Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅོ་ལྔ་པ།

3 occurrences of མགོན་པོ་བྱང་
[Clear Hits]


  
  
  
  
 
སྔོན་འགྲོའི་ཁྲིད་ཡིག་ཕན་བདེའི་ཉི་མ།
  
 
  
  
  
  
  
  
  


3 occurrences of མགོན་པོ་བྱང་
[Clear Hits]

 
previousསྔོན་འགྲོའི་ཁྲིད་ཡིག་ཕན་བདེའི་ཉི་མ།next

སྔོན་འགྲོའི་ཁྲིད་ཡིག་ཕན་བདེའི་ཉི་མ།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ཀྱི་སྔོན་འགྲོའི་ཁྲིད་ཡིག་བདེ་གཤེགས་སྤྱི་ལམ་རབ་ཏུ་གསལ་བར་བྱེད་པ་ཕན་བདེའི་ཉི་མ་ཞེས་བྱ་བ་བཞུགས། །རྒྱལ་བ་ཀུན་གྱི་གསང་གསུམ་ངོ་བོ་ཉིད། །སྲིད་ཞིའི་ཆོས་རྣམས་མཁྱེན་ཅིང་བརྩེ་བའི་བདག །དཔལ་ལྡན་བླ་མ་ཡོན་ཏན་གངས་ཆེན་མཚོ། །མི་འཕྲོག་དད་པས་ཞབས་རྡུལ་སྤྱི་བོར་མཆོད། །ཡེ་ནས་མ་འཁྲུལ་ཀ་དག་ཐོག་མའི་སངས་རྒྱས་ཆོས་སྐུ་ཀུན་ཏུ་བཟང་། །རང་མདངས་ཉིད་ལས་མི་གཞན་ངེས་པ་ལྔ་ལྡན་ལོངས་སྐུ་རིགས་ལྔའི་ཚོགས། །མ་ངེས་སྣ་ཚོགས་ཐབས་ཀྱིས་གང་འདུལ་གཟུགས་སྐུ་དེར་སྟོན་སྤྲུལ་པའི་སྐུ། ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་སྐུ་དང་ཡེ་ཤེས་དེ་ལ་འདུད། །རྡོར་སེམས་སྤྲུལ་པ་དགའ་རབ་རྡོ་རྗེ་རྒྱལ་བས་དབང་བསྐུར་རྒྱལ་བ་དངོས། །ཉེ་རྒྱུའི་སྤྱོད་པས་སྣང་བཞི་མཐར་ཕྱིན་བསྙེམ་བྲལ་དཔའ་བོ་ཤྲཱི་སིངྷ། །པདྨའི་སྦུབས་སུ་ངོ་མཚར་སྐུ་བལྟམས་ཨོ་རྒྱན་སངས་རྒྱས་གཉིས་པ་རྗེ། །ཡེ་ཤེས་དབྱིངས་ལས་རྣལ་འབྱོར་དབང་མོ་བདེ་ཆེན་རོལ་མཚོ་རྒྱལ་བའི་ཡུམ། །གསུང་རབ་བོད་ཀྱི་བརྡ་ལ་འདྲེན་མཁས་ལོ་ཙཱ་ཆེན་པོ་ཀླུ་དབང་སྲུང་། །བསོད་ནམས་ཡེ་ཤེས་ཟུང་དུ་འཇུག་པའི་ཟབ་གཏེར་སྒོ་འབྱེད་ཉི་མ་གྲགས། །གང་གི་སྐུ་སྲས་ཨོ་རྒྱན་བསྟན་འཛིན་མཚུངས་མེད་ཟབ་རྒྱས་གདམས་པའི་མཛོད། །སྨིན་གྲོལ་ལམ་གྱིས་བསྐལ་པ་བཟང་པོར་འགོད་མཛད་དབང་ཕྱུག་བརྒྱད་ལྡན་ཞབས། །བྱིན་རླབས་ཐུགས་རྗེ་རྫོགས་ལྡན་སྤྲིན་ལས་ཐུན་མོང་དང་ནི་ཁྱད་འཕགས་ཀྱིི། །རྩེ་མོར་ཕྱིན་པའི་མཆོག་དངོས་ཆར་འབེབས་བླ་མ་དང་ནི་ཡི་དམ་ལྷ། །མ་དང་མཁའ་འགྲོ་ཆོས་ཀྱི་སྲུང་མ་ཐམས་ཅད་འདུས་པའི་དཀྱིལ་འཁོར་ཅན། །སྐྱབས་མཆོག་རྩ་གསུམ་རྣམ་པར་ཤར་ལ་དད་པས་ཕྱག་བགྱི་རྗེས་སུ་སྐྱོངས། །དུས་གསུམ་རྒྱལ་བ་ཀུན་གྱི་བགྲོད་པའི་ལམ། །མཉམ་མེད་སྟོན་པ་ཀུན་བཟང་དགོངས་པའི་མཐིལ། །གསང་མཆོག་སྙིང་པོའི་སྙིང་ཐིགས་ཡིད་བཞིན་ནོར། །ཚེ་གཅིག་སངས་རྒྱས་འགྲུབ་བྱེད་གདམས་པའི་མཆོག །ཡེ་ཤེས་མཁའ་འགྲོའི་ཞལ་གྱི་དྲོད། །མ་ཉམས་འཐུལ་བའི་ཟབ་དོན་ལ། །དང་པོའི་ལས་ཅན་འཇུག་བདེའི་ཕྱིར། །ཁྲིད་ཡིག་ཁ་སྐོང་ཚུལ་དུ་སྡེབས། །འདིར་བཀའ་གསང་བ་ལས་ཀྱང་ཆེས་གསང་བ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་གི་ཐིགས་པའི་གྲོལ་ལམ་ཁྲིད་ཀྱི་རིམ་པའི་སྔོན་དུ་འགྲོ་བ་བདེ་གཤེགས་སྤྱི་ལམ་དུ་འཇུག་པར་བྱ་བ་ལ་དེའང་གཏེར་གཞུང་རྩ་བ་ལས། རྩ་གསུམ་གསང་བ་སྙིང་ཐིགས་ཀྱི་སྔོན་དུ་འགྲོ་བའི་ཁྲིད་ཀྱི་རིམ་པ་འདི་དོན་རྣམ་པ་གསུམ་སྟེ༔ ཕྱིའི་སྔོན་འགྲོ་དང་༔ ནང་གི་སྔོན་འགྲོ་དང་༔ གསང་བའི་སྔོན་འགྲོའོ༔ དང་པོ་ཕྱིའི་སྔོན་འགྲོ་ནི་བདུན་སྟེ༔ ཆོས་སྟོན་པའི་སྣོད་བསྟན་པ༔ གནས་བསྟན་པ༔ དུས་བསྟན་པ༔ གྲོགས་བསྟན་པ༔ ཡོ་བྱད་བསྟན་པ༔ ལོ་རྒྱུས་བཤད་པ༔ དབང་བསྐུར་བ་དང་བདུན་ནོ༔ ཞེས་སྤྱི་དོན་དང་བྱེ་བྲག་གི་ས་བཅད་བཤད་ནས། ཟབ་དོན་གྱི་གདམས་པ་འཆད་ཅིང་སྟོན་པར་བྱེད་པ་སློབ་དཔོན་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་སྤྱི་བཤད་ལྟར་ན། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་བརྩོན་བྱས་ལྷག་པར་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོག་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། །ཞེས་གསུངས་ཤིང་། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པ་དག་པས་སྐུ་གསུང་ཐུགས་ཞི་ཞིང་དུལ་བ་དེའི་ཡོན་ཏན་མཁས་བཙུན་བཟང་གསུམ་གྱིས་གཞན་ལ་ཕན་པའི་ཆོས་ཀྱི་འཕྲིན་ལས་ཕྱོགས་དུས་ཀུན་ཏུ་འཕེལ་ཞིང་བརྩོན་པ་དང་ལྡན་པ་སྟེ། ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས། ཞི་སྐུ་ཀུན་སྤྱོད་གཙང་ཞིང་སྐྱོན་མེད་ལ། །ཐེ་ཚོམ་གཅོད་མཁས་གསུང་སྙན་དྲི་མ་མེད། །ཐུགས་ནི་ཟབ་ཞི་ཀུན་མཁྱེན་ཡེ་ཤེས་མཛོད། །ཡོན་ཏན་མཐའ་ཡས་ཐོས་དང་སྙིང་རྗེ་ཆེ། །ཤེས་རབ་རྒྱ་ཆེ་དགོངས་སྤྱོད་ནམ་མཁའ་འདྲ། །ཕྲིན་ལས་ཚད་མེད་འབྲེལ་ཚད་དོན་དང་ལྡན། །བྱམས་ལྡན་སྐྱོ་ངལ་སྤངས་ཤིང་རྟག་ཏུ་བརྩོན། །འགྲོ་བའི་ཁ་ལོ་གྱེན་དུ་བསྒྱུར་ལ་བསྟེན། །ཞེས་དང་། ཁྱད་པར་ཟབ་གསང་ཐེག་མཆོག་སྙིང་པོའི་ལམ་སྟོན་མཁན་ནི། །རྡོ་རྗེ་བཀོད་པ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །དམ་ཚིག་སྡོམ་པ་སྙིང་བརྩེར་བཅས། །མཁས་ཤིང་གཞན་ལ་ཕན་བརྩོན་པ། །རྡོ་རྗེ་གསང་བའི་སློབ་དཔོན་ལ། །རྣམ་པ་ཀུན་ཏུ་བསྟེན་པར་བྱ། །ཞེས་དང་། ཨ་ཏི་བཀོད་པ་ཆེན་པོ་ལས། མཁས་ཤིང་བྱ་བ་བྲལ་བ་དང་། །ཆོས་ཉིད་དོན་ལ་ཚད་ཕེབས་དང་། །འདོད་པའི་དོན་ལ་རྨོངས་པ་མེད། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་བསྐྱེད་རྫོགས་གསུམ་གྱིི་དོན་ལ་མཁས་པས་གསང་བའི་མཛོད་གསུམ་དང་ལྡན་པ་ཐུགས་ཉམས་སུ་བཞེས་པའི་ཉམས་མྱོང་དང་ལྡན་པས་གཞན་རྒྱུད་འགྲོལ་ནུས་པ་དབང་བཞིའི་ཆུ་བོ་རྫོགས་ཤིང་དམ་ཚིག་ལ་གཅེས་པར་མཛད་པ་སྣོད་ལྡན་རྗེས་སུ་འཛིན་པའི་གཉེར་དང་ལྡན་པ། རྒྱུད་ཀྱི་དོན་དང་དཀྱིལ་འཁོར་དབང་བསྐུར་ལས་ཐམས་ཅད་ལ་མཁས་པས་ཇི་ལྟར་མོས་པའི་སློབ་མའི་འདོད་པ་བསྐང་ནུས་པའོ། །དེ་ལྟ་བུའི་ཡོན་ཏན་དང་མི་ལྡན་ཞིང་བསྟེན་པར་མི་བྱ་བའི་སློབ་དཔོན་ནི། རྒྱུད་རང་ཤར་ལས། མི་ཤེས་ང་རྒྱལ་ཆེན་པོ་དང་། །བློ་རྨོངས་ཚིག་ཕྱིར་འབྲེང་བ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁོང་ཚིག་དང་། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། །དམ་ཚིག་འཆལ་བར་གྱུར་པ་དང་། །དྲིས་པ་དག་ལ་ལེན་མི་ཐེབས། །ཐོས་ཆུང་ང་རྒྱལ་ཆེ་བ་དང་། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །ཅེས་སོ། དེ་ལྟར་སྤང་བླངས་དང་ལྡན་པས། མཚན་ཉིད་དང་ལྡན་པའི་བླ་མ་བསྟེན་ཚུལ་ནི། འཆི་གསོས་ཀྱི་སྨན་དང་། ཁོང་པའི་སྙིང་ཡིད་བཞིན་གྱི་ནོར་བུ་ལྟར། འབྲལ་མེད་གཅེས་པར་བསྙེན་བཀུར་ཅི་མཉེས་ཀྱི་ཞབས་ཏོག་ལུས་དང་ལོངས་སྤྱོད་བདོག་པ་ཅི་ཡོད་ཀྱིས་སྒྲུབ་པར་བྱ་སྟེ། རང་ཤར་ལས། དེ་ལྟར་མན་ངག་སློབ་དཔོན་ལ། །རང་ལུས་དང་ནི་རིན་ཆེན་རྫས། །ཤིན་ཏུ་དཀོན་པ་དག་གིས་བསྟེན། །ཞེས་དང་། སྐྱོ་དུབ་མེད་པའི་དད་པ་དང་། །གྱོང་ཁེངས་མེད་པའི་མཉེན་ལྕུགས་དང་། །སེར་སྣ་མེད་པའི་ཟང་ཟིང་དང་། །སོམ་ཉི་མེད་པའི་སྲི་ཞུ་དང་། །གཡོ་རྒྱུ་མེད་པའི་དྲང་ཐད་དང་། །ཁ་བསགས་མེད་པའི་རང་རྒྱུད་དང་། །རྨོངས་པ་མེད་པའི་ཤེས་རབ་དང་། །དྲི་མ་མེད་པའི་ལྷག་བསམ་བརྒྱད། །དམ་པ་དེ་ལ་རྫོགས་པར་འབུལ། །ཞེས་སོ། བླ་མ་ལ་བསྙེན་བཀུར་གྱི་ཕན་ཡོན་ནི། དེ་ཉིད་ལས། །དེས་ན་སངས་རྒྱས་སྟོང་ཕྲག་ལ། །བསྐལ་པ་སྟོང་དུ་མཆོད་བྱས་པས། །བླ་མའི་བ་སྤུའི་ཁུང་རེ་ལ། །ཙན་དན་ཐིག་པ་གཅིག་བྱུགས་པ། །སྟོང་ཕྲག་ཆར་ཡང་ཕོད་པ་མིན། །ཞེས་དང་། རྡོ་རྗེ་གུར་ལས། གང་ཕྱིར་རྡོ་རྗེ་སེམས་ཞེས་བྱ། །སློབ་དཔོན་གཟུགས་ནི་དེ་བཞིན་འཛིན། །ཞེས་སོ། ཕན་ཡོན་བསམ་གྱིས་མི་ཁྱབ་པ་འཐོབ་བོ། །གདམས་པ་འཆད་པའི་ཡུལ་སློབ་མའི་མཚན་ཉིད་ནི། གཞུང་ལས་དང་པོ་སྣོད་ནི། སྐྱེས་བུ་དབང་པོ་ཚང་ཞིང་ཆོས་ལ་དད་པ༔ ཤེས་རབ་ཆེ་ཞིང་བརྩོན་འགྲུས་དང་ལྡན་པ༔ དམ་ཚིག་གཙང་ཞིང་སྒྲུབ་པ་ལ་བརྩོན་པ༔ གཏོང་ཕོད་ཆེ་ཞིང་འཛིན་ཆགས་མེད་པ༔ སྐྱོ་ཤས་བཟང་ཞིང་སྡུག་བསྲན་ཚུགས་པ༔ བླ་མེད་ཀྱི་ཆོས་ལ་མོས་ཤིང་གསང་ཐུབ་པ༔ དད་པའི་རི་བོ་བརྟན་ཞིང་མོས་གུས་ཀྱི་རྒྱ་མཚོ་ཁ་ལྷུད་པ་ཞིག་དགོས་པའོ༔ དེ་དག་ལས་ལོག་པར་གྱུར་པ་རྣམས་ལ་ནི་རླུང་ཕྱོགས་ཙམ་དུ་ཡང་གསང་བར་བྱའོ། །ཞེས་དང་། རྒྱུད་ཆེན་རིག་པ་རང་ཤར་ལས་ཀྱང་། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །ཞེས། བླ་མ་དང་གདམས་པ་ཟབ་མོ་ལ་དང་བ་དང་འདུན་པ་དང་། །ཡིད་ཆེས་པའི་དད་པ་བརྟན་པས་རྐྱེན་གྱིས་མི་འཕྲོག་པ། ཐང་ལྷོད་མེད་པའི་བརྩོན་འགྲུས་ཀྱིས་ཉམས་ལེན་ལྡན་པ། ངོས་ལྐོག་མེད་པས་ཆོས་དང་རང་སེམས་ཞུས་དག་ཕེར་བའི་དམ་ཚིག་ལ་གནས་པ། ཆོས་ཀྱི་ཕྱིར་དང་བླ་མའི་ཕྱོགས་སུ་གཏོང་ཕོད་ཆེ་བ། བླ་མེད་ཀྱི་ཆོས་གསང་བ་ཟབ་མོའི་ལྟ་སྒོམ་སྤྱོད་པ་ལ་མི་སྐྲགས་ཤིང་། དེའི་དོན་གོ་བའི་རྣམ་དཔྱོད་ཀྱི་ཤེས་རབ་གསལ་བས་བླང་དོར་ལ་མཁས་ཤིང་གསང་ཐུབ་པ་སྟེ། ཡོན་ཏན་དང་ལྡན་པའི་སློབ་མའོ། །དེ་ལྟར་མ་ཡིན་པ་སྣོད་སྐྱོན་ཅན་ནི། རང་ཤར་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །དོན་མེད་འཆལ་བར་གྱུར་པ་དང་། །ཞེས་དེ་ལྟ་བུ་ལ། གདམས་པ་ཟབ་མོ་སྟོན་མི་འོས་པ་ནི། །ཀློང་གསལ་ལས། ཡང་སྙིང་བཅུད་ཀྱི་བདུད་རྩི་འདི། །སྣོད་མིན་རྣམས་སུ་བླུག་གྱུར་ན། །སྣོད་ཆགས་བཅུད་འབོ་དམྱལ་བར་ལྟུང་། །ཞེས་སོ། གནས་བསྟན་པ་ནི། གནས་ནི་གངས་ཁྲོད་ལུང་སྟོང་རི་རྩེ་དུར་ཁྲོད་ལ་སོགས་པ་སྟེ༔ ཤིན་ཏུ་དྭངས་ལ་དབེན་ཞིང་ཉམས་ཡངས་སར་འཁྲིད་འདི་སྟོན་ཞིང་ཉམས་སུ་ལེན་པར་བྱའོ༔ ཞེས་གསུངས་ཤིང་། ཀློང་གསལ་ལས། གངས་ཁྲོད་ལུང་སྟོང་རི་རྩེ་དུར་ཁྲོད་དམ། །ཤིན་ཏུ་དབེན་པ་དངས་ཤིང་མཐོ་བའི་སར། །སྐལ་ལྡན་སྐྱེས་བུ་ཉམས་ལེན་བྱ་བའི་གནས། །ཞེས་པས། གངས་ཁྲོད་ནི་རིག་པ་དངས། ལུང་སྟོང་ནི་དགེ་སྦྱོར་ཉམས་ལེན་འཕེལ། རི་རྩེ་ནི་ཤེས་པ་གསལ། དུར་ཁྲོད་ནི་སྐྱོ་ཤས་སྐྱེ། ཤིན་ཏུ་དབེན་པ་ནི་ཉམས་དགའ་ཞིང་སྤྲོ་ལ་དངས་ཤིང་མཐོ་བ་ནི་དབྱིངས་རིག་གསལ་བའོ། །དེའང་བཀྲ་ཤིས་ཤིང་བྱིན་ཆགས་པ། ས་ཆུ་འཕྲོད་པ་མི་མང་གི་བགྲོད་ལམ་དང་ཅ་ཅོ་དགྲ་རྐུན་གྱི་འཚེ་དོགས་མེད་པ་བསམ་གཏན་ངང་གིས་འཕེལ་བའི་གནས་བསྟེན་པར་བྱའོ། དུས་ནི། ཀློང་གསལ་ལས། དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། །ཟེར་གཉིས་དུས་ནི་མཆོག་ཏུ་བཤད་པ་ཡིན། །ཅེས་པས། ཕྱིའི་དུས་ནི་དབྱར་མ་སྟོན་གྱི་དུས་དང་༔ དགུན་ཟླ་ཐ་ཆུང་ངམ་དཔྱིད་ཟླ་བ་ཁམ་བུའི་མེ་ཏོག་རྒྱས་པའི་དུས་སོ༔ ནང་གི་དུས་ནི་ཟེར་གཉིས་ཀྱི་དུས་སུའོ༔ གསང་བའི་དུས་ནི་གཟའ་དང་རྒྱུ་སྐར་བཟང་ཞིང་རྒྱུ་བ་ངན་པ་སོགས་མེེད་པའི་ཉི་མ་ལའོ༔ ཞེས་པས་དུས་དེར་བསིལ་དྲོད་སྙོམས་པས་བྱིང་རྨུགས་ཀྱི་རྐྱེན་ཉུང་བས་མངོན་གསུམ་གྱི་ཡེ་ཤེས་འཆར་སླ་བ་དང་ངོ་སྤྲོད་བདེ་བའོ། །གྲོགས་བསྟན་པ་ནི༔ ངང་རྒྱུད་རིང་ཞིང་དད་པ་དང་སྣང་ཆེ་བ༔ ཁོང་ཡངས་ཤིང་བློ་སྣ་བརྟན་པ༔ གཞན་ལ་སྙིང་རྗེ་དང་ལྡན་ཞིང་དུག་ལྔ་ཤུགས་ཀྱིས་ཆུང་བ་ཞིག་དགོས་པའོ༔ ཞེས་དང་། ཀློང་གསལ་ལས། དམ་ཚིག་གཙང་ལྡན་དག་པའི་སྣང་བ་ཆེ། །དུག་ལྔ་ཤུགས་ཆུང་བློ་བརྟན་ཁོང་ཡངས་པ། །ངང་རྒྱུད་རིང་ཞིང་བརྩེ་བའི་གྲོགས་དང་འགྲོག །དམ་པའི་གྲོགས་ཀྱིས་ཆོས་ལྡན་བྱང་ཆུབ་ཐོབ༔ ཅེས་པ་ལྟར་ཡོན་ཏན་དང་ལྡན་པའི་གྲོགས་བཟང་པོ་བསྟེན་པ་གཅེས་སོ། ཡོ་བྱད་ནི༔ རང་གི་ཆོས་བཞིན་ཉམས་སུ་ལེན་པའི་དུས་དེར་མཁོ་བའི་ཁམས་ཀྱི་གཉེན་པོ་དང་༔ དབང་གི་མཎྜལ་དཀྱིལ་འཁོར་ལ་འབུལ་བའི་མེ་ཏོག༔ ཚོགས་ཀྱི་འཁོར་ལོ་གཏོར་མའི་ཡོ་བྱད་རྣམས་ཚུལ་དང་མཐུན་པར་བསྒྲུབ་དགོས་པའོ༔ ཞེས་གསུངས་ཤིང་དེ་དང་མཐུན་པར་ཀློང་གསལ་ལས་ཀྱང་། གསང་སྔགས་ཐབས་ཀྱི་ལམ་ཡིན་ཕྱིར། །རྟེན་འབྲེལ་ཡོ་བྱད་རྫས་རྣམས་བསགས། །ཕྱག་རྟེན་མེ་ཏོག་དབང་ཡོན་གཏོར་ཚོགས་རྒྱུ། །ཉམས་ལེན་དུས་སུ་ཁམས་ཀྱི་རྟེན་གོས་བཙལ། །མཐུན་པའི་ཡོ་བྱད་ཀུན་དང་ལྡན་པར་བྱ། །རྟེན་འབྲེལ་རྫས་མེད་དངོས་གྲུབ་ཡལ་བར་དོར། །ཞེས་པས་འཚོ་བའི་ཡོ་བྱད་ཟས་སྐོམ་དང་གོས་སྟན། རྟེན་པའི་ཡོ་བྱད་དམ་རྫས། མཁོ་བའི་ཡོ་བྱད་རྡོ་རྗེ་དྲིལ་བུ་སོགས་མཐུན་པའི་ཡོ་བྱད་སྨན་དང་རྟེན་འབྲེལ་གྱི་རྫས། ཁྱད་པར་གྱི་ཡོ་བྱད་དབང་ཆས་དང་དབང་ཡོན་ཚོགས་གཏོར་གྱི་རྒྱུ་ལ་སོགས་པ་གང་དགོས་ཐམས་ཅད་མ་ཚང་བ་མེད་པ་བསགས་པར་བྱའོ། །ལོ་རྒྱུས་ནི༔ རྫོགས་ཆེན་སྤྱི་དང་བྱེ་བྲག་གི་རིམ་པ་གསལ་ལ་དག་པས་སློབ་མ་ཡིད་ཆེས་པར་བྱའོ༔ ཞེས་པ་ལ། དང་པོ་ནི་སྤྱིར་རྫོགས་པ་ཆེན་པོའི་ལུགས་ཀྱི་ལོ་རྒྱུས་ནི། འཁོར་བ་དང་མྱ་ངན་ལས་འདས་པ་གང་དུའང་མ་གྲུབ་པ་ཀུན་གྱི་སྔོན་རོལ་ཏུ། རྒྱལ་བ་ཀུན་ཏུ་བཟང་པོ་ཉིད་དབྱིངས་རང་བཞིན་གྱིས་དག་པ་སྟོང་གསལ་རིག་པའི་ཡེ་ཤེས་བདེ་གཤེགས་སྙིང་པོ་གདོད་མའི་གཞི་ལས་གཞི་སྣང་ལྷུན་གྲུབ་ཀྱི་སྣང་བ་རིག་པའི་ཡེ་ཤེས་ཀྱི་རླུང་གིས་ཕྱིར་ཤར་དུས་རང་སྣང་དུ་ངོ་ཤེས་པས་འཕགས་པའི་སྐད་ཅིག་ལ་གདོད་མར་གྲོལ་ཏེ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པ་ནང་གསལ་ཆོས་ཉིད་ཀྱི་དགོངས་པ་གཞོན་ནུ་བུམ་པ་སྐུའི་ཞིང་ལ་བཙན་ས་ཟིན་ཏེ་སྒྲིབས་གཉིས་བག་ཆགས་དང་བཅས་པ་བཅོམ་པ་ནི་སྤངས་པ་ཕུན་སུམ་ཚོགས་པ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་དང་ལྡན་པ་ནི་རྟོགས་པ་ཕུན་སུམ་ཚོགས་པ། ཡོན་ཏན་མཐར་ཕྱིན་ནས་ཆོས་སྐུར་སངས་རྒྱས་པ་ནི། ངེས་དོན་འདུས་པའི་རྒྱུད་ལས། དེ་ཚེ་ཀུན་བཟང་ཆོས་དྲུག་གིས། །རང་ངོ་ཤེས་པས་གཞི་ལ་ཕྱིན། །ཞེས་དབྱིངས་སྣང་ཤར་དུས། རྒྱུའི་རྐྱེན་ལྷན་ཅིག་སྐྱེས་པའི་རིག་པ། ཡུལ་རྐྱེན་འོད་དང་སྐུར་སྣང་བ། མཚུངས་པ་དེ་མ་ཐག་པའི་རྐྱེན་སྣང་རིག་དུས་མཚུང་པ་གསུམ་གྱི་ཚེ། རྒྱུ་ལས་མ་བྱུང་བའི་འབྲས་བུ་ཡེ་ནས་རང་རིག་སངས་རྒྱས་སུ་གྲུབ་པ། སེམས་ལས་མ་བྱུང་བའི་སངས་རྒྱས། རིག་པའི་ཡེ་ཤེས་སུ་སྣང་བ། ལུང་ལས་མ་བྱུང་བའི་མན་ངག་རང་གིས་རིག་པས་སངས་རྒྱས་སོ། དེའང་རྨད་བྱུང་རྒྱལ་པོའི་རྒྱུད་ལས། ཐོག་མ་ཀུན་གྱི་སྔོན་རོལ་དུ། །རང་སྣང་གཞི་ལ་མཐར་ཕྱིན་ཏེ། །སྔར་སངས་སྔར་ནས་རྒྱས་པའི་ཕྱིར། །ཐོག་མའི་ཀུན་ཏུ་བཟང་པོ་ནི། །འཁོར་འདས་ཀུན་གྱི་སྟོན་པར་ཤར། ཞེས་སོ། དེ་ལྟར་ནང་གསལ་ཆོས་སྐུའི་གནས་སྐབས་ན། །ངོ་བོ་རང་བཞིན་ཐུགས་རྗེ་སྟེ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་འདུས་མ་བྱས་ཤིང་རྟག་ཆད་ཀྱི་མཐའ་ལས་འདས་པ་རྣམ་པ་ཡུལ་ལ་མི་དཔྱོད་པའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་ངང་གིས་འོད་གསལ་བའོ། །དེའི་ཚེ་གནས་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུའི་ཞིང་ན། སྟོན་པ་ཕུན་སུམ་ཚོགས་པ་ཀུན་ཏུ་བཟང་པོ། འཁོར་ཕུན་སུམ་ཚོགས་པ་ཡེ་ཤེས་རྒྱལ་བ་རྒྱ་མཚོའི་ཚོགས། དུས་ཕུན་སུམ་ཚོགས་པ་ཆོས་ཉིད་འཕོ་འགྱུར་མེད་པའི་དོན། ཆོས་ཕུན་སུམ་ཚོགས་པ་རྫོགས་པ་ཆེན་པོ་རང་ཆས་སུ་ལྷུན་གྱིས་གྲུབ་པའོ། །དེ་ཉིད་ཀྱི་ངང་ལས་མ་གཡོས་བཞིན་དུ་རང་སྣང་ལོངས་སྤྱོད་རྫོགས་པའི་སྐུར་རང་བྱུང་བ་ནི། རང་བཞིན་གྱི་སྣང་ཆ་ལས་རྣམ་དག་སྟུག་པོ་བཀོད་པ་ནམ་མཁའི་མཐའ་ཀླས་པ་ཡེ་ཤེས་ལྔའི་རང་གདངས་འོད་ཁྱིམ་བཀོད་ལེགས་པར་རིགས་ལྔའི་རྒྱལ་བ་གངས་ཆེན་མཚོའི་སྐུའི་སྣང་ཆ་ལས་སངས་རྒྱས་སོ་སོའི་དཀྱིལ་འཁོར་གྱི་ཚོམ་བུ་གྲངས་མེད་བརྗོད་ལས་འདས་པས་བསྐོར་བ་དེ་རྣམས་ཀྱི་ཕྱག་མཚན་རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་དང་རྒྱ་གྲམ་དུ་སྣང་བའི་ཁོང་གསེང་ལས་སྐྱེས་པའི་པདྨ་ཉེར་ལྔ་ལ་ཞིང་གི་གཙོ་བོ་ཉེར་ལྔ་དང་དེ་ཐམས་ཅད་ཀྱི་གོ་ན་འབྱུང་བཞིའི་རྡུལ་ཕྲ་རབ་ཇི་སྙེད་པ་རེ་རེའི་ཁོང་ན་ཡང་སངས་རྒྱས་ཀྱི་ཞིང་དབྱིབས་རྒྱུ་ཚད་ཁ་དོག་འགྲོ་བའི་རིས་ཐ་དད་པ་བསམ་ལས་འདས་པ་ཞིང་ཐམས་ཅད་ཀྱིི་རྡུལ་གྱི་གྲངས་དང་མཉམ་པ་ཡོད་པ་དེ་རྣམས་ཀྱང་ཆགས་འཇིགས་སྟོང་གནས་སྣ་ཚོགས་ཉི་ཟེར་གྱི་རྡུལ་གཡོ་བ་ལྟ་བུ་ཡིན་ལ། གངས་ཆེན་མཚོའི་སྟོན་པ་ནི་ནམ་ཡང་མྱ་ངན་ལས་འདའ་བ་མེད་པ་རྟག་པ་རྒྱུན་གྱི་འཁོར་མོར་བཞུགས་པའོ། །དེ་ལྟར་ཀུན་ཏུ་བཟང་པོ་ཉིད་ཀྱི་གདུལ་ཞིང་དང་མཛད་པ་བསམ་གྱིས་མི་ཁྱབ་པས་དངོས་དང་བརྒྱུད་ནས་སེམས་ཅན་གྱི་དོན་མཛད་དེ། སྐུ་གསུམ་གྱི་སྣང་བ་ལ་ཞིང་ཁམས་མི་འདྲ་བ་གསུམ་བཀོད་པ་ནི། ཆོས་སྐུའི་དུས་ན་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་ཞེས་བྱ་སྟེ་ལོངས་སྤྲུལ་གྱི་ཞིང་གཉིས་ཀ་འདིར་ཆུད་དོ། །ལོངས་སྐུའི་ཞིང་ན་ཚངས་པ་རྔ་སྒྲའི་ཞིང་ཁམས་ཞེས་བྱ་སྟེ་སྤྲུལ་སྐུའི་ཞིང་ཐམས་ཅད་འདིའི་ཁོངས་སུ་ཆུད་དོ། །སྤྲུལ་སྐུའི་དུས་ན་ཚངས་ཆེན་གྱི་བསྐལ་པའམ་ཞིང་ཁམས་ཞེས་བྱ་སྟེ་དག་མ་དག་གི་འཇིག་རྟེན་གྱི་ཁམས་ཐམས་ཅད་འདིར་ཆུད་དོ། །དེའང་ས་ཆུ་མེ་རླུང་ནམ་མཁས་གར་ཁྱབ་ཐམས་ཅད་ཚངས་ཆེན་གྱི་བསྐལ་པའི་ཁོངས་སུ་འདུའོ། །དེའང་ཡེ་ཐོག་དང་པོའི་རྒྱལ་བ་ཀུན་ཏུ་བཟང་པོས་ཚངས་ཆེན་བླ་མའི་ཞིང་ཁམས་བཀོད་པའི་གོ་ན་སྤྲུལ་པའི་སངས་རྒྱས་གྲངས་མེད་བརྗོད་ལས་འདས་པ་བྱུང་བ་ལས། ཞིང་འདིའི་རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་པའི་བར་ལ། ཡང་གསང་འོད་གསལ་རྫོགས་པ་ཆེན་པོའི་བསྐལ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་དང་དེ་དག་གི་བར་བར་དུ་བསྐལ་པ་གཞན་དག་གྲངས་ལས་འདས་པ་བྱུང་བ་ལས། དང་པོར་ཡེ་ཐོག་མའི་དུས་ཀུན་ཏུ་བཟང་པོ་དང་། གཉིས་པ་ལ་སྤྱི་ཕུད་སྟོང་གི་འཇིག་རྟེན་མགོན་གྱི་རྒྱལ་བ་དང་། གསུམ་པ་ལ་ཚངས་པ་སྟོང་གི་ཡེ་སྲིད་མགོན་དང་། བཞི་པ་ལ་ཉི་མ་སྟོང་གི་རྒྱལ་བ་དང་། ལྔ་པ་ལ་དྲ་བ་མགོན་གྱི་སངས་རྒྱས་དང་། དྲུག་པ་ལ་འོད་ཟེར་སྟོང་གི་མུ་ཁྱུད་མགོན་དང་། བདུན་པ་ལ་འཁོར་བ་འཇིག་གི་རྒྱལ་བ་དང་། དེ་ནས་རིམ་བཞིན་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་རྒྱལ་བ་རྣམས་ནི་རྫོགས་པ་ཆེན་པོ་སྙིང་ཐིག་གི་སྟོན་པའོ། །དེ་ལྟར་ཐོག་མའི་མགོན་པོས་ཞིང་འདི་གདུལ་བར་དགོངས་ནས་དྲུག་པ་རྡོ་རྗེ་འཆང་གིས་ཞི་བ་བརྙེས་པའི་ཚུལ་ནི། ཐོག་མའི་མགོན་པོ་ཉིད་ཀྱི་རྣམ་འཕྲུལ་གྱིས་སོ་སོའི་སྐྱེ་བོས་སེམས་བསྐྱེད་པ་ལྟར་བསྟན་ནས་སངས་རྒྱས་པའི་ཚུལ་དང་མཛད་པ་ཆེན་པོའི་རོལ་པ་བཀྱེ་བ་ཡིན་ཏེ། སྔོན་བསྐལ་པ་མཐའ་ཡས་པ་ན་ཞིང་ཁམས་རང་བཞིན་མངོན་པར་བཀོད་པར་སངས་རྒྱས་མེ་ཏོག་མཛེས་པ་ཆེན་པོ་ལ། གསེར་གྱི་རྡོ་རྗེ་ཞིག་ཕུལ་ནས་ཐུགས་བསྐྱེད། དེ་ནས་རིང་ཞིག་ན་བྲམ་ཟེ་ལེགས་བྱིན་དུ་གྱུར་པའི་ཚེ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་སྐུའི་དགོངས་པ་ལ་བཞུགས་པ་ལས། ལོངས་སྤྱོད་རྫོགས་པའི་སྐུར་རང་བྱོན་པ་ལས། འོད་ཟེར་འཕྲོ་འདུས་མཛད་པ་སུམ་ཅུ་རྩ་དྲུག་གི་རྒྱུ་དང་། འོད་ཀྱི་ཐིག་ལེ་ལས་གནས་ཕུན་སུམ་ཚོགས་པ་དྲུག་ཅུར་གནས་ཤིང་། སངས་རྒྱས་ཀྱི་སྐུ་དཔག་མེད་བརྗོད་མི་ལང་བར་སྣང་བའི་རིགས་ལྔའི་སངས་རྒྱས་ཀྱི་ལྗགས་ཀྱི་དཀྱིལ་འཁོར་ལས་ཡི་གེ་དྲུག་གི་འོད་ཟེར་མུ་མེད་པར་འཕྲོ་བའོ། །དེའི་ཚེ་འོད་ཁྱིམ་རྣམ་པར་དག་པ་ཤིན་ཏུ་བཀོད་ལེགས་པའི་གནས་ཁང་བུ་བརྩེགས་པ་ན་སྟོན་པ་རྣམ་པར་དག་པ་རང་ཤེས་རིག་གི་རྒྱལ་པོ་རྣམ་པར་སྣང་མཛད་གངས་ཆེན་མཚོ་ཞེས་བྱ་བ་དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག་ཏུ་བྱུང་སྟེ། སྐུ་གསུང་ཐུགས་བྱས་པ་མེད་པའི་བསྟན་པ་རིིན་པོ་ཆེ་ཉིད་དུ་རང་བྱུང་ཞིང་། གདུལ་བྱ་མ་ཡིན་འདུལ་བྱེད་འཁོར་ཚོམ་བུ་གྲངས་མེད་པ་རྣམས་ཀྱང་། སངས་རྒྱས་རང་སྣང་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཉིད་ལས་འཕྲོ་འདུ་མཛད་པའོ། །དེ་ལྟར་སྣང་བ་ཀུན་ཀྱང་སྟེང་འོག་ཕྱོགས་བཅུའི་འཇིག་རྟེན་མ་ཡིན་ཞིང་ཐམས་ཅད་ཀྱང་རང་སྣང་རྣམ་པར་དག་པ་རང་ཤར་བའི་སྟུག་པོ་བཀོད་པ་སངས་རྒྱས་ཀྱི་ཞིང་ཁམས་བསལ་བར་གྱུར་ཏོ། །དེ་ཉིད་ཀྱི་སྣང་ཆ་ལས་ཐོག་མར་སེམས་བསྐྱེད་པའི་རྟེན་དུ་རྡོ་རྗེ་ཕུལ་བ་ལས་བྱུང་བའི་མཚན་དཔེ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་ཡོན་ཏན་རྫོགས་པའི་སྐུར་བྱུང་བའོ། །དེ་ལྟར་ཆོས་ཀྱི་སྐུའི་དུས་ན་གནས་ཆོས་དབྱིངས་རྣམ་པར་དག་པ་ན། སྟོན་པ་ཀུན་ཏུ་བཟང་པོ་རང་བཞིན་གྱི་མཛད་པ་མ་ལུས་པ་རྫོགས་པར་མཛད་ཅིང་འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་དཔག་མེད་དང་ལྷན་ཅིག་བསྟན་པ་དངོས་རང་བཞིན་རྫོགས་པ་ཆེན་པོ་ཆོས་ཉིད་ཀྱི་རྡོ་རྗེ་སུས་ཀྱང་འདུས་མ་བྱས་པ་ཉིད། དུས་ཆོས་ཉིད་ལ་མཐོང་བ་རྣམ་པར་དག་པའི་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ལྔར་བཞུགས་པ་དེ་ཡང་སྐུ་གསུང་ཐུགས་མི་བཟད་པ་རྒྱན་གྱི་འཁོར་ལོའི་མཛད་པ་ཕྱི་ནང་གསང་བ་བཞི་བཞིར་ཕྱེ་བ་སུམ་ཅུ་རྩ་དྲུག་དེ་དག་དོན་བྱ་བྱེད་ཀྱི་མ་ཡིན་པར་ཡོན་ཏན་གྱི་ངོ་བོ་རྩལ་དུ་ཤར་བའི་ཆར་གྱུར་པའི་མཛད་པ་ཞེས་བྱའོ། །དེ་ནས་ལོངས་སྤྱོད་རྫོགས་པའི་སྐུར་རང་བྱོན་ཏེ། སྔར་གྱི་སྣང་བ་དང་ཐུགས་རྗེའི་འཆར་ཚུལ་མ་འགགས་པའི་རྩལ་རོལ་ལས་གནས་རྣམ་དག་སྟུག་པོ་བཀོད་པར། སྟོན་པ་རྣམ་པར་སྣང་མཛད་གངས་ཆེན་མཚོའི་མཉམ་བཞག་གི་ཕྱག་མཐིལ་ནས་པདྨའི་སྡོང་པོ་འཁྲུངས་པའི་འདབ་མ་དང་ཕྲུམ་ཕྲུམ་རྣམས་ཀྱི་སྟེང་ན་ཞིང་ཁམས་ཉི་ཤུ་རྩ་ལྔ་རེ་རྩེགས་མར་གནས་པ་ཡས་མན་དུ་རྒྱ་ཐེབས་བརྩེགས་པ་ལྟ་བུ་ལ་ཕན་ཚུན་ཟ་འོག་གི་གུར་ཁྱིམ་བཀྲམ་པ་ལྟ་བུ་ལ་རིགས་ལྔའི་སངས་རྒྱས་ཀྱི་སྐུ་ཡང་སྣ་ཚོགས་གྲངས་མེད་དཔག་ཏུ་མེད་པ་བཞུགས་སོ། །ཞབས་སྐྱིལ་ཀྲུང་མན་ཆད་ལ་སྤོས་ཆུའི་རྒྱུན་དཔག་ཏུ་མེད་པ་ན། ཞིང་ཁམས་བཅུ་དྲུག་བཅུ་དྲུག་གནས་པའང་རྩེགས་མ་སྟེ། དེ་དག་ནའང་རིགས་ལྔའི་སངས་རྒྱས་ལ་སོགས་དཔག་མེད་དང་། གཞན་ཡང་འོད་བ་སྤུའི་ཁུང་བུ་ཐམས་ཅད་ནས་འོད་ཟེར་འཕྲོས་པའི་ཀློང་ན་ཞིང་དང་སྟོན་པ་མཐའ་ཡས་ཤིང་ཚད་མེད་དོ། །དེ་ལྟར་ལོངས་སྐ྄ུའི་ཞིང་ན་བསྟན་པ་དངོས་གསུང་རང་བྱུང་གི་ཡི་གེ་བསྟན་པ་ཐམས་ཅད་ཀྱི་བུ་དང་ལྷན་ཅིག་ཏུ་དུས་ཆོས་ཉིད་འགྱུར་བ་མེད་པར་བཞུགས་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས་མི་ཟད་རྒྱན་གྱི་འཁོར་ལོའི་མཛད་པ་སུམ་ཅུ་རྩ་དྲུག་ཏུ་རང་ཤར་བའོ། །དེ་ལྟར་ལོངས་སྐུའི་སྣང་ཆ་ལས་སྤྲུལ་པའི་སྐུ་མངོན་པར་འཕྲོ་བ་ནི། གདུལ་བྱའི་དབང་གིས་ཆུ་སྣོད་ཇི་སྙེད་པར་ཟླ་བའི་གཟུགས་བརྙན་དུ་མ་ཤར་བ་བཞིན་སྟེང་འོག་ཕྱོགས་མཚམས་ཀྱི་འགྲོ་བ་དྲུག་སོ་སོར་འཁྲུལ་པའི་དབང་གིས་རང་གི་གནས་དང་བདེ་སྡུག་གི་སྣང་བ་དུ་མ་ལ་སྤྱོད་པས། སེམས་ཀྱི་འཁྲུལ་སྣང་ལ་ཞེན་པའི་ཚེ། ས་དང་པོ་ནས་བཅུ་པའི་བར་གྱི་སེམས་དཔའ་རྣམས་ལ་ཕྱོགས་བཅུའི་ཞིང་དུ། རང་བཞིན་སྤྲུལ་པའི་རིགས་ལྔ་ཞི་ཁྲོའི་དཀྱིལ་འཁོར་སོ་སོ་སྣང་བས་དོན་མཛད་ཅིང་། འགྲོ་བ་དྲུག་གི་གནས་སུ་ཐུབ་པ་བཅོམ་ལྡན་འདས་གྲངས་མེད་པས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་དོན་མཛད་པ་ལས། མི་མཇེད་ཀྱི་འཇིག་རྟེན་འདིར་རང་སྣང་སྟུག་པོ་བཀོད་པའི་ཞིང་ནས་སྤྲུལ་པ་ཆེན་པོ་གཉིས་སྣང་བ་ལས་བྱིན་རླབས་མཆོག་གི་སྤྲུལ་པ་ནི་གསུམ་ཏེ་རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་བྱུང་བར་སྣང་བའི་སྐུ་གཟུགས་འགྲོ་བ་དྲུག་གི་ཚེ་ལོའི་ལུས་བོང་དང་མཉམ་པ་ལས་ཆོ་འཕྲུལ་དུ་མ་སྣང་བས་འགྲོ་བ་གྲོལ་བར་བྱེད་པ་དང་། རིན་པོ་ཆེ་ལས་རང་བྱུང་བའི་ཡི་གེ་ཆེན་པོ་བསྟན་པ་བུ་གཅིག་པས་ཆོས་ཀྱིི་རྣམ་གྲངས་བརྗོད་དུ་མེད་པ་རང་གྲགས་པས་དོན་བྱེད་པ་དང་། རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་རང་འཁྲུངས་པའི་རྡོ་རྗེ་ཚེ་ལོ་གང་ཡིན་པ་དེའི་མི་རྣམས་ཀྱི་ཆག་གང་པ་ལས། གང་ལ་གང་འདོད་ཀྱི་ཆོས་དང་ཡོ་བྱད་ཀྱི་ཆར་འབབ་པ་སྐུ་གསུང་ཐུགས་ལས་རང་བྱུང་གི་སྤྲུལ་པ་ཆེན་པོ་དེ་གསུམ་གྱིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཀུན་ཏུ་འོད་ཟེར་འགྱེད་ཅིང་འགྲོ་བ་རྣམས་གྲོལ་བའི་ཕྲིན་ལས་མཛད་དོ། བསྟན་པའི་བཙས་གསུམ་པོ་འདི་དག་སྐུ་གསུང་ཐུགས་ཀྱི་བསྟན་པའི་དུས་ཀྱི་གནས་ཐ་དད་པ་ན་གནས་ཏེ། དེའང་ཚེ་ལོ་དཔག་མེད་ནས་སྟོང་ཐུབ་པའི་དུས་ཕན་ཆད་ལ་སྐུས་འདུལ་བའི་བསྟན་པ་སྟེ་ལོ་ལྔ་བརྒྱ་ལྔ་སྟོང་ཕྲག་གསུམ་ཡོད། དེའི་དུས་ན་རྡོ་རྗེ་ནི་ཨོ་རྒྱན་གྱི་ཡུལ་རྒྱ་མཚོ་ལན་ཚྭའི་རོ་དང་ལྡན་པའི་གླིང་ན་ཡོད་དེ། འོད་དང་། སྒྲ་དང་། དགེ་སློང་རྫུ་འཕྲུལ་དང་ལྡན་པའི་སྤྲུལ་པ་གྲངས་མེད་འཕྲོ་བར་བྱེད། ཡི་གེ་ནི་རྡོ་རྗེ་གདན་གྱི་དཔག་ཚད་ལྔ་བརྒྱའི་སྟེང་གི་ནམ་མཁའ་ལ་མཁའ་འགྲོ་མ་རྣམས་ཀྱིས་བཟུང་ནས་གནས་སོ། །སྐུ་ནི་དེ་དང་ལྷན་ཅིག་ཏུ་བཞུགས་སོ། ཚེ་ལོ་སྟོང་ནས་བདུན་བཅུའི་བར་ནི་གསུང་གིས་འདུལ་བའི་བསྟན་པ་སྟེ་ལོ་ལྔ་བརྒྱ་ལྔ་སྟོང་ཕྲག་གཅིགདེའི་དུས་ན་རྡོ་རྗེ་ནི་རི་མ་ལ་ཡ་ལག་ན་རྡོ་རྗེའི་གནས་ནའོ། །ཡི་གེ་ནི་རྡོ་རྗེ་གདན་གྱི་སྟེང་གི་ནམ་མཁའ་ན་མཁའ་འགྲོ་མས་བཟུང་ནས་གནས། སྐུ་ནི་ས་གཅིག་ཏུ་མ་ངེས་ཏེ་འཛམ་བུའི་གླིང་འཁོར་བར་འཕར་ཞིང་ལྷ་དང་མིའི་མཆོད་པའི་ཞིང་དུ་བྱེད། སྐབས་སུ་བསྟན་པ་ལ་གནོད་པ་བྱུང་བའི་ཚེ་སྐུ་ལས་འོད་དང་ཞལ་ནས་ཧཱུྃ་དང་སྤྱན་ལས་མེ་བྱུང་བས་བཟློག་པར་བྱེད། ཚེ་ལོ་བདུན་བཅུ་པ་ནས་ཚེ་ལོ་བཅུ་པའི་བར་དུ་ཐུགས་ཀྱིས་འདུལ་བའི་བསྟན་པ་ཏེ། ལོ་ལྔ་བརྒྱ་ལྔ་སྟོང་ཕྲག་གཅིག་གོ། དེའི་དུས་ན་རྡོ་རྗེ་ནི་རྡོ་རྗེ་གདན་གྱི་ནམ་མཁའ་ལ་གནས་སོ། །ཡི་གེ་ནི་རབ་ཏུ་ཁྲོས་པ་དྲང་སྲོང་གི་ཕུག་ནའོ། །སྐུ་ནི་ལྷའི་གནས་སུམ་ཅུ་རྩ་གསུམ་པའི་གཞལ་མེད་ཁང་ལག་ན་རྡོ་རྗེའི་ཁང་པ་བརྩེགས་པ་ཞེས་བྱ་བའི་ཡང་ཐོག་ན་གནས་སོ། །བསྟན་པའི་བཙས་འདི་དག་ནི་རང་བཞིན་རྫོགས་པ་ཆེན་པོའི་ལུང་རྟོགས་ཀྱི་བསྟན་པ་གར་ཡོད་དུ་གནས་པ་སྟེ། །ཐལ་འགྱུར་ལས། བཀའ་གསང་ངེས་པ་བཅུ་བདུན་དང་། །བསྟན་པའི་གཟེར་དང་འཕྲུལ་ཡིག་བཅས། །སྤྲུལ་སྐུའི་ཞིང་ཁམས་ཐོག་མ་ལ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སྟུག་པོ་བཀོད་པའི་གནས་སུ་བཟུང་། །དེ་ནས་ལྕང་ལོ་ཅན་གྱི་གནས། །ཀུན་རིག་རྣམ་པར་སྣང་མཛད་ཀྱིས། །འདི་ཉིད་བཟུང་བས་རིགས་ལྔར་སྨིན། །དེ་འདས་ང་ཡིས་བཟུང་བ་ཡི། །བསྟན་པའི་སྲོག་ཤིང་དམ་པ་འདིའི། །སངས་རྒྱས་སྟོང་དང་རྩ་གཉིས་ནི། །འདི་ལ་བསྟན་ནས་ངེས་པར་འབྱུང་། །ཅེས་པ་ལ་སོགས་གསུངས་པས། ཞིང་རེ་རེར་ཡང་སྙིང་པོ་ལྡན་དང་། རྫོགས་ལྡན་ཆེན་པོ་དང་། རྫོགས་ལྡན་དང་། གསུམ་ལྡན་དང་། གཉིས་ལྡན་དང་། རྩོད་ལྡན་དང་། རྩོད་ལྡན་ཆེན་པོ་སྟེ་སེམས་ཅན་གྱི་ལས་ཀྱི་དབང་གིས་འབྱུང་བའི་དུས་བདུན་སྒྲོན་བསྐལ་མི་འབྱུང་བའི་དུས་བདུན་མུན་བསྐལ་ཏེ་དར་ནུབ་བཅུ་བཞིས་ཞིང་འདིའི་གདུལ་བྱ་རྫོགས་ནས་ཞིང་གཞན་དུ་འཕོ་བར་འགྱུར་བ་ཡིན་ལ། དེ་སྔོན་སྟུག་པོ་བཀོད་པར་ཀུན་ཏུ་བཟང་པོས་བཟུང་། དེ་ནས་ལྕང་ལོ་ཅན་དུ་རྣམ་པར་སྣང་མཛད་ཀྱིས་བཟུང་། དེ་ནས་ཞིང་འདིའི་སྣོད་བཅུད་ཆགས་ཏེ་བསྐལ་པ་དང་པོ་དགའ་ལྡན་བརྩེགས་པ་ལ་སྟོན་པ་བྱོན་པས་བསྟན་པའི་བཙས་གསུམ་པོ་འདིར་བབས་ནས་དར་ནུབ་རིམ་པ་བདུན་བྱས་ནས་མཐར་ལྷོ་ཕྱོགས་མཛེས་ལྡན་བཀོད་པའི་ཞིང་དང་། དེ་ནས་ཡངས་པ་སྐྱོབས་པའི་འཇིག་རྟེན་དང་། ནུབ་ཕྱོགས་གཙུག་ཕུད་དབྱངས་ཞེས་བྱ་བའི་འཇིག་རྟེན་དུ་འགྲོ་བའི་དོན་མཛད་མཐར་རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་སྣོད་བཅུད་དང་བཅས་པ་སྟོང་ཏེ་འགྲོ་བ་ཀུན་གདོད་མའི་སར་གྲོལ་ནས་བསྟན་པའི་བཙས་གསུམ་ཆོས་ཉིད་ཞི་བའི་དབྱིངས་སུ་རང་ཡལ་ཏེ་མི་སྣང་ངོ་། །དེ་ནས་ཡང་འགྲོ་བ་དབྱིངས་ནས་སྣང་བ་དང་སྤྲུལ་པས་ཚངས་ཆེན་བཀོད་དེ་བསྐལ་པ་དང་སྟོན་པ་བསྟན་པའི་བཙས་གསུམ་རང་ཤར་སྟེ་ཞིང་གི་སེམས་ཅན་གྱི་དོན་འབྱུང་བ་རྒྱས་པར་གསུངས་སོ། །ཡེ་ཤེས་དམ་པའི་སྤྲུལ་པ་ནི། རྡོ་རྗེ་འཆང་ཉིད་ལོངས་སྐུ་ལས་སྤྲུལ་པའི་སྐུར་འགྲོ་བ་རྣམས་ཀྱི་ཕུང་པོ་ལྔ་དག་པར་བྱ་བའི་ཕྱིར་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་ལན་བཅུ་གཉིས་སུ་སྣང་བར་མཛད་པ་ལས། ཐོག་མར་ཡུལ་དགའ་ལྡན་བརྩེགས་པར་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བ་ལ་བརྫུས་སྐྱེས་སུ་འཁྲུངས་པ་ནི་སྟོན་པ་ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ། འཁོར་འོད་སྣང་གི་སངས་རྒྱས་སྟོང་རྩ་གཉིས། བསྟན་པ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ཀྱི་ཆོས། དུས་ཚེ་ལོ་དཔག་ཏུ་མེད་པའི་དུས་གསུངས་ཏེ་ལྷའི་བུ་དགའ་བྱེད་དབང་ཕྱུག་དང་ཉི་མ་རབ་ཏུ་སྣང་བྱེད་གཉིས་ཀྱིས་བཀའ་བསྡུས་སོ། །གཉིས་པ་ནི། གནས་མི་མཇེད་འཇིག་རྟེན་འབྱུང་བ་ལྔའི་དངས་མ་འདུས་པའི་སྒོ་ང་ལས། སྟོན་པ་ཁྱེའུ་འོད་མི་འཁྲུག་པ། འཁོར་མཁའ་འགྲོ་འབུམ་ཕྲག་གཉིས་བསྟན་པ་སྐུ་ལྔའི་རྒྱུད་ཀྱི་ཆོས། དུས་ཚེ་ལོ་བྱེ་བ་གཅིག་ཐུབ་པའི་ཚེ་གསུངས་སོ། །གསུམ་པ་ནི། གནས་དྲོད་གཤེར་འདུས་པ་འོད་ཀྱིས་སྤུངས་པར། སྟོན་པ་འཇིགས་པ་སྐྱོབ་པའི་ཡིད། འཁོར་བྱང་སེམས་འབུམ་ཕྲག་དྲུག །བསྟན་པ་འཁོར་བ་དོང་སྤྲུག་རྨ་བྱ་མཇིང་བསྣོལ་འབྱུང་བཞི་ཟད་པའི་རྒྱུད་ཀྱི་ཆོས། དུས་ཚེ་ལོ་འབུམ་པའི་དུས་གསུངས་སོ། །བཞི་པ་ནི། གནས་ཆགས་འབྱུང་མངལ་དུ་སྣང་བར། སྟོན་པ་གཞོན་ནུ་རོལ་པ་རྣམ་པར་བརྩེ་བ། འཁོར་གནོད་སྦྱིན་དང་བྲག་སྲིན་སྟོང་ཕྲག་གཅིག་བསྟན་པ་སེམས་སྡེ་རྩ་བའི་རྒྱུད་ལྔ། ཡན་ལག་གི་རྒྱུད་དྲུག་སྟེ། དུས་ཚེ་ལོ་བརྒྱད་ཁྲི་པའི་དུས་གསུངས་སོ། །ལྔ་པ་ནི། གནས་མཚོ་བྱེད་གཞོན་ནུའི་ལྡུམ་རར། སྟོན་པ་དྲུག་པ་རྡོ་རྗེ་འཆང་ཆེན། འཁོར་སངས་རྒྱས་རབ་བདུན། བསྟན་པ་ཕར་ཕྱིན་དྲུག་གི་ཆོས། དུས་ཚེ་ལོ་བདུན་ཁྲི་པར་གསུངས་སོ། །དྲུག་པ་ནི། གནས་རི་རབ་ཀྱི་བྱང་ཕྱོགས་དུར་ཁྲོད་མེ་རི་འབར་བ། སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན། འཁོར་བྱང་སེམས་སྤྲིན་ཤུགས་ཅན་བདུན་དང་ཌཱཀྐི་ལྷ་ཀླུ་བསམ་ཡས། བསྟན་པ་རིག་པ་རང་ཤར་ཆེན་པོ་ལ་སོགས་མངོན་སུམ་འོད་གསལ་རྒྱུད་ཀྱི་ཆོས། དུས་ཚེ་ལོ་དྲུག་ཁྲི་པའི་དུས་གསུངས་སོ། །བདུན་པ་ནི། གནས་སྲིན་ཡུལ་རུ་ལུའི་སྒྲ་དང་ལྡན་པར། སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོ། འཁོར་སྲིན་པོ་བྱེ་བ་གཅིག །བསྟན་པ་རགས་པ་འདུལ་བའི་རྒྱུད་བཅུ་ལ་སོགས་པའི་ཆོས། དུས་ཚེ་ལོ་ཁྲི་པར་གསུངས་སོ། །བརྒྱད་པ་ནི། གནས་བྱ་རྒོད་སྤུངས་པར། སྟོན་པ་གསེར་འོད་དམ་པ། འཁོར་འཕགས་པའི་ཉན་ཐོས་གྲངས་མེད། བསྟན་པ་འདུལ་བ་ཁྲི་ཕྲག་དཔག་ཏུ་མེད་པའི་ཆོས། དུས་ཚེ་ལོ་ལྔ་སྟོང་པར་གསུངས་སོ། །དགུ་པ་ནི། གནས་སོག་པོ་གཡུའི་སྨིན་མ་ཅན་གྱི་ཡུལ་བྱང་ཆུབ་ཀྱི་ཤིང་དྲུང་དུ། སྟོན་པ་བརྩེ་བས་རོལ་པའི་བློ་གྲོས། འཁོར་བྱང་སེམས་དཔག་ཡས། བསྟན་པ་ཆོས་ཕྲ་རྒྱུད་བདུན་ལ་སོགས་པའི་ཆོས། དུས་ཚེ་ལོ་སྟོང་གི་སྐབས་སུ་གསུངས་སོ། །བཅུ་པ་ནི། གནས་བྱ་རྒོད་ཕུང་པོར། སྟོན་པ་འོད་སྲུང་བགྲེས་པོ། འཁོར་སྐར་མ་འོད་བཟང་ལ་སོགས་པ་བདུན། བསྟན་པ་མདོ་སྡེ་དང་ཀྲི་ཡོག་ཨ་ནུ་སོགས་ཁྲི་ཕྲག་བརྒྱད་ཀྱི་ཆོས། དུས་ཚེ་ལོ་ལྔ་བརྒྱ་པར་གསུངས་སོ། །བཅུ་གཅིག་པ་ནི། གནས་རྡོ་རྗེ་གདན་དུ། སྟོན་པ་མངོན་རྫོགས་རྒྱལ་པོ། འཁོར་རིགས་གསུམ་མགོན་པོ། བསྟན་པ་ངེས་པ་དོན་གྱི་ཐེག་པ་འབའ་ཞིག་གི་ཆོས། དུས་ཚེ་ལོ་སུམ་བརྒྱ་པར་གསུངས་སོ། །བཅུ་གཉིས་པ་ནི། གནས་ཝཱ་ར་ཎཱ་སི་ལ་སོགས་པར། སྟོན་པ་ཤཱཀྱ་ཐུབ་པ། བསྟན་པ་སྡེ་སྣོད་གསུམ་གྱི་ཆོས། འཁོར་ཉན་ཐོས་བྱང་སེམས་ལྷ་ཀླུ་ལ་སོགས་པར། དུས་ཚེ་ལོ་བརྒྱ་པར་གསུངས་སོ། །འདི་དག་གིའང་སྐུ་གསུང་ཐུགས་ཀྱི་མཛད་པ་སུམ་ཅུ་རྩ་དྲུག་སྟེ་སྐུ་གསུམ་གྱི་མཛད་པ་བསྡོམས་པས་བརྒྱ་རྩ་བརྒྱད་དུ་སྣང་བ་ནི། རྡོ་རྗེ་འཆང་ཡོན་ཏན་རྫོགས་པའི་བདག་ཉིད་གཅིག་གི་མཛད་པ་ཞེས་བྱའོ། །སྐུ་གསུམ་དང་སྟོན་པ་བཅུ་གཉིས་བསྐལ་བཟང་སངས་རྒྱས་སྟོང་ལ་སོགས་པ་དུས་གསུམ་རྒྱལ་བ་རྣམས་ཀུན་བཟང་རྡོ་རྗེ་འཆང་ཆེན་པོ་ཉིད་དུས་ཐ་དད་པར་བྱོན་པ་ཙམ་ལས་དགོངས་པ་འམ་རྒྱུད་གཅིག་གིས་བསྡུས་པའི་ཕྱིར་རྒྱལ་བ་དགོངས་པས་བརྒྱུད་པའི་རིམ་པའོ། །དེ་ནས་རིག་འཛིན་བརྡ་ཡི་བརྒྱུད་པ་ལྷ་དང་མིའི་ཡུལ་དུ་བྱུང་བའི་ཚུལ་ནི། སངས་རྒྱས་ཤཱཀྱ་ཐུབ་པ་མྱ་ངན་ལས་མདའ་ཁར་གསང་སྔགས་ཀྱི་བསྟན་པ་ཕྱིས་འབྱུང་བར་ལུང་བསྟན་པ་ནི། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་ཉི་ཤུའི་ཚེ། །ལྷ་གནས་གསུམ་དུ་གྲག་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་རིགས་ཅན་ཏེ། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །སྔོན་ལྟས་བཟང་པོ་སྣང་བར་འགྱུར། །དྲག་ཤུལ་ཅན་ཞེས་བྱ་བའི་རིར། །གྲོགས་ཀྱི་སེམས་ཅན་དམན་པའི་རིགས། །ལངྐའི་བདག་པོ་ལ་སོགས་པར། །ལག་ན་རྡོ་རྗེས་སྣང་བར་འགྱུར། །ཞེས་གསུངས་སོ། །དེ་ནས་ལོ་ཉེར་བརྒྱད་ན། སྐལ་ལྡན་རྒྱལ་པོ་ཛ་ལ་རྨིས་ལྟས་ངོ་མཚར་བ་བདུན་བྱུང་ཞིང་གསང་བདག་གི་སྐུ་དང་མ་ཧ་ཡོ་གའི་རྒྱུད་ཀྱི་ཆར་བབས་ཅིང་། གསོལ་བ་བཏབ་པས་རྒྱུད་རྣམས་ཀྱི་དོན་མ་ལུས་པ་མཁྱེན་ཏོ། །དེའི་ཚེ་དམ་པའི་རིགས་ཅན་ལྔས་རི་མ་ལ་ཡའི་རྩེར་ཕྱོགས་བཅུའི་སངས་རྒྱས་ལ་གདུང་ཚིག་ཉེར་གསུམ་བཏོན་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་གསང་བའི་བདག་པོ་ལ་བསྐུར་ཏེ་གདུང་བ་བསལ་ཞིང་མདོ་དགོངས་འདུས་ལ་སོགས་པ་ལུང་ཨ་ནུ་ཡོ་གའི་ཏནྟྲ་རྣམས་གསང་བདག་གིས་བཀའ་སྩལ་ཏོ། །མན་ངག་ཨ་ཏི་ཡོ་ག་རྣམས་བྱུང་ཚུལ་ནི། རྒྱལ་བ་རྣམས་ཀྱི་དགོངས་པས་བརྒྱུད་པའི་རྗེས་སུ་མན་ངག་རྫོགས་པ་ཆེན་པོ་རྣམས་དུས་དྲུག་ལ་བབས་པའི་ཚེ་འབྱུང་བར་བསྟན་པ་ནི། ཉན་ཐོས་རྒྱུ་རྟག་ལ་མོས་པའི་མཐུ་ཞན་ནས། ལས་ཀྱི་ཚེ་ཐུང་བཀའི་དོན་མི་རྟོག །བསྟན་པ་སྙིགས་པས་གྲུབ་མཐའ་ངན་པ་ལ་བསྒྱུར། གཉེན་པོས་མི་ནོན་སྒྲུབ་བརྩོན་ཞན། །དེ་ཚེ་རིག་པའི་རྣལ་འབྱོར་ཤར། །ཞེས་དང་། ཉན་ཐོས་པ་རྒྱུ་རྟག་པའི་དུས་དང་། དད་གུས་མེད་ཅིང་ཚེ་ཐུང་བའི་དུས་དང་། བཀའི་དོན་ལ་ཚིག་ཙམ་ལས་ཆེད་དུ་མི་འཛིན་པའི་དུས་དང་། བསྟན་པའི་སྙིགས་མ་གྲུབ་མཐའ་ངན་པའི་དུས་དང་། གཉེན་པོས་མི་ནོན་པའི་དུས་དང་། ཤན་འབྱེད་ལ་བཟླ་རང་གྲོལ་ཨ་ཏི་འབྱུང་བའི་དུས་དང་དྲུག་སྟེ། དེའི་ཚེ་ལྷའི་གནས་སུམ་ཅུ་རྩ་གསུམ་ན་ལྷ་དེ་ཝ་བཟང་སྐྱོང་ལ། ཡིད་ལས་སྐྱེས་པའི་ལྷ་ལྔ་བརྒྱ་ཙམ་ཡོད་པའི་གཅེན་པོ་ཀུན་དགའ་སྙིང་པོ་བྱ་བ་ཁྱད་པར་དང་ལྡན་པ་བསམ་གཏན་ལ་དགའ་བ་དེ་ལ་ལྷའི་བུ་སེམས་ལྷག་ཅན་ཞེས་གྲགས་སོ། །དེ་ལ་ཆུ་མོ་གླང་གི་ལོོར་ངོ་མཚར་བའི་རྨིས་ལྟས་བཞི་རྨིས་ཤིང་། དཔལ་རྡོ་རྗེ་སེམས་དཔས་དེ་ཉིད་ལས་དང་སྐལ་པར་ལྡན་པར་མཁྱེན་ཏེ་དབང་དང་མན་ངག་གི་རྒྱུད་མང་པོ་དུས་མཐའི་སྐད་ཅིག་ལ་རྫོགས་པར་བསྟན་ནས་རྒྱལ་ཚབ་དམ་པར་དབང་བསྐུར་ཏེ། སུམ་ཅུ་རྩ་གསུམ་དང་། དགའ་ལྡན་དང་། འོག་མིན་ཏེ་ལྷ་གནས་གསུམ་དུ་རྒྱས་པར་གྱུར་ཏོ། །དེ་ཡང་སངས་རྒྱས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་དང་དྲུག་ཅུ་ཐམས་པ་ན། རྒྱ་གར་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཨོ་རྒྱན་ཐོར་ཅོག་ཅན་གྱི་ཡུལ་ན་རྒྱལ་པོ་ཨུ་པ་རཱ་ཛ་དང་བཙུན་མོ་འོད་ལྡན་མའི་སྲས་མོ་སུ་དྷརྨ་ཞེས་དགེ་སློང་མ་ཞིག་རྒྱ་མཚོའི་གླིང་དུ་དཀའ་ཐུབ་ལ་འདུག་པའི་རྨི་ལམ་དུ་ཤེལ་གྱི་མི་དཀར་པོ་ཞིག་གིས་རིན་པོ་ཆེའི་བུམ་པ་སྤྱི་བོར་བཞག་སྟེ་དབང་བསྐུར་བས་ལུས་བདེ་བས་གང་འོད་ཀྱིས་ཁམས་གསུམ་དུས་གཅིག་ལ་གསལ་བར་རྨིས་ཏེ་དེའི་ཚེ་དཔལ་རྡོ་རྗེ་སེམས་དཔའ་ལྷའི་བུ་སེམས་ལྷག་ཅན་ཡི་གེ་ཧཱུྃ་དུ་བསྡུས་ནས་དེ་ཉིད་ཀྱི་ལྷུམས་སུ་ཞུགས་པ་ལས། ཟླ་བ་བཅུ་ན་ལྷ་ལྕམ་ལ་ཕ་མེད་པའི་བུ་གཅིག་རྩིབས་ལོགས་གཡས་པའི་གོ་བར་ནས་འཁྲུངས་པ་དང་། ཡུམ་བྲེད་དེ་ཐལ་བའི་ཁུངས་སུ་སྦས་པས་མཁའ་འགྲོ་མ་དང་ལྷ་རྣམས་ཀྱིས་མཆོད་ཅིང་ཅི་ཡང་མ་ཉེས་པར་འདུག་པ་དང་བཟོད་པར་གསོལ་ནས་རོ་ལངས་བདེ་བ་ཞེས་མཚན་བཏགས་སོ། །ལོ་བདུན་པ་ལ་པཎྜི་ཏ་ལྔ་བརྒྱ་དང་རྩོད་པ་བྱས་པས་སུས་ཀྱང་མ་ཐུབ་པས་པྲཛྙཱ་བྷ་ཝ་ཞེས་མཚན་བཏགས་དུས་རྒྱལ་པོ་དགྱེས་ནས་དགའ་རབ་རྡོ་རྗེ་ཞེས་མཚན་གསོལ། མཁའ་འགྲོ་མ་རྣམས་ཀྱིས་རོ་ལངས་ཐལ་མདོག་ཞེས་མཚན་བཏགས། དེ་ནས་རི་བོ་ཉི་མ་སྣང་བྱེད་ལ་མཉམ་པར་བཞག །སླར་དུར་ཁྲོད་ཆེན་པོ་མེ་རི་འབར་བར་ཕྱག་ན་རྡོ་རྗེ་ལ་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཐམས་ཅད་གསན་ནས། མ་ལ་ཡར་རྒྱུད་ལུང་རྣམས་སློབ་དཔོན་ཉིད་དང་རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མ་འཇིག་རྟེན་བདེ་བའི་རོ་དང་ལྡན་པ་དང་། བདེ་བྱེད་སེར་མོ་ཡོན་ཏན་མཐའ་ཡས་པའི་མཁའ་འགྲོ་མ་དང་གསུམ་གྱིས་གླེགས་བམ་དུ་བཀོད་ནས་མཁའ་འགྲོ་མ་རྣམས་ལ་གཏད། དེའི་ཚེ་རྡོ་རྗེ་གདན་གྱི་ནུབ་ཕྱོགས་རིམ་པ་གཉིས་པའི་གྲོང་ན་བྲམ་ཟེའི་རིགས་ལས་སློབ་དཔོན་འཇམ་དཔལ་བཤེས་གཉེན་བྱ་བ་རིག་པའི་གནས་ལྔ་ལ་མཁས་པ་དེ་ལ་འཕགས་པ་འཇམ་དཔལ་གྱིས་ལུང་བསྟན་མ་ཐག་བསིལ་བའི་ཚལ་དུ་བྱོན་ནས་དགའ་རབ་རྡོ་རྗེ་དང་མཇལ་ནས་དབང་ཁྲིད་རྫོགས་པར་གནང་རྗེས་ཆུ་བོ་དན་ཏིག་གི་མགོར་སློབ་དཔོན་དགའ་རབ་རྡོ་རྗེ་འོད་ཕུང་དུ་གཤེགས་པ་ལ། གདུང་བའི་སྨྲེ་སྔགས་ཕྱུང་པས། ཚིག་གསུམ་གནད་དུ་བསྡེབས་པའི་འདས་རྗེས་བབས་པ་གཟིགས་པ་ཙམ་གྱིས་འཇམ་དཔལ་བཤེས་གཉེན་ཉིད་དགའ་རབ་རྡོ་རྗེ་དང་རྟོག་པ་མཉམ་པར་གྱུར་ཏེ་རང་བཞིན་རྫོགས་པ་ཆེན་པོ་འབུམ་ཚོ་དཔག་ཏུ་མེད་པའི་ཆོས་རྣམས་གནས་པ་སེམས་ཀྱི་སྡེ་བྱ་བྲལ་ཀློང་གི་སྡེ་གནད་མན་ངག་གི་སྡེ་དང་གསུམ་དུ་ཕྱེ་གནད་ལས་ཟབ་པ་ཐིག་ལེ་མཆོག་གི་སྐོར་ལ་བཤད་རྒྱུད་དང་སྙན་རྒྱུད་གཉིས་སུ་ཕྱེ། སྙན་རྒྱུད་གསང་བ་རྣམས་མཆན་དུ་བཏབ། བཤད་རྒྱུད་སྤེལ་བའི་སྣོད་མ་རྙེད་ནས་རྡོ་རྗེ་གདན་དུ་སྦས་ནས་སློབ་དཔོན་ཉིད་དུར་ཁྲོད་སོ་ས་གླིང་དུ་བཞུགས་སོ། །དེའི་ཚེ་རྒྱ་ནག་ཤོ་ཤའི་གླིང་དུ་ཡབ་དགེ་ལྡན་དང་ཡུམ་སྣང་གསལ་མའི་སྲས་ཤྲཱི་སེངྷ་ཞེས་བྱ་བ་སྦྱངས་པའི་ཡོན་ཏན་དང་ལྡན་པ་དེ། ནུབ་ཕྱོགས་ཀྱི་གྲོང་ཁྱེར་གསེར་གླིང་ཞེས་བྱ་བར་འགྲོ་བའི་ལམ་དུ་འཕགས་པ་སྤྱན་རས་གཟིགས་ཀྱིས་ལུང་བསྟན་པ་དང་། རི་བོ་རྩེ་ལྔའི་ཤར་ཕྱོགས་ཁྲུས་ཀྱི་རྫིང་བུར་ཡང་བསྟན་པ་བཞིན་དུར་ཁྲོད་སོ་ས་གླིང་དུ་བྱོན་ནས་འཇམ་དཔལ་བཤེས་གཉེན་དང་མཇལ་གདམས་པ་རྣམས་བསྟན་དཔེ་རྣམས་ལུང་བསྟན་ཏེ་དུར་ཁྲོད་དེ་ཉིད་དུ་ནམ་མཁའ་ལ་འོད་ཕུང་དུ་གཤེགས་པའི་ཚེ་ཤྲཱི་སེང་ཧས་གདུང་བའི་ཚིག་བཏོན་པས་སྒོམ་ཉམས་དྲུག་པ་ཞེས་བྱའི་འདས་རྗེས་བབས་སོ། །འཇམ་དཔལ་བཤེས་གཉེན་འདི་སྔ་མ་ཡིན་ཅིང་ཕྱི་མ་ནི་རྒྱ་གར་ནུབ་ཕྱོགས་སུ་པདྨ་ལས་བརྫུས་ཏེ་སྐྱེས་ནས་འཇམ་དཔལ་བཤེས་གཉེན་ཕྱི་མར་གྲགས་ཏེ་སློབ་དཔོན་པདྨ་ལ་གསང་སྔགས་མཐའ་དག་བསྟན་པའོ། །དེ་ནས་ཤྲཱི་སེང་ཧས་རྡོ་རྗེ་གདན་གྱི་ཕ་བོང་ནས་དཔེ་རྣམས་བཏོན་ཏེ་རྒྱ་ནག་གི་ཡུལ་བྱང་ཆུབ་འབྱུང་བའི་ཤིང་དྲུང་དུ་བཞུགས་ཏེ། གསང་བ་མཆོག་གི་དཔེ་རྣམས། ཕྱི་ནང་གསང་བ་བླ་ན་མེད་པའི་སྐོར་བཞིར་ཕྱེ་སྟེ། སྐོར་དང་པོ་གསུམ་དང་ཐ་མ་བཅས་རིམ་གྱིས་བཀྲ་ཤིས་ཁྲི་སྒོའི་ལྷ་ཁང་གི་ཀ་བར་གཏེར་དུ་སྦས་ནས་དུར་ཁྲོད་བསིལ་སྦྱིན་དུ་བཞུགས་སོ། །དེ་ནས་དེའི་ཚེ་རྒྱ་གར་གྱི་ཡུལ་དབུས་འགྱུར་འོད་མའི་ཚལ་གྱི་ནུབ་ཕྱོགས་གྲོང་ཁྱེར་གླང་པོའི་སྒང་ཞེས་བྱ་བར། ཁྱིམ་བདག་བདེ་ལྡན་འཁོར་ལོ་དང་། ཡུམ་གསལ་རིག་མ་ཞེས་བྱ་བའི་བུར། བི་མ་ལ་མི་ཏྲ་ཞེས་བྱ་བ་དང་། རྒྱ་གར་ཤར་ཕྱོགས་ཀ་མ་ཤི་ལའི་ཤར་གྱི་གྲོང་ཁྱེར་ན། ཡབ་གདོལ་པ་ཤིནྟ་ལག་པ་དང་། ཡུམ་དགེ་བའི་སེམས་ཅན་ལ། སྲས་ཛྙཱ་ན་སུ་ཏྲ་སྟེ་ཡེ་ཤེས་མདོ་བྱ་བ་དང་གཉིས་རྡོ་རྗེ་གདན་ན་པཎྚི་ཏ་ལྔ་བརྒྱའི་ནང་ན་མཁས་པ་དེ་གཉིས་སྐྱེ་བ་སྔོན་ནས་འབྲེལ་བའི་ཐུགས་རབ་ཏུ་མཐུན་པར་བཞུགས་སོ། །དེའི་ཚེ་ནུབ་ཕྱོགས་འདམ་བུའིི་ཚལ་དུ་སྐྱོ་སངས་ལ་བྱོན་དུས་རྡོ་རྗེ་སེམས་དཔས་ལུང་བསྟན་པ། ཁྱེད་གཉིས་སྐྱེ་བ་ལྔ་བརྒྱར་པཎྚི་ཏར་གྱུར་ནས་ཆོས་སྤྱད་ཀྱང་འབྲས་བུ་སྔར་ཡང་མ་ཐོབ་ད་ཡང་མི་འཐོབ་ཀྱི་ཚེ་འདིར་འཚང་རྒྱ་བར་འདོད་ན། རྒྱ་ནག་བྱང་ཆུབ་ཤིང་དྲུང་གི་ལྷ་ཁང་དུ་སོང་ཞིག་ཅེས་བསྐུར་བས། བི་མ་ལ་དེ་མ་ཐག་ཏུ་བྱོན། བྱང་ཆུབ་ཤིང་དྲུང་དུ་མཁས་པ་ཤྲཱི་སེང་ཧ་དང་མཇལ་རྒྱུད་དང་ཕྱི་ནང་གསང་གསུམ་གྱི་མན་ངག་གནང་སྟེ་རྒྱ་གར་དུ་ལོག །གྲོང་ཁྱེར་དགའ་བྱེད་ཀྱི་འདབས་སུ་ཡེ་ཤེས་མདོ་དང་མཇལ་དུས་སྔར་གྱི་ལུང་བསྟན་པ་དྲན་ནས་དེ་མ་ཐག་བྱོན་ཏེ་བྱིན་རླབས་ཀྱིས་ཉིན་གཅིག་ལ་ཟླ་བ་དགུའི་ལམ་བགྲོད་དེ་དུར་ཁྲོད་བསིལ་སྦྱིན་ཏུ་ཤྲཱི་སིང་ཧ་མཇལ་ནས་སྔོན་ལ་སྙན་རྒྱུད་ཐིག་ལེ་ཕྱི་ནང་གསང་བའི་སྐོར་རྣམས་དང་། དེ་ནས་ཡང་གསང་བླ་ན་མེད་པ་རྣམས་གནང་ནས་གླེགས་བམ་ནི་དུས་ལ་བབ་པའི་ཚེ་ཁྱོད་ཉིད་ལ་སྣང་བར་འགྱུར་ཞེས་ལུང་བསྟན། དེ་ནས་ཤྲཱི་སེང་ཧ་ཡང་འོད་ཀྱི་ཕུང་པོར་གཤེགས་པས་ཛྙཱ་ན་སུ་ཏྲས་གདུང་བའི་གསོལ་བ་བཏབ་པར་ཞལ་ཆེམ་གཟེར་བུ་བདུན་པ་ཞེས་བྱ་བའི་འདས་རྗེས་བབས་སོ། །ཡེ་ཤེས་མདོས་བཀྲ་ཤིས་ཁྲི་སྒོ་ནས་དཔེ་རྣམས་ཕྱུངས་སྟེ། རྒྱ་གར་གྱི་དུར་ཁྲོད་བྷ་སིང་དུ་བཞུགས་སོ། དེའི་ཚེ་བི་མ་ལ། མཁའ་འགྲོ་མ་དཔལ་གྱི་བློ་གྲོས་ཀྱིས་ལུང་བསྟན་ནས་དུར་ཁྲོད་བྷ་སིང་དུ་བྱོན་ནས་ཛྙཱ་ན་སུ་ཏྲ་ལ་རྗེས་སུ་འཛིན་པར་ཞུས་པས་གདམས་པ་ཐམས་ཅད་རྫོགས་པར་གནང་ནས་ཟག་བཅས་མི་སྣང་བར་ཡལ་ཏེ་བི་མ་ལའི་ཕྱག་ཏུ་བཞག་ཐབས་བཞི་པ་ཞེས་བྱ་བའི་འདས་རྗེས་བབས་སོ། །དེ་ནས་རྒྱ་གར་ཤར་ནུབ་ཀྱི་རྒྱལ་པོ་གཉིས་ཀྱི་མཆོད་གནས་སུ་ཉིན་པར་བཞུགས་ཤིང་མཚན་མོ་དུར་ཁྲོད་དུ་མཁའ་འགྲོ་མ་རྣམས་ལ་ཆོས་སྟོན་ཅིང་སྙིང་ཐིག་གི་གདམས་པ་ལོ་བདུན་ཉམས་སུ་བླངས་པས་ཚད་ལ་ཕེབས་ཏེ་སླར་འཕོ་བ་ཆེན་པོའི་སྐུར་བཞེངས་ནས་གང་ཟག་སུམ་སྟོང་རིམ་གྱིས་འཚང་རྒྱ་བའི་ཐབས་ལ་བརྩོན་པར་མཛད་དོ། །དེ་ནས་བི་མ་ལ་ཉིད་ཀྱིས་དུར་ཁྲོད་རབ་ཏུ་སྣང་བྱེད་དུ་མཁའ་འགྲོ་དབང་སྡུད་ཀྱི་སྤྱོད་པ་མཛད་ཅིང་གསང་བ་མཆོག་གི་དཔེ་རྣམས་ཚར་གསུམ་དུ་བྲིས་ནས་ཨོ་རྒྱན་གྱི་ཡུལ་རྒྱ་མཚོ་གསེར་གྱི་བྱེ་མ་བརྡལ་བའི་གླིང་དང་། ཁ་ཆེའི་མཐའ་འཁོབ་རིགས་ངན་གྱི་གྲོང་གསེར་གླིང་གི་བྲག་སྐྱིབས་དང་། དུར་ཁྲོད་དེ་ཉིད་དང་གསུམ་དུ་སྦས་ཏེ་རྒྱས་བཏབ་ནས་ཀླུ་དང་མཁའ་འགྲོ་མ་དང་ལྷ་རྣམས་ཀྱི་མཆོད་པའི་རྟེན་དུ་བཞུགས་སོ། །དེ་ལྟར་ཡང་སློབ་དཔོན་ཆེན་པོ་ཉིད་ཀྱི་ཞལ་སྔ་ནས་ཚིགས་སུ་བཅད་པ། སྔོན་རོལ་སྦྱངས་པའི་སྟོབས་རྙེད་མིང་དུ་བཱི་མ་ལ༔ རྒྱ་གར་ཡུལ་མཆོག་དབུས་འགྱུར་འོད་མའི་ཚལ༔ སྐྱེས་པའི་གནས་མཆོག་རིགས་ཀྱི་ཡོན་ཏན་ནི༔ ཁྱིམ་བདག་རིགས་ལས་བདེ་ལྡན་འཁོར་ལོའི་བུ༔ ལུས་བསྐྱེད་ཡུམ་ནི་བདག་ཉིད་རིགས་གསལ་མ༔ གྲོང་ཁྱེར་ཉིད་ནི་རྒྱུད་རིགས་གླང་པོའི་ཚལ༔ འབུམ་ཚོ་ཉི་ཤུ་རྩ་བཞི་དག་ལ་བློ་སྦྱངས་པས༔ སྒྲ་དང་ཚད་མ་བསྟན་བཅོས་ཀུན་ལ་གྲགས༔ གསང་བའི་སྔགས་དང་ཕ་རོལ་ཕྱིན་སོགས་ཀྱི༔ སྐད་རིགས་མི་མཐུན་བཞི་བརྒྱ་རྩ་གཅིག་དང་༔ རྒྱུད་རིགས་མི་མཐུན་སྟོང་དང་བརྒྱད་བརྒྱ་ཤེས༔ ཡི་གེ་མི་མཐུན་བཞི་བརྒྱ་རྩ་གཅིག་ཤེས༔ དཀྱིལ་འཁོར་མི་འདྲ་སྟོང་དང་དགུ་བརྒྱ་ཤེས༔ བསྟན་བཅོས་མི་འདྲ་སྟོང་དང་སུམ་ཅུ་གཉིས༔ དེ་དག་རྣམས་ལས་མཆོག་བསྡུས་གསང་བ་ཡི༔ སྙིང་ཐིག་བླ་ན་མེད་པའི་མན་ངག་རྣམས༔ གང་དང་མི་འདྲ་སྙིང་གི་དཀྱིལ་དུ་སྦས༔ ཞེས་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་དཔོན་དེ་ཉིད་འཛམ་གླིང་འདིར་མཁའ་འགྲོ་ངེས་པར་འདུ་བའི་གནས་ཆེན་བརྒྱ་དང་བཅུ་གསུམ་སོགས་ཐམས་ཅད་ལ་སྤྱོད་པ་མཛད་ཅིང་། འདི་ཡན་ནི་མཆོག་གི་དངོས་གྲུབ་ཐོབ་པའི་རིགས་འཛིན་བརྡ་དང་བྱིན་རླབས་ཀྱིས་གྲོལ་བའི་ཕྱིར་རིགས་འཛིན་བརྡ་ཡི་བརྒྱུད་པ་ཅེས་བྱའོ། །དེ་ནས་གང་ཟག་སྙན་ཁུང་དུ་བརྒྱུད་པའི་ཚུལ་ནི། དེའང་སངས་རྒྱས་རྣམས་ཀྱིས་སྤྲུལ་པའི་གང་ཟག་དང་གྲུབ་པ་ཐོབ་ཟིན་པས་ལམ་ལ་དབང་བའི་གང་ཟག་དང་། གྲུབ་པར་འདོད་པ་མོས་པས་སྤྱོད་པའི་གང་ཟག་གོ། ཟག་པ་དང་བཅས་པའི་ཕུང་པོ་ལ་རྣམ་པར་དག་པའི་ཡེ་ཤེས་ཀྱིས་གང་ཞིང་རྒྱས་པས་ན་གང་ཟག་ཅེས་བྱ་སྟེ། ཚིག་བརྒྱུད་འཁྲུལ་པ་མེད་པ་ལ་བརྟེན་ནས་ཟག་བཅས་མི་སྣང་བར་སངས་རྒྱ་བར་བྱེད་པ་དང་། ཉོན་མོངས་པའི་ཟག་པ་ལ་སོགས་ཟད་པ་དང་སྙན་ནས་སྙན་དུ་བརྒྱུད་པ་དོན་རང་གི་རྒྱུད་ལ་བརྟེན་པས་སྒྲོ་འདོག་ཆོད་པར་བྱེད་པའོ། །དེའང་བོད་ཡུལ་གྱི་རྒྱལ་པོ་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱིས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། ལོ་པཎ་རྣམས་ཀྱིས་རྒྱ་གར་འཕགས་པའི་ཡུལ་ནས་དམ་པའི་ཆོས་མང་པོ་བོད་དུ་བསྒྱུར། སངས་རྒྱས་ཀྱི་བསྟན་པ་རྒྱས་པར་མཛད་པའི་དུས། ཉང་ཏིང་འཛིན་བཟང་པོ་ཞེས་བྱ་བ་ལོ་བདུན་དུ་ཞི་གནས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་གནས་ཤིང་། ཤའི་སྤྱན་གྱིས་གླིང་བཞི་དུས་གཅིག་ལ་མཐོང་བ་རྒྱལ་པོའི་བླ་མཆོད་མཛད་པ་དེས་རྒྱལ་པོ་ལ་བགྲོས་པ། རྒྱ་གར་གྱི་གྲོང་ཁྱེར་སེར་སྐྱ་ན་རྒྱལ་པོ་ཨིནྜ་བོ་དྷིའི་མཆོད་གནས་པཎ་ཆེན་བི་མ་མི་ཏྲ་ཞེས་བྱ་བ་མཁས་ཤིང་གྲུབ་པ་བརྙེས་པས་ཚེ་གཅིག་གིས་སངས་རྒྱས་འཐོབ་པའི་གསང་སྔགས་ཐུགས་ལ་མངའ་བ་གཅིག་བཞུགས་གདའ་བས་སྤྱན་དྲངས་པར་ཞུ་ཞེས་གླེང་བས། སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུ་ཡི་རྒྱལ་མཚན། རྨ་རིན་ཆེན་མཆོག་དང་གསུམ་ལ་རྒྱལ་པོས་གསེར་གྱི་སྐྱེས་བཟང་པོ་འཕྲིན་དང་བཅས་མངགས་པས། རྒྱ་གར་གྱི་རྒྱལ་པོ་མཉེས་ནས། བཱི་མ་ལ་དང་གཡོག་ཨ་ཙ་ར་སའི་སྙིང་པོ་དང་། སྐ་ཅོག་རྨ་གསུམ་བཅས་བོད་དུ་བྱོན། བུ་ཚལ་གསེར་ཁང་དུ་བཞུགས་ཏེ་རྒྱལ་པོ་ངོ་མཚར་བསྐྱེད་པའི་ཕྱིར་དུ་བཱི་མ་ལས་རྫུ་འཕྲུལ་མང་པོ་བསྟན། སྒྲ་བསྒྱུར་གླིང་དུ་སྒྱུ་འཕྲུལ་ལ་སོགས་གསང་སྔགས་དང་ཕྱི་ནང་མཚན་ཉིད་ཐེག་པ་མང་པོ་བསྒྱུར་ཞིང་། དུས་དེར་བཻ་རོ་ཙ་ན་ཚ་བ་རོང་དུ་བཞུགས་པས་བོད་ཀྱི་རྒྱལ་བློན་ལ་ལ་ཡོག་འདོར་དུ་གཡུ་སྒྲ་སྙིང་པོ་རྫོགས་ཆེན་སེམས་སྨད་ལྔ་ལ་མཁས་པ་དེ་བཏང་བ་ལ་བཱི་མ་ལས་ཕྱི་འགྱུར་བཅུ་གསུམ་བསྟན་པས་སེམས་སྨད་བཅོ་བརྒྱད་དུ་གྲགས་མཚན་མོ་དབུ་རྩེའི་བར་ཁང་དུ་བཞུགས་ནས་གསང་བ་བླ་ན་མེད་པའི་རྒྱུད་ལུང་མན་ངག་རྣམས་རྒྱལ་པོ་དང་། སྲས་མུ་ནེ་བཙན་པོ། ཉང་དང་སྐ་ཅོག་གཉིས་ལ་གསུངས་སོ། །དེ་ནས་གདམས་པའི་གནད་རྣམས་གཅིག་ཏུ་བསྡུས་པ། གསེར་ཡིག་ཅན། གཡུ་ཡིག་ཅན། དུང་ཡིག་ཅན་གསུམ་ལ་སྤོད་རེ་རེ། ཟངས་ཡིག་ཅན་དང་། ཕྲ་ཡིག་ཅན་བསྡོམས་པས་པོ་ཏི་གཅིག་སྟེ། ཟབ་མོའི་པོ་ཏི་བཞི་ནི་རྒྱལ་བློན་ལོ་ཙཱ་བ་སུ་ལའང་མ་གནང་བར་མཆིམས་ཕུའི་བྲག་དམར་དགེ་གོང་དུ་གཏེར་དུ་སྦས་ནས། རྒྱ་ནག་པོའི་རི་བོ་རྩེ་ལྔ་ལ་གཤེགས་ཏེ་བསྐལ་པ་མ་ཞིག་གི་བར་དུ་བཞུགས་པ་ཡིན་ལ། ལོ་བརྒྱ་བརྒྱ་ན་རྟགས་ཀྱིས་མཚན་པའི་སྤྲུལ་པ་རེ་བོད་དུ་སྣང་བར་མཛད་དོ། །མཁས་པ་བཱི་མ་ལས་ནི་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལན་བདུན་དུ་མཇལ་ནས་ཐིག་ལེ་མཆོག་གི་རྒྱུད་ལུང་མན་ངག་རྣམས་ཞུ་ཏིག་མཛད་དེ་རྒྱ་གར་ཝ་ར་ཎ་སའི་ལྷོ་ནུབ་རི་བྱ་རྐང་ཅན་དུ་ལན་ལྔ། རྡོ་རྗེ་གདན་དུ་ལན་གཉིས་སོ། །དེའང་རྡོ་རྗེ་ལེགས་པས་ཁམས་ཕྱོགས་སུ་སེར་བ་ཕབ་ནས་རྔ་མོའི་རྒྱབ་ལྔ་བརྒྱ་བྱུང་བ་ལ་ཉང་ཏིང་འཛིན་བཟང་པོས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་གཅིག་འཕང་པས་དམ་ཚིག་གིས་རྗེས་སུ་བསྐུལ་ཏེ་ཉང་ལ་ཕུལ་བས་མི་མ་ཡིན་གྱི་རྫས་དང་ལོངས་སྤྱོད་ལས་བྱུང་བ་དབུ་རུ་ཞྭའི་ལྷ་ཁང་ཞེས་བྱ་བ་བཞེངས། གསང་བ་བླ་ན་མེད་པའི་དཔེ་རྒྱུད་རྣམས་ནི་ཞྭ་ཡི་ལྷ་ཁང་གི་ཀ་བའི་བསམ་ལེ་དང་། ཀེའུ་ཚང་དུ་གཏེར་ལ་སྦས་དམ་ཅན་ལ་བཅོལ། སྙན་རྒྱུད་རྣམས་མཆན་དུ་བཏབ་པ་འབྲོམ་རིན་ཆེན་འབར་བ་དང་། སྦས་བློ་གྲོས་དབང་ཕྱུག་ལ་བརྒྱུད། ལྷ་ས་བྲག་ལྷའི་ཕུག་པའི་ནམ་མཁའ་ལ་ཉང་བན་ཆེན་པོ་འོད་ཕུང་དུ་ལྷག་མ་མེད་པར་གཤེགས། གཏེར་སྦས་ནས་ལོ་བརྒྱ་སོང་བ་ན་དབུ་རུ་གཞོའི་ལྡང་མ་དགེ་མཆོག་གི་སྲས་གནས་བརྟན་ལྡང་མ་ལྷུན་གྱི་རྒྱལ་མཚན་ལ་དམ་ཅན་རྡོ་རྗེ་ལེགས་པས་ལུང་བསྟན་ནས་གཏེར་དཔེ་རྣམས་ཕྱུངས་ཏེ་ལོ་བཅོ་ལྔ་སོང་དུས་གདམས་པའི་སྣོད་ལྡན་ཚོལ་དུ་བྱོན་པས། ཉང་རོའི་ཡུལ་ན་ལྕེ་ཐུབ་པའི་དབང་པོ་དང་། ལྕེ་བཙུན་སེང་གེ་དབང་ཕྱུག་གཉིས་རི་གཟར་རྒོད་པོ་ལུང་དུ་མཇལ་ཏེ་སྣོད་ལྡན་དུ་གཟིགས་ནས་ཁ་རག་ཏུ་གདམས་པ་རྫོགས་པར་གནང་། ལྡང་མ་སྐུ་གཤེགས་པའི་ཚེ་ནམ་མཁའ་འཇའ་འོད་ཀྱིས་ཁྱབ་པ་དང་སྐུ་གདུང་རིང་བསྲེལ་དཔག་ཏུ་མེད་པ་བྱུང་། དེ་ནས་ལྕེ་བཙུན་གྱིས་དཔེ་རྣམས་བྲིས་ཏེ་མ་ཕྱི་གཏེར་དཔེ་རྣམས་ལང་གྲོ་ཆད་པ་སྟག་འདྲར་སྦས། དེ་དུས་བཱི་མ་ལས་ལུང་བསྟན་པ་བཞིན་མཆིམས་ཕུ་བྲག་དམར་དགེ་གོང་ནས་སྙིང་ཐིག་ཟབ་པ་པུསྟི་བཞི་སྤྱན་དྲངས་ནས་འོ་ཡུག་ཕྱི་གོང་དུ་བཞུགས་དུས་བི་མ་ལ་དངོས་སུ་བྱོན་ནས་ཟླ་བ་ཕྱེད་དུ་དབང་ཁྲིད་གདམས་པ་དང་བཅས་པ་རྫོགས་པར་གནང་རྗེས་རྒྱ་ནག་ཏུ་བཞུད། ལྕེ་བཙུན་གྱིས་ལོ་བདུན་བསྒོམས་པས་ལྷག་མེད་གྲུབ་ནས་བཞུགས་དུས་གསང་བ་བླ་ན་མེད་པའི་སྐོར་འོ་ཡུག་གི་བྲག་སེང་གེ་འདྲ་བར་སྦས། གསང་བ་སྙིང་ཐིག་གི་པུསྟི་རྣམས་བྱར་གྱི་ཕུ་བྲག་དཀར་ཐེམས་པ་འདྲ་བར་སྦས་སྔོན་གྱི་སྐོར་གསུམ་གྱི་ཕྱི་མོ་རྣམས་སླེ་ཚན་གསུམ་གྱི་རི་ལ་སྦས་སོ། །རྒྱལ་བ་ཞང་སྟོན་བཀྲ་ཤིས་རྡོ་རྗེ་དང་མཇལ་ནས་གདམས་པ་གཏོད་པའི་སྣོད་དུ་མཁྱེན་ནས་རྫོགས་པར་གནང་སྟེ་ལོ་བརྒྱ་ཉི་ཤུ་རྩ་ལྔ་ན་ལྕེ་བཙུན་སེང་གེ་དབང་ཕྱུག་ནམ་མཁར་འོད་ཟེར་གྱི་ཕུང་པོར་གཤེགས་སོ། །དེ་ཡང་ལྕེ་བཙུན་གྱིས་གཏེར་སྦས་ནས་ལོ་སུམ་ཅུ་ན་རོང་སྣར་མདའི་ལྕེ་སྒོམ་ནག་པོས་ཕྱི་ནང་གསང་བའི་སྐོར་རྣམས་བཏོན་པ་ལས། རྒྱལ་བ་ཞང་སྟོན་གྱིས་ཞུས། ལྕེ་སྒོམ་གྱིས་གཏེར་ཕྱུངས་ནས་ལོ་ལྔ་བཅུ་ན་ཞང་སྟོན་གྱིས་འོ་ཡུག་གི་བྲག་སེང་གེ་འདྲ་བ་ནས་གསང་བ་བླ་ན་མེད་པའི་སྐོར་རྣམས་གཏེར་ནས་སྤྱན་དྲངས། སླར་ལྕེ་བཙུན་དང་མཇལ་ནས་གསང་བ་སྙིང་ཐིག་གི་དབང་ཁྲིད་གདམས་པ་དང་བཅས་རྫོགས་པར་གནང་བ་ཡིན་ནོ། །ཞང་སྟོན་གྱིས་རང་གི་སྲས་མཁས་པ་ཉི་འབུམ་བྱ་བ་ལ་གནང་། དེས་ཉིད་ཀྱི་དབོན་པོ་གུ་རུ་ཇོ་འབེར་ལ། དེས་འཁྲུལ་ཞིག་སངས་རྒྱས་བླ་མ་བཞུགས་གནས་ཀྱི་མིང་ལས་གྲགས་པ་ནི་སེང་གེ་རྒྱབ་པ། དེས་གྲུབ་ཆེན་མེ་ལོང་རྡོ་རྗེ། དེས་རིག་འཛིན་ཀུ་མ་ར་ཛ། དེ་ལ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་ཞུས་ཏེ་དར་རྒྱས་སུ་གྱུར་པ་ནི་མན་ངག་སྙིང་ཐིག་རྒྱུད་བཅུ་བདུན་གསང་སྐོར་དང་བཅས་པའི་བརྒྱུད་ཚུལ་རགས་པ་ཙམ་མོ། །རྫོགས་པ་ཆེན་པོ་སེམས་སྡེ་དང་ཀློང་སྡེ་མན་ངག་ཕྱི་ནང་གསང་སྐོར་རྣམས། རྒྱལ་བ་དགོངས་པའི་བརྒྱུད་ཚུལ་གོང་ལྟར་ལས་རིག་འཛིན་བརྡ་དང་གང་ཟག་སྙན་ནས་སྙན་དུ་བརྒྱུད་པའི་ཚུལ་རིང་རྒྱུད་ཉེ་རྒྱུད་འཕགས་བོད་དུ་བྱུང་བ་ཞིབ་པ་ནི་སོ་སོའི་ལུགས་ལྟར་ཤེས་དགོས་ཤིང་བོད་འདིར་བཱི་མ་ལ་མི་ཏྲ་དང་། པདྨ་འབྱུང་གནས། ལོ་ཆེན་བཻ་རོ་ཙཱ་ན་སོགས་ཀྱིས་རྗེས་སུ་བཟུང་བ། གཡུ་སྒྲ་སྙིང་པོ། སྤང་མི་ཕམ་མགོན་པོ། གཉགས་ཛྙཱ་ན་ཀུ་མ་ར་ལ་སོགས་པ་ནས་རིམ་པར་རང་རང་གི་རྩ་བའི་བླ་མའི་བར་དུ་བརྒྱུད་པའོ། །དེ་ཡང་གསང་སྔགས་ཀྱི་ཐེག་པ་ལ་ཕྱི་པ་ལས་ཁྱད་པར་གྱུར་པ་ནང་པ་དེ་ལའང་ཁྱད་པར་ཅན་གྱི་ནང་པ་རྣམ་པ་གསུམ་སྟེ། བཀོད་པ་ཆེན་པོ་ལས། ཆེན་པོ་རིག་ལྡན་གསུམ་དག་ལ། སེམས་ཡས་པ་ལ་བསྐྱེད་པ་སྟེ། སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསང་རབ་ལ་རྫོགས་པ་ཆེ། ཞེས་གདུལ་བྱ་ཞེ་སྡང་དང་རྟོག་པ་མང་བ་ལ་སྣང་བ་ཐབས་ཀྱི་རང་བཞིན་བསྐྱེད་རིམ་གཙོ་བོར་བཏོན་པ་ཕ་རྒྱུད་མ་ཧཱ་ཡོ་ག་འདོད་ཆགས་ཤས་ཆེ་ཞིང་རྟོག་པ་ཉུང་བ་ལ་སྟོང་པ་དེ་ཁོ་ན་ཉིད་རྫོགས་རིམ་ཤེས་རབ་གཙོ་བོར་བཏོན་པ་མ་རྒྱུད་ལུང་ཨ་ནུ་ཡོ་གགཏི་མུག་ཤས་ཆེ་ཞིང་བྱ་རྩོལ་བྲལ་ལ་གཉིས་སུ་མེད་པའི་རང་བཞིན་ཨ་ཏི་ཡོ་གདེ་གསུམ་ཡང་ཐབས་དང་ཤེས་རབ་དབྱེེར་མེད་པ་གཞི་ལམ་འབྲས་བུའི་ཚུལ་ཏེ། སེང་གེ་རྩལ་རྫོགས་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་རྣམས་ཀྱི་གཞི་ལྟ་བུའོ། །ལུང་ཨ་ནུ་ཡོ་ག་ནི་ཆོས་རྣམས་ཀྱི་ལམ་ལྟ་བུའོ། །རྫོགས་པ་ཨ་ཏི་ཡོ་ག་ནི་ཆོས་རྣམས་ཀྱི་འབྲས་བུ་ལྟ་བུའོ། །ཞེས་གསུངས་ལ། ཐེག་པ་འོག་མ་རྣམས་ཀྱི་སྙིང་པོ་གོང་མ་གོང་མར་འདུ་ཞིང་སྐྱོན་གྱི་ཆ་རྣམས་མེད་པས་ཨ་ཏི་ཡོ་ག་ནི་མ་འདྲེས་ཡོངས་རྫོགས་ཀྱི་ཐེག་པ་ཞེས་བྱ་ཞིང་། ཐེག་པ་འོག་མ་རྣམས་ཀྱི་རྩོལ་སྒྲུབ་སྤོངས་ལེན་བྱས་པས་རེ་དོགས་ཀྱི་དྲི་མས་རང་བྱུང་གི་ཡེ་ཤེས་ལ་བསྒྲིབ་པའི་ཕྱིར། རྫོགས་ཆེན་གྱི་གོལ་སར་བཤད་དེ། ཀུན་བྱེད་རྒྱལ་པོ་ལྟ་བ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། དེ་ཡང་ཇི་ལྟ་བུ་ཞེ་ན། ངེས་པ་ཐོབ་པའི་ཐེག་པ་དྲུག །རྫོགས་པ་ཆེན་པོའི་གོལ་སར་བསྟན། དེ་ཡང་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའི་མདོ་སྡེ་ནི། །ཀུན་ཏུ་འོད་ཀྱི་ས་འདོད་པ། །བདེན་པ་གཉིས་ཀྱི་རྟོག་དཔྱོད་ཀྱིས། །ཆོས་ཉིད་སྟོང་པ་ནམ་མཁར་འདོད། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྟོག་དཔྱོད་འདས་པའི་བྱང་ཆུབ་སེམས། །རྟོག་དཔྱོད་འདས་ལ་མདོ་སྡེའི་བསྒྲིབས། །རྫོགས་ཆེན་རྟོག་དང་དཔྱོད་པ་ནི། །མདོ་སྡེ་དག་ཏུ་གོལ་བར་བཤད། །ཀྲྀ་ཡ་རྡོ་རྗེ་འཛིན་འདོད་པ། །དག་པ་རྣམ་གསུམ་སྒོར་ཞུགས་ནས། །གཟུང་འཛིན་དག་པའི་ཡུལ་ལ་གནས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །གཟུང་འཛིན་འདས་པའི་བྱང་ཆུབ་སེམས། །གཟུང་འཛིན་འདས་ལ་ཀྲྀ་ཡས་བསྒྲིབས། །རྫོགས་ཆེན་གཟུང་དང་འཛིན་བྱེད་པ། །ཀྲྀ་ཡ་དག་དུ་གོལ་བར་བཤད། །ཨུ་པ་ཡ་ཡི་ལྟ་སྤྱོད་ནི། །ཀྲྀ་ཡ་སྤྱོད་ཅིང་ཡོ་ག་བསྒྲུབ། །ལྟ་སྤྱོད་འབྲེལ་བའི་དོན་མེད་པས། །གཉིས་སུ་མེད་པའི་དོན་མ་རྟོག །ཨ་ཏི་ཡོ་གའི་བདེ་ཆེན་ནི། །གཉིས་སུ་མེད་པའི་བྱང་ཆུབ་སེམས། །གཉིས་སུ་མེད་ལ་ཨུ་པས་བསྒྲིབས། །རྫོགས་ཆེན་གཉིས་སུ་བྱེད་པ་ནི། །ཨུ་པ་ཡ་རུ་གོལ་བར་བཤད། །ཡོ་ག་སྟུག་པོ་བཀོད་འདོད་པ། །མཚན་མ་ཡོད་མེད་སྒོར་ཞུགས་ནས། །ཕྱག་རྒྱ་བཞི་ལ་རྩོལ་བྱེད་དེ། །བླང་དོར་མེད་ལ་འཇུག་མ་ནུས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །བླང་དོར་མེད་པའི་བྱང་ཆུབ་སེམས། །བླང་དོར་མེད་ལ་ཡོ་གས་བསྒྲིབས། །རྫོགས་ཆེན་བླང་དང་དོར་བྱེད་པ། །ཡོ་ག་དག་ཏུ་གོལ་བར་བཤད། །མ་ཧཱ་རྡོ་རྗེ་འཆང་འདོད་པ། །ཐབས་དང་ཤེས་རབ་སྒོར་ཞུགས་ནས། །རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །བསྙེན་སྒྲུབ་རྣམ་བཞིས་སྒྲུབ་པར་བྱེད། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྩོལ་སྒྲུབ་འདས་པའི་བྱང་ཆུབ་སེམས། །རྩོལ་སྒྲུབ་འདས་ལ་མ་ཧཱས་བསྒྲིབས། །རྫོགས་ཆེན་རྩོལ་སྒྲུབ་བྱེད་པ་ནི། །མ་ཧཱ་ཡོ་གར་གོལ་བར་བཤད། །ཨ་ནུ་དབྱེར་མེད་ས་འདོད་པ། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །འདི་ལྟར་སྣང་བའི་ཆོས་རྣམས་ལ། །རྒྱུ་ནི་དག་པའི་དབྱིངས་ལྟ་བ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ལྟ། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས། །རྒྱུ་འབྲས་འདས་ལ་ཨ་ནུས་བསྒྲིབས། །རྫོགས་ཆེན་རྒྱུ་འབྲས་གཉིས་ལྟ་ན། །ཨ་ནུ་ཡོ་གར་གོལ་བར་བཤད། །ཅེས་གསུངས་ཤིང་། དེའང་རྫོགས་ཆེན་གྱི་གནས་ལུགས་རྗེན་པར་སྨྲ་བའི་ཚེ་ཐེག་པ་གཞན་བརྒྱད་ཀྱིས་ཨ་ཏི་ཡོ་གའི་བདེ་ཆེན་སྒྲིབ་སོ་ཞེས་བཤད་པ། སོ་སོའི་གོལ་སྒྲིབ་ཤན་འབྱེད་དགོས་པའི་རྒྱུད་ཀྱི་གསང་ཚིག་སྟེ། བསྐྱེད་རྫོགས་གསུམ་གཞི་འགལ་མ་ཡིན་ཞིང་ལྟ་ཕུགས་མཐུན་པ་ཡིན་ཀྱང་། རྫོགས་པ་ཆེན་པོ་ནི་བྱ་རྩོལ་དང་བྲལ་བའི་ཡེ་ཤེས་ལ་དབང་བསྒྱུར་བའི་ཕྱིར། དེ་ཉིད་ལས། ཀྱཻ་སེམས་དཔའ་ཆེན་པོ་རྫོགས་པ་ཆེན་པོའི་ལྟ་སྤྱོད་ནི། །རྒྱུ་འབྲས་བསྒྲུབ་དང་མི་འདྲ་སྟེ། །ལྟ་སྤྱོད་བྱང་ཆུབ་སེམས་འདི་ནི། །ནམ་མཁའ་ལྟ་བུའི་རང་བཞིན་ཏེ། །ནམ་མཁའ་ལ་ནི་རྟོགས་དཔྱོད་འདས། །ཞེས་པ་ལ་སོགས་གསུངས་ཤིང་། །རྫོགས་པ་ཆེན་པོ་དེ་ལ་དབྱེ་ན། ཨ་ཏི་བཀོད་པ་ཆེན་པོ་ལས། །ཡིད་ཅན་རྣམས་ལ་ཡིད་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་སྡེ། །ཞེས་སོ། །དེའང་སེམས་སྡེ་ནི་གཞི་མདུང་གྱུར་དུ་སྨྲ་བའི་རྫོགས་ཆེན་ཞེས་བྱ་བ། སྣ་ཚོགས་སུ་སྣང་ཡང་སེམས་ཉིད་གཅིག་གི་རོལ་པ་ལས་ལོགས་ན་མེད་དེ་སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་ཤར་བས། ཡེ་ཤེས་ལས་གཞན་དུ་གྱུར་པ་མེད་པ་ལ་དགོངས་པའོ། །འབྲས་བུ་ཡེ་གྲོལ་དུ་སྨྲ་བའི་རྫོགས་པ་ཆེན་པོ་ཀློང་སྡེ་ནི། ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་འགྲོ་ས་གཞན་མེད་པར་སྨྲ་བ་ཡིན་པས། ཆོས་ཉིད་ཀྱི་ཀློང་ལས་གཞན་འབྱུང་འགོག་པ་ལ་དགོངས་པའོ། །ལམ་དྲང་ཐད་དུ་སྨྲ་བ་རྫོགས་པ་ཆེན་པོ་མན་ངག་གི་སྡེ་ནི། སེམས་ཡིན་ལ་ལུས་པ་དང་། ཆོས་ཉིད་ལ་འཛིན་པ་ལ་སོགས་པ་ཡིད་དཔྱོད་བླང་དོར་དང་བྲལ་བ་འཁོར་འདས་གང་དུའང་མ་ཕྱེ་བའི་རིག་པ་ཉིད་ཆོས་ཉིད་ཀྱི་ཡུལ་ལ་མངོན་སུམ་ཤར་ནས་རང་རིག་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུར་སྨིན་ཅིང་གྲོལ་བར་བྱེད་པ་སྟེ་ཡིན་ལུགས་གནད་ཐོག་ཏུ་འབེབས་པའོ། །དེ་དག་གི་ཆོས་ཚུལ་ཀྱང་སྡེ་གསུམ་ཀློང་དགུར་འདུ་བའི་སེམས་སྡེའི་རྒྱུད་སྐོར་ལ། རིག་པའི་ཁུ་བྱུག་རྩལ་ཆེན་སྤྲུགས་པ་ལ་སོགས་པ་ལྔ་ནི་ལོ་ཆེན་བཻ་རོ་ཙ་ནས་བསྒྱུར་བས་སྔ་འགྱུར་ལྔ་དང་། རྩེ་མོ་བྱུང་རྒྱལ། ནམ་མཁའི་རྒྱལ་པོ་ལ་སོགས་པ་བཅུ་གསུམ་ནི། བཱི་མ་ལ། ཀུ་མ་ར། གཡུ་སྒྲ་སྙིང་པོ་གསུམ་གྱིས་ཕྱིས་སུ་བསྒྱུར་བས་ཕྱི་འགྱུར་བཅུ་གསུམ་དང་། དེ་དག་གི་སྟེང་དུ་བཻ་རོས་སྔར་བསྒྱུར་བའི་ཀུན་བྱེད། རྨད་བྱུང་། མདོ་བཅུ་བསྡོམས་པས་སེམས་སྡེ་ཉེར་གཅིག་གོ། ཐམས་ཅད་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་རིག་པའི་ཁུ་བྱུག་རྩོལ་སྒྲུབ་ཟིལ་གྱིས་གནོན་པ་རྩལ་ཆེན་སྤྲུག་པ་ལ་སོགས། །ལུང་བམ་པོ་བཅོ་བརྒྱད་རྣམས་མིང་གི་རྣམ་གྲངས་འདྲ་མི་འདྲ་དང་མང་ཉུང་སྔ་ཕྱི་སྒྱུར་མཁན་མི་འདྲ་བར་ཡོད་པའོ། །ཀློང་སྡེའི་རྒྱུད་ལ། འཁོར་བ་དོང་སྤྲུགས། རིན་པོ་ཆེ་གསང་བའི་རྒྱུད་བྱ་བརྩལ་མེད་པའི་རྒྱུད་ལ་སོགས་པ། འབུམ་ཕྲག་གཅིག་ཏུ་གསུངས། མན་ངག་གི་རྒྱུད་ལ། པདྨ་ཀློང་གསལ། པདྨ་དབང་རྒྱལ། ཡིད་བཞིན་མཆོག་གི་རྒྱུད་ལ་སོགས་པ་ཁྲི་ཕྲག་གཅིག་དང་། སངས་རྒྱས་མཉམ་སྦྱོར། ཐིག་ལེ་སྐོར་གྱི་སྙིང་པོ་རྒྱུད་ལྔ་སྟོང་སུམ་བརྒྱ། སྒྲ་ཐལ་འགྱུར་ལ་སོགས་པ་གསང་ཆེན་ངེས་པའི་རྒྱུད་བཅུ་བདུན་སྔགས་སྲུང་ཁྲོས་མའི་རྒྱུད་དང་བཅོ་བརྒྱད། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས་འཕྲོས་ཏེ་བྱོན་པ་རྣམས་སོ། གཞན་ཡང་སེམས་ཉིད་བྱ་བརྩལ་ལས་འདས་པ་ནམ་མཁའ་ཆེའི་རྒྱུད་དང་དེའི་ཕྱི་མའི་རྒྱུད་ལ་སོགས་རྒྱུད་སྡེ་ཉི་ཤུ་རྩ་ལྔ་ནི་རྫོགས་པ་ཆེན་པོའི་སྤྱིའི་རྒྱུད་སྡེ་ཡིན་པའོ། །དེ་ལྟར་སྤྱིའི་ལོ་རྒྱུས་ཆ་ཤས་ཙམ་བསྟན་ནས། གཉིས་པ་ནི། ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ་མན་ངག་ཐམས་ཅད་ཀྱི་སྙིང་ཐིགས། ཆོས་ཉིད་ཀྱི་དོན་སྐད་ཅིག་གིས་མངོན་སུམ་རང་ཐོག་ཏུ་གཏན་ལ་འབེབས་པའི་གདམས་པ་ཟབ་མོ། །རྩ་གསུམ་གསང་བ་སྙིང་གི་ཐིགས་པ་ཞེས་བྱ་བའི་ཆོས་འདིའི་ལོ་རྒྱུས་ནི། ཆོས་ཀྱི་སྐུའི་ཞིང་ཁམས་སྣང་ལ་རང་བཞིན་མེད་པ། འོག་མིིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཞེས་བྱ་བ། མུ་དང་མཐའ་མེད་པར་ཡོངས་སུ་བརྡལ་ཞིང་ཁོད་སྙོམས་པ། གདོད་མ་ཉིད་ནས་ལྷུན་གྱིས་གྲུབ་ཅིང་སུས་ཀྱང་མ་བྱས་པ། །རྣམ་པར་དག་པའི་ཞིང་ཁམས་ཆེན་པོ་དེ་ཉིད་ཀྱི་དབུས་སུ་ལྟ་ན་སྡུག་པའིི་བཀོད་པ་ཚད་མེད་པས་ཡོངས་སུ་བརྒྱན་པའི་ཡེ་ཤེས་དབྱིངས་ཀྱི་གཞལ་ཡས་ཁང་ཆེན་པོའི་དབུས་སུ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་ཆོས་ཀྱི་སྐུ་དྲི་མ་དང་བྲལ་བ། ཅི་ཡི་ངོ་བོར་ཡང་མ་གྲུབ་པ་ལས། སྐུ་ཞལ་ཕྱག་གི་རྣམ་པར་བཞེངས་ཏེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལས་ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ་རང་བཞིན་བྱིན་རླབས་ཀྱི་ངང་ནས་བཤད། ལོངས་སྤྱོད་རྫོགས་སྐུ་སྟོན་པ་རྡོ་རྗེ་སེམས་དཔས། དུར་ཁྲོད་ཆེན་པོ་མེ་རི་འབར་བའི་གཞལ་ཡས་ཁང་དུ། སྤྲུལ་པའི་སྐུ་མཆོག་ཆེན་པོ་རིག་འཛིན་དགའ་རབ་རྡོ་རྗེ་ལ་ཚིག་གིས་མཚོན་ནས་གསུངས། སྤྲུལ་སྐུ་དགའ་རབ་རྡོ་རྗེས། རྩུབ་འགྱུར་ཚལ་གྱི་དུར་ཁྲོད་དུ། གུ་རུ་ཤྲཱི་སེང་ཧ་ལ་མངོན་སུམ་རང་ཐོག་ཏུ་ཕབ་ནས་བསྟན། གུ་རུ་ཤྲཱི་སེང་ཧས། དུར་ཁྲོད་ཆེན་པོ་སོ་ས་གླིང་དུ་གུ་རུ་མཚོ་སྐྱེས་རྡོ་རྗེ་པདྨ་སཾ་བྷ་ཝ་ལ་གནས་ལུགས་ཡིད་དཔྱོད་དང་བྲལ་བར། བཀའ་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་རྣམས་གསུངས། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་དེ་ཉིད་ཀྱིས། རྗེ་འབངས་ཀུན་ལ་གསང་སྔགས་བླ་མེད་ཀྱི་ཟབ་ཆོས་སྤྱི་དང་བྱེ་བྲག་རྫོགས་པ་ཆེན་པོའི་སྨིན་གྲོལ་རྣམས་གནས་དང་གཙུག་ལག་ཁང་མང་པོར་གསུངས་ཤིང་། ཁྱད་པར་གཞོ་སྟོད་གཏེར་སྒྲོམ་བྲག་གི་ཕུག་པར་མཁའ་འགྲོའི་ཚོགས་ཁང་ཆེན་པོར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ་བསྡུས་ཏེ། སྙིང་ཐིག་བླ་མེད་ཀྱི་གདམས་པ་མང་པོ་སྣང་བཞི་མཐའ་གྲོལ་གྱི་ངང་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གནང་བའི་ཚེ། མཚོ་རྒྱལ་ཉིད་ཀྱིས་སླར་ཡང་གུ་རུ་རིན་པོ་ཆེར་ཕྱག་དང་རིན་པོ་ཆེའི་མཎྜལ་ཕུལ་ནས་ཞུས་པ། གུ་རུ་རིན་པོ་ཆེ་ཉིད་ཀྱི་ཐུགས་ཀྱིས་རྗེས་སུ་བཟུང་ནས་བཀའ་རྫོགས་པ་ཆེན་པོའི་མན་ངག་རྣམས་ཉམས་ཁྲིད་དུ་གནང་བ་ཐམས་ཅད་སྐུ་དྲིན་དུ་ཡང་དག་པར་ཆེ་ལགས་ཤིང་། ད་དུང་ཡང་བདག་ལ་ཕྱི་ལྟར་གུ་རུ་རིན་པོ་ཆེ་ཁྱེད་ལ་རྩ་གསུམ་འདུས་པའི་བསྐྱེད་རིམ་ཡོད་པ། ནང་ལྟར་རྒྱུད་དང་གདམས་པ་ཚང་བ། གསང་བ་ལྟར་དུ་ཚིག་ཉུང་ལ་དོན་ཟབ་པ་མན་ངག་གི་གདམས་པ་རྣམས་གོ་བདེ་ལ་འཁྱེར་སླ་བའི་ཆོས་ཤིག་ཐུགས་རྗེས་འཛིན་པར་ཞུ་ཞུས་པས་སློབ་དཔོན་ཆེན་པོའི་ཞལ་ནས། མཚོ་རྒྱལ་ཁྱོད་ལ་སྔར་བསྟན་པའི་གདམས་པ་ཟབ་མོ་དེ་རྣམས་ལས་ཟབ་པ་སྟོན་དུ་མེད་ཀྱང་སླར་ཡང་ནན་ཏན་གྱིས་ཞུས་པ་ལེགས་ཤིང་། ཅིའི་ཕྱིར་ན་མ་འོངས་སྙིགས་མ་རྩོད་ལྡན་གྱི་དུས་མཐར་ཕྱི་སྣོད་ནང་བཅུད་ཀྱི་དར་གུད་འཕོ་འགྱུར་གོ་ལྡོག་མང་པོ་དང་ཆོས་དང་གང་ཟག་རྒྱལ་བསྟན་དང་བཅས་པའང་ཡ་མ་ཟུང་འཇུག་ལྡོག་ཇི་བཞིན་མ་ཡིན་པ་འཆོལ་པར་སྤྱོད་པ་སྣ་ཚོགས་ཀྱིས་དབང་གིས་ལྟ་བསྒོམ་སྤྱོད་པ་ལྟར་སྣང་ཙམ་ལས་རྣམ་དག་ཏུ་མི་འབྱུང་ཞིང་སྐྱེ་འགྲོའི་ཚེ་ཚད་ཀྱང་རིམ་གྱིས་བྲི་བས་བཞི་བཅུ་ཁ་རལ་སུམ་ཅུར་ཉེ་བའི་དུས་སུ་རྒྱལ་བའི་བསྟན་པ་དང་སེམས་ཅན་གྱི་དོན་དུ་སློབ་དཔོན་ཆེན་པོ་ཉིད་ཀྱི་སྤྲུལ་པའི་གཏེར་སྟོན་རྣམས་འབྱོན་པའི་ནང་ནས་འཁོན་ལོ་ཙཱ་བ་ཀླུའི་དབང་པོའི་སྐྱེསམཐའ་ཁམས་པ་ཉི་མ་གྲགས་པ་རྩལ་གྱིས་ཟབ་གཏེར་འབྱིན་ཅིང་བསྟན་འགྲོའི་དོན་བྱེད་པའི་ལུང་དང་བཅས་གདམས་པ་ཚིག་ཉུང་ལ་དོན་ཟབ་རྒྱས་ཀྱིས་ཁྱད་པར་དུ་འཕགས་པ་འདི་ཉིད་བཀའ་སྩལ་བཞིན་མཚོ་རྒྱལ་གྱིས་ཤོག་སེར་དུ་བཀོད་ནས་ཁམས་སྲིང་མོ་རྫོང་གི་གཏེར་གནས་དེ་ཉིད་དུ་སློབ་དཔོན་ཆེན་པོས་མི་འཇིགས་པའི་རྒྱས་བཏབ་སྟེ་ཆོས་བདག་མཁའ་འགྲོ་སྲུང་མར་གཉེར་གཏད་བཅོལ་ནས་སྦ་བར་མཛད་པ། གཏེར་འདོན་པའི་དུས་ལ་བབ་པའི་ལུང་ནི། པདྨ་བཀའ་ཐང་ལས། མི་ལ་ལུས་ཆས་ཡ་མ་ཟུང་དུ་འོང་༔ བསྟན་པའི་ཆོས་ཀྱང་ཡ་མ་ཟུང་དུ་འགྲོ༔ དགེ་རྒྱས་བྲིས་པའི་རི་མོ་ཤུལ་རྗེས་འབྱུང་༔ ཁམས་ཀྱི་སྲིང་མོ་རྫོངས་གསུམ་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟག་དེར་བསྟན་ནས་འབྱུང་༔ ཁམས་པ་ཉི་མ་གྲགས་ཀྱི་མིང་ཅན་འབྱུང་༔ ཞེས་དུས་རྟགས་མངོན་པར་སྣང་བའི་སྐབས་སུ་བྱོན་པའི་གཏེར་སྟོན་ཆེན་པོ་ཉི་མ་གྲགས་པ་འདི་ཉིད་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྟེ་འཁོར་བའི་སེམས་ཅན་རྣམས་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་ཐུགས་རྗེའི་སྤྲུལ་པ་ཟད་མི་ཤེས་པའི་འཕྲིན་ལས་ཀྱིས་གང་འདུལ་དུ་འཇུག་པ་ལས་སྐབས་སུ་བབས་པའི་ཡང་སྲིད་རགས་རིམ་ཞིག་བླ་མ་བདེ་མཆོག་འཁོར་ལོའི་ཆོས་ཚན་ཀླུའི་དབང་པོའི་སྐྱེས་ཕྲེང་དུ་གསལ་བ་ལྟར་དང་། ཉེ་བར་བསྡུ་ན། སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་སྤྱན་སྔར་དགྲ་བཅོམ་བློ་གྲོས་གྲགས་པ། གུ་རུ་པདྨ་བོད་ཀྱི་ཡུལ་དུ་སྐུ་དངོས་ཀྱི་འགྲོ་དོན་སྤྱོད་སྐབས། སློབ་མ་འཁོན་སྟོན་ལོ་ཙཱ་བ་ཀླུའི་དབང་པོ། བསྐལ་བཟང་གི་རྒྱལ་བ་སྟོང་གི་ནང་ནས་བཞི་བཅུ་པ་དྲག་པོ་ཆེར་འཚང་རྒྱ་བའི་ཚེ། རིན་ཆེན་བདུན་གྱི་ས་གཞི་དང་ལྡན་ཞིང་ངན་སོང་མེད་པ། མི་རྣམས་མེ་ཏོག་པདྨ་ལས་བརྫུས་ཏེ་སྐྱེ་བ་དང་། སྔོན་གྱི་སངས་རྒྱས་བཞི་བཅུའི་སྐུ་ཚེ་དང་མཛད་ཕྲིན་བསྡོམས་པའི་ཚད་ཀྱིས་མཁའ་མཉམ་འགྲོ་བའི་དོན་མཛད་པ་སོགས་ཀྱིས་ཁྱད་པར་འཕགས་པ། ད་ལྟ་བསྟན་འགྲོར་ཕན་བདེའི་རྩ་ལག་ཏུ་ཟབ་གཏེར་ཆོས་ཀྱི་འཁོར་ལོའི་བསྒྱུར་བ། ཚད་མེད་པའི་ཐུགས་རྗེ་དང་དྲི་མ་མེད་པའི་ཡེ་ཤེས་ལ་དབང་འབྱོར་བས་འབྲེལ་ཐོག་འཁོར་བ་མཐའ་ཅན་དུ་བྱེད་པ་དེ་ཉིད་ཀྱིས་ཁམས་སྲིང་མོ་རྫོང་གི་གནས་མཆོག་ནས་རབ་བྱུང་བཅུ་གཅིག་པའི་ཤིང་ཕོ་སྟག་གི་ལོ་ཧོར་ཟླ་གསུམ་པའི་གནམ་གང་གི་ཉིན་མོ་ཟབ་ཆོས་འདི་ཉིད་གཏེར་ནས་སྤྱན་དྲངས་ཤིང་ཆོས་བཀའ་སྤེལ་བའི་དུས་རྟགས་མ་གསལ་བར་གསང་བའི་རྒྱ་དམ་པོར་མཛད། དམ་པ་འདི་ཉིད་ཀྱིས་གསར་རྙིང་གི་བླ་མ་དགེ་བའི་བཤེས་གཉེན་སུམ་ཅུ་ལྷག་ཙམ་བསྟེན་ནས་གསང་སྔགས་གསར་རྙིང་གི་སྨིན་གྲོལ་གདམས་པ་མན་ངག་མང་དུ་ཞུས་ཤིང་། ཁྱད་པར་པཎ་ཆེན་བི་མ་མི་ཏྲའི་ཡེ་ཤེས་སྒྱུ་མའི་རོལ་གར་རྫོགས་ཆེན་པ་གྲུབ་ཐོབ་པདྨ་རིག་འཛིན་ལས་རྫོགས་པ་ཆེན་པོ་སྙིང་ཐིག་གི་སྨིན་བྱེད་དང་ཉམས་ཁྲིིད་ལོ་མང་པོར་དཔལ་གྱི་རྩ་རི་ཏྲ་སོགས་གནས་ཆེན་དུ་མར་ཞུན་ཐར་དང་ཉམས་ལེན་རྩེ་གཅིག་ཏུ་མཛད་པས་གང་ཤར་གྱི་རིག་པ་བཅིངས་གྲོལ་ལས་འདས་པ་ཀ་དག་སྤྲོས་བྲལ་གྱི་གནས་ལུགས་མཐར་ཕྱིན། ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་དབྱིངས་རིག་འདུ་འབྲལ་མེད་པའི་སྣང་བ་ཚད་ལ་ཕེབས། སྣང་སེམས་ལ་རང་དབང་ཐོབ་པས་རྫུ་འཕྲུལ་དང་མངོན་ཤེས་ཕྱོགས་མེད་དུ་ཤར། པད་འབྱུང་དང་བཱི་མ་ལ་ཡེ་ཤེས་ཀྱི་སྐུ་ཅན་གྱིས་བྱིན་གྱིས་བརླབས་ཤིང་གདམས་པའི་གནད་བཀྲོལ་བས་བསྐྱེད་རྫོགས་ཀློང་དུ་གྱུར། རང་དོན་ཉམས་རྟོགས་མཐར་ཕྱིན་ནས་ཟབ་གཏེར་གྱི་གདམས་པ་དགེ་བའི་ལས་ལ་གང་འཚམས་ཀྱིས་འཇུག་པས་སྐལ་ལྡན་རྗེས་སུ་བཟུང་། ཁྱད་པར་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་སྨིན་བྱེད་དབང་དང་ཀ་དག་ལྷུན་གྲུབ་ཀྱི་ཉམས་ཁྲིད་རྒྱབ་བརྟེན་ལུང་དང་བཅས་མདོ་ཁམས་སྟོད་སྨད་དུ་སྐལ་པར་ལྡན་པ་འགའ་ལ་གདམས་པ་རྫོགས་པར་གནང་བ་ལས། འདིར་ནི་རིགས་དང་ཆོས་ཀྱི་སྲས་ཀྱི་ཐུ་བོར་གྱུར་པ་དབང་ཆེན་རྟ་མགྲིན་གྱི་རྣམ་འཕྲུལ་སྐྱེས་སྟོབ་རིགས་ཀྱི་ནུས་པ་ཕུན་སུམ་ཚོགས་པ་མཁྱེན་རབ་དང་བརྩེ་བའི་བདག་ཉིད་དཔལ་ལྡན་བླ་མ་དམ་པ་ཨོ་རྒྱན་བསྟན་འཛིན་ལ་སྨིན་གྲོལ་གདམས་པ་ཐམས་ཅད་གནང་། དམ་པ་དེ་ཉིད་ཀྱི་ཞབས་ཀྱི་པདྨོར་བདག་ཅག་གིས་གུས་པས་བཏུད་དེ་གཏེར་ཆོས་ཡོངས་རྫོགས་དང་ཁྱད་པར་རྫོགས་ཆེན་འདིའི་དབང་ལུང་ལན་མང་དུ་ཐོབ། དེ་ནས་སླར་ཡང་གཏེར་ཆེན་དེ་ཉིད་ཀྱི་ཞལ་སློབ་ཏུ་གྱུར་པ། སྤྱིར་མདོ་སྔགས་གསར་རྙིང་བཀའ་གཏེར་གྱི་ཆོས་མང་པོ་དང་། དེ་སྟོན་པའི་ཡོངས་འཛིན་དུ་མའི་ཞབས་ལ་གཏུགས་ནས་ཐོས་བསམ་ཕྱོགས་མེད་དུ་སྦྱངས་པས་ཤེས་བྱ་རིག་པའི་གནས་ལའང་མཁྱེན་པའི་སྤྱན་ཡངས་ཤིང་། ཚུལ་ཁྲིམས་དང་བསླབ་པ་ཕུན་སུམ་ཚོགས་པས་སྤྱི་དང་བྱེ་བྲག་གི་སློབ་དཔོན་གྱི་མཚན་ཉིད་ཚང་བ་བསྟན་པ་དང་དེ་འཛིན་སྐྱེ་འགྲོ་ཕལ་པ་དང་བཅས་པར་ཕན་པའི་བསམ་སྦྱོར་བཅོས་མིན་རྒྱུན་ཆགས་སུ་མཛད་པ་ལ་སྐྱོ་ངལ་མེད་པ། གདམས་པའི་སྙིང་པོ་འོད་གསལ་རྫོགས་པ་ཆེན་པོ་ཁྲེགས་ཆོད་རིག་སྟོང་གི་ངང་ནས་ཐོད་རྒལ་སྣང་སྟོང་གི་ཉམས་ལེན་ལ་གཙོ་བོར་མཛད་པ། ངེས་པ་དོན་གྱི་བླ་མ་དམ་པ་དབང་རྒྱལ་རྒྱ་མཚོ་མཚན་གཞན་བསྐལ་བཟང་དབང་ལྡན་དུ་གྲགས་པ་དེས་གཏེར་ཆེན་ཉིད་གདན་ས་བཀྲ་ཤིས་སྟེང་གི་གཟིམས་སྤྱིལ་དུ་བཞུགས་སྐབས། གཏེར་གསར་གྱི་ཕྱག་ཆེན་མ་རིག་མུན་སེལ་གྱི་རླུང་ཁྲིད་བཅས་རྫོགས་ཆེན་རྩ་གསུམ་གསང་བ་སྙིང་ཐིག་གི་ཁྲིད་རྣམས་ཉམས་ཁྲིད་སྨིན་རྒྱས་སུ་རྩལ་ཞིང་། གཞན་ཡང་གཏེར་ཁ་འདིའི་ཁྲིད་ཀྱི་རིགས་དཔེ་ཐོག་ནས་ཉམས་སུ་བླང་ཆོག་ཅེས་དགོངས་པ་རྩེ་གཅིག་པའི་བཀའ་གཏད་ལེགས་པར་སྩལ། དམ་པ་དེ་ཉིད་ཀྱི་དྲུང་ནས་བདག་ཅག་གིས་གོང་དུ་སྨོས་པའི་ཕྱག་ཆེན་ཆ་ལག་དང་བཅས་རྫོགས་ཆེན་འདིའི་དབང་ལུང་ཉམས་ཁྲིད་སྨིན་རྒྱས་སུ་ཞུས་ཤིང་དགྱེས་པ་ཆེན་པོའི་བཀའ་དྲིན་གཞལ་མཐའ་མེད་པར་སྩལ་བའོ། དེ་ལྟར་མཆོག་གི་བླ་མ་དམ་པས་རྗེས་སུ་བཟུང་བའི་བདག་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་དང་མིང་གཞན་ཀུན་བཟང་ཐེག་མཆོག་རྒྱ་མཚོའི་སྡེ་ཞེས་གཞི་གཅིག་ལ་མིང་མང་དུ་བརྟགས་ཤིང་གཏེར་སྟོན་རིག་འཛིན་ཆེན་པོའི་ཡང་སྲིད་དུ་འབོད་པ་བདག་ནི། ཐོས་བསམ་བསྒོམ་པའི་ཆ་ལ་བརྩོན་པ་དང་མི་ལྡན་ཞིང་གྱི་ན་པ་སྙོམས་ལས་ཀྱིས་དུས་འདའ་བ་ཞིག་ལས་བརྗོད་བྱའི་ཡོན་ཏན་དང་མི་ལྡན་ཅིང་། བླ་མ་དམ་པ་རྣམས་ཀྱི་ཞབས་པད་ཅུང་ཟད་བསྟེན་པ་ལས། སྔ་འགྱུར་བཀའ་གཏེར་གྱི་ཆོས་ཚུལ་རགས་རིམ་འགའ་ཞིག་གི་དབང་ལུང་ཁྲིད་བཅས་དང་། ཁྱད་པར་གཏེར་ཆེན་ཉི་མ་གྲགས་པའི་གཏེར་བྱོན་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་ལུང་གདམས་ཁྲིད་དང་བཅས་པ་ལུང་རྒྱུན་ཆད་ལ་ཉེ་བའི་རིགས་ཀྱང་ཁུངས་བཙལ་ཏེ་ནན་ཏན་དུ་བྱས་ཤིང་། བསྙེན་སྒྲུབ་ཀྱི་རིམ་པའང་ཕལ་ཆེ་བ་སོང་ཞིང་། སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས་རྣམས་དཀར་གྱི་བྱ་བ་དང་། སྙིང་པོ་མཉམ་བཞག་ལ་མོས་བློ་དགེ་བ་ཙམ་ནས་གཞན་ཕན་སྨིན་གྲོལ་གྱི་རིམ་པ་གང་འགྲུབ་སྨོན་པ་ཉིད་དོ། དེ་དག་ནི་རྫོགས་ཆེན་སྤྱི་དང་ཆོས་འདིའི་ཁྱད་པར་གྱི་ལོ་རྒྱུས་མདོ་ཙམ་བསྙད་ཟིན་ཏོ། དབང་ནི༔ སྤྲོས་བཅས་དང་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཡོངས་སུ་སྤྲོས་པ་མེད་པའི་རིམ་པས༔ སྐལ་ལྡན་རྣམས་རྒྱུད་ཚུལ་བཞིན་དུ་སྨིན་པར་བསྐུར་བར་བྱའོ༔ ཞེས་གསུངས་པས། དེའང་ཕྱི་ནམ་ཟླ་དུས་བཞི། ནང་ལུས་ངག་ཡིད་སེམས་བཞི། གསང་བ་དུག་གསུམ་དང་ཆ་མཉམ་པ་བཞིའི་གནས་དག་པར་བྱེད་པ། བུམ་པ་གསང་བ་ཤེས་རབ་ཡེ་ཤེས་ཚིག་དབང་དང་བཞིས་དག་པར་སྦྱོང་ལ། ཚོགས་སྦྱོར་མཐོང་བསྒོམ་གྱི་ལམ་བཞི་བགྲོད་ནས། སྤྲུལ་སྐུ་དང་། ལོངས་སྐུ་དང་། ཆོས་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་བཞི་འཐོབ་པར་བྱེད་པ་སྟེ། ཐལ་འགྱུར་ལས། འགྲོ་བའི་ལུས་ངག་ཡིད་སེམས་བཞི། །རྣམ་པར་དག་པར་བྱ་བའི་ཕྱིར། །དབང་ནི་རྣམ་པ་བཞི་ཡིས་ཡང་། །སྐལ་པ་ལྡན་པ་སྨིན་པར་བྱེད། །སྤྲོས་བཅས་ཉིད་དང་སྤྲོས་མེད་དང་། །ཤིན་ཏུ་སྤྲོས་པ་མེད་པ་དང་། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡིས་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་སོ། དེ་ཡང་རྒྱུ་རླུང་སེམས་རྩ་དང་ཐིག་ལེར་དབང་རྣམས་ཡེ་ནས་རང་ཆས་སུ་ལྡན་པ་ཉིད་ལ། འབྲས་བུ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞིར་དབང་བསྐུར་བས་རྒྱུ་ལ་འབྲས་བུས་རྒྱས་བཏབ་པས་ས་བོན་གསོས་ཐེབས་པ་འབྲས་བུ་སྨིན་པ་བཞིན་སྨིན་བྱེད་རྒྱུའི་དབང་། དེ་ཉིད་ཐོབ་ནས་ས་ལམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕར་བར་བྱེད་པའི་ཕྱིར་གྲོལ་བྱེད་དོ། དབང་བསྐུར་བའི་གནས་ནི་དབེན་ཞིང་ཡིད་དུ་འོང་བ་བྱིན་རླབས་ཅན་གྱི་ས་ཕྱོགས་སུ་ལེགས་ཤིང་། སྤྱིར་ལོ་ནི་སྤྲེའུ་འམ་བྱེ་བྲག་དབང་གི་དུས་གནད་བསྟན་པ་ལས། སྤྲོས་བཅས་དག་གི་དབང་བསྐུར་ནི། བྱི་བ་འབྲུག་དང་རྟ་དང་ཕག །ཁྱད་པར་ལོ་ནི་བཞི་དག་ལ། །དབང་བསྐུར་ཆོ་ག་འགྲུབ་པ་ཡིན། །ཟླ་བ་ར་བ་བཞི་དག་ལ། །དུས་རྫོགས་འབྲས་བུ་འབྱིན་ཕྱིར་འགྲུབ། །ཚེས་གྲངས་ཡར་གྱི་གཅིག་ནས་ནི། །ཟླ་བ་རྒྱས་པའི་མཚམས་སུའོ། །བསྐུར་དུས་ཉིན་ཕྱེད་ནམ་གུང་ངོ་། །ཞེས་སོ། དེ་ཡང་ཐར་པའི་ས་བོན་འདེབས་པ་དང་བྱང་ཆུབ་ཀྱི་འབྲས་བུ་སྨིན་པ་མཚོན་ཕྱིར་དཔྱིད་དང་སྟོན་ཀ་ནི་དབང་དང་ཁྲིད་ལ་འཇུག་པའི་དུས་ཁྱད་པར་བའོ། །དབང་གོང་མ་གསུམ་ལ་ལོའི་ངེས་པ་མེད་ཅིང་། སྤྲོས་མེད་གསང་དབང་བསྐུར་དུས་ཐོ་རངས། ཤིན་ཏུ་སྤྲོས་མེད་དང་རབ་ཏུ་སྤྲོས་མེད་ལ་ཉི་མ་རྩེ་ཤར་དུས་སོ། །སློབ་མའི་གྲངས་ཀྱང་ངེས་མེད་དང་། ངེས་པ་ཅན་སོ་སོར་གསུངས་སོ། དབང་བསྐུར་བའི་ཆོ་ག་ནི་དབང་བཞི་ཡེ་ཤེས་སྙིང་པོ་ལྟར་རོ། དབང་ཁྲིད་རྣམས་སྨིན་སློབ་ཏུ་བྱེད་ན། སྔོན་འགྲོའི་རྒྱུད་སྦྱངས་ནས་སྤྲོས་བཅས་བུམ་དབང་བསྐུར་ནས་བསྐྱེད་རིམ་རྣམས་སྟོན་ཅིང་ཉམས་སུ་ལེན། དེ་ནས་སྤྲོས་མེད་གསང་དབང་བསྐུར་ཏེ་རླུང་ཁྲིད་བཏབ། དེ་ནས་ཤིན་ཏུ་སྤྲོས་མེད་ཀྱི་དབང་དང་བདེ་སྟོང་བོག་འདོན་སྟོན། དེ་ནས་ཡོངས་སུ་སྤྲོས་མེད་ཚིག་དབང་བསྐུར་ཏེ་ཀ་དག་ཁྲེགས་ཆོད་ཀྱི་གདམས་པ་སྟོན། དེ་ནས་རིག་པའི་རྩལ་དབང་བསྐུར་ནས་ཐོད་རྒལ་གྱི་ལམ་སྟོན། དེ་དག་གི་གདམས་ཕྲན་ཆ་ལག་ཡོད་རིགས་སོ་སོར་འབྲེལ་བསྡེབས་ནས་སྟོན་པ་དང་། ཡང་དབང་རྣམས་དུས་གཅིག་ཏུ་རྫོགས་པར་བསྐུར་ནས། བསྐྱེད་རྫོགས་ཀྱི་ཁྲིད་རྣམས་རིམ་བཞིན་འཆད་པ་སོགས་གནས་སྐབས་དང་བསྟུན་པའི་ཕྱག་བཞིས་ལྟར་བྱའོ། དབང་བསྐུར་ཟབ་མོ་ཐོབ་པའི་ཕན་ཡོན་ནི། རང་ཤར་ལས། ཡོན་ཏན་བྱེ་བྲག་འདི་ལྟར་ཏེ། །ཡེ་ཤེས་སྣང་བ་ཆེན་པོ་ལ། །ཐོག་རྡུགས་མེད་པ་འབྱུང་བ་དང་། །རང་སྣང་གྲོགས་སུ་བསྟན་པ་དང་། །བྱ་བ་ཐམས་ཅད་བྱེད་པར་འགྱུར། །ཅེས་དང་། གསང་སྙིང་ལས། སྙིང་པོ་ལྔ་ཡིས་དབང་བསྐུར་ནས། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཅེས་སོ། མ་ཐོབ་པའི་ཉེས་པ་ནི། དབང་རྫོགས་པ་རང་བྱུང་གི་རྒྱུད་ལས། །གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉན་པ་ལག་སྐྱ་མེད་པ་ཡིས། །ཆུ་བོའི་ཕ་རོལ་སྒྲོལ་བར་མི་ནུས་བཞིན། །ཅེས་སོ། རྗེས་ཀྱི་རིམ་པ་དགའ་སྟོན་ཚོགས་ཀྱི་མཆོད་པ་ཡོན་འབུལ་དགོས་ཏེ། དབང་རྣམ་པར་ཕྱེ་བ་ལས། འདི་ལྟར་དབང་བསྐུར་དུས་དག་ཏུ། །དགའ་སྟོན་མ་བྱས་མི་འགྲུབ་ཅིང་། །དངོས་གྲུབ་དག་ཀྱང་ཉམས་པར་འགྱུར། །དེ་བས་ཚོགས་ཀྱི་དགའ་བ་བྱ། །ཞེས་སོ། གཞན་དུས་སུ་མཆོད་པ་ལས་དབང་གི་དུས་སུ་མཆོད་པ་བསོད་ནམས་ཆེ་བ་ནི། དེ་ཉིད་ལས། གལ་ཏེ་དབང་བསྐུར་དུས་མིན་པར། །རང་གི་བླ་མ་མཆོད་པ་ནི། །བརྒྱ་སྟོང་བྱེ་བ་གྲངས་མེད་པས། །དབང་གི་དུས་གཅིག་བྱས་པ་ཡི། །བསོད་ནམས་ཚད་མེད་དཔག་ཏུ་མེད། །ཅེས་གསུངས་པས། གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་དགོས་ཆེད་དུ་མ་ཡོད་པའི་ཕྱིར་རོ། ༈ །དེ་ལྟར་ཕྱིའི་སྔོན་འགྲོ་རྣམས་སོང་ནས། གཉིས་པ་ནང་གི་སྔོན་འགྲོ་ནི་ལྔ་སྟེ༔ དལ་འབྱོར་རྙེད་དཀའི་ལམ་འཁྱེར༔ འཆི་བ་མི་རྟག་པའི་ལམ་འཁྱེར༔ ལས་འབྲས་མི་བསླུ་བའི་ལམ་འཁྱེར༔ འཁོར་བ་སྡུག་བསྔལ་གྱི་ལམ་འཁྱེར༔ བྱང་ཆུབ་དད་པའི་ལམ་འཁྱེར་དང་ལྔའོ༔ དང་པོ་བྱང་ཆུབ་བསྒྲུབ་པའི་རྟེན་མིའི་ལུས་དལ་འབྱོར་རྙེད་པར་དཀའ་བ་བསམས་པ་ལ་མདོར་བསྡུས་ཏེ་བསྟན་པ་དང་། རྣམ་པར་དབྱེ་ལ་རྒྱས་པར་བཤད་པའོ། དང་པོ་ནི། གཞུང་རྩ་བ་ལས་དལ་འབྱོར་རྙེད་དཀའི་ལམ་འཁྱེར་ནི༔ གཞི་ཀ་དག་གི་རང་ངོ་མ་ཤེས་པ་ལ་བརྟེན་ནས༔ ལམ་ཁམས་གསུམ་གྱི་གྲོང་ཁྱེར་ཆེན་པོ་འདིར་ཟོ་ཆུའི་འཁྱུད་མོ་ལྟར་འཁོར་ཞིང་འཁྱམས་པའི་ཚེ༔ ལུས་བྱང་ཆུབ་ཀྱི་འབྲས་བུ་ཅན་ཞེས་བྱ་བ༔ དལ་འབྱོར་གྱིས་ཡང་དག་པར་བརྒྱན་པའི་ཆོས་ལྡན་གྱི་མི་ལུས་འདི་ཤིན་ཏུ་ནས་རྙེད་པར་དཀའ་སྟེ༔ མི་ལུས་ཆོས་བཞིན་སྤྱོད་པའི་སྐལ་ལྡན་ཞིག་ཐོབ་པ་ལ༔ རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པ་ལས་ཐོབ་དགོས་པས་ན༔ ལུས་རྙེད་པར་དཀའ་བར་བསམ་ཞིང་༔ ཆོས་སྤྱོད་པའི་རྟེན་དང་གྲོགས་སུ་ལམ་དུ་འཁྱེར་བར་བྱའོ༔ ཞེས་གསུངས་སོ། གཉིས་པ་རྒྱས་པར་བཤད་པ་ལ། དལ་འབྱོར་བསྟན་པའི་མདོ་ལས། འདི་ལྟ་སྟེ། དཔེར་ན་ལོང་བ་ཞིག་གིས་ནོར་བུ་རིན་པོ་ཆེ་གཞི་མདོ་ནས་རྙེད་པ་ལྟར། འཁོར་བ་ན་རྒྱུ་བའི་སེམས་ཅན་མ་རིག་པའི་ལིང་ཏོག་གིས་ལྡོང་པ་དག་གིས་མི་ཉིད་ཀྱི་དངོས་པོ་རྙེད་པ་ནི་མཆོག་ཏུ་དཀའ་བ་སྟེ། ཁྱེད་ཀྱིས་རྟག་ཏུ་ལེགས་པའི་ཆོས་བསྒྲུབ་པར་བྱ་དགོས་སོ། །ཞེས་གསུངས་སོ། དེ་ལྟ་བུའི་དོན་ནི། མི་ཁོམས་པའི་གནས་བརྒྱད་ལས་ལྡོག་པའི་ལུས་ཏེ། དེ་ཇི་ལྟ་ཞེ་ན། བྲམ་ཟེ་རྒྱལ་བའི་དྲོད་ཀྱི་སྐྱེད་མཆེད་ཀྱི་རྣམ་པར་ཐར་པ་ལས། མི་ཁོམས་པ་བརྒྱད་པོ་ལས་ལྡོག་པ་ཡང་རྙེད་པར་དཀའ་འོ། །མི་ཉིད་ཐོབ་པ་ཡང་རྙེད་པར་དཀའ་འོ། །དལ་བ་ཕུན་སུམ་ཚོགས་པ་རྣམ་པར་དག་པ་ཡང་རྙེད་པར་དཀའ་འོ། །སངས་རྒྱས་འབྱུང་བ་ཡང་རྙེད་པར་དཀའ་འོ། །དབང་པོ་མ་ཚང་བ་མེད་པ་ཡང་རྙེད་པར་དཀའ་འོ། །སངས་རྒྱས་ཀྱི་ཆོས་ཉན་པ་ཡང་རྙེད་པར་དཀའ་འོ། །སྐྱེས་བུ་དམ་པ་དང་འགྲོགས་པ་ཡང་རྙེད་པར་དཀའ་འོ། །ཡང་དག་པ་དགེ་བའི་བཤེས་གཉེན་རྣམས་དང་འཕྲད་པ་ཡང་རྙེད་པར་དཀའ་འོ། །ཞེས་གསུངས་ཤིང་། དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་གསུམ་དུ་སྐྱེས་ན་རྟག་ཏུ་སྡུག་བསྔལ་ལ་སྤྱོད་དགོས་པས་ལུས་མི་ཁོམ། ལྷ་ཚེ་རིང་པོ་ནི་ཆོས་ལ་སྤྱོད་པའི་འདུ་ཤེས་མེད་པ་སྟེ། ཕྱིའི་མི་ཁོམ་པ་བཞི་དང་། དེ་དག་རྣམས་སུ་མ་སྐྱེས་གལ་ཏེ་མི་ལུས་ཐོབ་ཀྱང་ལྐུགས་པ་ནི་ཚིག་དོན་ལ་བརྡ་སྤྲོད་པའི་ནུས་པ་མེད་པ་ངག་མི་ཁོམས་པ་དང་། བསྟན་ལ་འཇུག་པའི་བློ་མེད་པ་ཀླ་ཀློ་དང་། ལས་འབྲས་ལ་ཡིད་མི་ཆེས་པས་སྒྲོ་སྐུར་གྱི་མཐར་ལྷུང་བའི་ལོག་ལྟ་ཅན་དང་། དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཡང་མི་ཐོས་པ་མུན་པའི་བསྐལ་པ་ལ་སྐྱེས་པ་ནི་སངས་རྒྱས་ཀྱིས་སྟོང་པ་ཞེས་བྱ་ལ། བཞི་པོ་དེ་ནི་ཡིད་མི་ཁོམ་པ་སྟེ་ནང་གི་མི་ཁོམས་པ་དེ་དག་ཏུ་མ་སྐྱེས་པའི་ཕྱིར། དལ་བ་ཕུན་སུམ་ཚོགས་པའི་རྟེན་ཐོབ་པ་ཡིན་ཏེ། སྡུད་པ་ལས། མི་ཁོམ་བརྒྱད་སྤོང་དེ་ཡིས་དལ་བ་རྟག་ཏུ་རྙེད། །ཅེས་དང་། བརྒྱད་སྟོང་པའི་འགྲེལ་ཆེན་ལས། །དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཚེ་རིང་ལྷ་དང་ཀླ་ཀློ་དང་། །སངས་རྒྱས་ཀྱི་སྟོངས་ལོག་ལྟ་དང་། །ལྐུགས་པ་འདི་དག་མི་ཁོམས་བརྒྱད། །ཅེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་རྒྱལ་པོ་བདེ་སྤྱོད་བཟང་པོ་ལ་བསྐུར་བ་བཤེས་པའི་འཕྲིན་ཡིག་ལས། །ལོག་པར་ལྟ་བ་འཛིན་དང་དུད་འགྲོ་ཉིད། །ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་ཉིད། །རྒྱལ་བའི་བཀའ་མེད་ས་དང་མཐའ་འཁོབ་ཏུ། །ཀླ་ཀློར་སྐྱེས་དང་གླེན་ཞིང་ལྐུགས་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་མི་ཁོམས་སྐྱོན་བརྒྱད་པོ། །དེ་དག་དང་བྲལ་ཁོམས་པ་རྙེད་ནས་ནི། །སྐྱེ་བ་བཟློག་པའི་སླད་དུ་འབད་པར་མཛོད། །ཅེས་སོ། འབྱོར་བ་ཞེས་བྱ་བ་ནི། དལ་བ་ཕུན་སུམ་ཚོགས་པ་བཅུ་གཉིས་བསྟན་པའི་མདོ་ལས། མི་ཉིད་ཐོབ་པ་དང་། འཕགས་པའི་ཡུལ་དུ་སྐྱེས་པ་དང་། དབང་པོ་ཚང་བ་དང་། ལས་ཀྱི་མཐའ་མ་ལོག་པ་དང་། གནས་ལ་དད་པ་སྟེ་ལྔ་ནི་བདག་ཕུན་སུམ་ཚོགས་པ་ཡིན་ནོ། །སངས་རྒྱས་བྱོན་པ་དང་། ཆོས་གསུངས་པ་དང་། དམ་པའི་ཆོས་གནས་པ་དང་། གཞན་དག་ཀྱང་དེ་ལ་སྤྱོད་པ་དང་། ཆོས་བྱེད་པ་ལ་གཞན་བརྩེ་བ་སྟེ་ལྔ་ནི་གཞན་ཕུན་སུམ་ཚོགས་པ་ཡིན་ནོ། །ཞེས་དང་། དེ་སྟེང་། ཟླ་བ་སྙིང་པོའི་མདོ་ལས། ཡོན་ཏན་བཅུ་རྫོགས་པའི་མི་ནི་འབྱོར་པས་སྟེ། གང་ཞེ་ན། རིགས་དམའ་བ་སྤངས་པ་ཡིན། མི་གླེན་པ་ཡིན། དབང་པོ་མ་ཉམས་པ་ཡིན། ཕོར་སྐྱེས་པ་ཡིན། གཟུགས་བཟང་བ་ཡིན། མི་དབུལ་བ་ཡིན། མི་བརྙས་པ་ཡིན། ཚིག་སྙན་པ་ཡིན། སྐྱེ་བོ་མང་པོས་ལྟ་བ་ཡིན་ནོ། ཞེས་དང་། རྒྱུད་འགྲེལ་ལས་ཀྱང་། མི་ཉིད་དབུས་སྐྱེས་དབང་པོ་ཚང་། ལས་མིན་གནས་དད་བདག་འབྱོར་ལྔ། །སྟོན་བྱོན་ཆོས་གསུངས་བསྟན་པ་གནས། རྗེས་འཇུག་འགྲོ་བརྩེ་གཞན་འབྱོར་ལྔ། །ཞེས་སོ། དེ་ལྟར་བདག་འབྱོར་ལྔ་ནི་དལ་བ་ཕུན་ཚོགས་དང་གནད་གཅིག་ཅིང་། གཞན་འབྱོར་ལྔ་ལས་གཞན་བརྩེ་བ་ནི་བདག་ལ་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བཟུང་སྟེ་བརྩེ་བས་ཆོས་ལ་འདྲེན་པ་ཡོད་པའོ། དལ་བ་ནི་ངོ་བོ་ཡིན་ལ་འབྱོར་བ་ནི་དེའི་ཁྱད་ཆོས་ཡོན་ཏན་ནོ། གཞན་ཡང་བཤེས་སྤྲིང་ལས། །མཐུན་པར་གྱུར་པའི་ཡུལ་དུ་གནས་པ་དང་། །སྐྱེས་བུ་དམ་པ་ལ་ནི་བསྟེན་པ་དང་། བདག་ནི་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱི། འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ། །ཞེས། ཆོས་དར་བའི་ཡུལ་དང་ཆོས་སྤྱོད་པ་ལ་འགལ་རྐྱེན་མེད་པ། ཆོས་སྟོན་པའི་སྐྱེས་བུ་དམ་པ་ལ་སྲི་ཞུས་སྟེན་པ། བདག་ཉིད་ཀྱིས་ཆོས་ལ་སྤྱོད་པའི་སྨོན་ལམ་ལེགས་པར་བཏབ་པ་ཚེ་འདིར་སད་ཅིང་ཐེབས་པ། སྔོན་གོམས་དགེ་བའི་བསོད་ནམས་ཤུགས་དང་ལྡན་པ་ནི་དལ་འབྱོར་འཁོར་ལོ་བཞི་དང་ལྡན་པ་ཡིན་ལ། དེ་ལྟར་རང་ཅག་རྣམས་ངན་སོང་གི་སྡུག་བསྔལ་དང་བྲལ། མི་ལུས་ཁྱད་པར་ཅན་ནམ་མི་ལུས་རིན་པོ་ཆེའི་རྟེན་དང་ལྡན། དབང་པོ་སྒོ་ལྔ་ཚང་། གང་དུ་ཆོས་དར་བ་དེར་ཆོས་ཚིགས་ཀྱིས་ཕྱེ་བའི་ཡུལ་དབུས་དང་། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས། དེ་སྟོན་པའི་དགེ་བའི་བཤེས་གཉེན་དང་འཕྲད། ཆོས་བྱེད་དབང་རང་ལ་ཡོད། བྱེད་ཐབས་ཤེས་པའི་དུས་འདི་ལྟ་བུ་ལ་ཡང་ཡང་དལ་འབྱོར་འདི་རྙེད་པར་དཀའ་བའི་ཚུལ་ལ་བསམ་གཞིག་གཏོང་དགོས་ཏེ། དེའི་རྒྱུ་མཚན་ཐོབ་དཀའ་བ་དཔེས་བསྟན་པ་ནི། མི་རྟག་པའི་ཚོམས་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་འབྱུང་བའང་དཀའོ། མིར་གྱུར་པ་དང་དལ་བ་ཕུན་སུམ་ཚོགས་པ་འགྲུབ་པའང་ཤིན་ཏུ་རྙེད་པར་དཀའོ། དེའི་ཕྱིར་དཔེ་ཞིག་བསྟན་པར་བྱ་སྟེ། ཤཱ་རིའི་བུ། དཔེར་ན་ས་ཆེན་པོ་འདི་རྒྱ་མཚོ་གཅིག་ཏུ་གྱུར་ཏེ་དེའི་ནང་ན་གཉའ་ཤིང་བུ་ག་གཅིག་པ་ཞིག་ཡོད་ལ། རུ་སྦལ་ཞར་བ་ཞིག་ཀྱང་ཡོད་དེ། རྒྱ་མཚོ་ཆེན་པོ་དེ་ལ་རླུང་ཡས་ལྡང་བ་དང་མས་ལྡང་བ་ཞེས་བྱ་བ་ལྡང་ལ། རུ་སྦལ་ཞར་བ་དེ་ཡང་ལོ་བརྒྱ་བརྒྱ་ཞིང་ལན་གཅིག་ཕྱིར་འབྱུང་བ་རབ་ཏུ་མྱུར་བའི་གཉའ་ཤིང་གི་བུ་ག་གཅིག་པ་དེར་རུ་སྦལ་ཞར་བ་ལོ་བརྒྱ་བརྒྱ་ཞིང་ཕྱིར་འབྱུང་བའི་མགུལ་པ་ཆུད་པར་སྨྲ་ཡི། ལོག་པར་ལྟུང་བ་ལས་ཕྱིར་ཡང་མིར་འགྱུར་བ་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟར་ལོག་པར་ལྷུང་བ་རྣམས་ཀྱིས་མིར་འགྱུར་བ་རབ་ཏུ་དཀའ་བ་ཡིན་ནོ། །ཞེས་སོ། བཤེས་སྤྲིང་ལས། རྒྱ་མཚོ་གཅིག་གནས་གཉའ་ཤིང་བུག་པ་དང་། །རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད། །ཅེས་དང་། སློབ་དཔོན་ཞི་བ་ལྷས་སྤྱོད་འཇུག་ཏུ། །དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི། བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀའ་གསུངས། །ཞེས་དང་། གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས། །འདྲེན་པ་མཐོང་བ་ཤིན་ཏུ་རྙེད་པར་དཀའ། །ཞི་བའི་ཆོས་གསུངས་ཐོས་པའང་ཤིན་ཏུ་དཀའ། དལ་འབྱོར་མིར་སྐྱེ་རྙེད་པའང་ཤིན་ཏུ་དཀའ། །ཚུལ་ཁྲིམས་དང་བའང་རྟག་ཏུ་རྙེད་པར་དཀའ། ཞེས་དང་། ཆོས་རྗེ་ཀུན་མཁྱེན་ཆེན་པོ་ངག་གི་དབང་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས། མཚོ་དབུས་གཡེངས་པའི་གཉའ་ཤིང་བུ་ག་རུ། །རུས་སྦལ་མགྲིན་ཆུད་སྲིད་ཀྱི་ངན་སོང་ལས། །མིར་གྱུར་རྙེད་དཀའ་དེ་བཞིན་རྩིགས་ངོས་ཀྱི། །ཞལ་ཞལ་ལོགས་ལ་སྲན་མ་ཆགས་སྲིད་ཀྱི། །མིར་གྱུར་ན་ཡང་ཡུལ་དབུས་སྐྱེ་བ་དཀོན། །ཨུ་དུམ་ཝ་ར་འཇིག་རྟེན་འབྱུང་དཀའ་བ། །དེ་བས་ཆོས་ཞུགས་ཡང་དག་ལམ་འཕྲད་དཀོན། །ཁབ་མིག་རས་ཡུགས་ཆུད་པ་དཀའ་བས་ཀྱང་། །ལམ་རྙེད་དེ་དག་ཚུལ་བཞིན་སྒྲུབ་པ་དཀོན། །མཚོ་གླིང་དག་ནས་ཡིད་བཞིན་རྙེད་པས་ཀྱང་། །ཡང་དག་བླ་མ་རྙེད་པར་དཀའ་བས་ན། །དེ་དག་བསམ་ལ་བརྩོན་པ་སྒྲུབ་འཚལ་ལོ། །ཞེས་སོ། དེ་ལྟར་མི་ལུས་ཞེས་སྨོས་ཀྱང་རྣམ་དབྱེ་མང་སྟེ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་རྫོགས་པ་ཆེན་པོ་སེམས་ཉིད་ངལ་བསོ་ལས། འདི་ལྟར་མི་ཡི་ལུས་རྙེད་ཙམ་པོ་དང་། །ཁྱད་པར་ཅན་དང་མི་ལུས་རིན་པོ་ཆེ། །རིམ་བཞིན་དགེ་སྡིག་མི་ཤེས་ཆོས་མིན་སྤྱོད། །དབང་པོ་ཚང་ཡང་མི་ལུས་ཕལ་པ་སྟེ། །ཡུལ་དབུས་སྐྱེས་ཀྱང་མཐའ་འཁོབ་ཀླ་ཀློ་ཉིད། །ཅེས་དང་། ནམ་མཁའ་རིན་པོ་ཆེའི་མདོ་ལས། སེམས་ཅན་གྱི་ཁམས་ན་གང་དག་ཆོས་འདི་པ་དག་ཏུ་མ་ཞུགས་པའམ། ཞུགས་ཀྱང་རུང་སྟེ་དགེ་བ་དང་མི་དགེ་བ་འདྲེས་མར་སྤྱོད་ཅིང་འདུ་འཛི་དང་རྣམ་པར་གཡེང་བ་ལྷུར་ལེན་པས། ལུས་དང་ངག་དང་ཡིད་མི་བསྲུན་ཞིང་འཕྱར་བ། ངན་སོང་གསུམ་དུ་འབབ་ཅིང་ངན་འགྲོར་གཞོལ་བའི་ལས་ཅན་དེ་དག་ཀྱང་། སངས་རྒྱས་ཀྱི་ཐུགས་རྗེ་ཉི་མའི་འོད་ཀྱིས་གཟིགས་ཏེ་ཡུན་རིང་མོ་ཞིག་ནས་ཐར་པའི་ས་བོན་དང་ལྡན་པས། དེའི་ཕྱིར་མི་ལུས་ཁྱད་པར་ཅན་དུ་གྱུར་པ་ཞེས་བྱའོ། ཞེས་མི་ལུས་ཙམ་པོ་པ་དང་། །ངལ་གསོ་ལས། བསྟན་ལ་མ་ཞུགས་པ་དང་དགེ་སྡིག་འཆོལ། །ཚེ་འདི་གཉེར་ཞིང་འདུ་འཛིས་རྣམ་པར་གཡེངས། །མི་བསྲུན་འཕྱར་ལ་ཕྱི་མ་རྒྱང་བསྲིངས་ཏེ། །ཐར་པ་མི་གཉེར་དེ་དག་ཆོས་ཐོས་ནའང་། །མཆོག་གི་ལུས་མིན་རང་བཞིན་བར་མ་སྟེ། །སྐབས་འགར་དགེ་ལ་ཅུང་ཟད་སེམས་གཞོལ་ཞིང་། ཕལ་ཆེར་སྡིག་པས་བློ་མིག་ཁེབས་པའི་ཕྱིར། །རྟག་ཙམ་བཟུང་བས་རང་གཞན་ཕན་ཅི་ཡོད། །དེ་དག་ཁྱིམ་པའམ་དགེ་སྦྱོང་གཟུགས་བཟུང་རུང་། །ངན་འགྲོ་རྣམས་ལས་ཅུང་ཟད་འཕགས་པའི་ཕྱིར། །མི་ལུས་ཁྱད་པར་ཅན་ཞེས་རྒྱལ་བས་གསུངས། །ཞེས་སོ། །དེ་ལྟར་གོང་མ་ལས་ཀྱང་ཁྱད་པར་དུ་གྱུར་པ་དང་། དེ་ལས་འཕགས་པ་ནི། ཡུམ་བར་མ་ལས། རབ་འབྱོར། བྱང་ཆུབ་སེམས་དཔའ་གང་དག་བདག་ཀྱང་དགེ་བ་ལ་སྤྱོད་ཅིང་གཞན་ཡང་དེ་ལ་བསྐུལ་བ་ནི་དལ་འབྱོར་སྙིང་པོར་བྱེད་པ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་བསྔགས་སོ། །བསྟོད་དོ། །བསྐུར་རོ། །ཞེས་དང་། དཔལ་སྦས་ཀྱི་མདོ་ལས། དཔལ་སྦས་འདི་ལ་མང་དུ་ཐོས་པས་ཐོས་པར་བྱེད། དེའི་དོན་སེམས་པར་བྱེད། ཉོན་མོངས་པ་མེད་པའི་སྒོམ་པས་རྣལ་འབྱོར་དུ་བྱེད། གཞན་དག་ཀྱང་དེ་ལ་བསྐུལ་བར་བྱེད་ན་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་ན་མཆོག་ཏུ་མཛེས་པས་དལ་འབྱོར་སྙིང་པོར་བྱེད་པ་ཞེས་བྱའོ། །དལ་འབྱོར་རིན་པོ་ཆེ་ཞེས་བྱའོ། ཞེས་སོ། ཁྱད་པར་དུ་བླ་ན་མེད་པའི་སྣོད་དུ་གྱུར་པའི་དལ་འབྱོར་ནི། ནམ་མཁའ་རིན་པོ་ཆེའི་མདོ་ལས། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས་དལ་འབྱོར་ཇི་ལྟར་བལྟ་བར་བགྱི། བཀའ་སྩལ་པ། སེམས་རྣམ་པར་རྟོག་པས་དབྱེན་སྤྱོས་ཏེ་གཡེང་བ་ནི་བྲེལ་བ་ཞེས་བྱའོ། སེམས་རྣམ་པར་རྟོག་པ་ཞི་ནས་རང་བཞིན་དུ་གནས་པ་ནི་དལ་བ་ཞེས་བྱའོ། འབྱོར་པ་ནི་སེམས་ཀྱི་རང་བཞིན་ཤེས་པ། བློ་ཡང་དག་པའི་དོན་ལ་འབྱོར་བས་ན་འབྱོར་པ་ཞེས་བྱའོ། ཞེས་གསུངས་པ་ལྟར་རོ། མི་ལུས་མ་གཏོགས་ལྷར་སྐྱེས་ཀྱང་ཆོས་རྣམ་དག་སྒྲུབ་པའི་རྟེན་དུ་མི་འོང་བ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་བརྙེས་པའི་རྟེན་ཡང་འཛམ་བུ་གླིང་གི་མིའི་གཙོ་བོ་ཡིན་ཏེ། མངོན་པར་བྱང་ཆུབ་པའི་མདོ་ལས། ལྷའི་གནས་སུ་མངོན་པར་བྱང་མི་ཆུབ་པ་ནི་གནས་རིས་ལ་ང་རྒྱལ་དུ་བྱེད་པས་བདེན་པ་མངོན་པར་མི་རྟོགས་པའི་ཕྱིར་དང་། དལ་བ་དང་འབྱོར་པ་ཕུན་སུམ་ཚོགས་པ་མི་ཉིད་ཁོ་ནར་གཟིགས་ནས་སེར་སྐྱའི་གནས་སུ་གཤེགས་ཏེ། ཞེས་དང་། སྤྱོད་འཇུག་ལས། ལྷ་བས་ལྷག་པའི་ལུས་ཀྱིས་ནི། །ཞེས་དང་། སློབ་དཔོན་ཙནྜཱ་གོ་མིས། བདེ་གཤེགས་ལམ་བརྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིགས་འཛིན་མི་འམ་ཅི་དང་ལྟོ་འཕྱེས་མིན། །ཅེས་དང་། ངལ་བསོ་ལས། རྣམ་པར་མི་རྟོག་བདེན་མཐོང་ཡེ་ཤེས་པ། །ལྷ་མིའི་ནང་ནས་མིར་གྱུར་རྙེད་སླ་སྟེ། །རྡོ་རྗེ་ཐེག་པའི་ལམ་ཟབ་སྙིང་པོ་ཡང་། །མི་ཡི་ལུས་རྙེད་འབྲས་བུ་འགྲུབ་པར་སླ། །དེ་ཕྱིར་ཐེག་པ་ཆེ་ཆུང་ཆོས་ཀྱི་རྟེན། དལ་འབྱོར་མི་ལུས་མཆོག་དུ་འཕགས་པར་གསུངས། །ཞེས་དང་། །འབྱུང་བཞི་ཟད་པའི་རྒྱུད་ལས། །གསང་སྔགས་རྒྱལ་པོ་རྨད་བྱུང་འདི། །མི་རྣམས་ཀྱིས་ནི་བརྩོན་བྱས་ན། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །རྣལ་འབྱོར་དངོས་གྲུབ་གཞན་ཅི་སྨོས། །ཞེས་ཐེག་པ་ཀུན་གྱི་རྟེན་དུ་དལ་འབྱོར་བསྔགས་པ་ཡིན་ཅིང་། འགྲོ་བ་དྲུག་གི་སེམས་ཅན་ལས་མང་ཤོས་ནི། དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་སྟེ་ངན་སོང་གསུམ་གྱི་འགྲོ་བ་ནི་བསམ་གྱིས་མི་ཁྱབ། དེའི་ནང་ནས་རང་ཅག་རྣམས་ཀྱི་མིག་གིས་མཐོང་བ་མངོན་གྱུར་གྱི་དུད་འགྲོ་ཁ་ཡར་བ་ལ་བསམ་ན། དབྱར་དུས་ཀྱི་སེམས་ཅན་མང་སྐབས་ས་གཞི་རི་ཀླུང་ཐམས་ཅད་དང་རང་གི་སྐྱིལ་ཀྲུང་གི་མལ་གྱི་སའི་ཁྱོན་ཙམ་ལའང་སྲོག་ཆགས་ཕྲ་མོ་དཔག་ཏུ་མེད། དེ་རྣམས་ཀྱི་མང་ཚོད་ལ་དཔགས་ན་ལྷ་དང་མིའི་འགྲོ་བ་ནི་ཉུང་ཤས་ཞིག་ལས་མེད་དེ། དེ་ལས་ཀྱང་མི་ལུས་ཐོབ་པ་ནི་སྲིད་པ་ཙམ། མི་ལའང་ཆོས་མེད་པ་རྟག་ཏུ་སྡིག་པ་ལ་སྤྱོད་པ་རྣམས་ལ་བསམས་ན་ཆོས་ལ་མོས་པ་དང་ཆོས་ཐོས་པ་ནི་ཆེས་ཉུང་། དེ་ལས་ཀྱང་སྙིང་ནས་ཆོས་ཚུལ་བཞིན་སྤྱོད་པ་ནི་སྲིད་པ་ཙམ་ཡིན་འདུག་པས་ད་རེས་དལ་འབྱོར་ཐོབ། གཞན་དབང་དུ་མ་གྱུར་པའི་གནས་སྐབས་འདིར་དམ་པའི་ཆོས་ལ་མ་འབད་ན། ཕྱིན་ཆད་དལ་འབྱོར་འདི་ལྟ་བུ་ནི་ཆེས་ཆེར་རྙེད་དཀའ་བས་རིན་པོ་ཆེའི་གླིང་དུ་ཕྱིན་ནས་འདོད་པའི་ནོར་མ་བླངས་བར་ལག་སྟོང་དུ་ལྡོག་པ་ལས་ཀྱང་འགྱོད་ཆེ་སྟེ་དེའི་ཕྱིར་དམ་པའི་ལྷ་ཆོས་མ་གཏོགས་ཚེ་འདིའི་བྱ་བ་ཐམས་ཅད་ནི་ཟིན་མེད་དོན་མེད་ཁོ་ན་ཉིད་ཡིན་པས་དུས་རྟག་ཏུ་ཡང་ཡང་བསམ་པར་བྱའོ། །གཉིས་པ་ཚེ་མི་རྟག་པ་འཆི་བའི་རང་བཞིན་བསམ་པ་ལ་མདོར་བསྡུས་ཏེ་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། གཞུང་ལས། ནམ་ཞིག་གི་དུས་སུ་སྔོན་ལས་ཀྱི་འབྲས་བུའམ༔ འཕྲལ་རྐྱེན་ངན་པ་ཞིག་གི་མཚམས་སྦྱོར་ནས་འཆི་བ་མི་རྟག་པ་ཞེས་རང་རྒྱུད་ལ་འབྱུང་ཚེ་ཐབས་དང་བྱེད་པའི་སྟོབས་གང་གིས་ཀྱང་མི་ལྟོས་ཤིང་༔ འཇིག་རྟེན་ཕ་རོལ་དུ་དུས་འདའ་བ་ལས་འོས་མེད་པ་རྒྱུད་ལ་བསམ་ཞིང་དཔྱད་ནས༔ ཚེ་གང་ཆོས་ཀྱིས་འདའ་བའི་ལམ་ཁྱེར་ལ་སྦྱོར་བར་བྱའོ༔ ཞེས་གསུངས། གཉིས་པ་རྒྱས་པར་བཤད་པ་ལ། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། དེ་ལྟར་རྙེད་དཀའི་དལ་བ་རྙེད་གྱུར་ཀྱང་། །སྐད་ཅིག་མི་རྟག་འཇིགས་པའི་ཆོས་ཅན་ཏེ། །རྣམ་པར་བརྟགས་ན་སྙིང་པོ་འགའ་མེད་ལ། །དབུ་བ་རྡོས་འདྲ་ཡིད་བརྟན་མི་རུང་བས། །ཉིན་མཚན་ཀུན་ཏུ་ངེས་པར་འཆི་བ་བསམ། ཞེས་པས། དལ་འབྱོར་ཐོབ་ཀྱང་སྐད་ཅིག་གི་མི་རྟག་འགྱུར་བའི་རང་བཞིན་ཡིད་བརྟན་མེད་པ་ཁོ་ན་སྟེ། ཆེད་དུ་བརྗོད་པའི་ཚོམས་ལས། ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེ་ཞིང་འཇིགས་པར་འགྱུར་བ་ཡིན། །སྐྱེས་ནས་འཇིགས་པར་འགྱུར་བ་བས། །དེ་བས་མྱུར་དུ་ཞི་བ་བདེ། །སྐར་མ་རབ་རིབ་མར་མེ་དང་། རྒྱུ་མ་ཟིལ་བ་ཆུ་བུར་འདྲ། །རྨི་ལམ་གློག་དང་སྤྲིན་ལྟ་བུར། འདུས་བྱས་ཆོས་གསུངས་དེ་དང་འདྲ། །ཞེས་སོ། དེ་ལྟར་ལུས་ནི་ཆུ་ལས་ཆུ་བུར་རྡོལ་བ་དང་འདྲ་ཞིང་ད་ལྟ་ཡོད་པ་ད་ལྟ་མེད། ཚེ་སྲོག་ནི་རྩྭ་ཁའི་ཟིལ་པ་འདྲ་སྟེ་མྱུར་དུ་སྐམ། ནོར་དང་ལོངས་སྤྱོད་ནི་སྒྱུ་མའི་ནོར་དང་རྨི་ལམ་དང་སྤྲིན་ལྟ་བུ་སྟེ། སྙིང་པོ་ཅི་ཡང་མེད་ཅིང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ། འདི་ལྟ་སྟེ་དཔེར་ན། ཕྱོགས་བཞི་ནས་རིི་ཆེན་པོ་སྲ་བ་བརྟན་པ་སྙིང་པོ་དང་ལྡན་པ། མ་ཞིག་མ་གས་པ་ཤིན་ཏུ་མཁྲེགས་པ། འཕེན་མེད་པ། ལྷུན་སྡུག་པ་བཞི་གནམ་ལ་རེག་ཅིང་ས་ལ་ལྡོག་སྟེ་རྩྭ་དང་ཤིང་གེལ་པ་དང་ཡལ་ག་དང་ལོ་མ་ཐམས་ཅད་དང་། སྲོག་ཆགས་འབྱུང་པོ་ཐམས་ཅད་ཕྱེ་མར་འཐག་ཅིང་འོང་བ་ལ་ནི། མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བསླུ་བའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་ཟློག་པར་སླ་བ་མ་ཡིན་ནོ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་འཇིགས་པ་ཆེན་པོ་བཞི་པོ་འདི་དག་འོང་སྟེ། །དེ་དག་ལ་མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བསླུ་བའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་བཟློག་པར་སླ་བ་མ་ཡིན་ནོ། །བཞི་གང་ཞེ་ན། རྒ་བ་དང་། ན་བ་དང་། འཆི་བ་དང་། རྒུད་པའོ། །རྒྱལ་པོ་ཆེན་པོ། རྒ་བས་ནི་དར་ལ་བབས་པ་འཇོམས་ཤིང་འོང་ངོ་། ན་བས་ནི་ནད་མེད་པར་འཇོམས་ཤིང་འོང་ངོ་། རྒུད་པས་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང་ངོ་། །འཆི་བས་ནི་སྲོག་འཇོམས་ཤིང་འོང་སྟེ། དེ་དག་ལ་ནི་མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བླུ་བའམ། རྫས་དང་སྨན་དང་སྔགས་རྣམས་ཀྱིས་ཞི་བར་བྱ་བ་སླ་བ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། རི་དྭགས་ཀྱི་རྒྱལ་པོ་སེང་གེ་རི་དྭགས་ཀྱི་ནང་དུ་ཞུགས་ནས་རི་དྭགས་བཟུང་སྟེ་ཇི་ལྟར་འདོད་པ་བཞིན་དུ་དབང་བྱེད་དོ། རི་དྭགས་དེ་ནི་སྟོབས་པོ་ཆེའི་ཁ་མི་བཟད་པས་དབང་མེད་པར་འགྱུར་རོ། དེ་བཞིན་དུ་འཆི་བདག་གི་གསལ་ཤིང་གིས་གཟུགས་སྟེ་བརྒྱགས་པ་དང་ནི་བྲལ། མགོན་ནི་མེད། སྐྱབས་ནི་མེད། དཔུང་གཉེན་ནི་མེད། བཤེས་ནི་མེད། ཚིག་ནི་འབྱེ་ཞིང་འབྲལ། ཤ་དང་ཁྲག་ནི་བསྐམས། ལུས་ནི་ནད་ཀྱིས་གདུང་། སྐོམ་ནི་སྐོམས། བཞིན་ནི་འགྱུར། རྐང་ལག་ནི་གཡོབ། ལངས་ནི་མི་ནུས། མཐུ་ནི་མེད། ཁ་ཆུ་དང་། སྣབས་དང་། གཅིན་དང་། ངན་སྐྱུགས་ཀྱིས་ལུས་ལ་གོས། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་དབང་པོ་དག་ནི་འགག །སྐྱིགས་བུ་ནི་འབྱུང་། སྒྲ་ངར་ངར་པོ་ནི་འདོན། སྨན་པས་ནི་བོར། སྨན་དང་ཁ་ཟས་དང་། བཟའ་བ་དང་བཏུང་བ་ཐམས་ཅད་ཀྱིས་ནི་ཀླེས་ལ་བོར་སྟེ། འགྲོ་བ་གཞན་དུ་འགྲོ་བར་ཆས་པས། མལ་གྱི་ཐ་མལ་ལ་ནི་ཉལ། ཐོག་མ་མེད་པའི་སྐྱེ་བ་དང་། རྒ་བ་དང་། འཆི་བའི་འཁོར་བའི་རྒྱུད་དུ་ནི་ནུབ། སྲོག་ནི་ཅུང་ཟད་ཅིག་ལུས། གཤིན་རྗེ་ཡིས་ནི་འཇིགས་ཤིང་སྐྲག །བྱུར་གྱི་དབང་དུ་ནི་སོང་། དབུགས་རྒྱུ་བ་ནི་ཆད། ཁ་དང་སྣ་ནི་གདངས། སོ་ནི་གཙིགས། །སྦྱིན་པ་སྦྱིན་ནོ་ཞེས། དེ་སྐད་ཅེས་གསོལ་བ་ནི་འདེབས། ལས་ཀྱིས་སྲིད་པ་ནས་སྲིད་པ་ལ་ནི་འཇུག །གཅིག་པུ་གཉིས་སུ་མེད་ཅིང་གྲོགས་ནི་མེད། འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་ཏུ་ནི་འགྲོ། སྐྱས་ཆེན་པོས་ནི་འདེགས། མུན་པ་ཆེན་པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྟུང་། ནགས་ཁྲོད་སྟུག་པོར་ནི་ཞུགས། དགོན་པ་ཆེན་པོར་ནི་འགྲོ། །རྒྱ་མཚོ་ཆེན་པོས་ནི་འཁྱེར། ལས་ཀྱི་རླུང་གིས་ནི་བདས། །ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ། གཡུལ་ངོ་ཆེན་པོར་ནི་འཇུག །གདོན་ཆེན་པོས་ནི་འཛིན། །ནམ་མཁའ་ལ་ནི་འཆེལ་ཕ་དང་མ་དང་ཕུ་ནུ་དང་སྲིང་མོ་དང་། བུ་དང་བུ་མོས་ནི་བསྐོར། དབུགས་ནི་འཆད། ནོར་བགོ་བཤའ་བྱ་ཞེས་ནི་ཟེར། ཀྱི་ཧུད་ཕ། ཀྱི་ཧུད་མ། ཀྱི་ཧུད་བུ་ཞེས་ནི་ཟེར། སྐྲ་ནི་ཞིག་སྟེ། སྦྱིན་པ་དང་། དཀའ་ཐུབ་དང་། ཆོས་འབའ་ཞིག་གྲོགས་སུ་གྱུར་པ་ན། ཆོས་མ་གཏོགས་པའི་སྐྱབས་གཞན་མེད། མགོན་གཞན་མེད། དཔུང་གཉེན་གཞན་མེད་དོ། རྒྱལ་པོ་ཆེན་པོ། དེའི་ཚེ་དེའི་དུས་ན། ཆོས་ནི་གླིང་དང་། གནས་དང་། མགོན་དང་སྟོན་པར་འགྱུར་རོ། རྒྱལ་པོ་ཆེན་པོ། དེ་ལྟ་བུའི་དུས་ན། རང་ཉིད་མལ་ན་ཉལ་བཞིན་དུ། ཕྱི་མའི་སྣང་བ་ཉམས་སུ་མྱོང་སྟེ་ངན་སོང་དུ་འགྲོ་ན། དེ་གནས་ལ་འཇིགས་པའི་སྣང་བ་འབྱུང་སྟེ། དེའི་ཚེ་ཆོས་མ་ཡིན་པ་ཅི་ཞིག་ཀྱང་སྐྱབས་སུ་འགྱུར་བ་མེད་དོ། རྒྱལ་པོ་ཆེན་པོ། ཁྱོད་ཀྱི་ལུས་འདི་ལྟར་ཡོངས་སུ་སྲུང་། ལེགས་པར་ཡོངས་སུ་བཙས་པ་ཡང་འཆི་བའི་དུས་བྱེད་པར་འགྱུར་རོ། །ཡོན་ཏན་ཐམས་ཅད་ལྡན་ཞིང་ཡུན་རིང་པོར་བཟའ་བ་དང་། བཅའ་བ་ལ་སོགས་པ་གཙང་མ་མང་པོས་ཚིམ་པར་བྱས་ཏེ་སྐྱེད་བསྐྱེད་པ་ཡང་། ཐ་མའི་མལ་ན་འདུག་པའི་ཚེ་སྨན་པས་བོར། ཞིང་ཐམས་ཅད་ཀྱིས་ཀླེས་ལ་བོར་ནས་ཡིད་མི་བདེ་བར་འཆི་བའི་དུས་བྱེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ། འདི་ལྟར་ཁྱོད་ཀྱི་ལུས་བཀྲུས་ཤིང་བསྐུས་ཏེ་བདུག་པས་བདུགས། མེ་ཏོག་དྲི་ཞིམ་པོས་བགོས་ཀྱང་གདོན་མི་ཟ་བར་དྲི་མི་ཞིམ་པ་འབྱུང་བར་འགྱུར་རོ། རྒྱལ་པོ་ཆེན་པོ། འདི་ལྟར་ཀ་ཤི་ཀའི་རས་དང་དར་ལ་སོགས་པའི་གོས་བཟང་པོས་གཡོགས་ཀྱང་ཐ་མའི་མལ་ན་འདུག་པའི་ཚེ། དྲི་མ་ཅན་གྱོན་བཞིན་དུ་འཆི་བའི་དུས་བྱེད་ཅིང་གཅིག་པུ་སྒྲེན་མོར་འགྲོ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ། འདོད་པའི་ཡོན་ཏན་སྣ་ཚོགས་པས་དགའ་བར་བྱས་ཀྱང་། དེ་ཐམས་ཅད་སྤང་ནས་འདོད་པས་མ་ངོམས་བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ། འདི་ལྟར་ཁྱོད་ཁྱིམ་གྱི་ནང་ན་སྤོས་དང་། མེ་ཏོག་དང་། དར་གྱི་ལྡ་ལྡི་དང་། སྟན་དང་། གོས་སྣ་ཚོགས་པས་འབྱོར་ཞིང་གཡས་གཡོན་དུ་སྔས་དང་བཅས་པའི་ཁྲི་ལ་ཉལ་ཡང་། བྱ་རོག་དང་། ཝ་དང་། །མི་རོ། སྐྱུགས་བྲོ་བ་དག་གིས་གང་བའི་དུར་ཁྲོད་ཆེན་པོར་བོར་ནས་ལུས་གཡོ་བ་མེད་ཅིང་ས་ལ་ཉལ་བར་གདོན་མི་ཟའོ། རྒྱལ་པོ་ཆེན་པོ། འདི་ལྟར་ཁྱོད་གླང་པོ་ཆེ་དང་། རྟའི་རྒྱབ་ལ་སོགས་པར་ཞོན་ནས་རོལ་མོའི་བྱེ་བྲག་སྙན་ཅིང་ཡིད་དུ་འོང་བས་དགའ་ཞིང་། རྒྱལ་མཚན་དང་གདུགས་ལ་སོགས་པར་བསྒྲེངས་ལ། རྒྱལ་པོ་དང་བློན་པོ་དང་མཛའ་བཤེས་རྣམས་ཀྱིས་སྙན་པར་བརྗོད་པས་བསྟོད་ཅིང་མདུན་ནས་བལྟས་ཏེ་འགྲོ་ཡང་། རིང་བོར་མི་ཐོགས་པར་མལ་དུ་ཤི་ནས་མི་བཞིས་བཏེག་ཏེ་ཕ་མ་དང་། ཕུ་ནུ་ལ་སོགས་པས་ལག་པ་བཏེག་ནས་བྲང་བརྡུང་ཞིང་མྱ་ངན་གྱིས་ནོན་ཏེ་གྲོང་ཁྱེར་གྱི་ལྷོ་སྒོར་ཕྱུངས་ནས་འབྲོག་དགོན་པར་སའི་འོག་ཏུ་འཇུག་གམ། བྱ་རོག་དང་། བྱ་རྒོད་དང་། ཝ་ལ་སོགས་པས། ཟོས་ཤིང་རུས་པ་དེ་དག་མེར་བསྲེག་གམ། ཆུར་འདོར་རམ། སའི་འོག་ཏུ་བཅུག་ཀྱང་རུང་། རླུང་དང་ཉི་མ་དང་། ཆར་གྱིས་ཕྱེ་མར་བྱས་ཏེ་ཕྱོགས་ཕྱོགས་སུ་འཐོར་ཞིང་རུལ་བར་འགྱུར་རོ། རྒྱལ་པོ་ཆེན་པོ། དེ་ལྟར་འདུ་བྱེད་ཐམས་ཅད་མི་རྟག་པ། དེ་ལྟར་མི་བརྟན་པའོ། ཞེས་གསུངས་ཤིང་རང་གི་ལུས་ཞེས་གཅེས་སྤྲས་སུ་བྱེད་པ་འདི་ཉིད་འཆི་བའི་སྐབས་སུ་བབ་པ་ན་མལ་གྱི་ཐ་མ་གཅིག་ལ་ནི་ཉལ། གོས་ཀྱི་ཐ་མ་ནི་གྱོན། ཟས་ཀྱི་ཐ་མ་ནི་ཟ། གཏམ་གྱི་ཐ་མ་ནི་ལབ། གཉེན་བཤེས་བརྩེ་གདུང་ཅན་གྱིས་མཐའ་བསྐོར། སྨན་དཔྱད་དང་རིམ་གྲོས་ནི་མི་བསླུས་པར་རེ་ཐག་ཆད། འཆི་བའི་སྡུག་བསྔལ་དང་ནད་ཀྱི་ཟུག་གཟེར་དྲག་པོ་ལྡང་ཞིང་ཅི་བྱ་གཏོལ་མེད་དུ་འགྱུར། ཕྱི་ནང་དབུགས་ཀྱི་རྒྱུ་བ་ཆད་ཅིང་། བར་དོའི་སྣང་བ་དང་ཕྱི་མའི་སྐྱེ་གནས་གང་རུང་གི་སྡུག་བསྔལ་ཉམས་སུ་མྱོང་། ཕུང་པོ་ས་འོག་ཏུ་འཇུག་པའམ། མེར་བསྲེག་གམ། ཆུར་བསྐྱུར་རམ། བྱ་དང་ཁྱི་དང་གཅན་གཟན་ལ་སོགས་ཀྱིས་ཟོས་ཤིང་། རུས་པ་རྣམས་ཕྱོགས་སུ་འཐོར་ཞིང་ཆར་རླུང་ཉི་ལྷགས་ཀྱིས་སྐྱ་སོབ་སོབ་པོར་འགྱུར་ཞིང་། མིང་སྟོང་པ་ཞིག་ནི་ལུས། ནོར་རྫས་ལ་སོགས་པ་ནི། གཞན་གྱིས་སྤྱོད་ཅིང་སྤུ་ཙམ་འཁྱེར་དབང་མེད་ཅིང་རང་གི་ལུས་ཀྱང་ཤུལ་དུ་འཇོག་པའི་སྐབས་དེ་ལྟ་བུ་ལས་མ་འདས་ཤིང་དེ་ལྟར་གང་དུའང་འཆི་བས་མི་ཚུགས་པའི་གནས་མེད་དེ། ལུང་ལས། གང་དུ་ཕྱིན་ཀྱང་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་གང་ནའང་ཡོད་མ་ཡིན། །ནམ་མཁའ་ལ་མེད་རྒྱ་མཚོའི་གཏིང་ནའང་མེད། །རི་བོ་ཀུན་གྱི་ཕུག་ཏུ་ཞུགས་ཀྱང་མེད། །ཅེས་གསུངས། གཞན་ཡང་སྐྱེ་དགུའི་བདག་པོ་ཚངས་པ་དང་དབང་ཕྱུག་ཆེན་པོ་དང་། ཁྱབ་འཇུག་དང་། བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་། འོད་ཟེར་ཆེན་པོ་ལྡན་པས། ས་འོག་དང་། ས་སྟེང་དང་། ས་བླའི་འཇིག་རྟེན་གསུམ་ལ་སོགས་པ་སྐྱོང་བ་རྣམས་ཀྱང་འཆི་བའི་སྐབས་ཡོད་དེ། ཚངས་དང་བརྒྱ་བྱིན་དྲག་པོ་མིག་སྟོང་ལྡན། །སྲེད་མེད་གྱུར་ཀྱང་མི་རྟག་ཕ་རོལ་འགྲོ། །ཉི་མ་ཟླ་བ་ཡུད་ཙམ་རོལ་པ་དང་། །ས་ཆེན་གླིང་བཞིའི་འཇིག་རྟེན་སྟོང་ལ་ལྟོས། །ཞེས་དང་། བསམ་གཏན་གྲུབ་པའི་ལྷ་དང་མིའམ་ཅི། །ལྷ་མིན་དྲང་སྲོང་དཀའ་ཐུབ་དཔལ་འབར་བ། །རྒྱུད་རིང་བསྐལ་པར་གནས་པའང་མི་རྟག་ན། །མི་རྣམས་ལྟོས་མེད་དབུ་བ་རྡོས་འདྲིའི་ལུས། །སོ་སོར་འཇིག་ཅིང་འབྲལ་བ་སྨོས་ཅི་འཚལ། །ཞེས་དང་། གླིང་བཞི་པའི་དབང་ཕྱུག་འཁོར་ལོས་བསྒྱུར་རྒྱལ་དང་གཞན་ཡང་རྒྱལ་པོ་དང་བཙུན་མོ་དང་། བློན་པོ་དང་། དགེ་སྦྱོང་དང་། བྲམ་ཟེ་ཁྱིམ་བདག་ལ་སོགས་པ་རྣམས་ཀྱང་མི་རྟག་སྟེ། ཆེད་དུ་བརྗོད་པའི་ཚོམས་ལས། །རིན་ཆེན་བདུན་ལྡན་རྒྱལ་པོ་དང་། །གཞན་ཡང་རྒྱལ་ཕྲན་བློན་པོ་དང་། །དགེ་སྦྱོང་བྲམ་ཟེ་ཁྱིམ་བདག་སོགས། །འགྲོ་བ་འདི་ཀུན་མི་རྟག་སྟེ། །རྨི་ལམ་འགྲོ་བ་ཇི་བཞིན་ནོ། །ཞེས་དང་། དེ་དག་ལ་སོགས་པའི་རྟེན་སྣོད་ཀྱི་འཇིག་རྟེན་ཀྱང་མི་རྟག་པར་བསྟན་པ། ཏིང་འཛིན་རྒྱལ་པོའི་མདོ་ལས། ནམ་ཞིག་འཇིག་རྟེན་ཁམས་འདི་འབྱུང་བ་དང་། འཇིག་རྟེན་ཐམས་ཅད་ནམ་མཁར་གྱུར་པའི་ཚེ། ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། ཞེས་དང་། ངལ་གསོ་ལས། སྣོད་བཅུད་མི་རྟག་སྲིད་པ་ཆགས་འཇིག་གིས། །མེ་བདུན་ཆུ་གཅིག་རླུང་གིས་འཐོར་བའི་ཚེ། །ཁོར་ཡུག་རྒྱ་མཚོ་གླིང་དང་རིས་བསྐོར་བའི། །ལྷུན་པོ་རིན་ཆེན་བཞི་ཡང་མི་རྟག་ཅིང་། །ཐམས་ཅད་ནམ་མཁའ་གཅིག་ཏུ་འགྱུར་བའི་སྐབས། །ངེས་པར་བསམ་ཏེ་སྙིང་ནས་ཆོས་མཛོད་ཅིག །ཅེས་གསུངས། དེ་ཡང་འདོད་ཁམས་དང་གཟུགས་ཁམས་གཟུགས་མེད་ཁམས་གསུམ། འདོད་ཁམས་ལ་གནས་རིས་ཉི་ཤུ་སྟེ། ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད། ཟུང་རེ་གནས་རིར་བརྩིས་པས་བརྒྱད། ཡི་དྭགས་དང་དུད་འགྲོ་སྟེ་ངན་སོང་གི་གནས་བཅུ། གླིང་བཞི་དང་གླིང་ཕྲན་བརྒྱད་ནི་གསུམ་རེར་གནས་རེ་བརྩིས་པའི་མི་ལ་བཞི། རྒྱལ་ཆེན་རིག་བཞི། སུམ་ཅུ་རྩ་གསུམ། མཚེ་མ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་སྟེ་། མཐོ་རིས་གནས་བཅུ་དང་བསྡོམས་པས་ཉི་ཤུ། གཟུགས་ཁམས་གནས་རིས་བཅུ་བདུན་ནི། ཚངས་རིགས། ཚངས་པ་མདུན་ན་འདོན། ཚངས་ཆེན་དང་གསུམ། བསམ་གཏན་དང་པོའི་ལྷ་གནས་སོ། འོད་ཆུང་། ཚད་མེད་འོད། འོད་གསལ་དང་གསུམ་ནི་བསམ་གཏན་གཉིས་པ། དགེ་ཆུང་། ཚད་མེད་དགེ། དགེ་རྒྱས་གསུམ། བསམ་གཏན་གསུམ་པ། སྤྲིན་མེད། བསོད་ནམས་སྐྱེས། འབྲས་བུ་ཆེ་དང་གསུམ། བསམ་གཏན་བཞི་པའི་ལྷ་གནས་ཏེ། དེ་བཅུ་གཉིས་ནི་འཇིག་རྟེན་པའི་ལྷ་གནས་སོ། མི་ཆེ་བ། མི་གདུང་བ། གྱ་ནོམ་སྣང་བ་དང་། ཤིན་ཏུ་མཐོ་བ་དང་། འོག་མིན་པ་སྟེ་གཙང་མ་རིགས་ལྔ་དང་བཅུ་བདུན་ནོ། གཟུགས་མེད་བཞི་ནི། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པ། ཡོད་མིན་མེད་མིན་དང་བཞི། དེ་ལྟར་སྣོད་བཅུད་གཅིག་གི་ཆ་ཇི་སྐད་བཤད་པ་དེ་དག་ལ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཞེས་བྱ། དེ་ལྟ་བུ་སྟོང་གི་མཐར་སུམ་ཅུ་རྩ་གསུམ་པའི་གནས་དང་མཐོ་དམན་མཉམ་པའི་ལྕགས་རིས་བསྐོར་བ་ནི་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན། དེ་འདྲ་བ་སྟོང་གི་མཐར་གཞན་འཕྲུལ་དབང་བྱེད་དང་མཉམ་པའི་ལྕགས་རིས་བསྐོར་བ་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན། དེ་ལྟུ་བུ་སྟོང་གི་མཐར་བསམ་གཏན་དང་པོའི་མཐོ་ཁྱད་དང་མཉམ་པའི་ལྕགས་རིས་བསྐོར་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས། དེ་དག་དང་གཞན་ཡང་ཕྱོགས་བཅུ་ན་འཇིག་རྟེན་གྱི་ཁམས་ནམ་མཁའི་མཐས་གར་ཁྱབ་ན་ཁྱབ་པ་ཐམས་ཅད་དང་ཁྱད་པར་མི་མཇེད་ཀྱི་འཇིག་རྟེན་ཅེས་བྱ་བ་སེམས་ཅན་རྣམས་དུག་གསུམ་འདྲེས་མར་གྱུར་པས་མི་མཇེད་པའི་ཕྱིར་མི་མཇེད་ཅེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་དུག་གསུམ་ལ་སོགས་པར་བཟོད་ཐུབ་པས་མི་མཇེད་ཅེས་གྲགས་པ་འདི་ཡང་ཆགས་པ་དང་གནས་པ་དང་འཇིག་པ་དང་། སྟོང་པ་བཞི་ཡུན་རིང་ཐུང་དུས་མཉམ་པ་སྟེ། དང་པོ་ལེགས་པར་ཆགས། ད་ལྟ་ལེགས་པར་གནས། མཐར་འཇིག་པའི་དུས་སུ་མེ་བདུན་གྱིས་བསྲེག་ཅིང་ཐམས་ཅད་ཚིག་ནས་ཐལ་བར་བྱེད་ཅིང་། ཐལ་བ་དེ་ཆུས་བཤལ་རླུང་གིས་གཏོར་ནས་མཐར་ནམ་མཁའ་གཅིག་ཏུ་གྱུར་པའི་སྐབས་ཡོད་དེ། ཕྱི་སྣོད་ཀྱི་འཇིག་རྟེན་འཇིག་པའི་དཔེས་ནང་བཅུད་ཀྱི་སེམས་ཅན་ཀྱང་མི་རྟག་པའི་རང་བཞིན་དུ་བལྟ་བར་བྱ་སྟེ། དང་པོ་སེམས་ཉིད་ནམ་མཁའ་ལྟ་བུའི་ངང་ལས་མ་རིག་པའི་དབང་གིས་ལུས་ཀྱི་གྲུབ་གཞི་འབྱུང་བས་བསྐྱེད་ཅིང་ལུས་རིིམ་པར་ཆགས་བར་དུ་གནས། མཐར་འཆི་བའི་སྐབས་སུ་འབྱུང་བ་བསྡུད་པས་རྣམ་ཤེས་དང་ལུས་རྟེན་འབྲལ་ཏེ་ལུས་ཀྱང་ཕྱེ་མ་རྡུལ་ཕྲན་དུ་འགྱུར་བའི་རང་བཞིན་ཏེ། བཤེས་སྤྲིང་ལས། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེག་པའི་ལུས་ཅན་འདི་དག་ཀྱང་། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམས་ཆུང་མི་ལྟ་སྨོས་ཅི་འཚལ། །ཞེས་དང་། ཡེ་ཤེས་རྒྱས་པའི་རྒྱུད་ཕྱི་མ་ལས། །རླུང་ཁམས་ཆུ་དང་མེས་སྨིན་པའི། །ལུས་ཀྱི་འཇིིག་རྟེན་སྣོད་དུ་ཆགས། །རྩ་དང་རླུང་དང་ཁམས་དངས་མ། །འབྱུང་ཆེན་བཞི་ཡི་སྦུབས་དག་གི། འོད་གསལ་འགྱུར་བ་མེད་བཞུགས་དག །མཁའ་ཁྱིམ་དག་ཏུ་འཕོ་བ་ན། །འབྱུང་དང་རྩ་དང་རླུང་དང་ཁམས། མེ་ཡིས་བདུན་བཞིན་ཞིག་པ་ལས། །འབྱུང་བའང་ཐིམ་པ་ཆུ་ཡིས་གཅིག །ཕྲ་རགས་འགགས་པ་རླུང་གིས་འཐོར། །འོད་གསལ་ལ་ཞུགས་ནམ་མཁའི་ཁམས། །གདོད་ནས་ མགོནཔོབྱང next hit་ཆུབ་ནི། །མ་འཁྲུལ་གཞི་ལ་མཐར་ཕྱིན་ཏོ། །ཞེས་དང་། འཇིག་རྟེན་འདིར་བྱོན་ཟིན་པའི་སངས་རྒྱས་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབས་དང་། འཁོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུང་དང་། ཤཱཀྱ་ཐུབ་པ་རྣམས་སྐུ་མཚན་དཔེའི་གཟི་འོད་འབར་བ། གསུང་ཅ་ཅོ་མེད་པ། ཐུགས་དྲི་མ་མེད་པ་སྟེ། །རྡོ་རྗེ་ལྟ་བུར་བརྟན་པ་རྣམས་དང་། དེ་དག་གི་འཁོར་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱང་མྱ་ངན་ལས་འདས་ཤིང་བསྟན་པ་དང་། དམ་པའི་ཆོས་རྣམས་ཀྱང་རིམ་གྱིས་ནུབ་པར་གྱུར་པ་དང་། ཡུལ་གྲུ་ཐ་དད་པའི་བླ་མ་མཁན་པོ་སློབ་དཔོན་དགེ་བའི་བཤེས་གཉེན་བཤད་སྒྲུབ་ཀྱི་བསྟན་པའི་འཕེལ་འགྲིབ་སྔོན་བྱོན་གི་ལོ་རྒྱུས་ཆོས་འབྱུང་དེབ་ཐེར་ལ་སོགས་པ་རྣམས་ཀྱང་ཞི་བར་གཟིམས་པའི་གཏམ་ཁོ་ན་ཉིད་དེ་མི་རྟག་པའི་ཚོམས་ལས། མཚན་སྟོང་གིས་འབར་བདེ་གཤེགས་སྙིང་པོའི་སྐུ། །བསོད་ནམས་བརྒྱ་ལས་གྲུབ་པའང་མི་རྟག་ན། །དབུ་བ་རྡོས་འདྲ་ཡིད་བརྟན་མི་རུང་བའི། །རང་གི་ལུས་འདི་ངེས་པར་ཅེས་མི་འཇིག །འགྲོ་བའི་དོན་གཤེགས་རྒྱལ་བ་ཉི་མ་འདྲ། །དམ་ཆོས་མཛོད་ཀྱི་ཟླ་བ་ནུབ་ལ་ལྟོས། །རང་གི་ཕུན་ཚོགས་འཁོར་དང་ལོངས་སྤྱོད་ཀུན། །རྟག་པ་མེད་པ་ཉིད་དུ་མཁྱེན་འཚལ་ལོ། །ཞེས་དང་། སྔར་བྱུང་བའི་གྲོང་ཁྱེར་སྡེ་དགོན་དར་ཞིང་རྒྱས་པ་རྣམས་ད་ལྟ་ཞིག་རལ་སྟོངས་ཤིང་རོ་ཧྲུལ་འབའ་ཞིག་ཏུ་གྱུར་པ་རྣམས་ལ་བསམ་ནའང་འདུས་བྱས་ཀྱི་ཆོས་ཏེ་དཔེར་ན་རང་གི་ལུས་གྲོང་ཁྱེར་ལྟ་བུ། སེམས་མི་ལྟ་བུ་འདུས་བྱས་འཇིག་པའི་ཆོས་ཉིད་དེ་ནམ་ཡོང་སྙམས་དུ་བསམ་ནས་བློ་སྣ་བསྟུང་དགོས་སྟེ། ངལ་གསོ་ལས། འབྱུང་བཞི་འདུས་པའི་ལྡིང་ཁང་སེམས་པ་ཅན། །གཡོ་བའི་ཀུན་རྟོག་སྐྱེ་བོས་བརྒྱན་པ་ཡང་། །རྐྱེན་ལས་སྐྱེས་ཕྱིར་འདུས་བྱས་འཇིག་པའི་ཆོས། །གྲོང་ཁྱེར་རྙིང་པ་བཞིན་དུ་མི་རྟག་གིས། །མྱུར་བ་ཉིད་དུ་དམ་པའི་ཆོས་མཛོད་ཅིག །ཅེས་དང་། ཕྱི་སྣང་བ་ཡུལ་གྱི་འཕོ་འགྱུར་ལ་བསམ་ན་སྐྱེས་ནས་མ་ཤི་བའི་ཚེ་ཐར་དུ་ལུས་པ་གཅིག་ཀྱང་མེད་ལ་སྔར་བྱུང་བའི་ལོ་བརྒྱ་ཡན་ཆད་ཀྱི་མི་རྣམས་གཅིག་ཀྱང་མེད་ལ། ད་ལྟའི་འགྲོ་བ་དང་མ་འོངས་པ་རྣམས་ཀྱང་དེ་དང་མཚུངས་ཤིང་དུས་ཀྱི་ལོ་ཐོག་བརྗེ་བ་ལྟར་རིམ་གྱིས་མེད་པར་འགྱུར་ཞིང་། ཡུལ་མི། ཁྱིམ་མཚེས་གཉེན་གྲོགས། ན་ཟླ་དང་སྤུན་སྲིང་། དགྲ་སྡང་བ། སྒོ་ཁྱི། རྟ་ཕྱུག་རང་གཞན་གྱི་ཁང་ཁྱིམ་ཡུལ་འབྲོག་གནས་གཞི་ཐམས་ཅད་དར་རྒུད་འཕོ་འགྱུར་བྱུང་བ་དང་། ཆོས་དང་ཆོས་མིན་གྱི་བྱ་བ་དགག་སྒྲུབ་རྟག་རྟག་པོ་བརྟན་བརྟན་དུ་བྱས་པ་ཐམས་ཅད་ཀྱང་ཆུ་ལ་རི་མོ་བྲིས་པ་ལྟར་འགྱུར་བ་ནི། རྒྱ་ཆེ་རོལ་པ་ལས། འདོད་པའི་ཡོན་ཏན་འདི་དག་ཆུ་ཟླ་འདྲ། །གཟུགས་བརྙན་མཚུངས་ཤིང་བྲག་ཅ་འདྲ་བ་དང་། །མིག་ཡོར་དག་དང་གར་ལ་བལྟ་བ་དང་། །རྨི་ལམ་སྙམ་པར་སྐྱེས་པར་ཤེས་པར་གྱིས། །ཞེས་དང་། མྱ་ངན་འདས་པ་ལས། དར་བ་ཡོད་ན་རྒུད་པ་ཡོད། །འདུས་པ་ཡོད་ན་འབྲལ་བར་འགྱུར། །ལང་ཚོ་དེ་ཡང་མི་རྟག་སྟེ། །དར་བའི་མདོག་ཀྱང་ནད་ཀྱིས་འཕྲོག །རྟག་པའི་ཆོས་ནི་གང་ཡང་མེད། ཅེས་དང་། གལ་ཏེ་ལོ་བརྒྱ་ཕྲག་ཏུ་འཚོ་རྒྱུ་ཞིག་ཡིན་སྲིིད་ནའང་། དེ་རིང་ནས་བརྩི་རྒྱུ་མིན་ཏེ། །སྔར་ལོ་གྲངས་ཅི་ཙམ་ཞིག་འདས། །ད་ཕྱིན་ཆད་རིམ་གྱིས་བསྣོན་པ་མེད་ཅིང་འབྲིད་པར་འགྱུར་བ་ནི། སྐད་ཅིགཐང་ཅིག །ཡུད་ཙམ། ཉིན་མཚན། ཟླ་བ། དབྱར་དགུན་སྟོན་དཔྱིད་དུས་བཞི་དང་ལོ་དང་བསྐལ་བ་སོགས་རིམ་གྱིས་འཛད་པར་འགྱུར་བ་ཡང་མི་རྟག་པ་སྟོན་པའི་སློབ་དཔོན་སྟེ། །སྤྱོད་འཇུག་ལས། ཉིན་མཚན་སྡོད་པར་ཡོང་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །སྣོན་པ་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། ཞེས་དང་། །རྒྱ་ཆེ་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་པ་ལྟར། ཕྱི་སྣང་བའི་ཡུལ་དང་། ནང་དགག་སྒྲུབ་ཀྱི་བློ་དང་། དབུགས་ཀྱི་འགྲོ་འོང་ལ་སོགས་པ་ཐམས་ཅད་ཀྱང་མི་བརྟན་པར་མཚུངས་ཏེ། དགོངས་པ་ངེས་པར་འགྲེལ་བ་ལས། དབུགས་ཀྱི་འགྲོ་འོང་གནས་པ་མི་རྟག་ཏེ། །སྤྲིན་དང་ན་བུན་སེར་བུ་དུད་པ་འདྲ། །རྐྱེན་མེད་རང་སར་ཡལ་བ་གྱུར་ལ་ལྟོས། །ཞེས་དང་། །སེམས་ཅན་གཞན་དང་ཁྱད་པར་མི་ཡི་ལུས། །རྒྱལ་ཁམས་གཞན་དང་རང་གི་ཡུལ་རྣམས་སུ། །ཉེ་རིང་དགྲ་གཉེན་ཤི་བའི་དཔེ་མཐོང་ནས། །བདག་ཉིད་འཆི་བར་མི་ཤེས་འགྲོ་བ་བླུན། །ཞེས་སོ། དེ་ལྟར་ཚེ་རིམ་གྱིས་འབྲིད་པར་མ་ཟད་འཆི་རྐྱེན་བློ་བུར་བ་མང་བས་འདིས་མི་འཆི་བྱ་བ་མེད་དེ། རིན་ཆེན་ཕྲེང་བ་ལས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པའི་རྐྱེན་ནི་ཅུང་ཟད་གཅིག །དེ་དག་ཉིད་ནི་འཆི་བའི་ཡང་། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་དང་། གསོ་བ་རིག་པ་ཙ་ར་ཀ་ལས། བརྒྱ་དང་གཅིག་ནི་ཀུན་བརྟགས་གདོན་གྱི་ནད། །བརྒྱ་དང་གཅིག་ནི་འཕྲལ་འབྱུང་རྐྱེན་གྱི་ནད། །བརྒྱ་དང་གཅིག་ནི་འབྱུང་འདུས་གཞི་ཡི་ནད། །བརྒྱ་དང་གཅིག་ནི་རང་བཞིན་སྔོན་གྱི་ལས། ཞེས་ནད་རིགས་བཞི་བརྒྱ་རྩ་བཞི་དང་། ཡང་ན་རླུང་མཁྲིས་བད་ཀན་འདུས་པ་བཞི་ལ་བརྒྱ་དང་རེ་རེ་ལྡན་པར་བཤད་པ་དང་། བྱད་ཕུར་རྦོད་གཏོང་གི་ལས་ལ་སྦྱར་བ་དང་། སྔོན་ལས་འཕྲལ་རྐྱེན་གྱི་བགེགས་རིགས་ཀྱི་འཚེ་བ་དུག་མཚོན་ངན་གཡོའི་སྒྱུ་ཐབས་སོགས་ཤིན་ཏུ་མང་སྟེ། །ངལ་བསོ་ལས། ཁྱད་པར་མི་ཡི་འཇིག་རྟེན་འཚེ་བ་མང་། །ནད་གདོན་གནོད་པ་དུ་མའི་གཞིར་གྱུར་ཅིང་། །མཚོན་དང་མེ་དང་གཡང་ས་གཅན་གཟན་དུག །རྒྱལ་པོ་དགྲ་དང་ཆོམ་རྐུན་ལ་སོགས་ཀྱིས། །འཚོ་བའི་སྲོག་འཇོམས་ཕུན་ཚོགས་འཇིག་པར་བྱེད། །ཅེས་དང་། ལུང་ལས། ཁ་གཅིག་ཟས་ཀྱིས་བརྣངས་ནས་འཆི། །ལ་ལ་སྨན་གྱིས་འཆི་བའང་ཡོད། །མི་མཐུན་རྐྱེན་ལྟ་ཅི་ཞིག་སྨོས། །དེ་བས་ངེས་པ་འགའ་མེད་དོ། །ཞེས་གསུངས་པ་ལྟར་རླུང་འཚུབ་ཀྱི་དཀྱིལ་ན་སྒྲོན་མེ་ཁྱེར་བའམ། ཆར་སྤྲིན་གྱི་ཁྲོད་ན་གློག་འགྱུ་བའམ། འབུ་དོང་གང་ནས་བྱེའུས་ཏོག་ཏོག་འཁྱེར་བ་བཞིན་གཡོ་ཞིང་འགྱུར་བའི་ཆོས་ཅན་ལ་ཚེ་འདི་སྣང་གི་བྱ་བཞག་གང་གིས་ཀྱང་འཆི་བ་བསླུས་མི་ཐུབ་སྟེ། འཇམ་དཔལ་རྣམ་པར་རོལ་པ་ལས། ཕ་མ་ཁྱོད་ཀྱི་སྐྱབས་མ་ཡིན། །མཛའ་བཤེས་རྩ་ལག་རྣམ་ཀྱང་མིན། །དེ་དག་གིས་ནི་ཁྱོད་བོར་ནས། །རང་ཉིད་གཅིག་པུ་ཕྱི་མར་འགྲོ། །ཞེས་དང་། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འཆི་བར་གྱུར་ཚེ་གནས་དང་ལོངས་སྤྱོད་དང་། །གཉེན་དང་དཔའ་རྩལ་དཔུང་གཉེན་ལ་སོགས་ཀྱིས། །བསྟོངས་པ་འགའ་མེད་དམ་པའི་ཆོས་སྒྲུབ་ཤིག །ཅེས་པ་ལྟར་བརྟེན་པའི་གནས་ཁང་བདག་པའི་ས་རིས། བརྩིགས་པའི་མཁར། བསགས་པའི་ནོར་རྫས་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད། ཕྱུག་པོའི་བང་མཛོད། མཁོ་དགུའི་འབྱོར་པ། འབྲེལ་ཞིང་འགྲིས་པའི་གཉེན་གྲོགས་མཆིས་བྲང་། འཁོར་སྲིད་སྡེ་གང་གིས་མི་བསྟོངས་ཤིང་། ལུས་ཀྱི་ལང་ཚོ་དང་དཔའ་བོའི་རྩལ། མགྱོགས་པའི་བང་། བློ་གྲོས་ཀྱི་འཕྲུལ། སྨྲ་མཁས་ཀྱི་ཤགས། དེས་ཤིང་དུལ་བའི་སྤྱོད་ལམ་དྲག་པོའི་ལས། ངན་པའི་གཡོ་རྒྱུ། མི་ལག་གི་ར་མདའ་གསང་སྔགས་རིགས་སྔགས་རྫུ་འཕྲུལ་མངོན་ཤེས་སྨན་རྩིས་མོ་པྲ་ལྷ་དང་སྲུང་མ་གང་གིས་ཀྱང་མི་བསྟོངས་བར་རང་ཉིད་གཅིག་པུ་མལ་གྱི་དཀྱིལ་ནས་སྤུ་བཏོན་པ་ལྟར་འགྲོ་དགོས་ཏེ། འདུལ་བ་ལུང་ལས། འདི་ན་མཐུ་ཆེན་གནས་མཐོ་བར། །གནས་པའི་ལྷ་ཚེ་རིང་པོ་ཡང་། །ཚེ་ཟད་ཉམས་པར་འགྱུར་བས་ན། །འཆི་ལས་དེ་རིང་སུ་ཞིག་ཐར། །དཔའ་བརྟུལ་གྱིས་ཀྱང་སྐྱོབས་ནུས་མིན། །རྒྱལ་པོ་སྡོམ་བཙོན་དཀའ་ཐུབ་དང་། །ལས་དང་བཙོན་འགྲུས་བརྟུལ་ཕོད་དང་། །འཁོར་ཚོགས་རྒྱ་ཆེན་བློ་གྲོས་ཀྱིས། །འཆི་ལས་ཇི་ལྟར་ཐར་མི་ནུས། །ཞེས་དང་། སློབ་དཔོན་ཆེན་པོ་པདྨས། མི་རྟག་ཡེངས་མེད་འཆི་བས་བསྐུལ་མ་གདབ། །ཉིན་མཚན་ཐུན་བཅད་རྟག་ཏུ་བསྒོམ་པར་བྱ། །ཞེས་འཆི་བ་མི་རྟག་པ་སྙིང་ལ་ཟུག་ན་སྐྱོ་ཤས་དང་ངེས་འབྱུང་མི་འོངས་བའི་ཐབས་མེད་ཅིང་ལུས་ལོངས་སྤྱོད་འཁོར་སྙན་གྲགས་ཚེ་འདིའི་སྣང་ཤེས་ཐམས་ཅད་ལ་དགོས་མེད་དང་ལོངས་མེད་རྒྱུད་ལ་སྐྱེ་བར་འགྱུར་ཏེ། མཁས་པ་དག་གི་གསུངས་ལས། ཚོལ་བའི་ཚེ་ན་ཉོན་མོངས་རྒྱ་ཡིས་རྟེན། །རྙེད་ནས་སྤྱོད་པར་འདོད་ཚེ་སེར་སྣའི་གཞི། གལ་ཏེ་གཞན་གྱིས་ཕྲོགས་ན་སྨྲེ་སྔགས་རྒྱུ། །ཤི་ནས་ཕན་པ་མེད་པའི་ནོར་གྱིས་ཅི། །ཞེས་དང་། འདོད་པ་ཆུང་ན་འཕགས་པའི་རིགས་ཡིན་ཞིང་། །འདོད་པ་ཟད་ན་འཕགས་པ་དངོས་ཡིན་པས། །རྟགས་ཏུ་འདོད་པ་ཆུང་ལ་བསླབ་པར་བྱ། །ཞེས་ཆོས་ལ་སྤྱོད་པའི་བསྐུལ་མ་མི་རྟག་པ་རྒྱུད་ལ་ལེགས་པར་སྐྱེས་ན་འཁོར་བའི་ཆོས་ལ་ཞེན་པ་ལྡོག་ཅིང་དགྲ་གཉེན་ལ་ཆགས་སྡང་མེད་པ་དང་། རྟགས་ཏུ་དགེ་བའི་ལས་ལ་བརྩོན་པ་ངང་གིས་འབྱུང་བས་ཐར་པ་འདོད་པ་རྣམས་ཀྱིས་དུས་གཏན་དུ་ཁ་གཏིང་འདྲེས་པའི་ཉམས་ལེན་བྱའོ། །གསུམ་པ་སེམས་ཅན་རྣམས་ཀྱི་ལས་ཀྱི་འབྲས་བུ་མྱོང་བའི་ཚུལ་བསམ་པ་ལ། མདོར་བསྡུས་ཏེ་གཞུང་རྩ་བ་ལས་བཤད་པ་བསྟེན་པ་དང་། ཅུང་ཟད་རྣམ་པར་ཕྱེ་སྟེ་མདོ་རྒྱུད་ཀྱི་དགོངས་དོན་བཤད་པའོ། །དང་པོ་ནི། ཀུན་གཞི་མ་རིག་པ་ལས་བྱུང་བའི་ཁམས་གསུམ་གྱི་འགྲོ་བ་རིགས་དྲུག་གི་སེམས་ཅན་འདི་ཐམས་ཅད་ལས་ཀྱི་འབྲས་བུ་ཁོ་ནས་བྱས་ཤིང་༔ ལས་ཀྱི་རང་བཞིན་ལས་ཤར་བ་ཡིན་པས༔ ལས་ཀྱི་འབྲས་བུ་ནི་མི་བསླུ་བ་ཉིད་དེ༔ ལས་ལ་ཡིད་ཆེས་པས་འབྲས་བུ་དགེ་སྡིག་གི་འདོར་ལེན་ལ་སྤྱོད་པ་ལམ་འཁྱེར་དུ་བརྩོན་པར་བྱའོ༔ ཞེས་གསུངས་གཉིས་པ་ནི། འཁོར་འདས་གང་དུའང་མ་ཕྱེ་བ་དབྱིངས་དེ་བཞིན་ཉིད་ནམ་མཁའ་ལྟ་བུའི་ངང་ལ་རིག་པ་ཡེ་ནས་འདུས་མ་བྱས་པའི་རང་བཞིན་ལྷུན་གྲུབ་ཏུ་བརྟན་པའི་ཆ་ལས་བཏགས་པའི་མིང་གི་རྣམ་གྲངས། མདོ་སྡེ་རྣམས་ལས་དེ་བཞིན་གཤེགས་པའི་སྙིང་པོ། ཁམས་དང་། རིག་པ། སེམས་ཀྱི་རང་བཞིན་འོད་གསལ་བ། ཆོས་ཀྱི་དབྱིངས། དོན་དམ་བདེན་པ། གནས་ལུགས་དེ་ཁོ་ན་ཉིད་ཀྱི་དོན་རང་བཞིན་གྱིས་དག་པའི་དེ་བཞིན་ཉིད། ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པ། རྒྱུད་སྡེ་རྣམས་སུ། སྟོང་གསལ་གཉིས་སུ་མེད་པའི་བདེན་པ་དབྱེར་མེད་དང་། གནས་ལུགས་དོན་གྱི་ཀུན་གཞི། སྦྱོར་བ་དོན་གྱི་ཀུན་གཞི། ཐོག་མ་མེད་པའི་ཆོས་ཁམས་དགེ་བ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། འོད་གསལ་ཕྱག་རྒྱ་ཆེན་པོ་དང་། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་དང་། རང་གནས་ཀྱི་ཡེ་ཤེས་དང་། ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་དང་། དང་པོའི་སངས་རྒྱས་སོགས། རྟེན་གཞི་འབྱུང་ཁུངས། བྲལ་རྒྱུ་བྱེད་པ་ལ་སོགས་པའི་ཆ་ནས་བཏགས་པ་ཤིན་ཏུ་མང་སྟེ། དེ་ཉིད་མ་རིག་པས་གཞི་བྱས་ཏེ་འཁོར་བའི་ཆོས་རྣམ་ཤེས་ཚོགས་བརྒྱད་བག་ཆགས་དང་བཅས་པ། དགེ་མི་དགེའི་རང་བཞིན་འདུས་བྱས་ཐམས་ཅད་བརྟེན་པས་བདེ་སྡུག་སྣ་ཚོགས་སུ་འཆར་བའི་ཆ་ནས་བག་ཆགས་སྣ་ཚོགས་པའི་ཀུན་གཞི་དང་། ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། ཐོག་མཐའ་མེད་པའི་སྒྲིབ་པ་དང་། མུན་པ་ཆེན་པོ་དང་། ཡེ་ནས་གནས་པའི་མི་ཤེས་པ་ལ་སོགས་མང་དུ་བཤད་ཅིང་། འཇམ་དཔལ་ཡེ་ཤེས་དྲི་མ་མེད་པའི་མདོ་ལས། ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །འཁོར་དང་མྱ་ངན་འདས་པ་དང་། །རྣམ་པར་བྱང་བའི་གཞི་མ་ཡིན། །ཅེས་དང་། རྒྱུད་བླ་མའི་འགྲེལ་པ་ལས། ཐོག་མཐའ་མེད་པ་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །འདི་ཡོད་པས་ནི་འགྲོ་ཀུན་དང་། མྱ་ངན་འདས་པ་ཐོབ་པ་ཡིན། །ཞེས་སོ། དེའང་སེམས་ཉིད་གདོད་ནས་དག་པ་ཆོས་ཀྱི་སྐུའི་རང་བཞིན་དེ་ཉིད་ལྷན་ཅིག་སྐྱེས་པའི་མ་རིག་པས་ངོ་མ་ཤེས། ཀུན་ཏུ་བཏགས་པའི་མ་རིག་པའི་དབང་གིས་བག་ཆགས་རྣམ་པ་གསུམ་སྟེ། གཟུང་བ་ཡུལ་གྱི་བག་ཆགས་ཕྱི་ནང་གང་ནའང་མེད་ཀྱང་། ཕྱི་ལྟར་དུ་སྣང་བའི་སྣོད་བཅུད་ཀྱི་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་ཡུལ་ལྔ་ཞེས་གཞན་དང་། འཛིན་པ་དོན་གྱི་བག་ཆགས་ཀུན་གཞི་མ་རིག་པའི་དབང་གིས་སྒོ་ལྔ་དང་། ཀུན་གཞིའི་རྣམ་ཤེས། ཡིད་ཀྱི་ཤེས་པ་ཉོན་མོངས་པའི་ཡིད་ཅན་སྟེ། རྣམ་ཤེས་ཚོགས་བརྒྱད་ལ་སོགས་པ་འཛིན་པའི་རྣམ་པར་རྟོག་པ་སེམས་དང་ཡིད་དང་རྣམ་པར་ཤེས་པ་གསུམ་མཚུངས་པར་ལྡན་པ་ཀུན་ཏུ་འགྲོ་བའི་བདག་ཉིད་དུ་གནས་པ། འཁྲུལ་པ་ལུས་ཀྱི་བག་ཆགས་རྣམ་ཤེས་དེ་དག་བརྟེན་པའི་འགྲོ་དྲུག་གི་གཟུགས་ཡན་ལག་ཉིང་ལག་དུ་མའི་ཚོགས་འདུས་ཤིང་འབྲལ་བས་ལུས་ཞེས་བརྗོད་པ། དེ་ལྟར་བག་ཆགས་གསུམ་གྱིས་དུས་གསུམ་ཀུན་ཏུ་འཁྲུལ་ཞིང་ཁམས་གསུམ་འཁྲུལ་པའི་རྟེན་དུ་གྱུར་པ། ལུས་ངག་ཡིད་གསུམ་ལ་འདོད་པ་དང་གཟུགས་དང་། གཟུགས་མེད་པའི་ཁམས། སྣང་བ་དང་། ཕྱེད་སྣང་དང་། མི་སྣང་བའི་རང་བཞིན་ཅན་ལ་མི་རྟག་ཅིང་སྡུག་བསྔལ་དང་། འགྱུར་བ་དང་། འདུ་བྱེད་དེ་སྡུག་བསྔལ་གསུམ་གྱི་ཡོངས་སུ་ཁྱབ་པ། དེའང་བདེ་བ་དང་སྡུག་བསྔལ་གྱི་རྒྱུ་ནི། ལས་དགེ་བ་དང་། མི་དགེ་བ་གཉིས་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། དགེ་བ་ལས་ནི་བདེ་བ་དང་། །དེ་བཞིན་བདེ་འགྲོ་ཐམས་ཅད་དོ། མི་དགེ་བ་ལས་སྡུག་བསྔལ་དང་། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་སོ། བསྒྲུབ་པར་བྱ་བ་དགེ་བའི་ལས་ནི། སེམས་ཅན་གྱི་སྲོག་སྐྱོབས་པ། སེར་སྣ་མེད་པར་སྦྱིན་པ་གཏོང་བ། ཚངས་པ་མཚུངས་པར་སྤྱོད་པ་ལ་གནས་པ་སྟེ། །ལུས་ཀྱི་ལས་གསུམ། རྫུན་མེད་བདེན་པར་སྨྲ་བ། ཞི་ཞིང་འཇམས་པར་སྨྲ་བ། མི་མཐུན་པ་བསྡུམས་པ། གཞན་གྱི་ཡོན་ཏན་བརྗོད་པ་སྟེ་ངག་གི་བཞི། །འདོད་པ་ཆུང་ཞིང་ཆོག་ཤེས་པ། གཞན་ལ་བྱམས་པ། ལས་འབྲས་ལ་ཡིད་ཆེས་པ་སྟེ་ཡིད་ཀྱི་ལས་གསུམ་མོ། དེ་དག་རང་གི་རྒྱུད་ལ་རྟག་ཏུ་བསྒྲུབ་པར་བྱ་བ་ལ་བལྟོས་ནས་སྒྲུབ་ཚུལ་བཅུ་ཡིན་ནོ། །དབུས་མཐའ་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་བསྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་གཞལ་དུ་མེད། །ཅེས་དང་། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོག་པ་ལས་ཀྱང་དེ་དང་མཐུན་པར་གསུངས་སོ། །དོན་དེ་རྣམས་ལ་རང་གིས་ཅི་ནུས་སུ་བསླབ་བྱ་སློབ་ཚུལ་ལ་བལྟོས་ནས་བཅུ་ཡིན་ནོ། །ཡང་སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཕ་རོལ་ཕྱིན། །ཞེས་གོང་གི་བསྒྲུབ་ཚུལ་དང་དོན་མཚུངས་ཤིང་རང་གཞན་ཐུན་མོང་གི་རྒྱུད་བསྐུལ་བའི་ཚུལ་ལ་བལྟོས་ནས་ཕ་རོལ་ཏུ་ཕྱིན་པ་བཅུའོ། དགེ་བ་བཅུ་དང་བསམ་གཏན་གཟུགས་མེད་བཞིའི་བསྒོམ་པ་མ་འབྲེལ་ན་རྣམ་སྨིན་གྱི་འབྲས་བུ་མཐོ་རིས་ལྷ་མིའི་བདེ་བ་ལ་ལོངས་སྤྱོད་བསོད་ནམས་ཀྱི་ལས་ཞེས་བྱའོ། །བསམ་གཟུགས་བསྒོམ་པས་འབྱོངས་ན་གཟུགས་ཁམས་དང་གཟུགས་མེད་དག་ཏུ་སྐྱེ་བ་ཟག་བཅས་ཀྱི་དགེ་བ་ཡིན་ལ་མི་གཡོ་བའི་ལས་ཞེས་བྱའོ། །དགེ་བ་ཡིན་ཀྱང་ང་རྒྱལ་དང་ཕྲག་དོག་སོགས་བསམ་པ་མ་དག་པས་ནི་ལྷ་མིན་དུ་སྐྱེ་བར་མདོ་ལས་བཤད་དོ། །བདག་པོའི་འབྲས་བུ་ཡུལ་ལ་སྨིན་པས་མེ་ཏོག་དང་འབྲས་བུས་བརྒྱན་ཞིང་འཚེ་བ་མེད་ལ་བགྲོད་བདེ་བ་ལ་སོགས་པ་རྒྱུ་མཐུན་གྱི་འབྲས་བུ་ལ་བྱེད་པ་རྒྱུ་མཐུན་དགེ་བཅུ་བྱེད་པར་སྤྲོ་ཞིང་། མྱོང་བ་རྒྱུ་མཐུན་གྱིས་ཚེ་རིང་བ་དང་ནད་མེད་པ་ལོངས་སྤྱོད་དང་ལྡན་པ་ཁྱིམ་ཐབ་དགྲ་ཟླ་མེད་པ་སྟེ། ལུས་ཀྱི་དགེ་འབྲས་ཀུན་གྱིས་བསྟོད་པ་དང་སྙན་པར་གྲགས་པ། མཐོང་ན་ཡིད་དུ་འོང་ཞིང་འཁོར་འདུན་པ། ཚིག་ཡིད་ཆེས་པའི་གནས་སུ་འཛིན་པ་སྟེ་ངག་གི་དགེ་འབྲས། བསམ་པ་བཞིན་དོན་ཐམས་ཅད་འགྲུབ་པ་དང་། ཕ་རོལ་གྱིས་མཐོང་ན་དགའ་ཞིང་ཡིད་དུ་འོང་བ། རྒྱུ་འབྲས་ལ་ཡིད་ཆེས་པའི་ལྟ་བ་དང་ལྡན་པ་སྟེ་ཡིད་ཀྱི་དགེ་འབྲས་སོ། ཉན་རང་བྱང་སེམས་གསང་སྔགས་ཏེ་ཐེག་པ་གསུམ་གྱི་ལམ་དུ་སྐྱེས་བུ་གསུམ་གྱི་སོ་སོའི་སེམས་བསྐྱེད་ནས་བྱང་ཕྱོགས་སོ་བདུན་དང་། ཚད་མེད་བཞི་དང་། ཕ་རོལ་ཕྱིན་དྲུག་ལ་སོགས་པ་དགེ་བ་གང་དག་སྦྱོར་བ་སེམས་བསྐྱེད། དངོས་གཞི་སྦྱིན་པ་ལྟ་བུ་ལ་དཔེར་མཚོན་ན། སྦྱིན་པ་དང་། གཏོང་ཡུལ། གཏོང་མཁན་གསུམ་མཚན་འཛིན་མེད་པ་རྨི་ལམ་ལྟ་བུ་འཁོར་གསུམ་བདེན་ཞེན་མེད་པ་ནི་དམིགས་པ་མེད་པ། རྗེས་རྨི་ལམ་རྒྱུ་མ་ལྟ་བུའི་བསྔོ་བ། དེ་གསུམ་གྱིས་ཟིན་པའི་དགེ་བ་ནི། ཟག་མེད་ཀྱི་དགེ་བ་སྟེ་སངས་རྒྱས་ཀྱི་ལམ་མམ་རྒྱུ་བྱེད་པས་ཐར་པ་ཆ་མཐུན་དང་། དེ་ལྟ་བུའི་ཤེས་རབ་ཀྱིས་མ་ཟིན་པ་ནི་ཟག་བཅས་ཀྱི་དགེ་བ་སྟེ་བསོད་ནམས་ཆ་མཐུན་ཞེས་བྱའོ། དགེ་བ་དང་སྡིག་པའི་ལས་ཕྲ་མོས་ཕན་གནོད་མི་བྱེད་སྙམས་ན་མ་ཡིན་ཏེ། །ཆེད་དུ་བརྗོད་པའི་ཚོམས་ལས། སྡིག་པ་ཆུང་བྱས་བདག་ཉིད་ཀྱི། །ཕྱི་བཞིན་མ་འོངས་མ་བསམ་ཤིག །ཆུ་ཡི་ཐིག་པ་ལྷུང་བ་ཡིས། །སྣོད་ཆེན་གང་བ་ཇི་བཞིན་དུ། །རྒྱལ་བའི་བསྟན་པ་གང་བར་འགྱུར། །ཞེས་སོ། སྤང་བར་བྱ་བ་སྡིག་པའི་ལས་ནི། །འདོད་ཆགས་ཞེ་སྡང་གཏི་མུག་བཅས། །དེས་བསྐྱེད་ལས་ནི་མི་དགེ་བའོ། །ཞེས་པས། མི་དགེ་བའི་ལས་ལ་རྣམ་གྲངས་མང་ཡང་གལ་ཆེ་བ་ཆེ་ལོང་ཙམ་དུ་བསྡུས་ན་བཅུ་སྟེ། །དེ་ཡང་ལུས་ཀྱི་ལས་གསུམ་ལས་སྲོག་གཅོད་པ་ནི། སྲོག་གཅོད་འདོད་ཀྱི་བསད་བྱ་མ་ནོར་བར་བསད་པ། མ་ཤི་བར་དུ་གསོད་སེམས་ལས་མ་ལྡོག་པའོ། །མ་བྱིན་པར་ལེན་པ་ནི། གཞན་གྱི་ནོར་རང་ལ་མ་བྱིན་པར་འཕྲོག་པའམ་བརྐུས་པ་སོགས་གང་ཡིིན་ཡང་རུང་སྟེ་རང་གིས་ཐོབ་བློ་སྐྱེས་པའོ། འདོད་པས་ལོག་པར་གཡེམ་པ་ནི། ཡུལ་མ་ཡིན་པ་གཞན་གྱིས་བདག་ཏུ་བཟུང་བའི་བུད་མེད་བདུན་རྒྱུད་ཚུན་ཆད་ཀྱི་ཉེ་དུ་དང་། གཞན་གྱིས་གླ་རྔན་མ་སྦྱངས་པའི་སྨད་འཚོང་མ། ཕ་མ་རྒྱལ་པོ་སོགས་གཞན་གྱིས་བསྲུང་བ། ཚངས་སྤྱོད་ཀྱི་སྡོམ་པས་བསྲུང་བ་རྣམས་སོ། དུས་མ་ཡིིན་པ་ནད་བུ་ཅན་དང་། མྱ་ངན་ཅན་དང་། སྦྲུམས་པ་དང་། ཟླ་མཚན་འབབ་པ་དང་། ནམ་ཡང་འདོད་པས་མ་ངོམས་པ་སོགས་སོ། གནས་མ་ཡིན་པ། མཆོད་རྟེན་དང་། གཙུག་ལག་ཁང་དང་། ཇོ་མོ་མང་པོའི་དབུས་དང་། བགྲོད་བྱ་ལ་གནོད་པའི་ས་གཞི་འབར་འབུར་སྲ་མཁྲེགས་ཅན་སོགས་སོ། ལམ་མ་ཡིན་པ་སྐྱེ་གནས་ལས་གཞན་པའི་སྒོར་བསྟེན་པ་རྣམས་སོ། དེ་དག་ནི་ཁྱིམ་པའི་དབང་དུ་བྱས་ཀྱི། ཚངས་སྤྱོད་རྣམས་ནི་མི་ཚངས་པར་སྤྱོད་པ་ཅི་འདྲ་བ་ཞིག་བསྟེན་ཀྱང་ལོག་གཡེམ་མོ། ངག་གི་ལས་བཞི་ལ་རྫུན་སྨྲ་ནི། བསླུ་བའི་སེམས་ཀྱིས་འདུ་ཤེས་བསྒྱུར་ནས། ཤེས་བཞིན་དུ་མི་བདེན་པར་སྨྲས་ལ། ཕ་རོལ་པོས་དོན་གོ་བའོ། །འདི་ནི་ངག་གི་རིག་བྱེད་ཙམ་དུ་མ་ཟད། ལུས་ཀྱི་བརྡས་ཀྱང་དེར་འགྱུར་བ་ཡོད་དོ། །ཕྲ་མ་ནི། མཐུན་པའི་འགྲོ་བ་གཉིས་དབྱེ་འདོད་ཀྱིས་དཀྲུག་ཚིག་སྨྲས་ཤིང་ཕ་རོལ་གྱིས་དོན་གོ་བའོ། ཚིག་རྩུབ་ནི། དངོས་སུ་ཐོབ་པར་དེའི་སྐྱོན་མཚངས་བརྗོད་པ་སོགས་གཞན་གྱིས་ཐོས་པར་མི་སྙན་ཅིང་། ཞེ་ལ་འཕོག་པའི་ཚིག་སྨྲས་ཤིང་དེས་གོ་བའོ། ངག་འཁྱལ་ནི། རྫུན་དང་ཕྲ་མ་ཚིག་རྩུབ་མ་ཡིན་ཀྱང་རྩེད་མོའི་གཏམ་དང་ཁ་བསག་གླུ་དང་ཟློས་གར་དམག་དང་ཚོང་དང་ཆགས་པའི་གཏམ་ལ་སོགས། ལྟ་བ་ལོག་པའི་ཆོས་ཀྱི་གཏམ་སྨྲ་བ་སོགས་སོ། །ཡིད་ཀྱི་ལས་གསུམ་ལས། བརྣབ་སེམས་ནི། གཞན་གྱི་གནས་ཁང་ལོངས་སྤྱོད་འཁོར་གཡོག་ལ་སོགས་པ་རྣམས་རང་གི་ཡིན་པར་གྱུར་ན་སྙམ་པ་དང་རང་འདོད་ཀྱི་བསམ་པ་གཏིང་ཚུགས་པར་བྱེད་པའོ། །གནོད་སེམས་ནི། གཞན་ལ་སྡུག་བསྔལ་བའི་རིགས་འབྱུང་བར་གྱུར་ཅིག་སྙམ་པར་ངེས་པ་ཁོ་ན་བྱེད་པའོ། ལོག་ལྟ་ནི། ལས་འབྲས་མི་བདེན་པ་དང་། ཚེ་སྔ་ཕྱི་དང་། དཀོན་མཆོག་གསུམ་སོགས་མེད་པར་འཛིན་པའོ། །དེ་དག་ཡུལ་མི་དགེ་བ་དང་། ཀུན་སློང་མི་དགེ་བ་དང་བསམ་པ་དང་། སྦྱོར་བ་མི་དགེ་བས་ལས་ལམ་རྫོགས་པའམ། མ་རྫོགས་ཀྱང་ཕྱོགས་མཐུན་ནི། །བསམ་བཞིན་མ་ཡིན་པར་ནོར་ཏེ་བསད་པ་གཞན་གྱིས་ནོར་ལ་སོགས་པ་དལ་བུས་སྟེར་དུ་འཇུག་པ། ཡན་ལག་གི་དབང་པོ་རང་གིས་རྩོལ་བ་སྟེ་ལུས་ཀྱི་གསུམ་དང་། དྲང་པོར་བརྗོད་པས་ཕ་རོལ་བསླུ་བར་མཐོང་ནས་བརྗོད་པ། ཇི་སྐད་ཟེར་བ་གཅིག་གི་དྲུང་དུ་གཅིག་གིས་ཚིག་བརྗོད་པ་དུས་དང་མ་འབྲེལ་བའི་བརྗོད་པ་འབའ་ཞིག་སྨྲ་བ། སྙན་པར་སྨྲས་ཀྱང་ཡིད་མི་བདེ་བ་བསྐྱེད་པ་སྟེ་ངག་གི་བཞི། གཞན་འབྱོར་ཐོས་པས་ཕ་རོལ་ལ་ཁྲོ་བཞིན་དུ་བདག་གིར་བྱུང་ན་སྙམས་པ། ཕན་པར་མི་དགའ་ཞིང་ཁོང་ཁྲོ་བ་དམ་ཆོས་དང་དགེ་བའི་བཤེས་གཉེན་ཆོས་དང་མཐུན་པ་ལ་སྒྲོ་སྐུར་འདེབས་པ་སོགས་མི་དགེ་བཅུའི་ཕྱོགས་དང་མཐུན་པ་རྣམས་དང་། །ཆོས་དང་གང་ཟག་ལ་སྐུར་པ་འདེབས་པ་ནི་ཕྱོགས་མཐུན་ལས་ཁྱད་པར་དུ་རྣམ་སྨིན་ཆེ་སྟེ། བརྒྱད་སྟོང་བ་ལས། རབ་འབྱོར་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བསགས་པ་དེ་ནི་ངན་འགྲོ་ངན་སོང་ལོག་པར་ལྟུང་བ་རྣམས་སུ་སྐྱེ་ཞིང་། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྡུག་བསྔལ་ལོ། དེར་ཡང་མེ་ཡིས་སྡུད་པའི་བསྐལ་པ་བྱུང་བ་དེའི་ཚེ། འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བ་ཆེན་པོ་རྣམས་སུ་སྐྱེ་ཞིང་། དེར་ཡང་མེ་ཡིས་སྡུད་པའི་བསྐལ་པ་བྱུང་བ་ན་ཡང་། གཞན་གྱི། ཞེས་སོགས་དཔག་ཏུ་མེད་པ་གསུངས་ཤིང་། རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། བསྐལ་པ་དག་ནི་དུ་མར་ཡང་། །ལུས་ནི་དཔག་ཚད་ལྔ་བརྒྱར་འགྱུར། །དེ་ལ་མགོ་ཡང་ལྔ་བརྒྱ་སྟེ། །མགོ་རྣམས་རེ་རེ་དག་ལ་ཡང་། །ལྔ་བརྒྱའི་ལྕེ་ལས་ཉུང་མི་འགྱུར། །ལྕེ་གཅིག་ལ་ཡང་ཐོང་གཤོལ་ནི། །ལྔ་བརྒྱར་ཚངས་ཏེ་མི་ཉུང་བར། །རབ་ཏུ་འབར་བས་རྨོ་བྱེད་དེ། །སྐུར་འདེབས་སྡིག་པའི་ལས་ཀྱིས་སོ། །ཞེས་སོ། དེའང་། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་། ངའམ་ང་དང་འདྲ་བས་ཆོས་དང་གང་ཟག་གི་ཚོད་བཟུང་བར་བྱ་ཡི། གང་ཟག་གིས་གང་ཟག་དང་ཆོས་ཀྱི་ཚོད་གཟུང་བར་མི་བྱ་སྟེ། ལྟུང་བར་འགྱུར་བའི་ཕྱིར་རོ། །ཞེས་སོ། དེ་དག་ལ་གཞི་བསམ་སྦྱོར་བ་མཐར་ཐུག་ཚང་བ་དང་དེ་དག་གི་ཕྱོགས་མཐུན་པར་སྤྱད་པའི་ལས་འབྲས་ནི་རྣམ་སྨིན་དང་རྒྱུ་མཐུན་ལ་བྱེད་པ་དང་མྱོང་བ་གཉིས་བདག་པོའམ་དབང་གི་འབྲས་བུ་དང་བཞི་སྟེ། རྣམ་པར་སྨིན་པའི་འབྲས་བུ་ནི། །དྲན་པ་ཉེར་བཞག་ལས། རྣམ་པར་སྨིན་པ་འདི་དག་གི། ཆུང་ངུས་ནི་དུད་འགྲོ་རྣམས་སུ་སྐྱེའོ། འབྲིང་གིས་ནི་ཡི་དྭགས་རྣམས་སུ་སྐྱེའོ། ཆེན་པོས་ནི་དམྱལ་བ་རྣམས་སུ་སྐྱེའོ། ཞེས་དང་། བྱེད་པ་རྒྱུ་མཐུན་ནི། ལས་བརྒྱ་པ་ལས་དེ་མི་དགེ་བ་ཀུན་ཏུ་སྤྱོད་ལ་གོམས་ཤིང་འདྲེས་པར་བྱས་པས། ཕྱིར་ཡང་མི་དགེ་བ་ལ་བརྟེན། མི་དགེ་བ་ལ་སྤྱོད། མི་དགེ་བའི་རྗེས་སུ་འཇུག་པ་ཉིད་དུ་སྐྱེ་སྟེ། ཞེས་སོ། མྱོང་བ་རྒྱུ་མཐུན་ནི། གལ་སྟེ་མཐོ་རིས་ཀྱི་ལུས་ཐོབ་པ་ན་ཡང་། རིན་ཆེན་ཕྲེང་བ་ལས། སྲོག་གཅོད་པས་ན་ཚེ་ཐུང་འགྱུར། །མ་བྱིན་ལེན་པས་ནོར་དང་འབྲལ། །བྱི་བོ་བྱེད་པས་དགྲ་དང་བཅས། །བརྫུན་དུ་སྨྲ་བས་སྐུར་པ་མང་། །ཕྲ་མ་ཡིན་ནི་བཤེས་དང་འབྲལ། །ཚིག་རྩུབ་པོས་ནི་མི་སྙན་ཐོས། །བཀྱལ་པ་ཡིས་ནི་ངག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བྱེད། །ལོག་པར་བལྟ་བས་ལྟ་ངན་ཉིད། །ཅེས་སོ། བདག་པོའི་འབྲས་བུ་ནི། །སྲོག་གཅོད་པས་བཀྲ་མི་ཤིས་པའི་གནས་སུ་སྐྱེ། །མ་བྱིན་བླང་བས་འབྲས་བུ་མི་སྨིན་པའི་གནས་སུ་སྐྱེ། །མི་ཚངས་སྤྱོད་པས་ཚ་གདུང་ཅན་སོགས་ཡུལ་ཡིད་དུ་མི་འོང་། །བརྫུན་དུ་སྨྲ་བས་ཁ་ཟས་མི་ཞིམ་པ་དང་གཞན་གྱིས་བསླུ་བར་སྐྱེ། །ཕྲ་མས་གཡང་ས་མཐོ་དམན་ཅན་མི་བདེ་བའི་གནས་སུ་སྐྱེ། །ངག་འཁྱལ་གྱིས་རྩི་ཤིང་ལ་སོགས་དཀོན་པའི་གནས་དང་། །ཚིག་རྩུབ་ཀྱིས་སྡོང་དུམ་དང་ཚེར་མ་ཅན་ལ་སོགས་པ་ཚྭ་སྒོ་ཅན་གྱི་གནས་སུ་དང་། །བརྣབ་སེམས་ཀྱིས་ཆུ་དཀོན་པ་དང་འབྲས་སོགས་ཉུང་ལ་སྦུན་པ་མང་བ་དང་། གནོད་སེམས་ཀྱིས་འཁྲུག་རྩོད་སོགས་དམག་གིས་འཇིགས་པའི་གནས་དང་། །ལོག་ལྟས་འབྲས་བུ་མེད་པ་དང་རིན་པོ་ཆེའི་འབྱུང་ཁུང་མི་ལྡན་ཞིང་ནུབ་པ་དང་། མགོན་སྐྱབས་དཔུང་གཉེན་མེད་པར་གསུངས་ཤིང་། ཡང་ཡུལ་ལ་ལྟོས་ནས་མཚམས་མེད་ལྔ་དང་ཉེ་བ་ལྔ་སྟེ། ཕ་མ་དགྲ་བཅོམ་གསུམ་གསོད་པ་དང་། དགེ་འདུན་གྱི་དབྱེན། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ་མཚམས་མེད་པ་ལྔ་དང་། །མཆོད་རྟེན་འཇིག་པ། བྱང་སེམས་གསོད་པ། དགྲ་བཅོམ་མ་སུན་དབྱུང་བ། སློབ་པ་གསོད་པ། དགེ་འདུན་གྱི་འདུ་སྒོ་འཕྲོག་པ་སྟེ་ཉེ་བ་ལྔ་ཞེས་བྱའོ། ཡང་ཡུལ་དང་བྱ་བ་གཉིས་ཀ་ལ་ལྟོས་ནས་ལྕི་ཞིང་ལོག་པ་བཅས་པའི་ཁ་ན་མ་ཐོ་བ་བཅུ་གཉིས་ཏེ། དེ་ལ་ལྕི་བ་བཞི་ནི། མཁས་པའི་གྲལ་གོང་། དགེ་སློང་གི་ཕྱག །སྒྲུབ་པ་པོའི་ཟས། སྔགས་པའི་ནོར་རྣམས་ཏེ་ལོག་པའི་ལྕི་བ་བཞི་ཞེས་བྱ་ལ། དེའི་སྟེང་དུ་ཉམས་པ་དང་དམད་པ་དང་། བཀུར་བའི་ལྕི་བ་བཞི་བཞི་སྟེ་བཅུ་གཉིས་བསྣན་པ་ལས་བཅུ་དྲུག་ཏུའང་འགྱུར་རོ། ལོག་པ་བརྒྱད་ནི། དཀར་ནག་ཕྱོགས་ལ་སྨད་དང་བསྟོད། །དགེ་བ་ཅན་གྱི་ཐུགས་དཀྲུག་དང་། །དད་པ་ཅན་གྱི་ཚོགས་བཅག་དང་། །བླ་མ་ལྷ་དང་མཆེད་ལྕམ་སྤངས། །དཀྱིལ་འཁོར་གཉེན་པོ་འབྲལ་དང་བརྒྱད། །འདི་དག་ལོག་པ་བརྒྱད་དུ་གསུངས། །ཞེས་སོ། དེའང་དུག་གསུམ་དང་ཕྲག་དོག་སེར་སྣ་ལ་སོགས་པ་རྩ་ཉོན་དང་ཉེ་ཉོན་ཉེས་སྤྱོད་ཀུན་སློང་མི་དགེ་བ་རང་བཞིན་གྱི་ཁ་ན་མ་ཐོ་བ་སྡིག་པའི་ལས་དེ་རྣམས་ཀྱིས་མཚོན་ཇི་སྙེད་དག་ཡིད་ཀྱིས་སྤངས་ནས། ལུས་ངག་གིས་སླར་ལོག་པའི་སྤོང་སེམས་སྤྱོད་ལམ་དང་བཅས་པ་ཡིན་ལ། དེའང་ཡིད་ཀྱིས་སྤངས་པ་ནི་ཉེས་དམིགས་དྲན་ནས་བྱེད་མི་འདོད་པ་ཡིན། ལུས་ངག་གིས་སླར་ལོག་པ་ནི། མི་དགེ་བ་དེ་དག་རྒྱུན་དུ་མི་བྱ་བར་མ་ཟད། གནས་སྐབས་རེས་འགའ་ཙམ་དུ་བྱས་ན་ཁེ་ཆེ་ཞིང་བྱེད་ཐུབ་པ་བྱུང་ཀྱང་ཉིད་ཀྱིས་ཉེས་པ་དྲན་པས་ལུས་ངག་གི་བྱ་བ་ལ་མི་འཇུག་པའོ། ཡང་སྙན་གྲགས་འདོད་ནས་སྦྱིན་པ་གཏོང་བ་སོགས་བསམ་པ་གནག་ལ་སྦྱོར་བ་དཀར་བ་དང་ཕན་འདོད་ཀྱིས་བརྡུང་བརྡེག་དང་མི་སྙན་པར་སྨྲ་བ་སོགས་བསམ་པ་དཀར་ལ་སྦྱོར་བ་གནག་པ་སྟེ་དེ་དག་གིས་ཀྱང་བདེ་སྡུག་སྤེལ་མར་བསྐྱེད་པར་བཤད། ཡང་དགེ་མི་དགེའི་བསམ་པ་གང་གིས་ཀྱང་མ་ཟིན་ཅིང་འདི་ཡིན་གཏད་སོ་མེད་པའི་ལས་དང་། ཟས་ཟ་བ་འགྲོ་འཆགས་ལ་སོགས་པ་རྣམས་ཀྱང་འཁོར་བའི་རྒྱུ་ལས་མེད་པས། ལུང་མ་བསྟན་གྱི་ལས་ཞེས་ཀྱང་བྱ། དོན་མེད་བཏང་སྙོམས་སུ་མ་སོང་བར་རྣམ་པར་དཀར་བ་དགེ་བའི་ལས་འབའ་ཞིག་ལ་དྲན་ཤེས་ཀྱིས་བརྩོན་དགོས་སོ། དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་དེ་དག་འཕྲལ་དུ་སྨིན་པར་འགྱུར་རམ་སྙམ་ན་ཡུལ་དང་བསམ་པ་སོགས་སྟོབས་ཆེ་ན་ཚེ་འདི་ཉིད་ལ་སྨིན་པ་ནི་བྱས་ལ་བསགས་པའི་ལས་སྟོབས་ཆེ་བ་རྣམས་མཐོང་ཆོས་ལ་མྱོང་བར་འགྱུར་བ་དང་། ཚེ་འདིར་སྔ་མའི་ལས་འབྲས་ཟད་ནས་ཕྱི་མ་ལ་འདིར་སྤྱོད་པའི་ལས་འབྲས་སྨིན་པ་སྐྱེས་ནས་མྱོང་བ་དང་། ཡང་ཕྱི་དང་། གསུམ་ཕྱི་དང་ཚེ་རབས་མང་པོའི་རྗེས་སུ་སྨིན་པ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་དང་། དགེ་བ་བྱས་ཀྱང་མ་བསྔོས་ན་འགྱོད་པ་དང་། ཁོང་ཁྲོ་སོགས་ཀྱིས་ཟད་པ་དང་སྡིག་པ་བྱས་ཀྱང་སྟོབས་བཞིས་བཤགས་པ་སོགས་ཀྱི་གཉེན་པོས་ཟད་ན་མྱོང་བར་འགྱུར་བ་མ་ངེས་པ་རྣམས་སོ། དེའང་མདོ་དྲན་པ་ཉེར་བཞག་ལས། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །ཅེས་དང་། ཀློང་གསལ་ལས། །སངས་རྒྱས་སྐུ་དང་ཡེ་ཤེས་དང་། །སྣང་བ་ཐམས་ཅད་རང་གི་སེམས། །སེམས་ཉིད་ངོས་བཟུང་དང་བྲལ་དེ། །འབྲས་བུ་ཟད་སར་འཁྱོལ་བ་ཡིན། །གཞི་མེད་རྩ་བྲལ་ཀ་དག་གོ། ཞེས་པས་གཉིས་འཛིན་དག་པའི་དུས་སུ་ལས་རྒྱུ་འབྲས་རྣམ་པར་དག །དེ་ལྟར་མ་གྲོལ་གྱི་བར་དུ་ལས་ཡོད་པས་རྒྱུ་འབྲས་ལ་བླང་དོར་བྱའོ། བཞི་པ་འཁོར་བ་སྡུག་བསྔལ་ནི། །དེ་ལྟར་མ་རིག་པ་ལས་བྱུང་བའི་འཁོར་བ་དེ་ཐམས་ཅད་བདེ་བ་འདོད་བཞིན་སྡུག་བསྔལ་ལ་སྤྱོད་པ་ཁོ་ན་ཉིད་དེ༔ བདེ་བ་ནི་གང་དུའང་མེད་ཅིང་༔ སྡུག་བསྔལ་འབུམ་ཕྲག་དུ་མས་ཤེས་རྒྱུད་ཡོངས་སུ་མནར་བ་ཅན་ཏེ༔ བདེ་སྡུག་གི་རྐྱེན་ཁར་མི་བཏང་བར་ལམ་དུ་འཁྱེར་ཞིང་འབྲས་བུའི་ཆོས་ལ་སྤྱོད་པར་བྱའོ༔ ཞེས་སོ། དེའང་འཁོར་བའི་གནས་འདིར་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་དགེ་བ་མ་སྤྱད། སྡུག་བསྔལ་མི་འདོད་ཀྱང་སྡུག་བསྔལ་བསྐྱེད་པའི་རྒྱུ་སྡིག་པ་མ་སྤངས་པས་ལེན་པ་ཡིན་ཏེ། སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་པ་ལྟར། བླང་དོར་ལ་རྨོངས་པའི་དབང་གིས་བདེ་སྡུག་གི་རྒྱུ་ལ་བླང་དོར་མ་བྱས་པར་འབྲས་བུ་བདེ་བ་བཙན་ཐབས་སུ་འདོད་ཀྱང་མི་འབྱུང་བས་ཁམས་གསུམ་འཁོར་བར་འཁྱམས་པ་རིགས་དྲུག་གི་སྡུག་བསྔལ་བསམ་དགོས་ཏེ། དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལས་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུངས་པས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་རྩམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པས། ངན་སོང་གསུམ་གྱི་སྡུག་བསྔལ་བསམ་པ་དང་། མཐོ་རིས་ཀྱི་སྡུག་བསྔལ་བསམ་པའོ། །དང་པོ་ནི། དེའང་མི་དགེ་བ་ཀུན་སློང་དྲག་ཞན་ལ་སོགས་པའི་བྱེ་བྲག་གིས། །ཆེ་བས་དམྱལ་བ། འབྲིང་གིས་ཡི་དྭགས། ཆུང་བས་དུད་འགྲོར་སྐྱེ་བ་ཡིན་ཏེ། །རིགས་དྲུག་གང་དུ་སྐྱེ་བའི་སྣང་བ་འཆར་ཞིང་། དེ་ཡང་དམྱལ་བ་ལ་ཚ་དམྱལ། གྲང་དམྱལ། ཉེ་འཁོར་བ། ཉི་ཚེ་དང་བཞི་ལས། དང་པོ་ནི། དེའང་བར་དོ་ན་ཆར་རླུང་གིས་དེད་པས་གྲང་བའི་རྣམ་པ་ཤར་བས་ཚ་དམྱལ་གྱི་གནས་མཐོང་སྟེ་དེར་དྲོ་བར་ཤེས་ནས་སྲེད་པས་ཕྱིན་པ་ན། གཉིད་སད་པ་ལྟར་སྐྱེ་བ་ལེན་པར་འགྱུར་ཞིང་། ཚ་དམྱལ་རྣམས་ལ་གནས་ཀྱི་ཁྱད་པར་ལྕག་བསྲེགས་ཀྱི་ས་གཞི་མདག་མེ་འབར་བས་ཡོངས་སུ་ཁྱབ་པ། ཁྲོ་ཆུ་དང་ཟངས་ཞུན་གྱི་ཆུ་བོ་འབབ་པ། ལྕགས་བསྲེགས་ཀྱི་སྡོང་པོ་དང་དམྱལ་སྲུང་གཤིན་རྗེའི་སྐྱེས་བུ་མི་བསྲུན་པ་དུ་མས་ཡོངས་སུ་གཏམ་པ་གདུག་པའི་བྱ་དང་གཅན་གཟན་མང་པོ་རྒྱུ་ཞིང་མི་སྡུག་པའི་སྒྲ་སྐད་སྒྲོག་པ་ལ་སྐྱི་བུང་ཞིང་ཡ་ང་བ། དྲན་པ་ཙམ་གྱིས་སྐྱོ་ཤས་དང་སྙིང་རླུང་ལྡང་བ་དེ་ལྟ་བུའི་གནས་སོ། སྡུག་བསྔལ་གྱི་ཁྱད་པར་ནི། རེག་བྱ་ཚོར་ངེས་སྐྱིན་པས་ལུས་འཇམ་པོས་བཟོད་མི་ནུས་པ་ཡིན་ཏེ། ལས་རྣམ་འབྱེད་ལས། ཐ་མལ་ཙན་དན་དུས་མཐའ་དང་། །དམྱལ་མེ་རྣམས་ཀྱི་གོ་རིམ་བཞིན། །བདུན་འགྱུར་གྱིས་ནི་རབ་ཏུ་ཚ། །དེ་བཞིན་སྡུག་བསྔལ་བདུན་ཕྲག་འགྱུར། །ཅེས་པས། ཐ་མལ་དང་ཙན་དན་དང་དུས་མཐའི་མེ་དང་། དམྱལ་མེ་རྣམས། །རིམ་བཞིན་བདུན་འགྱུར་གྱི་ཚ་ཞིང་། དེ་འོག་རྣམས་བཞི་འགྱུར་གྱི་ཚ་བ། དམྱལ་བ་རྣམས་ཀྱི་ཐོག་མ་ཡང་སོས་ཞེས་བྱ་བ། །དམྱལ་བ་འོག་མ་རྣམས་ལས་སྡུག་བསྔལ་ཆུང་ཤོས་ནི་དེར་འདུས་པའི་དམྱལ་བ་པ་རྣམས་ཕན་ཚུན་དགྲ་མི་ཤ་བོའི་འདུ་ཤེས་ཀྱིས་གཅིག་གིས་གཅིག་མཚོན་གྱིས་བསྣུན་ཏེ་ཤི་བ་དང་ནམ་མཁའ་ལས་ཁྱེད་རྣམས་སོས་པར་གྱུར་ཅིག་ཅེས་པའི་སྒྲ་བྱུང་བའི། རླུང་གྲང་མོ་ལངས་པས་ལུས་སྔར་བཞིན་སོས་ཏེ་ཡང་སྔ་མ་བཞིན་ལས་མ་ཟད་ཀྱི་བར་དུ་ཡང་ཤི་ཡང་སོས་ཀྱི་སྡུག་བསྔལ་ལ་སྤྱོད་པའོ། །ཐིག་ནག་པ་རྣམས་ནི། དམྱལ་སྲུང་རྣམས་ཀྱིས་ལུས་ལ་ཐིག་བཞིའམ་བརྒྱད་ལ་སོགས་བཏབ་པར་སོག་ལེ་དང་སྟ་རེས་གཤག་ཅིང་གཏུབ་པ་བྱས་མ་ཐག་རྨ་རྣམས་འབྱར་ཏེ་ཡང་གཤོག་པས་ཉམས་ཐག་པའི་སྡུག་བསྔལ་ལོ། །བསྡུས་འཇོམས་ནི། ལྕགས་ཀྱི་རི་རྟ་དང་ལུག་དང་རྔ་མོའི་གདོང་འདྲ་བའི་བར་དུ་བཙིར་ཞིང་སྒོ་ཀུན་ནས་ཁྲག་འབབ་ཅིང་། རི་གཉིས་ཕྱིར་གྱེས་པ་ན་ལུས་སོས་ནས་སྔར་ལྟར་བྱེད་པ་དང་། ལྕགས་ཀྱི་ཐོ་གཏུན་ཆེན་པོས་ཏིལ་བཞིན་འཚེར་བ་དང་། ལྕགས་ཀྱི་ཕ་བོང་ཆེན་པོ་ཆར་ལྟར་འབབ་པས་བརྡུང་ཞིང་འཇོམས་པར་འགྱུར་བའི་སྡུག་བསྔལ་དང་། ངུ་འབོད་པ་རྣམས། བདེ་བའི་གནས་འཚོལ་དུ་ཕྱིན་པ་ལྕགས་ཀྱི་ཁང་པ་མཐོང་བའི་ནང་དུ་ཞུགས་པ་ན་སྒོ་ཟུམས་ཏེ། མེ་འབར་བས་བསྲེག་པས་ངུ་ཞིང་ཆོ་ངེ་འོ་འདོད་འབོད་ཀྱང་སྐྱོབས་མཁན་མེད་པའི་སྡུག་བསྔལ་དང་། ངུ་འབོད་ཆེན་པོ་ནི། ལྕགས་ཁང་སྒོ་མེད་ཉིས་རིམ་གྱི་ནང་དུ་ཚུད་པར་མེ་འབར་བས་སྲེགས་ཤིང་། སྒོ་ནང་མ་ལས་གལ་སྟེ་ཐར་ཡང་ཕྱི་མ་ལས་ཐར་དུས་མེད་པར་འབོད་སྒྲོག་ཆེན་པོ་བྱེད་ཅིང་སྡུག་བསྔལ་དྲག་པོས་མནར་བ་དང་། ཚ་བ་པ་རྣམས་ནི། ལྕགས་ཀྱི་ཕྲུ་བ་དཔག་ཚད་མང་པོ་ཡོད་པ་མེ་འབར་བ་ནང་གི་གཏིང་དུ་ཉ་བཞིན་བསྲེགས་པ་དང་། ལྕགས་ཀྱི་གསལ་ཤིང་འབར་བས་གཤང་ལམ་ནས་ཕུགས་ཏེ་སྤྱི་བོར་ཐལ་ཕྱུང་དང་བུ་ག་ཀུན་ནས་མེ་འབར་བ་བཟོད་བརླག་མེད་པའི་སྡུག་བསྔལ་ཅན་དང་། རབ་ཏུ་ཚ་བ་ནི། ལྕགས་ཟངས་ཀྱི་ཁོག་མ་ཆེན་པོར་སྔར་བས་ཀྱང་ཚ་བར་སྲེགས་ཤིང་། གཏིང་དུ་སོང་བ་ན་རུས་པ་དཀར་སང་ངེ་འགྲོ་ལ། ཁར་ཐོན་པ་ན་ཤ་སྐྱེ་ཤིང་ཡང་འཚོད་པ་དང་། རེས་འགའ་ལྕགས་བསྲེགས་ཀྱི་ལེབ་མས་ལུས་དཀྲི་བ་སོགས་ཉམས་ཐག་པའོ། མནར་མེད་ནི་ལྕགས་བསྲེགས་ཀྱི་ས་གཞི་ལ་ཕྱོགས་ཀུན་ནས་མེ་འབར་བ་འོང་ཏེ་དེར་སྐྱེས་པའི་དམྱལ་བ་པ་རྣམས་ཀྱི་ལུས་མར་མེའི་སྡོང་བུ་ལྟར་སྲེགས་ཤིང་ཚིལ་ཆི་ལི་ལི་རྐང་ཞུན་ལ་སོགས་ལྷག་ལྷག་འབར་ཏེ། སྨྲེ་སྔགས་འབྱིན་པ་ལས་སེམས་ཅན་དུ་མངོན་པ་ཙམ་ལས་ལུས་དང་མེ་དབྱེར་མེད་དུ་འབར་བ་དང་། ལྕགས་ཞིབ་ཀྱི་མདག་མེ་འབར་བའི་ནང་དུ་བརྔོད་པ་དང་། སྟེང་ནས་འབྲབ་པ་དང་། ལྕགས་བསྲེག་ཀྱི་རི་ཆེན་པོ་ལ་འབབ་འཛེག་བྱེད་དུ་འཇུག་པ་དང་། ལྕེ་ཕྱུངས་ཏེ་བརྒྱང་ནས་ལྕགས་ཕུར་མང་པོས་འདེབས་པ་དང་། ལྕགས་ཀྱི་ཐོ་ལུམ་མེ་འབར་བ་དང་། ཟངས་ཞུན་ཁོལ་མ་ཁར་བླུགས་པས་ཁ་དང་ལྐོག་མ་ནང་ཁྲོལ་ཐམས་ཅད་ཚིག་སྟེ། རོ་སྨད་ནས་ཕྱིར་འཐོན་པ་སོགས་རབ་ཏུ་མི་བཟད་པའི་སྡུག་བསྔལ་བཟོད་ཐབས་མེད་པ་དམྱལ་བ་ཆེན་པོ་རྡོ་རྗེ་གདན་ཞེས་བྱའོ། ཚེ་ཚད་ཀྱི་ཁྱད་པར་ནི། མངོན་པ་མཛོད་ལས། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་དག་གི་ཉིན་ཞག་གཅིག །དེས་ནི་ཚེ་ལོ་ལྔ་བརྒྱའོ། །འོག་མ་གཉིས་ཀ་ཉིས་འགྱུར་རོ། །ཞེས་མི་དང་འདོད་ལྷའི་ཚེ་གོང་མ་ནས་གོང་མ་རིང་བའི་འགྱུར་ཁྱད་དང་། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཞེས་པས་མི་རྣམས་ཀྱི་ལོ་ལྔ་བཅུ་ལ་རྒྱལ་ཆེན་རིགས་བཞི་པའི་ཞག་གཅིག །དེས་བརྩིས་པའི་ལོ་ལྔ་བརྒྱ་ནི་རྒྱལ་ཆེན་རིགས་བཞིའི་ཚེ་ཚད་དང་། ལྔ་བརྒྱ་པོ་དེ་དམྱལ་བ་ཡང་སོས་པའི་ཞག་གཅིག་ཡིན་ལ། དེར་བརྩིས་པའི་རང་ལོ་ལྔ་བརྒྱ་ནི་ཡང་སོས་པའི་ཚེའི་ཚད་ཡིན་ལ། ཐིག་ནག་ལ་སོགས་འོག་མ་རྣམས་ལོ་གྲངས་ཉིས་འགྱུར་ཡིན་ལ། དཔེར་ན། ངལ་བསོ་ལས། མི་ཡི་ལོ་བརྒྱར་རྩ་གསུམ་ཞག་གཅིག་སྟེ། །དེ་ཡི་ལོ་སྟོང་ཐིག་ནག་ཞག་གཅིག་ལ། །རང་ལོ་སྟོང་ཐུབ་ཞེས་སོགས་གསུངས་པ་བཞིན། །ལོ་གྲངས་ཉིས་འགྱུར་ཉིས་འགྱུར་དུ་འཕེལ་བས་ཞག་གྲངས་ཉིས་འགྱུར་ཉིས་འགྱུར་གྱི་རིང་བས་གོང་མ་གོང་མའི་བཞི་འགྱུར་འོག་མ་འོག་མ་ལ་ཡོད་པ་ཤེས་པར་བྱའོ། །གཉིས་པ་གྲང་དམྱལ་གྱི་སྡུག་བསྔལ་བསམ་པ་ནི། གནས་ཀྱི་ཁྱད་པར་ཉི་ཟླའི་སྣང་བ་ཡེ་མེད་པའི་མུན་ཁྲོད་གངས་དང་འཁྱགས་པའི་སྦུབས་རླུང་དང་བུ་ཡུག་གིས་ཤིན་ཏུ་གྲང་བས་བར་མཚམས་མེད་པར་ཀུན་ཏུ་ཁྱབ་པའི་གནས། སྟེང་འོག་བརྩེགས་མར་ཡོད་པའི་འོག་མ་རྣམས་བདུན་འགྱུར་གྱི་གྲང་བ་དམྱལ་བ་པ་རྣམས་ལུས་ངག་གི་སྒྲའི་དོན་དང་མཐུན་པར་སྡུག་བསྔལ་བ་ནི། དེར་སྐྱེ་བའི་བར་དོ་རྣམས་མེ་ནང་དུ་འཚིག་པ་ལྟ་བུའི་སྣང་བ་ཤར་བས་གྲང་དམྱལ་གྱི་གནས་མཐོང་བ་ལ་སྲེད་པས་ཕྱིིན་པ་ན་དེ་ཉིད་དུ་སྐྱེ་བར་འགྱུར་ཞིང་། སྡུག་བསྔལ་གྱི་ཁྱད་པར་གྲང་དམྱལ་སྟེང་མ་ཆུ་བུར་ཅན་ནི། རླུང་དང་འཁྱགས་པའི་བུ་ཡུག་གི་གྲང་བས་ཉེན་ནས་ལུས་ཆུ་བོར་ཧྲམ་ཧྲམ་གྱིས་གང་བས་འཁུམས་ཏེ་སྡུག་བསྔལ་བའོ། །ཆུ་བུར་རྡོལ་བ་ཅན་ནི་གྲང་བའི་སྟོབས་ཀྱིས་ཆུ་བུར་ཡང་རྡོལ་ཏེ། །དེའི་ནང་ནས་སྐྱེས་པའི་ལྕགས་ཀྱི་འབུ་མཆུ་རྣོན་གྱིས་པགས་པ་འདྲལ་ཞིང་། དེ་ནས་ཞག་དང་ཆུ་སེར་འཛག་པ་དང་འཁྱགས་པར་འགྲོ་བའི་སྡུག་བསྔལ་ལོ། །ཨ་ཆུ་ཟེར་བ་ནི། སྔོན་མ་ལས་གྲང་བའི་སྟོབས་ཀྱི་དེའི་ཚིག་འབྲུ་སྐད་ཅུང་ཟད་ཙམ་ཐོན་པའི་སྨྲེ་སྔགས་འབྱིན་པ་དང་། ཀྱི་ཧུད་ཟེར་བ་ནི། དེ་བས་ཀྱང་གྲང་བའི་སྟོབས་ཀྱིས་འབྲུ་ངག་མི་ཐོན་པར་སྐད་ཤིབ་ཤིབ་པོས་འཐོན་པ་ཙམ་མོ། །སོ་ཐམ་ཐམ་པ་ནི་ཆེར་གྲང་གྲགས་པས་སྐད་མི་ཐོན་པར་ལུས་འདར་བས་སོ་འདར་བརྡེབས་པའོ། །ཨུཏྤལ་ལྟར་གས་པ་ནི། དེ་བས་ཀྱང་ལྷག་པར་གྲང་ཆེ་བའི་ཤུགས་ཀྱིས་ལུས་སྔོན་པོར་གྱུར་ཏེ། ལུས་ལ་གས་པོ་ལྔའམ་དྲུག་ཏུ་ཚིག་ཚིག་གས་ཤིང་གྱེས་པས་བཟོད་རླག་མེད་པ་དང་། པདྨ་ལྟར་གས་པ་ནི། ཤིན་ཏུ་གྲང་བའི་སྟོབས་ཀྱིས་ཆེར་གཟིར་བས། པགས་པ་དམར་པོར་ཁ་བཅུ་འམ། དེ་བས་ལྷག་པར་གས་པའི་སྡུག་བསྔལ་གྱིས་ཉམས་ཐག་པའོ། པདྨ་ལྟར་ཆེར་གས་པ་ནི། གྲང་བའི་མཐར་ཐུག་པས་པགས་པ་ཞུས་ནས། ཤིན་ཏུ་དམར་བ་ཁ་བརྒྱའམ་སྟོང་དུ་གས་པས་བཟོད་ཐབས་མེད་པའི་སྡུག་བསྔལ་གྱིས་ཉེན་པ་ཡིན་ནོ། །ཚེ་ཚད་ཀྱི་ཁྱད་པར་ནི། མཛོད་ལས། ཏིལ་སྦྱངས་ནས་ནི་ལོ་བརྒྱ་ཞིག །ཏིལ་ཅིག་ཕྱུངས་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཚད་ཡིན། །གཞན་གྱིས་ཚེ་ནི་ཉི་ཤུར་འགྱུར། །ཞེས་པས། མ་གྷ་ཏའི་ཁལ་བརྒྱད་ཅུ་འགྲོ་བའི་སྣོད་སྦྱངས་ཞེས་པ་ཏིལ་གྱིས་བརྫངས་ནས་ཕྱུར་བུར་བཀང་བ་ལོ་བརྒྱ་བརྒྱ་ན་ཏིལ་འབྲུ་རེ་རེ་ཕྱུངས་པས་ཏིལ་དེ་ཟད་པ་ན་ཆུ་བུར་ཅན་གྱི་ཚེ་ཚད་དང་། འོག་མ་རྣམས་ནི་ཉི་ཤུ་འགྱུར་གྱིས་འགྲོས་བརྩི་བ་ཡིན་ནོ། །དེའང་རྗེ་ཕྱོགས་ལས་རྣམ་རྒྱལ་གྱིས་གྲང་བས་ཉེན་ནས་བརྒྱ་ཚལ་སྟོང་ཚལ་དུ། །ཤ་རུས་གས་ཀྱང་འདིས་ཀྱང་མི་འཆི་བས། །སེམས་ཅན་ལས་ངན་བསགས་པའི་ལུས་ངན་ལ། །མི་སྲིད་སྲིད་པའི་རྣམ་སྨིན་འདི་འདྲ་གྲུབ། །ཅེས་པ་ལྟར་རོ། གསུམ་པ་ཉེ་འཁོར་བའི་སྡུག་བསྔལ་བསམ་པ་ནི། །ཚ་དམྱལ་བརྒྱད་པོ་ཐམས་ཅད་ཀྱི་ཕྱོགས་བཞི་པོ་རེ་རེ་ན་ཡང་། །མེ་མ་མུར་ལ་སོགས་པ་བཞི་བཞི་ཡོད་པས་བཅུ་དྲུག་སྟེ། ཚ་དམྱལ་དངོས་གཞིའི་ལས་སྲབ་དུ་སོང་ནས་འཐོན་པའམ། དེ་ཉིད་དུ་སྐྱེས་ཀྱང་རུང་། ཕྱོགས་གང་དུ་བྲོས་ཀྱང་མེ་མ་མུར་པུས་མོ་ནུབ་ཙམ་ལ་རྐང་པ་བཞག་མ་ཐག་ཤ་སོགས་ཐམས་ཅད་ཚིག་སྟེ་རུས་པར་གྱུར་པ་བཏེག་མ་ཐག་འཚོ་བ་དང་། དེ་ལས་ཐར་ཡང་རོ་མྱགས་ཀྱི་འདམ་རྫབ་ཤིན་ཏུ་དྲི་ང་བར་ལུས་བྱིང་བ་ན་སྲིན་བུ་མཆུ་རྣོན་མོ་ཁབ་འདྲ་བས་ཤ་ལྤགས་རུས་པའི་བར་ཕུགས་ཏེ་ཟ་བ་དང་། དེ་ལས་ཐར་ཡང་། སྤུ་གྲིའི་སོ་རྣོན་པོས་གཏམས་པའི་ཐང་ལ་སླེབས་ཏེ། རྐང་པ་བཞག་མ་ཐག་དུམ་བུར་གཅོད་ཅིང་བཏེག་མ་ཐག་སོས་པར་འགྱུར་བ་དང་། དེ་ལས་ཐར་ནས། རལ་གྲི་ལོ་མའི་ནགས་ཚལ་དུ་ཕྱིན། དེར་གྲིབ་མ་ལ་འཁོད་པ་ལ་ལས་རླུང་གིས་བསྐྱོད་པས་རལ་གྲི་རྣམས་ཆར་ལྟར་བབས་པས་ལུས་ཐམས་ཅད་གཅོད་འགྱེལ་བ་ན་ཁྱི་རྣམས་ཀྱིས་རུབ་ཏེ་ཟ་བ་དང་། དེ་ལས་ཐར་ཡང་གཅན་གཟན་གདུག་པ་ཅན་རྣམས་ཀྱིས་དེད་པས་ལྕགས་ཤིང་ཤལ་མ་རིའི་སྡོང་པོ་ལྕགས་ཚེར་རྣོན་པོ་སོར་བཅུ་དྲུག་པ་ཡས་མས་སུ་བསྟན་པ་ལ་འབབ་འཛེག་བྱས་པས་ལུས་ཁྲོལ་ཚགས་བཞིན་དུ་ཕུག་ནས་ཁྲག་རྒྱུན་ཟག་ཅིང་རྩེ་མོར་ཁྭ་ཏ་སོགས་བྱ་ལྕགས་མཆུ་ཅན་གྱིས་མིག་འབྲུ་ཞིང་ཤ་འཐོག །རྒྱུ་མ་འཐེན་པས་མར་བབ་པ་ན་ལྕགས་ཚེར་གྱིས་ཕུག་པ་དང་གཅན་གཟན་གྱིས་རུབ་པས་འཇིགས་པར་བྱེད་དོ། །དེ་ལས་ཐར་ཡང་ཚ་བས་གདུངས་པ་ན། སྐོམ་དད་ཀྱིས་རྒྱུག་པ་ན་ཆུ་ཀླུང་མཐོང་སར་ཕྱིན་པས་འགྱུར་བྱེད་ཀྱི་ཆུ་བོ་རབ་ཏུ་ཚ་བས་གང་བའི་ཆུ་བོ་རབ་མེད་ཀྱི་ནང་དུ་ལྷུངས་ཏེ། གཏིང་དུ་སོང་བ་ན་ཤ་རུས་བྲལ་ནས་རུས་པ་དཀར་སིང་གི་སོང་། སྟེང་དུ་ཐོན་ཚེ་ཤ་སྐྱེས་ནས་ཡང་ནུབ་པ་དང་། འབྲོས་འདོད་ཀྱང་ངོས་གཉིས་ནས་དམྱལ་སྲུང་མཚོན་ཐོགས་དུ་མས་བསྲུངས་ནས་ཐར་དུ་མི་འཇུག་པ་དང་། རེས་འགའ་ལྕགས་ཀྱུས་ཕྱིར་ཕྱུངས་ནས་གན་རྐྱལ་དུ་བཞག་སྟེ་ཐོ་ལུམ་མེ་འབར་བ་དང་། ཟངས་ཞུན་ཁོལ་མ་ཁར་བླུགས་པ་སོགས་སྡུག་བསྔལ་དོས་དྲག་པས་མནར་བ་ཡོད་དོ། །དེ་དག་ལས་སྤུ་གྲི་དང་ནགས་ཚལ་ཤལ་མ་ལི་རྣམས་རིག་གཅིག་ཏུ་བསྡོམས་པས་ཉེ་འཁོར་བ་བཞི་ཡིན་ནོ། །འདི་དག་གི་ཚེ་ཚད་སོ་སོར་ལོ་བརྒྱ་སྟོང་དུ་མར་ལས་མ་ཟད་ཀྱི་བར་དུ་སྡུག་བསྔལ་མྱོང་བའོ། བཞི་པ་ཉི་ཚེ་བའི་སྡུག་བསྔལ་ནི། དམྱལ་བ་དངོས་གཞིའི་ཉེ་འཁོར་དང་། རྒྱ་མཚོའི་འགྲམ་དང་། རི་དང་། བྲག་དང་། ཆུ་དང་། མེ་དང་། ནམ་མཁའ་ལ་སོགས་ངེས་མེད་ཀྱི་གནས་སུ་ཉི་ཚེ་བའི་སེམས་ཅན་ཐ་དད་པའི་གཟུགས་ཅན་དུ་མ་འདུས་པའམ། གཅིག་པུ་སོགས་ངེས་མེད། ཚ་གྲངས་བཀྲེས་སྐོམ། བཤག་གཏུབ། འཚོད་པ་ལ་སོགས་སྡུག་བསྔལ་གང་རུང་རེ་རེ་ནི་བཟོད་རླག་མེད་པས། ཉིན་མཚན་ཕྱེད་མའམ། ཡུད་ཙམ་མམ། རྟག་པར་རམ། ལས་ཀྱི་ལེན་མོ་ཐ་དད་པའི་དབང་གིས་ཡུན་རིང་ཐུང་སྣ་ཚོགས་པར་གདུང་བས་ཉི་ཚེ་བ་ཞེས་བྱའོ། །ལྔ་པ་ཡི་དྭགས་ཀྱི་སྡུག་བསྔལ་ལ་བསམ་པ་ནི། གནས་ནི་འཛམ་གླིང་གི་འོག་ན་དཔག་ཚད་ལྔ་བརྒྱ་འདས་པའི་ས་ན་ཕལ་ཆེར་ཡོད་ལ། ཁ་འཐོར་ནི་ས་གཞི་རི་ཀླུང་ཕལ་ཆེར་ན་ཁྱབ་པ་ལྟ་བུར་ཡོད་དོ། དེའང་དྲན་པ་ཉེར་བཞག་ལས། རིགས་སོ་དྲུག་ཏུ་གསུངས་ཤིང་། བསྡུ་ན་ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། ཟས་སྐོམ་སྤྱི་མཐུན་གྱི་སྒྲིབ་པ་ཅན་དང་གསུམ་ལས། །ཕྱིའི་སྒྲིབ་པ་ཅན་ནི་བཀྲེས་སྐོམ་གྱི་ཉེན་པས་ཁ་ལུས་ཐམས་ཅད་སྐམ་ཞིང་ཤིན་ཏུ་རིད་པ། ལུས་ཁྲུ་བཅུ་དྲུག་པའམ་སྣ་ཚོགས། ཟས་སྐོམ་ལོངས་སྤྱོད་ཐམས་ཅད་རྣག་ཁྲག་དང་ངན་སྐྱུགས་སུ་མཐོང་བས་སྤྱོད་མི་ནུས་པ་དང་། རྒྱང་རིང་པོ་ནས་ཁ་ཟས་ལོངས་སྤྱོད་ཆུ་ཀླུང་ལྗོན་ཤིང་འབྲས་བུ་ཅན་སོགས་མཐོང་ཡང་། དྲུང་དུ་ཕྱིན་པ་ན་ཟས་རྣམས་ཤུལ་ཙམ་ཡང་མེད་པར་ཡལ། །ཆུ་རླུང་སྐེམ་པའམ་རྣག་ཁྲག་ཏུ་འགྱུར། ལྗོན་ཤིང་སྐམ་པོ་འབྲས་བུ་མེད་པར་མཐོང་བ་དང་། གལ་ལྟེ་དེ་ལྟར་མ་སོང་ཀྱང་སྐྱེས་བུ་མཚོན་ཆ་ཐོགས་པ་མང་པོས་འགོག་ཅིང་བསྲུང་བས་སྤྱོད་དབང་མེད་པའི་སྡུག་བསྔལ་ཡོད་དོ། །ནང་གི་སྒྲིབ་པ་ཅན་ནི། མདོ་ལས། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང་། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཞེས་གསུངས་པ་ལྟར། ལུས་ཆེ་ཞིང་ལྟོ་བ་ཡུལ་ལྗོངས་ཙམ། ཡན་ལག་རྟ་རྔ་ཙམ་མགོ་བོ་གཅིག་པའམ། བཅོ་བརྒྱད་པ་སོགས་སྣ་ཚོགས་པ། །ལྟོ་བར་ཆུ་བོ་འབྲུབ་པ་དང་། འགྲོ་དྲུག་མང་པོའི་གླིང་ཁོག་པར་ཆགས་ནས་འཐབ་རྩོད་ཀྱི་སྣང་བ་འཆར་བ་དང་། ཁ་ཁབ་མིག་ཙམ་མགྲིན་པ་གཞུ་རྒྱུད་ཙམ། ཁ་ཟས་ཅུང་ཟད་རྙེད་ཀྱང་ཁར་མི་ཚུད་པ་དང་། ཚུད་ཀྱང་ཟས་རྣམས་འགྲམས་ཕུགས་སུ་སྟོར། སྐོམ་རྣམས་ཁ་དུག་གིས་སྐམ་ཅུང་ཟད་མིད་ཀྱང་མགྲིན་པ་ནས་མི་ཐར། ཐར་ཡང་ལྟོ་བ་མི་ཁེངས་པའི་སྡུག་བསྔལ་ལོ། ཟས་སྐོམ་གྱི་སྒྲིབས་པ་ཅན་ནི། བཟའ་བཏུང་ཁུང་དུ་སོང་ཚད་མེ་འབར་བར་གྱུར་ནས་ནང་ཁྲོལ་སོགས་ཚིག་པ་དང་། ལྗན་ལྗིན་ཟ་བ་ཞེས་གཤང་གཅི་དང་རྣག་ཁྲག་མཆིལ་སྣབས་སོགས་མི་གཙང་ཞིང་དྲི་ང་བ་དང་། དུག་དང་མེ་མདག་སོགས་ངན་པ་དང་། སྡུག་བསྔལ་བསྐྱེད་པ་དག་ཟ་དགོས་པའོ། །སྤྱི་མཐུན་གྱི་སྒྲིབ་པ་ཅན་ནི། དུས་རྟག་ཏུ་བཀྲེས་སྐོམ་གྱི་སྡུག་བསྔལ་བཟོད་རླག་མེད་ཅིང་། གོས་དང་བྲལ་བས་ཚད་པས་འཚིག་པ་དང་། གྲང་བས་སྦྲེབས་པ་དང་། སོས་ཀ་ཟླ་བས་ཀྱང་འཚིག་ཅིང་། དགུན་ཉི་མས་ཀྱང་གྲང་བར་བྱེད་པ་དང་། དབྱར་དུས་སྤྲིན་ཡང་མེ་ཆར་དུ་འབབ་པ་སོགས་དུས་ཚིག་ལོག་པ་དང་། རྟག་ཏུ་ཚོལ་འགྲོས་ཀྱིས་ངལ་ཞིང་དུབ་པ་དང་། རུས་ཚིག་འཁྲོགས་སྟེ་མེ་འབར་བ་དང་། ཕན་ཚུན་དགྲར་གྱུར་པས་འཆིང་བ་དང་བརྡེག་པ་དང་། གསོད་པའི་འཇིག་སྐྲག་ཆེན་པོའི་སྡུག་བསྔལ་དོས་དྲག་ཅིང་ཡུན་རིང་པོར་མྱོང་དགོས་པ་དང་། ཡི་དྭགས་ཕྲན་ཚེག་པ་ནི། ངལ་བསོ་ལས། མཁའ་ལ་རྒྱུ་བའི་ཡི་དྭགས་འདྲེ་རྣམས་དང་། །གནོད་སྦྱིན་སྲིན་པོ་བཙན་དང་རྒྱལ་པོ་སོགས། །ལས་ཀྱི་རྫུ་འཕྲུལ་ཐོག་མེད་ཀུན་ཏུ་རྒྱུ། །གནོད་པ་སྣ་ཚོགས་མངོན་པར་བསྒྲུབ་པ་སྟེ། །ནད་གཏོང་མདངས་འཕྲོག་ཚེ་ལ་བར་དུ་གཅོད། །ཚེ་ཚད་མི་ཡི་ཟླ་བར་ཉིན་ཞག་གཅིག །རང་ལོ་ལྔ་བརྒྱ་མི་ལོ་ཁྲི་ལྔ་སྟོང་། །གཤིན་རྗེའི་འཇིག་རྟེན་དག་ཏུ་སྡུག་བསྔལ་ལོ། །ཞེས་པ་དང་། བཤེས་སྤྲིངས་ལས། ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། །ཞེས་མིའི་ཟླ་བ་གཅིག་ལ་ཞག་གཅིག་ཏུ་བྱས་པའི་ལོ་ལྔ་སྟོང་དང་ཡི་དྭགས་ལ་ལ་ཁྲི་ཚོ་རེ་རེ་ཐུབ་པའོ། དེར་སྐྱེ་བའི་ལས་ནི། དཀོན་མཆོག་གི་མཆོད་རྫས་ལ་འབགས་པ་དང་དགེ་བའི་ཕྱོགས་ལ་སེར་སྣ་འཇུར་གེགས་ཆེན་པོ་བྱས་པ་དང་། ཡུལ་གཉེན་པོ་རྣམས་ལ་ངག་འཁྱལ་སྨྲས་་པ་དང་། རྫུན་དང་ཕྲ་མ་དང་དབྱེན་བྱས་པ་དང་གཡོ་རྒྱུ་སྣ་ཚོགས་ཀྱིས་གཞན་གྱི་ནོར་ལ་བརྔམས་ཤིང་འཕྲོག་བཅོམས་བྱས་པའི་ལས་ལས་བྱུང་བའོ། །དྲུག་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ནི། བཤེས་སྤྲིང་ལས། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་། །བཅིངས་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་འབྱུང་། །ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང་། ལྕགས་དང་ལྕགས་ཀྱུ་བཏབ་པས་བཏབ་སྟེ་བཀོལ། །ཞེས་པས། དུད་འགྲོ་བྱིང་ན་གནས་པ་དང་། །ཁ་ཐོར་བའོ། །བྱིང་ན་གནས་པ་ན་ཕྱིའི་རྒྱ་མཚོ་ཆེན་པོའི་ནང་དང་ལྕགས་རིའི་ཕར་འདས་གླིང་བར་གྱི་མུན་པའི་ནང་གི་ཆུ་ཡི་ནང་སོགས་སུ་ཉ་དང་དུང་དང་ཆུ་སྲིན་ལ་སོགས་པ་གོ་མཚམས་མེད་པར་ཆང་གི་སྦང་མ་བཞིན་དུ་ལྕིག་ལྕིག་ཡོད་དོ། །ཆེ་བས་ཆུང་བ་ཟ་ཞིང་། ཆུང་བས་ཆེ་བ་ཟ་ཞིང་། བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་དོ། ཀླུ་རྣམས་ནི་ཉིན་མཚན་སྔ་དྲོ་ཕྱི་དྲོ་གང་རུང་དུ་ཚ་གྲང་བཀྲེས་སྐོམ་བདེ་སྡུག་སྤེལ་མ་མང་པོའི་རྩེན་པ་དང་བྱེ་ཚན་གྱི་ཆར་དང་། ལ་ལ་ཐམས་ཅད་ཀྱིས་སྤངས་ཏེ་ཁྱུར་མི་ཚུད་པས། གྲོགས་མེད་པ་དང་། སྤྱི་མཐུན་དུ་རྨོངས་ཤིང་གཏི་མུག་གི་རང་བཞིན་ཅན་དང་། ནམ་མཁའ་ལྡིང་དང་། རིགས་སྔགས་ཀྱི་འཇིགས་པ་སོགས་འཚེ་བའི་རྣམ་པ་དུ་མ་དང་ལྡན་པའོ། །ཁ་འཐོར་བ་ནི་མིའི་ཡུལ་ན་ཡོད་པའི་རི་དང་ཐང་དང་། ཆུ་དང་། བྲག་དང་། ནམ་མཁའ་ལ་སོགས་པ་ན་སྲོག་ཆགས་འབུ་སྦྲང་དང་། བྱ་དང་། རི་དྭགས་སོགས་མིས་བདག་ཏུ་མ་བཟུང་བ་རྣམས་ནི་དགྲ་བྱུང་གིས་དོགས་པའི་འཇིགས་སྐྲག་གིས་རྟག་ཏུ་མནར་བས་སེམས་ལ་བདེ་བ་མེད་ཅིང་རྐང་གཅིག་པ་དང་། རྐང་གཉིས་པ་དང་། འདབ་ཆགས་འགྲེང་བུ། ལྟོ་འགྲོཕྱི་འབྱུང་བཞི། ནང་འགྲོ་བའི་ལུས་ཀྱི་སྲིན་བུ་བྱ་དང་གཅན་གཟན་གྱིས་ཟ་བ་དང་། མི་རྣམས་ཀྱིས་དབང་མེད་དུ་གསོད་པ་དང་། བདག་ཏུ་བཟུང་བ་རྣམས་ཀྱང་སྤུ་འཇིད་པ་དང་། སྣ་འབིགས་པ་དང་། བརྡེག་ཅིང་བསྐུལ་བ་དང་། ཁུར་ལྕི་བས་མནར་བའི་དང་། ཤ་དང་ཁྲག་དང་། པགས་པ་དང་རུས་པའི་ཕྱིར་གསོད་པ་དང་། གླེན་ཞིང་གཏི་མུག་པས་བླང་དོར་མི་ཤེས་པར་འཐོམས་ཏེ་སྡུག་བསྔལ་བ་དང་། བཀྲེས་སྐོམ་ཚ་གྲང་ངལ་དུབ་སོགས་དམྱལ་བ་དང་། ཡི་དྭགས་ཀྱི་སྡུག་བསྔལ་འདྲ་རུང་དུ་ཡོད་པའོ། མཛོད་ལས། འཇོག་པོ་བསྐལ་པའོ། །ཞེས་ཚེ་ཚད་ནི་ཁ་ཅིག་བསྐལ་པ་ཐུབ་པ་དང་། །ལ་ལ་ནི་ཡུད་ཙམ་དང་ཉིན་རེ་ཙམ་ཞག་དང་ཟླ་བ་ལོ་སོགས་སྣ་ཚོགས་མ་ངེས་པའོ། །དེ་དག་ཏུ་སྐྱེ་བའི་ལས་ནི་མ་རིག་རྨོངས་ཤིང་གཏི་མུག་གི་དགེ་སྡིག་ལ་བླང་དོར་མ་བྱས་པའི་དབང་གིས་སོ། དེ་ལྟར་ངན་སོང་གསུམ་གྱི་སྡུག་བསྔལ་བསམ་པ་ན། ད་ལྟ་མེ་ནང་དུ་མཛུབ་མོ་བཅུག་ནས་ཞག་རེ་སྡོད་པ་དང་། དགུན་གྲང་སྒང་འཁྱགས་སྦུབས་སུ་ལུས་གཅེར་བུར་སྡོད་པ་དང་། ཉིན་ཞག་ཁ་ཡར་བཟའ་བཏུང་མེད་པ་དང་། ལུས་ལ་སྦྲང་བུ་དང་ལྗི་ཤིག་གིས་སོ་བཏབ་པ་ཙམ་ཡང་བཟོད་པར་དཀའ་ན། དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་ཀྱི་སྡུག་བསྔལ་ཇི་ལྟར་བཟོད་སྙམ་དུ་ད་ལྟའི་རང་ཉམས་ལ་དཔག་ནས་འཇིགས་སྐྲག་སྐྱོ་ཤས་ངེས་འབྱུང་དྲག་པོས་བསྐུལ་ནས་དལ་འབྱོར་དོན་ཡོད་པའི་ཉམས་ལེན་བྱ་བར་རིགས་སོ། །གཉིས་པ་མཐོ་རིས་མི་དང་ལྷ་དང་ལྷ་མ་ཡིན་གསུམ་ཀྱང་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་པས་དེའི་ཚུལ་བསམ་པ་ལ་དང་པོ་མིའི་སྡུག་བསྔལ་ནི། དང་པོ་མའི་མངལ་དུ་གནས་པའི་ཚེ་དོགས་ཤིང་དྲི་ང་བ་དང་མུན་ནག་དང་མས་ཟས་ཟོས་པའི་ཚ་གྲང་གི་འགྱུར་ལྡོག་དང་བསྒུལ་བསྐྱོད་ཀྱི་ཉེར་ལེན་གཡང་དུ་ལྷུང་བ་དང་བརྩིར་བ་ལྟ་བུའི་ཚོར་བ་སྡུག་བསྔལ་གྱི་འདུ་ཤེས་ལ་ཟླ་གྲངས་བགྲངས་ཏེ་འདུག་དགོས་པས་བཙོན་ར་ལྟ་བུ་དང་སྐྱེ་བའི་ཚེ་མགོ་མཇུག་ལྡོག་སྟེ་འཇུར་མིག་ནས་དྲངས་པ་ལྟ་བུ་དང་རེག་པ་དང་ཚེར་ལྕག་བྲབ་པ་ལྟ་བུ་དང་། པགས་པ་བཤུས་པ་ལྟ་བུ་དང་། ལག་ཏུ་བླངས་ཚེ་བྱིའུ་ཁྲས་ཁྱེར་བ་ལྟ་བུའི་སྡུག་བསྔལ་ཡོད་པར་གསུངས་ཏེ། དགའ་བོ་མངལ་འཇུག་གི་མདོ་ལས། ཇི་ལྟར་མངལ་ན་གནས་པའི་སྡུག་བསྔལ་རྣམས། །བཟོད་པར་དཀའ་བ་སྡུག་བསྔལ་རྒྱ་མཚོ་སྟེ། །ལས་དྲུག་འཁྲུལ་པའི་ཉོན་མོངས་རྒྱུ་ལས་བྱུང་། །ཞེས་སོ། དེ་ནས་རྒས་པའི་ཚེ་ལང་ཚོ་ཡོལ་བས་ལུས་ཀྱི་ཁ་དོག་ཉམས་ཤིང་སྔོ་ནག་དང་ཐལ་མདོག་ཡིད་དུ་མི་འོངས་པ། སྒུར་པོ་དང་ཡན་ལག་འཁྱོག་པོ་བུད། སྐྲ་དཀར་དང་གཉེར་མས་གང་། འགྲོ་འདུག་དང་སྒུལ་བསྐྱོད་དཀའ་ཞིང་འགྱེལ་བུབ་མང་། མིག་མི་གསལ་ཞིང་། རྣ་བ་མི་གསང་། ལྕེས་རོ་ཇི་བཞིན་མི་མྱོང་། སྨྲ་བ་ལྡབ་ལྡིབ་དུ་སོང་བཟའ་བཏུང་ཉུང་ན་བཀྲེས་ཤིང་མང་ན་ཕོ་བར་འཇུ་དཀའ། དེས་མཚོན་རྒས་པའི་སྡུག་བསྔལ་རྣམས་རིམ་གྱིས་འབྱུང་སྟེ། ཀརྨ་པས། རྒས་པའི་ཁད་ཀྱིས་འབྱུང་བ་བས། །དུས་ཐེབས་གཅིག་བྱུང་ན་བཟོད་ཐབས་མེད། །ཅེས་གསུངས་པ་ལྟར་རོ། །འབྱུང་བཞི་འདུས་པའི་ལུས་འདིར་སྔོན་ལས་དང་འཕྲལ་རྐྱེན་གྱི་ཉེར་ལེན་ལས་ཉེས་གསུམ་འདུ་བ་འཁྲུག་པའི་ནད་ཀྱིས་བཏབ་པས་ཟུག་རྔུ་ལྡང་ཞིང་འདོད་པའི་བཟའ་བཏུང་དང་གཉིད་སོགས་ལ་སྤྱོད་མི་ཆོག་ཅིང་མི་འདོད་པའི་སྨན་དཔྱད་རྩུབ་མོ་བསྟེན་དགོས་པ་དང་། འཆི་བར་དོགས་པ་དང་ཡོ་བྱད་ཟད་པ་དང་། འདུ་ཤེས་འཁྲུག་པ་སོགས་སྡུག་བསྔལ་ཡིད་མི་བདེ་བ་འབའ་ཞིག་གིས་སེམས་ཁོང་དུ་ཆུད་པར་བྱེད་དོ། །འཆི་བའི་ཚེ་ན་སྨན་དཔྱད་དང་རིམ་གྲོ་ཅི་བྱས་ཀྱང་མ་ཕན་པར། མལ་གྱི་ཐ་མ་ལ་ནི་ཉལ་ཟས་ཀྱི་ཐ་མ་ལ་ནི་ཟ། གཏམ་ལབ་ཀྱི་ཐ་མ་ནི་སྨྲ་ཞིང་། ལོངས་སྤྱོད་མངའ་ཐང་འཁོར་གྲོགས་ཡིད་དུ་འོང་བ་ཐམས་ཅད་དང་འབྲལ་རང་གི་ལུས་གཅེས་འཕང་གི་རང་བཞིན་ཀྱང་བསྐྱུར་ནས་གནད་གཅོད་ཀྱི་ཚོར་བ་དྲག་པོ་དང་བཅས་འཆི་བར་འགྱུར་རོ། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་བཞི་པོ་མི་སྤྱི་མཐུན་དུ་མྱོང་དགོས་པར་མ་ཟད། འཚོ་བའིི་བར་སྐབས་རྣམས་སུའང་ཚེ་འདིའི་བདེ་འབྱོར་ལོངས་སྤྱོད་སྒྲུབ་པའི་ཆད་དུ་ལུས་སྲོག་ཐེད་ལ་བོར་ནས་དཀའ་ལས་ཇི་སྙེད་ཅིག་བྱས་ཀྱང་དོན་མ་འགྲུབ་པའི་སྡུག་བསྔལ་གཞན་ཡང་དགྲ་སྡང་བ་དང་འཕྲད་ཀྱི་དོགས་པའི་སྡུག་བསྔལ། གཉེན་བྱམས་པ་དང་འབྲལ་གྱི་དོགས་པའི་སྡུག་བསྔལ་མེད་པ་རྣམས་འཚོལ་བ་དང་མ་རྙེད་པའི་སྡུག་བསྔལ། འབྱོར་ལྡན་རྣམས་འཁོར་དང་ལོངས་སྤྱོད་ཇི་ཙམ་ཆེ་བ་ལྟར་དེ་དག་བསྲུངས་ཕྱིར་སྡུག་བསྔལ་ཡང་ཆེ་སྟེ། བཞི་བརྒྱ་པ་ལས། མཆོག་ལ་ཡིད་ཀྱི་སྡུག་བསྔལ་ཏེ། །ཐ་མལ་རྣམས་ལ་ལུས་སྐྱེས་སོ། །སྡུག་བསྔལ་གཉིས་ཀྱི་འཇིག་རྟེན་འདི། །ཉིན་རེ་བཞིན་ནི་འཇོམས་པར་བྱེད། །ཅེས་སོ། གླིང་བཞིའི་ཚེ་ཚད་སོ་སོར་བཤད་ལྟར་དང་། འཛམ་གླིང་ནི། མཛོད་ལས། འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་ཚེ་ཚད་རིང་ཐུང་སྣ་ཚོགས་དང་ལྡན་པའོ། །གཉིས་པ་ལྷ་མ་ཡིན་གྱི་སྡུག་བསྔལ་ནི། །ལྷ་རྣམས་ཀྱི་བདེ་འབྱོར་ཕུན་སུམ་ཚོགས་པ་མཐོང་ནས། ཕྲག་དོག་མི་བཟོད་པའི་གདུང་བ་དྲག་པོ་གཏན་དུ་ཡོད་ཅིང་། དུས་དུས་སུ་ལྷ་དང་གཡུལ་བཤམས་ཤིང་འཐབ་པ་དང་། ལྷ་རྣམས་ཀྱི་མཚོན་ཆ་སྣ་ཚོགས་ཀྱིས་ཆར་ཕབ་པས། ལྷ་མིན་རྣམས་བསོད་ནམས་མཐུ་ཆུང་བས་གསོད་པ་དང་བརྡེགས་པ་དང་ཡན་ལག་གཅོད་པ་དང་གཏུབ་པ་ལ་སོགས་པའི་སྡུག་བསྔལ་དྲག་པོ་འབྱུང་ཞིང་ལྷ་རྣམས་ཀྱི་མགོ་བོ་དང་རྐེད་པ་མ་ཆད་ན་གནད་དུ་ཕོག་ཀྱང་སླར་འཚོ་ལ། ལྷ་མིན་རྣམས་མི་ལྟར་གནད་དུ་ཕོགས་པ་ལས་འཆི་སྟེ། ཤི་བའི་གཟུགས་བརྙན་གསེར་གྱི་ས་གཞིའི་སྟེང་དུ་ཀུན་སྣང་ཞེས་བྱ་བའི་མཚོ་ལ་ཤར་བས་དམག་མ་ལོག་གོང་ནས་ཉེ་དུ་རྣམས་མྱ་ངན་གྱིས་གདུང་བར་བཤད་ཅིང་། ལྷ་མིན་ཕལ་ཆེར་ནག་ཕྱོགས་ཡིན་པས་ཆོས་ལ་མི་དགའ་འགའ་ཞིག་མོས་ནའང་རྣམ་སྨིན་གྱི་སྒྲིབ་པ་ཅན་ཡིན་པས་ཁྱད་པར་རྟོག་པའི་བསྐལ་པ་མེད་དོ། །ལྷ་མིན་རྣམས་ནི་སྟོབས་ཆེན་གནོད་སྦྱིན་གྱི་རིགས་རྣམས་ནི་ཚེ་ཚད་རྒྱལ་ཆེན་བཞི་དང་མཉམ། མཐུ་དཔལ་ལྷའི་རིགས་རྣམས་སུམ་ཅུ་རྩ་གསུམ་དང་མཉམ། གསོད་བྱེད་སྲིན་པོའི་རིགས་རྣམས་ནི་ཡི་དྭགས་དང་མཉམ། གདུག་པ་ཀླུའི་རིགས་རྣམས་དུད་འགྲོ་དང་མཉམ་པའོ། །གསུམ་པ་ལྷའི་སྡུག་བསྔལ་བསམ་པ་ནི། འདོད་ལྷ་དང་། གཟུགས་ཁམས་དང་། གཟུགས་མེད་དོ། དང་པོ་འདོད་པའི་ལྷ་རྣམས་ནི། སྔར་ཡུན་རིང་དུ་ལྷའི་འདོད་ཡོན་ལ་སྤྱད་ཀྱང་བག་མེད་པའི་དབང་གིས་མ་ཚོར་བར་ཚེ་ཟད་ནས་འཆི་འཕོ་བ་ན་ལུས་ཀྱི་མདོག་མི་སྡུག་པ་དང་། སྟན་ལ་མི་དགའ་བ་དང་། མེ་ཏོག་གི་ཕྲེང་བ་རྙིང་པ་དང་། གོས་ལ་དྲི་མ་ནག་པོ་ཆགས་པ་དང་། ལུས་ལ་སྔོན་མེད་པའི་རྔུལ་འབྱུང་བ་སྟེ། འཆི་འཕོ་ལྟུང་བྱེད་ཀྱི་ལྟས་ལྔ་ལྷའི་ཞག་བདུན་གྱི་གོང་དུ་འབྱུང་བས་འཆི་འཕོ་བའི་སྡུག་བསྔལ་དང་། རང་གི་ལྷ་མོ་དང་འཁོར་རྣམས་ཀྱིས་སྤངས་ནས་སྡུག་བསྔལ་ཡིད་མི་བདེ་བ་ཆེར་བསྐྱེད་ཅིང་། ཤི་ནས་ཀྱང་ལྷར་སྐྱེ་བ་ནི་སྲིད་པ་ཙམ་སྟེ་མིར་སྐྱེ་བའང་ཉུང་། ཕལ་ཆེར་ངན་སོང་དུ་སྐྱེ་བས། དེའི་སྡུག་བསྔལ་བཟོད་དཀའ་བ་ཡུན་རིང་པོར་སྤྱོད་དགོས་པ་ཤེས་པས་སེམས་ཀྱི་སྡུག་བསྔལ་ཤིན་ཏུ་ཆེ་སྟེ། བཤེས་སྤྲིང་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ཀྱང་། །སླར་ཡང་ལས་ཀྱི་དབང་གིས་ས་སྟེང་ལྷུངས། །འཁོར་ལོས་བསྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །ཞེས་སོ། གཞན་ཡང་ལྷ་བསོད་ནམས་ཆེ་བ་རྣམས་ཀྱི་དཔལ་འབྱོར་མཐོང་བ་ན། བསོད་ནམས་ཆུང་བ་རྣམས་སེམས་ཁོང་དུ་ཆུད་ནས་སྤ་སྐོང་བར་འགྱུར་བ་དང་། མཐུ་ཆེ་བས་ཆུང་བ་བསྐྲད་པར་འགྱུར་བ་དང་། རྒྱལ་ཆེན་རིགས་བཞི་དང་། སུམ་ཅུ་རྩ་གསུམ་པ་རྣམས་ནི། ལྷ་མ་ཡིན་དང་འཐབ་ཅིང་གསོད་གཅོད་ལ་སོགས་པའི་སྡུག་བསྔལ་དྲག་པོ་ཡོད་དོ། ཁམས་གོང་མའི་ལྷ་གཟུགས་མེད་རྣམས་ཀྱང་རང་རང་གི་ལས་ཟད་ནས་སྲིད་པ་འོག་མར་ལྷུང་བར་འགྱུར་བ་ནི་དཔེར་ན་མདའ་ནམ་མཁའ་ལ་འཕང་པ་ས་ལ་ལྷུང་བ་བཞིན་ནོ། བཤེས་སྤྲིང་ལས་ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡིས། སྡུག་བསྔལ་རྒྱུན་ཆད་མེད་པ་བསྟེན་འཚལ་ལོ། །ཞེས་སོ། ལྷ་རྣམས་ཀྱི་ཚེ་ཚད་ཀྱང་། མི་ལོ་ལྔ་བཅུ་ལ་རྒྱལ་ཆེན་རིགས་བཞིའི་ཞག་གཅིག །དེའི་ཟླ་བ་དང་ལོར་བརྩིས་པའི་ལོ་ལྔ་བརྒྱ་ནི་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་ཚེ་ཚད་ཡིན་ལ། སུམ་ཅུ་རྩ་གསུམ་པ་སོགས་གོང་མ་གོང་མ་རྣམས་རིམ་གྱིས་ཚེ་ཚད་རིང་བར་ཡོད་པའོ། དེ་ལྟར་འཁོར་བ་གང་ཡང་བདེ་བའི་གོ་སྐབས་ཆེ་བར་མ་མཆིས་ཤིང་སྡུག་བསྔལ་གྱི་རང་བཞིན་ཏེ། རྒྱུད་བླ་མ་ལས། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མི་མཚོན་རྒྱ་ཚ་ལ་སོགས་རེག་སྐྱེས་བཞིན། ཞེས་སོ། དེ་དག་ཀྱང་བསྡུ་ན་གསུམ་སྟེ། ཚོར་བ་བདེ་སྡུག་གི་རྒྱུ་འདུ་བྱེད་ཀྱི་རང་བཞིན། སྡུག་བསྔལ་གྱི་སྡུག་བསྔལ་ནི། ནད་གཅིག་གི་ཐོག་ཏུ་གཅིག་བྱུང་བའམ། ཉེ་འབྲེལ་ལ་སོགས་པ་གཅིག་ཤི་བའི་རྗེས་སུ་བསྟུད་མར་ཡང་གཅིག་ཤི་བ་ལྟ་བུ་སྡུག་བསྔལ་གཅིག་མ་སངས་གོང་གཅིག་བྱུང་བའམ། གཙོ་བོར་ངན་སོང་གསུམ་དང་འགྱུར་བའི་སྡུག་བསྔལ་ནི། བདེ་བ་ཡོད་པའི་སྐབས་གློ་བུར་དུ་མི་རྟག་པས་མྱ་ངན་དང་སྡུག་བསྔལ་ཡིད་མི་བདེར་གྱུར་པ་དང་དེར་མ་ཟད་བདེ་བ་ཡང་ཡུན་དུ་མི་གནས་པར་འགྱུར་བའི་རང་བཞིན་ནོ། །ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི། དཔེར་ན་དབང་པོ་ཆེས་གཞན་ལ་གནོད་པ་བསྐྱལ་ན་དེའི་འབྲས་བུ་སྡུག་བསྔལ་ལ་གཏོད་པར་འགྱུར་བ་དང་། སྐོམ་ནད་ཅན་ལན་ཚྭའི་ཆུ་འཐུང་བ་བཞིན་ཚོར་བ་བདེ་བ་དང་སྡུག་བསྔལ་གྱི་གཞི་འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་འདི་སྡུག་བསྔལ་ཐམས་ཅད་བསྐྱེད་གཞི་ཡིན་ཏེ་གནས་གྲོགས་ཡོ་བྱད་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པས། དེའི་རྒྱུ་ནི་ཉོན་མོངས་པའི་ལས་ལས་བྱུང་། ལས་ལས་སྡུག་བསྔལ་འབྱུང་། དེའི་མཐའ་ཟད་པར་མི་འགྱུར་བས་སླར་ཡང་སྡུག་བསྔལ་ལས་ཉོན་མོངས་པ་རྒྱུན་ཆགས་པར་འཁོར་བས་ན་འཁོར་བ་ཞེས་བྱ་བ་འདི་ཉེས་ཅན་ཁྲི་མུན་དུ་ཆུད་པའི་བཙོན་བུ་ལྟ་བུའི་འདུ་ཤེས་དང་། ཟུག་གཟེར་རྒྱུན་མི་འཆད་པའི་ནད་པ་ལྟ་བུ་དང་ཆུ་བོ་རྦ་ཀློང་ཤུག་དྲག་པོས་གཡེངས་ཏེ་གཙང་འགྲམ་གྱི་བྲག་ལ་བརྡེག་པར་འགྱུར་བ་ལྟ་བུའི་འདུ་ཤེས་དེ་གསུམ་གྱི་སྒོ་ནས་སྐྱོ་ཤས་དང་ངེས་འབྱུང་དྲག་པོ་བྱའོ། །ལྔ་པ་བྱང་ཆུབ་དད་པ་ནི། དེ་ཡང་གང་དད་པར་གྱུར་པ་དེ་ནི་འཁོར་བ་ལས་ཡོངས་སུ་བརྒལ་ཞིང་༔ བྱང་ཆུབ་ཀྱི་ཞིང་དུ་མངོན་པར་སྤྱོད་པ་སྟེ༔ ལམ་གྱི་སྟོན་པ་བླ་མ༔ གྲོགས་མཆེད་ལྕམ༔ ལམ་གྱི་རིམ་པ་ཐེག་པ་ཆེན་པོ་ལ་སོགས་པ་རྣམས་ལ༔ དད་པ་དང་མོས་པ་དང་སྲི་ཞུས་བརྟེན་ཅིང་མཆོད་པར་བྱ་བ་སྟེ༔ སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བསྐྱེད་པའི་གཞི༔ ཡོངས་སུ་སྨིན་པའི་གཞི༔ ཡོངས་སུ་རྣམ་པར་རྒྱས་པའི་གཞི་འབྲས་བུ་ལམ་དང་བཅས་པ་དད་པ་ཁོ་ནའི་ཡོན་ཏན་ལས་བྱུང་བས༔ རྩེ་གཅིག་འདེམ་རྐྱང་མེད་པའི་ངང་ནས་ལམ་དུ་འཁྱེར་བར་བྱའོ༔ ཞེས་གསུངས། དེའང་དད་པ་ལ་དབྱེ་ན། དང་བའི་དད་པ། འདུན་པའམ། འདོད་པའི་དད་པ། ཡིད་ཆེས་པའི་དད་པ་དང་གསུམ་མོ། དང་བའི་དད་པ་ནི། བླ་མ་དང་དཀོན་མཆོག་གི་ཡོན་ཏན་ཤེས་ནས་དེ་ལ་སེམས་དགའ་བའི་རྣམ་པར་དག་པས་མངོན་པར་དད་པ་དང་། དེའང་ཀུན་རྫོབ་སྣང་ཆའི་དགེ་བ་ལ་དང་བ་དང་། དོན་དམ་ཤེས་རབ་ཀྱི་དགེ་བ་ལ་དང་བ་དང་། ཟུང་འཇུག་ཆ་མཉམ་གྱི་དགེ་བ་ལ་དང་བ་སྟེ། དེ་ལྟར་ཤེས་པས་བློའི་ཉེས་སྤྱོད་དངས་པར་བྱེད་པ་དང་། སྒོ་གསུམ་དགེ་བའི་བྱ་བ་ལ་སྤྲོ་བར་བྱེད་པའོ། དེ་ཡང་དཀོན་མཆོག་སྒྲོན་མེ་ལས། །དད་པ་རྒྱལ་བའི་ཆོས་ལ་རབ་དགའ་སྐྱེ། དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །དད་པ་ཡོན་ཏན་ཡེ་ཤེས་ཁྱབ་པར་བྱེད། ཅེས་པས། འདོད་པའི་དད་པ་ནི། ཆོས་བཟང་པོ་ལ་ངེས་པར་སེམས་པའི་དད་པའི་ངོ་བོ་ནི་ཆོས་ཉིད་ཀྱི་དོན་འདོད་པ་དང་དེའི་དོན་མཐོང་ནས་ངང་ལ་འཇོག་པའོ། །དེའང་ཐོས་བསམ་བསྒོམ་པ་ལ་ངེས་པར་སེམས་པའི་དད་པའོ། རྒྱུད་བླ་མ་ལས། རང་བྱུང་ཉིད་ཀྱི་དོན་དམ་ནི། །དད་པ་ཉིད་ཀྱིས་རྟོག་བྱ་ཡིན། །ཅེས་སོ། ཡིད་ཆེས་པའི་དད་པ་ནི། གཞི་ལམ་འབྲས་བུའི་ཆོས་རྣམས་ལ་ཐེ་ཚོམ་མེད་པ་སྟེ་དེ་དོན་སྟོན་པའི་བཀའ་མདོ་རྒྱུད་ཐམས་ཅད་ལུང་རིགས་ཀྱིས་ཚིག་དོན་མི་བསླུ་བར་ཤེས་ཤིང་། འཇུག་པ་ཡིད་ཆེས་ཀྱི་དད་པའོ། །འཁོར་བ་རྒྱུ་འབྲས་སྤང་བྱ་འདས་པ་རྒྱུ་འབྲས་བླང་བྱ། ལུང་མ་བསྟན་རྣམས་དགོས་མེད་དུ་ཡིད་ཆེས་པའོ། །དེའང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དད་པ་ནི་དམ་པའི་ཆོས་ཉན་པར་འདོད་པ་དང་། ལས་དང་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང་། དེ་ལ་བརྟེན་པར་བྱེད། བརྙེས་པར་བྱེད་པའོ། །ཞེས་སོ། གང་ལ་དེ་ལྟ་བུའི་དད་པ་དང་ལྡན་པའི་ཡོན་ཏན་ནི། དཀོན་མཆོག་སྒྲོན་མེ་ལས། དད་པ་གཏེར་དང་ནོར་དང་རྐང་པའི་མཆོག །དད་པ་ཡོངས་སུ་གཏོང་ལ་དགའ་བར་བྱེད། །དད་པ་ཡིད་བཞིན་ནོར་འདྲ་དགོས་འདོད་སྟེར། །ཅེས་སོ། འཕགས་ནོར་བདུན་གྱི་དང་པོ་ཡང་དད་པ་ཡིན་ལ་དེ་ཡོད་པ་ནི་དམ་པ་ཡིན་ཏེ། གསང་བ་བསམ་གྱིས་མི་ཁྱབ་པ་ལས། དེ་ནི་དད་པ་དང་དང་བ་དང་མོས་པ་དང་། རྙོག་པ་མེད་པའི་སེམས་དང་ལྡན་པས། ལས་དང་རྣམ་པར་སྨིན་པ་ལ་སོམ་ཉི་མེད་པ་དང་། ཐེ་ཚོམ་དང་ཡིད་གཉིས་མེད་པ་དང་། མོས་པ་དང་རྟོག་པ་དང་ཡིད་ཆེས་པ་དང་ལྡན་པས། དགེ་སྡིག་གི་ལས་དང་རྣམ་པར་སྨིན་པ་ཆུད་མི་ཟ་བ་ཤེས་ནས་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་དེ། དགེ་བའི་ལས་ཀྱི་ལམ་བཅུ་པོ་ལ་སྤྱོད་ཅིང་། སྦྱིན་པས་ལོངས་སྤྱོད་དང་། ཚུལ་ཁྲིིམས་ཀྱིས་མཐོ་རིས་དང་། ཐོས་པས་ཤེས་རབ་དང་། སྒོམ་པས་ཡོན་ཏན་ཐམས་ཅད་འཕེལ་བར་འགྱུར་རོ། ཞེས་སོ། དད་པ་མེད་པའི་སྐྱོན་ནི། དཀོན་མཆོག་བརྩེགས་པ་ལས། །དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་ནི་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་དང་། ཡིད་བཞིན་མཛོད་ལས་ཀྱང་། མཚོ་གཏིང་རྡོ་འདྲ་ཐར་བའི་སྐམ་དང་བྲལ། །གཉེན་མེད་གྲུ་འདྲ་སྲིད་ལས་སྒྲོལ་དུས་མེད། །ལག་རྡུམ་ཕྱིན་འདྲ་དགེ་བའི་བགོ་སྐལ་མེད། ས་བོན་ཚིག་འདྲ་བྱང་ཆུབ་མྱུ་གུ་མེད། །ལོང་བ་དང་འདྲ་ཆོས་གཟུགས་སྣང་བ་མེད། །འཁོར་དོང་ཆུད་འདྲ་གཏན་དུ་འཁོར་བར་འཁྱམས། །ཞེས་པ་ལྟར། བྱང་ཆུབ་ཀྱི་གོ་འཕང་དོན་དུ་གཉེར་བ་ལ་དད་པ་གལ་ཆེ་བའི་དད་པ་བསྐྱེད་དགོས། སྐྱེ་བའི་ཡུལ་ཡང་འཁོར་བའི་རང་བཞིན་དང་སྡིག་པའི་གྲོགས་མཐོང་ནས་སྐྱོ་བ་དང་། དཀོན་མཆོག་གི་རྟེན་མཐོང་བ་དང་། ཡུལ་མཆོག་དམ་པའི་གཏམ་རྒྱུད་ཐོས་པ་དང་། རྒྱུ་འབྲས་ཀྱི་ལས་ལ་ཡིད་ཆེས་པ་དང་། ཆོས་ལ་སེམས་པ་ཐོབ་པའི་ལས་ཏེ་དེ་དག་ལ་བརྟེན་ནས་སྐྱེ་བ་དང་གོང་དུ་སྤེལ་བར་བྱེད་པ་ནི། ཡིད་བཞིན་མཛོད་ལས། རྒྱུ་ལ་བརྟེན་ནས་གོང་དུ་སྤེལ་བ་ཡང་། །དམ་པ་བསྟེན་དང་དགེ་གྲོགས་མདོ་རྒྱུད་བལྟ། །འཆི་བ་བསམས་དང་ལས་འབྲས་ཡིད་ཆེས་བྱ། །ཐོས་བསམ་སྒོམ་པ་སྔར་བས་བརྩོན་པ་སྟེ། །དེ་ལས་དད་པ་གོང་འཕེལ་ཉིད་དུ་འགྲུབ། །ཅེས་བླ་མ་དམ་པ་ལ་བསྟེན་ནས་མོས་གུས་གཏིང་ནས་བྱ་བ་དང་། གྲོགས་ཆོས་དང་རང་རྒྱུད་འདྲེས་པ་ལ་བརྟེན་པ་དང་། མདོ་རྒྱུད་ཟབ་མོ་ལ་བལྟ་བ་དང་། འཆི་བ་མི་རྟག་པ་དང་ལས་རྒྱུ་འབྲས་ལ་བསམ་པ། སྒོམ་སྒྲུབ་ཟབ་མོ་ལ་བརྩོན་པས་འཕེལ། དེ་དག་སློབ་པ་དང་དད་པ་འགྲིབ་པའི་རྐྱེན་ཤེས་ནས་སྤང་བར་བྱ་བ་ནི། ཡིད་བཞིན་མཛོད་ལས། འགྲིབ་པའི་རྐྱེན་ནི་བླ་མའི་སྐྱོན་ལ་རྟོག །ཐ་མལ་དང་འགྲོགས་འདོད་ཡོན་རང་དགར་སྤྱོད། །ལེ་ལོ་སྙོམས་ལས་འཇིག་རྟེན་བྱ་བ་མང་། །དེ་དག་ལ་སོགས་ཆོས་མིན་ལས་རྣམས་སྟེ། །བདུད་ཀྱིས་བྱིན་རླབས་དུས་སུ་འགྲིབ་པར་གསུངས། ཆོས་ལ་ཞུགས་དུས་བདུད་ཀྱི་བར་གཅོད་ཀྱི་རྟགས་སུ། བླ་མ་དགེ་བའི་བཤེས་གཉེན་དང་། ཆོས་མཛད་སྤྱིའི་སྐྱོན་ལ་རྟོག་པ་དང་། ཐ་མལ་སྡིག་གྲོགས་དང་འགྲོགས་པ། ཉམས་ལེན་གྱི་བརྩོན་འགྲུས་འགྲིབ་པ། ཆོས་ལ་ཐེ་ཚོམ་ཟ་བ། འདོད་ཡོན་རང་དགར་སྤྱོད་པ། དཀོན་མཆོག་གསུམ་ལ་མོས་གུས་མེད་པ། ལས་རྒྱུ་འབྲས་ལ་རྩིང་སྤྱོད་བྱེད་པ། དེ་དག་བྱུང་ན་དེ་ལས་ལྡོག་སྟེ། བླ་མ་མཆེད་གྲོགས་དང་བཅས་པའི་ཡོན་ཏན་བསམ་པ་དང་། ཆོས་བྱེད་ཐམས་ཅད་ལ་དག་སྣང་མོས་གུས་བསྐྱེད། གཞན་སྐྱོན་མཐོང་བ་རང་སྐྱོན་ཡིན་པར་སེམས་ནས་རང་གྲོལ་གདབ་ཐ་མལ་པ་དང་མི་འགྲོགས། འདོད་ཡོན་གྱི་ཉེས་མིག་དྲན་པར་བྱ་བ་དང་། མདོར་ན་དད་པ་འགྲིབ་པའི་སྐྱོན་རྣམས་ངོས་བཟུང་སྟེ་བདུད་ཀྱི་ལས་སུ་ཤེས་པར་བྱས་ནས་རང་རྒྱུད་ཆོས་ཀྱིས་ཐུལ་བས་ཆོས་དང་གང་ཟག་མ་འཛོལ་བ་ངེས་པར་དགོས་པ་ཡིན་ནོ། །དེ་ཡང་ཡུམ་ལས། བདུད་སྡིག་ཏོ་ཅན་ནི་ལས་དང་པོ་པ་དག་གི་མདུན་དུ་འོངས་ནས་མོས་པ་དག་ཀྱང་ཟློག་པར་བྱེད། བྱང་ཆུབ་སེམས་དཔའི་སྤྱོད་པ་དག་ཀྱང་ཕྱིར་ཕྱོགས་པར་བྱེད་དོ། །ཅེས་སོ། དེ་ཡང་རྟགས་མི་ཐུབ་པས་དད་པ་ཉི་ཚེ་བ་སྤངས་ནས་ཐང་ཐུབ་པར་བྱ་དགོས་པ་ནི། ཡིད་བཞིན་མཛོད་ལས། དད་པའི་གོལ་ས་ཤེས་ནས་སྤང་བ་ནི། །དམ་པའི་དྲུང་དུ་དད་ལས་གཞན་དུ་མིན། །ཅུང་ཟད་རྐྱེན་གྱིས་འཕེལ་དང་འགྲིབ་པ་ཅན། །རྐྱེན་ངན་སོལ་ནས་ཅུང་ཟད་དད་པ་མེད། །བློ་མང་གང་ལའང་འཇུག་པ་ཐང་མི་ཐུབ། གཅིག་ཏུ་མ་ངེས་གང་བདེར་སྤྱོད་པ་ཅན། །གཏད་མེད་བབ་ཅོལ་ཕྲ་མོའི་རྐྱེན་གྱིས་ཟློག །འདི་དྲུག་སྤང་ལ་བློ་གཏད་རྒྱུན་རིང་བྱ། །ཞེས་པས། ལས་དང་པོ་པ་ཁ་ཅིག་བླ་མ་ལ་དད་པ་ཆེ་ཆེ་ལྟར་བྱེད་ཅིང་བྲལ་ནས་ཐ་མལ་པ་ལས་ཀྱང་ངན་པ་དང་། །རྐྱེན་དང་འཕྲད་དུས་དད་པ་སྐྱེ་མྱུར་ཡང་ཅིག་ཅར་ཡལ་ནས་མེད་པ་དང་། འདོད་པའི་ཆོས་སམ་ལོངས་སྤྱོད་ནད་གདོན་གྱིས་གཙེར་བས་མ་གྲོལ་བར་དུ་དད་པ་ཆེ་ཆེ་ལ། དོན་གྲུབ་ནས་མེད་པ་དང་གཅིག་མ་ཟིན་པར་གཅིག་རྩོམ་པར་བྱེད་པའི་དགེ་སྦྱོར་དང་། བླ་མ་དང་ཆོས་ཟབ་མོ་གཅིག་ལ་དད་པ་མི་ཕྱེད་པ་མེད་པར། གང་བདེར་འཇུག་པ་ཡང་མ་བརྟེན་པའི་རང་བཞིན་ཅན་དང་། ཅུང་ཟད་དད་པ་སྐྱེས་པ་ཅུང་ཟད་རྐྱེན་རེས་འགྲིབ་པ་གློ་བུར་ཡེ་འགྲོག་ཅན་དེ་རིགས་སྤངས་ལ་སྐྱོ་ངལ་དང་འཕེལ་འགྲིབ་མེད་པར་བློ་བརྟན་ཅིང་མི་འཕྲོག་པའི་དད་པ་བྱ་བ་གལ་ཆེ་དེ་ལྟར་དད་པའི་ཕན་ཡོན་ནི། འཕགས་པ་དཀོན་མཆོག་སྒྲོན་མེའི་མདོ་ལས། གང་གིས་ཞིང་བཅུའི་རྡུལ་རྙེད་སེམས་ཅན་ལ། །བདེ་བ་ཀུན་གྱིས་བསྐལ་པར་བསྙེན་བཀུར་བས། །ཆོས་འདིར་དད་པའི་བསོད་ནམས་ཅི་འདྲ་བ། །ཁྱད་པར་འཕགས་པ་དེ་ཉིད་དེ་ལ་མེད། །ཅེས་དང་། འདུལ་བ་ལུང་ལས། དགེ་སློང་དངོས་པོ་མཆོག་ཏུ་བྱ་དཀའ་བས། །དད་པ་དགེ་བའི་བཤེས་གཉེན་བསྟེན་བྱ་ཞིང་། །རྗེས་མཐུན་གྲོགས་བསྟེན་སྡིག་གྲོགས་ནམ་ཡང་སྤངས། །དམ་པའི་ཆོས་བཙལ་དེ་ཡི་དོན་བསམ་ཞིང་། །ནོར་བུ་རིན་ཆེན་འདྲ་བའི་ཚུལ་ཁྲིམས་སྲུངས། །བྱང་ཆུབ་མཆོག་སེམས་བསྐྱེད་ལ་བརྩོན་པས་འབད། །སངས་རྒྱས་ཡེ་ཤེས་རིང་པོར་མི་ཐོགས་ཐོབ། །ཅེས་སོ། ༈གསུམ་པ་གསང་བའི་སྔོན་འགྲོ་ནི་བདུན་སྟེ༔ སྐྱབས་སུ་འགྲོ་བ༔ སེམས་བསྐྱེད་པ༔ ཡན་ལག་བདུན་པ༔ རྡོ་རྗེ་སེམས་དཔའི་བསྒོམ་བཟླས༔ མཎྜལ་འབུལ་བ༔ བླ་མའི་རྣལ་འབྱོར༔ དབང་བཞི་ལེན་ཞིང་བསྔོ་སྨོན་ནོ༔ ཞེས་ས་བཅད་སྤྱི་སྡོམས་བསྟན་ནས། དེ་དག་སོ་སོར་དབྱེ་བ་བཤད་པ་ལ། དང་པོ་སྐྱབས་འགྲོའི་གོ་དོན་དང་སྐྱབས་འགྲོ་དངོས་ལས་དང་པོ་ནི། རྟེན་གྱི་གང་ཟག་བློ་དམན་ཐེག་ཆེན་གྱི་ལམ་ལ་རིམ་པར་འཇུག་ཅིང་གོང་ནས་གོང་དུ་བགྲོད་དགོས་པའི་རྒྱུ་མཚན་ནི། །མྱ་ངན་ལས་འདས་པའི་མདོ་ལས། ཇི་ལྟར་སྐས་ཀྱི་གདངས་བུ་བཞིན། །ང་ཡིས་བསྟན་པ་ཟབ་མོ་ཡང་། །རིམ་གྱིས་བསླབ་ཅིང་ནན་ཏན་བྱ། །ཐོད་རྒལ་མ་ཡིན་མཐར་ཆགས་སུ། །ཇི་ལྟར་བྱིས་པ་ཆུང་ངུ་དག །རིམ་གྱིས་ལུས་ཤེད་རྫོགས་པ་ལྟར། །ཆོས་འདི་ཡང་ནི་དེ་དང་འདྲ། །དང་པོ་འཇུག་པའི་རིམ་པ་ནས། །ཡོངས་སུ་རྫོགས་པའི་བར་དུའོ། ཞེས་གསུངས་པ་ལྟར་དང་། བློ་རབ་མོས་གུས་ཐོད་རྒལ་གྱིས་འཇུག་ཚུལ་གང་ཡིིན་ཀྱང་ཐེག་པ་ཐམས་ཅད་ཀྱི་གཞི་རྟེན་རྨིང་རྡོ་ལྟ་བུ། སྐྱབས་འགྲོའི་ཚུལ་ལ་རགས་ལས་ཤིང་། སྐྱབས་སུ་འགྲོ་བའི་རྟེན་གྱི་གང་ཟགདེ་ཡང་བསམ་པའི་ཁྱད་པར་གྱིས་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་ལས། གང་ཞིག་ངན་སོང་གསུམ་གྱི་སྡུག་བསྔལ་ལ་སྐྲག་ནས་བདེ་འགྲོ་མཐོ་རིས་ཀྱི་བདེ་བ་འཐོབ་ཕྱིར་དཀོན་མཆོག་ལ་སྐྱབས་སུ་འགྲོ་ན་འབྲས་བུ་གནས་སྐབས་ཀྱི་བདེ་བ་ཙམ་དོན་དུ་གཉེར་བ་ལས་གཞན་མེད་པའི་ཕྱིར་སྐྱེས་བུ་ཆུང་ངུ་ཞེས་བྱའོ། འཁོར་བའི་སྡུག་བསྔལ་ལ་འཇིགས་ནས་རང་ཉིད་གཅིག་པུ་ཞི་བདེ་དོན་གཉེར་བའི་ཕྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་སྐྱེས་བུ་འབྲིང་པོ་ཞེས་བྱ་སྟེ། འཁོར་བ་ལས་རང་ཉིད་ཙམ་ཐར་པའི་འབྲས་བུ་ལ་དམིགས་པའི་ཕྱིར་རོ། །མཐའ་མེད་འཁོར་བའི་སེམས་ཅན་གཞན་རྣམས་ཀྱི་སྡུག་བསྔལ་མཐོང་ནས་དེ་རྣམས་འཁོར་བ་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་སྐྱེས་བུ་ཆེན་པོ་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་འདོད་པ་ལ་དམིགས་པའི་ཕྱིར་རོ། དེའང་སྐྱེས་བུ་ཆུང་ངུ་དང་འབྲིང་གི་ཆ་ལས་ལོག་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐྱེས་བུ་ཆེན་པོའི་རྗེས་སུ་བསླབ་པར་བྱ་སྙམ་པ་གལ་ཆེ་སྟེ། ཇོ་བོ་རྗེའི་བྱང་ཆུབ་ལམ་གྱི་སྒྲོན་མ་ལས། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །རང་རྒྱུད་རྟོག་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་སོ། དུས་ཀྱང་ཕལ་པ་དག་རང་རང་གི་ལྷ་ལ་འདོད་དོན་གྲུབ་ཀྱི་བར་དང་། ཁྱད་པར་མཐོ་རིས་ཐོབ་ཀྱི་བར་དང་། འབྲིང་གི་གནས་སྐབས་མ་ཤིའི་བར་དང་། མཐར་ཐུག་དགྲ་བཅོམ་ཐོབ་ཀྱི་བར་དང་། ཆེན་པོ་ནི་བྱང་ཆུབ་ཀྱི་གོ་འཕང་བར་རམ། སངས་རྒྱས་ཀྱི་ཡེ་ཤེས་མ་ཐོབ་བར་དུ་འགྲོ་བ་སྟེ། བསམ་པ་གསུམ་གྱིས་ཕལ་པ་མཆོག་དང་བླ་ན་མེད་པ་ལས་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་འགྲོ་བའོ། །དེ་ཡང་ངལ་བསོ་ལས། དུས་ཀྱང་བསམ་པའི་རྗེས་འགྲོ་ཆུང་ངུ་རྣམས། །ཕྱི་མའི་བདེ་འབྲས་བར་དུ་འགྲོ་བ་སྟེ། །འབྲིང་གཉིས་གནས་སྐབས་ཇི་སྲིད་འཚོ་བ་དང་། །མཐར་ཐུག་ཉན་རང་འབྲས་ཐོབ་བར་དུ་འགྲོ། མཆོག་རྣམས་བྱང་ཆུབ་བར་དུ་རྟག་འགྲོ་ཞིང་། །ཡེ་ཤེས་གཞལ་མེད་བསམ་ཡས་བར་དུའོ། །ཞེས་སོ། སྐྱབས་སུ་འགྲོ་བའི་ཡུལ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཏེ། དུས་གཞན་དུ་འགྲུབ་འདོད་རྒྱུའི་ཐེག་པ། ད་ལྟ་ཉིད་དུ་གྲུབ་འདོད་རང་སེམས་འབྲས་བུའི་ཐེག་པ། དེའང་སྐྱེས་བུ་ཆུང་འབྲིང་གཉིས་ཀྱི་ཡུལ་ནི་ཐུན་མོང་བ་དང་། ཆེན་པོའི་ནི་ཐུན་མོང་མ་ཡིན་པའོ། དེ་ལ་རྒྱུའི་སྐྱབས་འགྲོ་ནི་འབྲས་བུ་ལ་རིག་པའི་སྐྱེལ་མར་འགྲོ་ལ། འབྲས་བུའི་སྐྱབས་འགྲོ་ནི། འབྲས་བུ་དཀོན་མཆོག་གསུམ་རང་རྒྱུད་ལ་དངོས་སུ་བསྒྲུབ་པར་འདོད་དེ། གཉིས་ཀའི་གྲོགས་སུ་ཁས་ལེན་གྱི། ཆོ་ག་དང་སྙིང་རྗེ་མཚུངས་པར་ལྡན་པ་ནི། མདོ་སྡེའི་རྒྱན་ལས། དེ་དངོས་འདོད་པས་ཁས་ལེན་དེ་ཡང་སྙིང་རྗེ་ལ་རིགས་བྱ། །ཞེས་སོ། མཚན་ཉིད་ཀྱི་ཐེག་པས་ནི། དུས་གཞན་གྲངས་མེད་ལ་སོགས་པའི་མཐར་སངས་རྒྱས་འཐོབ་པར་འདོད་ནས་སྐྱབས་སུ་འགྲོ་བ་སྟེ། ཆོས་སྐུ་མཐར་ཐུག་རང་གི་རྒྱུད་ལ་འཐོབ་པར་འདོད་པ་ནི་འབྲས་བུའི་སྐྱབས་འགྲོ་དང་། དེ་མ་ཐོབ་ཀྱི་བར་དུ་གཞན་གྱི་རྒྱུད་ལ་བྱོན་ཟིན་པའི་སངས་རྒྱས་ལ་འཇིགས་པ་ལས་སྐྱོབ་པའི་ལམ་སྟོན་པའི་སྟོན་པ། དེས་བསྟན་པས་ཆོས་ཀྱིས་འཇིགས་པ་མེད་པར་བགྲོད་པའི་ལམ་དགེ་འདུན་གྱིས་འཇིགས་པ་ལས་སྒྲོལ་བའི་གྲོགས་ཀྱི་བྱ་བ་བྱེད་པར་ཞུ་བས། རང་རྒྱུད་ལ་དཀོན་མཆོག་འགྲུབ་པའི་རྒྱུ་བྱེད་པས་རྒྱུའི་སྐྱབས་འགྲོའོ། གནས་སྐབས་སུ་དཀོན་མཆོག་གསུམ་ཀ་རྟེན་དུ་འདོད་ལ། མཐར་ཐུག་སངས་རྒྱས་ཆོས་སྐུ་ཉག་གཅིག་ལས། གཟུགས་སྐུ་དང་། སངས་རྒྱས་ཀྱི་རྟོགས་པའི་ཆོས་ལས་གཞན་སེམས་དཔའ་དང་ཉན་རང་གི་རྒྱུད་ཀྱིས་བསྡུས་པའི་རྟོགས་པའི་ཆོས་ཀྱང་བོགས་དབྱུང་དུ་ཡོད་ལ་མི་རྟག་པའི་ཕྱིར་བསླུ་བ་དང་། ལུང་གི་ཆོས་རྣམས་བདེན་པ་མཐོང་དུས་སྤང་དགོས་པ་དང་། དགེ་འདུན་དེ་དག་ཀྱང་རགས་པའི་སྒྲིབ་པ་བག་ལ་ཉལ་འཇིགས་ཕྱིར་སངས་རྒྱས་བསྟེན་དགོས་པའི་ཕྱིར། རྒྱུད་བླ་མ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་གནས་མ་ཡིན་ནོ། །ཞེས་སོ། གང་སྐྱབས་ཡིན་ན། དེ་ཉིད་ལས་སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཡིན། །ཞེས་སོ། གསང་སྔགས་པས་ནི། རང་སེམས་སངས་རྒྱས་རང་ཆས་སུ་གནས་པ་མངོན་དུ་མཐོང་བར་འདོད་ནས་ཐུན་མོང་གི་ཡུལ་ཕྱི་རོལ་གྱི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་ཐུན་མོངས་མ་ཡིན་པ་རང་སེམས་གདོད་ནས་མ་སྐྱེས་པའི་ངང་ལ་མཉམ་པར་འཇོག་པའོ། །དེའང་བསྟན་པ་སྤྱི་དང་བྱེ་བྲག་དཀྱིལ་འཁོར་སོ་སོའི་དཀོན་མཆོག་གསུམ་རྒྱུའི་སྐྱབས་ཡུལ་དུ་འདོད་ལ། དེ་ལ་སྐྱབས་སུ་འགྲོ་བ་ནི་རྒྱུའི་སྐྱབས་འགྲོ་དང་། རང་གི་སེམས་རྣམ་པར་དག་པ་དཀོན་མཆོག་གསུམ་ཡེ་ནས་གནས་པ་འབྲས་བུའི་སྐྱབས་ཡུལ་དང་དེ་ལ་བླང་དོར་བཅོས་སླད་མེད་པར་རྩེ་གཅིག་ཏུ་འཇོག་པ་འབྲས་བུའི་སྐྱབས་འགྲོ་དང་། དེའང་ཕྱི་རོལ་ནས་འབྲས་བུ་འདོད་པའི་ཆ་ནས་འབྲས་བུ་དང་། དེའི་ཆེད་དུ་ཁས་ལེན་པའི་ཆ་ནས་རྒྱུར་བརྩི་བ་ལྟར་རུང་ཀྱང་། རང་ལ་ལྷུན་གྲུབ་ཏུ་ཡོད་པས་གཞན་དུ་མི་སྨོན་པར་དེའི་ངང་ལ་འཇོག་པ་འབྲས་བུ་དང་། དེ་སྒྲུབ་པའི་མཐུན་རྐྱེན་དུ་ཕྱིའི་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་རྒྱུའི་སྐྱབས་འགྲོར་བཞག་སྟེ། ཡེ་ཤེས་གྲུབ་པ་ལས། །དཀྱིལ་འཁོར་གསུམ་གྱི་མངའ་བདག་ལ། གཞན་དུ་ཕུན་ཚོགས་དེ་འདོད་ནས། །གང་ཕྱིར་རྒྱུ་ལ་སྨོན་པ་དང་། །འོད་གསལ་བ་ཡི་སེམས་ཉིད་ནི། །དཀྱིལ་འཁོར་གསུམ་གྱི་བདག་ཉིད་དུ། །རྟོགས་པས་རྩེ་གཅིག་མཉམ་འཇོག་པ། །འབྲས་བུའི་མཆོག་ཏུ་ཡང་དག་བཤད། ཅེས་སོ། དེའང་དཀོན་མཆོག་གསུམ་ངོས་བཟུང་བ་ལ་ཐེག་པ་ཆུང་ངུ་དང་། ཐེག་པ་ཆེན་པོའོ། །དང་པོ་ནི། སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ། ཆོས་ལུང་དང་རྟོག་པའི་བདག་ཉིད་གསུང་རབ་ཡན་ལག་བཅུ་གཉིས་དང་། སོ་སོའི་རྒྱུད་དང་ལམ་གྱི་ཏིང་ངེ་འཛིན་ལ་སོགས་པའོ། །དགེ་འདུན་སོ་སོ་སྐྱེ་བོ་དང་འཕགས་པ་གཉིས་ལས། སོ་སྐྱེ་ལ། དགེ་འདུན་ཆུང་ངུ་དང་དགེ་ཚུལ་ཕ་མ་དགེ་བསྙེན་དང་བཅས་པ། ཆེན་པོ་བསྙེན་པར་རྫོགས་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། དེའང་བཞིར་ལོངས་ནས་དགེ་འདུན་འདུས་པ་ཞེས་བྱའོ། འཕགས་པ་ལ་རྒྱུན་ཞུགས། ཕྱིར་འོངས། ཕྱིར་མི་འོང་། དགྲ་བཅོམ་པའི་ཞུགས་པའོ། གནས་པ་ནི་སངས་རྒྱས་སོ། ཐེག་པ་ཆེན་པོ་ལ་གྲགས་པ་ཡང་། སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་དག་པ་གཉིས་ལྡན་མཐར་ཐུག་པ་དོན་གཉིས་ཕུན་སུམ་ཚོགས་པ་སྟེ། རྒྱུད་བླ་མ་ལས། འདུས་མ་བྱས་ཞིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་སོ། ཆོས་ནི་ངོ་བོ་སྨྲ་བསམ་བརྗོད་དུ་མེད་པ་རང་བཞིན་སངས་རྒྱས་སུ་འགྲོ་བའི་ལམ་མམ་གཉེན་པོ་ཡིན་པ། རྣམ་པ་ལམ་བདེན་དང་འགོག་པ་གཉིས་ཀྱི་མཚན་ཉིད་ཅན་དོན་གྱི་ཆོས་དང་ཚིག་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ཏེ། ཡང་དེ་ཉིད་ལས། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་གཉིས་ནི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །ཞེས་སོ། །དེའང་འགོག་པ་གཉིས་ནི་དྲི་མ་སྔར་ཡོད་གཉེན་པོས་བསལ་ཏེ་སྤྲོས་པ་མེད་པ་སོ་སོར་བརྟགས་པའི་འགོག་པ་དང་། །དྲི་མའམ་སྤྲོས་པ་ནམ་མཁའ་ལྟར་རང་བཞིན་གྱིས་མེད་པའི་དོན་ལ་འཇོག་པ་སོ་སོར་བརྟགས་མིན་གྱི་འགོག་པའོ། །ལམ་ནི་ཚོགས་སྦྱོར་མཐོང་བསྒོམ་གྱིས་རྟོགས་པའི་ཆའོ། །བདེན་གཉིས་ཀྱི་མཚན་ཉིད་འཛིན་པ་ལུང་དང་རྟོགས་པའི་ཆོས་ཐམས་ཅད་དོ། །དགེ་འདུན་ནི་སེམས་ཀྱི་རང་བཞིན་འོད་གསལ་བའི་དོན་གསར་དུ་མཐོང་བ་འཕགས་པའི་ས་བཅུ་ལ་གནས་པ་སྟེ། དེ་ཉིད་ལས་ཇི་ལྟ་ཇི་སྙེད་ནང་གི་དོན། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་སོ། ཐུན་མོང་མ་ཡིན་པ་གསང་སྔགས་རྡོ་རྗེ་ཐེག་པ་ལ། རྒྱུད་སྡེ་སོ་སོའི་དབང་གིས་སངས་རྒྱས་སྐུ་གསུམ་མམ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཅན་རིག་གསུམ་དང་རིགས་ལྔས་བསྡུས་པ་ཞི་བ་དང་ཁྲོ་བོའི་ཆ་བྱད་ཅན་གྱི་དཀྱིལ་འཁོར་དང་། ཆོས་གོང་དུ་སྨོས་པ་དང་། ཁྱད་པར་རང་རང་གི་གཞུང་དུ་གྲགས་པའི་ལུང་རྟོགས་ཀྱི་ཆོས་སོ། །ལུང་ལ་གཉིས་ཏེ་རྒྱུའི་ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་ཏེ། །མདོའི་སྡེ་དང་། དབྱངས་སུ་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་དང་། ཆེད་དུ་བརྗོད་པའི་དང་། རྟོགས་པ་བརྗོད་པའི་དང་། དེ་ལྟ་བུ་བྱུང་བའི་དང་། གླེང་གཞིའི་དང་། ཤིན་ཏུ་རྒྱས་པའི་དང་། སྐྱེས་པ་རབས་ཀྱི་དང་། གཏན་ལ་དབབ་པའི་དང་། ཆོས་རྨད་དུ་བྱུང་བའི་སྡེ་རྣམས་དང་། འབྲས་བུའི་ཆོས་ནི་ཁྲུས་དང་གཙང་སྦྲ་སོགས་སྤྱོད་པ་གཙོ་བོར་སྟོན་པ་བྱ་བ་སྤྱོད་པ་རྣལ་འབྱོར་གསུམ་ནི་ཕྱི་པ་ཐུབ་པ་རྒྱུད་ཀྱི་ཐེག་པ། བླང་དོར་མེད་པས་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ཕ་མ་གཉིས་མེད་གསུམ་གྱི་རྒྱུད་ནི་ནང་སྔགས་ཏེ་རྣལ་འབྱོར་ཆེན་པོ་དང་བཅས་པའི་གླེགས་བམ་ཡི་གེ་རྣམས་སོ། །རྟོག་པའི་ཆོས་ནི། ས་ལམ་བསྐྱེད་རྫོགས་གཟུངས་དང་ཏིང་ངེ་འཛིན་ཐབས་དང་ཐུགས་རྗེའི་རང་བཞིན་དཔག་ཏུ་མེད་པ་དེ་དག་གི་ས་དང་ལམ་གྱི་རིམ་པ་ལ་ཡང་། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་སྟེ། རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོངས། དགྲ་བཅོམ་པ་ཉན་རང་གི་སའོ། བྱང་ཆུབ་སེམས་དཔའི་ས་ལ། སེར་སྣ་ལ་སོགས་པ་མི་མཐུན་པའི་ཕྱོགས་བཅུ་སེལ་བ་ལ་ལྟོས་ནས་ཕ་རོལ་ཏུ་ཕྱིན་པའི་ས་བཅུར་བཞག་སྟེ། དབུས་མཐའ་ལས། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཕ་རོལ་ཕྱིན། །ཐབས་སྟོབས་སྨོན་ལམ་ཡེ་ཤེས་ཏེ། །འདི་དག་ཕ་རོལ་ཕྱིན་བཅུར་འདོད། ཅེས་པ་ལྟར། རབ་དགའ། དྲི་མེད། འོད་བྱེད་པ། འོད་འཕྲོ་བ། སྦྱང་དཀའ། མངོན་དུ་གྱུར་པ། རིང་དུ་སོང་བ། མི་གཡོ་བ། ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན་ཏེ་བྱང་ཆུབ་སེམས་དཔའ་སློབ་པའི་ས་བཅུ། བཅུ་གཅིག་ཀུན་ཏུ་འོད་སྤྲུལ་སྐུའི་ས་སྟེ་རྒྱུའི་ཐེག་པ། བཅུ་གཉིས་པ་མ་ཆགས་པདྨ་ཅན། བཅུ་གསུམ་པ་རྡོ་རྗེ་འཛིན་པ། བཅུ་བཞི་པ་བདེ་བ་ཆེན་པོ། བཅོ་ལྔ་པ་ཏིང་ངེ་འཛིན། བཅུ་དྲུག་པ་ཡེ་ཤེས་བླ་མའི་ས་ལ་སོགས་པ་རྣམས་ནི་འབྲས་བུའི་ས་སྟེ། ངོ་བོ་གཅིག་ལ་ལྡོག་པ་སོ་སོར་ཕྱེ་བ་སྐུ་གསུམ་དང་ཡེ་ཤེས་ལྔའི་མཚན་ཉིད་སོ་སོར་དབྱེ་བའོ། །ལམ་ལྔ་ལ། ལས་དང་པོ་པ་འཇུག་པའི་སྒོ་ཚོགས་ཀྱི་ལམ་དང་། སྦྱོར་བའི་ལམ་ངེས་པར་ཚོགས་ཀྱིས་འབྱེད་པའི་ཆ་དང་མཐུན་པ་ནི་མོས་པས་སྤྱོད་པའི་ས་སྟེ་སོ་སོ་སྐྱེ་བོའི་ལམ་གཉིས་དང་། མཐོང་བ་དང་སྒོམ་པའི་ལམ་ནི་འཕགས་པ་སློབ་པའི་ལམ་སྟེ། མཐོང་བ་དང་སྒོམ་པའི་སྤང་བྱ་སྤོང་ཞིང་བླང་བྱ་འབད་པས་སྒྲུབ་པ་དང་། མི་སློབ་པའི་ལམ་ནི་མཐར་ཕྱིན་པ་སྟེ་བླ་ན་མེད་པའོ། སེམས་ཉིད་ངལ་བསོ་ལས། དགེ་འདུན་ཉན་རང་སྐྱེས་བུ་ཟུང་བཞི་དང་། །རྒྱལ་སྲས་སར་གནས་ཕྱི་སྟེ་མཁའ་འགྲོ་དང་། །གསང་སྔགས་རྗེས་སློབ་འགྲོ་བ་ནང་དུ་འདོད། །ཅེས། ཉན་རང་གི་རྒྱུན་ཞུགས་ལ་སོགས་པ་བཞི་དང་། བྱང་ཆུབ་སེམས་དཔའ་ས་བཅུ་ལ་བཞུགས་པ་ནི། དགེ་འདུན་ཕྱི་དང་། མཁའ་འགྲོ། ཤུགས་འགྲོ། སྔགས་དང་། ལས་ལས་སྐྱེས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་དང་། དེ་བཞིན་གཤེགས་པའི་རིགས་ཀྱིས་བསྡུས་པའི་འཇིག་རྟེན་ལས་འདས་པའི་ཚོགས་དང་། རིག་འཛིན་གྱི་རིགས་ལ་དབྱེ་ན་བཞི་སྟེ། ཚོགས་དང་སྦྱོར་བའི་ལམ་དུ་བསྐྱེད་རྫོགས་བསྒྲུབ་པས་ལུས་ཐ་མལ་དུ་ཡོད་པ་སེམས་ལྷ་སྐུ་ཕྱག་རྒྱ་ཆེན་པོར་གྲུབ་པ་བརྐོས་ཕོར་དང་སཙྪ་བཞིན་ཏེ། སྒྱུ་འཕྲུལ་རྒྱས་པ་ལས། རྒྱ་མིག་རྒྱ་ས་ཇི་བཞིན་དུ། །ཕྱག་རྒྱ་ཐོབ་ལ་མ་རེག་པའི། །གཟུངས་རྫོགས་སྟོབས་ཆེན་དེ་ཁོ་ན། །ཞེས་དེ་ཉིད་ཆོས་མཆོག་མ་ཐོབ་པར་འདས་ན་སེམས་ལྷ་སྐུར་སྨིན་ཟིན་པའི་ཕྱིར་ཕྱག་རྒྱ་ཆེན་པོ་འཐོབ་ཅིང་། མ་འདས་པའི་རྟེན་ལ་ཆོས་མཆོག་ཐོབ་ན་ཚེ་ལ་དབང་བར་དངོས་སུ་སྦྱོར་ཏེ། དེ་ཉིད་ལས། རྐྱེན་གྱིས་བར་མ་ཆད་པ་ན། །དེ་ཡང་རྡོ་རྗེའི་ལུས་ལ་སྦྱོར། །ཞེས་ཚོགས་སྤྱོད་ཀྱི་ཉེ་རྒྱུའི་སྤྱོད་པ་མཐར་ཕྱིན་ནས། །ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་ཟད་དེ། །ལུས་རྡོ་རྗེའི་སྐུ་ཐོབ་པས་སྐྱེ་ཤི་མེད་ཅིང་། །སེམས་མཐོང་ལམ་སྐྱེ་བ་ཡིན་ཏེ། སྔ་མ་ལས། དོན་མཐོང་འཇུག་པ་མཐར་ཕྱིན་པའི། །ཚོགས་སྤྱད་བསྒྲུབ་པའི་དངོས་གྲུབ་ཀྱིས། །ལུས་ཁམས་སྐྱེ་གནས་ཟག་པ་ཟད། །རྡོ་རྗེའི་ལུས་གྱུར་ཚེ་ཡི་རིགས། །མཐོང་བའི་ཆོས་ལ་མྱ་ངན་འདའ། །ལུས་མ་བོར་བར་རྒྱལ་བའི་ས། །འཇིགས་པ་ཀུན་བྲལ་ཆོ་འཕྲུལ་རྫོགས། ཞེས་དང་སྤྲུལ་པ་དང་ཡོན་ཏན་ནི་ས་དང་པོའི་ཇི་སྙེད་པའོ། ཕྱག་རྒྱའི་རིག་འཛིན་ས་གཉིས་པ་ནས་བཅུ་པའི་བར་སྒོམ་ལམ་ས་དགུ། ལུས་དཀྱིལ་འཁོར་གྱི་རྣམ་པར་སྣང་ཞིང་སེམས་ས་དགུའི་དྲི་མ་སྦྱོང་བ་ལ་མཚན་མ་མེད་པའི་ཡེ་ཤེས་ཅན་ཏེ། ས་གཉིས་པ། གསུམ་པ་བཞི་པ་ལྔ་པ་རྣམས་སུ། རྡོ་རྗེའི་རིག་འཛིན། དྲུག་པ་དང་། བདུན་པར་འཁོར་ལོའི་རིག་འཛིན། བརྒྱད་པར་རིན་པོ་ཆེའི། དགུ་པར་པདྨའི་བཅུ་པར་རལ་གྲིའི་རིག་འཛིན་པའོ། དེའང་རྟོག་པ་རྡོ་རྗེ་ལྟ་བུ་དང་། ཤེས་རབ་དང་། ཐབས་ལ་མཁས་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། ཆགས་པ་མེད་པ་དང་། ཕྲིན་ལས་ཕུན་སུམ་ཚོགས་པ་དང་ལྡན་པའོ། །སྒྱུ་འཕྲུལ་ལམ་རིམ་ལས། །རང་སེམས་ཕྱག་རྒྱ་ཆེན་པོ་སྟེ། །བསྒོམ་པས་གང་ཡིན་མངོན་གྱུར་སྐུ། །ཐུན་མོང་མཆོག་གི་མཚན་དཔེར་ལྡན། །ལོངས་སྤྱོད་གཉིས་པ་ཕྱག་རྒྱའི་རིགས། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རལ་གྲིའི་རིག་འཛིན་འགྱུར། །ཞེས་སོ། ལྷུན་གྱིས་གྲུབ་པའི་རིག་འཛིན་ལ་མཉམ་བཞག་གི་བོག་དབྱུང་མི་དབྱུང་གི་ཁྱད་པར་ཙམ་ལས་སངས་རྒྱས་ཀྱི་ས་སྟེ། དེ་ཉིད་ལས་སྔ་མའི་རིགས་ལས་མཐུ་རྫོགས་པས། བཤད་པ་བཞིན་དུ་དྲི་མ་སྦྱངས། སངས་རྒྱས་ས་ཡི་ཤེས་རབ་གསུམ། །ལྷུན་གྱིས་གྲུབ་པའི་རིགས་སུ་འགྱུར། །ཞེས་སོ། དེ་དག་ཀྱང་ལས་དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་རིག་འཛིན་བཞིས་བགྲོད་ཅིང་བསྡུས་པའོ། སྨིན་བྱེད་དབང་དང་གྲོལ་བྱེད་བསྐྱེད་རྫོགས་བསྙེན་སྒྲུབ་ཡན་ལག་བཞི་སོགས་ལམ་གྱི་རིིམ་པ་མཐའ་དག་ལ་ལམ་ལྔའི་སྦྱོར་ཚུལ་སྣང་ངོ་། དེའང་དཀོན་མཆོག་ཞེས་པའི་སྒྲ་དོན་ཀྱང་། རིན་པོ་ཆེ་དང་ཆོས་མཐུན་པ་དྲུག་གི་དཔེར་སྦྱར་བ་ནི། རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་སོ། དེའང་བསྐལ་པ་དུ་མར་དགེ་རྩ་མ་བསྐྲུན་པ་དག་དེ་དང་མི་འཕྲད་པའི་ཕྱིར་འབྱུང་བ་དཀོན་པ་དང་། རྣམ་པ་ཐམས་ཅད་དུ་དྲི་མ་དང་བྲལ་བ་དང་། མངོན་པར་ཤེས་པ་དང་ཡོན་ཏན་གྱི་མཐུ་བསམ་མི་ཁྱབ་དང་ལྡན་པའི་ཕྱིར་དང་། འགྲོ་བ་ཐམས་ཅད་ཀྱི་བསམ་པ་དགེ་བའི་རྒྱུ་ཡིན་པའི་ཕྱིར་འཇིག་རྟེན་གྱི་རྒྱན་དང་། བཅོས་མའི་རིན་པོ་ཆེ་ལས་མཆོག་ཡིན་པ་བཞིན་འཇིག་རྟེན་ལས་འདས་པའི་ཕྱིར་དང་། སྟོད་སྨད་ཀྱི་མི་འགྱུར་བ་འདུས་མ་བྱས་པའི་རང་བཞིན་ཡིན་པའི་ཕྱིར་རོ། དེ་ལྟར་སྐྱེས་བུ་གསུམ་གྱི་བློ་རིམ་དང་། རྒྱུ་མཚན་ཉིད་ཀྱི་ཐེག་པའི་ལུགས་ཀྱི་སྐྱབས་འགྲོ་དང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་སྐྱབས་འགྲོ་བྱེད་ཚུལ། དེ་དག་གི་སྐྱབས་ཡུལ་གྱི་ཁྱད་པར་སོགས་མདོར་བསྡུས་ཙམ་མོ། །གཉིས་པ་སྐྱབས་སུ་འགྲོ་བ་དངོས་གཞི་ནི། སྐྱབས་ཡུལ་གྱི་རིམ་པ་བསྟན་པ་ཡོན་ཏན་གྱི་ཚོགས་དང་ལྡན་པ་དེ་དག་ཕྱིའི་དབང་དུ་བྱས་ན་སངས་རྒྱས་གཙོ་བོ་ཡིན་ལ། ནང་གི་ལྟར་ན་བླ་མ་གཙོ་བོ་ཡིན་པས་སྐྱབས་ཡུལ་གསལ་འདེབས་པ་ནི། རང་གི་མདུན་གྱི་ནམ་མཁའ་འདི་ཡེ་ནས་རྣམ་པར་དག་པ་ལ་གདོད་མ་ནས་སྤྲོས་པ་དང་བྲལ་བའི་ཆོས་ཀྱི་དབྱིངས་དུས་གསུམ་འཕོ་འགྱུར་མེད་པའི་ཀློང་ཆེན་པོའི་ཀློང་དུ་ཟག་མེད་ཡེ་ཤེས་ཀྱི་འོད་ལྔ་འཁྲིགས་པའི་དབུས་སུ་ཆེ་བའི་རྟགས་དང་ལྡན་པའི་སེང་གེས་བཏེག་པའི་འདོད་འབྱུང་རིན་པོ་ཆེའི་ཁྲིའི་སྟེང་མ་ཆགས་པདྨ་དང་ཐབས་ཤེས་ཟླ་བའི་གདན་གྱི་སྟེང་དུ་ཕྱི་ལྟར་སངས་རྒྱས་ཆོས་དང་དགེ་འདུན་ནང་ལྟར་བླ་མ་ཡི་དམ་མཁའ་འགྲོ་གསང་བ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ། དེ་ཁོ་ན་ཉིད་ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་རྒྱལ་བ་ཀུན་གྱི་མངའ་བདག་དཔལ་ལྡན་མཚུངས་པ་དང་བྲལ་བ་རྩ་བའི་བླ་མ། རྣམ་པ་ནི་སློབ་བླ་མ་གསང་འདུས་ཡབ་ཡུམ་འཁྲིལ་སྦྱོར་ལས་བྱང་བཞིན་བསྒོམ་པའང་ཡོད་པས་གང་མོས་བྱས་ཆོགམཆན། དཔོན་ཆེན་པོ་པདྨ་འབྱུང་གནས་སྤྲུལ་སྐུའི་ཆ་ལུགས་ཅན་སྔགས་ཀྱི་གསང་གོས་མཐིང་ནག་ཕུ་དུང་ཅན། རབ་བྱུང་གི་ཆོས་གོས་དང་། སྣམ་སྦྱར་དམར་པོ། དབུ་ལ་ཤ་བའི་སྙན་ཞུའམ་པད་ཞུ་གང་རུང་གསོལ་བ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐབས་ཀྱི་རང་བཞིན་མཚོན་པ་ཐུགས་ཀར་འཛིན་པ། གཡོན་མཉམ་བཞག་བདེ་སྐྱོང་ཐོད་པའི་ནང་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཤེས་རབ་ཀྱི་རང་བཞིན། གྲུ་མོ་གཡོན་ན་ཡུམ་གྱི་ངོ་བོ་དུག་གསུམ་རྩད་ནས་གཅོད་པའི་ཁ་ཊྭཱཾ་ག་རྩེ་གསུམ་སྐུ་གསུམ་མཁའ་འགྲོ་མཚོན་པའི་ཐོད་པ་སྐམ་རྙིང་རློན་པ་རིགས་ལྔའི་རྩེ་བྲན་དང་བཅས་པ་འཆི་མེད་ཚེའི་བུམ་པ་ལས་བཞི་མཚོན་པའི་སྣ་ཚོགས་རྡོ་རྗེ་དར་སྣ་ལྔའི་ཅོད་པན་ཡུ་བ་དཀར་པོ་དྲང་ཞིང་མཛེས་པ་ཟླུམ་པོ་ཆོས་སྐུ་སྐྱེ་མེད་རྟག་ཆད་ཀྱི་མཐའ་དང་བྲལ་བའི་ཞབས་རྡོ་རྗེའི་སྐྱིལ་ཀྲུང་། ཁམས་གསུམ་དབང་དུ་སྡུད་པའི་ཟ་བེར་གསོལ་བ། སྐུ་གཟི་བརྗིད་ཀྱི་དཔལ་དུ་འབར་བས་ལྷམ་མེ་བ། གསུང་འགག་པ་མེད་པའི་ལྷན་ནེ་བ། ཐུགས་དྲི་མ་མེད་པ་ལྷང་ངེར་གསལ་བ་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་དུ་བཞུགས་པ་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བར་བསམ། མདུན་ཕྱོགས་ཀྱི་པདྨ་ཉི་ཟླའི་གདན་ལ་རང་གི་མོས་པའི་ཡི་དམ་གྱི་ལྷ་ཚོགས་ལོངས་སྐུ་ཞི་ཁྲོའི་རྣམ་པར་ཤར་བའི་ཚོགས། གཡས་ཕྱོགས་སུ་སྟོན་པ་ཤཱཀྱ་ཐུབ་པ་ལ་བསྐལ་བཟང་སངས་རྒྱས་སྟོང་དང་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་སྐུའི་ལྷ་ཚོགས་རྣམས་ཀྱིས་བསྐོར་བ། རྒྱབ་ཕྱོགས་སུ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་དང་ཐུགས་ཀྱི་སྙིང་པོ་མདོ་རྒྱུད་གསུང་རབ་རྣམས་དང་ཁྱད་པར་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་དང་བཏགས་གྲོལ་གྱི་གླེགས་བམ་རྣམས་བཻཌཱུརྱའི་གཞི་ལ་གསེར་གྱིས་བྲིས་པའམ། གསེར་གྱི་གཞི་ལ་བཻཌཱུརྱས་བྲིས་པའི་གླེགས་བམ་གྱི་ཚོགས་གསུང་རྟེན། གཡོན་ཕྱོགས་རིགས་གསུམ་previous hit མགོནཔོ་ལ་ཉེ་བའི་སྲས་བརྒྱད་བྱང next hit་ཆུབ་སེམས་དཔའ་སེམས་མ་ཉན་རང་འཕགས་པའི་དགེ་འདུན་དང་རིག་པ་འཛིན་པའི་ཚོགས། མཁའ་འགྲོ་ཆོས་སྐྱོངས་སྲུང་མ་སྤྱི་དང་བྱེ་བྲག་གི་བཀའ་སྲུང་རྣམས་ཐེག་པ་ཆེ་ཆུང་གི་དགེ་འདུན་དཀོན་མཆོག་གི་རང་བཞིན་སྐྱབས་གནས་ཀྱི་ངོ་བོར་གྱུར་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ཞིང་༔ ཐུགས་རྗེ་དང་ཡེ་ཤེས་ཀྱི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་དད་པའི་སྐྱེས་བུ་རྣམས་ཀྱི་སྣང་ངོར་འཁྲིག་པར་དམིགས་ཤིང་༔ དེ་དག་གི་མདུན་ངོས་ས་གཞིའི་སྟེང་དུ་རང་འཁོད་པའི་གཡས་སུ་ཕ། གཡོན་དུ་མ། དགྲ་གཉེན་ཕྱོགས་རིས་མེད་པའི་རིགས་དྲུག་གི་སེམས་ཅན་ས་ཆེན་པོའི་རྡུལ་བཞིན་ཡོངས་སུ་ཁྱབ་པར་བསམ་ལ་ཚིག་གི་གསལ་འདེབས་པ་ནི། ཨཱོཾ་ན་མོ་ཧཱུྃ༔ ཞེས་གཟི་བྱིན་བསྐྱེད་པའིི་དོན་དང་། ནམ་མཁའ་རྣམ་དག་ཆོས་དབྱིངས་འོད་ཀློང་དུ༔ ཞེས་སོགས། དེ་ནས་རང་གིས་སྐྱབས་འགྲོ་བརྗོད་པའི་བྱང་དྲངས་ཏེ། ཐམས་ཅད་ཀྱང་ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པས་སྐྱབས་འགྲོའི་ཚིག་འུར་དིང་དིང་འདོན། ཡིད་གུས་པས་རེ་ལྟོས་གཞན་ན་མེད་པའི་བློ་བཀལ་བར་བསམ་ཞིང་། དུས་ད་ནས་བཟུང་སྟེ་ཇི་སྲིད་འཁོར་བ་ལས་མ་འདས་ཀྱི་བར་དུ༔ ངེས་པར་སྙིང་ནས་སྐྱབས་སུ་འགྲོ་ཞིང་བློ་ལུས་ངག་གི་འདུན་པ་དྲག་པོ་རྩེ་གཅིག་ཏུ་ཁྱེད་རྣམས་ལ་བཅའ་བས༔ བདག་འཁོར་བ་ལས་སྒྲོལ་ཏེ་ཚེ་འདི་ཉིད་ལ་བྱང་ཆུབ་མངོན་དུ་མ་གྱུར་གྱི་བར་དུ༔ མི་མཐུན་པའི་ཚོགས་ལས་བསྐྱབ་ཏུ་གསོལ༔ མཐུན་རྐྱེན་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་སྩོལ་ཞིག་བསམ་པ་དང་༔ ཁྱད་པར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་འདི་རྣམས་འཁོར་བའི་སྡུག་བསྔལ་ལས་བསྐྱབ་ཏུ་གསོལ་སྙམ་པའི་ཚིག་ཙམ་མ་ཡིིན་པར་སེམས་རྩེ་གཅིག་པས་སྐྱབས་སུ་འགྲོ་བ་འདི་ལྟར་བརྗོད། ཨཱོཾ་ན་མོ་ཧཱུྃ༔ དཀོན་མཆོག་རིན་ཆེན་སྐྱབས་གནས་རྩ་བ་གསུམ༔ ཞེས་སོགས་སྐྱབས་འགྲོའི་ཚིག་ངག་འདོན་དང་། དེའང་ནམ་མཁའི་གནས་སུ་བླ་མ་དཀོན་མཆོག་གི་ཚོགས་ཐམས་ཅད་གསལ་བ་ཀུན་རྫོབ་ཡུལ་གྱི་རྣམ་པ་ལ། ཡུལ་ཅན་བདག་དང་སེམས་ཅན་ཐམས་ཅད་སྐྱབས་སུ་འགྲོ་བར་བྱེད་པ་སྟེ། གཉིས་ཀའང་རང་གི་སེམས་ཀྱི་ཆོ་འཕྲུལ་ལས་དོན་ལ་ཐ་དད་དུ་གྲུབ་པ་རྡུལ་ཙམ་ཡང་མ་མཆིས་ཤིང་གང་དུའང་མི་དམིགས་པའི་ངང་ལ་རང་བཞིན་གྱིས་མཉམ་པར་འཇོག་པ་ནི་དོན་དམ་པའི་སྐྱབས་འགྲོ་སྟེ། ཆོས་ཉིད་ཀྱིས་ཐོབ་པ། འཇིག་རྟེན་ལས་འདས་པའི་སྐྱབས་འགྲོའོ། ཡུལ་དམིགས་བཅས་ཀྱིས་བསོད་ནམས་ཀྱི་ཚོགས་རྫོགས་གཟུགས་སྐུ་ཐོབ། མི་དམིགས་པ་སྟོང་པ་ཉིད་རྗེས་ཐོབ་ཀྱི་ཡེ་ཤེས་ཀྱིས་ཚོགས་ཆོས་སྐུ་འགྲུབ་སྟེ། བདེན་གཉིས་བསྟན་པའི་མདོ་ལས། འཇམ་དཔལ། བསོད་ནམས་ཀྱི་ཚོགས་ཀྱིས་ནི་གཟུགས་སྐུ་འཐོབ་ལ་ཡེ་ཤེས་ཀྱི་ཚོགས་ཀྱིས་ནི་ཆོས་སྐུ་དམ་པ་མངོན་དུ་བྱེད་པ་ཡིན་ཏེ། ཞེས་གསུངས་སོ། འདི་ལྟར་སྐྱབས་འགྲོ་ནས་བཟུང་བླ་མའི་རྣལ་འབྱོར་དང་བཅས་པ་སྔོན་འགྲོའི་ཆོས་སྐོར་འདི་རྣམས་ཐུན་དུ་བཅད་དེ་རང་གི་རྒྱུད་ལ་ངེས་པར་འབྱོར་ངེས་བྱ་བ་གལ་ཆེ་བས་ཚིག་ཕྱིར་སེམས་གཞོལ་ནས་བརྒྱ་སྟོང་ཁྲི་འབུམ་སོགས་བཙོན་པ་ཆེ་ཐང་དུ་བྱེད་དགོས་པ་ཤིན་ཏུ་གཅེས་སོ། །ཐུན་གྱི་མཐར་སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས་པས་རིགས་དྲུག་གི་སེམས་ཅན་རྣམས་ལ་ཕོག །དེ་རྣམས་ཀྱི་སྡིག་སྒྲིབ་སྦྱངས་ནས་སངས་རྒྱས་ཐོབ་ཏེ་དག་པའི་ཞིང་དུ་བྱ་འཕུར་བ་ལྟར་སོང་བར་བསམ། སྐྱབས་ཡུལ་རྣམས་ཀྱང་འོད་ཕུང་དུ་གྱུར་པ་རང་ལ་ཐིམ་པར་བསམ་ལ་དགེ་བ་བསྔོ་བའི་ཚིག་ཅི་རིགས་པའམ། རང་བཞིན་དག་པའི་དགེ་བ་འདིས། །སོགས་ཀྱིས་དགེ་བ་བསྔོ། །སྐྱབས་འགྲོའི་བསླབ་བྱ་ནི་རྒྱུ་འབྲས་གཉིས་ཀྱི་དང་པོ་ནི། སེམས་ཉིད་ངལ་བསོ་ལས། བསླབ་བྱ་གཉིས་ལས་རྒྱུ་ཡི་རིམ་པ་ནི། །སྲོག་དང་རྒྱལ་སྲིད་བྱ་དགའ་ལ་སོགས་ཕྱིར། །བླ་མ་དང་ནི་དཀོན་མཆོག་སྤང་མི་བྱ། །ཞེས་དང་། འདུལ་བ་ལུང་ལས་ཀྱང་། ཁྱོད་ཀྱིས་སྲོག་དང་རྒྱལ་སྲིད་དང་ཐ་ན་བཞད་གད་ཀྱི་ཕྱིར་དུ་ཡང་དཀོན་མཆོག་གསུམ་སྤང་བར་མི་བྱའོ། ཞེས་གཞན་དག་གིས་ཚེ་འདི་ཅུང་ཟད་བདེ་བ་ལས་གཞན་མེད་ཅིང་། སྐྱབས་སུ་འགྲོ་བས་ནི་གནས་སྐབས་མཐར་ཐུག་ཀུན་ཏུ་མངོན་མཐོ་ངེས་ལེགས་གྲུབ་པ་སྟེ། སྤྱོད་འཇུག་ལས་ཀྱང་། ཆུང་ངུའི་ཕྱིར་དུ་ཆེ་མི་བཏང་། །གཙོ་ཆེར་གཞན་གྱི་དོན་བསམ་མོ། །ཞེས་པ་ལྟར། དཀོན་མཆོག་གི་རྟེན་ནོར་གྱི་ཕྱིར་མི་འཚོང་། ཟོང་དང་བུ་ལོན་གྱི་གཏའ་མར་མི་འཇོག །མཆོད་འོས་བསླུ་བའི་ལས་མི་བྱེད། སྐྱེས་བུ་དམ་པ་རྣམས་ལ་སྐུར་འདེབས་སྤོང་ཞིང་དམ་པའི་ཆོས་ཀྱི་རྗེས་སུ་འགྲོ་བར་བྱའོ། །བསྲུང་མཚམས་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ་སྐྱབས་སུ་མི་འགྲོཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་སྤོང་། དགེ་འདུན་ལ་སྐྱབས་སུ་སོང་ནས་མུ་སྟེགས་ཅན་དང་འགྲོགས་པར་མི་བྱ་སྟེ། མྱ་ངན་ལས་འདས་པའི་མདོ་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་གཞན་ལ་ཕྱོགས་མི་བྱེད། ཅེས་སོ། མཆོད་ཅིང་བསྐུར་བ་ནི། བླ་མ་དང་དཀོན་མཆོག་གི་སྣང་བརྙེན་ནི་སྐུའི་རྟེན་དང་། གསུང་རྟེན་ནི་དམ་པའི་ཆོས། ཐུགས་རྟེན་མཆོད་རྟེན་དང་གཙུག་ལག་ཁང་དང་ཕྱག་མཚན་གྱི་རིམ་པ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་རྒྱལ་བའི་རྣམ་པར་འཕྲུལ་པ་ཡིན་པ་ནི། ལུང་ལས། ང་ནི་སྙིགས་མའི་དུས་སུ་ནི། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཞེས་དང་། གཟུགས་སྐུ་རྣམ་པ་མང་པོ་དེར་སྤྲུལ་ནས། །འགྲོ་བ་དགེ་བ་སྤྱོད་པའི་དོན་བྱེད་དོ། ཞེས་དང་། སྙན་གྱི་གོང་རྒྱན་ལས། །ལྔ་བརྒྱའི་ཐ་མར་གྱུར་པ་ན། །ང་ནི་ཡི་གེའི་གཟུགས་འདུག་ནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་ང་ལ་གུས་པར་གྱིས། །ཞེས་སོ། དུས་རྒྱུན་ཆགས་སུ་འམ། དུས་དྲུག་གམ། གསུམ་མམ། ཐ་ན་ལན་གཅིག་ཏུ་དྲན་པས་སྐྱབས་སུ་འགྲོ་ཞིང་། ཅི་འབྱོར་བའི་མཆོད་པ་ཐ་ན་ཟས་སྐོམ་གྱི་ཕུད་ཀྱིས་མཆོད་པ་ཕྱག་སྐོར་སྐུ་གསུང་ཐུགས་ཀྱི་རྟེན་དང་དེའི་ཆ་ཤས་ཙམ་ལའང་གུས་པར་བྱ་ཞིང་འོ་བརྒྱལ་མི་འབྱུང་བའི་ཐབས་བྱེད་པ་དང་། །དགེ་འདུན་དང་། ཐ་ན་ལྷན་པ་སེར་པོ་བཏབས་པ་ཙམ་ལའང་གུས་པར་བྱ་བ་དང་དཀོན་མཆོག་གསུམ་གྱི་འདུ་ཤེས་ཡང་དག་པར་བསྐྱེད་ནས་བསྙེན་བསྐུར་བྱ་ཞིང་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པས་བརྗོད་ཅིང་འགྲོ་བ་གཞན་དག་སྐྱབས་སུ་འགྲོར་འཇུག་ཅིང་དགེ་ལ་བསྐུལ། སྐྱེས་བུ་དམ་པ་ལ་བསྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། དགེ་འདུན་དང་རྗེས་སུ་མཐུན་པར་བསྒྲུབ་པར་བྱ། འབྲས་བུའི་བསླབ་བྱ་ནི། ཐམས་ཅད་སྤྲོས་པ་དང་བྲལ་བ་མཉམ་ཉིད་གཉུག་མའི་ངང་དུ་འཇོག་པ་སྟེ། འཁྲུལ་འཇོམས་ལས། དམིགས་བཅས་ཀུན་རྫོབས་དོན་དམ་དུ། དམིགས་བྱ་དམིགས་མེད་ཀུན་ལས་གྲོལ། །ཞེས་དང་། ངལ་བསོ་ལས། འབྲས་བུའི་བསླབ་བྱ་མཉམ་ཉིད་ནན་ཏན་བྱ། །བཟང་ངན་མི་རྟོགས་མཆོག་དམན་བླང་དོར་མིན། །སྤྲོས་ལ་མི་བརྟེན་ཆོས་ཉིད་གཉུག་མར་སྦྱངས། །ཐམས་ཅད་ལྷུན་རྫོགས་དཀྱིལ་འཁོར་གཅིག་ཏུ་སྤྱད། །ཞེས་པའི་ཚུལ་གྱིས་སོ། །སྐྱབས་འགྲོ་ཉམས་པའི་རྒྱུ་གཏོང་རྒྱུ་མཚན་ཉིད་པ་ནི། དེའང་སྙིང་པོ་བྱང་ཆུབ་ཏུ་སངས་རྒྱས་པ་ན་ཆོ་གས་བླངས་པའི་དུས་ལས་འདས་པས་གཏོང་རྒྱུར་བཏགས་པ་དང་། །ལོག་ལྟ་སྐྱེས་ཏེ་དཀོན་མཆོག་གསུམ་སྤང་པ་དང་། །བསྒྲུབ་མ་ནུས་ཏེ་སྐྱབས་འགྲོའི་བསླབ་པ་ཕུལ་བ་རྣམས་སོ། །ལྷ་གཞན་ལ་ཕྱག་འཚལ་བ་སོགས་བསླབ་བྱ་ཅུང་ཟད་ཉམས་པ་ནི་དམན་པར་ཕྱོགས་པ་ཞེས་བྱ་སྟེ། དེ་དག་གི་ཉེས་པའང་རྒྱལ་པོ་རིགས་ལད་པ་ལྟར་ནང་པའི་ཁོངས་སུ་མི་ཆུད་པ་དང་། ཚོང་པ་སྐྱེལ་མས་བསླུས་པ་ལྟར་ཅི་བྱེད་འཇིགས་པ་དང་། གྱང་འགྱེལ་བའི་རི་མོ་ལྟར་བསླབ་སྡོམ་ཐམས་ཅད་འཇིགས་པར་སླ་བ་དང་། དཔུང་གཉེན་དང་བྲལ་བ་ལྟར་འཚེ་བ་རྣམས་ཀྱིས་བརྫི་བར་སླ་བ་དང་། ཁྲིམས་ལས་འདས་པའི་སྐྱེ་བོ་ལྟར་ངན་སོང་དུ་སྐྱེ་བ་སོགས་ཉེས་པ་དུ་མ་ཡོད་དོ། དེས་ན་ཉམས་པའི་ཉེས་དམིགས་ལ་བསམ་ཏེ་འགྱོད་པས་བཤགས་ཤིང་། ཕྱིན་ཆད་སྡོམ་སེམས་ཀྱིས་བླང་ན་སོར་ཆུད་པ་ཡིན་ནོ། །ལན་གྲངས་ནི་ངེས་པ་མེད་པ་ཡང་། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བརྗོད། །ཅེས་པའོ། སྐྱབས་འགྲོའི་ཕན་ཡོན་ནི། སྐྱབས་སུ་སོང་བས་ངན་སོང་གི་སྒོ་གཅོད་ཅིང་མཐོ་རིས་ཐར་ལམ་བདེ་བ་ལ་འགོད་པས་ཚེ་རབས་ཀུན་ཏུ་སྐྱོབ་པ་ནི། ཕག་གི་རྟོག་པ་བརྗོད་པ་ལས། །གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་དག་ངན་འགྲོར་མི་འགྲོ་སྟེ། །མི་ཡི་ལུས་ཀྱང་སྤང་ནས་ནི། །ལྷ་ཡི་ལུས་སུ་སྐྱེ་བར་འགྱུར། །ཞེས་དང་། ཚོགས་གཉིས་རྫོགས་པའི་ཕན་ཡོན་ནི། །ས་གཞི་བཟང་པོར་ཆར་ཆུས་ས་བོན་ལོ་ཐོག་སྨིན་པ་ལྟར་དད་པ་དང་བསོད་ནམས་ཡེ་ཤེས་ཀྱི་རྒྱུ་འབྲས་ལས་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ནི། མྱང་འདས་ལས། གསུམ་ལ་སྐྱབས་སུ་འགྲོ་བ་གང་། །བསོད་ནམས་ཡེ་ཤེས་དམ་པའི་ཚོགས། འཇིག་རྟེན་རྒྱལ་བའི་ཆོས་འཕེལ་བས། །སངས་རྒྱས་ཉིད་ནི་ཐོབ་པར་འགྱུར། །ཞེས་དང་། ཡོན་ཏན་ཚད་མེད་པ་ནི། ཁྱེའུ་རིན་པོ་ཆེས་བྱིན་པས་ཞུས་པའི་མདོ་ལས། གང་དག་སངས་རྒྱས་ལ་སྐྱབས་སུ་སོང་བ་དེ་དག་གི་དགེ་བའི་ཆོས་ཐམས་ཅད་མངོན་པར་འཕེལ་བ་ཡིན་ནོ། །ངོ་ཚ་ཤེས་པ་ཡིན་ནོ། ཁྲེལ་ཡོད་པ་ཡིན་ནོ། ཆོས་ལ་སྐྱབས་སུ་སོང་བ་དེ་དག་ནི་བག་ཡོད་པ་ཡིན་ནོ། །ཡོན་ཏན་གྱི་ཚོགས་མང་བ་ཡིན་ནོ། །རྟག་ཏུ་ཚེ་རབས་དྲན་པ་ཡིན་ནོ། །ཆོས་ཀྱི་བགོ་སྐལ་གྱི་ཚོགས་དང་ལྡན་པ་ཡིན་ནོ། །དགེ་འདུན་ལ་སྐྱབས་སུ་སོང་བ་དེ་དག་གི་སེམས་ལས་སུ་རུང་བ་ཡིན་ནོ། །ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་མང་བ་ཡིན་ནོ། །རྟག་ཏུ་རིགས་བཙུན་པ་ཡིན་ནོ། །རྨི་ལམ་དུའང་སངས་རྒྱས་དང་། །ཆོས་དང་དགེ་འདུན་དང་མི་འབྲལ་བ་ཡིན་ནོ། ཞེས་སོ། དཀར་ཕྱོགས་ཀྱི་ལྷས་བསྲུང་བ་ནི། དེ་ཉིད་ལས། གཞན་ཡང་དཀར་པོ་ལ་མངོན་པར་དགའ་བའི་ལྷ་རྣམས་ཀྱིས་བསྲུང་བ་ཡིན་ནོ། །དགེ་བའི་རྩ་བ་དག་ཀྱང་སྤེལ་བ་ཡིན་ནོ། །སྐྱབས་ཡུལ་དེ་དག་ཆོས་སྐུར་བལྟས་ཏེ་སྐྱབས་སུ་སོང་བ་ངེས་དོན་གྱི་ཡོན་ཏན་རྒྱུད་ལ་སྐྱེ། ལོངས་སྐུར་བལྟས་ན་སྐུ་དང་ཞིང་ཁམས་རྒྱས་པའི་ཡོན་ཏན་སྐྱེ། སྤྲུལ་སྐུར་བལྟས་ན་སྤྲུལ་པས་འགྲོ་བ་འདྲེན་ནུས་པའི་ཡོན་ཏན་སྐྱེ་བར་གསུངས། སངས་རྒྱས་འགྲུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཕྱིར་མི་ལྡོག་པའི་དགེ་འདུན་རྒྱ་མཚོ་ལྟ་བུ་འདུ་བ་ནི། དཀོན་མཆོག་གསུམ་ལ་སྐྱབས་སོང་གི་ཕན་ཡོན་དང་། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་འདི་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་སོ། དགོན་པ་དང་། དུར་ཁྲོད་དང་། འབྲོག་སྟོང་པ་དག་ན་འཁོད་པ་ན་འཇིག་པ་དང་། སྡུག་བསྔལ་དང་། སྤུ་ཟིངས་ཞེས་བྱ་མེད་པར་འགྱུར་ཞིང་། བདུད་དང་ངན་སོང་གི་འཇིགས་པ་ཐམས་ཅད་ཀྱང་མི་འབྱུང་སྟེ། ཉི་མའི་སྙིང་པོའི་མདོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་ཟིན་ཀྱང་། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་དང་། ཉོན་མོངས་པ་དང་། འཚེ་བ་དང་། ཐེག་དམན་གྱི་ལམ་དང་། འཁོར་བ་དང་ངན་སོང་ལ་སོགས་མི་མཐུན་པའི་ཕྱོགས་ཀུན་ལས་སྐྱོབ་ཅིང་། མངོན་མཐོ་ངེས་ལེགས་ཀྱི་དོན་རྣམས་ཡོངས་སུ་གྲུབ་པར་བྱེད་པ་ནི། མདོ་སྡེའི་རྒྱན་ལས། རྟག་ཏུ་ཉོན་མོངས་ཚོགས་ཀུན་དང་། །ཉེས་པར་སྤྱོད་པ་ཐམས་ཅད་དང་། །རྒ་དང་འཆི་བ་དག་ལས་ཀྱང་། །སངས་རྒྱས་ཉིད་ཀྱིས་ཡོངས་སུ་སྐྱོབ། །འཚེ་བ་དག་ནི་ཐམས་ཅད་དང་། །ངན་སོང་དང་ནི་གནས་མིིན་དང་། །འཇིག་ཚོགས་ཐེག་པ་དམན་དག་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པ་ཡིིན། །ཞེས་སོ། སྲིད་ཞིའི་རྒུད་པ་སེལ་བ་ནི། །ལྷ་དང་བཅས་པའི་འཇིག་རྟེན་ན་མགོན་སྐྱབས་ཀྱི་མཆོག་ནི། དཀོན་མཆོག་གསུམ་ཡིན་པ་ནི། དཀོན་བརྩེགས་ལས། དཀོན་མཆོག་གསུམ་པོ་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་ན་ཕྱག་བྱ་བའི་འོས་སུ་གྱུར་པ། །ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་ཞིང་དམ་པར་གྱུར་པ་སྟེ། ཞེས་རྒྱ་ཆེར་གསུངས་པ་བཞིན་ནོ། །གཉིས་པ་སེམས་བསྐྱེད་པ་ནི། སྨོན་འཇུག་གི་སེམས་བསྐྱེད་ཀྱི་གོ་དོན་སྤྱིར་བསྟན་པ་དང་། བྱེ་བྲག་སེམས་བསྐྱེད་དངོས་དང་། བསླབ་བྱའི་རིིམ་པ་བསྲུང་བའི་ཚུལ་ཁྲིིམས་བསྟན་པའོ། སྤྱིར་ཀུན་རྫོབས་སེམས་བསྐྱེད་ཅེས་བྱ་བ། །གཞན་དོན་དུ་རྫོགས་པའི་བྱང་ཆུབ་འཐོབ་པ་ལ་དམིགས་པའི་ཐེག་ཆེན་སློབ་པའི་སེམས་བསྐྱེད་བྱང་སེམས་འཕགས་པའི་མཉམ་བཞག་གི་ངོ་བོར་གྱུར་པའི་སེམས་བསྐྱེད་ཚོགས་སྦྱོར་དང་། བྱང་འཕགས་ཀྱི་རྗེས་ཐོབ་ཀྱི་ངོ་བོར་གྱུར་པའི་སེམས་བསྐྱེད་ལྟ་བུའོ། དེ་ཉིད་ཆོ་ག་དང་དགེ་བའི་བཤེས་གཉེན་ལ་བསྟེན་པ་སྟེ། གཞན་གྱི་མཐུ་ལས་བྱུང་བ་ཀུན་རྫོབ་ཀྱི་སེམས་བསྐྱེད་དང་། དོན་དམ་གྱི་སེམས་བསྐྱེད་ཅེས་བྱ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་གང་ཞིག་བྱང་འཕགས་ཀྱི་མཉམ་བཞག་གི་ངོ་བོར་གྱུར་པའི་དང་། སངས་རྒྱས་ཀྱི་མཉམ་རྗེས་དབྱེར་མེད་ཀྱི་ངོ་བོར་གྱུར་པའི་སེམས་བསྐྱེད་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་སོ། དེ་ཉིད་སྒོམ་བྱུང་ལ་མ་ལྟོས་པར་ཆོ་ག་རྐྱང་པས་བསྐྱེད་ནུས་པ་མ་ཡིན་ནོ། དེ་ལ་དང་པོ་ཐེག་ཆེན་གྱི་རྩ་བ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ། བྱམས་པ་དང་སྙིང་རྗེ། དགའ་བ། བཏང་སྙོམས་བཞི་སྒོམ་དགོས་པས། དང་པོ་བྱམས་པ་ནི། སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་མེད་པས། ལུས་སྐྱེད་ཀྱི་མ་རྣམས་ཀྱི་ལུས་ལ་འཁྲིས་པའི་ཚེའང་ཕན་པའི་ཟས་དང་སྤྱོད་ལམ་བརྟེན། གནོད་པའི་ཟས་སྤྱོད་སྤངས་པས་ལུས་བསྐྱེད། སྐྱེས་ནས་བརྩེ་སེམས་ཆེན་པོས་སོར་བཅུའི་རྩེ་ལ་བླངས། ལུས་ཀྱི་དྲོད་ཀྱིས་བསྲོས། ནུ་ཞོ་བསྣུན། ཟས་ཁས་སྙོད། མི་གཙང་བ་ལག་པས་ཕྱི། ན་ཡིས་དོགས། ཤི་ཡིས་དོགས་ནས་མོ་འདེབས། རིམ་གྲོ་ནུས་ཚད་བྱས་པས་སྲོག་བྱིན་བྱམས་པའི་མིག་གིས་བལྟས། སྙན་པའི་མིང་ནས་བོས། ཁོང་པའི་སྙིང་དང་དཔྲལ་བའི་མིག་ལས་ཀྱང་གཅེས་པར་བྱས། ཆེ་རུ་སོང་ནས་ཀྱང་ཞིམ་པའི་ཟས་བྱིན། འཇམ་པའི་གོས་བསྐོན། མཛེས་པའི་རྒྱན་བཏགས། ཟ་འཐུང་དང་གོས་ཚག་བྱེད་ལུགས་འགྲོ་ལུགས་ནས་བཟུང་བླང་དོར་ཐམས་ཅད་བསླབ། བུ་སྐྱོང་བའི་ཆེད་དུ་སྲོག་གཅོད་པ་གཞན་ནོར་རྐུ་བ་སོགས་སྡིག་པའི་ལས་མང་པོ་བྱེད་པ་བཀྲེས་སྐོམ་ངལ་དུབ་དྲོ་གྲང་གཏམ་ངན་ཐམས་ཅད་ཁྱད་དུ་སད་ནས་ཚོང་དང་ཁེ་སྤོགས་ལ་སོགས་པས་དཀའ་བ་མང་པོ་དཔྱད། དངོས་པོ་གང་ཡོད་བྱིན་ཏེ་མ་རང་ལ་ཡོད་ན་སྟོང་གསུམ་གྱི་ནོར་ཐམས་ཅད་བྱིན་ཡང་ཆེས་པའི་སྐྱོན་མེད་པར་བསམ། མདོར་ན་མ་རང་ལས་གཅེས་པར་བྱས་ཏེ་བསྐྱང་པའི་དྲིན་ལ་བསམ། དེ་བཞིན་དུ་ཉེ་དུ་དང་མཛའ་བཤེས་ཁྱིམ་ཚེས་ཡུལ་མི་དང་ངོ་ཤེས་པའི་དགྲ་དང་བགེགས་སོགས་བསམ་ཏེ་འདི་རྣམས་ཀྱང་ཐོག་མ་མེད་པ་ནས་ཕན་བཏགས་པའི་ཕ་མ་དྲིན་ཅན་ཤ་སྟག་ཡིན། རང་གི་སྔར་གནོད་པ་བྱས་པའི་ལས་ངན་གྱིས་རང་དབང་མེད་པར་བསྐུལ་ནས་བདག་ལ་གནོད་པར་བྱེད་པ་ཡིིན་པས་གནོད་ལེན་དུ་ཕན་པ་བསྒྲུབ་པར་བྱ་སྙམ་དུ་སེམས། ཡང་ཚེ་འདིའི་མ་དང་སྙིང་ལ་ཆགས་པའི་མཛའ་གྲོགས་ཀྱིས་ཀྱང་ཚེ་རབས་གཞན་དུ་དགྲ་བྱས་པ་ཡང་ཡོད་མོད། དེས་ན་བྱམས་སྡང་མི་བྱ་བར་གནོད་པའི་ལན་དུ་ཐམས་ཅད་ལ་ཕན་གདགས་པར་བྱ་སྙམ་པ་དང་། དེ་བཞིན་དུ་ཡུལ་ཁམས་གླིང་གཅིག་ནས་གཉིས་སོགས་སྟོང་གསུམ་གྱི་སྟོང་འཇིག་རྟེན་སོགས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནི་ཇི་ལྟར་གཞལ་ཡང་མཐའ་མེད་པ་བཞིན་དུ་ནམ་མཁའ་མཐའ་མེད་པས་ནམ་མཁས་ཁྱབ་པའི་སེམས་ཅན་ཐམས་ཅད་བདག་གི་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད། འདི་རྣམས་འདོད་པ་བདེ་བ་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་བསྒྲུབ། ལ་ལ་ནི་བཟོད་གླག་མེད་པའི་སྡུག་བསྔལ་དངོས་ལ་སྤྱོད། ལ་ལ་ནི་ཐར་དུས་མེད་པའི་སྡུག་བསྔལ་གྱི་རྒྱུ་ཚབ་ཆེན་པོར་སྤྱོད་ཅིང་ཉམ་ཐག་པས་མནར་བར་འགྱུར་བའི་རྣམ་འགྱུར་ཡིད་ལ་དྲན་པས་མཆི་མ་འཁྲུག་པ་ཙམ་གྱིས་བློ་བསྐུལ་ཏེ་དགྲ་གཉེན་བར་མ་ཐམས་ཅད་ལ་ཉེ་རིང་ཕྱོགས་རིས་མེད་པར་བྱམས་པའི་བློ་མ་འབྱོངས་བར་དུ་ཐམས་ཅད་ལ་ཁྱབ་པར་སྤེལ་ཏེ་བསྒོམ། གལ་ལྟེ་འབྱོང་དཀའ་ན་གང་གཅེས་གང་སྡང་རེ་རེ་བཞིན་ནས་རྩེ་གཅིག་ཏུ་བསྒོམ་ཞིང་རིམ་གྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བསྒོམ་མོ། །དེ་དག་ཀྱང་སྡུག་བསྔལ་དང་བྲལ་ཞིང་གནས་སྐབས་ལྷ་མིའི་བདེ་བ་དང་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་སྙམ་པ་ནི་དམིགས་པ་དང་བཅས་པའི་བྱམས་པ་དང་། བྱམས་པ་བསྒོམ་པའི་ཡུལ་སེམས་ཅན་ཐམས་ཅད་ཀྱང་རྟེན་དང་བརྟན་པ་གང་ཡང་དཔྱད་ན་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་བདག་མེད་པའི་རང་བཞིན་ཤེས་པར་བྱའོ། །སྙིང་རྗེ་བསྒོམ་པ་ནི། དམིགས་ཡུལ་གྱི་སེམས་ཅན་དེ་དག་ཐམས་ཅད་སྡུག་བསྔལ་དྲག་པོས་ཡོངས་སུ་མནར་བ་བློས་མི་བཟོད་པ་ཞིག་བསམ་ལ་སྐྱབས་མགོན་མེད་པ་འདི་དག་འདོར་བར་རིགས་པ་མ་ཡིན་པས། སྡུག་བསྔལ་འདི་དག་དང་བྲལ་བར་ཤོག་ཅིག །བདེ་བ་ཚད་མེད་པ་དང་ལྡན་པར་གྱུར་ཅིག་སྙམ་པའི་སྙིང་རྗེ་དུང་དུང་སེམས་ཅན་གཅིག་ནས་ཀུན་ལ་རིམ་བཞིན་ཕྱོགས་རིས་མེད་པར་བསྒོམ་པའི་རྗེས་ལ། སྙིང་རྗེའི་ཡུལ་སེམས་ཅན་ཡང་བརྟགས་ཤིང་དཔྱད་ན་རང་བཞིན་གྱིས་མེད་ལ་སྣང་བ་སྨིག་སྒྱུ་ལྟ་བུ་དང་འདྲ་བར་བསམ་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འབྲེལ་བ་ལམ་དམ་པ་ལ་སྤྱོད་པ་ཡིན་ཏེ། དོ་ཧ་མཛོད་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམ་ན་ཡང་། །འཁོར་བ་འདིར་གནས་སངས་རྒྱས་ཐོབ་མི་འགྱུར། །གང་དག་གཉིས་པོ་སྦྱོར་བར་ནུས་པ་དེ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་སོ། དགའ་བ་བསྒོམ་པ་ནི། ཉི་ཁྲི་ལས། སེམས་ཅན་གང་དག་རང་རང་གི་བདེ་འབྱོར་མཐོང་ན་འདི་སྙམ་དུ་སེམས་ཏེ། བདེ་བ་འདི་དང་མི་འབྲལ་བར་ཤོག་ཅིགལྷ་དང་མིའི་བདེ་བ་ལས་འདས་པ་རྣམ་པ་ཐམས་ཅད་མཁྱེན་པའི་བདེ་བ་དེ་དང་ལྡན་པར་གྱུར་ཅིག་སྙམ་མོ། ཞེས་སོ། དེ་ལྟར་སེམས་ཅན་བདེ་བ་དང་ལྡན་པ་གཅིག་ནས་ཐམས་ཅད་ལ་དེ་བཞིན་བསྒོམ། དེའང་དམིགས་བཅས་ཀྱི་དགའ་བའི་ཡུལ་ཐམས་ཅད་ཀྱང་མེད་བཞིན་སྣང་བ་སྒྱུ་མ་ལྟ་བུར་བཞག་གོབཏང་སྙོམས་ནི། རང་ལ་བདེ་ན་དགའ་ལ་སྡུག་ན་མི་འདོད་པ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་བས་བདག་གིས་གནོད་སེམས་རུང་བ་མ་ཡིན་དགྲ་གཉེན་གྱི་ཕན་གནོད་ཀྱི་ལས་ཀྱང་སྔོན་དང་ཕྱི་མ་ལ་བསམ་ན་མཐའ་གཅིག་ཏུ་མ་ངེས་པ་ཡིན་པས། ཆགས་སྡང་བྱ་བའི་འོས་མིན་པས་ཉེ་རིང་མཉམ་པའི་ཐམས་ཅད་ཕན་ཚུན་སེམས་ལས་སུ་རུང་བར་ཤོག་ཅིག་སྙམ་པ་སེམས་ཅན་ཐམས་ཅད་ལ་བསྒོམ་པ་ནི་དམིགས་བཅས་དང་། སེམས་སུ་སྣང་བ་འདི་དག་ཀྱང་མེ་ལོང་གི་ངོས་སུ་ཤར་བའི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མ་གྲུབ་པར་ཤེས་པར་བྱའོ། །ཚད་མེད་བཞི་བསྒོམ་པས། འབྱོངས་པའི་ཚད་ནི། བྱམས་པ་སྐྱེ་ཞིང་བདག་མེད་རྟོག་པ་དང་། ཕ་རོལ་ལ་སྡུག་བསྔལ་བྱུང་བ་རང་ལ་བྱུང་བ་བས་མི་བཟོད་པའི་ཤས་སྐྱེ་བ་དང་། གཞན་གྱི་འབྱོར་བ་ལ་ཕྲག་དོག་མེད་པ་དང་། ཆོས་ཐམས་ཅད་གདོད་ནས་མ་སྐྱེས་པ་མཉམ་ཉིད་དུ་རྟོགས་པའོ། འབྲས་བུ་ནི། མངོན་མཐོ་ལྷ་མིའི་ལུས་དང་ངེས་ལེགས་བྱང་ཆུབ་ཀྱི་འབྲས་བུ་འགྲུབ་པ་དང་། རྣམ་སྨིན་རྒྱུ་མཐུན་དབང་བྱེད་ཕན་བདེའི་འབྱོར་པ་ཅན་དང་། རང་གི་གཞན་དང་གཞན་སེམས་ཅན་ཐམས་ཅད་ཀྱིས་རང་མཐོང་ན་ཡིད་དུ་འོང་བ་དང་། ཆགས་སྡང་མེད་པ་དང་། གནོད་འཚེའི་སེམས་དང་བྲལ་བ་དང་། མངོན་པར་མཐོ་བའི་འབྱོར་པ་འཐོབ་པ་དང་། ཀུན་རྫོབ་དང་དོན་དམ་གྱི་ཆོས་ཉིད་རྟོགས་པར་འགྱུར་བ་དང་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སྐུ་གཉིས་འགྲུབ་པར་བྱེད་པའོ། །བྱམས་པས་ཞེ་སྡང་གནས་འགྱུར་མེ་ལོང་ཡེ་ཤེས་ལོངས་སྐུ། སྙིང་རྗེས་འདོད་ཆགས་དག་པ་སོར་རྟོགས་དང་ཆོས་སྐུ། དགའ་བས་ཕྲག་དོག་དག་པ་བྱ་གྲུབ་དང་སྤྲུལ་སྐུ། བཏང་སྙོམས་ཀྱིས་ང་རྒྱལ་དང་གཏི་མུག་དག་པ་མཉམ་ཉིད་དང་ཆོས་དབྱིངས་ཡེ་ཤེས་ཏེ་ངོ་བོ་ཉིད་སྐུ་མི་འགྱུར་བས་རྡོ་རྗེ་དང་མངོན་བྱང་གི་སྐུ་མངོན་དུ་བྱེད་པའོ། དེའང་བཤད་མ་ཐག་པའི་བྱམས་པ་ནས་རིམ་བཞིན་བསྒོམ་པ་དང་རེས་འགའ་བཏང་སྙོམ་དགའ་བ། སྙིང་རྗེ་བྱམས་པ་སྟེ་ལྡོག་ནས་བསྒོམ་པ་དང་། ཡང་བྱམས་པ་དང་། དགའ་བ། སྙིང་རྗེ་དང་བཏང་སྙོམས་སྤེལ་མར་བསྒོམ་པར་བཤད་ཅིང་དེ་དག་གིས་རང་རྒྱུད་ལ་འབྱོངས་པའི་ཐབས་དང་ཚད་མེད་བཞི་པོ་གཅིག་གྲོགས་གཅིག་གིས་བྱེད་ནས་བོག་འབྱིན་པ་དང་། བརྟན་པར་འགྱུར་བའོ། །དེ་ལྟར་སྨོན་པ་ཚད་མེད་བཞིས་རྒྱུད་ལེགས་པར་སྦྱངས་ནས། སེམས་བསྐྱེད་ཚུལ་དངོས་དང་ཆོ་ག་གཉིས་ལས། དང་པོ་ནི། འཁོར་འདས་ཀྱི་ཆོས་རྣམས་ཀུན་གྱི་རྩ་བ་ལམ་གྱི་སྙིང་པོའི་ཉེ་ལམ་སེམས་ཅན་རྣམས་ཀྱི་འདྲེན་པ། མྱུར་དུ་བླ་ན་མེད་པའི་གོ་སར་བགྲོད་པའི་གཞོན་པ་ལྟ་བུ་ནི་ལྷག་པའི་བསམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི་རྒྱལ་སྲས་རྣམས་ཀྱི་སྤྱོད་པ་ཡིན་ཏེ། བྱམས་པས་ཞུས་པའི་མདོ་ལས། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་བྱང་ཆུབ་ཀྱི་སེམས་ཡིན་ཏེ། བྱམས་པ་ཆོས་དེ་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་། སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚངས་རྒྱའོ། །ཞེས་དང་། སེམས་བསྐྱེད་པའི་ཡོན་ཏན་ནི་སྲིད་པའི་རྒྱ་མཚོ་ནས་ཞི་བར་འདྲེན་པའི་གྲུ་བོ་ཆེ་ལྟ་བུ། འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྒྲོལ་བའི་སྐྱེལ་མ་དཔའ་བོ་ལྟ་བུ། ལས་དང་ཉོན་མོངས་པའི་བུད་ཤིང་བསྲེགས་པའི་མེ་ལྟ་བུ་སྟེ། སྤྱོད་འཇུག་ལས། སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅེས་མི་བརྟེན། ཞེས་དང་། དེས་ནི་དུས་མཐའི་མེ་བཞིན་སྡིག་ཅན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་བསྲེག་པར་བྱེད། ཅེས་དང་། སེམས་བསྐྱེད་དང་ལྡན་པའི་སྐྱེས་བུ་སྙིང་རྗེ་ཆེན་པོའི་དགེ་རྒྱུན་གོང་དུ་འཕེལ་བའི་སྟོབས་དང་ལྡན་ན་བག་མེད་པར་གྱུར་ཀྱང་སྒོ་གསུམ་གྱི་བརྩོན་པ་ཐམས་ཅད་དོན་དང་ལྡན་ཞིང་འཇིག་རྟེན་གྱི་མཆོད་སྡོང་དུ་འགྱུར་བ་ནི། ཡང་སྤྱོད་འཇུག་ལས། དེང་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་འཆད་པར་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་དང་། སེམས་བསྐྱེད་ཀྱིས་མ་ཟིན་པའི་དགེ་བ་དམན་ཏེ་ཟད་པར་འགྱུར་ལ། གང་སེམས་བསྐྱེད་ཀྱིས་ཟིན་པ་རབ་ཏུ་འཕེལ་ཞིིང་མི་ཟད་པ་ནི། ཡང་དེ་ཉིད་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་བཟད་འཕེལ་བར་འགྱུར། །ཞེས་སོ། ཀུན་གྱིས་ཕྱག་བྱ་བའི་འོས་སུ་འགྱུར་བ་ནི། ཡང་དེ་ཉིད་ལས། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །འཁོར་བའི་བརྩོན་རར་བསྡམ་པའི་ཉམས་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་སོ། བྱང་ཆུབ་སེམས་དཔའ་དེ་ལྟ་བུ་ལ་ཁྲོ་བར་བགྱིས་ན་བསོད་ནམས་མ་ཡིན་པ་བསྐྱེད་པ་ནི་ཡང་། དེ་ཉིད་ལས། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་སྟེ་ངན་སེམས་བསྐྱེད་པར་བྱེད་ན་དེ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་དང་། དད་པ་བྱེད་ན་དགེ་བ་ལྷག་པར་འཕེལ་བ་ཡང་། སྔ་མ་ལས། འོན་ཏེ་གང་ཞིག་ཡིད་རབ་དད་བྱེད་ན། །དེ་ཡི་འབྲས་བུ་དེ་བས་ལྷག་པར་འཕེལ། །ཞེས་སོ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། །བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་སྟེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། ཞེས་སོ། སེམས་བསྐྱེད་པ་ནི། གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་སྟེ། །མངོན་རྟོག་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོ། དེ་ཡང་སེམས་ནི་དོན་གྱི་ངོ་བོ་རིག་པ་ཡིན་ལ། སེམས་བྱུང་དེའི་ཁྱད་པར་ལ་དཔྱོད་པས་ན་འདིར་ངོ་བོ་བསྐྱེད་པས་ཁྱད་པར་ཞོར་ལ་བསྐྱེད་པར་འགྱུར་ཏེ། འདུན་པ་སེམས་བསྐྱེད་ལ་སོགས་པ་ཞོར་ལ་ཐོབ་པ་བཞིན་ནོ། སྨོན་འཇུག་རང་བཞིན་གཉིས་ལས། སྨོན་པ་སེམས་བསྐྱེད་ནི་བྱང་ཆུབ་ཐོབ་པར་འདུན་པ་ཡིན་ལ། འཇུག་པ་ནི་དེའི་ཆོས་ལ་སྦྱོར་བ་སྟེ། དཔེར་ན་འགྲོ་བར་འདོད་པ་དང་འགྲོ་བ་བཞིན་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་ནི་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་བསྐྱེད་དང་། །བྱང་ཆུབ་འཇུག་པ་གཉིས་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་འདི་ལྟར་ཤེས་པར་བྱ། །ཞེས་སོ། སྨོན་པ་ལ་འབྲས་བུ་རྒྱུན་ཆགས་སུ་འབྱུང་བའི་བསོད་ནམས་མེད་ལ། འཇུག་པ་ལ་བསོད་ནམས་རྒྱུན་ཆགས་སུ་འབྱུང་བའི་ཁྱད་ཞུགས་པའང་ཡིན་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སྨོན་པའི་སེམས་ལས་ནི། །འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང་། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །ཞེས་སོ། རྣམ་དབྱེ་མང་དུ་ཤེས་པར་བྱ་སྟེ། མྱང་འདས་ལས། ཀུན་རྫོབ་དོན་དམ་དབྱེ་བ་ཡིས། །བྱང་ཆུབ་སེམས་དེ་རྣམ་པ་གཉིས། ཞེས་པས། དེའང་སོ་སོ་སྐྱེ་བོ་དང་འཕགས་པའི་སེམས་བསྐྱེད་གཉིས་སམ། ཕྱི་རོལ་སེམས་ཅན་ལ་དམིགས་པ་དང་། ནང་སེམས་ཉིད་ལ་དམིགས་པ་གཉིས་ཀྱིས་ཀུན་རྫོབ་དང་དོན་དམ་པའི་སེམས་བསྐྱེད་ཅེས་བྱ་བ་དང་། དགེ་བ་ཆོས་སྡུད་དང་། སེམས་ཅན་དོན་བྱེད་དང་། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་གསུམ་མམ་བསླབ་པ་གསུམ་ལ་བལྟོས་ནས་སེམས་བསྐྱེད་གསུམ་དང་། ཚོགས་སྦྱོར་ན་མོས་པས་སྤྱོད་པ་དང་། ས་དང་པོ་ནས་བདུན་པའི་བར་ལྷག་བསམ་རྣམ་དག་དང་། དག་པ་ས་གསུམ་ནི་རྣམ་པར་སྨིན་པ་དང་། །སངས་རྒྱས་ཀྱི་ས་ན་སྒྲིབ་པ་སྤངས་པའི་སེམས་བསྐྱེད་པ་སྟེ་བཞི་དང་། ཚོགས་སྦྱོར་མཐོང་བསྒོམ་མི་སློབ་པའི་ལམ་ལྔའི་སེམས་བསྐྱེད་པ་ལྔ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བལྟོས་ནས་དྲུག་དང་། ཕར་ཕྱིན་བཅུ་ལ་བལྟོས་ནས་བཅུའོ། །ས་མཚམས་ཀྱི་དབྱེ་བ་ཉི་ཤུ་རྩ་གཉིས་དཔེས་བསྟན་པ་ནི། བློ་གྲོས་རྒྱ་མཚོའི་ཞུས་པའི་མདོ་ལས་གསུངས་པ་ལྟར། དེ་ཡང་ས་གསེར་ཟླ་བའི་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་ཀླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱི། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་དེ་དག་གི་དོན་ནིི་རིམ་པ་ལྟར། །འདུན་པ་ས་ལྟ་བུ་དང་། བསམ་པ་གསེར་ལྟ་བུ་དང་། ལྷག་པའི་བསམ་པ་ཟླ་བ་ཚེས་པ་ལྟ་བུ་གསུམ་ནི་རིམ་པ་ལྟར་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་གྱི་སེམས་བསྐྱེད་ལ་དེ་སྐད་ཅེས་བཏགས་སོ། །སྦྱོར་བ་མེ་ལྟ་བུ་ནི་སྦྱོར་ལམ་བཞིའི་སེམས་བསྐྱེད་དོ། སྦྱིན་པ་གཏེར་ལྟ་བུ་དང་། ཚུལ་ཁྲིམས་རིན་པོ་ཆེའི་འབྱུང་གནས་ལྟ་བུ་དང་། བཟོད་པ་མཚོ་ལྟ་བུ་དང་། བརྩོན་འགྲུས་རྡོ་རྗེ་ལྟ་བུ་དང་། བསམ་གཏན་རི་ལྟ་བུ་དང་། ཤེས་རབ་སྨིན་ལྟ་བུ་དང་། ཐབས་ལ་མཁས་པ་བཤེས་གཉེན་ལྟ་བུ་དང་། སྨོན་ལམ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང་། སྟོབས་ཉི་མ་ལྟ་བུ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་གླུ་དབྱངས་སྙན་པ་ལྟ་བུ་ནི་ས་དང་པོ་ནས་བཅུ་པའི་བར་དུ་རིམ་པ་བཞིན་ནོ། །མངོན་ཤེས་རྒྱལ་པོ་ལྟ་བུ་དང་། ཚོགས་གཉིས་མཛོད་ཁང་ལྟ་བུ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ལམ་པོ་ཆེ་ལྟ་བུ་དང་། སྙིང་རྗེ་ལྷག་མཐོང་གཉིས་བཞོན་པ་བཟང་པོ་ལྟ་བུ་དང་། གཟུངས་སྤོབས་གཉིས་བཀོད་མའི་ཆུ་མིག་ལྟ་བུ་ལྔ་ནི་ས་བརྒྱད་པ་དགུ་པ་བཅུ་པ་གསུམ་ཀ་ལ་ཁྱབ་པར་ཡོད་དོ། ཆོས་ཀྱི་དགའ་སྟོན་སྒྲ་སྙན་ལྟ་བུ་དང་། བགྲོད་པ་གཅིག་པའི་ལམ་ཆུ་བོ་ལྟ་བུ་དང་། ཆོས་ཀྱི་སྐུ་དང་མཚུངས་པར་ལྡན་པ་སྤྲིན་ལྟ་བུ་གསུམ་ནི་ས་བཅུ་པ་ལ་ཡོད་དེ་ཡེ་ཤེས་དང་ཕྲིན་ལས་ཆེན་པོས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ། །འདིར་སངས་རྒྱས་ཀྱི་ས་ན་སེམས་བསྐྱེད་ཡོད་དམ་མེད་ཅེ་ན། །སློབ་ལམ་པའི་སེམས་བསྐྱེད་ལྟར་ད་བཟོད་ཐོབ་པར་འདོད་པ་མེད་དེ་ཐོབ་ཟིན་པའི་ཕྱིར་དང་། ཁས་བླང་པའི་དུས་ལས་འདས་པའི་ཕྱིར་ཆོ་གས་བླངས་པའི་སེམས་བསྐྱེད་མེད་པ་ཡིན་ནོ། །དོན་དམ་སེམས་བསྐྱེད་ཡོད་དེ་ཆོས་ཉིད་ཀྱིས་ཐོབ་པའི་སེམས་བསྐྱེད་ཐོབ་ལ་མ་ཉམས་པ་གོང་ནས་གོང་དུ་ཡོད་པའི་ཕྱིར་ཏེ། དོར་བ་མེད་པའི་སྟོང་པ་ཉིད་ཡོད་པའི་ཕྱིར་དང་། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོས་དོན་མཛད་པ་ཡོད་པས་སོ། །སེམས་བསྐྱེད་གནས་པའི་རྟེན་ཡང་གང་ལ་སྐྱེས་པ་དེའི་རྟེན་ལ་ཉམས་པའི་རྒྱུ་མ་བྱུང་གི་བར་དུ་གནས་སོ། །སེམས་བསྐྱེད་པའི་རྒྱུ་ནི་སངས་རྒྱས་ལ་དམིགས་པའི་དད་པ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། བྱང་ཆུབ་སེམས་ཀྱི་ཕན་ཡོན་ཐོས་པ་སྟེ། གསུམ་ལས་སྐྱེ་བར། མདོ་སྡེའི་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་གྲོགས་སམ་དགེ་བའི་བཤེས་གཉེན་གྱིས་བསྐུལ་ཞིང་ཐོས་པ་བྱས་པས་སྨོན་སེམས་བརྟན་པར་འགྱུར་ཞིང་། རང་གི་དགེ་བ་གོམས་པ་དང་། རྒྱུ་རིགས་སད་པ་དང་། རྩ་བ་སྙིང་རྗེ་སྐྱེས་པ་ལས་འཇུག་པ་སེམས་བསྐྱེད་བརྟན་པའི་རྒྱུར་བཤད་དོ། །དེ་ལྟར་བྱང་སེམས་སྨོན་འཇུག་གི་གོ་དོན་ངེས་པར་བྱས་ནས་སྔར་སྐྱབས་ཡུལ་གསལ་བ་དེ་དག་དཔང་པོའི་ཚུལ་དུ་དམིགས་ལ། གཉིས་པ་སེམས་བསྐྱེད་པ་ནི༔ སྐྱབས་གནས་དམ་པ་སླུ་བ་མེད་པའི་བླ་མ་སངས་རྒྱས་ཀྱི་ཚོགས་དེ་རྣམས་ལ་བློ་ཁྱེད་ཤེས་ཀྱི་འདུན་པ་རྩེ་གཅིག་ཏུ་གཏད་པའི་ངང་ནས༔ འཁོར་བ་སྡུག་བསྔལ་དུ་ཤེས་པའི་ངེས་འབྱུང་དྲག་པོས་ཀུན་སླངས་ཏེ༔ བདག་དང་མཐའ་ཡས་པའི་སེམས་ཅན་འདི་རྣམས་ཐམས་ཅད་ཀྱིས༔ རང་རིག་པའི་ངོ་བོ་རང་བྱུང་གི་ཡེ་ཤེས་རང་ངོ་མ་ཤེས་པར་གཉིས་སུ་འཛིན་པའི་ཤེས་པས་ཁ་བརྒྱུད༔ བག་ཆགས་དྲག་པོ་ཨ་འཐས་ཏེ་སྲིད་པ་ཆེན་པོ་འགྲོ་བ་དྲུག་གི་ཁམས་གསུམ་དུ་འཁྱམས་ཤིང་༔ ཡོངས་སུ་འཁོར་ཏེ་འཁྲུལ་པ་འདི་རྣམས་སྙིང་རེ་རྗེ་ན༔ ད་འདི་རྣམས་འཁོར་བའི་སྡུག་བསྔལ་དྲག་པོ་འདི་ལས་སྒྲོལ་ཞིང་༔ ཡེ་ནས་འཕོ་འགྱུར་དང་བགྲེས་རྒུད་མི་མངའ་བ་གཞོན་ནུ་བུམ་པའི་སྐུ་རུ་གྲོལ་བར་བྱ་བའི་ཕྱིར་དུ༔ རིམ་པ་གཉིསཀྱི་ཆོས་ཚུལ་གྱི་བློ་སྦྱངས་ཤིང་༔ སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་ལ་གནད་གཟིར་བར་བྱ་སྙམ་དུ་སེམས་བསྐྱེད་པར་བྱ་ཞིང་། ཨཱོཾ་ན་མོ་ཧཱུྃ༔ བསམ་བརྗོད་བྲལ་བའི་རང་རིགས་ཡེ་ཤེས་ལ༔ སོགས། དེ་ལྟར་ཐུན་དུ་བཅད་དེ་སེམས་བསྐྱེད་པ་ལ་འབད་པར་བྱའོ། སེམས་བསྐྱེད་ལན་གསུམ་དུ་བརྗོད་པའི་དགོས་པ་ཡང་། དང་པོས་སྨོན་སེམས་སྐྱེ། གཉིས་པས་འཇུག་སེམས་སྐྱེ། གསུམ་པས་གཉིས་ཀ་བརྟེན་ཞིང་འཐོབ་པའོ། །གསུམ་པ་ཡན་ལག་བདུན་པ་ནི༔ དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བདག་དང་གཞན་གྱི་དོན་བྱེད་པར་དམ་བཅས་ནས༔ བློ་བཏང་སྙོམས་སུ་མ་སོང་བར་བྱ་ཞིང་ཚོགས་ཀུན་ཏུ་གསོག་པ་དང་༔ སྒྲིབ་པ་ཀུན་ཏུ་སྦྱངས་བར་བྱའོ་སྙམ་པའི་བློ་རྩེ་གཅིག་གི་ངང་ནས༔ རང་རིག་དམ་པ་མ་ནོར་མ་བཅོས་དེ་བཞིན་ཉིད་ཆེན་པོ་ཆོས་ཀྱི་སྐུ་འཕོ་འགྱུར་དང་བྲལ་བ་ལ༔ འདུ་འབྲལ་མེད་པའི་ཕྱག་འཚལ་ཞིང་༔ འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྤང་བླང་དགག་སྒྲུབ་དང་བྲལ་བས་འཛིན་མེད་བློ་བཟུང་མེད་པར༔ ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་རོལ་པ་ལས་རང་ཤར་བ༔ རང་གྲོལ་དུ་མཆོད་པར་འབུལ༔ ཡར་མྱ་ངན་ལས་འདས་པའི་སར་རེ་བ༔ མར་ངན་སོང་གསུམ་གྱི་གྲོང་ཁྱེར་ལ་དོགས་པ་གཉིས་སུ་གཟུང་བ་ལས་འཁྲུལ་པའི༔ དགེ་བ་དང་སྡིག་པ་བར་མ་དོར་གཟུང་བའི་འཛིན་པ་ཡོངས་སུ་ཞུགས་པའི་རྨོངས་པ་རང་རྒྱུད་པར་འཁྲུལ་པ་ཐམས་ཅད་ལྷག་མ་མ་ལུས་པར་བཤགས༔ སྐྱེ་འགག་གནས་གསུམ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་སྐུ༔ བློ་བྲལ་དགེ་སྡིག་གི་ཡུལ་ལས་འདས་པ་ངོ་བོ་ཉིད་ཀྱི་རང་ངོར་གསལ་ཞིང་རང་བྱུང་དུ་ལྷུན་གྱིས་གྲུབ་པ༔ སྐུ་གསུམ་འདུ་འབྲལ་མེད་པའི་དོན་དམ་པའི་དོན་དམ་མཆོག་གི་ཡེ་ཤེས་རང་གསལ་བ་ལ་ཁ་གཏིང་མེད་པར་རྗེས་སུ་ཡི་རང་བར་བྱའོ༔ དེ་ལྟར་ངོ་བོ་ཉིད་ཀྱི་ཆོས་ཉིད་དེའི་ངང་ལས་མ་བཅོས་པར་སོ་མ༔ རང་བྱུང་དུ་རྣལ་མར་དུས་གསུམ་རྒྱུན་ཆད་མེད་པར་ཆོས་སྐུ་དེ་བཞིན་ཉིད་ཀྱི་འཁོར་ལོ་ཆད་མེད་དུ་ཡང་དག་པར་བསྐོར་ཞིང་༔ གདོད་མ་ནས་ངོ་བོ་ཉིད་ཀྱི་དག་པའི་ཀློང་༔ རབ་འབྱམས་འཁོར་ལོའི་ཞིང་མཆོག་མཐའ་དང་དབུས་མེད་པར་ཀུན་ཏུ་བརྡལ་བ་ཆེན་པོར་དུས་གསུམ་དུས་མེད་ཀྱི་ཡེ་ཤེས་ཆེན་པོའི་ཏིང་འཛིན་དམིགས་པ་ཐམས་ཅད་དང་བྲལ་བར་རྟག་པ་རྒྱུན་གྱི་འཁོར་ལོ་འདུ་འབྲལ་མེད་པར་བཞུགས་ཤིང་༔ ཀུན་ཏུ་བཟང་པོ་གདོད་མ་ཉིད་ནས་རང་བྱུང་གི་སངས་རྒྱས་ཆེན་པོར་རང་གྲོལ་བར་གདེང་བཅའ་བར་བྱའོ༔ ཞེས་གསུངས་པ་ལྟར་ངག་འདོན་ནི། ཨཱོཾ་ན་མོ་ཧཱུྃ༔ རང་རིག་དག་པ་ཆེན་པོར་ཕྱག་འཚལ་ལོ༔ ཞེས་སོགས། དེ་ལྟར་ཡན་ལག་བདུན་པས་ཚོགས་གསོག་པ་ཐབས་ཁྱད་པར་ཅན་ངེས་པར་བྱས་ཏེ། དེ་དག་གི་བཤད་པ་སྤྱི་མཐུན་ལྟར་ན། ང་རྒྱལ་གྱི་གཉེན་པོར་ཕྱག་འཚལ་བ་ནི། རང་གི་ལུས་དཔག་ཏུ་མེད་པར་སྤྲུལ་ནས་ལག་གཉིས་སྤྱི་བོར་དང་། དེ་རྗེས་སྙིང་གར་ཐལ་མོ་སྦྱར་ཞིང་གནས་ལྔ་ས་ལ་གཏུགས་པས་ཕྱག་འཚལ་བར་བསམ་ཞིང་། དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དོན་དུ་ཕྱག་འཚལ་བའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་སྟེ། འདུལ་བ་ལུང་ལས། དགེ་སློང་དག་ཁྱེད་ཀྱིས་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་དད་པས་ཕྱག་འཚལ་བ་དེའི་རྣམ་པར་སྨིན་པ་ནི། ཇི་སྲིད་དུ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཁོང་ཁྲོ་བ་མ་སྐྱེས་པ་དེ་སྲིད་དུ་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་གི་བར་གྱི་རྡུལ་ཕྲ་རབས་ཀྱི་གྲང་དང་མཉམ་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བདེ་བ་མྱོང་ཞིང་ལྷ་དང་མི་རྣམས་ཀྱི་ནང་དུ་ཕྱིན་པར་འགྱུར་རོ། །ཞེས་སོ། འདོད་ཆགས་ཀྱི་གཉེན་པོར་མཆོད་པ་འབུལ་བའི་ཡན་ལག་ནི། མེ་ཏོགབདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་རོལ་མོ། བླ་བྲེ་འཕན་གདུགས་ལ་སོགས་པ་དངོས་སུ་འབྱོར་བ་དེ་དག་གིས་མཚོན་གྲངས་མེད་པར་འགོད་ནས་ཕུལ་བར་དམིགས། ཡིད་ཀྱིས་སྤྲུལ་པའི་མཆོད་པ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་ལྷའི་གཞལ་ཡས་ཁང་རིན་པོ་ཆེའི་རྒྱན་ཅན་དང་། ལྷ་རྣམས་བསྟོད་དབྱངས་ལེན་པའི་སིལ་སྙན་གྱི་སྒྲ་དང་། མེ་ཏོག་གི་ཆར་འབབ་པས་གང་བར་བསམ་པ། ལྷ་རྫས་ཀྱི་མཆོད་པ་དང་། བདག་པོས་མ་བཟུང་བའི་རིན་པོ་ཆེའི་རི་བོ་ནགས་ཚལ་སྨན་ལྗོངས་ཉམས་དགའ་བ་པདྨོའི་མཚོ་ཆེན་ངང་པས་བརྒྱན་པ། སྨན་སྣ་ཚོགས་དྲི་ཞིམ་པའི་ངད་དང་ལྡན་པ། དཔག་བསམ་གྱི་ཤིང་དང་། འདབ་སྟོང་རྒྱས་པའི་ཨུཏྤལ་ལའི་ཚོགས་དང་། ཉི་ཟླ་རྒྱུ་སྐར་སོགས་འཇིག་རྟེན་གྱི་རྒྱན་དུ་གྱུར་པ་རྣམས་དང་། བདག་པོས་བཟུང་བ་འདོད་དགུ་འབྱུང་བའི་བུམ་པ་བཟང་པོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། འཁོར་ལོ་དང་། རིན་པོ་ཆེ་དང་། བཙུན་མོ་དང་། བློན་པོ། རྟ་མཆོགགླང་པོ། དམག་དཔོན་ཏེ། རྒྱལ་སྲིད་རིན་ཆེན་བདུན་དང་། ཡུངས་དཀར། དཱུཪྺ་ལ་སོགས་བཀྲ་ཤིས་པའི་རྫས་བརྒྱད། གདུགས་དང་རྒྱལ་མཚན་ལ་སོགས་པའི་རྟག་བརྒྱད། ལྷམ་དང་། སྟན་དང་། གཞོན་པ་དང་། མལ་ཆ་དང་། ཁྲིའུ་དང་། རལ་གྲི་དང་། པགས་པ་སྟེ། ཉེ་བའི་རིན་ཆེན་སྣ་བདུན་དང་། དེའང་མེ་ཏོག་བདུག་སྤོས་ལ་སོགས་ཕྱིའི་མཆོད་པ། རྡོ་རྗེ་གཟུགས་མ་དང་། སྒྲ་མ། དྲི་མ། རོ་མ། རེག་མ། ཕྲེང་བ་མ། གསལ་བྱེད་མ། མེ་ཏོག་མ་ལ་སོགས་ནང་གི་མཆོད་པ། གཅེས་པར་བཟུང་བའི་རང་ལུས་ཀྱང་དཀོན་མཆོག་གི་བྲན་ཏུ་འབུལ་བ་ནི་གསང་བ་སྟེ། མཆོད་པ་ཕུལ་བའི་ཕན་ཡོན་ནི། གསལ་རྒྱལ་ཚིག་བཅད་ལས། སུ་དག་དཀོན་མཆོག་གསུམ་ལ་མེ་ཏོག་དང་། །འབྲས་བུ་གསར་ཐོག་བྱུང་བ་འབུལ་བྱེད་པ། །དེ་དག་འགྲོ་བ་རྣམས་སུ་འཁོར་བ་ན། །རོ་མཆོག་ཀུན་ཐོབ་མི་བརྫི་སྟོབས་དང་ལྡན། །ཞེས་དང་། བདུག་སྤོས་དང་། དྲི་བཟང་གི་བྱུག་པ་ཕུལ་ན་དཀོན་མཆོག་ཏ་ལ་ལས། སྤོས་རབ་སྣང་བའི་འོད་ཟེར་རབ་གཏོར་ཞིང་། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པས། །མི་ལ་མེད་སྤོས་ཡིད་འོང་ཚོར་གྱུར་ནས། །སངས་རྒྱས་ཡོན་ཏན་རྣམས་ལ་ངེས་པར་འགྱུར། ཞེས་དང་། གསལ་རྒྱལ་གྱི་མདོ་ལས། སྤོས་ཆུ་གཙང་ཞིང་དང་བས་ཁྲུས་གསོལ་བ། །དེ་དག་ལུས་ལ་དྲི་མ་མེད་པ་དང་། །གདུང་བ་མེད་ཅིང་མདོག་འཇམ་མྱ་ངན་མེད། །ཅེས་སོ། མར་མེ་ཕུལ་ན། ལས་རྣམ་པར་འབྱེད་པའི་མདོ་ལས། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བའི་ཡོན་ཕན་བཅུ་སྟེ། །འཇིག་རྟེན་ན་མར་མེ་ལྟ་བུར་འགྱུར་བ་དང་། ཤའི་མིག་རྣམ་པར་དག་པར་འགྱུར་བ་དང་། ལྷའི་མིག་ཐོབ་པར་འགྱུར་བ་དང་། དགེ་བ་དང་མི་དགེ་བའི་ཆོས་རྣམས་ཤེས་པར་འབྱུང་བར་འགྱུར་བ་དང་། མ་རིག་པ་དང་གཏི་མུག་གི་མུན་པ་སེལ་བ་དང་། ཤེས་རབ་ཀྱི་སྣང་བ་ཐོབ་པར་འགྱུར་བ་དང་། དེ་འཁོར་བ་ན་འཁོར་བའི་ཚེ་ནམ་དུ་ཡང་མུན་པ་ལ་གནས་པར་མི་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོན་ནོ། །ཞེས་དང་། ཞལ་ཟས་ཕུལ་ན། ཟ་མ་ཏོག་ལྟ་བུའི་གཏམ་ལས། རྡོ་རྗེ་གདན་ལ་བཞུགས་ནས་ནི། །འདོད་པའི་སྒྲ་དང་བཅས་པ་ཡི། །ཚོགས་ནི་བྱམས་པས་དེས་ཕམ་མཛད། །གང་ཞིག་མཐར་ཐུག་དཀའ་བའི་ཡུལ། །མཐའ་མེད་པར་ནི་སྤྱོད་འགྱུར་བའི། །ཉོན་མོངས་དཀའ་བའི་དགྲ་ལས་རྒྱལ། །ཕུང་པོའི་བདུད་ཀྱང་རབ་བཅོམས་ནས། །འཆི་བདག་བདུད་ལས་མངའ་བརྙེས་པ། །ཞལ་ཟས་ཕུལ་བར་གྱུར་པས་ཡིན། །ཅེས་སོ། རོལ་མོ་ཕུལ་ན། སྤྱན་རས་གཟིགས་ཀྱི་མདོ་ལས། རོལ་མོའི་སྒྲ་ཡིས་མི་མཆོག་མཆོད་བྱེད་ན། །མྱ་ངན་མེད་ཅིང་དབང་ལྡན་རྒྱལ་པོར་འོངས། །མི་ཡི་འཇིག་རྟེན་ཡིད་འོང་སྒྲ་ལྡན་འགྱུར། །དེ་སྒྲ་ཡན་ལག་ཚང་ཞིང་དགེ་བར་འོང་། །ཞེས་དང་། མདོར་བསྡུ་ན། སངས་རྒྱས་ཕལ་པོ་ཆེ་ལས། རིགས་པར་བརྩོན་པ་དཀོན་མཆོག་གསུམ་རྣམས་ལ། །སྦྱོར་བ་སྐྱོ་བ་མེད་པས་མཆོད་བྱས་ན། །དེ་དག་བདུད་བཞིའི་ལམ་ལས་རབ་འདས་ཏེ། །བྱང་ཆུབ་བླ་མེད་མྱུར་དུ་རེག་པར་འགྱུར། །ཞེས་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་བོ། ཞེ་སྡང་གི་གཉེན་པོར་སྡིག་པ་བཤགས་པའི་ཡན་ལག་ནི། སྦྱངས་བྱ་སྡིག་པའི་སྒོ་དྲུག་ནི། ལུས་ངག་ཡིད་གསུམ་དང་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། ཡུལ་ཕ་མ། མཁན་སློབ་ལ་སོགས་པ། དུས་ཐོག་མ་མེད་པ་ནས་ད་ལྟའི་བར་ངོ་བོ་མི་དགེ་བ་བཅུ་ལ་སོགས་པ་རང་བཞིན་གྱི་སྡིག་པ་དང་། རབ་ཏུ་བྱུང་བ་ཡིན་ན། ཕྱི་དྲོའི་ཁ་ཟས་ལ་སོགས་པ་བཅས་པ་དང་འགལ་བ་ཐམས་ཅད་དང་། རང་གིས་བྱས་པ་གཞན་ལ་བྱེད་བཅུག་པ། བྱེད་པ་ལ་ཡི་རང་སོགས། མཐོ་རིས་དང་ཐར་པ་ལ་སྒྲིབ་ཅིང་ངན་སོང་དུ་སྡུག་བསྔལ་བའི་བྱེད་ལས་ཐམས་ཅད་རང་གི་ལྕེ་ཐོག་ཏུ་ནག་ཕུང་ངེ་འདུས་པར་བསམ་ལ་བཤགས་པས་སངས་ཀྱིས་དག་པར་བསམ་པ། ཡུལ་རྟེན་གྱི་སྟོབས་དང་། གཉེན་པོ་ཀུན་ཏུ་སྤྱོད་པ། སྔར་བྱས་ལ་འགྱོད་པ་རྣམ་པར་སུན་འབྱིན་པ། ཕྱིན་ཆད་སྡོམ་སེམས་ནི་སོར་ཆུད་པ་སྟེ། །སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པར་བྱའོ། །དེའི་ཕན་ཡོན་ནི། ལུང་རྣམ་འབྱེད་ལས། བདག་གིས་སྡིག་པའི་ལས་བྱས་པ། །དགེ་བ་ཡིས་ནི་མཐར་བྱེད་དེ། །ཉི་ཟླ་སྤྲིན་ལས་འབྱུང་བ་བཞིན། །འཇིག་རྟེན་འདིར་ནི་དེ་སྣང་འགྱུར། །ཞེས་དང་། བཤེས་སྤྲིང་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱི་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཅེས་སོ། ཕྲག་དོག་གི་གཉེན་པོར་རྗེས་སུ་ཡི་རང་བའི་ཡན་ལག་ནི། འཕགས་པ་དང་སོ་སོ་སྐྱེ་བོའི་རྒྱུད་ཀྱིས་བསྡུས་པའི་ཟག་བཅས་དང་ཟག་མེད་ཀྱི་དགེ་བ་ལ་བསམ་པ་ཐག་པས་ཡི་རང་བསྒོམ་ན་དགེ་རྩ་མཉམ་དུ་ཐོབ་ཅིང་བསོད་ནམས་ཚད་མེད་དེ། །སྡུད་པ་ལས། སྟོང་གསུམ་རི་རབ་སྲང་ལ་གཞལ་བ་ཚད་གཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་སོ། གཏི་མུག་གི་གཉེན་པོར་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་ནི། །གང་དག་གདུལ་བྱའི་རྐྱེན་དབང་གིས་ཆོས་ཀྱི་འཁོར་ལོ་མི་བསྐོར་བར་བཞུགས་པ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པས་ཆོས་ཀྱི་ཆར་བབ་པར་བསམ་ལ་དེའི་ཕན་ཡོན་ནི། ཆོས་སྤང་པའི་སྒྲིབ་པ་འདག་ཅིང་། ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་རྒྱུད་ལ་འཛིན་པ་དང་མི་འབྲལ་བར་འགྱུར་རོ། །ལོག་ལྟའི་གཉེན་པོར་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ནི། བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་སེམས་ཅན་གྱི་དོན་མཛད་ཟིན་པ་གང་དག་མྱ་ངན་ལས་འདའ་བར་བཞེད་པ་རྣམས་ལ་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་པར་གསོལ་བ་བཏབ་ལ། དེའི་ཕན་ཡོན་ནི། གཞན་གྱི་སྲོག་ལ་འཚེ་བའི་རྣམ་སྨིན་བྱང་ཞིང་། རང་ཉིད་ཚེ་རིང་བ་དང་། དུས་མིན་པར་འཆི་བ་མི་འབྱུང་ངོ་། ཐེ་ཚོམ་གྱི་གཉེན་པོར་བསྔོ་བའི་ཡན་ལག་ནི། བསྔོ་བའི་རྒྱུ། རང་བཞིན་གྱི་དགེ་བ་དུས་གསུམ་དང་འབྲེལ་བ་ཐམས་ཅད་དོ། བསྔོ་བ་ནི་སངས་རྒྱས་ཀྱི་ས་ཁོ་ནའོ། །རྣམ་པ་ནི། དགེ་བ་ཡང་རྨི་ལམ་ལྟ་བུ། སྦྱིན་པ་པོ་ཡང་རྨི་ལམ་ལྟ་བུ། ལེན་པ་པོ་ཡང་རྨི་ལམ་ལྟ་བུ་སྟེ། འཁོར་གསུམ་དུ་བདེན་ཞེན་མེད་པས་དམིགས་པ་མེད་པའི་བསྔོ་བའོ། དེའང་བཟང་པོས་ཞུས་པའི་མདོ་ལས། གང་གི་སྦྱིན་པ་གང་ལ་བཏང་། །སྦྱིན་པ་ཇི་ལྟར་མི་དམིགས་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །བཟང་པོ་ལ་ནི་ཡོངས་རྫོགས་ཤོག །ཅེས་པ་ལྟར་རོ། བསྔོ་བ་སྨོན་ལམ་གྱི་ཁྱད་པར་ནི། རྒྱུ་དགེ་བ་སྔོན་དུ་སོང་ནས་ཚིག་དང་སྨོན་པ་ནི་བསྔོ་བ། རྒྱུ་དགེ་རྩ་མ་སོང་བར་སྨོན་པ་ནི་སྨོན་ལམ་མོ། །ཕན་ཡོན་ནི། འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པ་ལས། །ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་ནི་དེ་བཞིན་ཉིད་དུ་འགྲུབ། །ཅེས་སོ། དེ་ལྟར་ཡན་ལག་བདུན་པ་བྱས་པའི་ཕན་ཡོན་ནི། །དཔལ་སྦས་ཀྱིས་ཞུས་པའི་མདོ་ལས། གང་ཞིག་ཕྱོགས་བཅུའི་སངས་རྒྱས་ལ། །དམིགས་ནས་ཐལ་མོ་སྦྱར་བྱས་ཏེ། །ཕྱག་འཚལ་དེ་བཞིན་མཆོད་བྱེད་དང་། །བསོད་ནམས་དག་ལ་ཡི་རང་ཞིང་། །སྡིག་པ་དག་ཀྱང་འཆགས་པར་བགྱིད། །བསྐུལ་དང་གསོལ་བ་འདེབས་གྱུར་པ། །དེ་ཡིས་བསོད་ནམས་ཕུང་པོ་ནི། །ནམ་མཁའ་གང་བར་རྟག་ཏུ་འབྱུང་། །ཞེས་སོ། བཞི་པ་ནི། དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དེའི་བསླབ་བྱའི་རིམ་པ་ལ། བཟུང་བ་དང་། དག་པ་དང་། སྤེལ་བར་བྱ་བ་གསུམ་ནི། སྨོན་འཇུག་གི་རང་བཞིན་ལ་གནས་པ་ནི་སེམས་བཟུང་བའོ། །དེའི་མི་མཐུན་ཕྱོགས་སྤང་ཕྱིར་འབད་པ་ནི་དག་པར་བྱ་བའོ། བདག་གི་བདེ་བ་དང་སེམས་ཅན་གྱི་སྡུག་བསྔལ་བརྗེ་བ་ལ་སྤེལ་མར་བྱ་བ་ནི་སེམས་སྤེལ་བའོ། །དེ་ཡང་སེམས་ཅན་གྱི་དོན་དང་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་ཐོས་པ་ན། བདག་གི་དེ་ལྟར་ག་ལ་ནུས་སྙམ་དུ་སྒྱིད་ལུག་མེད་པས་བརྩོན་དགོས་ཏེ། སྤྱོད་འཇུག་ལས། བདག་གིས་བྱང་ཆུབ་ག་ལ་ཞེས། །སྒྱིད་ལུག་པར་ནི་མི་བྱ་སྟེ། །འདི་ལྟར་དེ་བཞིན་གཤེགས་པ་ནི། །བདེན་པར་གསུངས་པས་བདེན་འདི་གསུངས། །སྦྲང་བུ་ཤ་སྦྲང་བུང་བ་དང་། །དེ་བཞིན་སྲིན་བུར་གང་གྱུར་པ། །དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །བྱང་ཆུབ་ཐོབ་དཀའ་བླ་མེད་འཐོབ། །ནན་ལྟ་རིགས་ཀྱི་མིར་སྐྱེས་ལ། །ཕན་དང་གནོད་པ་ངོ་ཤེས་པས། །བྱང་ཆུབ་སྤྱོད་པ་མ་བཏང་ན། །བདག་གིས་བྱང་ཆུབ་ཅེས་མི་འཐོབ། ཅེས་དང་། དེ་དག་སྐྱོ་ངལ་ཀུན་སེལ་བའི། །བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཞེས་སུ་ཞིག་སྒྱིད་ལུག་འགྱུར། ཅེས་སོ། །བདག་གཞན་བརྗེ་བ་ནི། དབུགས་ཕར་འགྲོ་བའི་དུས་རང་གི་བདེ་བ་དང་དགེ་བ་ཅི་ཡོད་པ་ཐམས་ཅད་སེམས་ཅན་གཞན་ལ་བློས་ལིངས་ཀྱིས་ཕོག་ལ། དེའི་བསོད་ནམས་ཀྱིས་སེམས་ཅན་དེ་གནས་སྐབས་སུ་མཐོ་རིས་དང་མཐར་ཐུག་སངས་རྒྱས་ཐོབ་པར་བསམ། ཚུར་རྔུབས་པའི་དུས་ན་གཞན་གྱི་ལས་ངན་གྱི་སྡུག་བསྔལ་བདག་ལ་ཚུར་གོས་བརྗེས་པ་ལྟར་དང་དུ་བླངས་ནས་རང་རྒྱུད་ལ་སྨིན་པས་ཁོའི་དོན་དུ་ངན་སོང་ལ་སོགས་པའི་སྡུག་བསྔལ་མང་པོ་མྱོང་བར་བསམ་ཞིང་། དེ་ལྟར་སེམས་ཅན་གཅིག་ནས་ཀུན་གྱི་བར་དུ་བློ་འབྱོངས་པར་བྱ་བའོ། སེམས་ཉིད་ངལ་བསོ་ལས། རྟག་ཏུ་དྲན་དང་ཤེས་བཞིན་བག་ཡོད་ཀྱིས། །མི་དགེ་སྤང་ཞིང་དགེ་ཆོས་རྒྱ་མཚོ་སྒྲུབས། །ཅེས་པས། བླང་དོར་གྱི་ཕན་ཡོན་དང་ཉེས་དམིགས་རྣམས་མ་བརྗེད་པའི་དྲན་པ་དང་། རང་གི་སྒོ་གསུམ་ལ་དགེ་བ་དང་། མི་དགེ་བ་ཇི་ལྟར་བྱུང་བརྟགས་ཤིང་མི་དགེ་བ་འདོར། དགེ་བ་ལ་འཇུག་པ་ནི་ཤེས་བཞིན་ཏེ། སྤྱོད་འཇུག་ལས། སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབ་ཀྱང་སྲུང་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ཅེས་སོ། བདག་གམ་ཆོས་ཀྱི་དབང་དུ་བྱས་ནས་ཉེས་པ་ལ་འཛེམ་པའི་ངོ་ཚ་ཤེས་པ་དང་། གཞན་གྱིས་འཕྱ་ཞིང་སྨད་པར་དོགས་ནས་མི་དགེ་བ་བསྲུང་བ། ཁྲེལ་ཡོད་དང་། ཉེས་སྤྱོད་རྣམ་སྨིན་ལ་འཇིགས་ནས་ཐར་པའི་དགེ་བ་ལ་འབད་པ་ནི་བག་ཡོད་པ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པར་ཡང་གསུངས་སྟེ། བཤེས་སྤྲིང་ལས། བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་པ། །འཆི་བའི་གནས་སུ་ཐུབ་པས་བཀའ་སྩལ་ཏེ། །དེ་བས་ཁྱོད་ཀྱིས་དགེ་ཆོས་སྤེལ་སླད་དུ། །གུས་པས་རྟག་ཏུ་བག་དང་བཅས་པར་མཛོད། །ཅེས་སོ། །དེའང་གནས་སྐབས་ཐམས་ཅད་དུ་རང་གི་སེམས་ལ་བརྟག་ཅིང་རྣམ་པར་གཡེང་བ་དོན་མེད་པའི་དབང་དུ་མ་སོང་བར་བྱ་ཞིང་དབེན་པར་གནས་ནའང་བསམ་གཏན་ལ་སོགས་དོན་དམ་པའི་དགེ་བ་ལ་འཇུག་པར་བྱ་ཞིང་བརྩམ་པ་དེ་ཉིད་མཐར་ཕྱིན་པའི་ཐབས་ལས་གཞན་གྱིས་བར་མ་ཆོད་པར་བྱ་དགོས་ཏེ། ཙ་ན་ཀར། སྔ་མ་མ་ཚར་གཞན་བསྒྲུབ་ན། །གཉིས་ཀ་མི་འགྲུབ་ངལ་བའི་གནས། །རྐང་པ་ཡ་གཅིག་མ་ཚུགས་པར། །ཡ་གཅིག་བཏེགས་ན་འགྱེལ་བའི་རྒྱུ། །ཞེས་དང་། སྤྱོད་འཇུག་ལས། ཆུང་ངུའི་ཕྱིར་ན་ཆེ་མི་བཏང་། །གཙོ་ཆེར་གཞན་གྱི་དོན་བསམ་མོ། །ཞེས་དང་། སྡོམ་གསུམ་རྣམ་ངེས་ལས། འགྲོ་འདུག་ཟ་ཉལ་སྤྱོད་ལམ་རྣམ་པ་བཞི། །སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་སྡེ་ལྟར། །གང་བྱེད་རིགས་མཐུན་ཚིག་གིས་སྨོན་ལམ་འདེབས། །ཅེས་པས། སྤྱོད་ལམ་ཐམས་ཅད་དུ་དྲན་ཤེས་མ་ཉམས་པས། འགྲོ་བའི་ཚེ་གཉའ་ཤིང་གང་ཙམ་དུ་བལྟ་ཞིང་། གཞན་དང་འཕྲད་ན་འཛུམ་པའི་མདངས་ཀྱིས་ལེགས་པར་འོངས་སོ་ཞེས་བརྗོད་པ་ལ་སོགས་ཏེ་ཡིད་དགའ་བར་བྱ། འདུག་པའི་ཚེ་སྐྱིལ་ཀྲུང་དྲང་པོར་བསྲངས་ཏེ་ཐོས་བསམ་བསྒོམ་པའི་བྱ་བ་སྒྲུབས། མཚན་མོ་ཉལ་བའི་ཚེ་གཞོགས་གཡས་པ་ཕབ་ལ་མགོ་བྱང་དུ་བསྟན་ནས་མ་ཡེངས་པར་ཉལ། གཉིད་ལས་ལྡང་བའི་ཚེ་དཀོན་མཆོག་གསུམ་དང་བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པ་དང་། རྨི་ལམ་དུ་སྡིག་པ་མཐོང་ན་མྱུར་དུ་བཤགས་ཅིང་། དགེ་ན་རྗེས་སུ་ཡི་རང་བྱ་དགོས་ཏེ། ཉིན་མཚན་གཉིས་ཀའི་སྣང་བ་སེམས་ཀྱི་བག་ཆགས་སུ་མཚུངས་པའི་ཕྱིར། ཡུམ་བར་མ་ལས། ཕ་རོལ་ཏུ་ཕྱིན་པ་ཉིན་པར་རྣམ་པར་བསྒོམ་པས་འཕེལ་བ་ཞིག་ན། རྨི་ལམ་དུ་རྣམ་པར་བསྒོམས་པས་ཀྱང་འཕེལ་བར་འགྱུར་ཏེ། རྨི་ལམ་དང་ཉིན་པར་ལ་ཁྱད་མེད་པའི་ཕྱིར་རོ། ཞེས་སོ། ཁ་ཟས་ལ་འཇུག་པ་ན་ཡང་དཀོན་མཆོག་གསུམ་རྗེས་སུ་དྲན་པས། ཟས་ཆ་བཞིར་བྱས་པའི་ཆ་གཅིག་དེ་ལ་དབུལ། ཆ་གཅིག་གློ་བུར་དུ་འོང་བ་ལ་སྟེར་བའི་ཕྱིར་བཞགགཅིག་འཕྲོག་མའི་བུ་ལ་སོགས་པར་གཏོར་མ་སྦྱིན། གཅིག་རང་གིས་བཟའ་འོ། ཡང་ན་སྤྱོད་བསྡུས་ལས། ཟས་ལ་ཆ་བཞིར་བགོ་བྱ་སྟེ། །དང་པོ་ལྷ་ལ་བཤོས་གཙང་དབུལ། །དེ་རྗེས་ཆོས་སྐྱོངས་སྲུང་མ་ལ། །གཏོར་མ་ཤིན་ཏུ་རྒྱ་ཆེར་བཏང་། །རང་གིས་ཟོས་ཤིང་འཐུང་པ་ཡི། །ལྷག་མ་འབྱུང་པོ་ཀུན་ལ་སྦྱིན། །ཞེས་སོ། བཟའ་བའི་ཚེ་ཡང་མདོ་སྔགས་ཀྱི་ལུགས་གང་མོས་བཞིན་གྱི་ལོངས་སྤྱད་ལ་ཟས་ཀྱི་བསྔོ་བ་བྱ། དེའང་ལུས་ཀྱི་ཆ་བཞིའི་ཆ་གཅིག་སྟོང་པ། ཆ་གཉིས་ཟས། ཆ་གཅིག་སྐོམ་དུ་བྱ་བར་ཡན་ལག་བརྒྱད་པ་ལས། ལྟོ་བའི་ཆ་གཉིས་ཟས་ཀྱི་སྟེ། ཆ་གཅིག་སྐོམ་གྱི་ཡིན་པར་བཞེད། །རླུང་ལ་སོགས་པའི་གནས་དག་ཏུ། །ཆ་བཞི་པ་ནི་ཡང་དག་བཞག །ཅེས་པ་ལྟར་རོ། གཞན་ཡང་ཕལ་པོ་ཆེ་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་སྡེ་ལས་ཇི་སྐད་གསུངས་པ་ལྟར་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཁང་བུའི་ནང་དུ་འཇུག་པའི་ཚེ་སེམས་ཅན་ཐམས་ཅད་ཀྱིས་ཐར་པའི་གྲོང་ཁྱེར་ཐོབ་པར་གྱུར་ཅིག་སྙམས་དུ་སེམས་བསྐྱེད་དོ། ཉལ་བའི་ཚེ་སངས་རྒྱས་ཆོས་ཀྱི་སྐུ་ཐོབ་པར། རྨི་ལམ་རྨིས་པ་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རྟོགས་པར། གཉིད་སད་པ་ན་མ་རིག་པ་ལས་སད་པར་ལྡང་བ་ན་སངས་རྒྱས་ཀྱི་སྐུ་ཐོབ་པར། གོས་གྱོན་པ་ན་ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་གྱོན་པར། སྐ་རགས་བཅིངས་བ་ན་དགེ་བའི་རྩ་བ་དང་འབྲེལ་བར། བསྟན་ལ་འདུག་པ་ན་རྡོ་རྗེའི་གདན་ཐོབ་པར། རྒྱབ་བརྟེན་པ་ན་བྱང་ཆུབ་ཀྱི་ཤིང་ཐོབ་པར། མེ་གཏོང་བ་ན་ཉོན་མོངས་པའི་བུད་ཤིང་བསྲེག་པར། འབར་བ་ན་ཡེ་ཤེས་ཀྱི་མེ་འབར་བར། གཡོས་ཟིན་པ་ན་ཡེ་ཤེས་ཀྱི་བདུད་རྩི་ཐོབ་པར། ཁ་ཟས་བཟའ་བ་ན་བསམ་གཏན་གྱི་ཟས་ཐོབ་པར། ཕྱིར་འགྲོ་བ་ན་འཁོར་བའི་གྲོང་ལས་ཐར་བར། སྐས་ལས་བབས་པ་ན་སེམས་ཅན་གྱི་དོན་ལ་འཁོར་བར་འཇུག་པར། སྒོ་འབྱེད་པ་ན་ཐར་པའི་གྲོང་གི་སྒོ་འབྱེད་པར། སྒོ་གཅོད་པ་ན་ངན་སོང་གི་སྒོ་གཅོད་པར། ལམ་དུ་འཇུག་པ་ན་འཕགས་པའི་ལམ་དུ་འཇུག་པར། གྱེན་དུ་འགྲོ་བ་ན་སེམས་ཅན་ཐམས་ཅད་མཐོ་རིས་ཀྱི་བདེ་བ་ལ་འགོད་པར། འཐུར་ལ་འབབ་པ་ན་ངན་སོང་གསུམ་རྒྱུན་གཅོད་པར། སེམས་ཅན་དང་འཕྲད་པ་ན་སངས་རྒྱས་དང་མཇལ་བར། རྐང་པ་འཇོག་པ་ན་སེམས་ཅན་ཐམས་ཅད་ཀྱི་དོན་ལ་འགྲོ་བར། རྐང་པ་འདེག་པ་ན་འཁོར་བ་ནས་འདོན་པར། རྒྱན་དང་ལྡན་པ་མཐོང་ན་མཚན་དཔེའི་རྒྱན་ཐོབ་པར། རྒྱན་མེད་པ་མཐོང་ན་སྦྱངས་པའི་ཡོན་ཏན་དང་ལྡན་པར། སྣོད་གང་བ་མཐོང་ན་ཡོན་ཏན་གྱིས་གང་བར། སྟོང་པ་མཐོང་ན་སྐྱོན་གྱིས་སྟོངས་པར། སེམས་ཅན་དགའ་བ་མཐོང་ན་ཆོས་ལ་དགའ་བར། མི་དགའ་བ་མཐོང་ན་འདུས་བྱས་ཀྱི་དངོས་པོ་ལ་མི་དགའ་བར། སེམས་ཅན་བདེ་བ་མཐོང་ན་སངས་རྒྱས་ཀྱི་བདེ་བ་ཐོབ་པར། སྡུག་བསྔལ་མཐོང་ན་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་ཞི་བར། ནད་པ་མཐོང་ན་ནད་ལས་གྲོལ་བར། དྲིན་དུ་བཟོ་བ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དྲིན་ལན་ལྡོན་པར། དྲིན་དུ་མི་བཟོ་བར་མཐོང་ན་ལྟ་བ་ལོག་པ་ལ་དྲིན་དུ་མི་བཟོ་བར། རྒོལ་བ་མཐོང་ན་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་ནུས་པར། བསྟོད་པ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟོད་པར། ཆོས་ཀྱི་གཏམ་བྱེད་པ་མཐོང་ན་སངས་རྒྱས་ཀྱི་སྤོབས་པ་ཐོབ་པར། སྐུ་གཟུགས་མཐོང་ན་སངས་རྒྱས་ཐམས་ཅད་མཐོང་བ་ལ་སྒྲིབ་པ་མེད་པར། མཆོད་རྟེན་མཐོང་ན་འགྲོ་བ་ཐམས་ཅད་ཀྱི་མཆོད་རྟེན་དུ་འགྱུར་བར། ཚོང་བྱེད་པ་མཐོང་ན་འཕགས་པའི་ནོར་བདུན་ཐོབ་པར། ཕྱག་འཚལ་བ་མཐོང་ན་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྤྱི་གཙུག་བལྟར་མི་མངོན་པ་ཐོབ་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་པར་བྱའོ། ཞེས་སོ། །བཞི་པ་བསྲུང་བའི་ཚུལ་ཁྲིམས་མདོར་བསྡུས་བསྟན་པ་ལ། དཀོན་མཆོག་བརྩེགས་པ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི། རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་རྣམས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་སྒྲུབ་པའི་ཚུལ་ཁྲིམས་སོ། །ཞེས་སོ། དེ་གསུམ་ངོ་བོ་གཅིག་ལས་ལྡོག་པས་ཕྱེ་བའོ། དང་པོ་ཉེས་སྤྱོད་སྡོམས་པའི་ཚུལ་ཁྲིམས་ནི། །ནམ་མཁའི་སྙིང་པོའི་མདོ་ལས་གསུངས་པའི་དོན་བསླབ་བཏུས་སུ་རྩ་ལྟུང་བཅུ་དགུ་བསྟན་ཏེ། རྒྱལ་པོ་ལ་འབྱུང་ཉེ་བ་ལྔ་དང་། བློན་པོ་ལ་འབྱུང་ཉེ་བ་ལྔ། ལས་དང་པོ་པ་ལ་འབྱུང་ཉེ་བ་བརྒྱད། ཐུན་མོངས་དུ་སྨོན་སེམས་བཏང་བའོ། ལྟུང་བ་དེ་དག་འབྱུང་བའི་རྟེན་བྱང་སེམས་ཀྱི་སྡོམ་ལྡན་ལའོ། སྨྱོ་བ་དང་སེམས་འཁྲུགས་པ་དང་ཚོར་བས་གཟིར་བ་སོགས་ལ་རྩ་ལྟུང་གང་ཡང་མི་འབྱུང་བར་བཤད་ཏེ་བླང་དོར་གྱི་གནས་ལས་ལྡོག་པའི་ཕྱིར་རོ། རྒྱལ་པོ་ལ་ངེས་པ་ལྔ་ནི། བསླབ་བཏུས་ལས། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ཀྱི་སྤོང་བྱེད་པ། །གཉིས་པར་རྒྱལ་བས་གསུངས་པ་ཡིན། །ཚུལ་ཁྲིམས་འཆལ་བའི་དགེ་སློང་ལའང་། །ངུར་སྨྲིག་ཕྲོག་དང་བརྡེག་པ་དང་། །བརྩོན་རར་གཞུག་པར་བྱེད་པ་དང་། །རབ་ཏུ་བྱུང་ལས་འབེབས་པ་དང་། །སྲོག་འབྲལ་བྱེད་པ་གསུམ་པ་ཡིན། །མཚམས་མེད་ལྔ་པོ་བྱེད་པ་དང་། །ལོག་པར་ལྟ་བ་འཛིན་པ་དང་། །དཀོན་མཆོག་གསུམ་གྱི་དཀོར་རྐུ་བ་དང་འཕྲོག་པ་དམ་པའི་ཆོས་སྤོང་བ་དང་སྤོང་དུ་འཇུག་པ། ཚུལ་ཁྲིམས་འཆལ་མ་འཆལ་གང་ཡང་རུང་བའི་དགེ་སློང་ལ་ངུར་སྨྲིག་གིས་གོས་འཕྲོག་པ། བརྡེག་པ་བརྩོན་དུ་འཇུག་པ། ཁྱིམ་པར་འབེབས་པ། གསོད་པར་བྱེད་པ། ཕ་མ་དགྲ་བཅོམ་གསུམ་གསོད་པ། དགེ་འདུན་གྱི་དབྱེན། སངས་རྒྱས་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་སྟེ་མཚམས་མེད་ལྔ། ལས་རྒྱུ་འབྲས་མེད་ཅེས་ལོག་ལྟས་མི་དགེ་བཅུའི་ལས་གང་ཡང་བྱེད་པ་སྟེ། རྒྱལ་པོ་ལ་ལྔ། བློན་པོ་ལ་གོང་གི་བཞི་པོ་དང་། ལོག་ལྟ་འཛིན་པའི་ཚབ་ལ། གྲོང་ལ་སོགས་པ་འཇིགས་པ་ཡང་། །རྩ་བའི་ལྟུང་བར་རྒྱལ་བས་གསུངས། ཞེས་གྲོང་ནི་ཁྱིམ་གཅིག་པ་ལ་སོགས་པ་དང་། ལྗོངས་ནི་མི་རིགས་བཞི་གནས་པའི་ཕྱོགས་དང་། གྲོང་ཁྱེར་ནི་བཟོ་སྣ་བཅོ་བརྒྱད་ཡོད་པའི་གནས་དང་། གྲོང་བརྡལ་ནི་ཚོང་པ་མང་པོ་འདུ་བའི་གནས་དང་། ཡུལ་འཁོར་ནི་ཙམ་པ་ཀ་སོགས་ཡུལ་ཆེན་པོ་རྣམས་ལ་གང་ཡང་རུང་བ་ཞེ་སྡང་གི་མེ་ལ་སོགས་པས་འཇོམས་པར་བྱེད་པའོ། དེ་ལྟར་བློན་པོ་ལ་ངེས་པ་ལྔ་དང་། ཕལ་པ་ལ་ངེས་པ་བརྒྱད་ནི། དང་པོ་རིམ་གྱིས་ཐེག་ཆེན་ལ་བློ་མ་སྦྱངས་པར་སྟོང་པ་ཉིད་བསྟན་པས་སྐྲག་ནས་དེའི་བྱང་སེམས་ཉམས་པར་བྱེད་པ་དང་། གཉིས་པ་རྫོགས་བྱང་སྒྲུབ་པའི་བསམ་སྦྱོར་ལ་ཞུགས་པ་ལས་ཕྱིར་ཟློག་པར་བྱེད་པ་དང་། གསུམ་པ་ཉན་ཐོས་ཀྱི་རིགས་ཅན་སོ་སོ་ཐར་པ་ལས་སློབ་པ་དག་ལ་དགོས་པ་ཁྱད་པར་ཅན་མེད་པར་དེ་སྤངས་ནས་ཐེག་ཆེན་ལ་སྦྱོར་བ་དང་། བཞི་པ་ཉན་ཐོས་ཀྱི་ཐེག་པས་ཉོན་མོངས་སྤོངས་མི་ནུས་པར་རང་ཉིད་འཛིན་ཅིང་གཞན་ཡང་འཛིན་དུ་བཅུག་ནས་དེའི་བཤད་ཉན་འགོག་པ་དང་། ལྔ་པ་རྙེད་བཀུར་གྱི་ཕྱིར་བརྙེད་བཀུར་ཅན། གཞན་ལ་ཕྲག་དོག་གིས་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་དང་། དྲུག་པ་སྟོང་ཉིད་མ་རྟོག་ཀྱང་རྟོགས་སོ་ཞེས་མི་ཆོས་བླ་མའི་རྫུན་སྨྲས་པ་དང་། བདུན་པ་དགེ་སྦྱོངས་དང་རྒྱལ་རིགས་ཕྱེ་ནས་དགེ་སྦྱོངས་ལ་ནོར་གྱི་ཆད་པ་གཅོད་དུ་འཇུག་པ་དང་འབྲེལ་བའི་ལྟུང་བ་དང་། བརྒྱད་པ་ཆོས་ལྡན་གྱི་དགེ་སྦྱོང་ལ་གནོད་པའི་ཁྲིམས་ངན་བཅས་ཏེ་ཞི་གནས་ཀྱིས་མཚོན་པའི་རྣལ་འབྱོར་འདོར་བར་བྱེད་པ་དང་། དགེ་སློང་ཡང་དག་འཇོག་གི་ནོར་འཕྲོགས་ཏེ་ཁ་ཏོན་པ་ལ་སྟེར་བ་རྣམས་ཏེ། བློ་སྦྱངས་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང་། །སངས་རྒྱས་ཉིད་ལ་ཞུགས་པ་དག །རྫོགས་པའི་བྱང་ཆུབ་ལྡོག་པ་དང་། །སོ་སོར་ཐར་པ་ཡོངས་སྤངས་ཏེ། །ཐེག་པ་ཆེ་ལ་སྦྱོར་བ་དང་། སློབ་པའི་ཐེག་པས་ཆགས་ལ་སོགས། །སྤོང་བར་གྱུར་པ་མིན་ཞེས་འཛིན། ཕ་རོལ་དག་ཀྱང་འཛིན་འཇུག་དང་། །རང་གི་ཡོན་ཏན་བརྗོད་པ་དང་། །རྙེད་པ་དང་ནི་བཀུར་སྟི་དང་། །ཚིག་བཤད་རྒྱུ་ཡིས་གཞན་སྨོད་དང་། །བདག་ནི་ཟབ་མོ་བཟོད་པའོ་ཞེས། །ལོག་པ་ཉིད་ནི་སྨྲ་བ་དང་། །དགེ་སྦྱོང་ཆད་པས་གཅོད་འཇུག་དང་། །དཀོན་མཆོག་གསུམ་གྱི་སྦྱིན་བྱེད་དང་། །སྦྱིན་པ་ལེན་པར་བྱེད་པ་དང་། །ཞི་གནས་འདོར་བར་བྱེད་པ་དང་། །ཡང་དག་འཇོག་པའི་ལོངས་སྤྱོད་རྣམས། །ཁ་བཏོན་བྱེད་ལ་སྦྱིན་པ་རྣམས། །དེ་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །ཞེས་པའི་བར་གྱིས་བསྟན་པ་རྣམས་སོ། དེ་ལྟར་རྩ་ལྟུང་བཅོ་བརྒྱད་ཀྱི་སྟེང་དུ། ཐེག་པ་དམན་པར་སེམས་བསྐྱེད་པའམ། །སེམས་ཅན་བློས་སྤངས་ན་སྨོན་སེམས་བཏང་བ་དང་བཅུ་དགུ། དཀོན་མཆོག་བརྩེགས་པ་ལས་བཤད་པ་ལྟར་འཇུག་པའི་སེམས་སྤངས་ཏེ་དགེ་བ་ལ་མི་སྦྱོར་བ་དང་ཉི་ཤུ་ཡིིན་ནོ། དེ་དག་ནི་དབང་པོ་རྣོན་པོའི་ཐུན་མོངས་མ་ཡིན་པའི་རྩ་ལྟུང་ཡིན་ལ། དབང་འབྲིང་ཡིན་གྱི་བསླབ་བྱ་ལ་བཞིར་བསྟན་ཏེ། ཐབས་ལ་མཁས་པའི་མདོའི་དོན། བསླབ་བཏུས་ལས། བྱང་ཆུབ་སེམས་ནི་ཡོངས་འདོར་དང་། །ཆགས་དང་སེར་སྣ་མི་ཟད་པས། །སློང་ལ་སྦྱིན་པར་མི་བྱེད་དང་། །སྒྲིམས་ཏེ་དགའ་བ་བྱེད་པ་ན། །སེམས་ཅན་ལ་ནི་མི་བཟོད་པས། །ཁྲོས་པས་སེམས་ཅན་བརྡེག་པ་དང་། །ཉོན་མོངས་པ་དང་གནས་མཐུན་པས། །ཆོས་ལྟར་བཅོས་པ་སྟོན་པའོ། །ཞེས་སོ། དབང་བརྟུལ་ལ་བསླབ་བྱ་གཅིག་ཏུ་བསྟན་པ་ནི། སྨོན་སེམས་མི་འདོར་བ་ལ་བསླབ་པ་ཡིན་ལ་འདི་ནི་བྱང་སེམས་དབང་པོ་རྣོ་བརྟུལ་འབྲིང་གསུམ་མཐའ་དག་གིས་ངེས་པར་སློབ་དགོས་པའི་བསླབ་བྱ་སྟེ། གཞན་དོན་དུ་རྫོགས་བྱང་དོན་གཉེར་གྱི་སྨོན་སེམས་ཉམས་ན། བྱང་སྡོམ་ཉམས་བྱེད་ཀྱི་རྩ་ལྟུང་ཤིན་ཏུ་ལྕི་བ་ཡིན་ནོ། དེའང་དབང་པོའི་ཁྱད་པར་གྱི་བྱང་སེམས་ཀྱི་བསླབ་བྱ་ལ་མང་ཉུང་སོ་སོར་སྟོན་པ་ཇི་ལྟར་སྙམ་ན། བསླབ་བཏུས་ལས། བསླབ་པ་གཅིག་བསྒྲུབ་པ་ན་བསླབ་པ་གཞན་བསྲུང་མ་ནུས་ཀྱང་ལྟུང་བར་མི་འགྱུར་སྟེ། ཞེས་དང་། སྡོམ་པ་བདག་ཉིད་ཀྱི་སྟོབས་དང་། ཡང་སྦྱར་ཏེ་བླངས་ནས་སྡོམ་པ་བཟུང་བར་བྱའོ། ཞེས་དང་། བཤད་མ་ཐག་པ་དེ་རྣམས་རྩ་བའི་ལྟུང་བ་རྟེན་གྱི་སྒོ་ནས་བཅོ་བརྒྱད་སྨོན་འཇུག་ཉི་ཤུར་ཕྱེ་ཡང་། རྒྱལ་བློན་གྱི་བཞི་པོ་འདྲ་བས་རྫས་ཀྱི་སྒོ་ནས་རྣམ་གྲངས་བཅུ་བཞིའོ། ཡན་ལག་གི་ལྟུང་བ་ཉེས་བྱས་བརྒྱད་ཅུ་སྟེ། བསླབ་བཏུས་ལས་བཤད་པའི་བདེ་སྡུག་ཡལ་བར་འདོར་བ་ཉི་ཤུ་རྩ་བཞི། སྒྲུབ་པ་ཡལ་བར་འདོར་བ་བཅུ་དྲུགདེ་དག་ལས་ཕྱེ་བས་བརྒྱད་ཅུའོ། །ཡན་ལག་གི་ལྟུང་བ་གཞན་ཡང་། རྩ་བར་མ་གཏོགས་པའི་ལུས་ངག་ཡིད་ཀྱི་དགག་སྒྲུབ་བསླབ་བྱ་ལས་ཉམས་པ་སྟེ། དོན་མེད་རྒྱུག་མཆོང་ལ་སོགས་པ་དང་། བྲེ་མོའི་གཏམ་སོགས་དང་ཆགས་སྡང་མི་སྤོང་བ་སོགས་དགག་པའི་བསླབ་བྱ་ལས་ཉམས་པ་དང་། མིག་ཕབ་སྟེ་བལྟ་བར་བྱ་བ་ལ་སོགས་པ་དང་། ལེགས་པར་འོངས་སོ་ཞེས་བྱ་བ་ལ་སོགས་པ་དང་། བྱམས་སྙིང་རྗེ་སྒོམ་ཞིང་དྲན་དང་ཤེས་བཞིན་བག་ཡོད་བསྟེན་པ་སོགས། སྒྲུབ་པའི་བསླབ་བྱ་ལས་ཉམས་པ་རྣམས་སོ། །དེ་དག་རྣམས་ནི་ནམ་མཁའི་སྙིང་པོའི་མདོ་དང་གསང་ཆེན་ཐབས་ལ་མཁས་པའི་མདོའི་རྗེས་སུ་འབྲང་བ་ཀླུ་སྒྲུབ་ལུགས། ཞི་བ་ལྷས་བསླབ་བཏུས་སུ་ཕྱེ་བ་ལྟར་རོ། །སློབ་དཔོན་ཐོགས་མེད་ཀྱི་ལུགས་ལ་སྨོན་འཇུག་གི་བསླབ་བྱ་གཉིས་ལས། དང་པོ་སྨོན་པའི་ནི། མངའ་རིས་པཎ་ཆེན་གྱི་སྡོམ་གསུམ་རྣམ་ངེས་སུ། ཐོགས་མེད་ལུགས་ཀྱི་སྨོན་པའི་བསླབ་བྱ་ལ། །སེམས་ཅན་བློས་མི་གཏོང་དང་ཕན་ཡོན་དྲན། །ཚོགས་བསགས་བྱང་སེམས་སྦྱང་ལ་བརྩོན་པ་དང་། །དཀར་ནག་ཆོས་བརྒྱད་བླང་དོར་སྨོན་པའི་ཡིན། །ཞེས་རང་ལ་སེམས་ཅན་གང་ཡང་རུང་བས་གནོད་པ་བྱས་པའམ་མ་བྱས་ཀྱང་སེམས་ཅན་དེ་ལ་ཕན་མི་གདག་དེ་ལ་གནོད་པ་ལས་མི་སྐྱོབ་སྙམ་པ་ནི་སེམས་ཅན་བློས་སྤང་བ་ཡིན་པས། གཞན་གྱི་རང་ལ་གནོད་ལེན་དུ་ཕར་ཕན་པ་སྒྲུབ་དགོས། རྟག་ཏུ་བྱང་ཆུབ་སེམས་ཀྱི་ཕན་ཡོན་དྲན་པར་བྱ། །དགེ་བའི་འདུན་པ་སྔོན་དུ་བཏང་ནས་སྦྱིིན་སོགས་བསོད་ནམས་ཀྱི་སྤྱོད་པའི་ཚོགས་དང་། །དེ་ཡང་འཁོར་གསུམ་མི་རྟོག་པའི་ཡེ་ཤེས་ཀྱི་ཚོགས་ཏེ། ཚོགས་གཉིས་ཟུང་འཇུག་ཏུ་སྤྱོད་པར་བྱ་སྟེ། ཚོགས་ཀྱི་གཏམ་ལས། བདག་གི་དེ་རིང་བསོད་ནམས་དང་། །ཡེ་ཤེས་ཚོགས་ནི་གང་བྱ་དང་། །སེམས་ཅན་ཕན་པ་གང་བྱ་ཞེས། །བྱང་ཆུབ་སེམས་དཔས་རྟག་ཏུ་བསམ། །ཞེས་པ་ལྟར་དང་། སྔར་བཤད་པའི་བདག་གཞན་བརྗེ་བ་ལ་བློ་སྦྱང་ངོ་། །དཀར་ནག་ཆོས་བརྒྱད་ལ་བླང་དོར་བྱ་སྟེ། དེ་གང་ཞེ་ན། མཆོད་འོས་བསླུ་དང་འགྱོད་མེད་ལ་འགྱོད་པ་བསྐྱེད། །དམ་པར་སྐུར་འདེབས་འགྲོ་ལ་གཡོ་རྒྱུ་སྤྱོད། །ནག་པོའི་ཆོས་བཞི་སྤང་ཞིང་ལྡོག་པ་ནི། །དཀར་པོའི་ཆོས་བཞི་ཡིན་པས་ཀུན་ཏུ་སྤྱོད། །ཅེས་པ་སྟེ། དཀོན་བརྩེགས་ཀྱི་འོད་སྲུང་གིས་ཞུས་པའི་ལེའུ་ལས། །འོད་སྲུང་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། བླ་མ་དང་མཆོད་པར་འོས་པ་བསླུ་བ་དང་། གཞན་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྡང་སེམས་ཀྱིས་སྐྱོན་ནས་བརྗོད་པ་དང་། སེམས་ཅན་ལ་གཡོ་དང་རྒྱུས་སྤྱོད་པའོ། །ཞེས་སོ། དཀར་པོའི་ཆོས་བཞི་སྒྲུབ་པར་གདམས་པ་ནི། དཀར་པོའི་ཆོས་བཞི་ནི། དམ་པ་བསྟེན་ཞིང་ཡོན་ཏན་བསྔགས་པ་བརྗོད། །སེམས་ཅན་རྣམས་ནི་ཡང་དག་དགེ་ལ་བསྐུལ། །རྒྱལ་སྲས་རྣམས་ལ་སྟོན་པའི་འདུ་ཤེས་བསྐྱེད། །ལྷག་པའི་བསམ་པས་འགྲོ་ལ་ཕན་བདེ་བྱེད། །དཀར་པོའི་ཆོས་རབ་བཞི་པོ་བསྟེན་པར་མཛོད། །ཅེས་པ་སྟེ། རྫུན་སྤངས་པས་ནི། སེམས་ཅན་ལ་ཕན་བདེའི་གཞིར་གྱུར་པ་དང་། །བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་པ་ནི། ལམ་གྱི་གྲོགས་ཁྱད་པར་ཅན་དུ་འགྱུར་བ་དང་། གཡོ་སྒྱུ་མེད་པར་ལྷག་པའི་བསམ་པས་གནས་པ་ནི་དམ་པ་བསྟེན་ཞིང་བསྔགས་པ་བརྗོད་པས་མཚོན་ཏེ། དགེ་བ་མཐའ་དག་གི་རྗེས་སུ་ཕྱོགས་པ་དང་། སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ལ་འགོད་པ་ནི་དགེ་བ་ཁྱད་པར་ཅན་བྱང་ཆུབ་ཀྱི་སེམས་དང་པོ་བསྐྱེད་པ་ལ་བསྐུལ་བ་སྟེ། དེ་ཉིད་ལས། འོད་སྲུང་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་མི་འགྱུར་ཏེ། བཞི་གང་ཞེ་ན། ཤེས་བཞིན་དུ་བརྫུན་མི་སྨྲ་བ་དང་། བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་པ་དང་། སེམས་ཅན་ལ་གཡོ་སྒྱུ་མེད་པར་ལྷག་པའི་བསམ་པས་གནས་པ་དང་། སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ལ་ཡང་དག་པར་འགོད་པའོ། ཞེས་གསུངས་པའོ། གཉིས་པ་འཇུག་པའི་བསླབ་བྱ་ནི། སྡོམ་གསུམ་རྣམ་ངེས་ལས། རྙེད་བཀུར་ལྷག་ཞེན་བདག་བསྟོད་གཞན་སྨོད་དང་། །སེར་སྣས་ཟང་ཟིང་ཆོས་དང་ནོར་མི་སྟེར། །ཁྲོ་བས་གཞན་འཚེ་ཤད་སྦྱང་གིས་མི་ལྡོག །གཡོམ་ལས་ཆོས་ལྟར་བཅོས་མོས་བསྟེན་པ་བཞི། རྩ་ལྟུང་བཞི་སྟེ་འཇུག་པའི་བསླབ་བྱའོ། །ཞེས་པ་ལ། རྙེད་པ་ཡོན་འབུལ་ལམ་བཀུར་སྟི་གདན་སྟོབས་སོགས་ལ་ལྷག་པར་ཆགས་ཞེན་ཀུན་དཀྲིས་ཆེན་པོས་རྙེད་བཀུར་ཐོབ་ཕྱིར། བདག་ལ་བསྟོད་པ། གཞན་རྙེད་བཀུར་ཅན་སྨོད་པ་ཕ་རོལ་པོ་གང་རུང་གིས་གོ་ན་ཉན་ཐོས་ཀྱི་དགེ་སློང་ལ་ཕམ་པ་ལྕི་བ་དང་འདྲ་བར་བྱང་སེམས་ཀྱི་ཕམ་པའི་གནས་ལྟ་བུའི་ལྟུང་བ་དང་པོ། སྡུག་བསྔལ་བ་དང་བཀྲེས་ཕོངས་ལ་སེར་སྣའི་ཀུན་དཀྲིས་ཆེན་པོས་སྦྱིན་པ་མི་གཏོང་བ་དང་། སྣོད་དུ་གྱུར་པ་ལ་དམ་ཆོས་མི་སྦྱིིན་པ་ནི་གཉིས་པ། གཞན་གྱིས་ཉེས་བྱས་ཤད་ཀྱིས་སྦྱངས་ཀྱང་འཁོན་ཞེ་ལ་བཟུང་བའི་ཀུན་དཀྲིས་ཆེན་པོ་འམ། གཞན་ལ་ཁྲོ་བ་དང་ཚིག་རྩུབ་སྨྲས་པས་མི་ཚིམ་པར་བརྡེག་ཅིང་འཚེགས་པས་འཚེ་བར་བྱེད་པ། གསུམ་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་བཀའ་མ་ཡིན་ཞེས་བཀུར་འདེབས་བྱེད་པ་ནི་གཏི་མུག་གི་ཀུན་དཀྲིས་ཆེན་པོས་དམ་པའི་ཆོས་སྤོང་བའམ། རང་ངམ་གཞན་དག་གིས་གཡོམ་ལས་ཆོས་ལྟར་བཅོས་པ་ལ་མོས་ནས་དམ་པའི་ཆོས་མ་ཡིན་པ་ཆོས་སུ་བཅོས་ཏེ་སྟོན་པར་བྱེད་པ་བཞི་པའོ། དེ་དག་འདོད་ཆགས་དང་། སེར་སྣ་དང་། ཞེ་སྡང་དང་། གཏི་མུག་ལས་གྱུར་པ་བསམ་པའི་སྒོ་ནས་རྩ་ལྟུང་བཞི་ཡིན་ནའང་སྦྱོར་བའི་སྒོ་ནས་བཞི་པོ་རེ་རེ་ལ་གཉིས་སུ་ཕྱེ་བས་བརྒྱད་ཡིན་པ་ཇོ་བོ་རྗེས་བཞེད། །རྩ་ལྟུང་བཞི་པོ་འདི་དག་མདོ་སྡེ་རྣམས་སུ་འཐོར་ནས་བཞུགས་པ་འཕགས་པ་ཐོག་མེད་ཀྱིས་བྱང་སར་བསྡུས་པའོ། ཉེས་བྱས་ཕྲ་བ་ཞེ་དྲུག་ནི་སྡོམས་པ་ཉི་ཤུ་པ་ལས་གསུངས་པ། དགེ་བ་ཆོས་སྡུད་དང་འགལ་བ་སོ་བཞི་ལ། །སྦྱིན་པ་དང་འགལ་བ་བདུན། །ཚུལ་ཁྲིམས་དང་འགལ་བ་དགུ། །བཟོད་པ་དང་འགལ་བ་བཞི། །བརྩོན་འགྲུས་དང་འགལ་བ་གསུམ། །བསམ་གཏན་དང་འགལ་བ་གསུམ། །ཤེས་རབ་དང་འགལ་བ་བརྒྱད་དེ་སྡེ་ཚན་དྲུག་གོ། སེམས་ཅན་དོན་བྱེད་དང་འགལ་བ་བཅུ་གཉིས་ལ། །གཞན་དོན་ལ་ཉམས་པའི་ཉེས་པ་བཞི། གཞན་ལ་ཕན་མི་འདོག་པའི་ཉེས་པ་དྲུགངན་པ་ཚར་མི་གཅོད་པའི་ཉེས་པ་གཉིས་སོ། །དེ་རྣམས་གཞུང་དུ་བལྟའོ། །གཉིས་པ། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ལ། བྱང་སེམས་ཀྱི་སྒྲུབ་ཆོས་ཐམས་ཅད་བསླབ་པ་གསུམ་དུ་འདུ་བས། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་དགེ་བ་མཐའ་དག་བསྒྲུབ་པའི་སེམས་པ་མཚུངས་ལྡན་དང་བཅས་པ། རང་རང་གི་མི་མཐུན་ཕྱོགས་དང་བྲལ་བ་འཁོར་གསུམ་རྣམ་དག་གི་ཤེས་རབ་ཀྱིས་ཟིན་པ། བྱེད་ལས་གཞན་གྱི་འདོད་དོན་རྟོགས་པར་བྱེད་པ། དེ་ལྟར་བྱས་ནས་ཆོས་བསྟན་པས་སོ་སོའི་རྒྱུད་སྐལ་དང་མཚམས་པའི་བྱང་ཆུབ་གསུམ་ལ་སྨིན་པར་བྱེད་པ་ནི་ཁྱད་ཆོས་བཞི་ལྡན་ནོ། །ཚེ་འདིར་རང་གི་ཟས་གོས་དང་ཕུན་ཚོགས་སྒྲུབ་པའི་ཆེད་དུ་སྦྱིན་པ་བྱེད་པ་ནི་ཚོང་བྱེད་པ་དང་མཚུངས་ཏེ་ལན་ལ་རེ་བའི་སྦྱིན་པ་དང་། སྐྱེ་བ་ཕྱི་མ་ལྷ་དང་མི་སོགས་མཐོ་རིས་ཀྱི་བདེ་བ་དང་། འབྱོར་པ་རང་ཉིད་ཀྱིས་ཐོབ་པའི་ཆེད་དུ་སྦྱིན་པ་གཏོང་བ་ནི་བུ་ལོན་དང་འདྲ་སྟེ། རྣམ་སྨིན་ལ་རེ་བའི་སྦྱིན་པ་སྟེ་སྦྱིན་པ་ཡང་དག་པ་མ་ཡིན་པས། དེ་ལྟ་བུའི་བསམ་པ་སྤངས་ཏེ། ལན་དང་རྣམ་སྨིན་ལ་མི་རེ་བའི་སྒོ་ནས་སྦྱིན་པ་གཏོང་བ། ཡང་སྲིད་བདེ་འགྲོ་ལ་སྨོན་པ་མེད་པའི་ཚུལ་ཁྲིམས་བསྲུང་བ། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་བཟོད་པ་སྒོམ་པ། དགེ་ཆོས་ཐམས་ཅད་སྡུད་པ་ལ་སྤྲོ་བའི་བརྩོན་འགྲུས། བསམ་གཏན་དང་གཟུགས་མེད་ཀྱི་སྙོམ་འཇུག་གསལ་བའི་བསམ་གཏན། ཐབས་སྙིང་རྗེ་ཆེན་པོ་དང་མ་བྲལ་བའི་ཤེས་རབ་སྒྲུབ་པར་བྱེད་པ་སྟེ། །མདོ་སྡེ་རྒྱན་ལས། རེ་བ་མེད་པའི་སྦྱིན་པ་དང་། །ཡང་སྲིད་མི་འདོད་ཚུལ་ཁྲིམས་དང་། །ཐམས་ཅད་ལ་ནི་བཟོད་པ་དང་། །ཡོན་ཏན་ཀུན་སྡུད་བརྩོན་འགྲུས་དང་། །དེ་བཞིན་བསམ་གཏན་གཟུགས་མེད་མིན། །ཤེས་རབས་ཐབས་དང་ལྡན་པ་ཡིས། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །བརྟན་པ་རྣམས་ཀྱིས་ཡང་དག་སྦྱོར། །ཞེས་པའོ། དེའང་སྦྱིན་པ་ནི་གསུམ་སྟེ། དང་པོ་ཆུང་ངུ་ནས་རིམ་གྱིས་སྦྱིན་པར་བྱ་བ་ཟས་གོས་རྟ་དང་ཤིང་རྟ་སོགས་ཟང་ཟིང་དངོས་སྟེར་བ་ནི་གཏོང་བ་བུ་དང་ཆུང་མ་སོགས་སྟེར་བ་ནི་གཏོང་བ་ཆེན་པོ། མགོ་དང་མིག་དང་རྐང་ལག་སོགས་བྱ་དཀའ་བའི་གནས་སྟེར་བ་ནི་ཤིན་ཏུ་གཏོང་བ་སྟེ། སྤྱོད་འཇུག་ལས། སྙིང་རྗེའི་བསམ་པ་མ་དག་པས། །ལུས་འདི་བཏང་བར་མི་བྱ་སྟེ། །ཅི་ནས་འདི་དང་གཞན་དོན་དུ། །དོན་ཆེན་འགྲུབ་པའི་རྒྱུར་བཏང་ངོ་། །ཞེས་སོ། དེ་དག་ནི་བྱང་སེམས་ཁྱིམ་པས་སྦྱིན་པ་གཙོ་བོར་བཏོང་བ་རྣམས་དང་། རྒྱལ་སྲིད་བུ་དང་ཆུང་མ་རང་རང་གི་མགོ་ལུས་གཏོང་བ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་སྤྱོད་ཡུལ་ཏེ། ཐབས་ལ་མཁས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་སོགས་འཐོབ་པར་བཤད། དེ་དག་ནི་ཟང་ཟིང་གི་སྦྱིན་པའོ། །ནད་གདོན་ཆོམ་རྐུན་གཅན་གཟན་རྒྱལ་པོ་སོགས་ཀྱི་འཇིག་པ་དང་མཐར་ཐུག་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྐྱོབ་བར་བྱེད་པ་ནི་མི་འཇིགས་པའི་སྦྱིན་པའོ། །ཆོས་ཀྱི་སྣོད་དུ་གྱུར་པ་ལ་སྙིང་རྗེས་གདུལ་བྱའི་སྐལ་པ་དང་མཚམས་པར་ཆོས་སྨྲ་བ་ནི་ཆོས་ཀྱི་སྦྱིན་པ་སྟེ་འོད་སྲུང་གི་མདོ་ལས། དག་ཅིང་ཟང་ཟིང་མེད་པའི་སེམས་ཀྱིས་སུ། ཆོས་ཀྱི་སྦྱིན་བྱེད་རྒྱལ་བས་རབ་ཏུ་བསྔགས། །ཞེས་སོ། བྱང་སེམས་རབ་ཏུ་བྱུང་བ་ལ་སོགས་ཀྱིས་ཆོས་སྦྱིན་གཙོར་བོར་བྱ་བར་བཤད། ཚུལ་ཁྲིམས་ནི་གསུམ་སྟེ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། ཁྱིམ་པའི་ཕྱོགས་ཀྱི་དགེ་བསྙེན་དང་བསྙེན་གནས་ཀྱི་སྡོམ་པ་གཉིས། རབ་ཏུ་བྱུང་བའི་ཕྱོགས་ཀྱི་དགེ་ཚུལ་རབ་བྱུང་བར་མ། དགེ་སློང་སྟེ་ལྔར་རིགས་བསྡུ་བས་ན་དེའི་སྟེང་དུ་སྨོན་འཇུག་གི་སེམས་བསྐྱེད་པ་གཉིས་དང་ལྡན་པ་སྟེ། །མདོ་སྡེའི་རྒྱན་ལས། རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེ་ལྟས་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་སེམས་རྣམས་ལས་མཆོག་ཏུ་བཤད། །ཅེས་སོ། དེའང་སོ་ཐར་རིགས་བདུན་སྔོན་དུ་སོང་མ་སོང་གང་ཡིན་ཀྱང་། །བྱང་སེམས་ཀྱི་སྡོམ་པའི་ལྡོག་པ་གཞན་གནོད་གཞི་བཅས་སྤོང་བའི་ཆ་ནི་སོ་ཐར་དང་གཞན་ལ་ཕན་པ་བསྒྲུབ་པའི་ཕྱིར་ཉེས་སྤྱོད་སྤོང་བའི་ཆ་ནི་བྱང་སྡོམ་མོ། །དགེ་བ་ཆོས་སྡུད་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་ཕ་རོལ་ཕྱིན་དྲུག་གིས་བསྡུས་པའི་དགེ་ཆོས་རང་རྒྱུད་ལ་བསྐྱེད་པ་དང་སྤེལ་བའི་ཕྱིར་མི་དགེ་སྤོངས་སེམས་སོ། །སེམས་ཅན་དོན་བྱེད་ནི། བསམ་སྦྱོར་ཐམས་ཅད་གཞན་ཕན་བསྒྲུབ་པ་ལས་འགལ་བ་གཞི་བཅས་ལས་སྲུང་བའི་སེམས་ཀྱིས་ཐབས་མཁས་ཀྱིས་དངོས་སམ་བརྒྱུད་ནས་ཕན་པ་ཅི་ནུས་སུ་བསྒྲུབ་ཅིང་གཞན་དོན་དུ་ངེས་པར་འགྱུར་ན་རང་གི་སྡོམ་སྡུད་ཀྱི་ཚུལ་ཁྲིམས་དང་འགལ་བ་ལྟར་སྣང་ཡང་དད་དཔོན་སྙིང་རྗེ་ཆེན་པོ་དང་བྲམ་ཟེའི་ཁྱེའུ་སྐར་མ་བཞིན་ནོ། །བཟོད་པ་ནི་གསུམ་སྟེ། ཕུགས་ཀྱི་བདེ་བ་བླ་ན་མེད་པའི་དོན་དུ་འཕྲལ་གྱི་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ནི། བདག་གམ་བདག་ལ་ལྟོས་པ་ལ་ཆོས་སྒྲུབ་པའི་དཀའ་སྤྱད་དང་དུ་ལེན་པ་ཡིན་ནོ། །གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་ནི། ཕ་རོལ་གྱིས་འཚེ་ན། ཁོང་ཁྲོས་དགེ་རྩ་འཇོམས་པའི་ཉེས་དམིགས་ཤེས་པས། སེམས་མི་འཁྲུགས་པ་དང་གནོད་ལེན་དང་འཁོན་ཞེ་ལ་མི་འཛིན་པས། བཟོད་པའི་དཀའ་ཐུབ་ཀྱིས་བསྲན་ཚུགས་པར་བྱ་སྟེ། སྤྱོད་འཇུག་ལས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཞེས་སོ། ཆོས་ལ་ངེས་རྟོག་གི་བཟོད་པ་ནི། སྙིང་རྗེ་ཆེན་པོས་གཞན་དོན་ལ་ངལ་དུབ་ཀྱིས་མི་སྐྱོ་ཞིང་། །ཤེས་རབ་ཟབ་མོས་སྟོང་པ་ཉིད་ཀྱི་དོན་ལ་མི་སྐྲག་པའི་བཟོད་པའོ། །བརྩོན་འགྲུས་ནི། བསམ་པ་ཆེན་པོས་གོ་ཆ་བགོ་བའི་བརྩོན་འགྲུས་ནི། བདུད་བཞིས་མི་ཚུགས་པའི་རྒྱུ་སེམས་ཅན་ཐམས་ཅད་རྫོགས་བྱང་ལ་མ་འཁོད་བར་དུ་བདག་གིས་བརྩོན་པ་མི་འདོར་སྙམ་དུ་ཞེ་དམ་འཆའ་བའོ། །འབྱོར་བ་ལག་ཏུ་ལེན་པའི་བརྩོན་འགྲུས་ནི། ལམ་ལྔ་ས་བཅུ་རྫོགས་པར་བྱེད་པའི་རྒྱུ་སྤང་རྟོགས་ཀྱི་ཡོན་ཏན་འགྲུབ་འགྱུར་ལ་སྤྲོ་བས་སྒོ་གསུམ་གྱི་འབད་བརྩོན་རྩོལ་བས་ཞུགས་ཤིང་དཔའ་མི་ཞུམ་པ་དང་། ཡོན་ཏན་ཅུང་ཟད་ཙམ་གྱིས་ངོམ་པར་མི་འཛིན་པ་དང་། །གཞན་རྐྱེན་གྱིས་མི་ལྡོག་པར་གུས་སྦྱོར་དང་། རྟག་སྦྱོར་གྱི་སྒོ་ནས་བརྩོན་པར་བྱ། སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་ནི། །རང་གཞན་གྱི་དོན་གཉིས་འགྲུབ་པའི་རྒྱུ་སེམས་ཅན་གྱི་དོན་བྱེད་པ་ལ་སྤྲོ་བའི་བརྩོན་འགྲུས་སོ། །དེ་ཡང་མདོ་སྡེའི་རྒྱན་ལས། །རྒྱལ་བའི་སྲས་རྣམས་གོ་ཆ་སྦྱོར་བའི་བདག་ཉིད་བརྩོན་འགྲུས་དཔེ་མེད་བྱས། །རང་དང་གཞན་གྱི་ཉོན་མོངས་ཚོགས་གཞོམ་བྱང་ཆུབ་དམ་པ་ཐོབ་པར་བྱེད། །བརྩོན་འགྲུས་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །བརྩོན་འགྲུས་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞགཅེས་སོ། ༈བསམ་གཏན་ནི། འཇིག་རྟེན་པའི་བསམ་གཏན་ནི། བསམ་གཏན་བཞི་དང་གཟུགས་མེད་བཞིའི་སྙོམ་འཇུག་བརྒྱད་ནི། ཕྱི་རོལ་པ་དང་ཐུན་མོང་དུ་གྱུར་པས། བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་བསམ་གཏན་ནི་ལམ་གྱིས་ཐོབ་པའི་མཐར་གནས་སྙོམ་འཇུག་དགུའམ་ཐེག་གསུམ་སོ་སོའི་བསམ་གཏན་ནོ། །དེ་དག་གི་ས་མཚམས་ནི་ལམ་ལ་མ་ཞུགས་པ་བསམ་གཟུགས་ཀྱི་ཏིང་ངེ་འཛིན་དང་། །ལམ་ཞུགས་ཚོགས་སྦྱོར་གྱི་ཏིང་ངེ་འཛིན་དང་། མཐོང་ལམ་ཡིན་ཆད་འཕགས་པའི་ཏིང་ངེ་འཛིན་རྣམས་ཡིན་པ་ནི། །དེ་ཡང་ལངྐར་གཤེགས་པ་ལས། །བྱིས་པ་ཉེར་སྤྱོད་བསམ་གཏན་དང་། །དོན་རབ་འབྱེད་པའི་བསམ་གཏན་དང་། །དེ་བཞིན་གཤེགས་དགེའི་བསམ་གཏན་ཏེ། །ཞེས་སོ། ཤེས་རབ་ནི། ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་མོ། །མགོན་པོ་ཀླུ་སྒྲུབ་ཀྱིས། །ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །དེ་ལ་སྒོམ་པ་ཡང་ནི་རབ་ཏུ་འབྱུང་། །ཞེས་སོ། དེའང་ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་ལས་ཆེས་ལྷག་པ་ཡིན་ཞིང་། སོ་སོ་སྐྱེ་བོའི་སར་ཐོས་པ་ལས་བྱུང་བའི་ཤེས་རབ་གལ་ཆེ་སྟེ་མ་ཐོས་པར་བསམ་བསྒོམ་མི་ནུས་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ལ་མཁས་པར་ཁོང་དུ་ཆུད་པར་འདོད་ན་རྒྱལ་བའི་གསུངས་རབ་དགོངས་འགྲེལ་དང་བཅས་པ་ནི་ནང་རིག་པ་དང་། དེ་དག་གིས་གདུལ་བྱ་རྗེས་སུ་འཛིན་པའི་ཡན་ལག་ཏུ་ཐུན་མོང་གི་རིག་གནས་ནི། །གཞན་དག་ཚར་གཅོད་པའི་རིག་པ་སྒྲ་ཚད་དང་། གཞན་དག་རྗེས་སུ་འཛིན་པ་བཟོ་དང་གསོ་བ་རིིག་པ་གཉིས་ཏེ་རིགས་པའི་གནས་ལྔ་ལ་མཁས་པར་བྱ། ཁྱད་པར་གསུང་རབ་ཀྱི་དོན་རྣམས་མཐར་ཕྱིན་པར་ཁོང་དུ་ཆུད་པར་བྱེད་པ་ལ་གཞལ་བར་བྱེད་པ་དྲང་དོན་དང་ངེས་དོན་དགོངས་པ་ལྡེམ་དགོངས་ཀྱི་རྣམ་གཞག་གིས་གཞལ་བྱ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་རྟོག་པར་བྱ་བའི་ཐབས་སོ། །ཟབ་མོ་དོན་གྱི་གནས་ལུགས་དང་དེ་སྟོན་པའི་མདོ་སྡེ་རྣམས་ངེས་པའི་དོན་དང་། དོན་ཟབ་མོ་ལ་འཇུག་པའི་ཐབས་སུ་སེམས་ཅན་གྱི་བློ་འདྲེན་པའི་ཐབས་སུ་མ་དག་འཁྲུལ་པ་དང་དེའི་དབྱེ་བ་སོགས་མང་དུ་སྟོན་པ་ཐམས་ཅད་དྲང་དོན་གྱི་ཆོས་ཞེས་བྱའོ། དགོངས་པ་ནི་ཅུང་ཟད་སྒྲོས་བཏགས་ནས་བཤད་དུ་ཡོད་ལ་ཁ་དྲང་བ་མ་ཡིན་པའི་ཚུལ་དགོས་ཆེད་དང་བཅས་སྟོན་པའོ། ཆོས་སྐུ་མཉམ་པ་ཉིད་ལ་དགོངས་པ་དང་། ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་ལ་ངོ་བོ་ཉིད་མེད་པ་གསུམ་གྱིས་དགོངས་པ་དོན་གཞན་ལ་དགོངས་པ་དང་། དགེ་བའི་འབྲས་བུ་འཐོབ་རུང་ལ་དགོངས་ནས་དུས་གཞན་ལ་དགོངས་པ་དང་། ཚུལ་ཁྲིམས་མཆོག་འཛིན་གྱི་ལྟ་བར་ཞེན་པ་རྣམས་ལ། ཚུལ་ཁྲིམས་ལ་སྨད་ནས་སྦྱིན་པ་ལ་བསྟོད་པ་ལྟ་བུ་གང་ཟག་གི་བསམ་པ་ལ་དགོངས་པ་སྟེ་དགོངས་པ་རྣམ་པ་བཞི། གཞན་དག་གང་ལ་དགའ་བས་ཡང་དག་པའི་ལམ་ལ་གཞུགས་པའི་ཕྱིར། དེའི་མིང་ངམ་ཆ་ལྡན་ཅུང་ཟད་ཡོད་པ་ལ་བརྟེན་ནས་ཚུལ་མཐུན་ཡང་དོན་མི་མཐུན་པར་བཤད་པ་ལྡེམ་དགོངས་ཀྱི་མཚན་ཉིད། དེའང་ཞུགས་པ་ལྡེམ་དགོངས་དང་། མཚན་ཉིད་ལྡེམ་དགོངས་དང་། གཉེན་པོ་ལྡེམ་དགོངས་དང་། བསྒྱུར་བ་ལྡེམ་དགོངས་ཏེ་བཞིའོ། གཞལ་བྱ་བདེན་པ་གཉིས་ཀྱི་སྟེ། །སྣང་ལུགས་ཀུན་རྫོབས་ཀྱི་བདེན་པ་དང་། གནས་ལུགས་དོན་དམ་པའི་བདེན་པ་གཉིས། སྣང་ལུགས་ལ་འཁྲུལ་པ་དང་། མ་འཁྲུལ་པ་གཉིས་ལས་འདིར་ཤེས་རབ་ནི་ལྷག་མཐོང་སྟེ་དོན་དམ་པའི་བདེན་པ་ཡིན་ལ། དེ་ཉིད་གཏན་ལ་འབེབ་བྱེད་ཀྱི་རིག་པ་གཏན་ཚིག་ལྔས་ངོ་བོ་རྒྱུ་འབྲས་དང་གཉིས་ཀ་ལ་དཔྱད་པས་ཡོད་པ་སྒྲོ་འདོགས་ཀྱི་མཐའ་སེལ་བའི་རིག་པ་དང་ངོ་བོ་ཉིད་ཀྱིས་མ་གྲུབ་ལ་ཐ་སྙད་དུ་མེད་པ་མ་ཡིན་པས་ཡོད་མེད་གཉིས་ཀའི་སྤྲོས་པ་གཅོད་པ་རྟེན་འབྲེལ་གྱི་རིག་པ་སྟེ། །ཆོས་ཐམས་ཅད་མཐའ་བྲལ་དབུ་མར་གཏན་ལ་འབེབས་པ་ལ་ཡང་། ཆོས་ཅན་ཇི་ལྟར་སྣང་བ་འདི་དག་སྣང་ཙམ་ཉིད་ནས་རང་རང་གི་ངོ་བོས་སྟོང་པ་མེད་དགག་གི་སྟོང་ཉིད་དོན་དམ་པར་བཞེད་པ་དང་། དོན་དམ་དུ་ཐ་སྙད་མེད་ཀྱང་ཀུན་རྫོབ་ཏུ་གྲུབ་པ་སྒྱུ་མ་ལྟ་བུ་ཞེས་རང་རྒྱུད་ཀྱི་དམ་བཅའ་འགོད་པ་དང་། ཁས་ལེན་པའི་ཀུན་རྫོབ་ཀྱང་འགོག་པའི་ཐལ་འགྱུར་བ་རང་སྟོང་དང་གཞན་སྟོང་ལ་རྣལ་འབྱོར་སྤྱོད་པའི་གཞུང་དུ་སྟོང་གཞི་གཞན་དབང་དགག་བྱ་ཀུན་བཏགས་ཀྱིས་སྟོང་པའི་ཡོངས་གྲུབ་ཏུ་བཤད་པ་དང་། རྒྱུད་བླ་མ་སོགས་ལས། །ཆོས་ཉིད་ཡོངས་གྲུབ་དགག་བྱ་ཀུན་བཏགས་ཀྱིས་སྟོང་པར་གསུངས་པའི་ཚུལ་གཉིས་སུ་བྱུང་ཞིང་ཡོངས་གྲུབ་དོན་དམ་དབྱིངས་ཀྱི་ངོ་བོ་ལ་སྐྱོན་དང་ཡོངས་གྲུབ་གསར་སྒྲུབ་མེད་པ་རང་བཞིན་རྣམ་དག་ལྷུན་གྲུབ་ཡིན་པ་དང་། གློ་བུར་འཁྲུལ་སྣང་གི་ཆོས་གཟུང་འཛིན་སྤྲོས་པའི་ཆོས་རྣམས་གཤིས་ལ་མ་གྲུབ་པས་ཀུན་རྫོབ་རང་གིས་ངོ་བོས་སྟོང་པ་ཡིན་ལ། དེ་འདྲ་དེ་དོན་དམ་ཆོས་ཉིད་ལས་གཞན་ཡིན་པས་དོན་དམ་གཞན་གྱི་ངོ་བོས་སྟོང་པ་ཞེས་བཤད་དེ། རྒྱུད་བླ་མ་ལས། རྣམ་དབྱེ་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གི་ཁམས་སྟོང་གི། རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་སོ། མདོར་ན་ཀུན་རྫོབ་ཀྱི་ཕྱོགས་ནས་གཞལ་ན་མེད་དགག་དང་མ་ཡིན་དགག་པའི་སྟོང་ཉིད་དོན་དམ་དབྱིངས་ཀྱི་ཕྱོགས་ནས་གཞལ་ན་རང་ལས་གཞན་རྟོགས་པའི་ཡུལ་གྱིས་སྟོང་པའོ། འོ་ན་དོན་དམ་རང་གི་ངོ་བོས་སྟོང་པ་ལྟར་གསུངས་པའི་དགོངས་པ་གང་སྙམ་ན། དོན་དམ་ལ་དམིགས་ནས་བློས་བཟུང་བ་ལྟར་མ་གྲུབ་པ་ལ་དགོངས་པ་ཡིན་ནོ། དེ་ལྟར་ཐོས་པའི་ཤེས་རབ་གལ་ཆེ་ཚུལ་ཡང་། ཤེས་རབ་མཆོག་ཡིན་དེའི་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོགཅེས་སོ། ཡིད་ཆེས་བསྐྱེད་པའི་བསམ་བྱུང་གི་ཤེས་རབ་ནི། ཐོས་པའི་ཚིག་དོན་ལ་ཉེ་བར་དཔྱོད་པ་གལ་ཆེ་བས་འོལ་སྤྱི་ཙམ་དུ་མ་ལུས་པར་ལུང་དང་དངོས་པོ་སྟོབས་ཞུགས་ཀྱི་རིག་པ་དང་། སྔ་ཕྱི་མི་འགལ་བ་གསུམ་གྱིས་བརྟག་པར་བྱ་སྟེ། །བཞི་བརྒྱ་པ་ལས་དོན་གང་ལུང་དང་རིག་པ་ཡིས། །ལེགས་པར་མངོན་པར་བརྗོད་པ་དང་། །སྔ་ཕྱི་འགལ་བ་མེད་པ་སྟེ། །དམ་པ་རྣམས་ཀྱིས་ཡོངས་སུ་བཟུང་། ཞེས་སོ། སྒོམ་བྱུང་གི་ཤེས་རབ་ནི། །རྒྱལ་བའི་བཀའ་འཁོར་ལོ་བར་པའི་ལྟ་བ་ནི། །ཅི་ཡང་མི་སྒོམ་པ་ལ་སྟོང་ཉིད་སྒོམ་པ་དང་། ཅི་ཡང་མ་མཐོང་བ་ལ་དེ་ཁོ་ན་ཉིད་རྟོགས་པར་འཆད་ཅིང་། ངེས་དོན་མེད་དགག་ལ་བཞེད་པ་དང་། འཁོར་ལོ་ཐ་མའི་དགོངས་པ་བྱམས་ཆོས་ཀྱི་གཞུང་ཐོགས་མེད་སྐུ་མཆེད་ཀྱི་བཀྲལ་བ་དང་། ཀླུ་སྒྲུབ་ཀྱིས་བསྟོད་ཚོགས་སུ་བཀྲོལ་བར་མཛད་པ། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཉིད་སྒོམ་པས་ཉམས་སུ་མྱོང་བར་བཤད་ཅིང་། དེ་ཉིད་གསང་སྔགས་ཀྱི་རྒྱུད་སྡེ་ཟབ་མོ་རྣམས་དང་དགོངས་པ་མཐུན་པར་བཞེད་པ་ཡོད་ཅིང་། འདིར་ནི་རྫོགས་པ་ཆེན་པོ་ཁྲེགས་ཆོད་ཀྱི་ལྟ་བ་ཟབ་མོར་གཞོལ་བར་བྱ་བ་ཉིད་དོ། །གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། སྡོམ་གསུམ་ལས། སེམས་ཅན་དོན་བྱེད་ཚུལ་ཁྲིམས་བསྡུ་དངོས་བཞི། ཐོག་མར་སྦྱིན་པས་གདུལ་བྱ་རབ་བསྡུས་ནས། །སྙན་པར་སྨྲ་བའི་གཏམ་གྱིས་ཡིད་དྲང་ནས། །ཐེག་པ་རིམ་དགུར་དཀྲི་བ་དོན་སྤྱོད་དེ། །དེ་དག་འདྲེན་ཕྱིར་རང་ཡང་དོན་དེ་སྤྱོད། །ཅེས་པ་ལྟར། ཐོག་མར་ཟང་ཟིང་གི་སྦྱིན་པ་དང་། སྙན་པའི་གཏམ་གྱིས་སྤྲོ་བ་བསྐྱེད་པའི་ཡིད་དྲངས། བྱིས་པ་ཁ་ཟས་འཇམ་རྩུབ་ཀྱིས་རིམ་པར་གསོ་བ་ལྟར་བློ་རིས་ཐ་དད་པ་དག་ཆོས་གཅིག་གིས་སྨིན་མི་ནུས་པས་གདུལ་བྱའི་བློ་དང་འཚམས་པའི་ཆོས་ལ་དཀྲི་དགོས་ཏེ། །བློ་ཐ་མའི་གསུམ་ཆུང་འབྲིང་ཆེ་གསུམ་ནི་ཉན་རང་བྱང་སེམས་གསུམ་དང་། འབྲིང་གི་གསུམ་ནི། བྱ་སྤྱོད་རྣལ་འབྱོར་དང་། རབ་ཀྱི་གསུམ་ནི་བསྐྱེད་དང་རྫོགས་དང་རྫོགས་ཆེན་གསུམ་སྟེ་གང་ལ་གང་འཚམས་ཀྱིས་དངོས་བརྒྱུད་གང་རུང་ནས་ཕན་པ་བསྒྲུབ་པར་བྱ། སེམས་ཅན་དགེ་བའི་ཆོས་ལ་འདྲེན་པའི་ཕྱིར་དང་ཡང་སྒོ་གསུམ་ལེ་ལོ་སྙོམས་ལས་སུ་མ་ལུས་པར་ཆོས་བསྒྲུབ་པ་ལ་བརྩོན་པར་བྱ་དགོས་ཤིང་། དེ་ཡང་པདྨ་སྤུངས་པ་ལས། སྦྱིན་པའི་གཡབ་མོས་ལེགས་བོས་ཤིང་། །སྙན་པར་སྨྲ་བའི་ཚིག་གིས་བསུ། །དོན་མཐུན་པ་ཡིས་བག་ཕབ་སྟེ། །དོན་སྤྱོད་གྲོས་ཆེན་གདབ་པར་བྱ། །ཞེས་གསུངས་སོ། བྱང་སེམས་ཀྱི་བསླབ་པ་ནས། ཉམས་པ་ཕྱིར་བཅོས་བྱ་བའི་ཚུལ་ལ་ཀླུ་སྒྲུབ་ཐོག་མེད་ལུགས་གཉིས་ལས། །དང་པོ་ནི། །དབང་པོ་རབ་འབྲིང་ཐ་མ་གསུམ་ལས། །དབང་རྣོན་གྱི་གང་ཟག་དམ་པ་ཁ་ཅིག་ནི། །ཐོག་མར་རྨི་ལམ་སྒྱུ་མ་ལྟ་བུའི་ཚུལ་གྱིས་མཁའ་ཁྱབ་ཀྱི་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བཤགས་རྗེས་ཉེས་པ་དེ་ཉིད་ཀྱི་ངོ་བོ་ལ་བརྟགས་ཤིང་དཔྱད་པས་དམིགས་མེད་ངོ་བོ་ཉིད་ཀྱི་ངང་དུ་མཉམ་པར་འཇོག་པས་ཉེས་པ་ལས་གྲོལ་བར་འགྱུར་བ་ནི། ཕྱོགས་བཅུ་རྒྱས་པའི་མདོ་ལས། གང་ཞིག་འགྱོད་ཚང་བྱེད་འདོད་ན། དྲང་པོར་འདུག་ལ་ཡང་དག་ལྟོས། ཡང་དག་ཉིད་ལ་ཡང་དག་བལྟ། ཡང་དག་མཐོང་ན་རྣམ་པར་གྲོལ། །དེ་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་སོ། དབང་འབྲིང་རྣམས་ནི། རང་གི་ཡི་དམ་གྱི་ལྷ་གསལ་བའི་མདུན་དུ་ཡན་ལག་བདུན་པ་བྱས་ལ་བཤགས། ཡང་རིག་སྔགས་སྤྱིའི་ལྷ་འཕགས་པ་ནམ་མཁའི་སྙིང་པོའི་མདུན་དུ་བཤགས་པ་བྱ་ཚུལ་འབྱུང་མོད། དེ་ཡང་ལྟས་མ་གསལ་གྱི་བར་དུ་བྱ་དགོས་པར་གསུངས་པས་དེ་ལྟ་བུའི་ལྟུང་བ་ཕྱིར་བཅོས་ནི་ཤིན་ཏུ་དཀའ་བས་ཅི་ནས་ཀྱང་བྱང་སེམས་ཀྱི་བསླབ་བྱ་ལ་ལྟུང་བས་མ་གོས་པར་བྱ་སྙམ་པ་དང་། སྦྱང་ཚུལ་དེ་དག་ཀྱང་སྐྱ་རེངས་གིས་ནི་ཐབས་ལ་མཁས་པའི་བསོད་ནམས་ཀྱི་སྣང་བ་ཚད་མེད་པ་སྐྱེ་བར་མཚོན་ཞིང་ནམ་མཁའི་སྙིང་པོ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་པར་དག་པའི་གནས་ལུགས་ཟབ་མོ་ལ་མཉམ་པར་འཇོག་པ་ཡང་མཚོན་ཏེ། དབང་པོ་རབ་འབྲིང་གཉིས་ཀ་ལ་ཡང་མཚོན་ནོ། །དབང་པོ་ཐ་མ་ནི། བཤགས་ཡུལ་གྱི་རྟེན་ཇི་སྙེད་པ་དངོས་སམ་ཡིད་ཀྱིས་དམིགས་པ་ནི། རྟེན་གྱི་སྟོབས། ཉེས་ལྟུང་ལ་འགྱོད་པ་དྲག་པོས་ལྟུང་བ་གང་བྱུང་། དེའི་མིང་ནས་བརྗོད་དེ་བཤགས་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས། ཁ་སྟོན་ཕྱག་མཆོད་སྐོར་བ་རྟེན་བཞེངས་མཚན་བཅས་མཚན་མེད་ཀྱི་དགེ་སྦྱོར་ལ་བརྩོན་པ་ནི། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྒོ་དྲུག་གི་སྟོབས། ཕྱིན་ཆད་སྲོག་ལ་བབ་ཀྱང་སྡིག་པའི་ལས་འདི་དག་མི་བྱ་སྙམ་པའི་ཞེ་དམ་འཆའ་བ་ནི་སོར་ཆུད་པའི་སྟོབས་ཞེས་བྱ་སྟེ་སྟོབས་བཞི་ཚང་བས། སྔ་དྲོ། ཉིན་གུང་། ཕྱི་འཕྲེད། སྲོད་ནམ་གུང་ཐོ་རེངས་ཏེ་ཉིན་མཚན་དུ་སངས་རྒྱས་སོ་ལྔའི་མཚན་ནས་བརྗོད་ཅིང་ཕྱག་འཚལ་བའི་ཕུང་པོ། སྡིག་པ་བཤགས་པའི་ཕུང་པོ། བསྔོ་བའི་ཕུང་པོ། དེ་གསུམ་གྱི་མདོ་ལྟུང་བཤགས་འདོན་པར་བྱ་སྟེ། སྤྱོད་འཇུག་ལས། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་འདོན་བྱ་ཞིང་། །རྒྱལ་དང་བྱང་ཆུབ་སེམས་བརྟེན་ན། །ལྟུང་བའི་ལྷག་མ་དེས་ཞི་བྱ། །ཞེས་སོ། དེ་ལྟར་དབང་པོའི་རིམ་པ་ལ། །སྦྱར་བའི་ཕྱིར་བཅོས་ཚུལ་ཡང་། གྲུབ་ཆེན་ནག་པོ་པས། ཇི་སྐད་དུ། དམན་པ་ཁ་ཅིག་ནི་དངོས་པོར་འཛིན་པའི་དབང་གིས་འགྱོད་ཅིང་ཡིད་ལ་གཅགས་པས་གཞན་གྱི་དྲུང་དུ་ཉེས་པ་འཆགས་ཤིང་། ཕྱིས་སྡོམ་པས་རིམ་གྱིས་ཉེས་པ་དེ་ལས་རིང་ཞིག་ན་ལྡང་བ་ཡང་ཡོད་དོ། །བར་མ་ཁ་ཅིག་ནི་རིགས་སྔགས་དང་གསང་སྔགས་ཀྱི་ལྷ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་སོགས་པ་མཉེས་པར་བྱས་ཏེ་ལྷའི་རྗེས་སུ་གནང་བ་ཐོབ་པས་ལྟུང་བ་ལས་ལྡང་ངོ་། །རབ་ཁ་ཅིག་ནི་གང་གིས་ལྟུང་བར་བརྗོད་པ་དེ་ཉིད་ལ་བྱང་ཆུབ་ཀྱི་སེམས་སུ་ཤེས་པས་ཚེགས་མེད་པར་གནས་ཏེ། ཇི་ལྟར། འཕགས་པ་ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་གསུངས་པ། འཇམ་དཔལ། བྱང་ཆུབ་སེམས་དཔའ་གང་གིས་ལས་མེད་ཅིང་རྣམ་པར་སྨིན་པ་མེད་པར་ཤེས་པ་དེས་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་འཐོབ་བོ། །ཞེས་གསུངས་སོ། གཉིས་པ་འཕགས་པ་ཐོགས་མེད་ཀྱི་ལུགས་ནི། སྡོམ་གསུམ་ལས། ཕས་ཕམ་བྱུང་ན་སླར་བླངས་འབྲིང་ནི་གསུམ། ཐ་མ་གཅིག་མདུན་དངོས་པོ་བརྗོད་པས་བཤགས། མཐུན་པའི་གང་ཟག་མེད་ན་ཡིད་ཀྱིས་བསྡམས། ཞེས་པས། སྨོན་སེམས་བཏང་བ་དང་ཀུན་དཀྲིས་ཆེན་པོས་ཕམ་པའི་གནས་ལྟ་བུའི་རྩ་ལྟུང་གིས་གཏོང་བས་དེ་དག་བྱུང་ན་བཤགས་བསྡམས་དང་བསག་སྦྱངས་ལ་འབད་པ་ཆེན་པོ་བྱ། ཀུན་དཀྲིས་འབྲིང་གིས་སྤྱད་པའི་ཕམ་འདྲ་རྣམས་ནི་བཤགས་ཡུལ་གང་ཟག་གསུམ་ཡན་ཆད་དང་། ཀུན་དཀྲིས་ཆུང་ངུས་སྤྱད་པའི་རྩ་ལྟུང་དང་། གཞན་ཡང་ཉེས་བྱས་ཞེ་དྲུག་ལ་ཀུན་སློང་ཉོན་མོངས་ཅན་ཡིན་མིན་གྱི་དབང་གིས། ཡིན་པ་རྣམས་ལ་གང་ཟག་གཅིག་ཡན་ཆད་ཀྱི་དྲུང་དུ་བཤགས་པས་དག་པར་འགྱུར་ཏེ། །སྡོམས་པ་ཉི་ཤུ་པ་ལས། སྡོམ་པ་སླར་ཡང་བླང་བར་བྱ། །ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཉོན་མོངས་མི་མོངས་བདག་སེམས་བཞིན། །ཞེས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དབང་པོ་རབ་འབྲིང་ཐ་མའི་ཁྱད་པར་གྱི་གྲོལ་ཚུལ་གསུམ་ལས། དཔེར་ན་རྫི་བོ་ལྟ་བུའམ་དཔེ་མེད་པའི་སེམས་བསྐྱེད་ཅེས་སྔོན་དུ་སེམས་ཅན་ཐམས་ཅད་བསྒྲལ་ནས་རང་ཉིད་གྲོལ་བར་འདོད་པ་བྱང་སེམས་དབང་པོ་རྣོན་པོ་རྣམས་བསྐལ་པ་གྲངས་མེད་གསུམ་ཐོགས་པ་དང་གཉན་པ་ལྟ་བུའམ་ཡེ་ཤེས་དམ་པའི་སེམས་བསྐྱེད་ཅེས་རང་དང་འགྲོ་བ་མཉམ་དུ་ཐར་བར་འདོད་པ་བྱང་སེམས་འབྲིང་རྣམས་གྲངས་མེད་བདུན་ཐོགས་པ་དང་རྒྱལ་པོ་ལྟ་བུའམ་འདོད་ཆེན་པོའི་སེམས་བསྐྱེད་ཅེས་རང་ཉིད་གྲོལ་ནས་གཞན་སྒྲོལ་བར་འདོད་པའི་བྱང་སེམས་དབང་པོ་རྟུལ་བ་རྣམས་བསྐལ་པ་གྲངས་མེད་སུམ་ཅུ་རྩ་གསུམ་ཐོགས་པར་བཤད་པ་དེ་རྣམས་སྤྱིར་འཕགས་ལམ་ཡན་ལག་བརྒྱད་བསྒོམ་ལ། བྱེ་བྲག་སོ་སོར་ཚུལ་ཁྲིིམས་ནས་ཡེ་ཤེས་ཀྱི་བར་གྱི་ཕྱིན་བཅུ་ལ་གཙོ་བོར་སྤྱོད་དོ། །གྲངས་མེད་དེ་རྣམས་ཀྱི་སློབ་ལམ་རྫོགས་ནས་སྒྲིབ་གཉིས་བག་ཆགས་དང་བཅས་པ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པས། དེའི་གཉེན་པོར་སློབ་མི་དགོས་པར་མི་སློབ་ལམ་དུ་ཕྱིན་ཏེ་བླ་ན་མེད་པའི་བྱང་ཆུབ་བརྙེས་པ་ཡིན་ནོ། །དེ་ཡང་དཀོན་མཆོག་བརྩེགས་པ་ལས། དེ་འདོད་ཆེན་པོའི་སེམས་ཅན་བསྐྱེད་པས་ནི་གྲངས་མེད་སུམ་ཅུ་རྩ་གསུམ་གྱི་འཁོར་བ་ལས་ཐར་བ་ཡིན་ནོ། །ཡེ་ཤེས་དམ་པའི་སེམས་བསྐྱེད་པས་ནི་གྲངས་མེད་པ་བདུན་གྱིས་ཕྱིན་པ་ཡིན་ནོ། །དཔེ་མེད་པའི་སེམས་བསྐྱེད་པས་ནི་གྲངས་མེད་པ་གསུམ་གྱིས་མངོན་པར་རྫོགས་པ་བྱང་ཆུབ་པ་ཡིན་ནོ། དེ་ཅིའི་ཕྱིར་ཞེ་ན། སེམས་སྟོབས་ཆུང་ངུ་དང་། འབྲིང་དང་། ཆེན་པོར་གྱུར་པའི་ཕྱིར་ཏེ། འདི་དག་དཔེར་བྱ་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། གྲུའི་ཁ་ལོ་པ་དང་། སྐྱོང་བྱེད་ལྟ་བུའོ། ཞེས་སོ། །དེ་དག་ནི་ཐེག་པ་ཐུན་མོང་གི་ལམ་གྱི་རྒྱུད་སྦྱོང་བར་བྱེད་པ་དང་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཀྱི་བཤད་ཚུལ་སྲོལ་གཉིས་ལྟར་ཆེ་ལོང་ཙམ་བསྟན་ཟིན་ཏོ། བཞི་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི༔ རང་གི་ལུས་དྲང་པོར་བསྲང་བའི་སྤྱི་བོར་སྣང་ལ་རང་བཞིན་མ་གྲུབ་པའི་འོད་དཀར་པོ་ལས་རང་གསལ་བ༔ བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཤེལ་གྱི་རི་བོ་ལ་ཉི་མ་ཤར་བ་ལྟ་བུ༔ ཆོས་སྐུ་ཉག་གཅིག་མཚོན་པའི་ཕྱིར་སྐུ་ཞལ་གཅིག༔ ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཕྱིར་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུའི་ཕྱག་རྒྱ་ཅན༔ འཁོར་འདས་མཉམ་ཉིད་དུ་བརྡལ་བའི་ཕྱིར་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ༔ ཆོས་ཀྱི་སྒོ་མ་འགགས་པས་ཐེག་པ་སྣ་ཚོགས་ཀྱིས་སེམས་ཅན་ཐམས་ཅད་སྨིན་གྲོལ་ལ་བཀོད་པའི་ཕྱིར་ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་བརྒྱན་པ༔ སྒྲིབ་གཉིས་ཀྱི་བག་ཆགས་སྡིག་སྒྲིབ་དང་བཅས་པ་ཐམས་ཅད་ཡིད་ལ་དྲན་པ་ཙམ་གྱིས་ཡོངས་སུ་འཇོམས་ཤིང་དྲུང་ནས་ཕྱུང་བའི་བརྡར༔ སྐུ་ཤིན་ཏུ་དཀར་ལ་ཕྱི་ནང་མེད་པར་ཟང་ཐ་ལེར་གསལ་ཞིང་འོད་ཟེར་དང་ལྡན་པ་ཞིག་ཏུ་བསྒོམས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཉ་གང་བ་གཅིག་གི་དཀྱིལ་དུ་ཐུགས་ཀྱི་ངོ་བོ་ས་བོན་ཡི་གེ་ཧཱུྃ་དཀར་ལ་འཚེར་བ་གཅིག་གི་མཐར༔ ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོ་གཟུངས་སྔགས་ཡི་གེ་བརྒྱ་པའི་ཕྲེང་བ་མུ་ཏེག་རྩ་ལ་བརྒྱུས་པ་ལྟར་གཡས་སྐོར་དུ་འཁོར་བ་ལས༔ འོད་ཟེར་གྱི་རྟ་ལ་ཞོན་ནས་ཡེ་ཤེས་ཐུགས་རྗེའི་བདུད་རྩིའི་རྒྱུན་དཀར་པོ་འོ་མ་བུམ་ཆུ་ནས་སྩལ་བ་ལྟར་སྤྱི་བོའི་ཚངས་བུག་གི་ལམ་ནས་བབས༔ ལུས་ཕྱི་ནང་གསང་གསུམ་དུ་ཁྱབ་པས༔ ཁམས་གསུམ་གྱི་འཁོར་བ་འདིར་ཐོག་མ་མེད་པ་ནས་འཁྱམས་པའི་སེམས་ཅན༔ བདག་མེད་པ་ལ་བདག་ཏུ་བཟུང་ཞིང་༔ ང་མེད་པ་ལ་ངར་བརྟགས་པའི་རིགས་དྲུག་གི་ཚོགས་ཐམས་ཅད་ཀྱི་སྒོ་གསུམ་གྱིས་དུས་གསུམ་དུ་དུག་གསུམ་གྱིས་ཀུན་ནས་བསླངས་ཏེ་བསགས་པའི་དམ་ཚིག་ཉམས་ཆགས་རྟོག་སྒྲིབ༔ མདོར་ན་མི་དགེ་བའི་ལས་སུ་གྱུར་པ་ཅི་བསགས་པ་ཐམས་ཅད་སྦྱངས་ཤིང་༔ འོག་སྒོ་དང་རྐང་མཐིལ་གྱི་ལམ་བརྒྱུད་ནས་ནག་ནུར་གྱི་དབང་ཆེན་གསེར་གྱི་ས་གཞི་ལ་ཐིམ༔ རང་ལུས་ཆུ་ཤེལ་གྱི་བུམ་པ་དྲི་མ་མེད་པ་འོ་མས་བཀང་བ་ལྟར་ཁེངས་པས༔ དངོས་གྲུབ་ཐམས་ཅད་དམ་དབང་བཞིའི་ཡེ་ཤེས་མངོན་སུམ་དུ་རང་རྒྱུད་ལ་སྐྱེས་པར་བསམ་ཞིང་༔ རྡོ་རྗེ་སེམས་དཔའི་སྐུ་བསྒོམས་པ་དང་བརྡ་རྟགས་དྲན་པ་ནི་རྟེན་གྱི་སྟོབས། དེ་ལ་མོས་གུས་གདུང་བས་གཟུངས་ཀྱི་བསྒོམ་བཟླས་ལ་དམིགས་པ་གཏོད་པ་ནི་ཀུན་ཏུ་སྤྱོད་པའི་སྟོབས། ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ལ་གནོང་འགྱོད་ནི་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བགྱིད་སྙམ་པའི་ངེས་ཤེས་དྲག་པོས་སྡོམ་པ་ནི་སོར་ཆུད་པའི་སྟོབས། དེ་བཞི་པོ་དང་ལྡན་པས། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པའི་གཟུངས་ཀྱི་དོན། ཨཱོཾ་ནི་ཡེ་ཤེས་ལྔའམ་མཆོག་གི་དངོས་གྲུབ་སྟེར་བ་ལ་འཇུག །བཛྲ་སཏྭ་ས་མ་ཡཱ༔ མ་ནུ་པཱ་ལ་ཡ༔ རྡོ་རྗེ་སེམས་དཔའི་དམ་ཚིག་རྗེས་སུ་སྐྱོངས། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ཉེ་བར་གནས་མཛོད། ཌི་ཌྷོ་མེ་བྷ་ཝ༔ བདག་ལ་བརྟན་པར་མཛད་དུ་གསོལ། སུ་ཏོ་ཥྱོ་མེ་བྷ་ཝ༔ བདག་ལ་ཤིན་ཏུ་དགྱེས་པར་མཛོད། སུ་པོ་ཥྱོ་མེ་བྷ་ཝ༔ བདག་ལ་ཤིན་ཏུ་དགྱེས་པར་མཛོད། ཨ་ནུ་རཀྟོ་མེ་བྷ་ཝ༔ བདག་ལ་ཤིན་ཏུ་ཆགས་པར་མཛོད། སརྦ་སིདྡྷི་མེ་པྲ་ཡ་ཙྪ༔ བདག་ལ་དངོས་གྲུབ་ཐམས་ཅད་སྩོལ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུྃ། ལས་ཀུན་ལ་ཡང་བདག་སེམས་ལ་དགེ་ལེགས་སུ་མཛོད། ཧ་ཧ་ཧ་ཧ་ཧོ༔ དགའ་བཞིའམ་ཡེ་ཤེས་ལྔ་མཚོན། བྷ་ག་ཝན་སརྦ་ཏ་ཐཱ་ག་ཏ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་གྱི། བཛྲ་མ་མེ་མུཉྩ༔ རྡོ་རྗེ་བདག་མ་འདོར། བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ། རྡོ་རྗེ་ཅན་མཛོད་དམ་ཚིག་སེམས་དཔའ་ཆེན་པོ། ཨཱ༔ གདོད་ནས་མ་སྐྱེས་པ་ཆོས་རྣམས་རང་བཞིན་སྟོང་པ་ཉིད་དུ་གཅིག་པའོ། ཞེས་སྔགས་དོན་དྲན་བཞིན་པས་འབུམ་ཕྲག་གཅིག་གམ་སྡིག་སྒྲིབ་དག་པའི་རྟགས་མ་གསལ་བར་དུ་བཟླ་ཞིང་། རྟགས་ནི་ཞལ་མཇལ་བ། གསུང་ཐོས་པ། རིག་པ་དྭངས་ཤིང་ལུས་ཡང་བ་དད་པ་དང་ངེས་འབྱུང་རྩོལ་མེད་དུ་སྐྱེ་བ་འཁྲུ་སྐྱུགས་དང་། རྣག་ཁྲག །ཆུ་སེར་གྲོག་སྦུར་སོགས་སྲོག་ཆགས་ཀྱི་རིགས་ལུས་ནས་ཐོན་པ། ཁྲུས་བྱས་པ། གོས་དཀར་གྱོན་པ། ཆུ་ཆེན་བརྒལ་བ། མཁའ་ལ་འཕུལ་བ། ཉི་ཟླ་ཤར་བ་སོགས་དངོས་ཉམས་རྨི་ལམ་ཅི་རིགས་སུ་འབྱུང་བའོ། །རྒྱུན་དུའང་བརྒྱ་རྩ་བཟླས་ན་ཉམས་ཆགས་སྐོངས་ཞིང་དེ་བཞིན་གཤེགས་པ་རྣམས་ཀྱི་སྲས་སུ་འགྱུར་བར་དོང་སྤྲུགས་ལས་གསུངས་ཤིང་། ཉེར་གཅིག་རེ་བཟླས་ན་ལྟུང་བ་མི་འཕེལ་བར་བཤད་དོ། ཐུན་སྐབས་སམ་མཇུག་ཏུ། ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཞེས་རྡོ་རྗེ་སེམས་དཔའི་མཚན་དྲན་བཞིན་ཡང་སྙིང་འདི་ཡང་བརྒྱ་རྩ་རེའམ། ལྔ་བཅུ་ལས་མ་ཉུང་བ་བཟླ་ཞིང་ཐུན་མཐར། བླ་མ་རྡོ་རྗེ་སེམས་དཔས་ཞལ་གྱི་འཛུམ་མདངས་སུ་བཞད་ཅིང་༔ རིགས་ཀྱི་བུ་སྒྲིབ་གཉིས་དག་ནས་ཚོགས་གཉིས་རྫོགས་ཏེ༔ སྐུ་དང་ཞིང་ཁམས་ཐམས་ཅད་རང་སྣང་གི་ཡེ་ཤེས་གོ་མ་འགགས་པའི་རོལ་པ་ལ་སྤྱོད་པར་གྱུར་ཅིག༔ ཞེས་གསུངས་ནས་རྡོ་ཚན་གྱི་སྟེང་དུ་མར་བཞག་པ་ལྟར་འོད་དུ་ལམ་ལམ་ཞུ་ཞིང་རང་ལ་ཐིམ་པར་བསྒོམ་ཞིང་༔ དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་དགེ་བ་བསྔོ། ལྔ་པ་མཎྜལ་འབུལ་བ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་སྟོང་གསུམ་བྱེ་བ་ཕྲག་ས་ཡ་རི་རབ་གླིིང་བཞི་གླིང་ཕྲན་གསེར་རི་རོལ་མཚོ༔ ཉི་ཟླ་སྒྱུ་སྐར་གྱི་ཚོགས་རྣམས་དང་༔ ནང་བཅུད་འགྲོ་བའི་དཔལ་འབྱོར་དབང་ཐང་རྩི་བཅུད་སྨན་སྤོས་གཟུགས་སྒྲ་དྲི་རོ་རེག་བྱ་ཕུང་པོ་ཁམས་དང་སྐྱེ་མཆེད༔ གསང་བ་སྐུ་དང་ཞིང་ཁམས་འདུ་འབྲལ་མེད་པའི་སྙིང་པོ་རང་བྱུང་གི་ཡེ་ཤེས༔ གདོད་མ་ནས་སུས་ཀྱང་མ་བྱས་ཤིང་འཁོར་འདས་ལམ་གསུམ་གྱི་འཆར་སྒོ་གོ་མ་འགགས་པའི་མངའ་བདག༔ ངོ་བོ་ཀ་ནས་དག་ཅིང་གསལ་རིགས་རྒྱུན་ཆད་མེད་པའི་ཆོས་ཉིད་ཀྱིས་སྙིང་པོས་བརྒྱན་ཏེ༔ རང་རིག་གི་གསལ་སྣང་ལས་རང་ཤར་བའི་སྐུ་གསུམ་གྱི་སྟོན་པ༔ རྩ་གསུམ་གྱི་ལྷ་ཚོགས་མདོར་ན་མཆོད་འོས་སྐྱབས་གྱུར་ཐམས་ཅད་ལ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་པར་སྤྲུལ་ཏེ་ཡོངས་སུ་དབུལ་བར་བགྱིིའོ༔ ཞེས་པ་ལ། སྒྲུབ་པའི་མཎྜལ་ཞེས་ཀྱང་བྱ། ཚོགས་ཞིང་གི་མཎྜལ་བསྐྱེད་པ་ནི། ཐུན་དུ་གཅོད་ཚེ་གསལ་འདེབས་སྐྱོར་དང་། རྒྱུན་དུ་ཡིན་ན་སྔར་སྐྱབས་ཡུལ་རྣམས་དང་རྡོར་སེམས་བཅས་མ་བསྡུས་པར་གསལ་བཞིན་པའི་ངང་ནས་འབུལ་བའོ། དངོས་སུ་འབྱོར་བའི་མཆོད་པའི་མཎྜལ་གྱི་རྒྱུ་ནི་གསེར་ལ་སོགས་པ་རིན་པོ་ཆེ་ཡིན་ན་ཆུང་ཚད་སོར་བཞི་པ་ཡན་ཅི་ཙམ་འབྱོར་བ་རུང་། འཁར་བ་ལྟ་བུ་ཡིན་ན་མཐོ་གང་ལས་མི་ཆུང་བ། ས་རྡོ་དང་ཤིང་ལ་སོགས་པ་ཡིན་ན་ཞིང་ཁྲུ་གང་ལས་ཆུང་བ་འབུལ་མི་རུང་། དབུས་ཅུང་ཟད་མཐོ་བར་བྱ་ཞིང་། དྲི་མ་དང་ནག་ཚག་ཚིག་ལ་སོགས་མེད་པར་ཕྱིས། ཚོམ་བུའི་རྒྱུ་རིན་པོ་ཆེའི་རིགས་དང་། སྨན་དང་འབྲུ་སྣ་སོགས་རྡུལ་དང་བྲལ་བ་ཅི་ཙམ་འབྱོར་པ་བསགས་ཤིང་མཎྜལ་འབུལ་གྲངས་གསོགས་པའི་སྐབས་རིན་པོ་ཆེ་ཡིན་ན་འབུལ་སྐྱོར་རུང་ཞིང་། སྨན་དང་འབྲུ་སྣ་སོགས་བརྗེ་ཞིང་མཆོད་རོ་དེ་ཡང་ས་གཙང་དུ་དོར་བ་མ་གཏོགས་རང་ངམ་གཞན་གྱིས་སྤྱད་ན་དཀོན་མཆོག་གི་དཀོར་དུ་འགྲོ་བར་བཤད་པས་འབྱོར་ན་དེ་བཞིན་བྱ་ཞིང་། འབྱོར་པ་མེད་ན་སྔ་མ་དེ་ག་བལྡབས་ཏེ་འབུལ། གུར་གུམ་སོགས་དྲི་བཟང་པོའི་ཆུས་སྐམ། རིས་ཀྱིས་བྱུགས་ཏེ་རླན་པ་དང་མ་བྲལ་བར་བྱ། འབུལ་བའི་ཚེ་མདུན་ནས་གཡས་སྐོར་དང་། བསྡུད་པའི་ཚེ་མདུན་ནས་གཡོན་བསྐོར་དུ་བསྡུད། མཎྜལ་ལ་ནག་ཚོགས་མ་སྤངས་ན་སྒྲུབ་པ་པོ་ལ་ཁམས་འདུས་འབྱུང་། དྲི་དང་བ་བྱུང་གིས་ཆག་ཆག་མ་བཏབ་ན་སྒྲུབ་པ་པོ་སྐམ་སར་སྐྱེ། ཚོམ་བུ་རྣམས་ཧ་ཅང་མཐར་སོང་ན་སྒྲུབ་པ་པོ་མཐའ་འཁོབ་ཏུ་སྐྱེ། ཧ་ཅང་རུབ་ན་ཁམས་འདུས་འབྱུང་། འབུལ་ཚུལ་ནི་ལག་གཡོན་པར་འབྲུ་ཅུང་ཟད་དང་བཅས་པས་མཎྜལ་བཟུང་བ། སེམས་ཀྱི་རང་བཞིན་དྲི་མ་མེད་པ་མཚོན་བྱེད་ལེགས་པར་ཕྱི་ཞིང་། སྙིང་རྗེ་བྱང་སེམས་ཀྱི་རླན་དང་མ་བྲལ་བ་མཚོན་བྱེད་དྲི་བཟང་དང་བ་བྱུང་ལྔ་སྦྱར་བའི་ཆུས་བྱུགས་གཡས་པའི་སྲིན་ལག་གིས་མཐའ་བསྐོར་བས་ཕྱིའི་མུ་ཁྱུད་དང་། དེ་ལས་ལག་མ་བཏེག་པར་དབུས་སུ་མེ་ཏོག་བཞག་སྟེ་ཧཱུྃ་ཞེས་བགེགས་བསལ་ནས། ཚོམ་བུ་དབུས་མ་མཐོ་བ་རི་རབ་དང་། གླིང་བཞི་གླིང་ཕྲན་སོགས་ཚོམ་བུ་སོ་བདུན་མའམ། རི་རབ་གླིང་བཞི་གླིང་ཕྲན་བརྒྱད་ཉི་ཟླ་སྟེ་བཅོ་ལྔ་མ་འམ། རི་རབ་གླིང་བཞི་ཉི་ཟླ་དང་བདུན་སོགས་རྒྱས་བསྡུས་གང་དགོས་སྐབས་དང་སྦྱར་བ་ལག་ལེན་བཞིན་དངོས་འབྱོར་འབུལ་བ་དང་། ཡིད་ཀྱིས་སྤྲུལ་པ་ནི། དབང་ཆེན་གྱི་ས་གཞི་ལ་བརྟེན་པའི་ལྷུན་པོ་རི་མཚོ་ཁོར་ཡུག་དང་བཅས་པ། གླིང་རྣམས་ཀྱི་སྟེང་དུ་ཉི་ཟླ་གཟའ་སྐར་སོགས་སྲིད་རྩེ་མན་ཆད་ཁམས་གསུམ་ཡོངས་སུ་རྫོགས་པའི་འཇིག་རྟེན་གྱི་ཁམས་ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པས་གང་བ་དེ་ལྟ་བུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་རབ་འབྱམས་མཚམས་སྦྱོར་གཅིག་དེ་བྱེ་བ་ཕྲག་བརྒྱ་རབ་འབྱམས་རྒྱུད་གཅིག །དེ་བྱེ་བ་ཕྲག་བརྒྱ་རབ་འབྱམས་རྒྱ་མཚོའི་བར་མའི་རྒྱུད་གཅིག །དེ་བྱེ་བ་ཕྲག་བརྒྱར་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་སྣོད་བཅུད་འཇིག་རྟེན་གྱི་ཁམས་ནམ་མཁས་གར་ཁྱབ་ཏུ་དམིགས་ཏེ་འབུལ་བ་ཕྱིའི་མཎྜལ། ས་གཞི་ཡུལ་མཁར་རྣམས་གསེར་གྱི་ས་གཞི་དང་རི་རབ་ཀྱི་དོད་སྐར་ཁུང་ཉི་ཟླ་ལ་སོགས་སྣོད་ཀྱི་ཚུལ་དུ་བཅུད་རང་གིས་ཡོངས་སུ་བཟུང་བའི་བུ་དང་ཆུང་མ་འཁོར་གཡོག་ལོངས་སྤྱོད་སོགས་གཅེས་དགུ་མ་ལུས་པ་གཅིག་ཏུ་བསྡུས་ནས་འཕང་པ་མེད་པར་འབུལ་བ་ནི་ནང་གི་མཎྜལ། རང་གི་པགས་པ་གསེར་གྱི་ས་གཞི། ཁྲག་བྱུག་པ། རྒལ་ཚིག་རི་རབ། ཡན་ལག་གླིང་བཞི། རྩ་རོ་རྐྱང་ཉི་ཟླ་བྱང་ཆུབ་ཀྱི་སེམས་ལྷ་དང་མིའི་འབྱོར་ཚོགས་ཏེ་རང་ལུས་སྣོད་བཅུད་རིན་པོ་ཆེའི་འབྱུང་གནས་སུ་སྤྲུལ་ཏེ་འབུལ་བ་གསང་བའི་མཎྜལ། མཁའ་ལྟར་མཐའ་ཀླས་པའི་ཞིང་ཁམས་ཐམས་ཅད་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱིས་གང་བར་འབུལ་བ་ཡང་ཀུན་གཞི་གསེར་གྱི་ས་གཞི། སྙིང་རྗེ་བྱང་སེམས་དང་མ་བྲལ་བ་དྲིའི་བྱུག་པ། རང་བྱུང་ཡེ་ཤེས་རི་རབ། ཚད་མེད་དང་དགའ་བ་བཞི་སོགས་གླིང་བཞི། ཐབས་ཤེས་ཟུང་འབྲེལ་གྱི་ཉི་ཟླ། ཆོས་ཉིད་འོད་གསལ་གྱི་ཞིང་ཁམས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཆེན་པོས་ལེགས་པར་བརྒྱན་ཏེ་འབུལ་བ་དེ་ཁོ་ན་ཉིད་ཀྱི་མཎྜལ། དེའང་ལུས་ཀྱི་ལས་སུ་ཚོམ་བུ་འགོད་པ། ངག་གི་འབུལ་ཚིག་ཨཱོཾ་ན་མོ་ཧཱུྃ༔ རིན་ཆེན་མཎྜལ་ཕྱི་ནང་མཆོད་པའི་སྤྲིན༔ རང་བྱུང་སྙིང་པོས་སོགས་ཚིག་བཅད་འདི་བརྒྱ་སྟོང་ཁྲི་འབུམ་གྱི་གྲངས་སུ་བཅད། ཡིད་ཀྱི་དོན་དེ་དག་དྲན་ཞིང་གསལ་བཏབ། དམིགས་པ་རྒྱ་ཆེ་ན་ཞིང་རབ་འབྱམས་མཐའ་ཡས་པ་མཆོད་སྤྲིན་གྱིས་ཡོངས་སུ་གང་བ། དམིགས་པ་རྒྱ་ཆུང་ན་ཞིང་ཁམས་གཅིག་པོ་དེ་དག་མཁའ་ཁྱབ་ཏུ་དམིགས་ནས་འབུལ། ཐུན་དུ་གཅོད་ཚེ་མཐར་འབུལ་ཡུལ་མཆོད་རྫས་དང་བཅས་པའི་དམིགས་པ་རང་ཉིད་ལ་བསྡུ་བར་བྱ༔ དེ་ལྟར་ཕུལ་བའི་རྟགས་ནི། སྡིག་སྒྲིབ་དག་པའི་ལྟས་དངོས་དང་རྨི་ལམ་དུ། རང་སེང་གེའི་ཁྲི་ལ་སོགས་པར་བསྡད་པ་དང་། མགོ་ལ་ཅོད་པཎ་བཅིངས་པ། ཆས་གོས་བཟང་པོས་བགོ་བ། སྐྱེ་བོ་མང་པོས་ཕྱག་དང་བསྙེན་བཀུར་བསྟབས་པ་སོགས་ཡ་མཚན་པ་ཅི་རིགས་རྨི་ལམ་དུ་འབྱུང་བའོ། །མཎྜལ་ཕུལ་བའི་ཕན་ཡོན་ནི། དེ་ལྟར་ལུས་ངག་ཡིད་གསུམ་གྱི་ལས་ཚང་བའི་དགེ་བར་འཇུག་པ་ཁྱད་པར་ཅན་དང་། དངོས་པོ་ཆུང་ཀྱང་དམིགས་པ་དང་བསམ་པའི་ཐབས་ཀྱིས་རྒྱ་ཆེར་འཕེལ་བའི་ཕྱིར་ཚོགས་ཞིང་གི་སྤྱན་སྔར་མཎྜལ་གྱི་ཆོ་ག་ཚང་བ་ཚར་གཅིག་ཕུར་བ་ལའང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆ་ཤས་ཚང་བའི་ཕན་ཡོན་ཡོད་པ་སྟེ། མཎྜལ་གྱི་མདོ་ལས། བ་གཅི་ཆུར་བཅས་སྦྱིན་པ་སྟེ། །བྱི་དོར་བྱས་པ་ཚུལ་ཁྲིམས་ཡིན། །སྲོག་ཆགས་བསལ་བ་བཟོད་པ་སྟེ། །བརྩོན་འགྲུས་བྱ་བ་བྱེད་ལ་བརྩོན། །བསམ་གཏན་དེར་སེམས་སྐད་ཅིག་མ། །རི་མོ་ལེགས་འབར་ཤེས་རབ་བོ། །ཕ་རོལ་ཕྱིན་པ་དྲུག་རྣམས་ཀྱིས། །ཐུབ་པའི་མཎྜལ་ལེགས་བྱས་པའོ། །འདིར་ནི་ལུས་ཀྱིས་ལས་བྱས་ན། །ཁ་དོག་གསེར་ལྟར་འགྱུར་བ་དང་། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །ལྷ་དང་མི་ལས་ཆེས་ལྷག་ཅིང་། །ཟླ་བ་ལྟ་བུར་གཟི་བྱིན་ལྡན། །ནོར་དང་གསེར་ནི་ཕུན་སུམ་ཚོགས། །རྒྱལ་པོའི་རིགས་དང་སངས་རྒྱས་པ། །མཆོག་གི་ཁྱིམ་དུ་སྐྱེ་བ་ཉིད། ཅེས་དང་། ཟ་མ་ཏོག་ལྟ་བུའི་གཏམ་ལས་ཀྱང་དེ་དང་འདྲ་བར། བདེ་གཤེགས་མཎྜལ་བྱེད་དེ་དག །ཕ་རོལ་ཕྱིན་དྲུག་ཐོབ་གྱུར་ཏེ། །ཆུ་དང་ས་བསྲེས་བཏང་སྦྱིན་པ། །གྲོག་མོ་སོགས་སེལ་ཚུལ་ཁྲིམས་ཏེ། །བསྲེས་ནས་ཉེད་པ་བཟོད་པ་ཡིན། །འབད་པ་བྱེད་པ་བཙོན་འགྲུས་ཡིན། །སྐད་ཅིག་དེ་ལ་རྩེ་གཅིག་པ། །སེམས་འཛིན་བྱེད་པ་བསམ་གཏན་ཡིན། །ལེགས་པར་གཟོབ་པ་ཤེས་རབ་བོ། །ཅེས་གསུངས་པ་དང་། འདི་ནས་གསེར་གྱི་ས་གཞི་ལ་ཐུག་གི་བར་མཎྜལ་གྱིས་ཅི་ཙམ་ནོན་ཚོད་གྱི་རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཎྜལ་འབུལ་བ་པོས་ཐོབ་པ་ཡང་བཤད། མདོར་ན་ཕྱི་ནང་གསང་བའི་མཎྜལ་གྱི་མཆོད་པ་ཕུལ་བའི་ལྡོག་ཆ་ནས་བསོད་ནམས་ཀྱི་ཚོགས་དང་། དེ་ཁོ་ན་ཉིད་འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་ལྡོག་ཆ་ནས་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བས་ཚོགས་གཉིས་ཀྱི་འབྲས་བུ་གནས་སྐབས་དང་མཐར་ཐུག་ཏུ་དོན་གཉིས་ཕུན་སུམ་ཚོགས་པ་འཐོབ་པའོ། །ཁྱད་པར་དུ་རྫོགས་པ་ཆེན་པོའི་དབང་དང་ཁྲིད་ལ་སོགས་པ་ཞུ་བའི་དུས་སུ་བླ་མ་ལ་བཞེད་པ་མེད་ཀྱང་རང་གི་ཡིད་དུ་འོང་བ་གཅེས་ནོར་ཕུལ་བས་གདམས་པ་ཐོབ་པའི་ཆེ་བ་དང་། འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐུན་མོངས་མ་ཡིན་པ་ཐོབ་པར་བྱ་བའི་དགོས་པ་ཡོད་པ་ཡིན་ནོ། །གསེར་ལ་སོགས་པ་རིན་པོ་ཆེའི་མཎྜལ་ཕུལ་བས་ནི། ཡེ་ཤེས་ལྔའི་ངོ་བོ་ལ་ལོངས་སྤྱོད་པར་བྱ་བའི་བརྡའ། འབྲུ་ལྔས་ནི་ཡེ་ཤེས་ལྔར་ལོངས་སྤྱོད་པའི་འབྲས་བུ་དང་དོན་གཅིག་པ། དྲི་ལྔས་ནི་ཆོས་ཉིད་སྟོང་པ་ཉིད་ཀྱི་ཡེ་ཤེས་ལྔའི་དྲིས་ལུས་སེམས་ཚིམ་པ་དང་། སྨན་གྱིས་ཕྱི་ནང་གི་སྡུག་བསྔལ་རྣམས་དང་བྲལ་བར་མཛོད་ཅིག་པའི་བརྡའ་དང་། མེ་ཏོག་སྣ་ཚོགས་ཀྱིས་སྣང་བ་ཐམས་ཅད་འོད་ལྔའི་མེ་ཏོག་གིས་གང་ཞིང་རྒྱས་པར་མཛོད་ཅིག་པའི་བརྡའ་དོན་ནོ། །དེ་ནི་མཆོག་གི་དངོས་གྲུབ་ཐོབ་དོན་ཡིན་གྱི། ཐུན་མོང་གི་དངོས་གྲུབ་ནི་ཚེ་གཅིག་ལ་རང་གི་ནོར་འཕེལ་བའི་དོན་དུ་ནོར་དང་། དེ་ཉིད་མི་ཟད་པའི་ཕྱིར་རིན་པོ་ཆེ་དང་། མུ་གེའི་འཇིག་པ་དང་བྲལ་བའི་ཕྱིར་འབྲུ་དང་། དབང་པོ་གསལ་བའི་ཕྱིར་དྲི་བཟང་དང་། ནད་ཀྱི་སྡུག་བསྔལ་ལས་གྲོལ་བའི་ཕྱིར་སྨན་དང་། ཤེས་རབ་དང་དད་པ་ཕུན་སུམ་ཚོགས་པའི་ཕྱིར་མེ་ཏོག་སྟེ། དེ་དག་ནི་ཐུན་མོང་གི་ཕྱིར་དུའོ། ༈ །དྲུག་པ་བླ་མའི་རྣལ་འབྱོར་ནི༔ རང་ཉིད་སྐད་ཅིག་གིས་དུར་ཁྲོད་མེ་རི་སྨུག་ནག་འབར་བའི་ཀློང་དཀྱིལ་དུ༔ ཐོད་པ་སྐམ་རློན་འབར་བའི་གཞལ་ཡས་ཁང་༔ གྲུ་བཞི་རྟ་བབས་དང་ལྡན་པ་ལ་གཞལ་ཡས་ཁང་གི་བཀོད་པས་ཡོངས་སུ་བརྒྱན་པའི་དབུས་སུ༔ རིན་པོ་ཆེའི་ཁྲི་རྐང་གིས་བཏེག་པའི་སྟེང་དུ༔ ཉི་ཟླ་པདྨ་དང་བམ་རོའི་གདན་སྟེང་དུ་ཐུགས་ཀྱི་ས་བོན་ཡི་གེ་ཧཱུྃ་ཧྲཱིཿགཉིས་ཡོངས་སུ་གྱུར་པ་ལས༔ ཡི་དམ་པདྨ་རྟ་མཆོག་དབང་གི་རྒྱལ་པོ་ཡབ་ཡུམ་དུ་གསལ་བར་བསྐྱེད་ཅིང་༔ དེའི་སྤྱི་བོར་བླ་མ་པདྨ་འབྱུང་གནས་མཚོ་རྒྱལ་དཀར་མོ་དང་གཉིས་མེད་དུ་འཁྲིལ་བ་ལ༔ ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སེང་ལ་སོགས་པའི་བརྒྱུད་ལྡན་བཀའ་བབས་ཀྱི་བླ་མ་རྣམས་ཀྱང་མངོན་སུམ་དུ་ཐོ་བརྩེགས་པའི་རྣམ་པར་བཞུགས་པའི༔ སྟེང་གི་ཆ་ལ་བླ་མ་རྒྱ་མཚོ༔ བར་གྱི་ཆ་ལ་ཡི་དམ་རྒྱ་མཚོ༔ འོག་གི་ཆ་ལ་མཁའ་འགྲོ་ཆོས་སྐྱོང་བསྲུང་མ་ཐམས་ཅད་ཀྱིས་མངོན་སུམ་དུ་ཁྲ་ཤིགས་སེ་འོད་ཁྱིམ་མེར་བསྐོར་ནས་བཞུགས་པར་དམིགས་ཤིང་༔ ཡིད་ཁྱེད་ཤེས་ཀྱི་བློ་བཀལ༔ སེམས་མོས་གུས་ཀྱི་གདུང་ཤུགས་བསྐྱེད༔ ངག་སྨྲེ་སྔགས་ཀྱི་གདུང་བས་གསོལ་འདེབས་སུ་འབོད་དེ་ལུས་བ་སྤུ་གཟེངས༔ མིག་མཆི་མ་འཁྲུག་པའི་ངང་ནས༔ ཚེ་འདི་ལ་ལྟོས་པ་མེད་པའི་ཉམས་དང་༔ བླ་མ་སངས་རྒྱས་སུ་མཐོང་བའི་དད་པ་མ་སྐྱེས་ཀྱི་བར་དུ་གསོལ་བ་ཕུར་ཚུགས་སུ་གདབ་པར་བྱའོ༔ ཞེས་གསུངས་པས། པདྨ་ཉི་ཟླ་བཾ་རོའི་གདན་སྟེང་དུ་རང་སེམས་ཧཱུྃ་དང་ཧྲཱི༔ ཡིག་དམར་པོ་སྣང་སྟོང་ཐབས་ཤེས་ཀྱི་ངོ་བོ་ཡི་གེ་ལས་འོད་ཟེར་འཕྲོ་འདུ་བྱས་ནས་གནས་འགྱུར་བ་ལས་སྐད་ཅིག་གིས་རང་ཉིད་དབང་ཆེན་རྟ་མགྲིན་དང་། རྡོ་རྗེ་ཕག་མོ་སྐུ་མདོག་དམར་པོ་ཕྱག་མཚན་གྲི་གུག་དང་ཐོད་ཁྲག་བསྣམས་པ༔ ཡབ་ཡུམ་གྱི་སྤྱི་གཙུག་ཏུ་རྟ་ཞལ་དང་ཕག་ཞལ་གྱིས་མཚན་པ། ཐོད་སྐམ་ལྔས་དབུ་བརྒྱན་ཐལ་ཞག་རཀྟ་ནི་བྱུག་པའི་རྫས་གསུམ་ཏེ་དཔྲལ་བ་མཁུར་ཚོས། ཨོག་མ་རྣམས་སུ་བྱུག་པས། ཞིང་ལྤགས་གླང་ཀོ་སྟག་ལྤགས་ནི་བགོ་བའི་གོས་གསུམ། ཐོད་པ་སྐམ་རློན་རྙིང་པ་ཚར་གསུམ་གྱི་དོ་ཤལ་དང་སྦྲུལ་རིགས་ལྔ་ནི་གདགས་པའི་རྒྱན་གཉིས་ཏེ་དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་བརྒྱན་པ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་དུ་བཞུགས་པར་གསལ་བའི་སྤྱི་བོར་རང་གིས་གང་ལས་ཐོབ་པའི་བླ་མ་པད་འབྱུང་ཡབ་ཡུམ་གྱི་རྣམ་པ་ཅན། །དེ་སྟེང་ཐོ་བརྩེགས་ཀྱི་རྣམ་པའི་བརྒྱུད་པའི་བླ་མ་རྣམས་དང་པད་འབྱུང་ཡབ་ཡུམ་ཤྲཱི་སེང་ཧ་དགའ་རབ་རྡོ་རྗེ། རྡོ་རྗེ་སེམས་དཔའ། ཀུན་བཟང་ཡབ་ཡུམ་དེ་རྣམས་ལས་བྱང་ནང་གི་བསྐྱེད་རིམ་ལྟར་ཡུམ་དང་འཁྲིལ་སྦྱོར་ཅན་ཕྱག་མཚན་གཞུང་ལྟར་ཐམས་ཅད་རྣལ་འབྱོར་པའི་ཆ་ལུགས་སུ་གསལ་བ་དང་། གཞན་ཡང་བླ་མ་ཡི་དམ་གྱིི་ལྷ་ཚོགས་དཔག་ཏུ་མེད་པ་གཞུང་ལྟར་བསྒོམ་ནས། དེ་དག་ལ་གསོལ་བ་འདེབས་པའི་ཚིག་ནི། ན་མོ་མ་ཧཱ་གྷུ་རུ་དྷེ་ཝ་དྷཀྐི་ནི་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ༔ གདོད་ནས་རྣམ་དག་ཆོས་དབྱིངས་ཕོ་བྲང་ནས༔ ཀ་དག་སངས་རྒྱས་ཀུན་བཟང་ཡབ་ཡུམ་ལ༔ སོགས་གསོལ་འདེབས་ཀྱི་ཚིག་བརྗོད་པ་དང་དོན་ཡིད་ལ་བསམ་པར་བྱའོ། བདུན་པ་དབང་བཞི་ལེན་ཞིང་བསྔོ་སྨོན་གྱིས་རྒྱས་འདེབས་པའི་རིམ་པ་ནི༔ ལྷ་ཚོགས་བླ་མ་དང་བཅས་པ་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་དཀར་པོ་འཕྲོས༔ རང་གི་ལུས་ལ་ཕོག༔ སྐུའི་དབང་ཐོབ་ལུས་ཀྱི་སྡིག་སྒྲིབ་དག་འབྲས་བུ་སྤྲུལ་པའི་སྐུ་ཐོབ་པར་བསམ༔ གསུང་ལས་འོད་ཟེར་དམར་པོ་འཕྲོས༔ རང་གི་ངག་ལ་ཕོག༔ གསུང་གི་དབང་ཐོབ༔ ངག་གི་སྡིག་སྒྲིབ་དག་འབྲས་བུ་ལོངས་སྐུ་ཐོབ་པར་བསམ༔ ཐུགས་ལས་འོད་ཟེར་མཐིང་ག་འཕྲོས༔ རང་གི་ཡིད་ལ་ཕོག༔ ཐུགས་ཀྱི་དབང་ཐོབ༔ སེམས་ཀྱི་སྡིག་སྒྲིབ་དགའབྲས་བུ་ཆོས་ཀྱི་སྐུ་ཐོབ་པར་བསམ༔ དེ་ནས་ལྷ་ཚོགས་བླ་མ་ཡབ་ཡུམ་དང་བཅས་པ་ཐམས་ཅད་གཅིག་ནས་གཉིས་སུ་ཐིམ་ཞིང་༔ འོད་དུ་ཞུ་སྟེ་རང་དང་གཉིས་སུ་མེད་པར་ཆུ་ལ་ཆུ་བཞག་པའམ༔ འོ་མ་ལ་འོ་མ་ཐིམ་པ་ལྟར་དབྱེར་མེད་གཅིག་ཏུ་གྱུར་ནས༔ བླ་མའི་ཐུགས་ཡེ་གདོད་མ་ནས་རང་བཞིན་གྱི་རྣམ་པར་དག་པའི་ཆོས་ཉིད་ཆེན་པོ་དང་༔ རང་གི་སེམས་གཉིས་འཛིན་གྱི་བག་ཆགས་ལ་ཞེན་པའི་ཨ་འཐས་ཅན་གཉིས༔ འོད་གསལ་ཉམས་སྣང་གི་མ་བུ་དབྱིངས་སུ་འདྲེས་པས༔ རང་རིག་པའི་ངོ་བོ་བླ་མ་ཀུན་ཏུ་བཟང་པོ་རུ་ལྟར་གྱི་སངས་རྒྱས་པར་བསམ་ཞིང་༔ མ་ཡེངས་པའི་ངང་ནས་ལྷོད་དེ༔ མ་བཅོས་པའི་ངང་དུ་ཆམ་མེ༔ བློ་འདས་ཀྱི་ངང་དུ་ཁྱིལ་ལེར་བཞག་ཅིང་༔ མཐར་ཆོས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་རང་བྱུང་རྣལ་མ་ཡེ་གྲོལ་རྫོགས་པ་ཆེན་པོའི་དགོངས་པ་འདི་རང་ལ་ཡེ་ནས་འདུ་འབྲལ་མེད་པར་བཞུགས་ཀྱང་༔ གཉིས་འཛིན་བག་ཆགས་ཀྱི་ཁ་འཁོར་བའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྡུག་བསྔལ་བདེ་བ་ཆེན་པོར་རང་ཤར་རང་གྲོལ་ནས༔ སྐུ་གསུམ་བླ་ན་མེད་པ་ཀུན་བཟང་གདོད་མའི་མགོན་པོའི་ས་ཐོབ་པར་གྱུར་ཅིག་སྙམ་པའི་བསྔོ་སྨོན་བྱའོ༔ ཞེས་གསུངས། དེ་དག་ཚིག་དོན་ཟབ་ཅིང་འདུས་པས་གསར་དུ་སྤྲོས་མ་དགོས་ཤིང་། ཕན་ཡོན་གྱི་རིམ་པའང་བླ་མ་མཆོད་ཅིང་བསྐུལ་བའི་ཕན་ཡོན་རྒྱུད་ལུང་མན་ངག་རྣམས་ལས་གསུངས་པ་ལྟར་བསམ་བརྗོད་ལས་འདས་ཤིང་། མདོར་ན་བྱིན་རླབས་ཉམས་རྟོགས་ཡོན་ཏན་མ་ལུས་འབྱུང་བའི་གནས་བླ་མའི་མོས་གུས་དང་དེའི་གསོལ་འདེབས་ལ་རག་ལས་ཕྱིར། རེས་འགའ་ཉི་ཚེ་ཙམ་མ་ཡིིན་པར་དུས་རྟག་ཏུ་བཟང་ངན་སྐྱིད་སྡུག་གང་གི་ཚེའང་ཐང་ལྷོད་མེད་པར་བརྩོན་འགྲུས་ཆེན་པོས་ཉམས་སུ་བླངས་ན་མཆོག་དང་ཐུན་མོང་གི་དཔལ་ལ་སྤྱོད་པར་ངེས་སོ། དེ་དག་གིས་ནི་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིག་གི་ཁྲིད་ཀྱི་སྔོན་འགྲོ་བདེ་བར་གཤེགས་པ་ཀུན་གྱི་སྤྱི་ལམ་ཆེན་པོ་ལ་ངེས་པར་འཇུག་པའི་ཕྱིར་དེ་དག་གི་ཚིག་དོན་ཕལ་ཆེ་བ་བལྟས་ཆོག་ཏུ་བསྙད་ཟིན་ཏོ།། །།


previousསྔོན་འགྲོའི་ཁྲིད་ཡིག་ཕན་བདེའི་ཉི་མ།next