲལ་བ་ཞིག་ཡིན་ན༔ ཐོག་མ་མེད་པ་ནས་བྱུང་ཞིང་ནི་གནས༔ ཐ་མ་མེད་པར་སྤྱོད་པ་འདི་གང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དེ་མ་རིག་པའི་འཁྲུལ་སྣང་ཁོ་ན་ལས་བྱུང་ཞིང་རང་རིག་ག་ི་ངོ་བོ་ནི་སྐྱེ་འགག་ཐམས་ཅད་དང་བྲལ་ཏེ༔ ཐོག་མ་མེད་པ་ནས་ཐ་མ་མེད་པའི་བར་དུ་སྐྱེ་འགག་གནས་གསུམ་དུ་དལ་མེད་དུ་སྤྱོད་ཀྱང་༔ ངོ་བོ་ཉིད་ལ་སྤྱད་བྱ་སྤྱོད་བྱེད་གྱི་གཤིས་དང་བྲལ་བས་ཕན་གནོད་གང་ཡང་བྱེད་མ་མྱོང་ཞིང་༔ དཔེ་དངུལ་ཆུ་ཐལ་དོང་དུ་ལྷུང་ཡང་དངུལ་ཆུའི་ངོ་བོ་ལ་བག་རྡུལ་གྱི་སྒྲིབ་གཡོག་་གིས་མ་གོས་པ་ལྟར་རོ་གསུངས༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་དེ་ལྟར་གྱི་དོན་དེ་མཐོང་བ་ལ་རིག་པ་ཟེར་བ་ལགས་སམ་ཞུས་པས་སློབ་དཔོན་གྱི་ཞལ་ནས༔ དེ་ལྟ་བུའི་དོན་དེ་རིག་པ་ལ་གང་མ་རིག་པའི་རིག་པ་ཆེན་པོ་བླ་ན་མེད་པ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་གསུང་༔ སློབ་དཔོན་ལ་ལོ་ཙཱ་བས་ཞུས་པ༔ འོ་ན་དེ་རིག་པ་ལ་དོན་ཅི་ཡོད་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དེ་རིག་པས་དོན་ཆེ་བ་གཞན་དུ་མེད་དེ༔ འཁོར་འདས་ཐམས་ཅད་ཀྱི་མངའ་བདག་སྲིད་ཞི་ཀུན་གྱི་འབྱུང་གནས་དེ་མཐོང་ཕྱིན་ཆད༔ ཤིང་ཆེན་གྱི་སྡོང་པོ་བྲེགས་པར་གྱུར་ན་ཡལ་ག་དང་ལོ་འདབ་ཇི་ལྟར་མང་ཡང་ཞོར་ལ་འགྲོ་བ་ལྟར་༔ འཁོར་བ་བྲེ་བཟློག༔ སྲིད་པ་ཕྱིར་བསྙིལ་ཏེ༔ བླ་ན་མེད་པའི་བྱང་ཆུབ་ཞེས་བྱ་བ་དེ་ཐོབ་པ་ཡིན་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ དོན་དེ་མཐོང་བ་ཙམ་གྱིས་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འགྱུར་རམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་དེས་འཐོབ་པར་འགྱུར་ཏེ༔ དཔེ་ནི་སྐྱེས་བུ་གསེར་གླིང་དུ་ཕྱིན་ན༔ ས་རྡོ་གཞན་རྣམས་དགོས་མེད་དུ་བོར་ནས་གསེར་ལ་ལོངས་སྤྱོད་པ་་ལྟར༔ འདི་ལྟར་མཐོང་བའི་སྐལ་ལྡན་གྱིས་འཁོར་འདས་ཀྱི་ཆོས་རྣམས་བྱིས་པའ་ིརྩེད་མོ་ལྟར་མཐོང་ནས༔ སྣང་སེམས་ཀྱི་འཁྲུལ་པར་རིག་སྟེ་གནས་ལུགས་ཆོས་ཉིད་ཀྱི་དོན་འདི་ལ་སྤྱོད་པར་འགྱུར་རོ་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་རང་ལ་ཡེ་ནས་ཡོད་པའི་དོན་འདི་མི་མཐོང་བའི་འགྲོ་བ་ཡོད་དམ་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཡེ་ནས་རང་དང་འགྲོགས་ཀྱང་ཞལ་མཇལ་མཁན་ནི་ཉིན་མོའི་སྐར་མ་ལས་ཀྱང་དཀོན་སྟེ༔ ཞལ་ཚུལ་བཞིན་མཇལ་ཞིང་དོན་རིག་པ་རྣམས་ནི༔ སྐུ་གསུམ་གྱི་སངས་རྒྱས་འདི་རྣམས་ཡིན་གསུངས༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་སྐུ་གསུམ་གྱི་སངས་རྒྱས་འདི་རྣམས་དོན་འདི་ཁོ་ན་མཐོང་ནས་སངས་རྒྱས་གྲུབ་བམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཆོས་ཀྱི་སྐུའི་སངས་རྒྱས་རྣམས་ཀྱིས་ནི་ཡེ་སྟོང་བློ་འདས་ཀྱི་དགོངས་པ་བྱ་རྩོལ་ལས་འདས་པ་འདི་ཀ་དག་སྤྲོས་བྲལ་དུ་རང་ཤར་བས༔ ཆོས་ཀྱི་སྐུར་ལྷུན་གྱིས་གྲུབ་བོ༔ ལོངས་སྤྱོད་རྫོགས་པའ་ིསྐུ་རྣམས་ཀྱིས་ནི་བརྡ་ཙམ་གྱིས་མཚོན་ནས་བྱང་ཆུབ་པ་དང་༔ སྤྲུལ་བའི་སྐུ་རྣམས་ཀྱིས་ནི་འཁོར་བ་འདི་འདུས་བྱས་ཀྱི་ཕུང་པོ་རྟག་པ་མེད་པ༔ སྡུག་བསྔལ་གྱི་གྲོང་དུ་གོ་ཞིང་ཡང་དག་པའི་དོན་འདི་ལ་མོས་ནས་ཚོགས་གཉིས་བསགས་ཤིང་སྒྲིབ་པ་གཉིས་སྦྱང་བའི་མཐར༔ འབྲས་བུ་ནི་ཆོས་ཀྱི་སྐུ་འདི་མངོན་སུམ་དུ་གྱུར་ནས་སངས་རྒྱས་པ་སྟེ༔ བདག་ཅག་གི་སྟོན་པ་ཤྭཀྱ་ཐུབ་པ་ལྟ་བུའོ་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་སྐུ་གསུམ་གྱི་སངས་རྒྱས་དེ་རྣམས་ཀྱིས་ཟབ་མོའི་དོན་འདི་མངོན་དུ་གྱུར་ཚུལ་མི་འདྲ་བའི་རྒྱུ་གང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྐུ་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཟབ་དོན་འདི་མངོན་དུ་གྱུར་ཚུལ་མི་འདྲ་བའི་དོན་ནི༔ ཆོས་སྐུ་ནི་མ་བཅོས་པའི་ངོ་བོ་ཅིག་ཆར་གྱི་ཚུལ་དུ་དགོངས་པས་བྱང་ཆུབ༔ ལོངས་སྐུ་ནི་ཐོད་རྒལ་གྱི་ཚུལ་དུ་འཁྲུལ་གྲོལ་གཉིས་མེད་དོན་བརྡ་དང་བརྡ་ལ་བརྟེན་ནས་བྱང་ཆུབ༔ སྤྲུལ་སྐུ་ཚོགས་བསགས་སྒྲིབ་སྦྱང་གི་མཐར་བྱང་ཆུབ་པ་རིམ་གྱིས་པའི་ཚུལ་དང་གསུམ་སྟེ༔ འདི་གསུམ་ནི་དྲང་དོན་ལྟར་ན་སྒྲིབ་པས་ཡེ་ནས་མ་གོས་པ་དང་༔ བག་ཙམ་གོས་པ་དང་༔ ཤིན་དུ་བསྒྲིབས་པར་གྱུར་པ་གསུམ་གྱི་གྲོལ་ཚུལ་ཡིན་ཞིང་༔ ངེས་དོན་ལྟར་ན་རང་རིག་ངོ་བོ་ཉིད་ཀྱི་འཆར་སྒོ་མ་འགག་པའི་མདངས་སུ་ཡོད་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་རང་རིག་དང་དུས་གསུམ་གྱི་སངས་རྒྱས་དབྱེར་མེད་པ་ཞིག་ཨེ་ཡིན་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རང་རིག་གི་ངོ་བོ་ཆོས་སྐུ༔ རང་བཞིན་ལོངས་སྐུ༔ ཐུགས་རྗེ་མ་འགག་པ་འདི་སྤྲུལ་སྐུ་ཡིན་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་རང་སེམས་སྐུ་གསུམ་གྱི་སངས་རྒྱས་ལ་བཞུགས་ཚེ༔ ལྷའི་བསྙེན་བསྒྲུབ་དང་བསྐྱེད་རིམ་ཟེར་བ་འདི་ཅི་ལ་དགོས་པ་ཡིན་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་ཡང་དག་པར་བསྐྱེད་རིམ་དང་བསྙེན་སྒྲུབ་འདི་དགོས་པ་མེད་དེ༔ ལྷ་ཉིད་རང་དང་རང་ཉིད་ལྷར་ཡོད་ཀྱང་༔ འདི་ལྟར་གྱི་དགོངས་པའི་དོན་འདི་རྟོགས་པའི་གང་ཟག་རེ་རེ་ལས་མི་འབྱུང་བས༔ འདི་རྟོགས་པར་བྱ་བའི་ཆེད་དུ་ཐབས་གཙོ་བོར་སྟོན་པ་ཕ་རྒྱུད༔ ཤེས་རབ་གཙོ་བོར་སྟོན་པ་མ་རྒྱུད༔ གཉིས་མེད་གཙོ་བོར་སྟོན་པ་བླ་མེད་ཀྱི་རྒྱུད༔ ཡང་ན་བསྐྱེད་རིམ་གཙོ་བོར་སྟོན་པ་མ་ཧཱ་ཡོ་ག༔ རྫོགས་རིམ་གཙོ་བོར་སྟོན་པ་ཨ་ནུ་ཡོ་ག༔ ཟུང་འཇུག་གཙོ་བོར་སྟོན་པ་ཨ་ཏི་ཡོ་ག༔ མཐའ་བྲལ་གཙོ་བོར་སྟོན་པ་ཨ་ཏི་བླ་ན་མེད་པ༔ ཡང་ན་རྒྱུ་དང་འབྲས་བུ་དང་བླང་དོར་རྣམས་སོ་སོར་སྟོན་པ་འདུལ་བ་མདོ་སྡེ་མངོན་པ་ལ་སོགས་པ་རྣམས་ཏེ༔ ལོ་ཙཱ་བ་ཆོས་འདི་རྣམས་ནི་སེམས་ཉིད་གཅིག་པུ་རྟོགས་པ་དང་གྲོལ་བའི་ཆེད་དུ་གསུངས་པ་ལས་གཞན་དུ་བསྟན་པ་ནི་མེད་དོ༔ ཆོས་འགའ་ཞིག་ནི་རྒྱུ་ལ་བརྟེན་ནས་སེམས་རྟོགས་པའི་ཆེད་དུ་གསུངས༔ ཆོས་འགའ་ཞིག་ནི་རྐྱེན་ལ་བརྟེན་ནས་སེམས་རྟོགས་པའི་ཆེད་དུ་གསུངས༔ ཆོས་འགའ་ཞིག་ནི་ཐབས་ལ་བརྟེན་ནས་སེམས་རྟོགས་པའི་ཆེད་དུ་གསུངས༔ ཆོས་འགག་ཞིག་ནི་རྟེན་འབྲེལ་ལ་བརྟེན་ནས་སེམས་རྟོགས་པའི་ཆེད་དུ་གསུངས༔ ཆོས་འགའ་ཞིག་ནི་བརྡ་ལ་བརྟེན་ནས་སེམས་རྟོགས་པའི་ཆེད་དུ་གསུངས་ཏེ༔ རང་སེམས་ཞེས་བྱ་བ་དུས་གསུམ་གྱི་བྱེད་པ་པོ་འདི་རྟོགས་ཤིང་གྲོལ་བའི་ཆེད་ཁོ་ནར་ཆོས་རྣམས་ཀྱང་བྱུང་ཞིང་༔ དོན་ལ་ཐེག་པ་གཅིག་གིས་སེམས་ཅན་ཐམས་ཅད་གྲོལ་ན་ཐེག་པ་དེ་མ་གཏོགས་སྟོན་དགོས་པ་མེད་ཀྱང་༔ སེམས་ཅན་གྱི་ལས་མ་མཐུན་པས་རྒྱུ་མ་མཐུན་༔ རྒྱུ་མ་མཐུན་པས་འབྲས་བུ་སྣ་ཚོགས་སུ་གྱུར་ཚེ་ཐེག་པ་སྣ་ཚོགས་སུ་བསྟན་པ་འདི་ནི་གང་ལ་གང་འདུལ་ཞེས་བྱའོ༔ ལོ་ཙཱ་བ་རང་སེམས་འདི་ཚུལ་བཞིན་མཐོང་གྲོལ་གྱི་དོན་དང་ལྡན་ན༔ ལྷ་སྒོམ་བསྙེན་སྒྲུབ་རྣམས་ལྟ་ཞོག་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་ཡང་དགོས་པ་མེད་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་དམ་པའི་ཆོས་སྣ་ཚོགས་པ་དེ་རྣམས་མཐར་སངས་རྒྱས་ཀྱི་འབྲས་བུ་འཐོབ་པ་ལ་མྱུར་མི་མྱུར་ཡོད་དམ་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དམ་པའི་ཆོས་དེ་རྣམས་གྲངས་སུ་བརྩིས་ན་བརྒྱད་ཁྲི་བཞི་སྟོང་དུ་གསུངས་པ་ཐམས་ཅད་ཐེག་པ་དགུར་འདུས་པ་ཡིན་ཞིང་༔ ཐེག་པ་འོག་མ་གསུམ་གྱིས་བསྐལ་པ་གྲངས་མེད་དགུའི་མཐར་སངས་རྒྱས་འཐོབ་པར་གསུངས་པ་དང་༔ བར་མ་གསུམ་གྱིས་སྐྱེ་བ་བརྒྱ་དང་ཉི་ཤུ་དང་བཅུ་བདུན་སོགས་ནས་འཚང་རྒྱ་བར་འདོད་ཅིང་༔ གོང་མ་གསུམ་གྱིས་ཚེ་འདི་དང་བར་དོ་དང་སྐྱེ་བ་གཅིག་གིས་སངས་རྒྱས་འཐོབ་པ་སྟེ་ཁྱད་པར་ཆེ་གསུངས༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་སེམས་ཅན་ཐམས་ཅད་ཀྱིས་གོང་མའི་ཐེག་པ་དེ་མི་སྤྱོད་པ་ཅི་ཡིན་ཞུས་པས༔ སློབ་དཔོམ་གྱི་ཞལ་ནས༔ གོང་མའི་ཐེག་པ་འདི་མྱུར་ལམ་བླ་ན་མེད་པ་ཞེས་བྱ་བ་ཡིན་ཏེ༔ སེམས་ཅན་ཐམས་ཅད་ཆོས་འདི་དང་མི་འཕྲད༔ ཕྲད་ཀྱང་མི་གོ༔ གོ་ཡང་ཉམས་སུ་མི་ལོན༔ ཆོས་འདིའི་སྣོད་དུ་གྱུར་པ་ནི༔ སེམས་ཅན་ཚོགས་བསགས་ཤིང་སྒྲིབ་པ་སྦྱངས་པ་ཞིག་གི་བསྐལ་པ་ཡིན་ཏེ༔ ཨུ་དུམ་ཝཱ་རའི་མེ་ཏོག་ལས་ཀྱང་དཀོན་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་རང་བྱུང་བླ་ན་མེད་པའི་གནས་ལུགས་འདི་རྟོགས་པ་ཙམ་གྱི་བསྒོམ་དགོས་སམ་མི་དགོས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཆོས་ཉིད་རང་བྱུང་གི་དགོངས་པ་འདི་རྟོགས་པ་ཙམ་ལས་བསྒོམ་དགོས་མི་དགོས་གང་ཟག་ལ་རག་ལས་ཏེ༔ གང་ཟག་དབང་པོ་ཡང་རབ་ཏུ་གྱུར་པ་རྣམས་ནི་རྟོགས་པ་ཙམ་གྱིས་གྲོལ་བ་ལས་གཞན་དུ་སྒོམ་པ་མེད་དོ༔ འབྲིང་རྣམས་ནི་ལོ་དང་ཟླ་བར་བསྒོམས་པས་གྲོལ་ལོ༔ ཐ་མ་རྣམས་ནི་ཤི་བ་དང་ཆོས་མཇུག་མཉམ་པར་བསྒོམ་དགོས་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་བསྒོམ་དགོས་མི་དགོས་ཀྱི་རྟགས་ཚད་གང་འདྲ་འོང་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བསྒོམ་དགོས་མི་དགོས་ཀྱི་རྟགས་ཚད་ནི༔ རྟགས་ལུས་ངག་ཡིད་གསུམ་ལ་འབྱུང་ཞིང་ཚད་རྨི་ལམ་གྱིས་འཛིན་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ བདག་ཅག་ཁམས་གསུམ་གྱི་སེམས་ཅན་འདི་རྣམས་ཀྱི་ནང་ནས་ལུས་ལོན་པ་ལ་གང་ཁྱད་པར་དུ་འཕགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་ནང་ནས་མི་ལུས་ཁྱད་པར་འཕགས་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ མི་ལུས་ཁྱད་པར་འཕགས་པའི་རྒྱུ་ཅི་ཡིན་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་མི་ལུས་ལ་ཆོས་བསྒྲུབ་པའི་རྟེན་ཡོད་པས་ཁྱད་པར་འཕགས་པ་ཡིན་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་འགྲོ་བ་གཞན་རྣམས་ཆོས་ཀྱི་རྟེན་དུ་མ་གྱུར་ཏམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་འགྲོ་བ་གཞན་རྣམས་རང་རང་གི་ལས་ཀྱིས་མནར་ནས་མི་ཁོམ་པའི་གནས་ཁོ་ན་ལས་ཆོས་བསྒྲུབ་པའི་རྟེན་དུ་གྱུར་པ་མེད་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་མི་ལུས་ཐོབ་ཚད་འདི་ཐམས་ཅད་ཆོས་ཀྱི་སྣོད་དུ་གྱུར་ལགས་སམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ མི་ལུས་ཐོབ་ནས་ཆོས་ཀྱི་སྣོད་དུ་ཨེ་གྱུར་རང་ལ་རག་ལས་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ རང་ཁོ་ན་ལ་རག་ལས་ན་ཆོས་ཞེས་བྱ་བ་འདི་ནི་རང་གི་མགོ་འདོན་ཐབས་ཁོ་ནར་འདུག་ཚེ་མི་ཐམས་ཅད་ཀྱིས་ཆོས་བྱེད་འོས་སམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ མི་ལུས་ཐོབ་པ་འདི་ནོར་བུ་རིན་པོ་ཆེ་རྙེད་པ་ལས་ཀྱང་འཚེངས་ཆེ་སྟེ༔ འདི་ཚུལ་བཞིན་ཞིག་བསམས་ན་ཆོས་བྱེད་འོས་སུ་གདའ་ཡང་བྱེད་མཁན་དཀོན་པར་འདུག་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་མི་ལུས་ཐོབ་ཚད་ཀྱིས་ཆོས་མི་བྱེད་པ་འདིའི་རྒྱུ་མཚན་ཅི་ཡིན་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ མི་ལུས་ཐོབ་ཚད་ཀྱི་ཆོས་མི་བྱེད་པའི་རྒྱུ་མཚན་ལས་ངན་གྱིས་རྒྱུ་བྱས༔ རྐྱེན་ངན་གྱིས་སྣ་ཁྲིད༔ མི་སེམས་ལ་བདུད་ཞུགས་ཏེ་གསེར་དང་སྦྲང་མ་བརྗེས་པ་ལྟར༔ ཚེ་འདི་ཕྱི་བརྗེས་ནས་ངན་སོང་གསུམ་གྱི་སྡུག་བསྔལ་ལ་སྤྱོད་འདོད་པ་ཡིན་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་ཚེ་འདིའི་བྱ་བ་སྒྲུབ་རྩོལ་ལ་མཁས་པ༔ གྲུང་པོ་དཔའ་བོ་ཤེས་ཆེན་ཟེར་བ་འདི་རྣམས་ཡང་དག་པ་ཡིན་ནམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཚེ་འདི་བསྒྲུབ་པའི་མཁས་པ་ཞེས་བྱ་བ་དེ༔ རང་མགོ་རང་གིས་བསྣུབ་པའི་མཁས་པ༔ ཙན་དན་གྱི་སྡོང་པོ་སོལ་བར་བསྒྱུར་ཐུབ་པ་འདྲ་བའི་མཁས་པ་ཞིག་ཡིན་གསུང་༔ ཚེ་འདི་བསྒྲུབ་པའི་གྲུང་པོ་ཟེར་བ་དེ་སྨྱོན་པས་རང་སྲོག་གཅོད་ཤེས་པའི་གྲུང་པོ་ལྟ་བུ་ཞིག་ཡིན༔ ཚེ་འདི་བསྒྲུབ་པའི་ཤེས་བྱ་ཅན་བྱ་བ་དེ༔ གསེར་དང་སྦང་མ་བརྗེ་བའི་ཚོང་ཤེས་པའི་ཤེས་ཅན་ལྟ་བུ་ཞིག་ཡིན༔ ཚེ་འདི་བསྒྲུབ་པའི་དཔའ་བོ་ཟེར་བ་དེ་མར་མེའི་འོད་ལ་ཕྱེ་མ་ལེབ་མཆོང་ཐུབ་པ་ལྟ་བུའི་དཔའ་བོ་ཞིག་ཡིན་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་ཚེ་འདི་བསྒྲུབ་པའི་བྱ་བ་ཐབས་ཅད་ལ་རང་དོན་ཅི་ཡང་མེད་དམ་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཚེ་འདི་བསྒྲུབ་པའི་བྱ་བ་ཐམས་ཅད་ལ་རང་དོན་ཡོད་པ་ལྟ་ཞོག༔ རང་དོན་ཐམས་ཅད་ཚེ་འདིའི་བྱ་བ་བསྒྲུབས་པས་ཕུང་བ་ཡིན་མོད༔ དལ་འབྱོར་གྱི་མི་ལུས་ཐོབ་ནས་ཚེ་འདིའི་བྱ་བ་མ་བསྒྲུབས་པ་ཡིན་ན་སངས་རྒྱས་འཐོབ་པ་ལ་དཀའ་ཚེགས་ཅི་ཡོད་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་ཚེ་འདིའི་བྱ་བ་མི་བསྒྲུབས་པས་མི་ཚེ་འདི་མི་ཆོད་པ་འདྲ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཧ་ཧ་ལོ་ཙཱ་བ་ཁྱོད་དེ་སྐད་མ་ཟེར་ཞིག༔ དེ་ཅིའི་ཕྱིར་ཞེ་ན༔ བདག་ཅག་རྣམས་ཀྱི་སྟོན་པ་སངས་རྒྱས་ཤྭཀྱ་ཐུབ་པས་ཚེ་འདིའིའ་བྱ་བ་རྒྱ་ཆེ་ལ་གྲངས་མང་བ་ཤཱཀྱའི་རྒྱལ་སྲས་མངའ་འབངས་བཙུན་མོའི་ཚོགས་དང་བཅས་པ་དེ་རྣམས་བོར་ཏེ༔ བྱང་ཆུབ་བསྒྲུབས་པས་བདག་ཅག་ལ་སོགས་པའི་རིགས་དྲུག་གི་སེམས་ཅན་ཕྱོགས་དང་རིས་མེད་པ་རྣམས་ཀྱི་སྐྱབས་མགོན་དུ་གྱུར་པ་མ་ཡིན་ནམ༔ སྟོན་པ་བཅོལ་ལྡན་འདས་དེས་ཚེ་འདི་མ་བསྒྲུབས་པས་མི་ཚེ་མ་ཆོད་པ་དང་༔ བདག་ཅག་ཚེ་འདི་སྒྲུབ་པ་པོ་རྣམས་ཀྱིས་ཚེ་འདི་ཕྱོགས་ཀྱི་བྱ་བ་བསྒྲུབས་པས་མི་ཚེ་སྐྱིད་པ་ཅི་འདྲ་བསྐྱལ༔ ད་ལྟ་ཡང་བདག་ཉིད་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་དང་༔ ཟ་ཧོར་གྱི་མཁན་པོ་བྷོ་ངྷི་སཏྭ༔ ཁ་ཆེའིི་མཁན་པོ་བྷི་མ་ལ་མི་ཏྲ་ལ་སོགས་པ་དེ་རྣམས་ཀྱིས་ཚེ་འདི་བློས་བཏང་བས་ཐབས་ཆག་པ་ཅི་བྱུང་འདུག༔ གཞན་རྒྱ་གར་གྱི་འགྲོ་བ་ཕལ་མོ་ཆེ་རྣམས་ཀྱིས་ཚེ་འདི་བསྒྲུབས་པས་སྐྱིད་གང་འདྲ་བརྒྱབ་འདུག༔ ད་ལྟ་ཁྱེད་རང་བོད་ཀྱི་སད་མི་རྣམས་རབ་ཏུ་བྱུང་ནས་ཚེ་འདི་བསྐྱུར་བ་རྣམས་ཀྱིས་སྡུག་བསྔལ་ཅི་ཁུར་ཞིང་༔ ཁྱེད་བོད་ཀྱི་འགྲོ་བ་མང་པོ་འདི་རྣམས་ལ་བདེ་དགའ་ཅི་འདུག་སོམས་དང་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་ཚེ་འདིའི་བྱ་བ་བསྐྱུར་ན་ཐབས་ཆག་མདོག་ཁ་བ་མང་ཞིང་༔ བསྐྱུར་ན་ཆོག་པ་ལ་བློས་མི་ལོང་བ་ཞིག་འོང་གི་འདུག་བ་འདི་ཅི་ཡིན་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དེ་མི་ལུས་ལོན་ཀྱང་བསོད་ནམས་ཀྱི་བསགས་རྒྱབ་མེད་པ་དང་༔ བློ་ཐག་མ་ཆོད་པས་བདུད་ཀྱིས་ཁྱེར་བ་དང་༔ མི་ལུས་ལོན་པའི་སྙིང་རུལ་པོ་ཞེས་བྱ་བ་མདོ་མེད་ཀྱི་སེམས་ཅན་ངན་སོང་གི་སྡུག་བསྔལ་ལ་སྤྱོད་འདོད་པའི་རྟགས་ཡིན་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་མི་ལུས་ལོན་ནས་ཆོས་མེད་པ་འདི་རྣམས་དོན་མེད་ཁོ་ན་ཡིན་ནམ་མིན་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་མི་ལུས་ཐོབ་ནས་ཆོས་རབ་དང་ལྡན་ན་དོན་རབ༔ འབྲིང་དང་ལྡན་ན་དོན་འབྲིང་༔ ཆོས་ཐ་མ་ཞིག་དང་ལྡན་ན་དོན་ཐ་མ༔ ཆོས་ཡེ་ནས་མེད་པའི་མི་ལུས་ནི་སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྐྱེས་ཀྱང་༔ མདོ་དོན་རྡུལ་ཙམ་མེད་པའི་སྟེང་དུ་རང་མགོ་རང་གིས་གཡོགས་ནས་མི་ཚེ་སྐད་ཅིག་ཡུད་ཙམ་ཞིག་ལས་མེད་པ་ལ་རྟག་པར་བཟུང་ཞིང་༔ གཡོ་སྒྱུ་དང་མནའ་སྡིག་ཅི་མང་དུ་བསྒྲུབས་ནས༔ རིན་ཆེན་གྱི་གླིང་དུ་ཕྱིན་པའི་འགྲོ་བ་སྟོང་ལོག་བྱས་པ་ལྟར༔ དམ་པའི་ཆོས་མ་ཎི་བྱེ་བ་ཙམ་ཡང་འཆང་རྒྱུ་མེད་པར་སྡིག་སྒྲིབ་ལས་དང་ཉོན་མོངས་པའི་ཁུར་པོ་མི་ཁྱག་པར་འཁུར་ནས༔ གཤིན་རྗེའི་གྲོགས་དང་འགྲོག་སྟེ་ངན་སོང་གི་གླིང་གསུམ་སྙོག་དགོས་པའི་མི་ལུས་དོན་ཡོད་པའི་གོང་ན་མི་ལུས་དེ་འདྲ་བ་ཡ་རེ་ང་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་ཚེ་འདིར་དབང་འབྱོར་ཕུན་སུམ་ཚོགས་པའི་རྒྱལ་པོ་དང་བཙུན་མོ་དང་བློན་པོ་འདི་རྣམས་སྐྱིད་པོ་མ་ཡིན་ནམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཚེ་འདིར་བཙན་ཕྱུག་དར་གསུམ་འཛོམས་པའི་རྒྱལ་པོ་དང་བཙུན་མོ་བློན་པོ་རྣམས་ཆོས་དང་མི་ལྡན་ཕྱིན་ཆད་ངན་སོང་གསུམ་གྱི་འགྲོ་བ་ལས་སྡུག་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་དེའི་རྒྱུ་མཚན་ཅི་ཡིན་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཆོས་དང་ལྡན་པའི་རྒྱལ་པོ་དང་བཙུན་མོ་བློན་པོ་རྣམས་ནི༔ ཚེ་འདི་ལ་རྟག་པར་ནི་འཛིན༔ ཁེངས་སེམས་ནི་ཆེ༔ ཕྲག་དོག་ནི་རྒོད༔ སྙིང་རྗེ་ནི་མེད༔ ནོར་ཡོད་པས་ནི་མི་ཆོག་མང་དགོས༔ མང་བས་ནི་མི་ཆོག་རུལ་དགོས༔ མངའ་ཞབས་ཡོད་པས་ནི་མི་ཆོག་རྩོད་དགོས༔ བརྩད་པས་ནི་མི་ཆོག་ཕ་རོལ་ཆོམས་དགོས༔ གཡོག་བྱས་པས་ནི་མི་ཆོག་འཇིགས་དགོས༔ འཇིགས་པས་ནི་མི་ཆོག་གསོད་དགོས༔ ལུས་བདེ་བས་ནི་མི་ཆོག་ཇུས་དགོས༔ ཇུས་ཡོད་པས་ནི་མི་ཆོག་དར་དགོས༔ གཏམ་ཐེངས་པས་ནི་མི་ཆོག་དོན་གྲུབ་དགོས༔ དོན་གྲུབ་པས་ནི་མི་ཆོག་གྲགས་པ་ཆེ་དགོས༔ སྟོབས་ཡོད་པས་ནི་མི་ཆོག་ཆེ་དགོས༔ ཆེ་བས་ཀྱང་མི་ཆོག་རྩལ་འགྲན་དགོས༔ སྡིག་པ་རང་ལ་ཡོད་པས་ནི་མི་ཆོག་གཞན་ལ་སློབ་དགོས༔ བསླབས་པས་ཀྱང་མི་ཆོག་མཉམ་དུ་བསྒྲུབ་དགོས༔ ཟས་ཁམ་གང་དང་སྐོམ་ཧུབ་གང་འཐུངས་ཀྱང་ཁྲལ་དུ་རྒྱུག་པའི་དཀོར་ཟས་དང་དཀོར་ཆུ་མ་གཏོགས་ནི་མེད༔ གཏམ་དང་བྱ་བ་ཅི་བྱས་ཚད་ང་རྒྱལ་དང་དྲེགས་པ་རུ་ང་ཕྲག་དོག་གི་བྱ་བ་མ་གཏོགས་རྡུལ་ཙམ་ཡང་བྱེད་ཐབས་ནི་མེད༔ རྒྱལ་པོ་དང་དབང་ཡོད་དུ་སྐྱེས་ནས་འཁྲུལ་སྣང་གི་ལས་འདི་ལ་རྒྱ་ཅི་ཆེར་བློ་རྒྱ་ཆེ་བས་མི་དགེ་བཅུ་ལ་བག་མེད་དུ་སྤྱོད་དགོས༔ རང་འདྲ་བ་མང་པོ་ཕ་རོལ་ནས་འབྱུང་བས་དོན་ཡལ་བར་དོགས་ཏེ་མཚམས་མེད་པ་ལྔ་ལ་དམར་གཡོས་སུ་སྒྲུབ་དགོས༔ ལོ་ཙཱ་བ་རྒྱལ་པོར་སྐྱེས་པ་རྣམས་སྐྱིད་པ་ལྟ་ཞོག་ངན་སོང་གསུམ་དུ་འགྲོ་འདོད་པའི་སྔོན་དུ་སྡིག་སྤྱོད་ཀྱི་རྒྱལ་པོར་སྐྱེ་བ་ཡིན་ཏེ༔ དེ་ནི་ཁོ་རང་གཅིག་པུ་མ་ཡིན་པར་འབྲེལ་ཚད་ངན་སོང་དུ་འཁྲིད་དེ༔ སྡིག་པའི་གྲོགས་པོ་ཟེར་བ་དེ་སྡིག་སྤྱོད་ཀྱི་རྒྱལ་པོ་ཡིན༔ ལུས་ངན་དེ་འདྲ་བ་བླངས་པ་ལས༔ ངན་སོང་གསུམ་དུ་སྐྱེས་ན་ངན་སོང་གི་སྡུག་བསྔལ་མྱོང་བས་སྔོན་གྱི་ལས་སྒྲིབ་སྦྱངས་ཏེ་མྱུར་དུ་མཐོ་རིས་ལ་ཉེ་བ་ཡིན་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་ཚེ་འདིར་སྔོན་བསགས་ཀྱི་འབྲས་བུའི་ལོངས་སྤྱོད་དང་ལྡན་པ་འདི་རྣམས་སྐྱིད་པོ་ཡིན་མདོག་ཁ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་ཚེ་སྔ་མའི་སྦྱིན་འབྲས་ཀྱིས་ད་ལྟ་ལོངས་སྤྱོད་དང་ལྡན་པའི་ཕྱུག་པོ་རྣམས་ཀྱིས་ཡར་མཆོད་མར་སྦྱིན་དུ་བྱས་ཤིང་༔ ཚེ་ཕྱི་མའི་ལོངས་སྤྱོད་མི་ཟད་པའི་གཏེར་དུ་སྦ་ཤེས་ན༔ གནས་སྐབས་ཀྱི་མགྲོན་པོ་ངལ་གསོ་ཙམ་དུ་ཅུང་སྐྱིད་དེ༔ སྔ་མའི་སྦྱངས་འབྲས་ཀྱིས་ཚེ་འདིར་ལོངས་སྤྱོད་ཡོད་ཀྱང་སེར་སྣས་བཅིངས་ཏེ་ཆོས་ལྟར་སྤྱོད་མ་ནུས་ན་སྦྲང་མའི་སྦྲང་རྩི་དང་འདྲ་སྟེ་དགོས་ཆེད་ཆུང་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ བུད་མེད་གཞོན་ནུ་གཟུགས་དང་ཁ་དོག་མཛེས་པ་འདི་ཚོ་འགྲོ་བ་སུ་ལས་ཀྱང་སྣང་བ་མཐོ་འདུག་པས་ཁོང་རྣམས་གནས་སྐབས་འགྲོ་བ་གཞན་ལས་སྐྱིད་པ་ཞིག་ཡོད་པ་ཡིན་ལགས་སམས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བུད་མེད་ཀྱི་ལུས་བླངས་ཕྱིན་ཆད་བདེ་བ་གཞན་ལས་ཆེ་བ་ལྟ་ཞོག་རིགས་དྲུག་གི་སྡུག་བསྔལ་ཚང་ཡོད་དེ༔ འདོད་ཆགས་མེ་ལྟར་འབར་བས་འདོད་པའི་ཁྱོ་བོ་དང་མི་འཕྲད་པས་ཡི་དྭགས་ཀྱི་སྡུག་བསྔལ་ཚང་༔ ཁྱོ་བོ་ཞིག་དང་འཕྲད་ཀྱང་ལན་ཆགས་ཀྱི་བུ་ཕྲུག་ལུས་ལ་ཆགས་པའི་སྡུག་བསྔལ་མང་པོས་མནར་ན་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ཚང་༔ བུད་མེད་ཀྱི་བུར་སྐྱེས་ནས་རང་སྐྱེས་ཀྱི་ཕ་ཁྱིམ་དེ་བོར་ནས༔ མི་ཁྱིམ་ཆ་མེད་པ་ཞིག་ཏུ་འགྲོ་དགོས་པ་བར་དོའི་སྡུག་བསྔལ་ཚང་༔ མི་ཁྱིམ་དེར་འདུག་ཚེ་རྒན་རྒོན་རྣམས་ཀྱིས་མནར་སྡང་ཕབ་པ་ལ་མི་བཟོད་པར༔ འཛིང་རྩོད་ཀྱི་འཁོར་ལོ་བསྐོར་བས་ལྷ་མ་ཡིན་གྱི་སྡུག་བསྔལ་ཚང་༔ ལན་ཆགས་ཀྱི་ཕྲུ་གུ་བཙས་པའི་ཚེ་གཤིན་ཡུལ་ལ་མིག་གིས་ལན་གསུམ་བལྟ་དགོས་པས༔ ལྷ་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ་ཚང་༔ ཁ་ཉེན་སྙོམས་ཆུང་བས་དྲག་ན་དྲག་ཆེས་ཡོད་ཟེར༔ མ་དྲག་ན་སྐྱོན་ཚང་ཡོད་ཟེར་ཏེ༔ བྱ་བ་ཇི་ལྟར་ཞིག་བྱས་ཀྱང་བྱེད་ཐབས་དཀའ་ཞིང་གཞན་དབང་ཁོ་ནར་སྤྱོད་དགོས་པས་དུད་འགྲོའི་སྡུག་བསྔལ་ཚང་ཿསྡུག་བསྔལ་དེ་རྣམས་ཀྱི་ནང་ནས་ཚེ་གར་ཟད་མ་ཚོར་བཞིན་དུ་རྒན་དུ་སོང་བ་དང་༔ དྲིན་གྱིས་བསྐྱངས་པའི་བུ་རྒྱུད་དེས་ཀྱང་འདི་ངའི་མ་ཡིན་དྲིན་ཆེ་བསམ་པ་ནི་མི་སེམས་ཏེ༔ རང་གི་ཆུང་མ་དེ་དང་ཁ་སེམས་བསྟུན་ནས་ཟས་ཀྱི་ཁམ་ལྷག་སྐོམ་གྱི་སྐྱོགས་ཞབས་གོས་ཀྱི་དུག་ཧྲུལ༔ ཉལ་ས་སྒོ་ཐེམ་དཀར་ནག་ཏུ་བྱེད་དགོས་པས་མི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཚང་༔ དེས་ན་བུད་མེད་ཀྱི་ལུས་བླངས་ཕྱིན་ཆད་སྡུགབསྔལ་མ་གཏོགས་བདེ་བ་སྐད་ཅིག་ཙམ་ཡང་མེད༔ སྡུག་བསྔལ་ཆེ་བ་རྩུག་གི་ལས་ཀྱི་རྣམ་སྨིན་འབྲིད་མཁས་པས༔ རང་མཐོང་ཆེ་ཞིང་སྡུག་བསྔལ་སྡུག་བསྔལ་དུ་མི་སེམས་པ་ཉམས་མཚར་བ་ཡིན་༔ བུད་མེད་ཀྱི་ལུས་བླངས་ཕྱིན་ཆད་གསང་སྔགས་ཟབ་མོའི་ཆོས་དང་མཇལ་ནས་རྣལ་འབྱོར་པ་མཚན་དང་ལྡན་པའི་བདེ་བ་སྤེལ་བའི་གྲོགས་སུ་གྱུར་ན་གནས་སྐབས་དང་མཐར་ཐུག་གི་བདེ་བས་ཕྱུག་ཅིང་བུད་མེད་ཀྱི་ཁྱུ་མཆོག་གི་ལུས་དེ་ཡིན་ཏེ༔ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་བསགས་པས་ནི་ལུས་དེ་མི་འཐོབ་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་བུད་མེད་མཆོག་གི་ལུས་དེ་འདྲར་འཇིག་རྟེན་གྱི་ཁམས་སུ་མང་ཉུང་ཅི་འདྲ་ཡོང་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བུད་མེད་མཆོག་གི་ལུས་དེ་འདྲ་བ་འཇིག་རྟེན་གྱི་ཁམས་སུ་ཐོར་ཙམ་ཡོང་སྟེ་རིགས་ནི་བཞི་ཡོད༔ གནས་ལས་སྐྱེས་པ་ཞེས་བྱ་གནས་བཟང་པོའི་ནང་དུ་འོང་༔ ཞིང་ལས་སྐྱེས་པ་ཞེས་་བྱ་བ་གནས་ཡུལ་གྱི་མཁའ་འགྲོ་ཚོགས་འཁོར་བྱེད་པ་ལ་ཞིང་ཟེར་བས་ཞིང་དེའི་ཆ་ལ་འོང་ཞིང་༔ སྔགས་ལས་སྐྱེས་པ་ཞེས་བྱ་བ་ནི་སྔགས་འཆང་བའི་བརྒྱུད་ལ་ཡོང་བ་དང་༔ ལས་ལས་སྐྱེས་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་གང་དུའང་ཡོང་ངོ་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་འཇིག་རྟེན་གྱི་བུད་མེད་འདི་རྣམས་དང་མི་འདྲ་བའི་ཡ་མཚན་པའི་རྟགས་སོགས་ཡོང་ངམ་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ འཇིག་རྟེན་གྱི་བུད་མེད་འདི་ཚོ་ལས་ཁྱད་པར་དུ་འཕགས་པའི་རྟགས་མང་དུ་ཡོང་ཡང་༔ མདོར་བསྡུ་བ་ལ་བླ་མེད་་ཀྱི་ཆོས་ལ་མོས་ཤིང་སྒྲུབ་པ་སྲོག་དང་བསྡོ་ནུས་པ་ཞིག་ཡོང་གསུང་༔ དེ་འཇིག་རྟེན་གྱི་བུད་མེད་དུ་གྱུར་ན་ཇི་ལྟར་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དབྱིངས་ཀྱི་མཁའ་འགྲོའི་སྤྲུལ་པ་ཡིན་ན་འགྲོ་དོན་མེད་ཚེ་སྤྲུལ་པ་དབྱིངས་སུ་སྡུད༔ ཚོགས་བསགས་ཀྱི་བུད་མེད་ཡིན་ན་ནོར་བུ་འདམ་ཁྲོད་དུ་ལྷུང་བ་དང་འདྲ་སྟེ་དོན་གོ་ཆུང་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་རྣལ་འབྱོར་པ་མཚན་དང་ལྡན་པ་བྱ་བ་དེ་གང་འདྲ་ཞིག་ཡོང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་རྣལ་འབྱོར་པ་མཚན་དང་ལྡན་པ་དེ་ནི༔ ལྟ་བ་ཀ་དག་སྤྲོས་བྲལ་དུ་རྟོགས་པ༔ སྒོམ་པ་རི་རྒྱལ་ལྷུན་པོ་ལས་བརྟན་པ༔ སྤྱོད་པ་བག་ཕྱེ་ལས་ཞིབ་པ༔ ཐོས་བསམ་སྒོམ་གསུམ་གྱི་སྒྲོ་འདོགས་ཐམས་ཅད་ངོ་བོ་ཉིད་ཀྱི་སྟེང་ནས་ཆོད་པ༔ འབྲེལ་ཚད་ཀྱི་འགྲོ་བ་དོན་དང་ལྡན་པ༔ ཚོགས་ལྟར་སྤྱོད་ཅིང་རི་ལ་གནས་པ༔ ལྟ་སྒོམ་སྤྱོད་གསུམ་གྱི་ཀློང་དུ་ཚེ་དུས་འདའ་བ་ཞིག་ཡོང་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་མཚན་དང་མི་ལྡན་པ་ཡང་འབྱུང་ངམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ མཚན་དང་ལྡན་པ་ཉིན་མོའི་སྐར་མ་ཙམ་ཡིན༔ མཚན་དང་མི་ལྡན་པ་ཤིན་ཏུ་མང་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་མཚན་དང་མི་ལྡན་པ་དེ་ཅི་འདྲ་ཞིག་ཡོང་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རྣལ་འབྱོར་པ་མཚན་དང་མི་ལྡན་པ་ཞེས་བྱ་བ་ནི༔ ཆོས་དང་རྒྱབ་འགལ་སོང་བ་ཞིག་ཡོང་བ་ཡིན་ཏེ༔ རྒྱུ་འབྲས་ཀྱི་བླངས་དོར་འཆོལ་ཉོག་ཏུ་སྤྱོད༔ མ་ཞིག་པར་ཞིག་བརྫུ༔ མ་རྟོགས་པར་རྟོགས་བརྫུ༔ མ་གྲོལ་པར་གྲོལ་བརྫུ༔ གྲུབ་པ་མ་ཐོབ་པར་ཐོབ་བརྫུ༔ ལ་སོགས་འདེབས་ཤིང་༔ འགྲོ་བ་མང་པོ་མགོ་བསྐོར་ཞིང་ཉམས་ལེན་བྱི་ལ་བརྩོན༔ འགྲོ་དོན་ནལ་ཕྲུག་ལ་བྱེད༔ ལྷ་ལ་ཐེའུ་བྲང་བསྒྲུབ༔ ལས་སྦྱོར་འགུགས་སྔགས་ལ་བྱེད༔ རྫུན་ལ་བློ་གཏོད༔ ཟོབ་ལ་ཕུག་བཅའ༔ ཐ་ན་གསོལ་འདེབས་སྣ་རེ་དང་ཆབ་གཏོར་ཙམ་རེ་ཡང་མགོ་མི་ཐོན་པར་གཤིན་པོའི་ཡར་འདྲེན་དང་གསོན་པོའི་སྐྱབས་གནས་སུ་བྱེད་མཁན་གྱི་རྟོགས་ལྡན་མང་པོ་ཡོངས་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་དགེ་བའི་གཤེས་གཉེན་མཚན་དང་ལྡན་པ་དེ་ཅི་འདྲ་ཞིག་ཡོང་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དགེ་བའི་བཤེས་གཉེན་མཚན་དང་ལྡན་པ་ཞེས་བྱ་བ་ནི༔ ཕྱི་ནས་ཐོས་པས་ཕྱུག་ཅིང་ནང་ན་སྒོམ་པ་བརྟན་པ༔ བར་དུ་བླང་དོར་ཞིབ་པ༔ བསྡུ་བ་རྣམ་བཞིས་འགྲོ་བ་སྡུད་ཅིང་༔ བློ་ཚོད་ཀྱི་ཆོས་ཐེག་པ་སྣ་ཚོགས་སྟོན་པ་ལ་མཁས་པ༔ སུ་འགྲོགས་ཀྱི་མི་མཐུན་འཇུག་ཆོས་ལ་སྦྱོར་བ༔ མེ་ལོང་གི་བྱད་བཞིན་ཕ་རོལ་གྱི་བློ་ཁ་དང་བསྟུན་མཁས་པ༔ རང་འདོད་མེད་ཅིང་བསྟན་པ་དང་གཞན་དོན་གྱི་དོ་ཁུར་དང་དུ་ལེན་པ་ཞིག་ཡོང་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་མཚན་དང་མི་ལྡན་པའི་དགེ་བཤེས་འབྱུང་ལགས་སམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ མཚན་དང་མི་ལྡན་པ་ནི་མང་དུ་འབྱུང་ཞིང་༔ ཁྱད་པར་ད་ནས་བཟུང་སྟེ་སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་འདི་མར་མར་དུ་འབྲི༔ ཤཱཀྱའི་བསྟན་པ་འདི་ཡང་རིམ་ནས་རིམ་དུ་ནུབ་ཅིང་༔ བདུད་ལྷས་སྦྱིན་གྱིས་སྨོན་ལམ་ལོག་པར་བཏབ་པ་གྲུབ་པའི་འབྲས་བུ་སྨིན་ཏེ༔ བདུད་དང་ལོག་པར་འདྲེན་པ་མ་རུངས་པ་མང་པོ་དགེ་བཤེས་ཀྱི་ཚུལ་དུ་འོང་༔ སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཚུལ་འཆང་རྒྱུ་འབྲས་ཀྱི་ཆོས་འཆད༔ མཁན་པོ་དང་སློབ་དཔོན་དུ་བཏགས་པ་ལ༔ དོན་དམ་པར་མི་དགེ་བཅུ་ལ་སྤྱོད་ཅིང་དགེ་བ་བཅུའི་ལམ་འགོག༔ མཐོང་ཐོས་འབྲེལ་ཐོགས་ཀྱི་སེམས་ཅན་མང་བོ་ངན་སོང་གི་གླིང་དུ་ཁྱུ་དེད་བྱེད་པའི་གཟུགས་བརྙན་གྱི་དགེ་བཤེས་མང་པོ་ཡོང་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ དམ་ལྡན་གྱི་སྔགས་པ་ཟེར་བ་དེ་གང་འདྲ་ཞིག་ཡོང་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་དམ་ལྡན་གྱི་སྔགས་པ་ཞེས་བྱ་བ་ནི༔ ཕྱི་ནང་གི་དམ་ཚིག་ལ་གནས་ཤིང་བསྐྱེད་རྫོགས་ལས་སུ་རུང་བ༔ སྦྱོར་སྒྲོལ་གྱི་ནུས་པ་ལྡན་པ༔ གནས་བཟང་དང་དུར་ཁྲོད་ཉུལ་ཞིང་ལས་རབ་འབྱམས་ཀྱིས་བསྟན་འགྲོའི་དོན་བསྒྲུབ་པ༔ སྐལ་ལྡན་གྱི་སློབ་མ་ལ་ཡར་གྱི་ཟང་ཐལ་དུ་གཤེགས་པའི་ཆོས་ཟབ་མོ་སྟོན་པ་ལ་མཁས་པ༔ ཚེ་འདིའི་བྱ་བ་དགུ་སྤྲུགས་སུ་ཐེངས་པ༔ སྣང་བཞི་ཟད་སར་གཤེགས་པ་ཞིག་འོང་བ་ཡིན་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་དམ་ཚིག་མི་ལྡན་པའི་སྔགས་པ་འབྱུང་ལགས་སམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དམ་ཚིག་དང་མི་ལྡན་པའི་སྔགས་པ་ཕལ་ཆེར་ལ་མང་ཞིང་༔ གསང་སྔགས་པར་ཁས་ལེན༔ བསྐྱེད་རྫོགས་དྲོད་རྟགས་ནི་མེད༔ ཡར་ལྷ་ཆོས་ཀྱི་གྲལ་དུ་ནི་མི་ཚུད༔ ཕྱིར་མི་ཆོས་ཀྱི་གྲལ་དུ་ནི་མི་ཚུད༔ ཟབ་པ་ལས་ཀྱང་ཆེས་ཟབ་པ་གསང་སྔགས་བླ་མེད་ཀྱི་ཆོས་སྒོར་ཞུགས་ལ༔ ལྟ་སྒོམ་སྤྱོད་གསུམ་གྱི་ཉམས་ལེན་ལྟ་ཞོག༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་གི་བྱེ་བྲག་ཙམ་ཡང་མི་ཕྱེད་པའི་ཡོད་མ་ངག༔ ཡིན་བརྫུ་ཅན༔ ལས་སུ་ཉོན་མོངས་སྤྱོད་པ༔ འབྲས་བུ་སྡིག་བརྒྱུད་སྤེལ་བ༔ ལྷ་ལ་བཙན་འགོང་བརྟེན་པ༔ གྲོང་ནག་གི་འདྲེ་འདུལ་མཁན༔ སྔགས་མིན་སྔགས་པར་བརྫུ་བ་མང་པོ་ཡོང་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་བན་བཙུན་ཚུལ་དང་ལྡན་པ་དེ་ཅི་འདྲ་ཞིག་འོང་བ་ཡིན་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བན་བཙུན་ཚུལ་དང་ལྡན་པ་ནི༔ རྩ་བ་འདུལ་ཁྲིམ་གཙང་བ༔ སྤྱོད་པ་དགེ་བ་བཅུ་ལ་སྤྱོད་པ༔ འབྲས་བུ་ཕ་རོལ་ཏུ་ཕྱིན་པ་དྲུག་མངོན་དུ་གྱུར་པ༔ མཁྱེན་ལྡན་གྱི་ཤེས་རབ་ཅན༔ བརྩེ་ལྡན་གྱི་སྙིང་རྗེ་ཅན༔ གཞན་དོན་གྱི་མཛད་པ་ཅན༔ ཆོས་ཐམས་ཅད་ཤེས་ཤིང་ཁོང་དུ་ཆུད་པ་༔ དོན་ཉམས་ལེན་དང་ལྡན་པ༔ ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ༔ གྲུབ་མཐའ་ལ་སོགས་ཆགས་སྡང་རྨོངས་གསུམ་གྱི་དབང་དུ་མི་གཏོང་བ༔ དད་ཟས་ཀྱི་དཀོར་ལ་བག་ཡོད་དུ་སྤྱོད་པ༔ འབྲོག་དགོན་པ་ནས་འབྲོག་དགོན་པར་རྒྱུ་བ༔ ཐུབ་པ་ཆེན་པོའི་བསྟན་འཛིན༔ ཕྱིར་མི་ལྡོག་པའི་དགྲ་བཅོམ་པ་དེ་འདྲ་བ་ཡོང་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་ཚུལ་དེ་རྣམས་དང་མི་ལྡན་པ་ཡང་འབྱུང་ངམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཚུལ་དེ་རྣམས་དང་མི་ལྡན་པ་མང་དུ་འབྱུང་སྟེ༔ ལྟར་སྣང་དུ་དགེ་སྦྱོང་༔ དོན་དམ་དུ་བྱི་ཕོ༔ སྤྱོད་པ་ནི་ཚོང་པ༔ ཉེར་ལེན་ནི་ཆགས་སྡང་རྨོངས་གསུམ༔ སློབ་གཉེར་ནི་གྲུབ་མཐའི་ཕྲག་དོག༔ གསོག་འཇོག་ནི་དཀོར་ནག་གི་ལོངས་སྤྱོད༔ སྐྱོང་བྲན་ནི་ཉེ་དུ་དང་བུད་མེད༔ འཁུར་རྒྱུ་ནི་རྣམ་སྨིན་དང་ཕམ་ལྟུང་༔ འགྲོ་ས་ནི་ངན་སོང་གི་གླིང་གསུམ་བྱེད་དགོས་པའི་དགེ་སྦྱོང་མང་པོ་ཡོང་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་མོ་བཙུན་འདི་ཆོས་པའི་གྲངས་སུ་མེད་པ་ཡིན་ནམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ མོ་བཙུན་འདི་བླ་མེད་ཀྱི་ཆོས་སྣོད་ཡིན༔ ཐེག་པ་འོག་མ་རྣམས་ཀྱི་གྲངས་སུ་མི་འགྲོ་བས་སྟོན་པ་བཅོམ་ལྡན་འདས་ཀྱིས་ཀྱང་རབ་ཏུ་བྱུང་བར་མ་གནང་ཞིང་༔ ཉེ་གནས་ཀྱི་རྐྱེན་ལ་བརྟེན་ནས་སྐྱེ་དགུའི་བདག་མོ་རབ་ཏུ་བྱུང་བས་བསྟན་པ་ལ་ཡང་ཆེས་ཆེར་གནོད་པ་བྱུང་ཞིང་༔ ཐེག་པ་འོག་མ་རྣམས་ཀྱི་སྣོད་དང་མ་ལྡན་ཡང་༔ ད་ལམ་བདག་ཅག་གི་སྟོན་པ་འདིའི་བསྟན་པ་ལ༔ སྟོན་པའི་འཁོར་རྣམ་བཞི་དགེ་ཚུལ་དང་དགེ་སློང་ཕ་མ་གཉིས་གཉིས་སུ་དབྱེ་བ་ཡིན་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་དགེ་ཚུལ་དང་དགེ་སློང་མ་སོགས་ཚུལ་དང་ལྡན་པ་ཅི་འདྲ་ཞིག་ཡོང་ལགས་ཞུས་པས་སློབ་དཔོན་གྱི་ཞལ་ནས༔ ཚུལ་དང་ལྡན་པ་ནི༔ གཞི་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་ངོས་ལྐོག་མེད་པ༔ སྤྱོད་པ་ཆོས་དང་མཐུན་པ༔ ཁྱིམ་ནས་ཁྱིམ་མེད་པ་རབ་ཏུ་བྱུང་བ༔ ཉོན་མོངས་པའི་དབང་དུ་མི་གཏོང་བ༔ འབྲོག་དགོན་པ་ཅན༔ ཚེ་འདིའི་གཡེངས་བ་དང་བྲལ་ཞིང་ཕྱི་མ་དོན་དུ་གཉེར་བ༔ འཚོ་བ་གྱི་ན་ལ་བརྟེན་པ་༔ བླ་གོས་ཕྱག་དར་ཁྲོད་པ༔ རྩ་བ་དང་ཡག་ལག་གི་ཕམ་ལྟུང་རྣམས་བློ་ལ་གསལ་ཞིང་ཉེར་ལེན་དང་ལྡན་པ་ལ་སོགས་པ་སྟེ༔ མདོར་ན་ལུས་བུད་མེད༔ སེམས་བྱང་ཆུབ་སེམས༔ སྤྱོད་པ་ཕར་ཕྱིན་དང་དགེ་བཅུ་ཅན་ཞེས་བྱ་བ༔ སངས་རྒྱས་ཀྱི་ས་ལ་རབ་ཏུ་ཉེ་བ་མང་པོ་འབྱུང་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་ཚུལ་དེ་རྣམས་དང་མི་ལྡན་པ་ཡང་འབྱུང་ངམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་བུ་ལོ་ཙཱ་བ་༔ ཚུལ་དེ་རྣམས་དང་མི་ལྡན་པ་མང་པོ་ཡོང་སྟེ༔ སྐྱེ་མིང་དེ་བོར༔ ཆོས་མིང་ཞིག་བཏགས༔ མགོ་སྤུ་ནི་བྲེགས༔ བཙུན་གཟུགས་ནི་འཆང་བ་ལ་སྟོན་པའི་ཞབས་འདྲེན༔ བསྟན་པའི་བླ་འཚོང་༔ ཉིན་མོ་སྐྱེས་པ་མིག་གིས་འདེད་པ༔ མཚན་མོ་སྐྱེས་པ་ཡིད་ཀྱིས་འདེད་པ༔ དུས་གསུམ་ཀུན་ཏུ་ཕོ་མཚན་དྲན་པ༔ ཆགས་པའི་རྦ་ཀློང་ཁོང་ནས་འཁྲུག་པ༔ ལོག་ གཡེམ་དང་བྱི་ལ་ཤོར་ཐོབ་བྱེད་པ༔ བཙོག་གཏམ་ཐོས་ན་རྣ་བའི་བདུད་རྩིར་འཛིན་པ༔ སྐྱེས་པ ་དང་ཕྲད་ན་སྙིང་གི་མུན་སེལ་དུ་ལྟ་བ༔ སྤྱོད་པར་ཉན་ན་ཁྱི་ཕོ་ཡིན་ཀྱང་དང་དུ་ལེན་པ༔ དངོས་སུ་བཙུན་མ༔ ལྐོག་ན་ཡ་མོ༔ དོན་ལ་སྨད་འཚོང་མ༔ དགོན་པའི་རྩིག་སེང་ནལ་ཕྲུག་གི་རོས་འགེངས་མཁན་༔ དབུགས་དང་བྲལ་མ་ཁད་ནས་མནར་མེད་སྙོགས་ཏེ་ཐེ་ཚོམ་མེད་པར་རྒྱུག་མཁན་མང་པོ་ཡོང་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་འཁོར་བ་པའི་འགྲོ་བ་འདི་རྣམས་ལ་ཚུལ་དང་ལྡན་མི་ལྡན་ཡོད་དམ་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ འཁོར་བའི་འགྲོ་བ་ཕོ་མོ་འདི་རྣམས་ཚུལ་དང་ལྡན་མི་ལྡན་ཆེ་སྟེ༔ སངས་རྒྱས་ཀྱིས་སེམས་ཅན་ཐུགས་རྗེས་མི་གཏོང་བས་མ་དག་པའི་འགྲོ་བ་ཁོ་ནའི་གླིང་འཁོར་བའི་ཡུལ་འདིར༔ ཚུལ་དང་ལྡན་པ་སངས་རྒྱས་ཀྱི་སྤྲུལ་པ༔ ཚུལ་དང་མི་ལྡན་པ་མི་ལུས་སྲིན་པོ་གདོང་དམར༔ ཚུལ་དང་ལྡན་པ་ཡེ་ཤེས་ཀྱི་མཁའ་འགྲོ༔ ཚུལ་དང་མི་ལྡན་པ་སྡིག་པའི་བུད་མེད་རྣམས་ཡོད་དེ༔ མི་ལུས་ཐོབ་ནས་ཁྱིམ་ཐབས་སྤང་མ་ནུས་ནའང་དགེ་བ་ལ་ཅི་འགྲུབ་ཏུ་བརྩོན་པ༔ རྣམ་སྨིན་ལ་ཅི་ཐུབ་ཐུབ་ཏུ་འཛེམ་པ༔ བསགས་པ་ཆོས་ལ་བྱེད་པ༔ ཡར་མཆོད་དང་མར་སྦྱིན༔ ཁ་ཏོན་དང་བཟླས་བརྗོད༔ དད་པ་དང་དག་སྣང་༔ དགེ་བ་ལ་རབ་ཏུ་བརྩོན་པ་དང་༔ ཁྱིམ་ན་གནས་པ་ཙམ་ལས་ཆོས་བཞིན་སྤྱོད་དེ༔ མཐོ་རིས་ནས་མཐོ་རིས་ཀྱི་གོ་འཕངས་འགྲོ་བ་མང་པོ་ཡང་ཡོང་༔ ཡང་དགེ་སྡིག་མགོ་སྙོམས་སུ་སྤྱོད་ཅིང་ལུང་མ་བསྟན་དུ་གྱུར་པ་ཡང་འགའ་རེ་ཡོང་༔ ཚུལ་དང་མི་ལྡན་པ་ནི༔ ལུས་ནི་མི་གཟུགས༔ སེམས་ནི་འདྲེ་སྲིན༔ གསོད་གཅོད་ལ་བརྔམ་པ༔ སྡིག་པ་ལ་བརྩོན་པ༔ རྫོགས་པའི་སངས་རྒྱས་མཇལ་ཡང་དད་པ་མེད་པ༔ འཁོར་བའི་སྡུག་བསྔལ་མཐོང་ཡང་སྐྱོ་བ་མེད་པ༔ སྡིག་པ་ཆེས་ཆེར་བྱས་ཀྱང་འགྱོད་སེམས་མེད་པ༔ མི་ཆོས་ཀྱི་ཁྲེལ་དང་ངོ་ཚ་ཙམ་ཡང་མི་བྱེད་པ༔ རྐུ་ཇག་ཁྲམ་གསུམ་ལ་ལང་རྟེན་བྱེད་པ༔ གཡོ་རྒྱུ་ཟོལ་གསུམ་ལ་ཉལ་བརྟེན་བྱེད་པ༔ བྲེ་ཕུལ་སྲང་གསུམ་ལོག་པར་འཆང་བ༔ ཚེ་འདིའི་བྱ་བ་མ་གཏོགས་ཚེ་ཕྱི་མ་སྐད་ཅིག་ཙམ་ཡང་མི་དྲན་པའི་སྐྱེ་འགྲོ་ཕོ་མོ་མང་པོ་ཡོང་༔ ཡང་སྡིག་ལྡན་རབ་ཏུ་རྨོངས་པའི་འགྲོ་བ་གདུལ་བའི་ཕྱིར་སངས་རྒྱས་ཀྱི་སྤྲུལ་པ་སྣ་ཚོགས་སུ་འབྱུང་བས༔ སྐྱེས་པ་སྡིག་ལྡན་གྱི་དྲུང་དུ་སངས་རྒྱས་ཀྱི་སྤྲུལ་པ་བུད་མེད་ཆོས་ལྡན་ཡོང་༔ བུད་མེད་སྡིག་ལྡན་གྱི་དྲུང་དུ་སངས་རྒྱས་ཀྱི་སྤྲུལ་པ་ཆོས་ལྡན་དུ་ཡོང་བ་ལ་སོགས་པ་རྣམས་ཀྱང་ཡོད་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་ཁམས་གསུམ་གྱི་སེམས་ཅན་འདི་ཐམས་ཅད་མི་རྟག་པ་ཁོ་ན་ལས་མ་འདས་སམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་འགྲོ་བ་ཕྱི་སྣོད་ནང་བཅུད་ཐམས་ཅད་མི་རྟག་པ་ལས་རྟག་པ་རྡུལ་ཙམ་ཡང་མེད་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་འཆི་བ་མི་རྟག་པ་འདི་བསམ་ན༔ ཚེ་འདི་རྨི་ལམ་གྱི་སྣང་བ་ལྟར་ཡོད་པ་འདྲ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བུ་ལོ་ཙཱ་བ་འཆི་བ་མི་རྟག་པ་འདི་ལ་འཁོར་འདས་གཉིས་ཚང་སྟེ༔ འཆི་བའི་སྡུག་བསྔལ་འདི་བརྗོད་ལས་འདས་པས་འཁོར་བའི་སྡུག་བསྔལ་ཀུན་གྱི་ཆེ་ཤོས་ཡིན་ཏེ༔ དེས་ན་འཁོར་བ་ཡང་འཆི་བ་ལ་ཚང་༔ འཆི་བ་འདི་བསམས་ཤིང་དཔྱད་ན་ཆོས་ཤིག་མི་ཡོང་བའི་ཐབས་མེད་པས་མྱ་ངན་ལས་འདས་པ་ཡང་འཆི་བ་འདི་ལ་ཚང་༔ ཀླུའི་དབང་པོ་མི་ཞེས་བྱ་བའི་འགྲོ་བ་འདི་ཉམས་མཚར་པོ་ཞིག་ཡོད་དེ༔ མཁས་སྣང་དང་༔ ཤེས་སྣང་དང་༔ གྲུང་སྣང་མང་པོ་ཡོད་པ་ལ་མདོ་དོན་གྱི་འདེམ་སོར་དེ་རྩ་བ་ནས་འཕྱུགས་སྟེ༔ ཚེ་འདི་ཞེས་བྱ་བ་རྨི་ལམ་ཐུན་གཅིག་གི་སྣང་བ་ཙམ་ལ༔ འཁོར་བ་མ་སྟོངས་བར་དུ་སྡོད་རྒྱུ་ཡོད་འཆར་བྱེད་ཅིང་རང་མགོ་རང་གིས་གཡོག་སྟེ་མི་ཚེ་འདི་མ་ཟད་ཀྱི་བར་དུ་ཤོམ་ར་དང་རྒྱ་འདེང་གིས་བྲེལ་དུ་བཅུག་ནས་ཆོས་ཤིག་བསམ་སྟེ་ཁོམ་པ་མེད་དོ༔ ལྕོགས་ས་མེད་དོ་ཟེར་ཏེ༔ ཚེ་འདི་ཕྱོགས་ཀྱི་བྱ་བ་དེ་ཡིན་ཡིན་པོ་དང་༔ རྟག་རྟག་པོར་སྐད་ཅིག་ཀྱང་ཡེངས་མ་ཤོར་བ་བྱེད་དེ་བསྒྲུབ༔ ཆོས་ཀྱི་བྱ་བ་ནི་ཆེ་ཕྲ་ཆུང་གསུམ་ཐམས་ཅད་དེས་ཆོག་དང་༔ ངང་རིང་དང་༔ ཕྱི་བཤོལ་དུ་སྐྱུར༔ ཡུལ་མི་ཁྱིམ་འཚེས་མཐོ་དམན་དྲག་ཞན་ཕ་མ་རྒན་རྒོན་ལ་སོགས་པ་ཤི་བ་མིག་གིས་མཐོང་༔ ལག་པས་བསྡུར་ཀྱང་ཁོ་ཤིའོ་མོ་ཤིའོ་ཟེར་བ་ཙམ་ལས༔ རང་འཆི་རྒྱུ་མེད་པ་སྙམ་དུ་བྱེད་ཅིང་༔ ཆགས་སྡང་རྨོངས་གསུམ་གྱི་ནང་དུ་དལ་མེད་དུ་སྤྱོད་ཅིང་ཡོད་པའི་སྐབས་ཤིག་ལ༔ འཆི་བདག་གི་བདུད་པོ་དེ་གར་འོངས་ཆ་མེད་པ་ཞིག་ནས་འོང་སྟེ༔ གཤིན་རྗེའི་ཞགས་པ་ནག་པོ་དེས་གཟུང་ནས་མཐོ་སྟེ་རྒྱལ་པོ་དང་དབང་ཅན་ཁ་དྲག༔ དམའ་སྟེ་ཕལ་པ་དང་སྤྲང་པོ་ཕྱུག་པོ་གང་ལྟར་ཞིག་ཡིན་ཀྱང་༔ མི་ཚེ་སྡིག་ལ་བསྐྱལ་བའི་སྡིག་སྒྲིབ་ཀྱི་ཕུང་པོ་དེ་ཐམས་ཅད་མི་ཁྱག་བཞིན་དུ་ཁུར༔ ཐབས་ཅིས་ཀྱང་མི་བཤོལ་ཏེ་འཇིག་རྟེན་འདི་ནས་ཕ་རོལ་ཏུ་ནི་འགྲོ༔ ཆ་ཡེ་ནས་མེད་ཀྱང་གཤིན་ཐང་སྐྱ་མོ་དེ་ལ་ནི་འཁྱམས༔ རྒྱུས་ཡེ་ནས་མེད་ཀྱང་བར་དོའི་འཕྲང་རིང་དེ་ལ་ནི་འགྲོ༔ ངོ་ཡེ་ནས་མི་ཤེས་ཀྱང་གཤིན་རྗེའི་གྲོགས་པོ་དེ་དང་ནི་འགྲོག༔ འགྲོ་ཡེ་ནས་མི་འདོད་ཀྱང་ངན་སོང་གསུམ་པོ་དེ་ནི་སྙོག༔ སྡོད་ཡེ་ནས་མི་འདོད་ཀྱང་དམྱལ་ཁམས་བཅོ་བརྒྱད་དུ་ནི་ཚུད༔ སྡུག་ཡེ་ནས་མི་འདོད་ཀྱང་ཚ་གྲང་གི་སྡུག་བསྔལ་དེ་རྣམས་མྱོང་དུས་འགྱོད་པ་དྲག་པོ་སྐྱེ་ཞིང་༔ ཚེ་འདི་ཕྱི་བརྗེས་པ་མ་ཉན་པར་ཤེས་འོང་སྟེ་ཤེས་དུས་དང་འགྱོད་དུས་འཕྱིས་པ་ཡིན༔ དོན་ཡོད་མེད་ཀྱི་བྱ་བ་ཚེ་འདི་ཕྱིའི་འདེམ་ཀའི་ལས་ཀྱི་མེ་ལོང་འཆི་བ་མི་རྟག་པ་ལ་མངོན་སུམ་དུ་བལྟས་པས་ཆོག་པ་ལ༔ བལྟ་རྒྱུ་ཡོད་དུས་དོན་ཆུང་ཚེ་འདིའི་བྱ་བ་དང་དུ་བླངས་ནས་དོན་ཆེན་ཕྱི་མ་རྒྱབ་ཏུ་བོར་བའི་མཁས་ཉམས་དང་གྲུང་ཉམས་བྱེད་པ་འདི་ཉམས་མཚརགསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་ཉེ་དུ་དང་བུད་མེད་ལ་་སོགས་པའི་ཕྱིར་དུ་སྡིག་པ་བྱས་པའི་རྣམ་སྨིན་རྣམས་ཀྱང་རང་གིས་འཁུར་དགོས་པ་ཨེ་ཡིན་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ལྟོ་གོས་ལ་བགོ་བཤར་བྱ་རུ་ཡོད་ཀྱང་སྡིག་སྒྲིབ་ལ་བགོ་བཤའ་བྱར་མེད་དེ༔ སྡིག་པ་བྱེད་པ་པོ་ལ་སྨིན་ཞིང་༔ དཔེར་ན་རང་གི་ལུས་གྲིབ་གཞན་གྱི་ལུས་ལ་འགྲོག་པའི་ཐབས་མེད་པར་རང་གི་རྗེས་སུ་འབྲང་བ་དང་འདྲ་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་རིགས་དྲུག་གི་སེམས་ཅན་ལ་བདེ་བ་མེད་གསུངས་པ་ད་ལྟའི་བདེ་དགའ་ལོངས་སྤྱོད་འདི་རྣམས་བདེ་བ་མ་ཡིན་ནམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བུ་ཀླུའི་དབང་པོ་ད་ལྟའི་མི་ལུས་ཀྱི་བདེ་དགའ་ཕྲན་བུ་འདི་ལྟ་ཞོག༔ སུམ་ཅུ་རྩ་གསུམ་ལྷའི་རྒྱལ་པོ་ཚངས་པ་དང་བརྒྱ་བྱིན་དང་རྩ་གསུམ་པ་ལ་སོགས་པའི་བདེ་དགའ་ལོངས་སྤྱོད་ཕུན་སུམ་ཚོགས་པ་འདི་རྣམས་ཀྱང་བདེ་བ་ཞེས་མི་འདོགས་ཏེ༔ ཅིའི་ཕྱིར་ཞེ་ན༔ བདེ་བ་ལ་བདེ་བར་རྟག་པར་མི་གནས་ཤིང་ཟག་བཅས་ཀྱི་བསོད་ནམས་ལས་བདེ་བ་དེ་གནས་སྐབས་སུ་ཐོབ་ཀྱང་༔ ཟག་བཅས་ཀྱི་བསོད་ནམས་དེ་ཟད་པའི་ཚེ་སྡུག་བསྔལ་ལ་སྤྱོད་དགོས་པའི་ཕྱིར་རོ་གསུང་༔ ཡང་ཞུས་པ༔ འོ་ན་དགེ་བ་སྤྱད་པའི་ཕན་ཡོན་དང་སྡིག་པ་སྤྱད་པའི་ཉེས་དམིགས་ཀྱི་ཁྱད་པར་གང་གིས་ཕྱེ་ཞུས་པས༔ དེའི་དོན་མ་ཤེས་ན་ཡར་གྱི་སངས་རྒྱས་དང་མར་གྱི་སེམས་ཅན་གཉིས་ལ་ལྟོས་གསུང་༔ ཚེ་སྔ་མ་སྦྱིན་པ་བཏང་བ་དང་མ་བཏང་བའི་ཁྱད་པར་གང་གིས་ཕྱེ་ཞུས་པས༔ དེ་ཕྱུག་པོ་ལོངས་སྤྱོད་ཅན་དང་དབུལ་པོ་ནོར་མེད་གཉིས་ལ་ལྟོས་གསུང་༔ ཚེ་སྔ་མ་ཚུལ་ཁྲིམས་བསྲུངས་པ་དང་མ་བསྲུངས་ཀྱི་ཁྱད་པར་གང་ལགས་ཞུས་པས༔ གཟུགས་བཟང་པོ་ངན་པ་གཉིས་ལ་ལྟོས་གསུང་༔ ཚེ་སྔ་མ་བཟོད་པ་བསྒོམས་པ་དང་མ་བསྒོམས་པའི་ཁྱད་པར་གང་ལགས་སམ་ཞུས་པས༔ དེ་རྒྱལ་པོ་དང་མཛེ་ཕོ་གཉིས་ལ་ལྟོས་གསུང་༔ ཚེ་སྔ་མ་ཤེས་རབ་ལ་སྤྱད་པ་དང་མ་སྤྱད་པའི་ཁྱད་པར་གང་ལགས་ཞུས་པས༔ དེ་མི་དང་དུད་འགྲོ་གཉིས་ལ་ལྟོས་གསུང་༔ ཚེ་སྔ་མ་ཆོས་ལ་བརྩོན་འགྲུས་བརྩམས་པ་དང་མ་བརྩམས་ཀྱི་ཁྱད་པར་གང་ལགས་ཞུས་པས༔ དེ་དགེ་བའི་བཤེས་གཉེན་རྣམས་དང་ཕལ་པའི་མི་གཉིས་ལ་ལྟོས་གསུང་༔ ཚེ་སྔ་མ་བསམ་གཏན་བསྒོམས་པ་དང་མ་བསྒོམས་པའི་ཁྱད་པར་གང་ལགས་ཞུས་པས༔ དེ་དབང་པོ་རབ་ཏུ་གྱུར་པའི་སྐལ་ལྡན་དང་༔ ཅི་ཡང་མི་ཤེས་པའི་ལྐུགས་པ་གཉིས་ལ་ལྟོས་གསུང་༔ འོ་ན་མཐར་ཐུག་གི་བདེ་བ་དེ་གང་ལགས་ཞུས་པས༔ མཐར་ཐུག་ག་ིབདེ་བ་དེ་སངས་རྒྱས་མངོན་དུ་གྱུར་པ་ཡིན་གསུང་༔ འོ་ན་སྐྱབས་ཀྱི་དམ་པ་དེ་གང་ཡིན་ཞུས་པས༔ སྐྱབས་ཀྱི་དམ་པ་དེ་བླ་མ་ཡིན་གསུང་༔ འོ་ན་གྲོགས་ཀྱི་དམ་པ་དེ་གང་ཡིན་ཞུས་པས༔ གྲོགས་ཀྱི་དམ་པ་དེ་ཆོས་ལྡན་གྱི་མཆེད་གྲོགས་ཡིན་གསུང་༔ བྱིན་རླབས་འཇུག་པའི་རྩ་བ་གང་ཡིན་ཞུས་པས༔ བྱིན་རླབས་འཇུག་པའི་རྩ་བ་དད་པ་ཡིན་གསུང་༔ དངོས་གྲུབ་ཀྱི་རྩ་བ་གང་ཡིན་ཞུས་པས༔ དངོས་གྲུབ་ཀྱི་རྩ་བ་གསོལ་འདེབས་ཡིན་གསུང་༔ ད་དུང་འདི་ནས་མར་ལ་མང་རབས་ཤིག་འདུག་ཀྱང་བཞག་བཏང་ངོ་ཧ་ཧ། །དེ་ནས་ལོ་ཙཱ་བས་གུ་རུ་རིན་པོ་ཆེའི་ཞབས་སྤྱི་བོར་བླངས༔ ཕྱག་དང་སྐོར་བ་བྱས༔ ཚོགས་ཀྱི་འཁོར་ལོ་དང་རིན་པོ་ཆེ་མང་པོའི་མཎྜལ་ཕུལ༔ གུ་རུ་རིན་པོ་ཆེའི་ཞལ་ནས་འཁོན་ཀླུའི་དབང་པོ༔ དེ་རིང་གི་ཞུས་ལེན་དེ་རྣམས་ཁྱོད་ཀྱིས་ཡི་གེར་ཐོབ་ལ་བླ་མ་བདེ་མཆོག་དབང་གི་འཁོར་ལོའི་ཆོས་སྐོར་དུ་མ་ཚང་བ་ཁ་བསྐང་བའི་ཕྱིར་གཏེར་དུ་སྦོས་ཤིག༔ མ་འོངས་རྩོད་ལྡན་གྱི་ཡང་མཐའ་ལ༔ ཁྱོད་ཀྱི་སྐྱེ་བ་གར་དབང་འགྲོ་འདུལ་གླིང་པ་དང་འཕྲད་དུས༔ ད་ལྟའི་བག་ཆགས་འདི་རྣམས་རྗེས་སུ་་དྲན་ནས་བདག་ཉིད་པདྨ་འབྱུང་གནས་ལ་མོས་གུས་དབང་མེད་དུ་འབར་ཞིང་༔ ཁ་འཐོར་བའི་འགྲོ་བ་མང་པོའི་དོན་བྱེད་གསུངས་པ་རྣམས་བདག་ལོ་ཙཱ་བ་དང་༔ མི་བརྗེད་གཟུངས་ཐོབ་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཏབ་སྟེ༔ བླ་མ་བདེ་མཆོག་འཁོར་ལོའི་ཆོས་སྐོར་དང་བཅས་པ༔ ཏེ་སེ་གངས་ཀྱི་ནུབ་ཕྱོགས་བདེ་ཆེན་གསང་བ་ཕུག་ཏུ་གཏེར་དུ་སྦས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རྨི་ལམ་ཡུལ་གྱི་མི་གཟུགས། འཁྲུལ་སྣང་གི་ཟློག་གར་མཁན། བྱ་བྱེད་དང་བྲལ་བའི་རྣལ་འབྱོར་པ་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོང་གི་ཆགས་རིའི་ཡང་དགོན་ཁམས་གསུམ་རྣམ་རྒྱལ་དུ་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ། །