དྷཀྐིའི་མཚན་རྟགས་དངོས་གྲུབ་འབྱུང་གནས།
ཕག་མོ་ནག་མོའི་ཟབ་ཐིག་ལས༔ དྷཀྐིའི་མཚན་རྟགས་དངོས་གྲུབ་འབྱུང་གནས་བཞུགས༔ དྷཀྐཱིའི་ཚོགས་ལ་ཕྱག་འཚལ་ལོ༔ བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་སློབ་དཔོན་ཆེན་པོ་ལ་གུས་པའི་ཕྱག་དང་བསྐོར་བ་གྲངས་མེད་བྱས་ནས་མཉེས་པའི་ཞབས་ཏོག་བསྒྲུབས་ཏེ་ཞུས་པ༔ སློབ་དཔོན་རིན་པོ་ཆེ་ལགས༔ ཕག་མོའི་ཟབ་ཏིག་གི་ཆོས་བཀའ་ཚང་བའི་ཕྱིར་དུ་བདག་ལ་དྷཀྐཱིའི་མཚན་རྟགས་ཀྱི་རིམ་པ་ཞིག་བཀའ་སྩལ་དུ་གསོལ༔ ཞེས་ཞུས་པས༔ སློབ་དཔོན་ཆེན་པོའི་ཞལ་ནས༔ མཚོ་རྒྱལ་ཉོན་ལ་ཡི་གེར་བྲིས་ནས་ཕག་མོ་ནག་མོའི་ཆོས་སྐོར་དུ་འདེབས་པར་གྱིས་ཤིག༔ དེ་ཡང་དྷཀྐིའི་མཚན་རྟགས་མང་དུ་ཡོད་ཀྱང་གབ་འཁྲུགས་མེད་པར་བརྗོད་པར་བྱའོ༔ དེ་ལ་དང་པོ་ཡེ་ཤེས་མཁའ་འགྲོའི་སྤྲུལ་པ༔ དངོས་གྲུབ་སྩོལ་བའི་གཙོ་མོ༔ འཁྲུལ་བ་མེད་པའི་ལས་རྒྱ་ཞེས་བྱ་བ་མཆོག་དང་ཐུན་མོང་གི་སིདྡྷི་སྟེར་བའི་དྷཀྐི་ནི་པདྨ་ཅན་ཞེས་བྱ་བ་ཞིག་ཡོད་དེ༔ རིང་པོ་མ་ཡིན་ཐུང་བའི་སྐྱོན་མེད་པ༔ ཤིན་ཏུ་ཕྲ་བ་ཡང་མ་ཡིན་ཞིང་༔ དེ་བཞིན་སྦོམ་པའི་ཡང་སྐྱོན་མེད་པ༔ མཉེན་ལ་ལྕུག་ཆགས་པ༔ འཁྲིལ་ལ་ལྡེམ་ཆགས་པ༔ ལྷུན་སྡུག་ཅིང་གཟི་བརྗིད་དང་ལྡན་པ༔ སོ་ཚགས་དམ་ཞིང་སོ་རྐང་ཐུང་ཉམས་ཅན༔ སྨིན་མ་མང་ཉུང་མཚམས་ལ་སྨིན་ཕྲག་ཡངས་ཏེ༔ ཡི་གེ་ཆའི་ན་རོ་ལྟ་བུར་མཚར་བ༔ འཛུམ་མདངས་ཆེ་ཞིང་དཔྲལ་བ་མཛེས་པ༔ པདྨ་ལྟ་བུར་མདངས་དང་ལྡན་པ༔ ཆུ་ཞེང་གབ་ཅིང་ཟླུམ་པ༔ སྐྲ་བཟང་བག་ཙམ་སེར་བའི་ཉམས་དང་ལྡན་པ༔ དཔྲལ་བ་དང་ནུ་འཕྲག་གསང་གནས་ཀྱི་རྨོངས་མཚམས་རྣམས་སུ་གཉེར་མ་གྱེན་འགྲེང་གསུམ་དང་ལྡན་པ༔ ཤེས་རབ་ཆེ་ཞིང་སྙིང་རྗེ་དང་ལྡན་པ༔ དྲི་མ་ཞིམ་ཞིང་གོམ་པ་གཡོན་ཕྱོགས་སྔོན་ལ་འདོར་བ༔ བྷ་ག་རུབ་ཅིང་གསང་སྤྱོད་ལ་མཁས་པ༔ ཡིད་དུ་འོང་ཞིང་བདེ་བ་འཕེལ་བ༔ མདོག་སྣུམ་ཞིང་དཀར་ཉམས་ཆེ་བ༔ མིག་དཀྱུས་མཛེས་ཤིང་དཀར་ནག་ཕྱེད་པ༔ མིག་རྩ་ཅུང་ཟད་དམར་བ༔ མཆུ་ནི་པདྨའི་ཟེའུ་འབྲུ་ལྟ་བུ་ལ་སོ་ཞོ་ཡོད་པ༔ མ་མཆུ་ཅུང་ཟད་རིང་ཉམས་ཅན༔ ལག་པའི་མཐིལ་དང་སེན་མོ་དམར་བ༔ སྐད་ནི་ངང་པ་དང་ངུར་པའི་སྐད་ལྟར་སྙན་ལ་དལ་བ༔ སྤྱོད་ལམ་དལ་ཞིང་བག་ཕེབས་པ༔ མདུན་ནས་བལྟས་ན་དགྱེ་ཉམས་ཙམ་ལ༔ རྒྱབ་ནས་བལྟས་ན་དགུ་ཉམས་ཡོད་པ༔ ཟུར་ནས་བལྟས་ན་ཤིན་ཏུ་དྲང་བ༔ དཀོན་མཆོག་ལ་མཆོད་ཅིང་རྟེན་ལ་མོས་པ༔ བླ་མ་དང་སློབ་དཔོན་ལ་གུས་ཤིང་དད་པ༔ རིག་པ་གསལ་བ༔ རྣམ་ཤེས་བཀྲ་བ༔ གནས་ཁང་གཙང་མར་དགའ་ཞིང་ཕྱག་བདར་ལ་བརྩོན་པ༔ སྤྱོད་ཚེ་རྟ་སྐད་འཚེར་ཞིང་ཀུན་ཏུ་མཛུམ་མདངས་དང་ལྡན་པ༔ བཞད་མདངས་ལྷག་ལྷག་སྒྲོག་ཅིང་མཐོང་བ་ཀུན་གྱི་ཡིད་འཕྲོག་པར་ནུས་པ་ཞིག་འོང་བ་ནི༔ མཆོག་གི་བུད་མེད་ཡེ་ཤེས་ཀྱི་མཁའ་འགྲོའི་སྤྲུལ་པ་ཡིན་ཏེ༔ གསང་རྟགས་རྩ་ནི་པདྨའི་དབྱིབས་སུ་ཡོད་པས་ན༔ འགྱུར་བ་མེད་དེ་པདྨ་ཅན་ཞེས་ཀྱང་བྱ༔ འདི་ལྟར་མཚན་ལྡན་བསྟེན་པའི་རྣལ་འབྱོར་ལ༔ མཆོག་གི་དངོས་གྲུབ་ཚེ་འདིར་འཐོབ་པར་བྱེད་དོ༔ ཐུན་མོང་གི་དངོས་གྲུབ་ཆར་ལྟར་འབབ་བོ༔ འཕྲིན་ལས་བཞི་གང་བརྩམས་ཀྱང་འགྲུབ་བོ༔ ཚེ་རིང་ཞིང་ཚེའི་བར་ཆད་ཀྱང་གྲོལ་བར་འགྱུར་རོ༔ འདི་ལྟར་མཚན་དང་ལྡན་པའི་བུད་མེད་ནི་འཇིག་རྟེན་གྱི་ཁམས་རྣམས་སུ་མེ་ཏོག་ཨུ་དུམ་ཝཱ་ར་ལས་ཀྱང་དཀོན་ནོ༔ དོན་དང་ལྡན་པའི་རྣལ་འབྱོར་བ་བསགས་སྦྱངས་མཐའ་གྲོལ་དང་ལྡན་པའི་སྐལ་ལྡན་རེ་རེའི་དོན་དུ༔ ཡུམ་མཆོག་ཕག་མོའི་ཐུགས་ཀློང་ནས་སྤྲུལ་པ་སྤྲོ་སྟེ་འབྱུང་བ་ལས༔ གཞན་གྱི་རྒྱུ་རྐྱེན་གང་ལས་ཀྱང་འབྱུང་བར་མི་འགྱུར་བས་ན་ཤིན་ཏུ་དཀོན་པར་འགྱུར་རོ༔ དེ་བཞིན་དུང་ཅན་མ་ཞེས་བྱ་བ་ནི་ཁ་དོག་དཀར་ཞིང་བྱམས་དང་སྙིང་རྗེ་ཆེ་བ༔ སྐད་ནི་ཕྲ་ལ་སྙན་པ༔ སྤྱོད་ལམ་ཀུན་ཏུ་དལ་བར་སྤྱོད་པ༔ ཐེག་པ་ཆེན་པོའི་ཆོས་ལ་མོས་ཤིང་གསང་ཚིག་གཞན་ལ་མི་སྨྲ་བ༔ ལུས་ཀྱི་སྟོད་སྨད་རྒྱས་ཤིང་རྐེད་པ་ཕྲ་བ༔ རྣལ་འབྱོར་པ་ལ་ཤིན་ཏུ་གུས་ཤིང་གསང་བའི་རྟགས་ལ་རྩ་ནི་དུང་ལྟར་འཁྱིལ་བ་སྟེ༔ འདི་བསྟེན་ཚེ་རིང་ནད་ཞི་བར་ཆད་གྲོལ༔ དེ་བཞིན་གླང་སྣ་མ་ཞེས་བྱ་བ་ནི༔ སྤྱོད་ལམ་དལ་ཞིང་ངང་རྒྱུད་རིང་བ༔ སྐད་གདངས་མཐོ་ཞིང་སྨྲས་པའི་ཆད་བརྟན་པ༔ བློ་བརྟན་ཞིང་ཉ་སུལ་རགས་པ༔ མིག་འཛུམ་ཞིང་གདོང་མིག་བལྟ་བ༔ སེམས་བཟང་ཞིང་སྦྱོར་བ་ལ་མཁས་པ༔ ནང་རྟགས་ཆོས་ལ་མོས་ཤིང་རྩ་སྣ་གླང་པོའི་སྣ་ལྟར་རིང་བ་སྟེ༔ འདི་བསྟེན་སྙན་གྲགས་འཐོབ་པ་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་མ་གཉེར་བཞིན་དུ་འགྲུབ༔ དེ་བཞིན་རི་དྭགས་ཅན་ཞེས་བྱ་བ་ནི༔ ལུས་ཀྱི་སྟོད་སྨད་ཕྱེད་ཅིང་རྐེད་པ་ཕྲ་བ༔ ཤ་མདོག་སེར་པོའམ་སྔོན་པོ་ལ་མདངས་ཡོད་པ༔ སྐྲ་སེར་ཞིང་ལི་བ༔ སྤྱོད་ལམ་ཅི་བྱེད་དལ་ལ་མཛེས་པ༔ པདྨ་དམ་ཞིང་སྒྲུབ་པ་པོ་ལ་གུས་པ༔ ནང་རྟགས་རྩ་ནི་བྱ་རོག་གི་མཆུ་ལྟར་ལྡན་པ་སྟེ༔ འདི་བསྟེན་དྲག་པོའི་འཕྲིན་ལས་ཐམས་ཅད་འགྲུབ་པ་དང་༔ ཕ་རོལ་གྱི་ཉེར་འཚེ་ཉུང་ཞིང་དུད་འགྲོ་འཕེལ་བ་སོགས་འབྱུང་ངོ་༔ དེ་བཞིན་གོང་གི་རྟགས་རྣམས་ཚང་ཞིང་༔ ཁྱད་པར་དུ་དཔྲལ་བར་སྨེ་བ་ཡོད་ན་སྐུ་རྡོ་རྗེ་མ་ཞེས་བྱ་བ་སྟེ༔ སྐུ་ཡི་དངོས་གྲུབ་སྟེར་བར་ནུས་སོ༔ མགྲིན་པར་སྨེ་བ་ཡོད་ན་གསུང་རྡོ་རྗེ་མ་ཞེས་བྱ་སྟེ༔ གསུང་གི་དངོས་གྲུབ་སྟེར་བར་ནུས་སོ༔ སྙིང་གར་སྨེ་བ་ཡོད་ན་ཐུགས་རྡོ་རྗེ་མ་ཞེས་བྱ་སྟེ༔ ཐུགས་ཀྱི་དངོས་གྲུབ་སྟེར་བར་ནུས་སོ༔ གནས་གསུམ་གར་སྨེ་བ་ཚང་ན་ཡེ་ཤེས་ཀྱི་མཁའ་འགྲོ་དངོས་ཡིན་པ་ལས༔ དེ་ནི་ཕལ་བའི་བུ་མོ་ཡིན་སྙམ་མི་བྱའོ༔ དེ་ཅིའི་སླད་དུ་ཞེ་ན༔ དེ་ནི་འབྱུང་བར་དཀོན་ཞིང་མཆོག་གི་དངོས་གྲུབ་སྩོལ་ནུས་པའི་ཐུགས་རྗེ་དང་ལྡན་པས་ན༔ ཚུལ་བཞིན་བསྟེན་པར་བྱའོ༔ དེ་ནི་ཡིད་བཞིན་ནོར་བུ་ལས་ཀྱང་ལྷག་གོ༔ དེ་ལྟར་མ་ཡིན་པའི་བུད་མེད་ནི༔ སྔགས་ལས་སྐྱེས་པ་ཞེས་བྱ་བ་ཕ་མ་རྣལ་འབྱོར་སྤྱོད་ཅིང་དངོས་གྲུབ་ཐོབ་པའི་བུ་མོ་ལ་འོང་སྟེ༔ ཤ་མདོག་དཀར་ཞིང་ལུས་སྟོད་སྨད་ཀྱི་ཞིང་རྒྱས་པ༔ ཤངས་ཟོར་བཟང་ཞིང་ནུ་མ་འབུར་བ༔ ནུ་བར་དོག་ཅིང་དམ་ཚིག་གཙང་བ༔ བདེ་བ་ཤིན་ཏུ་ཆེ་ལ་ཡིད་དུ་འོང་ཞིང་མཚར་བ་སྟེ༔ བསྟེན་པས་སྔགས་དང་བསྐྱེད་རྫོགས་ལས་སུ་རུང་༔ དེ་བཞིན་ཞིང་ལས་སྐྱེས་པ་ཞེས་བྱ་བའི་བུད་མེད་ནི༔ གཟུགས་བཟང་ཞིང་མགོ་མཇུག་ལེགས་པ༔ དཔྲལ་བ་ཆེ་ཞིང་མིག་དཀྱུས་རིང་བ༔ སྐད་སྙན་ལ་གད་རྒྱངས་ཧ་ཧིའི་སྒྲ་སྒྲོགས་པ༔ ཟིལ་ཆེ་ཞིང་སྣང་བ་སྒྱུར་ཐུབ་པ་སྟེ༔ ཞིང་སྐྱོང་མཁའ་འགྲོ་མི་ལུས་བླངས་པ་ཡིན་པས༔ བསྟེན་པས་དངོས་གྲུབ་མང་དུ་འབྱུང་༔ བཀྲ་ཤིས་འཁོར་གཡོག་བྱམས་ཤིང་ལོངས་སྤྱོད་འཕེལ་ལོ༔ དེ་བཞིན་ལས་ལས་སྐྱེས་པ་ཞེས་བྱ་བའི་བུད་མེད་ནི༔ འཇིག་རྟེན་ཀྱི་ཁམས་གང་དུའང་རིགས་དང་རུས་ལ་མ་ངེས་པར་འབྱུང་བ་སྟེ༔ མཚན་ཉིད་ཀུན་ལྡན་དངོས་གྲུབ་ཀྱི་བུ་མོ་ནི༔ རང་གི་མ་དང་བྲན་མོ་གདོལ་བ་སྲིང་མོ་མིག་མ་མཁན་གྱི་ཁྲོད་སོགས་གང་དུ་འདུག་ཀྱང་བསྟེན་པར་བྱའོ༔ མཚན་རྟགས་ཇི་ལྟར་ལྡན་པའི་དངོས་གྲུབ་དེ་ལྟར་འབྱུང་ངོ་༔ གནས་ལས་སྐྱེས་པ་ཞེས་བྱ་བའི་བུད་མེད་ནི༔ ཙ་རི་ཊ་དང་དྷེ་ཝི་ཀོ་ཊི་གྷྲི་ཧ་དྷེ་ཝ་ལ་སོགས་དང་༔ ཁྱད་པར་པདྨ་ང་ཡིས་བྱིན་གྱིས་བརླབས་པའི་གནས་ཆེ་ཆུང་རྣམས་དང་བཅས་པའི༔ གནས་རྣམས་ཀྱི་ནང་དུ་འབྱུང་བ་སྟེ༔ ཡོན་ཏན་ལྡན་པའི་དྷཀྐིས་དངོས་གྲུབ་སྟེར༔ ལྷན་སྐྱེས་ཀྱི་རིགས་ཀྱི་བུད་མེད་ཞེས་བྱ་བ་ནི༔ རིགས་བཟང་ཞིང་མཁའ་འགྲོའི་རྟགས་རྣམས་ཚང་བ༔ མཐོང་བ་ཙམ་གྱིས་ཡེ་ཤེས་སྐྱེ་བ༔ ལྷན་ཅིག་སྦྱོར་ན་ཟག་མེད་ཀྱི་ཉམས་མྱོང་རྣམས་རྩོལ་མེད་དུ་འཆར་བ༔ གཟུགས་དང་སྤྱོད་ལམ་མཛེས་ཤིང་ཤ་ལུས་རྒྱས་ལ་རྐེད་པ་ཕྲ་བ༔ ཡན་ལག་མཉེན་ལྕུགས་དང་ལྡན་ཞིང་ཤ་མདོག་མཚར་བ༔ བཞིན་འཛུམ་བག་དང་ལྡན་པ༔ བློ་གསལ་ཤེས་རྒྱུད་བརྟན་ལ་འགྱུར་བར་དཀའ་བ༔ མིག་ལེགས་ཡིད་དུ་འོང་ཞིང་ཐབས་ཀྱི་དཔའ་བོ་མཐོང་ན་དུང་མིག་ཏུ་བལྟ་བ་སྟེ༔ འདི་བསྟེན་ཡོན་ཏན་འདོད་དགུ་འགྲུབ༔ ཏིང་འཛིན་དགའ་བའི་ཡོན་ཏན་རྣམས་རབ་ཏུ་འཕེལ་ཞིང་ཐུན་མོང་རྣམས་ཀྱང་ཞར་ལ་འབྱུང་ངོ་༔ དེ་ལྟར་མ་ཡིན་པའི་བུད་མེད་ནག་མོ་མ་དག་པའི་རིགས་སྤང་བྱའི་ཚོགས་ནི་འདི་ལྟར་རོ༔ དང་པོ་བདུད་མོ་འགྲིབ་བྱེད་མའི་རིགས་ཞེས་བྱ་བ་ནི༔ གཟུགས་ཆེ་ཡན་ལག་རགས་ཤིང་ཁ་སྣ་ཆེ༔ རྐང་བ་གཡས་འདོར་ཤ་མདོག་དམར་རམ་ནག་པོ་ཅན༔ སྐད་སྦོམ་བྲང་རུས་འབུར་ལ་རྐེད་པ་གྱི་ལིང་དུ་ཡོད་པ༔ ཆོས་ལ་མི་དད་ཅིང་སེར་སྣ་ཤིན་ཏུ་ཆེ་བ༔ ཕྲ་མ་དང་ གཡེམ་ལ་དགའ་བ༔ ཀུན་ལ་སྙིང་རྗེ་ཆུང་ཞིང་མཛའ་བོ་ལ་ངན་པ ་སྟེ༔ དེ་བསྟེན་ཚེ་བསོད་ནམས་ལོངས་སྤྱོད་ཐམས་ཅད་འགྲིབ་པར་འགྱུར་རོ༔ དེ་བཞིན་བདུད་མོ་མནོལ་བྱེད་མ་ཞེས་བྱ་བའི་རིགས་ཀྱི་བུད་མེད་ནི༔ གཟུགས་བོང་ཤིན་ཏུ་ཆུང་ངམ་ཡང་ན་སྦོམ་པ༔ ཤ་རྩུབ་ཉྭ་སུལ་རགས་ཤིང་རྐང་ལག་གི་མགོ་རྣམས་ཆེ་བ༔ མདོག་ཀྱང་དམར་ལ་མིག་སྒོར་མོར་ཡོད་པ༔ སྤྱོད་ལམ་འཚུབ་ལ་ཕྱིན་ཅི་ལོག་ལ་དབང་པོ་གསལ་བ༔ བཟང་ལན་བརྗེད་བརྔམ་ཆེ་ཞིང་བདེན་པ་ཁྱད་དུ་གསོད་པ༔ གཡོ་སྒྱུ་མིག་སེར་རགས་ལ་གོ་ཡུལ་ཤེས་རབ་ངན་པ༔ ཉོན་མོངས་ཆེ་ལ་གཏི་མུག་འཐིབ་པ༔ གོམ་པ་མགྱོགས་ལ་བཟང་ལན་ངན་གྱིས་འདོན་པ༔ ལས་ལ་དྲག་ཏུ་འཇུག་ཅིང་བཟའ་བཏུང་གནོལ་འབོག་ཆེ་བ་སྟེ༔ འདི་བསྟེན་མི་རུང་འཕུང་གསུམ་ལང་ཞིང་ཚེ་གུད་མི་རུང་བ་སྣ་ཚོགས་འབྱུང་བར་འགྱུར་རོ༔ དེ་བཞིན་བདུད་མོ་ཟ་བྱེད་མ་ཞེས་བྱ་བའི་རིགས་ཀྱི་བུད་མེད་ནི༔ ལུས་བོང་སྒེག་ལ་ཤ་སྣ་རྩུབ་པ༔ མིག་དམར་ཁ་ཆེ་སྣ་ཉག་ཅིང་མདོག་ཀྱང་དམར་པོའམ་ནག་པོ་གདོང་ལ་སྨེ་བ་མང་པོ་ཡོད་པ༔ སྨྲ་ཕོད་ཆེ་ལ་ཀོ་ལོང་དམ་པ༔ གང་དང་འགྲོགས་ཀྱང་འཁོན་འཐབ་མང་ཞིང་༔ གཙང་སྦྲ་ཆུང་ཞིང་དམར་ལ་བརྔམ་པ༔ ཞེ་སྡང་རགས་ལ་ཁྲོ་གཏུམ་ཆེ་བ་སྟེ༔ འདི་བསྟེན་དཔལ་རྣམས་རིང་དུ་འགྱུར༔ དེ་བཞིན་གནོད་སྦྱིན་མའི་རིགས་ཀྱི་བུད་མེད་ནི༔ མཚར་བའི་རྣམ་པ་གང་ཡང་མེད་པ་ལ༔ བློ་རྒོད་ཅིང་གོམ་པ་དྲག་པོས་འགྲོ་བ༔ བློ་མི་བརྟན་ཞིང་འགྱུར་ལྡོག་ཆེ་བ༔ གཟུགས་ཀྱི་བྱད་ངན་ལ་རློམ་སེམས་ཆེ་བ༔ ཁ་ནས་དྲི་ངན་མནམ་པ༔ རྐང་ལག་རགས་ལ་ཚིག་སྣ་ཚོགས་སྨྲ་བ༔ མིག་སེར་ཆེ་ཞིང་མཆན་འོག་ནས་གསེབ་དྲི་མནམ་པ༔ གསང་གནས་ཡངས་ཤིང་རུལ་དྲི་ཁ་བ༔ ཞེ་ག་ལོག་ཅིང་མཐོང་ཡང་ཉམས་མི་དགའ་བ་སྟེ༔ དེ་བསྟེན་ཕྲ་མེན་དང་བཀྲ་མི་ཤིས་པ་སྣ་ཚོགས་ལང་ངོ་༔ དེ་བཞིན་ལས་ཀྱི་རིགས་ཀྱི་བུད་མེད་ནི༔ ལུས་ཕྲ་སྐྲ་ནག་མཁུར་ཚོས་ཆེ་བ༔ ཨོག་མ་རྣོ་ཞིང་ཤ་མདོག་སེར་ལ་རིད་པ༔ རྐན་ཕུགས་ནག་ལ་དྲི་མ་ཆེ་བ༔ མིག་ཞུད་དམའ་ལ་མཚུལ་བ་མཐོ་བ༔ མཆེ་བ་ཡོད་ཅིང་ཡང་ན་ཤ་མདོག་དམར་བ་སྟེ༔ མིག་སེར་རྒོད་ལ་འདོད་ཆགས་ཆེ་བ་རྣམས་ཏེ༔ བསྟེན་པས་ཚེ་ལ་བར་དུ་གཅོད་ཅིང་མི་རུང་བས་སྤོང་༔ དེ་བཞིན་དམ་སྲིའི་རིགས་ཀྱི་བུད་མེད་ནི༔ དཔུང་མགོ་ཐོ་ལ་ཚིགས་པ་ཐམས་ཅད་སྦོམ་པ༔ གསུས་པ་ཆེ་ཞིང་འཕོངས་རུས་ཆུང་བ༔ སྣ་ཉག་མཁུར་ཚོས་ཆེ་ལ་དྲི་ངན་མནམ་པ༔ གསང་མི་ཐུབ་ཅིང་ཀོ་ལོང་རགས་པ༔ རྩབ་རྩུབ་མང་ལ་ཕྲག་དོག་དང་མིག་སེར་ཆེ་བ༔ འཁོར་ལ་སྐྱོ་ལ་སེར་སྣ་རགས་ཤིང་བསམ་སྦྱོར་ངན་པ་སྟེ༔ འདི་བསྟེན་མཆོག་གི་དངོས་གྲུབ་སྐྱེ་བ་ལྔ་བརྒྱར་མི་འཐོབ༔ ཡུལ་མཐའ་འཁོབ་དང་མ་རུངས་པ་ཁོ་ནར་བུད་མེད་དེ་དང་ལྷན་དུ་སྐྱེ་བས་སྤོང་བར་བྱའོ༔ དེ་བཞིན་ཤ་ཟའི་རིགས་ཀྱི་བུད་མེད་ནི༔ ཤ་མདོག་ནག་ལ་སྐད་ཕོ་སྐད་ཡོད་པ༔ རྫི་མ་རིང་ཞིང་སྨིན་མ་རྩུབ་པ་གསུས་པ་འདིར་ལ་གཤང་ལྕི་དང་དབྱ་ཆུ་མང་བ༔ ཁས་བཙོག་གཏམ་ལབ་ལ་དགའ་ཞིང་སྦྱོར་བའི་འཁྱེར་སོ་མེད་པར་རོ་ལྟར་ཉལ་བ༔ མིག་སེར་ཤིན་ཏུ་རྒོད་པ་ལ་སོགས་ཏེ༔ དེ་བསྟེན་ཚེ་འདིར་དངོས་གྲུབ་མེད་ཅིང་བར་ཆད་སྣ་ཚོགས་འབྱུང་ངོ་༔ དེ་བཞིན་ཁྲག་འཐུང་མའི་རིགས་ཀྱི་བུད་མེད་ནི༔ གདོང་པ་དམར་ཞིང་ཁ་སྣ་དམར་པོར་ཡོད་པ༔ ལུས་འགྲེང་ཞིང་ཡན་ལག་རགས་པ༔ སྐྲ་རྩུབ་ཅིང་ཁྲོ་བོའི་མིག་ལྟར་བགྲད་པ༔ ལུས་པོ་སྦོམ་ཞིང་དྲེག་པ་ཆེ་བ༔ མཆན་འོག་སྤུ་དང་སྨ་ར་བཟང་པོ་སྐྱེས་པ༔ སེན་མོ་བྱའི་སྡེར་མོ་ལྟར་རྣོ་ཞིང་མིག་སེར་ཆེ་བ་སྟེ༔ དེ་བསྟེན་ན་དངོས་གྲུབ་མེད་ཅིང་ཚེའི་བར་ཆད་མྱུར་དུ་འོང་༔ ཚེ་འཕོས་ནས་དམྱལ་བར་འགྲོ་དགོས་པའོ༔ དེ་བཞིན་རྐང་འཇིབ་མའི་རིགས་ཀྱི་བུད་མེད་ནི༔ གདོང་པ་དྲག་ཅིང་ཧར་ལང་ཆེ་བ༔ ཚིག་རྩུབ་ཅིང་ལུད་པ་ཕྱོགས་བཅུར་འཕེན་པ༔ མི་ནོར་ལ་སྡང་ཞིང་ཟས་བཅུད་ཆུང་བ༔ བྲེལ་ལ་བྱ་བའི་དོན་མི་འགྲུབ་པ༔ སེམས་འཚུབ་ཅིང་ཁ་རྒོད་བཞིན་ཕུགས་སྡུགས་པ༔ རྨི་ལམ་ལྷ་མཐོང་དང་འདྲེ་མཐོང་མང་བ༔ མིག་སྤྲིན་ཁྲ་ལ་རྫི་མ་རིང་བ༔ འཛའ་བོ་ལ་སྡང་ཞིང་ཀུན་དང་འཐབ་པ་སྟེ༔ དེ་བསྟེན་དངོས་གྲུབ་རྣམ་གཉིས་འཛད་ཅིང་ཚེ་ལ་བར་ཆད་འབྱུང་བར་འགྱུར་རོ༔ དེ་བཞིན་བཅུད་འཕྲོག་མའི་རིགས་ཀྱི་བུད་མེད་ནི༔ ཤ་མདོག་སྐྱ་བོ་ཐལ་མདོག་ལྟ་བུའམ༔ ཡང་ན་སེར་ལ་རིད་པ༔ ཡང་ན་སྔོན་པོ་ནག་པོ་སྨུག་པོ་ལ་སོགས་སོ༔ སྐྲ་ཡང་ནག་ལ་རྩུབ་པ༔ ལུས་ལ་དྲི་མ་ཆེ་བ༔ མིག་འབྲས་དམའ་ལ་སྣ་གདོང་ཉག་པ༔ ཁ་བརྩོག་ཅིང་ཚིག་ངན་སྣ་ཚོགས་རྒྱུན་དུ་སྨྲ་བ༔ ཁ་འཁྱལ་ཞིང་ཀུན་ལ་གཤེ་བ༔ གྲོང་སྲང་འགྲིམ་པ་ལ་རྒོད་པ༔ གོས་རྒྱན་དང་ཟས་སོགས་གཙང་བཙོག་མེད་པར་ཁྱི་ཕག་ལྟར་སྤྱོད་པ༔ མིག་སེར་ཆེ་ཞིང་ཟས་ལ་ངན་པ༔ སྐྱེས་པ་ཚུད་ན་འབྲལ་མི་ཕོད་པ་སྟེ༔ དེ་བསྟེན་ཚེ་ཐུང་ནད་སྣ་ཚོགས་ལྡང་༔ རྣལ་འབྱོར་པའི་ཉམས་རྟོགས་འགྲིབ་པས་སྤང་བར་བྱའོ༔ དེ་ལྟར་མ་ཡིན་པའི་ཡང་མ་རུངས་པའི་རིགས་རྣམས་འོང་སྟེ༔ འབྱུང་བ་རླུང་གི་དྭངས་མ་སྐྲ་ཡིན་པས་ཕག་གི་ཟེ་བ་ལྟར་ལངས་ན་དམ་སྲིའི་རིགས་ཀྱི་འདྲེ་མོ་ཡིན་པས་སྤང་༔ རུས་པ་བྱང་སེམས་ཀྱི་དྭངས་མ་ཡིན་པས་སོ་སེར་ཧྲལ་ཧྲོལ་ཁྱི་སོ་འདྲ་ན་སྤང་༔ མ་ཡམས་རིགས་ཀྱི་འདྲེ་མོ་ཡིན༔ རྐང་ལག་གི་སེན་མོ་བྱ་སྡེར་འདྲ་ན་དམ་སྲི་གསོད་བྱེད་མའི་རིགས་ཡིན༔ མཆན་ཁུང་གཡོན་དུ་སྨེ་བ་བྱུང་ན་འཇོམས་བྱེད་མའི་རིགས་ཀྱི་བདུད་མོ་ཡིན༔ གཅེར་གྱིས་བལྟས་པས་སྙིང་མི་དགའ་བ་དང་༔ ལྷང་གིས་སྨྲ་བས་སྒྲ་མི་སྙན་པ་རྣམས་ཀྱང་གནོད་སྦྱིན་མའི་རིགས་ཀྱི་མདུད་མོ་ཡིན༔ གཞན་ཡང་གསང་སྒོ་འཆལ་བ་རྫུན་དང་དབྱེན་ཆེ་བ༔ དག་སྣང་ཆུང་ཞིང་མོས་གུས་མེད་པ༔ བྱི་ལ་དགའ་ཞིང་ཕྲག་དོག་རྒོད་པ་ལ་སོགས་པ་སྟེ༔ ཆོས་ལྟར་མི་ལྡན་ཞིང་ཆོས་ལ་གནོད་པར་བྱེད་པ་བདུད་ཀྱི་རིགས་ཡིན་པས་སྤང་བར་བྱའོ༔ ལར་མཛེ་མོ་ཕྱག་རྒྱར་བསྟེན་ན་རང་སངས་རྒྱས་ཐོབ་ཀྱང་གཞན་དོན་གཏན་ནས་མི་ནུས༔ ཡུགས་ས་མ་ཕྱག་རྒྱར་བསྟེན་ན་སྐྱེ་བ་བརྒྱ་སྟོང་དུ་དངོས་གྲུབ་མི་འཐོབ༔ བླ་མ་དང་སློབ་དཔོན་རྣམས་དང་དམ་ཉམས་པའི་བུད་མེད་ཕྱག་རྒྱར་བསྟེན་ན༔ སྐྱོབ་པའི་ལྷ་དང་འབྲལ་ཞིང་༔ ཡི་དམ་གྱི་ལྷ་མི་འགྲུབ་ཅིང་མཁའ་འགྲོ་རིང་དུ་འབྲོས༔ ཆོས་སྐྱོང་གི་འཕྲིན་ལས་རྒུད༔ གདུལ་བྱའི་སྣ་འགག༔ སྐྱེ་བོའི་ཡ་གས་སྡང་༔ མཚན་དང་མི་ལྡན་པའི་བུད་མེད་ནི༔ ལན་གཅིག་བསྟེན་ཀྱང་མི་རུང་བ་སྣ་གཅིག་འོང་༔ ནོར་འབྲལ་དགྲས་སྡང་ལོངས་སྤྱོད་དབུལ་མི་མཐུན་པའི་ཕྱོགས་རྣམསའཕེལ་བར་འགྱུར་རོ༔ སྐུ་གསུང་ཐུགས་ཀྱི་སྨེ་བ་ཡོད་པ་དང་༔ སྣ་བུག་གཡོན་གྱི་འགྲམ་སྟོད་སྨེ་བས་བརྒྱན་ན༔ སྐྱོན་རྣམས་ལྡན་ཡང་བཟློག་པར་འགྱུར་རོ༔ དེ་བས་ན་རྣལ་འབྱོར་པ་རྣམས་ཀྱིས་ཚུལ་བཞིན་བརྟག་ཅིང་ཚུལ་བཞིན་བརྟེན་པར་བྱའོ། དེ་སྐད་ཅེས་སློབ་དཔོན་ཆེན་པོས་གསུངས་པ་དག་བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་བརྡ་ཡིག་ཏུ་བཏབ་སྟེ༔ མ་འོངས་ཀྱི་དོན་དུ་རིན་པོ་ཆེའི་གཏེར་དུ་སྦས་པ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་ཉི་མ་གྲགས་པ་རྩལ་གྱིས། གུ་རུ་དང་མཁའ་འགྲོའི་ལུང་བསྟན་གསལ་བ་ལ་བརྟེན་ནས། གནས་མཆོག་ཁམས་སྲིང་མོ་རྫོང་གི་ཕུག་ནག་ཐུགས་ཀྱི་སྒྲུབ་གནས་ཀྱི་གཡས་ཕྱོགས་ཆོས་འབྱུང་གསང་མཚན་ཕུག་ནས་ས་ཕོ་རྟ་ལོ་ཧོར་ཟླ་བརྒྱད་པའི་ཉི་ཤུ་ལྔའི་སྔ་དྲོ་སྤྱན་དྲངས་ཤིང་ལྕགས་མོ་བྱ་ལོ་ཧོར་ཟླ་དགུ་བའི་ཚེས་བརྒྱད་ལ་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།